རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་བཤད་པ།
གཉིས་པ་བརྩམ་བྱ་གཞུང་གི་དོན་ལ། རང་དོན་བླང་དོར་རྟོགས་པའི་ཡན་ལག་དང༌། །གཞན་དོན་རྗེས་སུ་འཛིན་པའི་ཡན་ལག་གཉིས། །དང་པོ་ལ། གཞལ་བྱ་ལྐོག་གྱུར་རྟོགས་པའི་རྗེས་དཔག་དང༌། །མངོན་གྱུར་འཇལ་བྱེད་མངོན་སུམ་ཚད་མ་བསྟན། །དང་པོ་ལ། ལྐོག་གྱུར་རྟོགས་པ་གཏན་ཚིགས་སྤྱི་མཚན་བཤད། །དོན་གཙོ་སྟོན་དང་བསྟན་པ་ཚད་མར་སྒྲུབ། །དང་པོ་ལ། རྟགས་ཀྱི་རྣམ་གཞག་བསྡུས་ཏེ་བསྟན་པ་དང༌། །མཚན་གཞི་ཡང་དག་གསུམ་པོ་རྒྱས་པར་བརྗོད། །རྟགས་སུ་ངེས་བྱེད་རྒྱུ་མཚན་འབྲེལ་བ་བཤད། །དང་པོ།
ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད།།མེད་ན་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན།།རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་དང༌། དེ་ཡི་བསྒྲུབ་བྱའི་ཆ༷ས་ཁྱ༷བ་པ༷་ངེས་པ་སྟེ་ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་ངེས་པ་ཡི། ཚུལ་གསུམ་ཚང་བ་ནི་གཏ༷ན་ཚིགས་ཡང་དག་ཡིན་ནོ་ཞེས་གཏན་ཚིགས་ཀྱི་མཚན་ཉིད་བསྟན་ནས། གཏན་ཚིགས་ཡང་དག་དེ་ལ་དུ་ཡོད་ཅེ་ན། དེ་ནི་འབྲས་རང་མ་དམིགས་པ་རྣ༷མ་པ་གསུ༷མ་ཉིད་དུ་འདུ་བ་ཡིན་ནོ་ཞེས་གསུངས་ཤིང༌། དེ་གཏན་ཚིགས་སུ་འགྱུར་བའི་འཐད་པ་ནི་བསྒྲུབ་བྱ་དེ་མེད་ན༷་རྟགས་དེ་མི་འབྱུ༷ང་བར་ཚད་མས་ངེས་པའི་ཕྱིར་རོ། །བཟློག་ཕྱོགས་གཏ༷ན་ཚིགས་ལྟ༷ར་སྣ༷ང་ནི་མེད་ན་མི་འབྱུང་གི་འབྲེལ་བ་དེ་ལ༷ས་བཟློག་པ་སྟེ་ཚུལ་གསུམ་མ་ཚང་བ་གཞ༷ན་ཡིན་ནོ། །ཞེས་སོ། །དེ་ལ་ཚུལ་གསུམ་གྱི་དང་པོ་ཕྱོགས་ཆོས་ཞེས་པ་ཅི་ཞེ་ན། སྤྱིར་བཏང་ཕྱོགས་ཀྱི་སྒྲ་ནི་ཆོས་ཅན་སྒྲ་དང་ཆོས་མི་རྟག་པའི་ཚོགས་དོན་ཏེ་མི་རྟག་པར་ཤེས་འདོད་ཞུགས་པའི་ཆོས་ཅན་ལྟ་བུ་ལ་དངོས་མིང་དུ་ཡོངས་སུ་གྲགས་པ་ཡིན་ལ། དེ་ཡི་ཕྱོགས་གཅིག་ཆོས་ཅན་རྐྱང་པ་དང༌། བསྒྲུབ་ཆོས་རྐྱང་པ་ལའང་བཏགས་མིང་དུ་འཇུག་སྟེ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་ཕྱོགས་གཅིག་ལ་རིལ་པོའི་མིང་འཇུག་པ་བཞིན་ནོ། །དེར་མ་ཟད་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལའང་ཕྱོགས་ཀྱི་མིང་འཇུག་མོད་ཀྱི། འདིར་ཚུལ་གསུམ་པའི་ནང་ཚན་ཆོས་ཞེས་པའི་སྒྲ་དང་འབྲེལ་བའི་ཕྱོགས་ནི་ཆོས་ཅན་ཉིད་ལ་གོ་སྟེ་ལག་ལྡན་ཞེས་པ་གླང་པོ་ལ་ཡོངས་སུ་གྲགས་པ་བཞིན་ནོ། །དེས་ན་རྟགས་བྱས་པ་ལྟ་བུ་དེ་ཕྱོགས་སམ་ཆོས་ཅན་སྒྲ་ལྟ་བུའི་སྟེང་དུ་གྲུབ་པའམ། དེའི་ཆོས་སུ་གྲུབ་པ་ལ་གོ་བར་བྱ་བ་ཡིན་ནོ། །སྐབས་འདིར་ཕྱོགས་ཞེས་པ་ཚོགས་དོན་ལ་གོ་དགོས་ཀྱི། ཆོས་ཅན་རྐྱང་པ་ལ་གོ་ན་མི་འཐད་པའི་ཕྱོགས་འཛིན་པ་ཡོད་ཀྱང༌། སྤྱིར་སྦྱོར་བ་སྐོར་གཅིག་གི་ཆོས་ཅན་དུ་གཟུང་བྱ་དེ། བསྒྲུབ་ཆོས་དེས་ཁྱད་པར་དུ་བྱས་ནས་ཤེས་འདོད་ཞུགས་པ་ཡིན་པས་ཚོགས་དོན་ལས་གཞན་མིན་ཡང༌། ཚུལ་གསུམ་གྱི་སྐབས་ཀྱི་ཕྱོགས་ཆོས་འདི་ནི་རྟགས་དེ་ཆོས་ཅན་ཙམ་ལ་གྲུབ་མ་གྲུབ་དཔྱད་པ་ཡིན་ལ། དེ་གྲུབ་ནས་བསྒྲུབ་ཆོས་དང་རྟགས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དཔྱོད་པའི་ཕྱིར། ཕྱོགས་ཆོས་ཀྱི་སྐབས་ནས་ཀྱང་ཚོགས་དོན་གཟུང་མི་དགོས་སོ། །དེའི་མཐའ་དཔྱད་པ་དང༌། གཞན་ཡང་རྟགས་རིགས་དང་བློ་རིགས་ཀྱི་རྣམ་པར་གཞག་པ་ནི་ཟུར་དུ་བཤད་པར་བྱས་ན་བདེ་བས་དེ་ལྟར་བཤད་པར་བྱ་ལ། གཞུང་འཆད་པའི་སྐབས་འདིར་ནི་གཞུང་གི་གོ་བ་རྣལ་མ་ཉིད་བཤད་པས་བློ་སྐྱེད་ཐོན་སླ་བའི་ཕྱིར་དེ་ལྟར་འཆད་པར་འདོད་དོ། །དེ་ཆས་ཞེས་བྱ་བ་ནི་ཆོས་ཅན་དེའི་སྟེང་ན་དགག་པའམ་བསྒྲུབ་པར་བྱ་བའི་ཆ་ཤས་མང་དུ་ཡོད་པ་ལས་སྐབས་སུ་གང་བབ་པའི་བསྒྲུབ་ཆོས་མི་རྟག་པ་ལྟ་བུ་དེ་དང༌། རྟགས་བྱས་པ་ལྟ་བུ་དེ་ཡི་ཆས་རྟགས་ཡོད་ན་བསྒྲུབ་བྱ་ཡོད་པའི་རྗེས་འགྲོ་དང༌། བསྒྲུབ་བྱ་ལོག་ན་རྟགས་ལྡོག་པར་ཚད་མས་ངེས་པའི་སྒོ་ནས་ཁྱབ་པ་ཡོད་པ་ལ་གོ་བར་བྱ་དགོས་སོ།།
གཉིས་པ་མཚན་གཞི་རྟགས་ཡང་དག་གསུམ་པོ་རྒྱས་པར་བཤད་པ་ལ། གོ་བར་བྱེད་པ་རྟགས་གསུམ་ངོ་བོ་བསྟན། །དེར་མ་འདུས་པའི་མཐའ་གཞན་དགག་པ་འོ། །དང་པོ།
རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི།།གཏན་ཚིགས་རང་བཞིན་ཡོད་ཙམ་དང༌། །འབྲེལ་བ་ཅན་གྱི་ངོ་བོ་ཡང༌།།ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན།།གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན།།འགལ་དང་འབྲས་བུ་དག་གྲུབ་དང༌། །རྒྱུ་དང་ངོ་བོ་བལྟར་རུང་བའི།།བདག་ཉིད་དང་ནི་མ་གྲུབ་པ། །མེད་དོན་ཅན་མི་1དམིགས་རྣམ་བཞི།།དེ་དང་འགལ་བ་ཡི་ནི་རྒྱུ། །དམིགས་པའི་སྦྱོར་བ་གང་ཡིན་དེ།།རྒྱུ་མཚན་དག་ནི་འགལ་བ་ཉིད། །མེད་ན་འཁྲུལ་པ་ཅན་ཡིན་ནོ།།འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་ལ་ལྟོས་པར་འདོད།།གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན།།འབྲས་བུ་གང་ཞིག་སྐྱེད་བྱེད་ཀྱི་རྒྱུ༷་ལ༷་དངོས་པོའི་ར༷ང་བཞིན་ནི་ཇི་སྙེད་ཅིག་ཚོགས་དགོས་པ་དེ་ལས་གང་ཡང་རུང་བ་གཅིག་མེད་ན༷་འབྲས་བུ་དེ་ཡང་མི་འབྱུ༷ང་བར་ངེས་པའི་ཕྱིར། འབྲ༷ས་བུ༷་དེ་ནི་རྒྱུ་དེ་ཡོད་པར་སྒྲུབ་པའི་གཏ༷ན་ཚིགས་ཡང་དག་ཡིན་ནོ། །དེ་ལ་རྒྱུ་དངོས་སུ་སྒྲུབ་པ་སོགས་ལྔར་ཡོད་དོ། །ཆོས་གང་གི་ར༷ང་བཞིན་ཡོད་པ་ཙ༷མ་ད༷ང༌། ངོ་བོ་ཉིད་ཀྱིས་འབྲེལ་བ༷་ཅ༷ན་གྱི་ངོ་བོ་ཡ༷ང་གཏན་ཚིགས་ཡང་དག་ཡིན་ཏེ། ཇི་ལྟར་ཆུ་གྲུབ་ཙམ་ནས་གཤེར་བར་གྲུབ་པ་ལྟར། སྒྲ་གྲུབ་ཙམ་ནས་མི་རྟག་པ་དང་བྱས་པར་གྲུབ་པས་དེ་གསུམ་དོན་ལ་བདག་གཅིག་གི་འབྲེལ་བ་ཡོད་པས་ན། འདྲ་བ་གཞན་འབྱུང་བའི་འཁྲུལ་རྒྱུས་བསླད་ནས་མི་རྟག་པར་ངེས་མ་ནུས་པའི་ངོར། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ། །འབྲས་རང་གཉིས་པོ་དེ་སྒྲུབ་རྟགས་ཡིན་ལ། དགག་རྟགས་ཀྱི་དབང་དུ་བྱས་ནས། མི་སྣང་བ་མ་དམིགས་པ་དང༌། སྣང་རུང་མ་དམིགས་པ་གཉིས་གསུངས་པའི་དང་པོ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་ངེས་སུ་སྒྲུབ་པའི་མངོན་རྗེས་ཀྱི་ཚ༷ད་མ༷་རྣ༷མས་ནི་མི་འཇུ༷ག་པ༷་ཡིན་ཞིང༌། དེའི་ཕྱིར་ཡོད་ངེས་སུ་སྒྲུབ་པའི་ཚད་མ་མ་རྙེད་པའི་གང་ཟག་དེའི་ངོར་ཡུལ་དེ་མེད་པའམ་མི་སྣང་བ་ཙམ་ཡིན་ལ༷། དེས་ན་མི་སྣང་བ་མ་དམིགས་པའི་རྟགས་དེ་འདྲ་ནི་ཡུལ་དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུ༷ག་པའི་འབྲ༷ས་བུ༷་ཙམ་ཞིག་སྟོན་པ་ཅ༷ན་ཡིན་གྱི། དེས་ཡུལ་མེད་ངེས་སུ་འགྲུབ་མི་ནུས་སོ། །འདི་བཤད་པའི་དགོས་པ་ནི་གཞི་གང་དུ་ཆོས་གང་ཞིག་མེད་ངེས་སུ་སྒྲུབ་པ་ལ་སྣང་དུ་རུང་བ་དང་མི་རུང་བའི་ཁྱད་པར་ཕྱེ་ནས་སྣང་རུང་རྣམས་མ་དམིགས་པས་ཁེགས་པར་སྟོན་ལ། སྣང་དུ་མི་རུང་བ་ནི་མ་མཐོང་བ་ཙམ་གྱིས་མི་ཁེགས་པར་བསྟན་པའི་ཕྱིར་ཡིན་ཏེ། ཡོད་ཀྱང་སྣང་དུ་མི་རུང་བ་ཡོད་དམ་སྙམ་ན། ཡོད་དེ་ཡུལ་དུས་རང་བཞིན་གྱིས་བསྐལ་བ་གསུམ་ནི་སྣང་དུ་མི་རུང་བའོ། །དེ་ལ་ཡུལ་གྱིས་བསྐལ་བ་ནི་འཛམ་བུ་གླིང་པ་རྣམས་ལ་བྱང་སྒྲ་མི་སྙན་གྱི་དཔག་བསམ་གྱི་ཤིང་ལ་སོགས་པ་ལྟ་བུའོ། །དུས་ཀྱིས་བསྐལ་བ་ནི་སྔོན་བསྐལ་པ་ཆགས་པའི་ཚེ་སྤྲིན་གསེར་གྱི་སྙིང་པོ་ཅན་བྱུང་བ་དང༌། མ་འོངས་པ་ན་བྱམས་པ་འབྱོན་པའི་ཞིང་དང་འཁོར་ལྟ་བུ་ད་ལྟའི་གང་ཟག་མངོན་ཤེས་མེད་པ་རྣམས་ལ་བསྐལ་དོན་དུ་སོང་བ་ཡིན་ནོ། །ངོ་བོའམ་རྣམ་པས་བསྐལ་བ་ནི་ཕལ་པ་རྣམས་ཀྱི་ངོར་ཤ་ཟ་དང་བར་སྲིད་ལྟ་བུ་ཡིན་ནོ། །དེའི་ཕྱིར་གང་ཟག་གི་ཚོད་བཟུང་བ་དང༌། ཟབ་མོའི་ཆོས་རང་གི་བློར་མ་ཚུད་པ་ལའང་སྐུར་པ་གདབ་ཏུ་མི་རུང་བའང་རིགས་པ་འདིས་བསྟན་པ་ཡིན་ནོ། །ཡང་མ་དམིགས་པའམ་དགག་རྟགས་ཀྱི་གཏ༷ན་ཚིགས་ཀྱི་བྱེ་བྲ༷ག་གམ་ཁྱད་པར་ལ༷་ལྟོས་ན༷ས། ཆོས་འག༷འ་ཞིག་གཞི་གང་དུ་མེད་ངེས་སུ་ཤེས་པ་དང་བརྗོད་པ་དང་འཇུག་པའི་ཐ་སྙད་ཀྱི་འབྲ༷ས་བུ༷འམ་བྱེད་ལས་ཅ༷ན་ཡོད་དེ། གང་ཞེ་ན་གྲང་རེག་ལྟ་བུའི་རང་བཞིན་དང་འག༷ལ་བ་མེ་ལྟ་བུ་དམིགས་པ་དང༌། གྲང་རེག་ད༷ང་འགལ་བ་མེའི་འབྲ༷ས་བུ༷་དུ་བ་ལྟ་བུ་ད༷ག་གྲུ༷བ་པར་དམིགས་པའི་སྒོ་ནས་གྲང་རེག་འགོག་པ་ད༷ང༌། དགག་ཆོས་དེའི་རྒྱུ༷་བ་ལྟར་རུང་བ་མ་དམིགས་པའི་སྒོ་ནས་འབྲས་བུ་དགག་པ་ཕྱོགས་འདི་ན་དུ་བ་མེད་དེ་མེ་མ་དམིགས་པའི་ཕྱིར་ལྟ་བུ་ད༷ང༌། དགག་བྱ་དེ་རང་གི་ངོ་བོ་བལྟ༷ར་རུ༷ང་བ༷འི་བད༷ག་ཉིད་ཡིན་པ་ལ། དེ་ད༷ག་ནི་མ༷་གྲུབ་པའམ་མ་དམིགས་པའི་སྒོ་ནས་མེད་ངེས་སུ་སྒྲུབ་པ༷། ཕྱོགས་འདི་ན་ཆོས་ཅན། བུམ་པ་མེད་དེ། མ་དམིགས་པའི་ཕྱིར་ལྟ་བུ་སྟེ། དེ་ལྟར་དགག་བྱ་མེད་པའི་དོན་སྒྲུབ་པ་ཅ༷ན་མི་དམིགས་པའི་གཏན་ཚིགས་རྣ༷མ་པ་བཞི་ཡིན་ནོ་ཞེས་སོ། །དེ་ལ་ཡུལ་དུས་ངོ་བོས་མ་བསྐལ་བ་རྣམས་ནི་སྣང་རུང་ཡིན་ལ། སྣང་རུང་ཡིན་ཡང་མ་དམིགས་ན་དེས་དེ་དག་མེད་པར་ཤེས་ཤིང༌། གང་མེད་པ་དེའི་འབྲས་བུའང་མེད་པར་ངེས་ནུས་སོ། །འགལ་ཟླ་དམིགས་པས་ཀྱང་དགག་བྱ་མེད་པར་ངེས་ནུས་ཏེ་ལྷན་ཅིག་ཚོགས་པ་མི་སྲིད་པའི་རིགས་པས་སོ། །དེ་ལ་དོགས་པ་སྤང་བ་ནི། འོ་ན་འགལ་བའི་རྒྱུ་དམིགས་པས་ཀྱང་ཁེགས་སམ་ཞེ་ན། དགག་བྱ་དེ་ད༷ང་འག༷ལ་བ༷་ཡི་ནི་རྒྱུ༷་དམིགས་པ༷འི་སྦྱོར་བ༷་འགོད་པ་ག༷ང་ཡིན་པ་དེ་ལ་འགལ་རྒྱུ་ཡིན་པ་ཙམ་གྱིས་མི་ཁེགས་ཏེ་འགལ་རྒྱུ་དེ་ཡོད་ན་དགག་བྱ་དེ་ཡོད་མི་ཤེས་པའི་རྒྱུ༷་མཚ༷ན་ད༷ག་ནི་འག༷ལ་བ༷་ཉིད་དམ། འགལ་བ་ཉིད་ཀྱི་རྒྱུ་མཚན་དག་ནི་མེད་ན༷་རྟགས་དེ་དེ་སྒྲུབ་ལ་འཁྲུ༷ལ་པ༷་ཅ༷ན་ཡིན་ཏེ་བུད་ཤིང་དམིགས་པས་གྲང་རེག་འགོག་པ་བཞིན་ནོ། །རྒྱུ་མཚན་ཡོད་ན་ཁེགས་ནུས་ཏེ། གྲང་འབྲས་སྤུ་ལོང་སོགས་ཀྱི་ཁྱད་པར་མེད་དེ། མེའི་བྱེ་བྲག་ཉེ་བའི་ཕྱིར་ཞེས་པ་བཞིན་ནོ། །དེ་བཞིན་དུ་འག༷ལ་འབྲ༷ས་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་ལ༷་ཡ༷ང༌། ཡུ༷ལ་ད༷ང་ནི་དུ༷ས་དང་ལ༷་སོགས་པ་ཞེས་པས་རང་བཞིན་གྱི་ཁྱད་པར་རྣམས་སྤུ་རིས་ཟིན་ནས་སྒྲུབ་ཚུལ་ཁྱད་པར་བ་ལ༷་ལྟོས་པ༷ར་འདོད་ཀྱི། གཞ༷ན་དུ༷་དགག་བྱ་དེ་དང་འགལ་བའི་ཆོས་ཀྱི་འབྲས་བུ་དམིགས་པ་ཙམ་གྱི་སྒོ་ནས་དགག་བྱ་དེ་མེད་པར་སྒྲུབ་ན་ནི་འཁྲུ༷ལ་པར་འགྱུ༷ར་ཏེ། དཔེར་ན་མི་གྲ༷ང་བ༷འམ་གྲང་རེག་མེད་པར་སྒྲུ༷བ་པ༷་ལ༷་ནི་མེའི་འབྲས་བུ་ཐ༷ལ་བ༷་རྟགས་སུ་བཀོད་པ་བཞིན་ནོ། །དེས་ན་འགལ་འབྲས་དུ་བ་རྟགས་སུ་བཀོད་ནས་གྲང་རེག་འགོག་པ་ལའང༌། དུ་བས་ཁྱབ་པར་ནོན་པའི་ཡུལ་ཡིན་པ་དང༌། འཕྱུར་བཞིན་པ་ཡིན་པས་མེ་ད་ལྟ་བ་མཚོན་པར་ནུས་པ་དང༌། གྲང་རེག་འགོག་ནུས་ཀྱི་མེ་ཡོད་པར་མཚོན་པ་དྲག་ཏུ་ཕྱུར་བའི་རང་བཞིན་གསུམ་ཚོགས་པའི་ཁྱད་པར་ལས་གཞི་དེར་གྲང་རེག་འགོག་ནུས་པ་བཞིན་ནོ།།
གཉིས་པ་རྟགས་གསུམ་པོ་དེར་མ་འདུས་པའི་རྟགས་གཞན་ཡོད་པར་འདོད་པ་དགག་པ་ལ། གཏན་ཚིགས་ཡིན་པ་གཞན་ནི་དེར་འདུ་ཚུལ། །གཞན་འདོད་འགའ་ཞིག་གཏན་ཚིགས་མིན་ཚུལ་ལོ། །དང་པོ་ལ། ཚོགས་པས་སྐྱེ་རུང་དཔོག་པ་རང་བཞིན་རྟགས། །རོ་ལས་གཟུགས་སོགས་དཔོག་པ་འབྲས་རྟགས་བསྟན། །དང་པོ།
རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ།།དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད།།ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ།།མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ།།རྒྱུ་ཚོགས་པས་འབྲས་བུ་སྐྱེ་རུང་དུ་དཔོག་པ་འདི་རང་བཞིན་དང་འབྲས་རྟགས་ནི་མ་ཡིན་ལ། སྒྲུབ་རྟགས་ཡིན་པས་མ་དམིགས་པའང་མིན་པས་རྟགས་གསུམ་དུ་མ་འདུས་སོ་ཞེ་ན། རྒྱུ༷་ཚོགས་པ༷་ལ༷ས་འབྲ༷ས་བུ་སྐྱེ་བ༷ར་རྗེས་སུ༷་དཔོག་པ༷་ག༷ང་ཡིན་པ༷་འདི་ནི་ལེགས་པར་དཔྱད་ན་རྒྱུའི་ནུས་པ་དེ་དོན་གྱི་དངོས་པོ་གཞ༷ན་ལ༷་ནི་མི་ལྟོས་པར། རྒྱུའི་ཚོགས་པ་རང་ཉིད་གྲུབ་ཙམ་ནས་འབྲས་བུ་འབྱུང་རུང་གི་ངོ་བོར་གྲུབ་པའི་ཕྱིར། དཔེར་ན་མར་མེ་སྐྱེས་ཙམ་ནས་འོད་རང་ཆས་སུ་གྲུབ་པ་ལྟར་རྒྱུ་ཚོགས་པ་རང་གི་ཆོས་ཉིད་དམ་རང་བཞིན་ནི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པར་ཤེས་པ་ཡིན་པས་ན། དེ་ནི་ར༷ང་བཞིན་གྱི་རྟ༷གས་ཡིན་པ༷ར་བརྗོད་དེ་དེའི་ནང་དུ་འདུས་སོ། །གལ་ཏེ་དེ་ལྟ་མ་ཡིན་པར་རྒྱུ་ལས་ཐ་དད་པའི་འབྲས་བུ་སྐྱེད་ངེས་སུ་དཔོག་པ་ཡིན་ན་ནི། ཚོགས་པ༷འི་རྒྱུ་རྣམས་ཀྱིས་འབྲ༷ས་བུ༷་སྐྱེད་པའི་ནུ༷ས་པ༷་རྣ༷མས་ནི་གནས་སྐབས་སོ་སོར་ཡོངས་སུ་འགྱུ༷ར་བ༷་ད༷ང་འབྲེལ་བའམ་ལྟོས་པ་ཡིན་ཏེ། རྒྱུ་ཉིད་མ་གྱུར་པར་ནི་འབྲས་བུ་ཡོད་པར་མི་རིགས་པས། དཔེར་ན་ས་བོན་དང་ས་ཆུ་སོགས་འཛོམས་པ་ལས་ས་བོན་སྦང་རོ་བཞིན་དུ་རྣམ་པར་གྱུར་ནས་རིམ་བཞིན་སྡོང་བུ་དང་སྦུབས་འཆའ་བ་སོགས་འབྲས་བུའི་མཐར་ཐུག་པའི་བར་དུ་གྱུར་ནས་འབྲས་བུ་ཉིད་འབྱིན་པ་བཞིན་ནོ། །དེས་ན་རྒྱུ་ཚོགས་པ་ཙམ་ཞིག་མ་འོངས་པའི་འབྲ༷ས་བུ༷་འབྱིན་པ་ལ༷་རྟགས་སུ་འགོད་ན་ནི་མ༷་ངེས་པ༷་ནི་ཉིད་ཡིན་ཏེ། རྒྱུ་ལས་འབྲས་བུ་དངོས་མ་མཐོང་བའི་བར་དེར་རྒྱུ་ལ་གེགས་བྱེད་པ༷་ད༷ག་སྲིད་པའི་ཕྱིར་མཐའ་གཅིག་ཏུ་འབྲས་བུ་འབྱིན་པར་ངེས་པའི་གཏན་ཚིགས་སུ་མི་འགྱུར་རོ། །དེས་ན་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་རང་འབྲས་སྐྱེད་པར་ངེས་ཀྱང༌། དེ་དེའི་རང་བཞིན་རྗེས་སུ་དཔོག་པར་མ་བཟུང་ནས་དེ་འདིའི་རྒྱུ་ལས་འབྲས་བུ་གཞན་དཔོག་པའི་གཏན་ཚིགས་སྦྱོར་བར་སོང་བ་མིན་ཏེ། དུས་མཐའི་སྐད་ཅིག་མ་ལ་ཕྱོགས་ཁྱབ་ངེས་པ་སོགས་མི་ནུས་པས་གཏན་ཚིགས་སྦྱར་བ་དོན་མེད་དེ། གཏན་ཚིགས་ཀྱིས་འབྲས་བུ་ཡོད་པར་དཔོག་པ་ལས་སྔ་བར་འབྲས་བུ་ཉིད་མངོན་སུམ་དུ་འགྱུར་བ་ཡིན་པས་སོ། །བྱང་སེམས་ས་བརྒྱད་པ་འཚང་རྒྱ་ངེས་པ་ལྟ་བུའང་དོན་དུ་རྒྱུའི་ནུས་པ་ཁྱད་པར་ཅན་ཉིད་རྗེས་སུ་དཔོག་པར་སོང་བ་ཡིན་ནོ།།
གཉིས་པ་རོ་ལས་གཟུགས་སོགས་དཔོག་པ་འབྲས་རྟགས་བསྟན་ནི།
ཚོགས་པ་གཅིག་ལ་རག་ལུས་པའི། །གཟུགས་ལ་སོགས་པ་རོས་རྟོགས་པ།།རྒྱུ་ཆོས་རྗེས་སུ་དཔག་པ་སྟེ། །དུ་བས་བུད་ཤིང་འགྱུར་བ་བཞིན།།ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ།།དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས།།ཡང་ཁ་ནང་གི་བུ་རམ་གྱི་རོ་མྱང་བ་ལས་བུ་རམ་གྱི་གཟུགས་ཡོད་པར་རྟོགས་པ་སོགས་རྟགས་གསུམ་གང་དུའང་མ་འདུས་སོ་ཞེ་ན། ཕན་ཚུན་ཚོགས་པ༷་གཅིག་ལ༷་འདུས་ཤིང་མདུང་ཁྱིམ་བཞིན་དུ་གཅིག་ལ་གཅིག་ར༷ག་ལུ༷ས་པ༷འི་བུ་རམ་ལྟ་བུའི་གཟུ༷གས་དང་རེག་བྱ་ལ༷་སོགས་པ༷་དེ་ལས་གཞན་པའི་རོས་དེ་དག་ཡོད་པར་རྟོགས་པ༷་ནི། རང་གི་རྒྱུ༷་ཡི་ཆོས་རྗེས་སུ༷་དཔ༷ག་པ༷་ཡི་རྟགས་སུ་སོང་བ་ཡིན་པ་སྟེ། དཔེར་ན་རྟགས་དྲག་ཏུ་ཕྱུར་བའི་དུ༷་བ༷ས་བུ༷ད་ཤིང་གི་མདོག་འགྱུ༷ར་བ༷་རྗེས་སུ་དཔོག་པ་བཞིན་ཏེ། བུད་ཤིང་མ་ཚིག་པར་དུ་བ་མཐོང་བ་མེད་ལ། དེ་བཞིན་གཟུགས་སོགས་དང་བྲལ་བའི་རོ་མི་སྲིད་པས་སོ། །བུད་ཤིང་གི་འགྱུར་བ་ཐལ་བ་ལ་བཞེད་པའང་ཡོད་དོ། །དེ་བཞིན་ཨུཏྤལ་སོགས་ཀྱི་དྲི་ཚོར་བས་དེའི་གཟུགས་སོགས་ཡོད་པར་རྟོགས་པ་དང༌། བུ་རམ་སྨུག་པོའི་གཟུགས་སོགས་ལས་རོ་མངར་བར་རྟོགས་པ་སོགས་སྦྱར་རོ། །དེ་ཡང་རོ་ལ་སོགས་པ་སྔ་མའི་ནུ༷ས་པ༷་འཇུ༷ག་པ༷་མེད་པ༷ར་ནི་རོ་ད་ལྟ་བ་མེད་ལ། རོ་དེ་ཉིད་རང་དང་ཚོགས་པ་གཅིག་པའི་གཟུགས་ལ་སོགས་པ་གཞ༷ན་གྱི་ལྷན་ཅིག་བྱེད་པའི་རྒྱུ༷་དེ་མེད་ན་མི་འབྱུང་བ་ཡང་ཡིན་ཏེ་རོ་སྔ་མ་རོ་ཕྱི་མའི་ཉེར་ལེན་གྱི་རྒྱུ་དང༌། གཟུགས་སོགས་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་ཡིན་ལ། གཟུགས་སོགས་རང་རང་གི་ཕྱི་མའི་ཉེར་ལེན་གྱི་རྒྱུ་དང༌། རོ་སོགས་གཞན་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པས་དེ་ལྟ༷ར་རོ་ད་ལྟ་བ་དེས་འད༷ས་པ་སྔ་མའི་དུས་ཀྱི་རོ་དང་དེ་དང་ཚོགས་པ་གཅིག་པའི་གཟུགས་སོགས་ཡོད་པར་ཡང་རྟོགས་ལ། རང་དང་དུ༷ས་གཅིག་པའི་གཟུགས་སོགས་རྡུལ་རྫས་གཞན་རྣ༷མས་ཀྱང་དུས་དེར་ཡོད་ངེས་སུ་རྟོགས་པ་ཡིན་གྱི་མ་འོངས་པ་མིན་ཏེ་རོ་རྒྱུན་ཆད་པ་སྲིད་པས་འཁྲུལ་སྲིད་དོ། །ཚུལ་དེ་ལྟ་བུ་ནི་དེ་བྱུང་གི་འབྲེལ་བ་ངེས་པའི་འབྲ༷ས་བུ༷འི་རྟ༷གས་ལ༷ས་སྐྱེས་པ་ཞེས་བྱ་སྟེ། རྒྱུ་མཚན་ཆོས་ཐ་དད་ཕན་ཚུན་ཕན་འདོགས་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བསྒྲུབ་བྱ་རྟོགས་པ་ཡིན་པས་སོ། །དེ་བྱུང་གི་འབྲེལ་བ་ལ་སྔ་ཕྱིར་བྱུང་བ་དགོས་པས་རང་དང་དུས་གཅིག་པའི་དངོས་པོ་གཞན་རྟོགས་པ་དེ་བྱུང་གི་འབྲེལ་བར་མི་འཐད་སྙམ་ན། དེ་དངོས་སུ་དེ་བྱུང་མིན་ཡང་ཕན་ཚུན་མེད་ན་མི་འབྱུང་གི་འབྲེལ་བ་ལས་རྟོགས་པ་ཡིན་པས་ན་འབྲས་བུའི་རྟགས་ལས་སྐྱེས་ཞེས་གསུངས་ཏེ། དེ་བྱུང་གི་འབྲེལ་བ་ལས་འདི་ངེས་པ་ཡིན་པས་སོ། །འོ་ན་འབྲས་རྟགས་མཚན་ཉིད་པ་མིན་ནམ་སྙམ་ན་སྐྱོན་མེད་དེ། ལེགས་པར་དཔྱད་ན་ད་ལྟའི་སྐབས་ཀྱི་འབྲལ་མི་རུང་བའི་ཚོགས་པ་དེ་དག་རྒྱུ་སྔ་མའི་ཚོགས་པ་འབྲལ་མི་རུང་བ་དེས་འཕངས་པའི་འབྲས་བུ་གཅིག་གི་ངོ་བོ་ཡིན་པས་ན། དོན་ལ་རྒྱུའི་ནུས་པས་འབྲས་བུའི་ཚོགས་པ་འབྲལ་མི་རུང་བར་སྐྱེས་པ་དེ་ཉིད་གོ་བྱེད་དུ་སོང་བས་ན། རྟགས་དེ་གཏན་ཚིགས་ཡང་དག་ཏུ་འགྲོ་བའི་རྒྱུ་མཚན་རྒྱུ་སྔ་མའི་ནུས་པས་ཚོགས་པ་གཅིག་ཏུ་འཕངས་པ་དེ་ལ་མཐར་ཐུག་པ་ཡིན་པའི་གནད་ཀྱིས་སོ།།
གཉིས་པ་གཞན་ཕྱི་རོལ་པས་འདོད་པའི་གཏན་ཚིགས་འགའ་ཞིག་ཡང་དག་མིན་པར་བསྟན་པ་ལ། མ་ཚང་རྒྱུ་ཡིས་འབྲས་བུ་དཔོག་པ་མིན། །མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པ་འོ། །དང་པོ།
རྒྱུ་མ་ཚོགས་པས་འབྲས་བུ་ནི། །རྗེས་སུ་དཔོག་པ་གང་ཡིན་དེ།།ལྷག་མ་དང་ལྡན་ནུས་མེད་ཕྱིར། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན།།རིགས་པ་ཅན་པས་རྒྱུ་ལས་འབྲས་བུ་དཔོག་པ་སྔ་མ་དང་ལྡན་པ་ཞེས་བརྗོད་པའི་རྟགས་དེ་ལྟ་བུ་འདིར་མ་འདུས་སོ་ཞེ་ན། རྒྱུ་ཚོགས་པས་འབྲས་བུ་སྐྱེད་རུང་དཔོག་པ་ནི་རང་བཞིན་གྱི་རྟགས་སུ་བཤད་ཟིན་ལ། རྒྱུ༷་མ༷་ཚོགས་པ༷ས་འབྲ༷ས་བུ༷་གང་ཞིག་ནི། ཡོད་ངེས་སུ་རྗེས་སུ༷་དཔོག་པ༷་ག༷ང་ཡིན་པ༷་དེ། དེ་སྒྲུབ་གྱི་ལྷ༷ག་མ༷་ད༷ང་ལྡ༷ན་པ་ཞེས་བྱ་སྟེ་དེ་ཙམ་གྱིས་བསྒྲུབ་བྱ་དེ་འགྲུབ་པའི་ནུ༷ས་པ་མེད་པའི་ཕྱིར། དཔེར་ན་ལུ༷ས་ཡོད་པ་ལ༷ས་འདོད་ཆ༷གས་ཡོད་པར་རྗེས་སུ་དཔོག་པ་བཞིན་ཏེ། དེ་བཞིན་དབང་པོ་ཡོད་པ་དང་བློ་ཡོད་པ་སོགས་ཀྱང་མཚོན་ནོ། །རྟགས་དེ་ཆགས་བྲལ་གྱི་བྱེ་བྲག་ས་རྡོ་སོགས་ལ་མ་མཐོང་ཡང་དེ་ཙམ་གྱིས་མི་འགྲུབ་ལ། ཆགས་བཅས་ཀྱི་ལུས་ཀྱིས་འདོད་ཆགས་ཀྱི་རྒྱུ་བྱེད་པ་ཡོད་ཀྱང༌། བདག་འཛིན་སྤངས་པའམ་ཆགས་བྲལ་དག་ལ་ལུས་ཡོད་པ་ཙམ་གྱིས་ཆགས་པ་སྐྱེ་བར་མི་ངེས་ཏེ། ཚུལ་མིན་ཡིད་བྱེད་སོགས་དང་མ་ཚོགས་པའི་ལུས་ཡིན་པའི་ཕྱིར། རླན་དང་བྲལ་བའི་ས་བོན་བཞིན་ནོ། །དེ་བཞིན་དབ༷ང་པོ་སོགས་ལའང་སྦྱར་རོ།།
གཉིས་པ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པ་ནི།
མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས།།གཏན་ཚིགས་ཤེས་པ་ཚད་ལྟར་སྣང༌། །ཚིག་ལས་ཆགས་ཅན་ལ་སོགས་བཞིན།།མི་མཐུན་ཕྱོགས་ལ་མ་མཐོང་བ། །ཙམ་གྱིས་འཁྲུལ་པ་མེད་པ་མིན།།འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། །ཕྲུ་བའི་འབྲས་ནི་ཚོས་པ་བཞིན།།གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ།།དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད།།འབྲས་བུའི་སྤྱིས་རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་ཀྱང་མེད་དམ་ཞེ་ན། དེ་འདྲ་གཏན་ཚིགས་ཡང་དག་མིན་ཏེ། འདི་ལྟར་རྟགས་དེ་མི་མཐུ༷ན་ཕྱོགས་ལ༷་ལྡོག་པའི་ངེས་བྱེད་མེད་ཀྱང༌། རང་གིས་མ༷་མཐོང་བ༷་ཙ༷མ་གྱིས་གཏན་ཚིགས་སུ་ཤེས་པ་ནི་ཚད་མ་ལྟར་སྣང་བ་ཡིན་ལ། དེ་བཞིན་དུ་འབྲ༷ས་བུའི་སྤྱི་དུ་བ་ལྟ་བུ་མཐོང་བ༷་ལ༷ས། རྒྱུའི་བྱེ་བྲག་ཙནྡན་གྱི་མེ་དཔོག་པ་གཏ༷ན་ཚིགས་སུ་ཤེས་པ༷་ཡང་ཚ༷ད་མ་ལྟ༷ར་སྣ༷ང་བ་ཡིན་ཏེ། དེ་ནི་དཔེར་ན་སྤྱོད་པ་པ་གང་དག་གིས་ཚིག་སྨྲ་བ་ལ༷ས་སྨྲ་བ་པོ་ཆ༷གས་ཅ༷ན་དང་སྡང་ཅན་ལ༷་སོགས་པར་དཔོག་པ་བཞིན་དུ་འཁྲུལ་ལོ་ཞེས་སོ།།དེ་ཡང་ཚིག་ཙམ་ནི་བརྗོད་འདོད་ཀྱི་འབྲས་བུ་ཡིན་ལ། དེ་ནི་ཆགས་སོགས་ཀྱི་རྒྱུ་ལས་བྱུང་བར་ཡང་སྲིད། ཆགས་པ་མེད་ཀྱང་སྙིང་རྗེ་སོགས་ཀྱི་ཀུན་སློང་གི་རྒྱུ་ལས་བྱུང་བར་ཡང་སྲིད་པས་ན། བརྗོད་འདོད་སྤྱིའི་འབྲས་བུ་ཚིག་ཙམ་ལས་མཐའ་གཅིག་ཏུ་ཆགས་ཅན་ཡིན་པར་མི་དཔོག་གོ །གལ་ཏེ་ཆགས་བྲལ་ཡིན་ན་ཞེ་འདོད་གང་ཡང་མེད་པས་ཚིག་སྨྲ་བ་མི་སྲིད་སྙམ་ན། ཆགས་པའི་ཞེ་འདོད་མེད་ཀྱང་གཞན་ལ་ཆོས་སྟོན་པ་སོགས་མི་ཁེགས་ལ། དེ་འདྲའི་ཆགས་བྲལ་གྱིས་ཚིག་སྨྲ་བ་མ་མཐོང་ངོ་ཟེར་ན། ཆགས་བྲལ་གྱིས་ཚིག་སྨྲ་བ་ཡིན་པ་རང་ལ་མངོན་སུམ་མ་སྣང་བ་ཙམ་གྱིས་ཆགས་བྲལ་གྱིས་ཚིག་མི་སྨྲ་བར་ཁེགས་མི་ནུས་སོ། །དེའི་ཕྱིར་ན་མི་མཐུན་ཕྱོགས་ལ་རྟགས་དེ་ཡོད་ཀྱང་རང་གིས་མ་མཐོང་བ་སྲིད་པས་མ་མཐོང་བ་ཙམ་གྱིས་གཏན་ཚིགས་སུ་མི་འགྲོ་ལ། འབྲས་བུའི་སྤྱིས་རྒྱུའི་བྱེ་བྲག་ངེས་མི་ནུས་ཤིང༌། གལ་ཏེ་མི་མཐུན་ཕྱོགས་ལ་མེད་པར་ཚད་མས་ངེས་ན་ནི་ལྡོག་ཁྱབ་གྲུབ་པ་ཡིན་ལ། ཙནྡན་གྱི་དུ་བར་ངེས་ན་ནི་འབྲས་བུའི་ཁྱད་པར་གྱི་སྤུ་རིས་ཟིན་པའི་ཕྱིར་རྒྱུའི་ཁྱད་པར་ཙནྡན་གྱི་མེ་ཡང་ངེས་ནུས་ཏེ། དེ་དག་ནི་སྔར་བཤད་པར་འདུས་སོ། །དེས་ན་རྟགས་དེ་མི་མཐུ༷ན་ཕྱོགས་ལ༷་ཡོད་པར་མ༷་མཐོང་བ༷་ཙ༷མ་གྱིས་ལྡོག་ཁྱབ་འཁྲུ༷ལ་པ༷་མེད་པ༷་མིན་ཏེ། རང་གིས་མ་མཐོང་ཡང་རྟགས་དེ་མི་མཐུན་ཕྱོགས་ལ་འཇུག་པར་སྲིད་པས་ན། རྟགས་དེ་འདྲ་འཁྲུ༷ལ་པ༷ར་སྲིད་པ༷་ཅ༷ན་ཉིད་ཀྱི་ཕྱིར་རོ། །དཔེར་ན་འབྲས་གཅིག་ཚོས་པ་ལ་རྗེས་སུ་དཔགས་ནས། ཕྲུ༷་བ༷འི་ནང་དུ་ཆུད་པའི་འབྲ༷ས་ལྷག་མ་རྣམས་ཀྱང་ནི་ཚོས་པ༷་ཡིན་ནོ་ཞེས་པ་བཞིན་ཏེ། དཔེར་ན་འབྲས་ལྷག་མ་རྣམས་ཆོས་ཅན། ཚོས་པ་ཡིན་ཏེ། ཕྲུ་བ་གཅིག་གི་ནང་དུ་བཙོས་པ་ཡིན་པའི་ཕྱིར། དཔེར་ན་ཚོས་པའི་འབྲས་འདི་དག་བཞིན་ནོ་ཞེས་སྒྲུབ་པ་ན། ཕྲུ་བ་གཅིག་གི་ནང་དུ་བཙོས་པའི་རྟགས་དེ་མི་མཐུན་ཕྱོགས་འབྲས་མ་ཚོས་པ་གཞན་ལ་མཐོང་མི་ཤེས་ཀྱང༌། དེ་ཙམ་གྱིས་འབྲས་མཐའ་དག་ཚོས་པར་རྗེས་སུ་མི་དཔོག་པ་བཞིན་ནོ། །གཞན་ག༷ང་ཞིག་རྟགས་མི་མཐུན་ཕྱོགས་ལ་མ༷་མཐོང་བ༷་ཙ༷མ་གྱིས། ལྡོག་པའི་ཁྱབ་པ༷་ར༷བ་ཏུ༷་གྲུབ་བོ་ཞེས་སྟོན་པར་བྱེད་པ༷་དེ་ནི་རྟགས་མི་མཐུན་ཕྱོགས་ལས་ལྡོག་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་རྒྱུ༷་ཙམ་ཡིན་པའི་ཕྱིར། དེ་འདྲའི་གཏན་ཚིགས་དེ་ལ༷་ལྷ༷ག་མ༷་དང་ལྡ༷ན་པ་ཞེས་སྐབས་འདིར་བརྗོད་པ་ཡིན་ཏེ། ཚད་མས་ངེས་པ་མེད་པས་ལྡོག་ཁྱབ་གྲུབ་པ་ལ་ཐེ་ཚོམ་གྱི་ལྷག་མ་ལུས་པའི་ཕྱིར་དེ་སྐད་བརྗོད་པ་ཡིན་གྱི། རིགས་པ་ཅན་པས་འབྲས་བུས་རྒྱུ་སྒྲུབ་པ་ལྷག་མ་དང་ལྡན་པའི་གཏན་ཚིགས་སོ་ཞེས་ཟེར་བ་ལྟ་བུའི་དོན་མིན་ནོ་ཞེས་སོ།།
གསུམ་པ་ངེས་བྱེད་འབྲེལ་བ་བཤད་པ་ལ། རྟགས་ཀུན་འབྲེལ་བས་ངེས་པ་ཅན་དུ་སྒྲུབ། །ངེས་པ་ཅན་གྱི་རྟགས་གསུམ་འཁྲུལ་པ་མེད། །དང་པོ་ལ། འབྲེལ་བ་མི་དགོས་པ་ཡི་ལུགས་གཞན་དགག །འབྲེལ་བ་ཉིད་ལ་ལྟོས་པའི་རང་ལུགས་བཞག །དང་པོ་ལ། རང་སྡེ་ལུང་དང་ཐུན་མོང་རིགས་པ་དང༌། །གཞན་སྡེ་ཁས་ལེན་གྱིས་ནི་དགག་པ་གསུམ། །དང་པོ་ལ། གསུམ་གར་འབྲེལ་བ་བཞེད་པ་ཡོངས་གཅོད་གྲུབ། །འབྲེལ་མེད་འདོད་པ་རྣམ་བཅད་ལ་དགག་པའོ། །དང་པོ།
གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་བཟློག་དོན་དང༌།།འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན།།གཏ༷ན་ཚིགས་ཀྱི་ནི་ཚུ༷ལ་དང་པོ་གཉིས་སུ་མ་ཟད་གསུ༷མ་ཆར་ལ༷འ༷ང༌། སློབ་དཔོན་ཕྱོགས་ཀྱི་གླང་པོ་དེ་ཡིས་ཀུན་བཏུས་ནས། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་སོགས་ཀྱིས་རྟགས་མ༷་གྲུ༷བ་པའི་གཉེན་པོར་ཕྱོགས་ཆོས་ངེས་པ་བརྗོད་པར་མཛད་པ་དང༌། རྟགས་བཟློག་དོན་ཅན་ཏེ་འགལ་བའི་གཉེན་པོར་རྗེས་འགྲོའི་ངེས་པ་ད༷ང༌། མ་ངེས་པ་འཁྲུ༷ལ་པ༷་ཅ༷ན་གྱི་གཉེན་པོར་ནི་ལྡོག་ཁྱབ་ངེས་པ༷་བརྗོད་པ༷ར་མཛ༷ད་པ༷་ཡིན་ཏེ། ཁྱབ་པ་དེ་དག་གི་ངེས་པ་ཞེས་འབྲེལ་བ་ལ་ལྟོས་ནས་ཚད་མས་མཐའ་གཅིག་ཏུ་ངེས་པའོ།།
གཉིས་པ་འབྲེལ་མེད་འདོད་པ་རྣམ་བཅད་ལ་དགག་པ་
ལ་ནང་གསེས་དྲུག་ཡོད་དེ། དང་པོ་ཆོས་མི་མཐུན་སྦྱོར་གྱི་ངག་སྨོས་པ་དོན་མེད་དུ་ཐལ་བ་ནི།
འཁྲུལ་པ་ཅན་གྱི་གཉེན་པོར་ནི། །/ཆོས་མི་མཐུན་2སྦྱོར་གང་ཡིན་པ།།གལ་ཏེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར།།མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །དེ་མེད་ཁོ་ན་མིན་གལ་ཏེ། ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས།།མ་ངེས་པ་འཁྲུ༷ལ་པ༷་ཅ༷ན་གྱི་གཉེན་པོར་ནི་ཆོས་མི་མཐུ༷ན་སྦྱོར་གྱི་སྒྲུབ་ངག་བརྗོད་པ་ག༷ང་ཡིན་པ༷། དེ་ནི་ག༷ལ་ཏེ་ངེས་པ་མེད་པར་རྒོལ་བ་གཉིས་ཀས་མ༷་མཐོང་བ་དེ་ཙམ་ཞིག་སླར་ཡང་སྟོན་པའི་འབྲ༷ས་བུའམ་དགོས་པ་ཅ༷ན་དེ་འདྲ་ཡིན་ན་ངག་དེ་མ༷་སྨོས་ཀྱ༷ང་མི་མཐུན་ཕྱོགས་ལ་མེད་པ་དེ་རང་རང་གིས་རྟོགས་པ༷ར་འགྱུ༷ར་ཏེ་མ་མཐོང་བ་ཙམ་སྔ་ནས་གྲུབ་ཟིན་པས་སོ། །ངག་དེ་དོན་མེད་པར་འདོད་ན། རིགས་སྒོ་ལས། རེ་ཞིག་འགལ་བ་དང༌། མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ་ཞེས་གསུངས་པ་དང་འགལ་ཏེ། སྒྲ་མི་རྟག་པར་བྱས་པས་སྒྲུབ་པ་ན། རྗེས་འགྲོ་བསྒྲུབ་པའི་ཆེད་ཆོས་མཐུན་སྦྱོར་གྱི་ངག གང་བྱས་པ་དེ་མི་རྟག་པ་སྟེ་བུམ་པ་བཞིན། ཞེས་པ་དང༌། ལྡོག་ཁྱབ་བསྒྲུབ་པའི་ཆེད་ཆོས་མི་མཐུན་སྦྱོར་གྱི་ངག གང་རྟག་པ་དེ་བྱས་པ་མིན་ཏེ་ནམ་མཁའ་བཞིན། ཞེས་འགོད་པར་གསུངས་པ་བཞིན་ནོ། །དེས་ན་མ་མཐོང་བ་ཙམ་ཞིག་ཆོས་མི་མཐུན་སྦྱོར་གྱི་ངག་དེས་སྟོན་ན། རྟགས་མི་མཐུན་ཕྱོགས་ལ་མེད་དོ་ཅེས་བྱ༷་བ༷འི་ཚིག་གིས་ཀྱ༷ང༌། རྟགས་དེ་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན༷འམ་མེད་ངེས་སུ་རྟོགས་ནུས་པ་མིན་ཏེ་བརྗོད་པ་ཙམ་དུ་ཟད་པས་སོ། །ག༷ལ་ཏེ་མེད་པར་བརྗོད་པ་ཙམ་མིན་པར་ཇི་ལྟ༷ར་མེད་པའི་རྒྱུ་མཚན་བསྒྲུབ་བྱ་དང་མེད་ན་མི་འབྱུང་གི་འབྲེལ་བ་ལས་དེའི་མི་མཐུན་ཕྱོགས་ལ་རྟགས་དེ་ཡོད་མི་ཤེས་པའི་རིགས་པ་དེ་བརྗོད་ན༷། དེ་ཚེ་ངག་དེས་རྟགས་དེ་འདྲ་མི་མཐུན་ཕྱོགས་ལ་མེད་པར་ངེས་སོ་ཅེས་བྱ༷་བ༷ར་རྟོགས་པར་འགྱུར་རོ། །ཞེས་སོ།།
གཉིས་པ་ལྷག་ལྡན་ཡང་འཁྲུལ་པ་མེད་པར་ཐལ་བ་ནི།
གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན།།ག༷ལ་ཏེ་སློབ་དཔོན་གྱིས་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པར་བཞེད་ཅིང་མ༷་མཐོང་བ༷ས་ལྡོག་པ་གྲུབ་པར་འགྱུ༷ར་ན། རང་གིས་ཟོས་པའི་ཤིང་ཐོག་གཅིག་ལས་ཤིང་འབྲས་ལྷག་མའང་རོ་ནུས་སྨིན་པ་གསུམ་དེ་དང་འདྲ་བར་དཔོག་པ། ཅི་སྟེ་ལྷ༷ག་ལྡ༷ན་འདི་ཡང་འཁྲུ༷ལ་པ་ཅ༷ན་ཡིན་ཏེ། ཤིང་འབྲས་ལྷག་མ་རྣམས་ཆོས་ཅན། རོ་མངར་བ་ཡིན་ཏེ། མངར་བའི་འབྲས་བུ་འདི་དང་ཁ་དོག་འདྲ་བའི་ཕྱིར་ཞེས་སམ། ཟོས་པ་འདི་དང་ཤིང་སྡོང་གཅིག་ལས་སྐྱེས་པ་ཡིན་པའི་ཕྱིར་ལྟ་བུ་རྟགས་སུ་འགོད་པ་ན། རྟགས་དེ་ཤིང་འབྲས་མངར་བ་མིན་པ་ལ་སྐབས་དེར་དམ་བཅའ་བས་མ་མཐོང་བའི་ཕྱིར། འདོད་མི་ནུས་ཏེ་ཀུན་བཏུས་ལས་རིགས་པ་ཅན་པའི་ལྷག་ལྡན་འགོག་པའི་སྐབས་སུ། གཟུགས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་མ་ཡིན་ཏེ་ཞེས་པ་དང་འགལ་བས་རྟགས་དེ་འདྲ་ལྷག་ལྡན་མ་ངེས་པ་ཡིན་པས་བསྒྲུབ་བྱ་འགྲུབ་མི་ནུས་སོ།།
གསུམ་པ་སྲོག་ལྡན་གོ་བྱེད་ཡིན་པར་ཐལ་བ་ནི།
ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར།།རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། རིགས་པ་ཅན་པ་སོགས་ཀྱི་ལྡོག་པ༷་རྐྱང་པ་ཅ༷ན་དུ་འདོད་པ་ཡ༷ང་གཏ༷ན་ཚིགས་ཡང་དག་ཏུ་འགྱུ༷ར་རིགས་ཏེ། འདི་ལྟར་གསོན་ལུས་བདག་བཅས་ཡིན་ཏེ་སྲོག་དང་ལྡན་པའི་ཕྱིར་ཞེས་དགོད་པ་ན། རྒོལ་བ་དེའི་ངོར་ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་བདག་མེད་ལ་སྲོག་ཡོད་པ་མ་མཐོང་བའི་ཕྱིར། འདོད་ན་ཀུན་བཏུས་ལས་ཕྱོགས་ཆོས་དགུ་བཤད་པའི་སྐབས་སུ་ལྷག་མ་ལྔ་པོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ་རེ་ཞིག་ཐེ་ཚོམ་གྱི་རྒྱུའོ་ཞེས་གསུངས་པ་དང་འགལ་ཏེ། དེས་ན་རྟགས་འདི་འདྲ་བ་ཐུན་མིན་གྱི་མ་ངེས་པ་ཡིན་ཏེ། གསོན་ལུས་ཐམས་ཅད་ནི་ཕྱོགས་ཤེས་འདོད་དུ་གྱུར་པས་མཐུན་དཔེ་མི་སྲིད་ལ། བདག་མེད་ཀྱང་སྲོག་ཡོད་པ་ལ་འགོག་བྱེད་མེད་པས་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ངེས་པ་སྐྱེ་མི་རུང་བས་སོ།།
བཞི་པ་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའང་རྟགས་སུ་ཐལ་བ་ནི།
མ་གྲུབ་སྦྱོར་བ་བརྗོད་བྱ་མིན།།སློབ་དཔོན་གྱིས་ཕྱོགས་ཆོས་མ༷་གྲུ༷བ་པ་བཞི་དང་མཚུངས་པར་རྗེས་འགྲོ་ལྡོག་ཁྱབ་ཀྱང་དེ་ལྟར་དཔེ་དོན་སྦྱོར་བ༷་བརྗོད་པར་བྱ༷་བ་མིན་པར་ཐལ་ཏེ། ལྡོག་ཁྱབ་མ་མཐོང་བ་ཙམ་གྱིས་ཆོག་པས་ཐེ་ཚོམ་ཟ་ནའང་མ་མཐོང་བ་ཁོ་ནས་ལྡོག་ཁྱབ་གྲུབ་པར་བཞེད་པའི་ཕྱིར། ཇི་ལྟར་སྦྱར་ཏེ་གསུངས་ཤེ་ན། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ༌། །དེ་བཞིན་དུ་མཐུན་ཕྱོགས་ལ་ཡོད་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་གསུངས་ཏེ། ཕྱོགས་ཆོས་ལ་རྒོལ་བ་གཉིས་ཀར་མ་གྲུབ་པ། གང་རུང་རེར་མ་གྲུབ་པ། ཐེ་ཚོམ་ཟ་ནས་མ་གྲུབ་པ། ཆོས་ཅན་གཞི་མ་གྲུབ་ནས་མ་གྲུབ་པ་བཞི་དང༌། དེ་བཞིན་རྗེས་འགྲོ་ལ་བཞི། ལྡོག་པ་ལ་དང་པོ་གསུམ་སྦྱར་ཏེ་ཅི་རིགས་པར་སྐྱོན་བརྗོད་པར་གསུངས་སོ།།
ལྔ་པ་མཉན་བྱས་ཕྱོགས་གཉིས་ཁེགས་པར་ཐལ་བ་ནི།
ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར།།ཚད་མ་གཞན་གྱིས་གནོད་ཅེ་ན། །ད་ནི་མ་མཐོང་ལས་མེད་མིན།།དེ་བཞིན་དུ་ནི་གཞན་ལ་ཡང༌། །ཚད་མ་གཞན་གྱིས་གནོད་པ་སྲིད།།སྒྲ་ཁོ་ནའི་ཁྱ༷ད་པ༷ར་གྱི་ཆོས་མཉན་བྱ་ལྟ་བུ་རྟག་མི་རྟག་གཉིས་ཀ་རྣ༷མ་པ༷ར་གཅོད་པ༷་ཡི། ཡང་དག་པའི་གཏ༷ན་ཚིགས་སུ༷་འགྱུ༷ར་རིགས་ཏེ་རྟགས་དེ་སྒྲ་ལས་གཞན་པའི་རྟག་མི་རྟག་གཉིས་ཀ་ལ་མ༷་མཐོང་བའི་ཕྱིར། དཔེར་ན་སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་བཀོད་ན། མི་མཐུན་ཕྱོགས་མི་རྟག་པའི་གློག་སོགས་ལ་དེ་མ་མཐོང་བས་སྒྲ་རྟག་པར་རྟགས་དེས་གྲུབ་པར་ཐལ་ལ། ཡང་སྒྲ་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་བཀོད་ན། མི་མཐུན་ཕྱོགས་ནམ་མཁའ་སོགས་ལ་མ་མཐོང་བས་སྒྲ་མི་རྟག་པར་ཡང་གྲུབ་པར་ཐལ་ལོ། །དེ་ལྟར་གྲུབ་པ་མི་རུང་སྟེ། འདི་གཉིས་ཕན་ཚུན་སྤངས་ཏེ་འགལ་བས་ཅིག་ཤོས་བཅད་སྟོབས་ཀྱིས་ཅིག་ཤོས་སུ་གྲུབ་པས་ན། དངོས་འགལ་གཞི་གཅིག་ལ་འདུ་བར་ཐལ་བའི་ཚ༷ད་མ༷་གཞ༷ན་གྱིས་གནོད་པའི་ཕྱིར་དེ་ལྟར་ཁས་མི་ལེན་ནོ་ཅེ་ན༷། དེ་ལྟ་ན་ད༷་ནི་མི་མཐུན་ཕྱོགས་ལ་མ༷་མཐོང་བ་ཙམ་ལ༷ས་མེད་ངེས་སུ་འགྲུབ་པ་མིན་པར་གསལ་ལོ། །བཤད་མ་ཐག་པ་དེ་བཞིན་དུ༷་ནི་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་གཏན་ཚིགས་གཞ༷ན་ལ༷་ཡ༷ང༌། རྟགས་དེས་བསྒྲུབ་བྱ་དེ་འགྲུབ་པ་ལ་ཚ༷ད་མ༷་གཞ༷ན་གྱིས་གནོད་པ༷་སྲིད་པ་ཡིན་ནོ། །དེས་ན་སློབ་དཔོན་གྱིས། སྤྱི་དང་ཁྱད་པར་དག་ནི་ཅི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ།།
དྲུག་པ་རེག་བྱ་འགོག་པ་རིགས་པར་ཐལ་བ་ནི།
མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་པ་མེད་པ་ཅན།།བྱེ་བྲག་པས་མ༷་མཐོང་བའི་ཕྱིར་ཞེས་པའི་རྟགས་ཀྱིས་རེག་བྱ་གྲང་མིན་དྲོ་མིན་མཐོང་བ༷་ས་ཆུ་མེ་གསུམ་ལ༷་མི་ལྡ༷ན་པར་སྒྲུབ་པ་དེ་ཡང་འཁྲུ༷ལ་པ༷་མེད་པ༷་ཅ༷ན་དུ་ཐལ་ཏེ་མ་མཐོང་བ་ཙམ་གྱིས་འགོག་པར་རིགས་པའི་ཕྱིར་རོ། །དེ་ཡང་མུ་སྟེགས་བྱེ་བྲག་པ་ན་རེ། ཤིང་དང་རྩྭ་མེད་པའི་མྱ་ངམ་གྱི་ཕྱོགས་ན་ཆོས་ཅན། རླུང་རྫས་ཡོད་དེ། རེག་བྱ་བཏང་སྙོམས་དམིགས་པའི་ཕྱིར་ཞེས་
འགོད་ལ། དེ་ཡི་རྟགས་མི་མཐུན་ཕྱོགས་ས་སོགས་ལས་ཇི་ལྟར་ལྡོག་དྲིས་པ་ན། མཐོང་བའི་ས་ཆུ་མེ་གསུམ་ལ་དེ་འདྲའི་རེག་པ་མ་མཐོང་བས་འགོག་གོ་ཞེས་ཟེར་ཏེ། འདི་པས་ཞེ་འདོད་རེག་བྱ་བཏང་སྙོམས་འབྱུང་བའི་ཡོན་ཏན་ཡིན་དགོས་ལ། དེ་ས་ཆུ་མེ་གསུམ་ལ་མ་དམིགས་པས་ན་རླུང་གི་ཡིན་པ་ལས་འོས་མེད་དུ་བསམས་པའོ། །དེ་ཡང་རེག་བྱ་སྣང་རུང་ཡིན་པས་ན་མ་དམིགས་པས་ཁེགས་པར་འདོད་ཟེར་ན། དགག་གཞི་སྣང་རུང་གི་ས་སོགས་འདི་ཙམ་ལ་འགོག་གམ། ས་ཆུ་མེ་གསུམ་མཐའ་དག་ལ་འགོག དང་པོ། མཐོང་བའི་ས་སོགས་ལ་འགོག་གི་མ་མཐོང་བ་ལ་མི་འགོག་ན་དེས་རླུང་ཁོ་ནའི་ཡོན་ཏན་དུ་མི་འགྲུབ་ལ། གཉིས་པ་ལྟར་ན་མི་ཁེགས་ཏེ་ས་སོགས་ཀུན་གྱི་རེག་བྱ་སྣང་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་མཐོང་བའི་ས་སོགས་ལ་ཁེགས་ན་དེས་མ་མཐོང་བ་ལ་ཁེགས་ཏེ། འདིར་སྔོན་པོ་ལ་སེར་པོ་ཁེགས་པའམ་མར་མེ་ལ་མུན་པ་ཁེགས་ན་གཞན་དུའང་ཁེགས་པ་བཞིན་ནོ་ཞེ་ན། མི་མཚུངས་ཏེ་འདིར་མཐོང་བའི་ས་སོགས་ལ་རེག་བྱ་འཇམ་རྩུབ་དུ་མ་མཐོང་བའི་ཕྱིར། དེས་ན་གང་གི་ཕྱོགས་སུ་མ་ལྷུང་བའི་རེག་བྱ་ནི་རླུང་ལའང་བརྟག་པར་དཀའ་ན། དེ་རླུང་ཁོ་ནའི་ཡོན་ཏན་དང༌། ས་སོགས་ལ་མེད་པར་སྒྲུབ་པ་དོན་མེད་དོ། །དེས་ན་སློབ་དཔོན་གྱིས་རླུང་གི་རབ་བྱེད་ལས། གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་གསུངས་སོ། །དེས་ན་མ་མཐོང་བ་ཙམ་ཞིག་གིས་ལྡོག་ཁྱབ་ངེས་མི་ནུས་ལ་འབྲེལ་བའི་སྒོ་ནས་ངེས་པར་བྱ་བ་ཡིན་ནོ།།
གཉིས་པ་རང་སྡེ་དང་གཞན་སྡེ་ཐུན་མོང་དུ་མ་མཐོང་བ་ཙམ་ལྡོག་ཁྱབ་ཏུ་འདོད་པ་རིགས་པས་དགག་པ་ནི།
ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་སྣང༌།།དེ་ལ་གཅིག་མཐོང་གཞན་ལ་དེ། །ཡོད་པར་ངེས་པ་རིགས་མ་ཡིན།།ཡུ༷ལ་དང་དུས་དང་རྐྱེན་ལ༷་སོགས་པ༷འི་ཁྱ༷ད་པ༷ར་ལ༷ས། སྐྱུ་རུ་ར་ལྟ་བུའི་རྫ༷ས་གཅིག་ལ༷་ཡང་རོ་དང་ནུ༷ས་པ༷་ཁ་དོག་སོགས་ཐ༷་ད༷ད་པར་སྣ༷ང་སྟེ། སྐྱེ་སའི་ཡུལ་དང༌། སྔ་ཕྱིའི་དུས་དང༌། རྨོས་ཐབས་སོགས་ཀྱི་རྐྱེན་ལས་མི་འདྲ་བར་འགྱུར་ཏེ། ས་བོན་འོ་མས་གཅུས་པ་ལས་སྐྱུ་རུ་ར་མངར་བར་འགྱུར་བ་ལ་སོགས་པ་བཞིན་ནོ། །དེས་ན་རྫས་དེ་ལ༷་རོ་ནུས་ཁ་དོག་སོགས་ཆོས་གཅིག་མཐོང་བ་དེ། གཞ༷ན་དེའི་རིགས་འདྲ་ཐམས་ཅད་ལ༷་ཆོས་དེ་ལྟ་བུར་ཡོད་པ༷ར་ངེས་པ༷་ཉིད་དུ་སྒྲུབ་པ་རིགས་པ་མ༷་ཡིན་ཏེ། དེ་ཡང་རང་གི་སྐྱུ་རུ་ར་མངར་མོ་མྱངས་ནས་གཞན་སྐྱུ་རུ་ར་ཐམས་ཅད་མངར་མོ་ཡིན་ཏེ། སྐྱུ་རུ་ར་མངར་མོ་མིན་པ་བདག་གིས་མ་མཐོང་བས་སོ་ཞེས་བརྗོད་པས་རྟགས་འཁྲུལ་མེད་དུ་མི་འགྱུར་བ་བཞིན་དུ། ངེས་པ་མེད་པར་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་ཅེས་སོ།།
གསུམ་པ་གཞན་སྡེ་ཁས་ལེན་འགལ་བས་དགག་པ་ནི།
བདག་དང་ས་ལ་ཤེས་ཡོད་སོགས། །མེད་པར་རབ་སྒྲུབ་བྱེད་མིན་པའི།།མ་དམིགས་གང་ཡིན་དེ་ཁོ་ན། །གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི།།བྱེ་བྲག་པས་གསོན་ལུས་བད༷ག་བཅས་སུ་སྒྲུབ་པ་ད༷ང༌། རྒྱང་འཕེན་པས་ས༷་ལ༷་ཤེས་པ་ཡོད་པ་དང༌། སོགས་ཁོངས་ནས་གྲངས་ཅན་པས་འོ་མ་ལ་ཞོ་ཡོད་པར་འདོད་པ་སོགས་ནི་ཡོད་པར་སྒྲུབ་ཀྱི། དེ་དག་མེད་པ༷ར་ར༷བ་ཏུ་སྒྲུ༷བ་པར་བྱེད་པ་མིན་པ༷འི་བདག་ཉིད་དུ་ཁས་ལེན་ཡང༌། མ་མཐོང་བ་ཙམ་གྱིས་མེད་པར་འགྲུབ་ན་བདག་ལ་སོགས་པ་དེ་དག་ཀྱང་མ་དམིགས་པའི་ཕྱིར་དེ་དག་མ༷་དམིགས་པ་ག༷ང་ཡིན་པ་དེ་ཙམ་ཁོ་ན༷། གཏ༷ན་ཚིགས་ཡང་དག་པ་བདག་སོགས་མེད་པར་སྒྲུ༷བ་པ་ཉིད་དུ་ཁས་ལེན་པ་ཡིན་ན༷མ་ཅི་ཞེས་བརྒལ་བའོ།།
གཉིས་པ་འབྲེལ་བ་ཉིད་ལ་ལྟོས་པའི་རང་ལུགས་བཞག་པ་ལ། སྒྲུབ་རྟགས་ཁྱབ་པ་གཉིས་པོ་འབྲེལ་བར་ལྟོས། །དེ་ཡི་ཤུགས་ཀྱིས་དགག་རྟགས་འབྲེལ་བ་ཤེས། །དང་པོ་ལ། སྒྲུབ་རྟགས་འབྲེལ་བས་བྱེད་པའི་འཐད་པ་དང༌། །འབྲེལ་བས་ངེས་ཕྱིར་དཔེ་གཞན་མི་དགོས་ཚུལ། །དང་པོ།
དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད།།ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པའི་ཕྱིར།།དེ་ལྟ་མི་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་གྱུར།།མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི།།དེ་བཞིན་གཅིག་ཅིག་ཉེ་བའི་ཕྱིར། །ཇི་ལྟར་གཞན་ནི་ཉེ་བར་འགྱུར།།མི་ལ་ཕྱུགས་ནི་བདོག་ཅེས་ཏེ། །དེ་བཞིན་རྟ་ཡང་བདོག་གམ་ཅི།།མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པ་དེའི་ཕྱིར་ཆོས་དེ་གྲུབ་པ་ཙ༷མ་ད༷ང་རང་ཆས་སུ་འབྲེལ་བ༷འི་མི་རྟག་པ་ལྟ་བུའི་ངོ་བོ་ཉིད་ལོག་པ་ཉིད་ཀྱིས། བྱས་པ་ལྟ་བུའི་ངོ་བོ་ཉིད་ལྡོག་པ༷ར་འགྱུ༷ར་བ༷འ༷མ། གང་ཡོད་ན་ཅིག་ཤོས་ཡོད་པའི་རྗེས་འགྲོའང་གྲུབ་ལ། ཡང་མེ་ལྟ་བུའི་རྒྱུ༷་ལྡོག་པ་ཡིས་ནི་འབྲ༷ས་བུ༷་ལྡོག་པ་ལ་འཁྲུ༷ལ་པ༷་མེད་ཅིང༌། དེའི་དབང་གིས་དུ་བ་མེ་ལ་མི་འཁྲུལ་བ་ཡིན་པ༷འི་ཕྱིར། འབྲེལ་བའི་སྒོ་ནས་ཁྱབ་པ་གཉིས་པོ་འཁྲུལ་མེད་དུ་ངེས་པ་ཡིན་ལ། དེ་ལྟ་མིན་ན༷་འབྲེལ་མེད་ཀྱི་ཆོས་གཅིག་ལོག་པ༷ས་ཇི་ལྟ༷ར་གཞ༷ན་ནི་ལྡོག་པ༷ར་འགྱུ༷ར་ཏེ། དཔེར་ན་མི་ལ༷་རྟ༷་མི་བདོག་ཅེས་ཤེས་པར་བྱས་ཏེ། རྟ་མི་བདོག་ན་དེའི་རྒྱུ་མཚན་ལས་ཕྱུ༷གས་ཀྱ༷ང་བདོག་པ༷་མིན་པར་འདོད་པ་ཡིན་ན༷མ་ཅི་སྟེ། འབྲེལ་མེད་གཞན་ལོག་པས་གཞན་ལྡོག་པ་ནི་དེ་དང་འདྲའོ། །ཞེས་སོ། །དེ་བཞིན་དུ་རྗེས་འགྲོ་ཡང་འབྲེལ་བས་གྲུབ་པ་ཡིན་གྱི་གཞན་དུ་བྱས་པ་དང་དུ་བ་ལྟ་བུའི་ཆོས་གཅིག་ཅིག་ཆོས་ཅན་གང་ལ་ཡོད་པའམ་ཉེ་བ༷འི་ཕྱིར། མི་རྟག་དང་མེ་ལྟ་བུའི་ཆོས་གཞ༷ན་ནི་ཇི་ལྟ༷ར་དེ་ལ་རྗེས་སུ་འགྲོ་བའམ་ཉེ་བ༷ར་འགྱུ༷ར་ཏེ། དཔེར་ན་མི་ལ༷་ཕྱུ༷གས་ནི་བདོག་ཅེས་ཏེ། དེ་བཞིན་རྟ༷་ཡ༷ང་བདོག་ག༷མ་ཅི།
གཉིས་པ་འབྲེལ་བའི་སྒོ་ནས་ལྡོག་ཁྱབ་ངེས་པའི་ཕྱིར་ན་དཔེ་གཞན་དོན་ལ་གྲུབ་མི་དགོས་པར་བསྟན་པ་ནི།
དེ་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད།།དེ་དག་མེད་ནའང་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར།།དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ།།སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་/འབའ་ཞིག་3བརྗོད་པར་ཟད།།དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས།།དོན་གྱིས་གོ་བས་ཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར།།ལྡོག་ཁྱབ་འབྲེལ་བའི་སྒོ་ནས་ངེས་ནུས་པ་དེ་ཕྱིར་ཆོས་མི་མཐུ༷ན་པའི་དཔེ་ལ༷། ངེས་པ༷ར་ཏེ་མཐའ་གཅིག་ཏུ་ལྡོག་ཁྱབ་འདི་ལ༷་གང་ལས་ལྡོག་པར་བྱ་བའི་གཞི་ཉིད་དུ་གྲུབ་པ་ཞིག་དགོས་པར་མི་འདོད་དེ། མེ་དང་མི་རྟག་ལྟ་བུ་དེ་ད༷ག་མེད་པ་ཙམ་ན༷འ༷ང་དུ་བ་དང་བྱས་པ་ལྟ་བུ་དེ་དག་མེད་པར་འགྱུར་ཅེས་བརྗོད་པ༷་ལ༷ས་ཀྱ༷ང་ལྡོག་ཁྱབ་དེ་རྟོགས་པར་འགྱུར་རིགས་པའི་ཕྱིར་རོ། །དེ་ཡང་དུ་ལྡན་གྱི་ལ་ལ་མེ་ཡོད་པ་དུ་བའི་རྟགས་ཀྱིས་སྒྲུབ་པ་ལྟ་བུའི་ཚེ་ན། མཐུན་ཕྱོགས་ཀྱི་དཔེ་ཚང་མང་དང༌། མི་མཐུན་ཕྱོགས་ཀྱི་དཔེ་རྒྱ་མཚོ་ལྟ་བུ་གཉིས་ཀ་རྫས་སུ་གྲུབ་ཀྱང༌། སྐྱེས་བུ་ལ་བདག་མེད་པར་སྒྲུབ་པའི་ཚེ་ན། མི་མཐུན་ཕྱོགས་བདག་ཡོད་ཅིག་གྲུབ་མི་དགོས་པ་བཞིན་དུ་ཤེས་པར་བྱའོ། །འོ་ན་ཕྱོགས་གཉིས་ཀྱི་དཔེ་བསྟན་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དཔེ་ལ༷་མཚོན་ནས་མི་རྟག་པ་དང་བྱས་པ་ལྟ་བུ་དེ་ཡི་ངོ་བོ་མཐུན་ཕྱོགས་མི་རྟག་པ་གཞན་ལ་ཡོད་ཚུལ་དང༌། མི་མཐུན་ཕྱོགས་རྟག་པ་རྣམས་ལ་མེད་ཚུལ་སྟོན་པ་ད༷ང༌། ཡང་མེ་ལྟ་བུ་དུ་བའི་རྒྱུ༷་ཡི་དངོས་པོ་ཡིན་པ་དེ་ད༷ག་མི་ཤེས་པའི་རྒོལ་བ་རྣམས་ལ༷་རྗེས་སུ་འགྲོ་ལྡོག་གི་ཚུལ་ཚང་མང་དང་རྒྱ་མཚོ་ལ་བརྟེན་ནས་སྟོན་པ་ཙམ་ཡིན་ཏེ་དཔེའི་སྟོབས་ཀྱིས་ཁྱབ་པ་སྒྲུབ་པ་མིན་ལ། དེའི་ཕྱིར་རྒོལ་བ་མཁ༷ས་པ༷་རྣ༷མས་ལ༷་ནི། དཔེའི་སྟེང་དུ་གཏན་ལ་འབེབས་མི་དགོས་པར་གཏ༷ན་ཚིགས་འབའ་ཞིག་ཙམ་བརྗོད་པ༷ར་ཟ༷ད་དོ། །མི་ཤེས་པ་ལ་དཔེས་སྟོན་དགོས་ནའང་མཁས་པ་ལ་མི་དགོས་པ་དེ་ཉིད་ཀྱི་ཕྱིར་ན། རྟགས་ཆོས་ཀྱི་འབྲེལ་བ་ཤེས་པར་ནུས་ན༷། རྗེས་འགྲོ་དང་ལྡོག་ཁྱབ་ཀྱི་ཚུལ་གཉིས་ལ༷ས་ག༷ང་ཡ༷ང་རུ༷ང་བ་དངོས་སུ་སྨྲ༷ས་པ༷ས། དོན་གྱིས་གོ་བ༷ས་ཅིག་ཤོས་མ་སྨྲས་པ་ལ༷འང༌། དེར་ངེས་པའི་དྲ༷ན་པ༷་ཡ༷ང་ད༷ག་པར་སྐྱེ་བ༷ར་འགྱུ༷ར་རོ། །དེས་ན་གཏན་ཚིགས་ཡང་དག་རྣམས་ཀྱིས་གང་མ་ཤེས་པ་སྟོན་ཞིང༌། ཤེས་ཟིན་ལ་དྲན་པ་གསོ་བར་བྱེད་པ་ཡིན་པས་མཁས་པ་ལ་ཕྱོགས་ཆོས་ཙམ་བརྗོད་པས་འཐུས་ཤིང༌། ཕྱོགས་ཆོས་ངེས་ཟིན་ལ་ཁྱབ་པ་གཉིས་ཀ་དང༌། སྤྱིར་འབྲེལ་བ་ངེས་ཟིན་ཀྱང་མ་དྲན་པ་ལ་ཁྱབ་པ་གང་རུང་དེ། བླུན་པོའམ་འཁྲུལ་པའི་རྒྱུ་མཚན་གྱིས་ནན་ཆེར་ཟིན་པ་ལ། ཚུལ་རེ་རེ་ནས་ནན་གྱིས་བསྒྲུབས་པས་མཐར་ཡང་དག་པའི་དོན་ཚད་མའི་ལམ་གྱིས་འགྲུབ་ནུས་སོ།།
གཉིས་པ་དེ་ཡི་ཤུགས་ཀྱིས་དགག་རྟགས་ཀྱི་འབྲེལ་བའང་ཤེས་པའི་ཚུལ་ནི།
དེ་ཕྱིར་རྒྱུ་དང་རང་བཞིན་དག །མེད་པས་འགའ་ཞིག་སྒྲུབ་པའི་ཡང༌།།གཏན་ཚིགས་ཡིན་ཏེ་དམིགས་པར་ནི། །རིགས་ལྡན་དེ་མི་དམིགས་པ་ཡང༌།།དེ་ལྟར་མི་དམིགས་འདི་རྣམ་གསུམ། །བཤད་ཀྱང་རྣམ་པ་དུ་མ་སྟེ།།དེ་དང་དེ་འགལ་ལ་སོགས་པ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས།།རྟགས་ཆོས་འབྲེལ་བའི་དབང་གིས་མི་འཁྲུལ་བ་དེ་ཡི་ཕྱིར་རྒྱུ༷་མེ་ལྟ་བུ་ད༷ང༌། ཁྱབ་བྱེད་དུ་གྱུར་པ་ར༷ང་བཞིན་ཤིང་ལྟ་བུ་ད༷ག་མེད་པ༷ས་དུ་བ་དང་ཤ་པ་ལྟ་བུ་འག༷འ་ཞིག་མེད་པར་སྒྲུ༷བ་པའམ་དགག་པ༷འི་ཡ༷ང་གཏ༷ན་ཚིགས་སུ་འགྱུར་བ་ཡིན་ཏེ། འབྲེལ་བས་སྒྲུབ་ནུས་པར་མ་ཟད་འབྲེལ་ཡུལ་ཁེགས་པས་འབྲེལ་ཟླ་འགོག་པར་ཡང་ནུས་སོ། །དེ་བཞིན་དུ་ཡོད་ན་སྣང་དུ་རུང་བའམ། དམིགས་པ༷ར་ནི་རིགས་པ་དང་ལྡ༷ན་པ་དེ་མི་དམིགས་པ༷་ཡ༷ང་དགག་རྟགས་ཡང་དག་ཡིན་ལ་དེ་མེད་པའི་ཐ་སྙད་སྒྲུབ་ཀྱི་རྟགས་ཞེས་བྱའོ། །དེ་ལྟ༷ར་མི་དམིགས་པ་འདི་དོན་ལ་རྒྱུ་ཁྱབ་བྱེད་རང་བཞིན་མི་དམིགས་པ་རྣ༷མ་པ་གསུ༷མ་དུ་འདུ་བར་བཤ༷ད་དེ་དེ་དང་འགལ་དམིགས་ཐམས་ཅད་ཀྱ༷ང་དོན་ལ་དགག་བྱ་དེའི་རང་བཞིན་མ་དམིགས་པ་ཙམ་དུ་ཁྱད་མེད་པས་དེར་འདུའོ། །དེ་ལྟ་བུ་ཡིན་ཡང་རྒྱས་པར་ཕྱེ་ན་རྣ༷མ་པ༷་དུ༷་མ༷་སྟེ། རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་དེ་ད༷ང་དེ་གསུམ་པོ་དང་འག༷ལ་བ་གསུམ་དང༌། ལ༷་སོགས་པ༷་ཞེས་པས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་ཏེ་བརྒྱད་ཡོད་ལ། དེ་དག་ནི་རང་གི་ངོ་བོའམ་འབྲེལ་ཟླ་མ༷་རྟོགས་པའམ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའི་མ་རྟོགས་པའི་རབ་དབྱེའི་སྦྱོར་བ་འགོད་ཚུལ་གྱི་སྒོ་ན༷ས་དབྱེ་བ་ཙམ་སྟེ་དོན་ལ་དགག་བྱ་ཉིད་མེད་པར་འགོག་པ་ལ་གནད་གཅིག་པ་ཡིན་ནོ།།དེ་ལ་རྒྱུ་མ་དམིགས་པ་ནི། ཕྱོགས་འདི་ན་དུ་བ་མེད་དེ། མེ་མེད་པའི་ཕྱིར་ལྟ་བུ་དང༌། དེ་བཞིན་དུ་ཕྱོགས་འདི་ན་ཞེས་ཀུན་ལ་སྦྱར་ཏེ། ཁྱབ་བྱེད་མ་དམིགས་པ། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ལྟ་བུ་དང༌། རང་བཞིན་མ་དམིགས་པ། དུ་བ་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར་ལྟ་བུ་དང༌། རྒྱུ་དང་འགལ་བ་དམིགས་པ་ནི། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེ་དང་ཉེ་བའི་ཕྱིར་ལྟ་བུ། ཁྱབ་བྱེད་དང་འགལ་བ་དམིགས་པ། བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ། རང་བཞིན་དང་འགལ་བ་དམིགས་པ། གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། གྲང་རེག་མེད་དེ། དུ་བ་དྲག་ཏུ་འཕྱུར་བ་ཡོད་པའི་ཕྱིར་ལྟ་བུ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ནོན་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འགལ་ཟླ་སྤོས་ཀྱི་མེ་ལྟ་བུ་ལའང་དེའི་ཁྱབ་པའི་ཆ་ན་གྲང་རེག་གནས་མི་ཤེས་པའི་ཕྱིར། དེའི་ངོ་བོའམ་འབྲས་བུའི་སྤུ་རིས་ཟིན་ན་དེ་ལྟར་འཁྲུལ་པ་མེད་དོ། །དེ་ལྟར་སྔར་བཞིར་བཤད་པ་ལ་འདིར་སྦྱོར་བའི་དབྱེ་བ་ཙམ་གྱི་སྒོ་ནས་བརྒྱད་དུ་བཤད་ལ། རྣམ་ངེས་ལས་དེའི་སྟེང་དུ། དུ་བའི་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་མེད་པའི་ཕྱིར་ལྟ་བུ་འབྲས་བུ་མ་དམིགས་པ་དང༌། གྲང་བའི་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ་འབྲས་བུ་དང་འགལ་བ་དམིགས་པ་གཉིས་བསྣན་ཏེ་བཅུར་གསུངས་ཏེ། དེ་ཡང་རང་བཞིན་མ་དམིགས་པ་ནི་རང་གི་ངོ་བོ་མི་དམིགས་པ་ཡིན་ལ། རྒྱུ་ཁྱབ་བྱེད་འབྲས་བུ་མ་དམིགས་པ་གསུམ་འབྲེལ་ཡུལ་མ་དམིགས་པ་དང༌། ལྷག་མ་དྲུག་འགལ་ཟླ་དམིགས་པ་ཡིན་ནོ། །རིགས་ཐིགས་ལས་དེའི་སྟེང་དུ། འགལ་བའི་ཁྱབ་པ་དམིགས་པ་བསྣན་ཏེ་བཅུ་གཅིག་ཏུ་གསུངས་ཏེ། དངོས་པོ་བྱུང་བ་འཇིག་ངེས་པར་གྱུར་པ་མེད་དེ། རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་འཇིག་པ་རྒྱུ་ལྡན་དུ་སྨྲ་བའི་ངོར་དམིགས་པའི་རྟགས་ལ་དཔེར་མཛད་དོ། །དོན་དུ་འདི་ནི་ཕན་ཚུན་སྤངས་ཏེ་འགལ་བའི་ཆོས་གང་ཡང་རུང་བའི་ཁྱབ་བྱ་དམིགས་ན། འགལ་ཟླ་དེ་མེད་པར་ཁེགས་ནུས་ཏེ། དེའི་ཁྱབ་བྱེད་ནི་ཅིག་ཤོས་དང་དངོས་སུ་འགལ་ལ། དེའི་ཕྱིར་རྟགས་དང་དགག་བྱ་གཉིས་པོ་བརྒྱུད་ནས་འགལ་བའི་ཕྱིར་ལྷན་ཅིག་ཏུ་མི་གནས་པ་ཡིན་ལ། ཕན་ཚུན་སྤངས་འགལ་དངོས་སུ་རྟགས་དང་བསྒྲུབ་བྱར་བྱས་པ་མི་སྲིད་དེ། སྒྲ་ཆོས་ཅན། རྟག་པ་མིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མི་རྟག་པར་དངོས་སུ་ངེས་ནས་རྟག་པ་མིན་པར་བསྒྲུབ་ཏུ་མེད་དེ། རྟགས་དང་བསྒྲུབ་བྱ་ཁྱད་མེད་པས་སོ།།དེས་ན་ཕན་ཚུན་སྤངས་འགལ་གྱི་ཁྱབ་བྱ་ཉིད་དམིགས་པས། རྟགས་དེའི་ཁྱབ་བྱེད་ཀྱི་འགལ་ཟླ་འགོག་པ་སྟེ། འདི་ལ་ཚད་མས་གནོད་འགལ་ཞེས་ཟེར་ཏེ། དོན་ལ་སྒྲ་རྟག་པ་མིན་པར་རྩོལ་བྱུང་གིས་སྒྲུབ་པ་ལྟ་བུའང་སྒྲ་ལ་རྟག་པ་མེད་པར་རྣམ་བཅད་དུ་དགག་པའི་ཆ་ནས་བསམས་ན་དེར་གནས་ཤིང༌། མི་དམིགས་པ་རྣམས་ཀྱང་མི་དམིགས་པ་ཉིད་ཡོངས་གཅོད་དུ་སྒྲུབ་པའི་རྣམ་པས་བཟུང་ན་རང་བཞིན་གྱི་རྟགས་སུ་འདུ་བ་ལ་འགལ་བ་མེད་པར་གསུངས་པ་བཞིན་ནོ། །དེ་ལྟར་ན་སྣང་རུང་མ་དམིགས་པ་ལ་རྒྱུ་ཁྱབ་བྱེད་རང་བཞིན་འབྲས་བུ་མ་དམིགས་པ་བཞི་དང༌། འགལ་དམིགས་ལ་འགལ་བའི་རང་བཞིན་མེ་དམིགས་པའི་སྒོ་ནས། གྲང་རེག གྲང་འབྲས་སྤུ་ལོང༌། གྲང་བའི་དངོས་རྒྱུ། ཁྱབ་བྱ་ཁ་བའི་རེག་པ་བཞི་འགོག་པ་དང༌། འགལ་འབྲས་དུ་བ་དྲག་ཏུ་ཕྱུར་བ་ལ་དགག་བྱ་དེ་བཞི་སྦྱར་བ་དང༌། འགལ་བའི་ཁྱབ་བྱ་ཙནྡན་གྱི་མེ་དམིགས་པའི་སྒོ་ནས་དེ་བཞི་འགོག་པ་དང་བཅུ་གཉིས་ཏེ་ཁྱོན་བཅུ་དྲུག་ཏུའང་གསུངས། ཁ་ཅིག་གིས་ཁྱབ་བྱ་ཙནྡན་གྱི་མེ་ལྟ་བུ་ཟུར་དུ་བརྩི་ན། མེའི་བྱེ་བྲག་མཐའ་ཡས་པ་ལ་སྦྱར་དགོས་པས་མི་འཐད་ཅེས་གསུངས་ན་ཡང༌། སྦྱོར་བའི་དབྱེ་བ་ཙམ་གྱི་སྐབས་ཁྱབ་བྱ་གཅིག་ལ་སྦྱར་བས་གཞན་ཀུན་དེ་དང་འདྲ་བས་སོ་སོ་ནས་སྦྱར་དགོས་པར་མི་འགྱུར་ལ། སྦྱོར་བ་དེ་ཡང་འགོད་ཚུལ་ཡང་དག་ཡིན་པ་དང༌། ཁྱབ་བྱ་ཉིད་དགག་བྱར་སྦྱར་ཏེ་གཞུང་ལས་གསུངས་པས་ཁྱབ་བྱེད་ལའང་སྦྱར་ན་འགལ་བ་མེད་པའི་ཕྱིར་ཛེ་ཏཱ་རིའི་བཞེད་པ་འདི་ལའང་མི་འཐད་པ་གང་ཡང་མེད་དོ། །ཡང་གཙང་ནག་པ་སོགས་བོད་ཀྱི་མཁས་པས་མེ་ཡི་དངོས་རྒྱུ་དམིགས་པ་ལས་སྔ་མ་བཞི་དགག་པའི་སྦྱོར་བ་སྐོར་བཞི་གསུངས་ཀྱང་རྒྱུ་ཙམ་གྱིས་མི་ཁེགས་ལ། ནུས་པ་ཐོགས་མེད་སྐད་ཅིག་མ་རྟགས་སུ་ངེས་མི་ནུས་པའི་ཚུལ་ས་སྐྱ་པཎྜི་ཏ་སོགས་ཀྱིས་ལེགས་པར་བསྒྲུབས་ཟིན་ཏོ།།
གཉིས་པ་ངེས་པའི་རྟགས་གསུམ་འཁྲུལ་པ་མེད་ཚུལ་ལ། སྒྲུབ་པའི་རྟགས་དང་དགག་པའི་རྟགས་གཉིས་ལས། །དང་པོར་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ།
རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས།།མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན།།གཞན་དུ་གཞན་ནི་གཞན་དག་དང༌། །ངེས་པར་ཡོད་པའི་ངེས་པ་གང༌།།དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཡིན་ན་གོས་ལ་ཚོན་བཞིན་ནོ།།ཆོས་དོན་གཞན་གྱི་རྒྱུ་མཚན་ཅན། །ཡིན་པར་གྱུར་ན་དེ་གཞན་ཉིད།།ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །འབྲས་བུ་ན་ཡང་ག་ལ་ངེས།།མེ་དུ་ལྟ་བུ་རྒྱུ༷་ད༷ང་འབྲ༷ས་བུ༷འི་དངོས་པོ་ཡིན་པར་ངེས་པའ༷མ། བྱས་དང་མི་རྟག་ལྟ་བུ་ར༷ང་བཞིན་གྱིས་འབྲེལ་བ་ངེས་པ༷ར་བྱེད་པ༷་ཡི་ཚད་མ་ལ༷ས་མེད་ན༷་མི་འབྱུ༷ང་བར་ངེས་པའི་རྗེས་སུ་འགྲོ་ལྡོག་འགྲུབ་པ༷་སྟེ། གཞན་དུ་མི་མཐུན་ཕྱོགས་ལ་མ༷་མཐོང་བ་ཙམ་ལ༷ས་ལྡོག་ཁྱབ་འཁྲུལ་མེད་གྲུབ་པ་མིན་ལ། མཐུན་ཕྱོགས་ལ་ཡོད་པར་མཐོང་བ་ཙམ་ལ༷ས་རྗེས་འགྲོའི་ཁྱབ་པ་འཁྲུལ་མེད་གཏན་ལ་འབེབས་ནུས་པ་མིན་ནོ། །རྟགས་ཆོས་འབྲེལ་བ་གྲུབ་པ་ལས་ཤེས་བྱེད་གཞ༷ན་ཞིག་དུ༷་འདོད་ན་གཞ༷ན་དུ་བ་ལྟ་བུ་ནི། གཞ༷ན་མེ་ལྟ་བུ་ད༷ག་ད༷ང་ངེས་པ༷ར་ཏེ་མི་འབྲལ་བར་ཡོད་པ༷འི་ངེས་པ༷འམ་ཚད་མ་ག༷ང་ཡོད་དེ། དུ་བ་དེ་རེས་འགའ་མེ་དང་ལྷན་ཅིག་ཏུ་འདུག་པར་མཐོང་ཡང་རྒྱུ་འབྲས་སུ་མ་ངེས་ན། མེ་མིན་ལས་སྐྱེ་བ་མི་ཁེགས་པས་རྟགས་དེས་རྣམ་པ་ཀུན་ཏུ་བསྒྲུབ་བྱ་ཡོད་ངེས་སུ་མི་རྟོགས་སོ། །དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་ཀྱང༌། བདག་གཅིག་འབྲེལ་དུ་མ་ངེས་ནས་བྱས་པ་དང་མི་རྟག་པ་ལྟ་བུ་དེ་དག་དོན་གཞ༷ན་ཐ་དད་པའི་རྒྱུ༷་མཚ༷ན་ཅ༷ན་གྱི་ཆོས་ཡིན་པར་གྱུར་པའམ། གང་བྱས་པ་ལ་འཇིག་པ་འབྱུང་བས་ན་འཇིག་པ་དེ་བྱས་པ་ལས་གཟོད་འཇིག་རྒྱུ་དོན་གཞན་ལ་ལྟོས་པའི་རྒྱུ་མཚན་ཅན་ཡིན་ན༷། གོས་སྔར་ཡོད་ལ༷་ཚོན་གྱིས་གཟོད་བསྒྱུར་བ་བཞིན་བྱས་ཙམ་ནས་འཇིག་པར་མ་ངེས་པར་འགྱུར་བ་ཡིན་ནོ། །དཔེ་འདི་སྔ་མ་དེ་བྱུང་གི་འབྲེལ་བ་མེད་པ་ལའང་དོན་གྱིས་བལྟ་བར་བྱ་སྟེ། རེས་འགའ་སྣམ་བུ་དང་དེའི་སེར་པོ་ཚོགས་པར་མཐོང་ཡང༌། སེར་པོ་ཡོད་པས་སྣམ་བུ་ཡོད་པར་རྣམ་པ་ཀུན་ཏུ་མི་དཔོག་པ་བཞིན་ནོ། །སྒྲའི་སྟེང་གི་བྱས་མི་རྟག་སོགས་ཁྱད་པར་གྱི་ཆོས་དེ་དག་དོན་གཞ༷ན་གྱི་བདག་ཉིད་ཡིན་བཞིན་ཕན་ཚུན་གོ་བར་བྱེད་པའི་རྒྱུ༷་མཚ༷ན་ཅ༷ན་ཡིན་པ༷ར་གྱུ༷ར་ན༷། དེ་དག་རང་བཞིན་གཅིག་ཡིན་མི་ཤེས་པའི་གཞ༷ན་པ་ཉིད་དུ་འགྱུར་ལ། དེ་ལྟ་ན་བྱས་པས་མི་རྟག་པ་གོ་བའི་རྒྱུ་མཚན་ཕན་ཚུན་ཕན་འདོགས་པའི་ཚུལ་གྱིས་འབྲེལ་བ་ལས་འོས་མེད་དེ། ཆོས་ཐ་དད་ཕན་མི་འདོགས་པ་ནི་འབྲེལ་བ་གང་ཡང་མེད་པས་ན་དེ་སྒྲུབ་པའི་རྟགས་སུ་འགྱུར་བ་མི་སྲིད་དོ། །དེ་ལྟ་ནའང་བྱས་པ་ལས་མི་རྟག་པ་ཕྱིས་སུ་འབྱུ༷ང་བར་འདོད་པའི་ཕྱིར་ན༷། བྱས་པའི་རྒྱུ༷་ཉིད་ནི་མི་རྟག་པ་མིན་ལ་བྱས་པའི་འབྲ༷ས་བུ༷་མི་རྟག་པ་ཡིན་ན༷་ཡ༷ང༌། བྱས་ཙམ་ནས་མི་རྟག་པར་ག༷་ལ༷་ངེས་ཏེ་རྒྱུ་ལ་འབྲས་བུས་མ་ཁྱབ་པའི་ཕྱིར་རོ། །དེས་ན་བྱས་མི་རྟག་ངོ་བོ་ཐ་དད་ཡིན་ལ་དེ་དག་ལ་རྒྱུ་འབྲས་ཀྱི་འབྲེལ་བའི་སྒོ་ནས་ཀྱང་མི་འཁྲུལ་བའི་རྒྱུ་མཚན་ཅི་ཡང་མེད་པས་ན། བྱས་པའི་རྟགས་ཀྱིས་མི་རྟག་པ་ནམ་ཡང་སྒྲུབ་མི་ནུས་སོ། །དེའི་ཕྱིར་སྒྲུབ་རྟགས་གཉིས་པོ་མི་འཁྲུལ་བའི་རྒྱུ་མཚན་འབྲེལ་བའི་དབང་གིས་ཡིན་པ་ཤེས་པར་བྱའོ།།
གཉིས་པ་སྒྲུབ་རྟགས་རྒྱས་བཤད་ལ། དེ་བྱུང་འབྲེལ་ལས་འབྲས་བུའི་རྟགས་མི་འཁྲུལ། །རང་བཞིན་བདག་གཅིག་འབྲེལ་ལས་མི་འཁྲུལ་བའོ། །དང་པོ་ལ་ནི་དངོས་དང་རྩོད་སྤང་གཉིས། །དང་པོ།
མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར།།དེ་མེད་པར་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར།།རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར།།དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་ལྟོས་པ་ལས་ཡིན་ནོ།།འདི་ལྟར་མེ་ཡི་འབྲ༷ས་བུ༷་ནི་དུ༷་བ༷་ཡིན་པས་དེ་མེ་ལ་ནམ་ཡང་མི་འཁྲུལ་བ་སྟེ། རྒྱུ་མཚན་དུ་བ་དེ་ནི་འབྲ༷ས་བུ༷འི་ཆོས་ཀྱིའམ། རང་བཞིན་གྱི་རྗེས་སུ་འཇུ༷ག་པའི་ཕྱིར་ཏེ། དེ་མེ་ཡི་འབྲས་བུའི་ཆོས་ཡིན་པ་ཉིད་ཀྱི་རྗེས་སུ་འཇུག་པའམ་ངང་ཚུལ་ལས་འདའ་མི་ཤེས་ཏེ་ཆུ་གཤེར་བ་ལས་མི་འདའ་བ་བཞིན་ནོ། །གལ་ཏེ་ཕན་འདོགས་པའི་རྒྱུ་མེ་དེ་མེད་པ༷ར་ནི་འབྲས་བུ་དུ་བ་དེ་ཡོད་སྲིད་ན༷། རྒྱུ༷་ད༷ང་ལྡ༷ན་པ༷་ལ༷ས་འད༷ས་ཏེ་རྒྱུ་མེད་པ་ཅན་དུ་འགྱུ༷ར་རོ། །རྒྱུ༷་མེད་པར་འབྱུང་ན་ཅིར་འགྱུར་སྙམ་ན། རྒྱུ་མེད་པར་འབྱུང་ན་ནི་རང་ལ་ཕན་འདོགས་བྱེད་ཀྱི་རྒྱུ་གཞ༷ན་ལ༷་མི་ལྟོས་པའམ་ལྟོས་མི་དགོས་པའི་ཕྱིར། ཡུལ་ཐམས་ཅད་ན་དུས་རྟ༷ག་ཏུ༷་ཡོད་པ༷འམ་ཡང་ན་ཡུལ་དུས་གང་ནའང་མེད་པ༷ར་འགྱུ༷ར་ཏེ། རྒྱུ་མཚན་དངོས་པོ་རྣ༷མས་ནིཡུལ་དུས་རེས་འག༷འ་ཞིག་ན་འབྱུ༷ང་བ༷འམ་ཡོད་པ་ནི། ཡུལ་དང་དུས་དེར་ཚོགས་པའི་རྒྱུ་ལ་ལྟོས་པ༷་ལ༷ས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་ས་གཞི་གཤིན་པ་སོགས་ལ་མི་ལྟོས་པའི་ཕྱིར། བྲག་དང་རྒྱ་མཚོ་དང་བར་སྣང་ནའང་ལོ་ཏོག་སྐྱེ་བ་སོགས་དངོས་པོ་ཐམས་ཅད་མེད་པའི་ཕྱོགས་བཞག་ཏུ་མེད་པ་དང༌། སྣང་བའི་དངོས་པོ་རྣམས་མེད་པའི་དུས་ཀྱང་མེད་པར་ཐལ་ཏེ། དུས་གང་ན་རྒྱུ་ཚོགས་མ་ཚོགས་ཀྱི་ཁྱད་པར་བཞག་པའང་མེད་པས་སོ། །གལ་ཏེ་རྒྱུ་མི་དགོས་ཀྱང་ཡུལ་དུས་འགའ་ཞིག་ན་མེད་པར་གྱུར་ན་ནི་དེ་ན་མེད་པ་ཇི་ལྟ་བར་གཞན་ནའང་མེད་པར་འགྱུར་ཏེ། ཡུལ་དུས་དེ་དང་གཞན་གཉིས་ཀར་དེའི་རྒྱུ་མེད་པར་ཁྱད་པར་རྡུལ་ཙམ་མེད་བཞིན་དུ་གཞན་ན་ཡོད་ཀྱི་འདི་ན་མེད་པ་མི་འཐད་དེ་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་འགྱུར་རོ། །དེས་ན་གང་དངོས་པོར་སྣང་བ་འདི་དག་ལ་རེས་འགའ་བ་མ་ཡིན་པ་མེད་ལ། དེ་དག་རྒྱུ་ཚོགས་པ་གང་དུ་ཚང་བ་དེར་ཡོད་ཀྱི་གཞན་དུ་འབྱུང་མི་ཤེས་པའི་རྟེན་འབྲེལ་གྱི་ངང་ཚུལ་ཅན་ལས་ནམ་ཡང་མི་འདའ་བར་ཤེས་པར་བྱ་བ་ཡིན་ནོ།།
གཉིས་པ་རྩོད་སྤོང་ནི།
གལ་ཏེ་བརྒྱ་བྱིན་སྤྱི་བོ་མེའི། །རང་བཞིན་ཡིན་ན་དེ་ཉིད་མེ།།འོན་ཏེ་དེ་མེའི་རང་བཞིན་མིན། །ཇི་ལྟར་དེ་ལས་དུ་བ་འབྱུང༌།།དུ་བའི་རྒྱུ་ཡི་རང་བཞིན་མེ། །དེ་ཡི་ནུས་པ་4བྱེ་བྲག་ལྡན།།དུ་བ་དུ་བའི་རྒྱུ་མིན་ལས། །འབྱུང་ན་དེ་ནི་རྒྱུ་མེད་འགྱུར།།རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོ་5མཐོང༌།།དེ་ཡི་རང་བཞིན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང༌།།བསྡུ་བའི་ཚིགས་སུ་བཅད་པ་འོ།།བརྡ་སྤྲོད་པ་དག་ན་རེ། མེ་མེད་པར་དུ་བ་སྐྱེ་བ་མེད་པར་མ་ངེས་ཏེ། དུ་བ་དེ་བརྒྱ་བྱིན་གྱི་སྤྱི་བོར་གྲགས་པ་གྲོག་མཁར་ལས་ཀྱང་འབྱུང་བར་མཐོང་བས་སོ་ཞེ་ན། ག༷ལ་ཏེ་བརྒྱ༷་བྱིན་སྤྱི་བོ་སྟེ་གྲོག་མཁར་དེ་དངོས་སུ་དུ་བ་སྐྱེད་ནུས་ཀྱི་མེའི་ར༷ང་བཞིན་ཡིན་ན༷་ནི། དེ་ཉིད་མེ་དངོས་ཡིན་པས་རྒྱུ་མེ་དངོས་དང་དེ་ལས་བྱུང་བའང་འབྲས་བུ་དུ་བ་དངོས་སུ་ཟད་ལ། འོན་ཏེ་དེ་མེའི་ར༷ང་བཞིན་མིན་ན་ནི་ཇི་ལྟ༷ར་ན་དེ་ལ༷ས་མེ་ཡི་འབྲས་བུར་གྱུར་པའི་དུ༷་བ༷་འབྱུ༷ང་རིགས་ཏེ་མེ་ལོག་པ་ཁོ་ནས་མེ་འབྲས་དུ་བ་མ་ཡིན་པར་གྲུབ་ཀྱི་དཔྱད་པ་གཞན་མི་དགོས་སོ། །དེ་ཡང་དུ༷་བ༷འི་རྒྱུ༷་ཡི་ར༷ང་བཞིན་ནམ་རིགས་སུ་གནས་པའི་མེ་ནི་དུ་བ་དེ་སྐྱེད་པ་ཡི་ནུ༷ས་པ༷འི་བྱེ་བྲ༷ག་གམ་ཁྱད་པར་དང་ལྡན༷་པ་ཡིན་ལ། དེ་འདྲའི་དུ༷་བ༷་སྐྱེད་ནུས་ཀྱི་མེ་མེད་བཞིན་འབྲས་བུ་དུ་བ་དེ་དུ༷་བ༷འི་རང་གི་རྒྱུ༷་མིན་པ་བརྒྱ་བྱིན་སྤྱི་བོ་སོགས་ལ༷ས་འབྱུ༷ང་ན༷་དུ་བ་དེ་ནི་རྒྱུ༷་མེད་པ་ཅན་དུ་འགྱུ༷ར་ལ་དེ་ལྟ་ན་རེས་འགའ་བ་མིན་པར་འགྱུར་བ་བཤད་མ་ཐག་པ་བཞིན་ནོ། །དེས་ན་ཆོས་འདི་དག་ལས་རྒྱུ་གང་ཡོད་ན་འབྲས་བུ་སྐྱེ་བ་ཡོད་པའི་རྗེས་སུ༷་འགྲོ་བ་ད༷ང༌། རྒྱུ་ལོག་ན་འབྲས་བུ་ཡང་ལྡོག་པ༷་ཡིན་པ་ལ༷ས། འབྲས་བུ་ག༷ང་ཞིག་རྒྱུ་ག༷ང་གི་རྗེས་སུ་འགྲོ་བར་མཐོང་བ་དེ་ནི། འབྲས་བུ་དེ་ཡི་ར༷ང་བཞིན་ནི་རང་གི་སྐྱེད་བྱེད་དེ་ལ་ངེས་པར་ལྟོས་པའི་རྒྱུ༷་ཅ༷ན་ཡིན་པ་དེ་ཕྱིར་རྒྱུ་མིན་པའམ་རིགས་མི་མཐུ༷ན་པའི་རྒྱུ་གཞན་ལ༷ས་ནམ་ཡང་མི་འབྱུ༷ང་སྟེ་འབྱུང་མི་སྲིད་པ་ཡིན་ནོ། །ཚིགས་བཅད་འདི་བར་སྐབས་བསྡུ༷་བ༷འི་ཚིགས་སུ༷་བཅ༷ད་དོ། །དེ་ལ་གང་ཞིག་གང་གི་རྗེས་སུ་འགྲོ་བ་ཇི་ལྟར་མཐོང་སྙམ་ན། མ་དམིགས་པ་སྔོན་དུ་འགྲོ་བའི་དབང་དུ་བྱས་ན། དང་པོ་མེ་དུ་གཉིས་སྣང་རུང་གི་གཞིར་མ་དམིགས། དེ་རྗེས་མེ་དམིགས། དེ་རྗེས་དེ་ལས་དུ་བ་བྱུང་བར་དམིགས་པ་ཕྲུགས་གསུམ་པོས་རྒྱུ་འབྲས་སུ་ངེས་ནུས་ཏེ། དང་པོ་མེ་དམིགས་པས་དུ་བ་མེའི་སྔ་ན་ཡོད་པ་དང༌། གཞན་ནས་འོང་བ་དང༌། རྒྱུ་གཞན་ལས་སྐྱེ་བ་གསུམ་ཁེགས་ཏེ། དེ་གསུམ་གང་རུང་ཡིན་ན་མེ་མ་དམིགས་ཀྱང་སྣང་ཤེས་པས་སོ། །དེ་ནས་རྒྱུ་འབྲས་སུ་དམིགས་པའི་མངོན་སུམ་གཉིས་ཀྱིས་ནི། དུ་བ་གཏན་མ་སྐྱེས་པ་དང༌། མེ་ལས་མ་སྐྱེས་པའི་དོགས་པ་ཆོད་ནས་མེད་ན་མི་འབྱུང་གི་འབྲས་བུ་ཡིན་པར་སྒྲོ་འདོགས་ཆོད་པ་ཡིན་ནོ། །དེ་ལྟ་ན་རྟ་བོང་གིས་དབེན་པའི་གཞིར། དང་པོ་རྟ་དམིགས་དེ་ནས་བོང་བུ་དམིགས་ན་དེའང་རྒྱུ་འབྲས་སུ་འགྱུར་རོ་ཞེ་ན། དེ་དག་ལ་ཡུལ་གཞན་ནས་འོང་བ་ལ་སོགས་པའི་དོགས་པ་ལྔ་ཆོད་པའི་རྒྱུ་མཚན་མེད་དེ། རྟ་བོང་ལ་རྗེས་སུ་འགྲོ་ལྡོག་མེ་དུ་ལ་བཤད་པ་ལྟ་བུ་གལ་ཏེ་མཐོང་ན་རྒྱུ་འབྲས་སུ་འགྱུར་ནའང་དེ་མི་སྲིད་དོ། །ཡང་ན་དང་པོ་མེ་དུ་རྒྱུ་འབྲས་སུ་དམིགས་པ་སྔོན་དུ་སོང་ནས། རྒྱུ་ལོག་པ་ན་འབྲས་བུའང་མ་དམིགས་པའི་སྒོ་ནས་ངེས་པར་འགྱུར་ཏེ། གང་ལྟར་ཡང་རྒྱུ་འབྲས་སུ་ངེས་པ་ཐམས་ཅད་དོན་ལ་རྗེས་སུ་འགྲོ་ལྡོག་མ་འཁྲུལ་པར་མཐོང་བ་ལས་ངེས་པར་བྱེད་དོ། །འགའ་ཞིག་དུ་བ་མེ་ལས་སྐྱེས་པར་ལན་གཅིག་ཙམ་མཐོང་བས་དེའི་རིགས་ཐམས་ཅད་རྒྱུ་འབྲས་སུ་ཇི་ལྟར་གྲུབ་ཅེ་ན། འགྲུབ་སྟེ་དུ་བ་རང་གི་རྒྱུ་མིན་ལས་ལན་གཅིག་ཙམ་སྐྱེ་བའང་མི་སྲིད་དེ། དུ་བ་ཆུ་ལས་ལན་གཅིག་ཙམ་སྐྱེ་བ་མཐོང་དུ་མེད་པ་བཞིན་ནོ། །དེས་ན་རྒྱུ་ཚོགས་པ་གང་ལ་ལྟོས་པའི་དངོས་པོ་དེ་དག་རྒྱུ་ཚོགས་ན་མི་སྐྱེ་བའི་དབང་མེད་ཅིང༌། མ་ཚོགས་ན་སྐྱེ་མི་སྲིད་པ་ནི་དངོས་པོ་ཀུན་གྱི་ཆོས་ཉིད་ཡིན་པས། དེ་ལས་ནམ་ཡང་འདའ་མི་ཤེས་ཏེ་མེའི་ཚ་བ་བཞིན་ནོ། །དེས་ན་ལུག་གི་རྭ་ལས་སྨྱུག་མ་སྐྱེ་བ་ལ་སོགས་པ་དེའི་རིགས་འདྲ་ཇི་སྙེད་པ་ཐམས་ཅད་ཀྱང་རྒྱུ་མིན་པ་གཞན་ལས་གཞན་སྐྱེས་པ་ཞེས་མི་བྱ་སྟེ། རྒྱུ་མིན་པ་ལས་དེ་དག་སྐྱེ་བ་མི་སྲིད་པས་སོ།།འོ་ན་གང་ཞེ་ན། དེ་དག་གི་རང་རྒྱུ་དེ་ལ་བརྟེན་ནས་རང་འབྲས་དེ་འདྲ་བ་སྐྱེད་པ་རྟེན་འབྲེལ་གྱི་ནུས་པ་ཙམ་དུ་ཟད་ཀྱི། རྒྱུ་གཞན་གྱི་འབྲས་བུ་འདི་ལ་ཐོབ་པ་ཞེས་འཁྲུལ་པར་མི་བྱ་སྟེ། དེ་དག་གི་རྒྱུ་ཡང་ཐ་དད་ལ། རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་འབྲས་བུ་ཡང་ཐ་དད་ཡིན་མོད། འོན་ཀྱང་རྣམ་པ་སོགས་ཆ་འདྲ་བས་ཕན་ཚུན་འཁྲུལ་ནས་རྒྱུ་མིན་ལས་ཀྱང་སྐྱེས་སོ་སྙམ་དུ་མི་མཁས་པས་བརྟགས་པ་སྟེ། གཟུགས་འདྲ་བའི་མི་གཉིས་མཐོང་ནས་མ་ཅིག་ཤོས་ཀྱི་བུ་མ་མིན་པ་ཅིག་ཤོས་ལས་ཀྱང་སྐྱེས་སོ་ཞེས་སེམས་པ་བཞིན་ནོ།།
གཉིས་པ་བདག་གཅིག་འབྲེལ་ལས་རང་བཞིན་གྱི་རྟགས་མི་འཁྲུལ་བར་བསྟན་པ་ལ། ཐ་དད་མེད་པའི་རྟགས་ཀྱི་འབྲེལ་བ་སྒྲུབ། །ཐ་དད་མེད་ཀྱང་རྟགས་སུ་འཐད་པའི་ཚུལ། །སྦྱོར་བའི་དབྱེ་བ་དཔེ་ཡིས་བསྟན་པ་འོ། །དང་པོ། རང་བཞིན་ལ་ཡང་མེད་མི་འབྱུང༌། །ཡོད་པ་ཙམ་དང་འབྲེལ་བ་ཡིན།།དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ།།འབྲས་རྟགས་སུ་མ་ཟད་ར༷ང་བཞིན་གྱི་རྟགས་ལ༷་ཡ༷ང་མེད་ན་མི་འབྱུ༷ང་གི་འབྲེལ་བ་ཡོད་པ༷་ལས་རྟགས་ཡང་དག་ཏུ་གྱུར་པ་ཡིན་ཏེ། ཇི་ལྟར་འབྲེལ་ཞེ་ན། རྟགས་དང་ཆོས་དེ་དག་ཅིག་ཤོས་ཡོད་པ་
ཙ༷མ་ནས་དེ་ད༷ང་རང་ཆས་སུ་དོན་གྱིས་ཐ་དད་དུ་མེད་པར་བདག་གཅིག་གིས་འབྲེལ་བ༷་ཡིན་པས་ན། བསྒྲུབ་བྱ་མི་རྟག་པ་ལྟ་བུ་དེ་མེད་ན༷་ནི་རྟགས་བྱས་པ་ལྟ་བུ་ཡོད་པ༷འི་བད༷ག་ཉིད་ཀྱང་མེད་པར་འགྱུ༷ར་ཏེ། དེ་གཉིས་དོན་གྱི་སྟེང་ན་ཐ༷་ད༷ད་མེད་པར་ངོ་བོ་གཅིག་ཏུ་འབྲེལ་བའི་ཕྱིར་རོ།།
གཉིས་པ་ཐ་དད་མེད་ཀྱང་རྟགས་སུ་འཐད་པའི་ཚུལ་ལ།
སེལ་བའི་དབང་གིས་རྟགས་ཀྱི་འཇུག་ཚུལ་བཤད། །དེ་ཡི་བྱེ་བྲག་རྒྱས་པར་བསྟན་པ་འོ། །དང་པོ།གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར།།མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན།།དེ་ཕྱིར་གང་དང་གང་ལས་དོན། །ལྡོག་པ་དེ་ཡི་རྒྱུ་ཅན་གྱི།།རིགས་དབྱེ་དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དག་རབ་ཏུ་བྱེད།།དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །གང་གིས་གོ་བར་འགྱུར་བ་དེ།།དེ་ལས་གཞན་གྱིས་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས།།གང་ཕྱིར་དངོས་ཀུན་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། བཤད་མ་ཐག་པ་ལྟར་བྱས་མི་རྟག་དོན་གྱི་སྟེང་ན་ངོ་བོ་ཐ་དད་མེད་པ་ཡིན་ན། རྟགས་ཆོས་ཐ་མི་དད་དུ་འགྱུར་ཏེ་བྱས་མི་རྟག་ངོ་བོ་གཅིག་པའི་ཕྱིར་རོ་སྙམ་ན། དེ་ལྟར་མི་འགྱུར་ཏེ་ལྡོག་པ་ཐ་དད་པའི་ཕྱིར་རོ། །དེ་གང་ཞེ་ན། འདི་ལྟར་ག༷ང་གི་ཕྱིར་ཇི་སྙེད་པའི་དངོས་པོ་འདི་ཀུ༷ན་རང་གྲུབ་ཙམ་ནས་ཐ་སྙད་ཀྱི་ཆོས་ཉིད་དམ་ར༷ང་བཞིན་གྱིས་ར༷ང་ར༷ང་སོ་སོའི་ཐུན་མིན་མ་འདྲེས་པའི་ངོ་བོ་ལ༷་གན༷ས་པའི་ཕྱིར། རང་དང་རིགས་མཐུ༷ན་པའི་དངོས་པོ་ཕལ་དང་རིགས་མི་མཐུན་པ་གཞ༷ན་གྱི་དངོས་པོ་མཐའ་ད༷ག་ལ༷ས་ལྡོག་པ༷་ལ༷་ནི་བརྟེན་པ༷་ཅ༷ན་ཏེ་གཞན་གང་དང་ཡང་མ་འདྲེས་པ་དེ་ལྟ་བུའི་ངང་ཚུལ་དང་ལྡན་པ་ཡིན་ཏེ། མདུན་དུ་བཞག་པ་ཨུཏྤ་ལའི་དངོས་པོ་ལྟ་བུ་དེ་རིགས་མཐུན་པ་ཨུཏྤལ་གཞན་དང༌། རིགས་མི་མཐུན་པ་ཨུཏྤལ་མིན་པའི་དངོས་པོ་མེ་ལ་སོགས་པ་གཞན་ཇི་སྙེད་པ་ལས་ལོག་པའི་རང་མཚན་ཐུན་མོང་མིན་པར་གནས་སོ་ཞེས་དོན་རང་མཚན་གྱི་ངོས་ནས་གཞན་སེལ་ཚུལ་བསྟན་པ་ཡིན་ནོ། །རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པ་དེ་ཡི་ཕྱིར་ན། མ་བྱས་པ་དང་རྟག་པ་ལ་སོགས་པ་གཞན་ག༷ང་ད༷ང་ག༷ང་ལ༷ས་དོན་སྒྲ་ལྟ་བུ་འདི་ལྡོག་པ༷་ཡིན་པ་དེ་ཡི་རྒྱུ༷་མཚན་ཡོད་པ་ཅ༷ན་གྱི་བྱས་པ་དང་མི་རྟག་སོགས་ཀྱི་རིགས་ཐ་དད་པའི་ཚུལ་དུ་སྒྲ་དང་བློའི་སྒོ་ནས་དབྱེ་བ་བྱ་རུང་ལ། རིགས་དེ་ཡི་ནང་ཚན་བྱས་པ་ལྟ་བུའི་ཁྱད༷་པ༷ར་གྱིས་དེ་དང་དོན་གྱི་ངོ་བོ་གཅིག་པ་མི་རྟག་པ་ལྟ་བུ་རྟོགས་པར་འགྱུ༷ར་བ༷་ཡི་གཏན་ཚིགས་ད༷ག་ཐ་སྙད་ལ་མཁས་པ་རྣམས་ཀྱིས་ར༷བ་ཏུ༷་བྱེད་པ་ཡིན་ནོ། །ལྡོག་པ་ཐ་དད་པ་དེ་ཡི་ཕྱིར་ལྡོག་པའི་ཁྱ༷ད་པ༷ར་རམ་བྱེ་བྲག་མི་རྟག་པ་ལྟ་བུ་ག༷ང་ཞིག ལྡོག་པ་དེ་ཉིད་ཀྱི་ཁྱད་པར་གོ་བར་བྱེད་པའི་ཆོས་སུ་གྱུར་པ་རང་གི་མིང་མི་རྟག་པ་ཞེས་བརྗོད་པ་ལྟ་བུ་ག༷ང་གིས་གོ་བ༷ར་འགྱུ༷ར་བ༷་དེ་ནི། མིང་དེ་ལ༷ས་གཞ༷ན་དུ་གྱུར་པ་སྒྲ་དང་བྱས་པ་སོགས་ཀུན་གྱིས་གོ་བར་ནུ༷ས་པ་མ༷་ཡིན་པ་དེས་ན༷། བྱས་མི་རྟག་ལྟ་བུའི་རང་ལྡོག་ནི་ཐུན་མིན་ཐ༷་ད༷ད་པའི་ཚུལ་དུ་རྣ༷མ་པ༷ར་གན༷ས་པ་ཡིན་པར་ཤེས་པར་བྱའོ།།
གཉིས་པ་གཞན་སེལ་དེའི་བྱེ་བྲག་རྒྱས་པར་བཤད་པ་ལ།
དངོས་པོའི་སྒྲ་རྟོག་སེལ་བས་འཇུག་ཚུལ་དང༌། །དངོས་མེད་སྒྲ་རྟོག་སེལ་བས་འཇུག་ཚུལ་བསྟན། །དང་པོ་ལ། དངོས་པོའི་ཡུལ་ཅན་རྟོག་པ་སེལ་བར་འཐད། །དངོས་པོའི་ཡུལ་ཅན་རྗོད་བྱེད་སེལ་བར་འཐད། །དང་པོ་ལ། དངོས་དང་དེ་ལ་རྩོད་པ་སྤང་བ་གཉིས། །དང་པོ་ལ། དགག་སྒྲུབ་ཅིག་ཅར་རྟོགས་པར་ཐལ་བ་དང༌། །སྒྲ་བློ་རྣམ་གྲངས་ཐལ་ཕྱིར་སེལ་བར་སྒྲུབ། །དང་པོ་ལ། སྤྱི་ཡི་ཚུལ་དང་བྱེ་བྲག་རྣམ་པ་གཉིས། །དང་པོ།
དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ།།ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད།།གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར།།གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན།།དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད།།འཁྲུལ་པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན།།བསྡུ་བའི་ཚིགས་སུ་བཅད་པ་འོ།།འདི་ལྟར་སྒྲ་ལྟ་བུའི་དོན་གྱི་ར༷ང་གི་ངོ་བོ་གཅིག་པུའི་བད༷ག་ཉིད་དམ་ངོ་བོ་དེ། ཡུལ་ཅན་རང་འཛིན་ཤེས་པས་མངོན་སུ༷མ་དུ་བྱས་པ་ཡིན་པ༷་དེའི་ཚེ་ན། ཡུལ་དེ་ལ༷་སྒྲ་རྟོགས་ནས་བྱས་མི་རྟག་ལྟ་བུ་སོགས་ཚ༷ད་མ༷་ཕྱི་མ་རྣམ༷ས་ཀྱིས་གཟོད་བརྟག༷་པར་བྱ༷་བ་ག༷ང་ཞིག སྔར་མ༷་མཐོང་བའི་ཆ༷་ཤས་གཞ༷ན་ཅི་ཞིག་ཡོད་དེ་མེད་པར་ཐལ། མངོན་སུམ་གྱི་ཡུལ་དུ་ཇི་ཙམ་གྱུར་པའི་སྐྱེ་མཆེད་ཀྱི་རྫས་དེ་ལ་རང་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་ཆོས་རྣམས་དོན་རང་གི་སྟེང་ན་གཅིག་པུ་ཆ་ཤས་མེད་པར་གནས་པའི་ཕྱིར། དེ་ལ་མཐོང་མ་མཐོང་ཆ་གཉིས་མི་སྲིད་པའི་རིགས་པས་སོ། །གལ་ཏེ་ཁ་ཅིག་ནི་མཐོང་ལ་ཁ་ཅིག་མ་མཐོང་བའི་ཆ་ཡོད་ན་དེ་དང་ཐ་དད་པར་འགྱུར་རོ། །འོ་ན་བུམ་པ་མཐོང་བས་དེའི་བྱས་མི་རྟག་ཀྱང་སྣང་བས་མཐོང་ན། བུམ་པ་མི་རྟག་པར་སྒྲུབ་པའི་རྗེས་དཔག་དགོས་པ་མེད་པར་འགྱུར་རོ་ཞེ་ན། འདི་ལྟར་བུམ་པ་མཐོང་བ་ན་དེའི་སྟེང་གི་བྱས་མི་རྟག་སོགས་དེ་དང་ངོ་བོ་གཅིག་པ་ཀུན་མཐོང་བ་ཡིན་ཡང༌། གཟུ༷གས་དཀར་བ་ལ་སོགས་པ་ཆོས་མཐུ༷ན་པ༷་མཐོང་བ༷་ཡི་རྒྱུ་མཚན་ལ༷ས། ཉ་ཕྱིས་ལ༷་དངུ༷ལ་ཡིན་པའི་རྣ༷མ་པ༷་སྣང་བ་ལྟ༷ར། ག༷ལ་ཏེ་གཟུགས་མཐོང་བ་ན་འདྲ་བ་གཞན་འབྱུང་བ་སོགས་འཁྲུ༷ལ་པ༷འི་རྒྱུ༷་མཚ༷ན་གྱིས་མི་རྟག་པར་མ་ངེས་ཤིང༌། དངོས་པོ་དེ་ལ་མེད་པའི་ཡོན་ཏ༷ན་གཞ༷ན་རྟག་པ་སོགས་སུ་སྦྱོར་བའམ་སྒྲོ་འདོགས་པར་མི་བྱེད་པ་ཞིག་ན༷་ཁྱེད་བདེན་ཡང༌། འཁྲུལ་རྒྱུས་བསླད་ནས་ཕྱིན་ཅི་ལོག་རྟག་འཛིན་སོགས་སྲིད་པའི་ཕྱིར་རྟགས་ཀྱིས་བསྒྲུབ་པ་མི་དགོས་པར་མི་འགྱུར་རོ། །དེ་ཡང་ཉ་ཕྱིས་དང་དངུལ་ཕན་ཚུན་མ་འདྲེས་པར་གནས་པའི་ཕྱིར། ཉ་ཕྱིས་མཐོང་ཚེ་ཉ་ཕྱིས་ལ་དངུལ་དངོས་སུ་མཐོང་བ་ནི་ཅུང་ཟད་མེད་ཀྱང་འདྲ་བ་ལས་རང་བློ་འཁྲུལ་པའོ། །དེ་བཞིན་སྐད་ཅིག་སྔ་ཕྱི་དོན་ལ་མ་འདྲེས་ཤིང་དབང་མངོན་གྱིས་ཀྱང་འདྲེས་པར་མཐོང་མི་ཤེས་ནའང༌། ཕྱི་རོལ་གྱི་དོན་འདྲ་བ་བར་མ་ཆད་དུ་བྱུང་བ་དང༌། ནང་གི་བློ་མི་གསལ་ཞིང་གྲུབ་མཐའ་ངན་པས་བསླད་པ་སོགས་ཕྱི་ནང་གི་འཁྲུལ་རྒྱུས་གེགས་བྱས་ཏེ་ལོག་པར་འཛིན་པ་ཡིན་ནོ། །དེ་ལྟར་ཆ་གཅིག་ལ་སྣང་མི་སྣང་གཉིས་མེད་པ་དེ་ཡི་ཕྱིར་དངོས་པོ་སྒྲ་ལྟ་བུ་གང་ཞིག་མཐོང་བ༷་ཡིས། དེ་དང་ངོ་བོ་གཅིག་པའི་བྱས་མི་རྟག་སོགས་ཡོན་ཏ༷ན་མཐ༷འ་ད༷ག་མཐོང་བ༷་ཉིད་ཡིན་ཡང༌། འཁྲུ༷ལ་པ༷ས་གེགས་བྱས་ཏེ་བཟློག་ཕྱོགས་སུ་སྒྲོ་བཏགས་ནས་མཐོང་བ་ལྟར་སྒྲ་མི་རྟག་སོགས་སུ་ངེས་པ༷ར་མི་བྱེད་པ༷ས་ན། སྒྲ་མི་རྟག་པར་བྱས་པའི་རྟགས་ཀྱིས་སྒྲུ༷བ་པ༷་ལྟ་བུ་ཡང་ར༷བ་ཏུ༷་འཇུ༷ག་པ༷་འཐད་པ་ཡིན་ནོ།།
གཉིས་པ་བྱེ་བྲག་བཤད་པ་ལ། རྟགས་འཇུག་པ་ནི་སེལ་བ་ཡིན་པར་འཐད། །རྟགས་མི་འཇུག་ཀྱང་སེལ་བ་ཡིན་པར་བསྟན། །དང་པོ།
རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས།།ཆོས་ཀུན་འཛིན་ཏེ་སེལ་བ་ལ། །ཉེས་པ་འདི་ནི་ཐལ་མི་འགྱུར།།དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས།།གཞན་དུ་ཆོས་ཅན་གྲུབ་གྱུར་ན། །དེ་ལས་མ་གྲུབ་གཞན་ཅི་ཡོད།།དེ་ལྟར་སྒྲུབ་པས་འཇུག་པ་ལ་མཐོང་མ་མཐོང་གི་ཆ་མེད་ལ་རྟོག་པ་སེལ་འཇུག་ལ་ཡོད་ཚུལ་སྤྱིར་བསྟན་པ་དེར་མ་ཟད། རྗེས་སུ༷་དཔ༷ག་པ༷་ལ༷ས་ཀྱ༷ང་དངོས་པོའི་རང་མཚན་སྒྲུབ་པའི་སྒོ་ནས་འཛིན་ན༷་བསྒྲུབ་བྱའི་ཆོས་གཅིག་ངེས་པར་གྱུ༷ར་པ༷ས་བསྒྲུབ་བྱ་དེ་དང་ངོ་བོ་གཅིག་པའི་ཆོས་ཀུ༷ན་འཛིན་པར་ཐལ་ཏེ་རིགས་པ་སྔར་བཞིན། འདོད་ན་རྗེས་དཔག་གཞན་དོན་མེད་དུ་ཐལ་ལོ། །འོ་ན་ཁྱོད་ལའང་མཚུངས་སོ་ཟེར་ན། མི་མཚུངས་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་པ་ལས་ལོག་ཙམ་གྱི་སེལ་བ་སྒྲུབ་པ་ཡིན་གྱི། རྗེས་དཔག་དེས་རང་ཡུལ་སྣང་བའི་སྒོ་ནས་སྒྲུབ་པ་ཅན་མིན་པས་ན་རྗེས་དཔག་གི་ཡུལ་གཞན་སེལ་བའམ་དགག་པར་སྨྲ་བ༷་ལ༷་ཉེས་པ༷་འདི་ནི་ཐ༷ལ་བ་ཉིད་དུ་མི་འགྱུ༷ར་ཏེ་སྒྲོ་བཏགས་ཀྱི་ཡུལ་སེལ་བ་ཐ་དད་དུ་རུང་བས་སོ། །རྗེས་དཔག་སེལ་བས་འཇུག་པ་དེ་ཕྱིར་ཇི་སྐད་བསྟན་པ་དེ་ལྟ༷ར་རྟ༷གས་ཐམས་ཅད་ནི་དེ་མིན་གཅོད་པའམ་སྒྲོ་འདོགས་སེལ་བ༷འི་ཡུ༷ལ་ཅ༷ན་ཡིན་པ༷ར་ར༷བ་ཏུ༷་བསྒྲ༷གས་སོ། །གློ་བུར་བའི་རྗེས་དཔག་གིས་མ་ངེས་ཏེ་དེ་ལ་སྔར་སྒྲོ་འདོགས་མེད་པའི་ཕྱིར་སྙམ་ན། གློ་བུར་དུ་བ་མཐོང་ཡང་དེས་ཕྱོགས་མེ་མེད་དུ་འཛིན་པ་སེལ་བའི་ཕྱིར་བསལ་བྱ་མེད་པ་མ་ཡིན་ནོ། །རྟགས་སེལ་བའི་ཡུལ་ཅན་ལས་གཞ༷ན་དུ༷་ངེད་ཀྱིས་ཀྱང་རྗེས་དཔག་དེས་རང་མཚན་གྱི་དངོས་པོ་སྒྲུབ་པའི་ཚུལ་གྱིས་འཛིན་པར་འདོད་ན་ཆོས་ཅ༷ན་སྒྲ་ལྟ་བུ་གྲུ༷བ་པར་གྱུ༷ར་ན༷། དེ་ལ༷ས་མ༷་གྲུ༷བ་པ་གཞ༷ན་མི་རྟག་སོགས་རྟགས་གཞན་གྱིས་བསྒྲུབ་དགོས་པ་ཅི་ཞིག་ཡོད་དེ་རིགས་པ་སྔར་བཞིན། དེས་ན་དེ་ལྟར་ཁས་མི་ལེན་ཏོ།།
གཉིས་པ་རྟགས་མི་འཇུག་ཀྱང་རྟོག་པ་ཡིན་ཕན་ཆད་སེལ་འཇུག་ཡིན་པར་བསྟན་པ་ནི།
མཐོང་བ་འགའ་ལའང་ཤེས་པ་གང༌། །སྤྱི་ཡི་དོན་ཅན་རྣམ་རྟོག་པ།།གཞན་གྱི་ཆ་སྒྲོ་མ་བཏགས་པ། །དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན།།ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར།།འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན།།ཁ་ཅིག་འདི་སྙམ་དུ། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ལ་སེལ་བ་མེད་དེ། དེའི་སྒྲོ་འདོགས་ནི་སྔར་མངོན་སུམ་ཉིད་ཀྱིས་བསལ་ཟིན་པའི་ཕྱིར་སྙམ་ན། མངོན་སུམ་གྱིས་མཐོང་བ༷་སྔོན་པོ་ལྟ་བུ་འག༷འ་ཞིག་ལ༷འ༷ང་རྗེས་སུ་དེ་ལྟར་ཤེས་པ༷་ག༷ང་ཡིན་པ་དེ་ནི་སྤྱི་ཡི་དོན་ཅ༷ན་གྱི་རྣམ་པར་རྟོག་པ༷འམ་དོན་སྤྱི་འཛིན་པའི་རྟོག་པ་ཡིན་གྱི་རང་མཚན་འཛིན་པའི་རྟོག་མེད་མ་ཡིན་ལ། དེ་ནི་ཡུལ་དེ་སྔོ་མིན་སོགས་གཞ༷ན་གྱི་ཆ༷་ཉིད་དུ་སྒྲོ་མ༷་བཏ༷གས་པ༷་ཡིན་པ་དེ་ཙ༷མ་གྱིས་སྔོ་མིན་སོགས་སྒྲོ་འདོགས་སེལ་བ༷འི་སྤྱོད་ཡུ༷ལ་ཅ༷ན་དུ་སོང་བ་ཡིན་ཏེ། སྔོན་པོ་ཉིད་དུ་ངེས་པ༷་ད༷ང་ནི་སྔོ་མིན་དུ་སྒྲོ་འདོགས་པའི་ཡིད་གཉིས་ནི་ཕན་ཚུན་གནོད་བྱ༷་གནོད་བྱེད་ཀྱི་ངོ་བོའི་རང་བཞིན་དུ་གྱུར་པའི་ཕྱིར། དེ་གཉིས་རྒྱུད་གཅིག་ལ་ལྷན་ཅིག་གནས་མི་སྲིད་པས་ན། ངེས་ཤེས་འདི་ནི་བཟློག་ཕྱོགས་སྒྲོ་འདོགས་པ་དེས་དབེན་པ༷འམ་སེལ་བ་དེ་ལ༷་འཇུ༷ག་པ་ཉིད་དོ་ཅེས་བྱ༷་བ༷ར་མཁས་པ་རྣམས་ཀྱིས་ཤེས་པ༷་ཡིན་ནོ།།
གཉིས་པ་སྒྲ་བློ་རྣམ་གྲངས་པར་ཐལ་བ་ལ། དངོས་དང་དེ་ཡི་ཉེས་སྤོང་ལན་དགག་པ། །དང་པོ།
ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌།།སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན།།གཞན་དུ་དངོས་པོ་གཅིག་པུ་པ། །6སྒྲ་འམ་བློ་གཅིག་གིས་ཁྱབ་ན།།གཞན་ཡུལ་མ་ཡིན་དེ་ཡི་ཕྱིར། །རྣམ་གྲངས་པ་ནི་ཉིད་དུ་འགྱུར།།སྒྲ་ལ་རྟག་པ་མ་བྱས་སོགས་ཀྱི་ཆ༷་ཤ༷ས་སུ་སྒྲོ་འདོགས་པ་ཇི་སྙེད་ཡོད་པ༷་དེ་བས༷ལ་བའི་ཕྱིར་ན༷་དེ་ལྟར་ངེས་པ༷་ཡི་རྟོག་པ་ད༷ང༌། དེ་བརྗོད་པའི་སྒྲ༷་ཡ༷ང་དེ་སྙེད་ཁོ་ན༷འམ་དེ་སྙེད་དུ་ངེས་པ་ཡིན་ལ། དེས་ན་སྒྲ་བློ་དེ་ད༷ག་སྤྱོད་ཡུ༷ལ་ཐ༷་ད༷ད་པ་ཅ༷ན་དུ་འཐད་ཀྱི། གཞ༷ན་དུ༷་བསལ་བྱ་ཐ་དད་མིན་ན་བྱས་མི་རྟག་སོགས་ཀྱི་དངོས་པོ་གཅིག་པུ༷་པ༷་སྟེ་སྒྲ་རང་མཚན་གྱི་སྟེང་ན་ཆ་ཤས་མེད་པ་གཅིག་པུ་དེ་ཉིད་དེ་རྗོད་ཀྱི་སྒྲ༷འ༷མ་དེ་ཤེས་ཀྱི་བློ་གཅིག་གིས་སྒྲུབ་པས་འཇུག་པའི་ཚུལ་གྱིས་ཁྱ༷བ་པར་གཅོད་ན༷། སྒྲ་བློ་དེ་དག་གཞན་དང་གཞ༷ན་གྱི་ཡུ༷ལ་ཅན་ནམ་ཡུལ་ཐ་དད་ལ་འཇུག་པ་མ༷་ཡིན་པ་དེ་ཡི་ཕྱིར། བྱས་མི་རྟག་སོགས་ཀྱི་སྒྲ་བློ་ལ་གོ་བྱ་ཐ་དད་མེད་པར་རྣ༷མ་གྲ༷ངས་པ༷་ནི་ཉིད་དུ༷་འགྱུ༷ར་ཏེ། གང་བརྗོད་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་གོ་བ་ལ་ཁྱད་མེད་པའི་ཕྱིར་རོ།།
གཉིས་པ་ཕ་རོལ་གྱིས་ཉེས་པ་དེ་མི་འཇུག་པའི་ལན་བསྟན་པ་འགོག་པ་ནི།
གང་གི་ལྟར་ན་བློས་ཁྱད་པར། །སྣ་ཚོགས་ཅན་དོན་ཐ་དད་འཛིན།།ཁྱད་པར་སྣ་ཚོགས་ལ་ཕན་པའི། །ཡན་ལག་ནུས་ལས་དབྱེར་མེད་པའི།།བདག་ཉིད་བདག་ཉིད་ཀུན་བཟུང་ན། །ཕན་བྱའི་བྱེ་བྲག་གང་མ་ངེས།།དེ་དག་བདག་ཉིད་ལ་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉིས་ཀ་བཟུང༌།།ཆོས་ཕན་ནུས་རྣམས་ཐ་དད་ན། །དེ་དག་དེའི་ཅི་ཡིན་གལ་ཏེ།།དེ་ཡིས་དེ་དག་ལ་ཕན་མེད། །དེ་ལྟ་ཡིན་ན་ཐུག་མེད་འགྱུར།།གཅིག་ལ་ཕན་བྱེད་བཟུང་ན་ནི། །དེ་ལ་མཐོང་ན་མ་མཐོང་བ།།ཕན་པ་གཞན་མིན་དེ་ཡི་ཕྱིར། །དེ་བཟུང་ན་ནི་ཐམས་ཅད་བཟུང༌།།གལ་ཏེ་འཁྲུལ་པ་བཟློག་པའི་ཕྱིར། །བཟུང་བ་ལ་ཡང་གཞན་འདོད་ན།།དེ་ནི་རྣམ་གཅོད་ཡུལ་ཅན་གྲུབ། །དེ་ལས་གཞན་པའང་དེ་དང་འདྲ།།སྒྲོ་འདོགས་མེད་པའི་ཡུལ་ལ་ནི། །འཇུག་ཕྱིར་གཞན་ཡང་ངོ་བོ་གང༌།།ངེས་པ་རྣམས་ཀྱིས་མ་ངེས་པ། །/དེ་ནི་དེ་ཡུལ་ཇི་ལྟར་ཡིན།།7ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་བཟུང་བ་ལའང༌།།ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར།།མུ་སྟེགས་བྱེ་བྲག་པ་ག༷ང་གི་ལྟ༷ར་ན༷་མར་གྱི་གོང་བུ་ལ་ཏིལ་འབྱར་བ་བཞིན་དུ་ཆོས་ཅན་གཅིག་ལ་ཆོས་སྣ་ཚོགས་ནང་མ་འདྲེས་པར་ཡོད་པ་དེ་དག་བློས་འཛིན་པའི་ཚེ་བྱས་པ་ལ་སོགས་པའི་ཁྱ༷ད་པ༷ར་སྣ༷་ཚོགས་པ་ཅ༷ན་གྱི་དོན་སྒྲ་ལྟ་བུ་དེ། ཁྱད་ཆོས་ཐ༷་ད༷ད་པ་ལ་ཕན་འདོགས་པའི་ནུས་པའི་སྒོ་ནས་འཛིན་པའི་ཕྱིར་སྒྲ་བློ་རྣམ་གྲངས་པར་མི་འགྱུར་རོ་ཞེ་ན། དེ་ལ་ཁྱད་པར་ཅན་དང་མ་འབྲེལ་བའི་ཁྱད་པར་རྐྱང་པ་ནི་མེད་དེ། ཁྱད་པར་ཡིན་པར་འཇོག་པའི་རྒྱུ་མེད་པས་སོ། །ཁྱད་པར་ཅན་དང་འབྲེལ་ན་ཁྱད་པར་ཅན་དེས་རང་གི་ཁྱད་པར་རྣམས་ལ་ཕན་འདོགས་སམ་མི་འདོགས། མི་འདོགས་ན་ནི་ཁྱད་པར་ཅན་དང་ཁྱད་ཆོས་འབྲེལ་མེད་དུ་འགྱུར་ལ། ཕན་འདོགས་ན་དེ་ལྟར་ཕན་པའི་ནུས་པ་དེ་ཁྱད་པར་ཅན་དང་རྫས་གཅིག་གམ་ཐ་དད་ཡིན། དང་པོ། རང་གི་ཁྱ༷ད་པ༷ར་གྱི་ཆོས་སྣ་ཚོགས་ལ༷་ཕ༷ན་པ༷འི་ཡ༷ན་ལ༷ག་གམ་རྒྱུར་གྱུར་པའི་ནུ༷ས་པ་རྣམས་ལ༷ས་ཁྱད་པར་ཅན་སྒྲ་ལྟ་བུ་ནི་དེ་རྣམས་དང་ངོ་བོ་དབྱེར་མེད་པ༷འི་བད༷ག་ཉིད་ཡིན་ནོ་ཞེ་ན། དེ་འདྲའི་ནུས་པ་རྣམས་དང་ཆ་ཐ་དད་དུ་མེད་པའི་བད༷ག་ཉིད་གཅིག་པུ་སྒྲ་ལྟ་བུ་དེ་རིལ་པོའམ་ཀུ༷ན་ནས་བཟུ༷ང་ན༷། ཕ༷ན་བྱ༷འི་བྱེ་བྲ༷ག་མི་རྟག་པ་སོགས་ལ་ཕན་པའི་ནུས་པ་ག༷ང་མ༷་ངེས་ཏེ། དེ་དང་དབྱེར་མེད་པའི་ཕན་བྱེད་ཀྱི་ནུས་པ་མཐའ་དག་ངེས་པར་ཐལ། རྒྱུ་མཚན་ནུས་པ་དེ་མཐའ་ད༷ག་ཁྱད་པར་ཅན་དེའི་བད༷ག་ཉིད་ལ༷་ངོ་བོ་ཉིད་ཀྱིས་དབྱེར་མེད་དུ་འབྲེལ་བའི་ཕྱིར། བྱས་པ་ལ་ཕན་འདོགས་པ་ལྟ་བུ་གང་རུང་གཅིག་ཤེས་ན༷་ནི་མི་རྟག་པ་ལ་ཕན་འདོགས་པ་ལྟ་བུ་དེ་གཉིས་ཀ༷་ཡང་ཅིག་ཅར་བཟུ༷ང་བར་ཐལ་ལོ། །དེ་ལྟར་ན་ནུས་པ་ཐ་དད་པའི་སྒོ་ནས་འཛིན་ཟེར་ན་ཡང་ནུས་པ་ཐམས་ཅད་ཅིག་ཅར་ངེས་པར་ཐལ་བ་ལ་སྐྱོན་སྤོང་མི་ནུས་སོ།།གཉིས་པ་ཁྱད་པར་ཅན་དང་ཁྱད་པར་གྱི་ཆོས་ལ་ཕ༷ན་པའི་ནུ༷ས་པ་རྣ༷མས་ཐ༷་ད༷ད་དོ་ཞེ་ན༷། ནུས་པ་དེ་ད༷ག་ནི་ནུས་ཅན་ནམ་ཁྱད་པར་ཅན་དེའི་ཅི་ཞིག་ཡིན་ཏེ་མིན་པར་ཐལ། ག༷ལ་ཏེ་དེ་ལྟར་འདོད་ན་ཁྱད་པར་ཅན་དེ་ཡིས་ཁྱད་པར་གྱི་ཆོས་དེ་ད༷ག་ལ༷་ཕ༷ན་པའི་ནུས་པ་དང་བྲལ་བས་ཀ་བུམ་བཞིན་འབྲེལ་མེད་དུ་འགྱུར་རོ། །ཁྱད་པར་ཅན་རང་ལ་ཕན་ནུས་མེད་པ་དེ་ལྟ༷་བུ་ཡིན་ན༷་ཁྱད་པར་དང་ཁྱད་པར་ཅན་གྱི་བར་དུ་ཕན་འདོགས་བྱེད་ནུས་པ་གཞན་དགོས་ལ། དེ་ལྟ་ན་ནུས་པ་ཉིད་ལའང་ནུས་པ་གཞན་མེད་པར་ཕན་འདོགས་མི་ནུས་པས། ནུས་ཅན་ནུས་པ་ཐ་དད་དུ་འགྱུར་བ་སོགས་མཐར་ནུས་པ་ཐུ༷ག་པ་མེད་པར་འགྱུ༷ར་གྱི་ཕན་འདོགས་པ་མི་སྲིད་དོ། །ནུས་པ་ལ་ནུས་པ་མི་དགོས་ཏེ་ནུས་པ་ཉིད་ཀྱིས་ཕན་འདོགས་སོ་སྙམ་ན་སྒྲ་ལས་ཐ་དད་པའི་ནུས་པ་མེད་ཀྱང་སྒྲ་ཉིད་ཀྱིས་ཕན་འདོགས་པ་ཡང་གྲུབ་བོ། །གལ་ཏེ་དོན་གྱི་སྟེང་ན་ཕན་ནུས་ཀུན་ཅིག་ཅར་ཡོད་ཀྱང་བློས་འཛིན་དུས་སྒྲ་ལྟ་བུ་དེ་རང་གི་ཁྱད་ཆོས་བྱས་པ་ལྟ་བུ་གཅིག་ལ༷་ཕ༷ན་བྱེད་དུ་བཟུ༷ང་བས་ན༷་ཐམས་ཅད་འཛིན་པར་ཐལ་བ་མེད་ཅེས་འདོད་ན་ནི། རྟོག་བློས་འཛིན་པ་སྒྲུབ་འཇུག་ཏུ་འདོད་པ་ཁྱེད་ལ་དེ་མི་རུང་སྟེ། སྒྲ་དེ་བྱས་པ་ལྟ་བུ་དེ་ལ༷་ཕན་བྱེད་དུ་མཐོང་ན༷་དེའི་སྐབས་སུ་མ༷་མཐོང་བ༷་ཉིད་དུ་འདོད་པ་མི་རྟག་པ་ལ་ཕ༷ན་པ༷འང་སྒྲ་དང་རྫས་གཅིག་པས་ན་གཞ༷ན་མིན་པ་དེ་ཡི་ཕྱིར་གང་ཡང་རུང་བ་ལ་ཕན་བྱེད་ཡིན་པ་དེ་བཟུ༷ང་ན༷་ནི་ཐ༷མས་ཅ༷ད་བཟུ༷ང་བར་ཐལ་ལོ། །ག༷ལ་ཏེ་སྔར་མཐོང་བས་ཐམས་ཅད་ངེས་ཀྱང་རྗེས་སུ་ཕྱིན་ཅི་ལོག་ཏུ་འཛིན་པའི་འཁྲུ༷ལ་པ༷་བྱུང་ན་དེ་བཟློག་པའི་ཕྱིར། སྔར་ངེས་པར་བཟུ༷ང་བ༷་ལ༷་ཡ༷ང་ཕྱིས་རྗེས་དཔག་གཞ༷ན་
འཇུག་པར་འདོད་དོ་ཞེ་ན༷། རྗེས་དཔག་ཚད་མས་ངེས་པ་དེ་ནི་བཟློག་ཕྱོགས་སུ་སྒྲོ་འདོགས་སེལ་བས་ན་རྣ༷མ་གཅོད་ཀྱི་ཡུ༷ལ་ཅ༷ན་དུ་གྲུ༷བ་པ་ཡིན་གྱི་སྒྲུབ་འཇུག་མ་ཡིན་ཏེ། སྔར་ངེས་པ་ལ་ཡང་ཡང་བཟུང་བ་ཙམ་ཡིན་ན་རྗེས་དཔག་མི་དགོས་ཏེ་སྒྲོ་འདོགས་མ་སྐྱེས་པའི་ཕྱིར་རོ།།འོ་ན་སྔར་ངེས་ཟིན་སྒྲོ་འདོགས་གསར་དུ་མ་སྐྱེས་པ་ཡིན་ན་དེ་ལྟར་ངེས་པའི་བློ་དེ་སྒྲུབ་འཇུག་ཡིན་ནམ་སྙམ་ན་མིན་ཏེ། རྗེས་དཔག་གིས་སྒྲོ་འདོགས་བསལ་བ་དེ་ལ༷ས་གཞ༷ན་པ༷་མཐོང་ཟིན་ངེས་པའི་རྟོག་པའ༷ང་རྗེས་དཔག་དེ་ད༷ང་འདྲ༷་བར་སེལ་བའི་ཡུལ་ཅན་ཁོ་ན་ཡིན་ཏེ། དེའི་རྒྱུ་མཚན་བཟློག་ཕྱོགས་སྒྲོ་འདོགས་བསལ་བའམ་མེད་པ༷འི་ཡུ༷ལ་ཉིད་ལ༷་ནི་ངེས་བཟུང་གི་སྒོ་ནས་འཇུ༷ག་པའི་རྣམ་རྟོག་ཡིན་པའི་ཕྱིར། སྐྱོན་གཞ༷ན་ཡ༷ང་སྔར་ངེས་པར་བཟུང་བ་ལ་སླར་ཡང་རྗེས་དཔག་གིས་ངེས་པར་འཛིན་ཞེས་མི་འཐད་དེ། གསར་དུ་རྗེས་དཔག་གིས་ངེས་པར་བྱ་བ་མི་རྟག་པ་ལྟ་བུའི་ངོ་བོ་ག༷ང་ཞིག སྒྲ་ཉིད་དུ་ངེས་པ་དང་བྱས་པར་ངེས་པ་ལ་སོགས་པ་སྔར་གྱི་ངེས་པ༷་གཞན་རྣ༷མས་ཀྱིས་མ༷་ངེས་པ༷་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་སྔར་གྱི་ངེས་པ་དེ་དག་གི་ཡུ༷ལ་ཇི་ལྟ༷ར་ཡིན་ཏེ། དེ་དག་གིས་ངེས་མ་ནུས་པ་ཡིན་པའི་ཕྱིར་གསར་དུ་རྗེས་དཔག་འཇུག་པ་ཡིན་པས་སོ།།འོ་ན་ཁྱོད་རང་ལའང་མཚུངས་ཏེ་མངོན་སུམ་གྱི་དུས་ན་ཐམས་ཅད་བཟུང་ཡང་ཕྱིས་རྗེས་དཔག་འཇུག་པར་འདོད་པའི་ཕྱིར་ཞེ་ན་མི་མཚུངས་ཏེ། དོན་སྒྲའི་སྟེང་ན་བྱས་མི་རྟག་སོགས་ཁྱ༷ད་པ༷ར་གྱི་ཆོས་ཐ་དད་དུ་ཡོད་པའི་ཆ༷་ཤ༷ས་རྣ༷མ་པར་སྤ༷ངས་པ༷་ཡི་རང་མཚན་དེ་ཉིད་མངོན་སུ༷མ་གྱིས་ནི་བཟུ༷ང་བ༷་ལ༷འ༷ང༌། བཟུང་བ་ལྟར་ངེས་པས་མ་ཁྱབ་སྟེ་ཁྱ༷ད་པ༷ར་གྱི་ཆོས་ག༷ང་ལ༷་དེ་བཞིན་དུ་རྟོགསཔའམ་ངེས་པ་འདྲེན་པ༷་ཡི་རྐྱེན་ཡོད་པ་གང་ཡིན་པ་དེ་ནི་རྟོགས་པ༷ར་འགྱུ༷ར་བ་དེའི་ཕྱིར། མངོན་སུམ་ལ་ཡུལ་མ་ནོར་བར་སྣང་དུ་ཟིན་ཀྱང༌། དེའི་རྗེས་ཀྱི་རྟོག་བཅས་ཀྱི་ཡིད་ལ་ངེས་མ་ངེས་ཞེས་བྱ་བ་ཁོ་ན་ཡིན་ཏེ་མངོན་སུམ་ཉིད་ལ་ངེས་པ་ཡོད་ན་སུ་ཡང་འཁྲུལ་མི་སྲིད་དོ། །དེས་ན་ངེས་པའི་རྒྱུ་མངོན་སུམ་ཉམས་སུ་མྱོང་བ་དེ་ལའང་རྐྱེན་ཡོད་ན་དེས་ངེས་པ་འདྲེན་ནུས་ལ། མཐུན་རྐྱེན་མེད་པའམ་འགལ་རྐྱེན་འཁྲུལ་རྒྱུ་ཡོད་ན་མཐོང་བ་ཙམ་གྱིས་ངེས་པ་འདྲེན་མི་ནུས་ཏེ། སྒྲ་རྟག་པར་རྟོག་པ་བཞིན་ནོ། །མཐུན་རྐྱེན་གང་ཞེ་ན། ནང་གི་བློ་གསལ་བ་དང༌། གོམས་པ་དང༌། སྐབས་སུ་བབ་པ་དང༌། དོན་དུ་གཉེར་བ་དང༌། དོན་གྱི་ཤུགས་ལ་སོགས་པ་ངེས་པ་འདྲེན་པའི་རྒྱུ་ཚང་བའོ། །དེ་ལ་བློ་གསལ་བ་ནི། རྣལ་འབྱོར་པ་རྣམས་ཀྱི་བློ་གསལ་བས་མཐོང་བ་ཙམ་གྱིས་སྐད་ཅིག་མ་ལ་སོགས་པར་ངེས་པ་ལྟ་བུའོ། །ངེས་པར་བྱ་བའི་དོན་ལ་གོམས་པར་གྱུར་པས་དོན་གང་མཐོང་བ་ལ་བློ་གཏད་པ་ཙམ་གྱིས་བདེ་བླག་ཏུ་ངེས་པ་འདྲེན་ནུས་པ་སྟེ། དཔེར་ན་ནང་གི་གོམས་པ་ནི། བུད་མེད་ཀྱི་རོ་གཅིག་ལའང་ཕལ་བས་མྱགས་པ་དང༌། ཆགས་ལྡན་གྱིས་ཉལ་པོ་བྱ་བ་དང༌། ཁྱི་རྣམས་ཀྱིས་བཟའ་བའི་བློ་སྐྱེ་བ་བཞིན་དུ་གོམས་པ་ཤས་ཆེ་བའི་འཇུག་པ་གང་ལ་ཡོད་པ་དེས་དོན་རྣམས་དེ་དང་དེ་ལྟར་འཛིན་པར་བྱེད་པས་ན། དོན་གྱི་རྣམ་པ་དང་མཐུན་པར་ཡིད་ལ་བྱེད་པའི་གོམས་པའམ་དེའི་བག་ཆགས་ཡོད་པ་ཡང་རྐྱེན་ནོ།།སྐབས་སུ་བབ་པ་ནི་དཔེར་ན་སྨན་ལ་སོགས་པའི་གཏམ་གྱི་སྐབས་སུ་བབ་པ་ན། སྨན་པ་དེ་མཐོང་བ་ན་སྐྱེས་བུ་དེ་ལ་ཆོས་གཞན་དུ་མ་ཡོད་དུ་ཟིན་ཀྱང་སྨན་པ་ཉིད་དུ་ངེས་པ་ལྟ་བུའོ། །དེ་བཞིན་དུ་དོན་གང་ཆེད་དུ་གཉེར་ནས་གཏད་པ་དེ་ལ་ངེས་པ་འདྲེན་པ་ནི། མི་མང་པོའི་ཁྲོད་ནས་གཅིག་ཡོད་མེད་ལ་ཆེད་དུ་ཡིད་གཏད་ན་དེ་མཐོང་བ་ཙམ་གྱིས་ཡོད་པར་ངེས་ལ། གཞན་དབང་མངོན་ལ་སྣང་དུ་ཟིན་ཀྱང་རྗེས་སུ་ཡོད་མེད་མ་ངེས་པ་ལྟ་བུའོ། །དོན་གྱི་ཤུགས་ནི་ལྟད་མོ་སྣ་ཚོགས་པའི་ནང་ནས་ཡ་མཚན་པ་དང་ཉེ་ཞིང་གསལ་པོར་མཐོང་བ་དག་བྱེ་བྲག་ཏུ་ངེས་པ་ལ་སོགས་པ་བཞིན་ནོ།།ངེས་པ་མང་པོ་ལ་ཇི་སྐད་བཤད་པའི་རྒྱུ་དེ་དག་ཡོད་ན་གོ་རིམ་ཇི་ལྟར་སྐྱེ་སྙམ་ན། ངེས་པའི་རྒྱུ་ཆེས་ཤིན་ཏུ་ཉེ་བ་དེ་དང་པོར་སྐྱེ་ལ། དེ་བཞིན་དུ་སྐབས་དེའི་རྒྱུ་སྟོབས་ཆེ་བ་དག་གི་འབྲས་བུ་སྔར་སྐྱེ་སྟེ། དཔེར་ན་ཕ་ཡང་ཡིན་ལ་མཁན་པོའང་ཡིན་པའི་སྐྱེས་བུ་གཅིག་འོང་བ་ན། སྐྱེས་བུ་གཅིག་པོ་དེ་སྐྱེད་པར་བྱེད་པ་དང་ཀློག་སློབ་པ་གཉིས་ཀ་ཡིན་པ་ལ་ཁྱད་མེད་ཀྱང༌། དེ་འོང་བ་ན་ཐོག་མར་བདག་གི་ཕ་འོང་ངོ་སྙམ་དུ་སེམས་ཀྱི་མཁན་པོ་འོང་ངོ་སྙམ་དུ་མི་སེམས་པ་ལྟ་བུ་སྟེ། ཕ་ཉིད་དུ་ངེས་པའི་རྒྱུ་ཆེས་ཤིན་ཏུ་ཉེ་བའི་དབང་གིས་ཡིན་པ་ལྟ་བུའོ། །དེས་ན་སྐད་ཅིག་མ་ཉིད་དུ་མངོན་སུམ་གྱིས་མཐོང་བས་རྒྱུ་ཡོད་ལ་བདག་མེད་པ་གོམས་པ་སོགས་ལྷན་ཅིག་བྱེད་རྐྱེན་ཡོད་དུ་ཟིན་ཀྱང༌། དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ་མངོན་སུམ་ཁོ་ནས་སྐད་ཅིག་མར་ངེས་པ་འདྲེན་མི་ནུས་པ་ནི་འཁྲུལ་པ་གོམས་པས་བསླད་ནས་གེགས་བྱས་པ་ལས་ཡིན་ནོ།།
གཉིས་པ་དངོས་པོའི་རྟོག་པ་སེལ་འཇུག་ཏུ་བསྟན་པར་རྩོད་པ་ལ། གཞན་གྱི་རྩོད་པ་རྣམ་པར་འགོག་པ་དང༌། །དེ་ཡི་གྲུབ་དོན་རང་ལུགས་བཞག་པ་གཉིས། །དང་པོ་ལ། གཅིག་ལ་ཐ་དད་སྒྲ་བློ་མི་འཐད་དང༌། །དུ་མར་གཅིག་སྒྲ་བློ་མི་འཐད་རྩོད་སྤང༌། །དང་པོ་ལ། སེལ་བ་གཅིག་ལ་དུ་མའི་སྒྲ་འཇུག་འཐད། །དངོས་པོར་འདོད་ལ་དེ་མི་འཐད་པའོ། །དང་པོ།
དེ་ལའང་གཞན་ལས་ལྡོག་པ་དང༌། །གཞན་ལས་ལོག་པ་ཞེས་བྱ་བའི།།སྒྲ་དང་ངེས་པ་ཉིད་དག་ནི། །བརྡ་ཡི་རྗེས་སུ་བྱེད་པ་ཡིན།།གཉིས་ཀས་གཅིག་ཅིག་བརྗོད་མོད་ཀྱི། །བརྗོད་བྱའི་ཤན་གྱི་8ཁྱད་པར་གྱིས།།རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད།།ཁྱད་པར་གཞན་ནི་སྤོང་བ་དང༌། །མི་སྤོང་བ་དག་དེ་གཉིས་ཀྱི།།བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི།།ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དོ།།9དེ་ཕྱིར་དེ་དག་བརྗོད་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན།།དོན་དེ་ཤེས་པར་བྱེད་འདོད་པས། །དེ་ལ་ཕན་པའང་བྱེད་ལྡན་ནམ།།གལ་ཏེ་གཞན་གྱིས་བརྗོད་ཀྱང་རུང༌། །དེ་ལས་ཁྱད་པར་གཞན་མེད་དོ།།དེ་ཕྱིར་གཞན་སེལ་ཡུལ་ལ་ནི། །དེ་ལྡན་ཕྱོགས་ལ་བརྗོད་པ་བསལ།།རིགས་དང་དེ་དང་ལྡན་པ་དག །ཐ་དད་ཉིད་ན་ཉེས་པར་འགྱུར།།མུ་སྟེགས་བྱེ་བྲག་པ་ན་རེ། ཁྱོད་སྒྲ་རྟོག་སེལ་འཇུག་ཏུ་འདོད་པ་ལའང་སྐྱོན་ཡོད་དེ། ལོག་ལྡོག་རྫས་གཅིག་གམ་ཐ་དད། གཅིག་ན་ཆོས་ཅན་གྱི་སྒྲ་དེ་སོ་སོར་བརྗོད་པ་མི་རུང་ལ། བརྗོད་བྱ་སྒྲ་བློ་རྣམ་གྲངས་པར་འགྱུར་བ་ཁྱོད་རང་ལའང་མཚུངས་ཤིང༌། ཐ་དད་ཡིན་ན་སྤྱི་གསལ་རྫས་གཞན་དུ་འདོད་པ་ལ་བརྗོད་པའི་ཉེས་པ་རང་ལའང་མཚུངས་པར་འགྱུར་རོ་ཞེ་ན། སྒྲ་རྟོག་སེལ་བའི་ཡུལ་ཅན་ཡིན་པ་དེ་ལ༷འ༷ང༌། གཞ༷ན་རྟ་ལ་སོགས་པ་ལ༷ས་ལྡོག་པ༷་ལ་བ་ལང་ཉིད་ཅེས་ཆོས་བརྗོད་པའི་སྒྲ་ད༷ང༌། གཞ༷ན་ལ༷ས་ལོག་པ༷་བ་ལང་ཞེས་ཆོས་ཅན་བརྗོད་པ་ཞེས་བྱ༷་བ༷འི་སྒྲ༷་དེ་ད༷ང་དེ་ལྟར་ངེས་པ༷་ཡི་རྟོག་པ་ཉིད་ད༷ག་ནི། ལོག་ལྡོག་རྫས་ཐ་དད་དུ་ཡོད་ནས་བརྡ་དེ་ལྟར་སྦྱར་བ་མིན་ཏེ། སྨྲ་བ་པོས་ནང་གི་བརྗོད་འདོད་ཀྱི་དབང་གིས་བརྡ་དེ་ལྟ་བུ་སྦྱར་བ་ཙམ་དུ་ཟད་ལ། ཆོས་དང་ཆོས་ཅན་གཉིས་སུ་སྣང་བ་ལྟ་བུ་ནི་བརྡ༷་དེ་ཡི་རྗེས་སུ༷་བྱེད་པ༷་ཙམ་གྱི་དབང་གིས་ཡིན་ནོ། །དེ་ལྟར་ན་བ་ལང་ཞེས་པ་དང་བ་ལང་ཉིད་ཅེས་པའི་སྒྲ་གཉིས་ཀ༷ས་ཀྱང་བརྗོད་བྱ་ནོག་དང་ལྐོག་ཤལ་དང་ལྡན་པའི་དངོས་པོ་གཅིག་པུ་བ་ལང་དེ་ཙམ་ཅིག་བརྗོད་པ་ལ་ཁྱད་པར་མེད་མོད་ཀྱི། བརྗོད་འདོད་ཀྱི་དབང་གིས་བ་ལང་གི་བ་ལང་ཉིད་ལྟ་བུ་བརྗོད་པའི་ཚེ་ན་བརྗོད་པ་དེས་འཕངས་པའི་བརྗོད་བྱ༷འི་གཞན་སེལ་ལམ་ལྡོག་པ་ཙམ་གྱི་ཤ༷ན་གྱི་ཁྱ༷ད་པ༷ར་གྱིས། ཆོས་དང་ཆོས་ཅན་དུ་རྣ༷མ་པར་དབྱེ་བ་དང་འབྲེལ་བ་གྲུབ་པའི་སླད་དུ་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ཡང་སྦྱར་ནས་རྣམ་པར་དབྱེ་བ་ཐ༷་ད༷ད་པར་འབྱེད་པ༷་ཡི་ཚུལ་དེ་ཡིས། སེལ་བའི་བློ་ངོར་ཐ༷་ད༷ད་པ་ལྟ་བུའི་དོན་ཡོད་པ་བཞིན་དུ་སྒྲུ༷བ་པ༷ར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དགག་ཚིག་ཅན་ལའང༌། རྟ་མ་ཡིན་པ་ཞེས་དང༌། རྟ་མ་ཡིན་པ་ཉིད་ཅེས་པའང་ཆོས་ཅན་དང་ཆོས་བརྗོད་པའི་སྒྲར་འགྱུར་རོ། །ཆོས་ཆོས་ཅན་བརྗོད་པ་དེ་གཉིས་དོན་ལ་ཁྱད་མེད་ན་སྒྲ་བློ་རྣམ་གྲངས་པར་འགྱུར་ཞེ་ན་མི་འགྱུར་ཏེ། འདི་ལྟར་ཁྱ༷ད་པ༷ར་གཞ༷ན་ནི་སྤོང་བ༷་ད༷ང་མི་སྤོང་བ༷་ད༷ག་ནི་རིམ་པ་ལྟར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དེ་གཉིས་ཀྱི་བརྡ༷་ཡི་བྱེ་བྲ༷ག་གམ་ཁྱད་པར་ཡིན་ལ། དེ་ལས་གང་རྗོད་པར་བྱེད་པ་ནི་བརྗོད་བྱ་བ་ལང་ལྟ་བུ་ལ་རྟོགས་པ༷་པོ་ཉན་པ་པོ་དང་སྨྲ་བར་བྱེད་པ་གཉིས་པོའི་ཤེས་ཤིང་བརྗོད་པར་འདོད་པ༷འི་བློ་ཙམ་གྱི་རྗེས་སུ༷་བྱེད་པ༷འི་གཞི་ཅན་ནམ་རྟེན་ཅན་ཡིན་ཏེ་ནང་གི་བརྗོད་འདོད་དེ་ཁོ་ན་ལ་རག་ལས་པའི་ཕྱིར་རོ།།དེ་ཇི་ལྟར་ན། ནོག་དང་ལྐོག་ཤལ་ལྡན་པ་དེ་རྟ་ལ་སོགས་པ་གཞན་གྱི་ཁྱད་པར་རྣམ་པར་བཅད་པའི་དམིགས་བསལ་ཏེ་བརྗོད་པར་འདོད་པ་ཞིག་ན། འདི་རྟ་ལ་སོགས་པ་མ་ཡིན་ཏེ་བ་ལང་ཉིད་དོ་ཞེས་ལྡོག་པ་བརྗོད་ལ། དེས་ཁྱད་པར་གཞན་སྤོང་བའི་སྒོ་ནས་བ་ལང་བརྗོད་པ་ཡིན་ལ། ཡང་ཁྱད་པར་གཞན་གཅོད་འདོད་ཀྱི་བློ་གཙོ་བོར་མ་བྱས་པར་ནོག་ལྐོག་ཤལ་ལྡན་པ་ལ་བ་ལང་ཉིད་དུ་སེམས་པ་ཙམ་ཞིག་ན། འདི་བ་ལང་ངོ་ཞེས་ཆོས་ཅན་གྱི་ངོ་བོ་ཙམ་བརྗོད་པར་ཟད་ལ་དེ་གཉིས་ཀ་ལའང་བརྗོད་བྱ་བ་ལང་ལས་གཞན་མེད་ཀྱང་བརྗོད་འདོད་བཞིན་དུ་གོ་བའི་ནུས་པ་སྒྲ་ལ་ཡོད་པས་ན་ཉིད་ཅེས་སྨྲོས་པའང་དོན་མེད་པར་མི་འགྱུར་རོ། །དེར་མ་ཟད། སྤྱི་དང་སྤྱི་ལྡན། བྱ་བ་དང་བྱ་བ་ཅན། ཡོན་ཏན་དང་ཡོན་ཏན་ཅན་སོགས་གཞན་ཀུ༷ན་ལ༷འང་རྫ༷ས་ཏེ་ཆོས་ཅན་བརྗོད་པ་ད༷ང༌། དངོས་པོ་སྟེ་ཆོས་བརྗོད་པ༷འི་སྒྲ༷་ཡི་ཁྱ༷ད་པ༷ར་ནི་ཁྱད་པར་གཞན་སྤོང་མི་སྤོང་གི་དབྱེ་བ་འདི་ཙམ་ཉིད་དུ་ཟད་དོ། །དེ་ཕྱིར་ཆོས་ཆོས་ཅན་དེ་ད༷ག་བརྗོད་བྱ༷་ལ༷་ཁྱ༷ད་པ༷ར་འག༷འ་ཡ༷ང་ཡོད་པ་མ༷་ཡིན་ཏེ་གཉིས་ཀས་ཀྱང་གཅིག་བརྗོད་པའི་ཕྱིར་རོ། །ཚུལ་དེ་དག་རྗོད་པར་བྱེད་པའི་སྒྲ་ཡི་རྣམ་པ་ཐ་དད་པ་ཡོད་དེ། ཁྱད་པར་སྤོང་མི་སྤོང་གི་དོན་དེ་ལྟ་བུ་ཤེས་པ༷ར་བྱེད་འདོད་པ༷ས་སྒྲ་དེ་ལ༷་ཕ༷ན་པའི་དེ་ཕན་གྱི་རྐྱེན་སྦྱར་ནས་བསྟན་ན་བ་ལང་ཉིད་དང་བ་ལང་ཙམ་ལ་སོགས་པ་ལྟ་བུ་ཆོས་བརྗོད་པ༷འ༷མ། ཏི་སོགས་བྱེད་པ་ལྡ༷ན་པའི་རྐྱེན་གྱིས་བསྒྲུབས་ན་སྤྱིར་འཚེད་པ་ཙམ་ཆོས་ཅན་དང་འཚེད་པའི་བྱ་བ་ཉིད་སྟོན་པ་ལྟ་བུ་ཆོས་བརྗོད་པ་ཅན་ན༷མ། ག༷ལ་ཏེ་དེ་གཉིས་ལས་གཞ༷ན་པ་བྱེ་བྲག་ཏུ་བཤད་དུ་མེད་པ་ཡིན་བྱེད་ཀྱི་མཐའ་ཅན་དུ་བྱས་ན། ལྷས་བྱིན་གྱིས་ཉལ་ལྟ་བུ་དང༌། རས་ཡུག་གི་དཀར་པོ་ཞེས་པ་ལྟ་བུ་ལྷས་བྱིན་དང༌། རས་ཡུག་གིས་ཁྱད་པར་དུ་བྱས་པའི་ཉལ་བ་དང་དཀར་པོས་ནི། དེ་གཉིས་མ་ཡིན་པའི་ཉལ་བ་དང་དཀར་པོ་གཞན་སྤངས་པས་ཁྱད་པར་གཞན་སྤོང་བའི་སྒྲར་འགྱུར་ཏེ་ཆོས་བརྗོད་པར་འགྱུར་ལ། རང་བཞིན་དུ་ལྷས་བྱིན་ཉལ་བ་དང་རས་ཡུག་དཀར་པོ་ཙམ་བརྗོད་ན་ཁྱད་པར་གཞན་མི་སྤོང་བར་སྤྱི་ཙམ་དུ་གནས་པས་ཆོས་ཅན་བརྗོད་པར་འགྱུར་རོ། །དེ་ལ་སོགས་པ་ཚུལ་གཞན་གྱིས་བརྗོད་ཀྱ༷ང་རུ༷ང་ཁྱད་པར་སྤང་མི་སྤང་དེ་ལ༷ས་ཁྱ༷ད་པ༷ར་གཞ༷ན་གང་ཡང་མེད་དོ། །ཞེས་མདོར་ན་རྐྱེན་ཐམས་ཅད་སུ་པ་དང་ཏི་སོགས་བྱེད་ལྡན་གྱི་རྐྱེན་དང༌། དེ་ཕན་གྱི་རྐྱེན་དང༌། དེ་ལས་གཞན་མིང་མ་ཚང་བ་ཁ་སྐོང་བ་དང་རྣམ་དབྱེ་སོགས་ཡིན་བྱེད་ཀྱི་མཐའ་ཅན་ཞེས་བྱ་སྟེ་རྐྱེན་གྱི་མཐའ་དེ་གསུམ་དུ་འདུ་ལ། རྐྱེན་གང་གིས་བརྗོད་ཀྱང་དོན་ཁྱད་པར་སྤོང་མི་སྤོང་ཙམ་དུ་འདྲའོ། །ཞེས་སོ།།དེས་ན་བུམ་པ་མི་རྟག་ལྟ་བུ་བུམ་པ་རང་ཉིད་མི་རྟག་པར་བསྟན་པ་ཆོས་ཅན་ཙམ་བརྗོད་པ་དང༌། བུམ་པའི་མི་རྟག་པ་ལྟ་བུ་བུམ་པའི་སྟེང་གི་མི་རྟག་པ་དམིགས་བསལ་བས་ཆོས་བརྗོད་པར་འགྲོ་ཡང་དོན་གཉིས་ཀས་བུམ་པ་མི་རྟག་པར་སྟོན་ལ། སྔ་མས་ཁྱད་པར་གཞན་མ་སྤངས་པའི་ཕྱིར་བུམ་པའང་ཡིན་ལ་མི་རྟག་པའང་ཡིན་པ་ལྟ་བུར་སྟོན་ལ། ཕྱི་མས་ཁྱད་པར་གཞན་སྤངས་པའི་ཕྱིར་བུམ་པའི་སྟེང་གི་མི་རྟག་པ་དེ་ཙམ་སྟོན་གྱི་བུམ་པ་དང་གཞི་མཐུན་པ་ལྟར་མི་སྟོན་གྱི་བུམ་པ་ཁྱད་པར་བྱེད་ཆོས་ལྟ་བུར་སྟོན། དེ་བཞིན་དུ་སྤྱི་དང་སྤྱི་ལྡན་ལ་སྦྱར་ན། ཤིང་དང་ཤིང་ཉིད། ཤིང་ཤ་པ། ཤིང་གི་ཤ་པ། ཤ་པའི་ཤིང་ལ་སོགས་པ་ལྟ་བུ་དང༌། བྱ་བ་དང་བྱ་བ་ཅན་ལ་སྦྱར་ན། འཚེད་པ། འཚེད་པ་ཉིད། འཚེད་པོ་ལྷས་བྱིན། ལྷས་བྱིན་གྱིས་འཚེད། ལྷས་བྱིན་གྱི་འཚེད་པ། འཚེད་པའི་བྱ་བ་སོགས་དང༌། ཡོན་ཏན་དང་ཡོན་ཏན་ཅན་ལ་སྦྱར་ན། དཀར་པོ། དཀར་པོ་ཉིད། དཀར་པོ་ཁོ་ན། དཀར་པོ་ཙམ། ཁ་དོག་དཀར་པོ། དཀར་པོའི་ཁ་དོག རས་ཡུག་དཀར་པོ། ཁ་དོག་གི་དཀར་པོ། རས་ཡུག་གི་དཀར་པོ་ལ་སོགས་པ་ཆོས་ཅན་དང་ཆོས་ཇི་སྙེད་པ་ཀུན་ལ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་བརྗོད་འདོད་ཀྱིས་ཁྱད་པར་གཞན་སྤོང་མི་སྤོང་གི་ཆེད་དུ་བརྡ་དེ་ལྟར་སྦྱར་བ་ཡིན་པས་ན། བུམ་པའི་སྟེང་གི་ཆོས་མི་རྟག་པ་ལྟ་བུ་བརྗོད་ན་ལོག་པ་བུམ་པའི་སྟེང་གི་ལྡོག་ཆོས་མི་རྟག་པར་བརྗོད་པས་དེས་བུམ་པ་རང་གི་སྟེང་ན་ཡོད་པའི་ཁྱད་པར་གཞན་བྱས་པ་སོགས་ཀྱང་གཅོད་ལ། བུམ་པ་མི་རྟག་ཅེས་ཆོས་ཅན་ཙམ་དུ་བརྗོད་ན་བུམ་པའི་སྟེང་གི་བྱས་པ་སོགས་ཆེད་དུ་མི་གཅོད་དེ་བུམ་པ་མི་རྟག་པ་ཙམ་བརྗོད་བྱར་སྟོན་ནོ། །འོ་ན་སྒྲ་ཐམས་ཅད་རྣམ་གཅོད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་བ་ལང་ཞེས་ཆོས་ཅན་བརྗོད་པ་ལའང་ཁྱད་པར་གཞན་རྟ་ལ་སོགས་པ་གཅོད་པ་ཅི་སྟེ་མེད། དེས་ན་ཁྱད་པར་གཞན་སྤོང་བ་ཞེས་པ་མི་འཐད་སྙམ་ན། བ་ལང་ཞེས་ཆོས་ཅན་བརྗོད་པའི་སྒྲ་ལའང་ཁྱད་པར་གཞན་གཅོད་པ་ངེས་པར་ཡོད་ཀྱང་བརྗོད་འདོད་ཀྱི་དབང་གིས་བ་ལང་ཙམ་དུ་ཤེས་པར་བྱ་བ་དང༌། དེ་ལ་རྟ་ཡོད་པ་སོགས་གཅོད་པར་ཤེས་པའི་དོན་དུ་ཉིད་སྒྲས་ལྡོག་པ་བརྗོད་ཀྱི་དོན་ལ་རང་ལས་གཞན་པ་ཀུན་བསལ་བའི་བ་ལང་བརྗོད་པར་ཁྱད་མེད་ཅེས་པ་རྒྱུ་མཚན་དེའི་ཕྱིར་ཡིན་ནོ།།དེས་ན་རྣམ་དབྱེ་དང་རྐྱེན་དང་ཚིག་གི་བརྗོད་པ་དག་ལས་དོན་ཐ་དད་མིན་ཡང་ལྷས་བྱིན་གྱི་རིལ་བ་ལྟར་ཐ་དད་པའི་ཚུལ་དུ་ཚིག་གི་ཤན་སྟོབས་ཀྱིས་བློ་ཡུལ་དུ་འཕངས་པ་ཙམ་སྟེ་བརྗོད་འདོད་ཀྱི་དབང་གིས་འཇུག་པ་ཙམ་དུ་ཤེས་པར་བྱའོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་སྒྲ་ཐམས་ཅད་གཞ༷ན་སེལ་བ་ཙམ་གྱི་ཡུ༷ལ་ལ༷་འཇུག་པར་ཁས་ལེན་པ་ལ་ནི་སྒྲས་བརྗོད་བྱ་རྟག་པའི་སྤྱི་དེ་དང་ལྡ༷ན་པར་འདོད་པའི་ཕྱོགས་ལ༷་བརྗོད་པ༷་ཡི་སྐྱོན་རྣམས་བས༷ལ་བ་ཡིན་ལ། གཞན་སྒྲས་བརྗོད་བྱ་སྤྱིའམ་རིགས་གང་ཡིན་པ་དེ་ད༷ང༌། རིགས་དེ་ད༷ང་ལྡ༷ན་པ༷་གསལ་བ་ད༷ག་ཐ༷་ད༷ད་པ་ཉིད་ན༷་ཉེས་པ༷ར་འགྱུ༷ར་ཏེ། ཀུན་བཏུས་ལས། རང་དབང་མེད་ཕྱིར་དེ་ལྡན་མིན། །བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །འབངས་ལ་རྒྱལ་པོར་བཏགས་པ་བཞིན། །ཞེས་གསུངས་པ་ལྟར། བ་ལང་གི་སྒྲས་དངོས་ཀྱི་བརྗོད་བྱ་བ་ལང་གི་སྤྱི་རྟག་དངོས་ཡིན་ན། དེ་ལྡན་གསལ་བ་རྫས་ཐ་དད་ལ་སྒྲ་དེ་རང་དབང་གིས་མི་འཇུག་སྟེ། ཀ་བའི་མིང་བུམ་པ་ལ་མི་འཇུག་པ་བཞིན། དེས་ན་སྤྱི་བརྗོད་པའི་སྒྲས་དེ་ལྡན་གོ་བ་མིན་ལ། གཞན་ཡང་བ་ལང་གི་མིང་བ་ལང་གི་གསལ་བ་རྣམས་ལ་བཏགས་པ་ཁོ་ནས་འཇུག་པར་ཐལ་བའི་ཕྱིར་དང༌། དེ་ལྟ་ནའང་བཏགས་པ་དེ་དོན་མི་མཐུན་ཏེ། བརྗོད་བྱ་སྤྱི་རྟག་པ་དེ་དང་བ་ལང་གི་གསལ་བ་མི་རྟག་པ་གཉིས་གཞི་མཐུན་མི་སྲིད་པས་འབངས་ལ་རྒྱལ་པོར་བཏགས་པ་བཞིན་དོན་མེད་དོ། །ཞེས་སོ།།
གཉིས་པ་སྒྲ་ཡུལ་དངོས་པོར་འདོད་པ་ལ་གཅིག་ལ་དུ་མའི་སྒྲ་འཇུག་པ་སོགས་མི་འཐད་པའི་ཚུལ་ནི།
གང་དག་གི་ཚིག་དངོས་པོའི་དབང༌། །ལྷུར་བརྗོད་བརྗོད་འདོད་མི་བརྟེན་པ།།དེ་དག་ལ་ནི་དྲུག་པ་དང༌། །ཚིག་དབྱེ་ལ་སོགས་ཀླན་ཀ་རིགས།།ཕྱི་རོལ་དོན་ལ་མི་ལྟོས་པའི། །ཚིག་གང་སྨྲ་པོས་ཇི་ལྟ་བུར།།རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན།།བཙུན་མོ་རྣམས་གྲོང་དྲུག་ལ་སོགས། །ཐ་དད་དངོས་མིན་བཞག་པ་འམ།།ནམ་མཁའི་རང་བཞིན་མཁའ་ཉིད་ཅེས། །བྱ་བ་འདི་ལ་རྒྱུ་ཅི་ཡོད།།བརྡ་སྤྲོད་པ་དང་བྱེ་བྲག་པ་ག༷ང་ད༷ག་གི་ལུགས་ལྟར་ན་ཚིག་རྣམས་བརྗོད་བྱ་རང་མཚན་གྱི་དངོས་པོའི་དབ༷ང་གིས་འཇུག་པ་ལྷུ༷ར་ཏེ་གཙོ་བོར་བརྗོད་པ་ཅན་དུ་འདོད་ཀྱི། ནང་གི་བརྗོད་འདོད་ཙམ་ལ་མི་བརྟེན་པ༷་ཉིད་དུ་ཁས་ལེན་པ་དེ་ད༷ག་ལ༷་ནི། ངོ་བོ་ཐ་དད་མེད་པ་ལ་རྣམ་དབྱེ་དྲུ༷ག་པ༷་འབྲེལ་བའི་སྒྲ་སྦྱར་བ་ད༷ང༌། གཅིག་ལ་མང་ཚིག་སྦྱར་བ་དང༌། མང་པོ་ལ་གཅིག་ཚིག་སྦྱར་བ་སོགས་ཀྱི་དབྱེ་བ་དང༌། ལ༷་སོགས་པའི་སྒྲས་བ་ལང་གི་དངོས་པོ་ནི་བ་ལང་ཉིད་དོ་ལྟ་བུ་དང༌། ཉལ་བཞིན་ཁ་གདངས་པ་ལ་ཁ་གདངས་ནས་ཉལ་ལོ་ཞེས་སྔ་ཕྱི་རིམ་ཅན་ལྟ་བུར་བསྟན་པ་ལ་སོགས་མི་འཐད་པའི་ཀླ༷ན་ཀ༷་བྱ་བར་རིགས་སོ། །དེས་མཚོན་ནས། དངོས་པོ་མེད་པ་ནི་ཡོད་པ་ཁོ་ནའོ། །ཤི་བའི་གང་ཟག་ནི་མེད་དོ། །གང་ཟག་ཤི་བ་ནི་ཡོད་དོ། །བུམ་པ་ཁོ་ན་ནི་མེད་དོ། །བུམ་པ་དེ་བུམ་པ་ཁོ་ན་ཡིན་ནོ། །ཞེས་པ་ལ་སོགས་པ་འདི་འདྲའི་རིགས་ཐམས་ཅད་བརྗོད་འདོད་ཀྱིས་རང་གི་ཞེ་འདོད་གསལ་བར་བྱེད་པ་ཙམ་ཡིན་པས་ཚིག་ལ་མཐའ་གཅིག་ཏུ་ཞེན་ན་རང་གི་དམ་བཅས་པའི་ཚིག་དེ་ལའང་རྣམ་པ་གཞན་དང་གཞན་གྱི་གནོད་པ་འབབ་པས་དོན་ལ་འགལ་བའི་ཚིག་མིན་ཕན་ཆད་བརྗོད་འདོད་ལ་མཐའ་གཅིག་ཏུ་ངེས་པ་མེད་པར་ཤེས་པར་བྱའོ། །དེས་ན་ཚིག་དངོས་དབང་གིས་འཇུག་པར་འདོད་པའི་ལུགས་ལ། བ་ལང་གི་བ་ལང་ཉིད་ཅེས་དྲུག་པ་དང༌། བ་ལང་ལ་བ་ལང་ཉིད་ཡོད་ཅེས་བདུན་པ་དང༌། བ་ལང་ཉིད་ཀྱི་རྒྱུ་མཚན་གྱིས་བ་ལང་ལ་སྒྲ་འཇུག་ཅེས་གསུམ་པ་དང༌། རྫས་སོགས་ཆོས་མང་བས་ན་བ་ལང་ཉིད་ལ་སོགས་པ་རྣམས་ཞེས་མང་ཚིག་སྦྱར་བ་ལ་སོགས་པ་མི་རུང་བར་འགྱུར་རོ། །སྒྲ་འཇུག་པའི་རྒྱུ་མཚན་ཕྱི་རོལ་བརྗོད་བྱའི་དོན་གྲུབ་པ་ལ༷་མི་ལྟོས་པ༷འི་ཚིག་ག༷ང་ཞིག་སྨྲ༷་བ་པོས་ཆོས་ཐ་དད་གཅིག་ཏུ་བསྡུ་བ་དང༌། གཅིག་ལ་ཐ་དད་དུ་འབྱེད་པ་དང༌། མང་ཚིག་ཉུང་ཚིག་དང་ཁྱད་གཞི་ཁྱད་ཆོས་སུ་སྦྱར་ནས་སྟོན་ཚུལ་མི་འདྲ་བ་སོགས་ཇི་ལྟ༷་བུ༷ར་ཞེ་འདོད་ཀྱིས་བཅད་པ་ལྟར་བརྡ་སྦྱར་ནས་ཚིག་བརྗོད་པ་ན། ཞེ་འདོད་ཀྱི་དོན་དེ་གསལ་བའི་རྗོད་བྱེད་ཉིད་དུ༷་ངེས་པར་བྱེད་པ༷་དེ་དག་དེ་ཁོ་ན་བཞིན་དུ༷་བློ་ལ་དེའི་རྣམ་པ་སྐྱེད་པའི་རྗོད་བྱེད་དུ་འགྱུར་བ་ཡིན་གྱི་དོན་གྲུབ་མ་གྲུབ་ལ་མི་ལྟོས་ཏེ། དོན་མེད་ཀྱང་སྒྲའི་རྣམ་གཅོད་ཀྱི་སྟོབས་ལས་གཙོ་བོ་དང༌། ཡན་ལག་ཅན་གྱི་ལ་དང༌། རི་བོང་གི་རྭ་སོགས་ཀྱང་བརྗོད་པ་བཞིན་ནོ། །ཇི་ལྟར་བརྗོད་པས་འཕངས་པའི་མིང་དོན་གྱི་རྣམ་པར་སྣང་བ་དེ་དང་བརྟག་བྱ་ཕྱི་རོལ་གྱི་དོན་སྣང་བརྟག་གཅིག་ཏུ་བསྲེས་ནས་ཡུལ་དེ་ཡོད་མེད་དང་ཡིན་མིན་དུ་སེམས་ཤིང་འཇལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བུ་མིན་ན་བཙུ༷ན་མོ་གཅིག་ལ་བུད་མེད་མང་པོའི་ཡོན་ཏན་ལྡན་པའི་ཕྱིར་བཙུན་མོ་རྣ༷མས་ཞེས་མང་ཚིག་སྦྱར་བ་དང་ཕོའི་རྟགས་མཐའ་ཅན་དུ་བརྡ་སྤྲོད་ཀྱི་གཞུང་ལས་བཤད་པ་དང༌། གྲོང་དྲུ༷ག་ལྡན་གྱི་གྲོང་ཁྱེར་གཅིག་ཅེས་དུ་མ་ལ་གཅིག་ཚིག་དང༌། ལ༷་སོགས་པའི་སྒྲས་བྱེ་མ་གཅིག་ལའང་བྱེ་མ་རྣམས་ཞེས་དང༌། གང་ཟག་གཅིག་ལའང་ཁྱོད་ཅེས་གཅིག་ཚིག་དང༌། ཞེས་སྦྱར་ན་ཁྱེད་ཅེས་མང་ཚིག་དང༌། མེ་ཏོག་དུ་མ་ལའང་མེ་ཏོག་གི་ཕྲེང་བ་གཅིག་ཅེས་དང༌། ཆོས་དང་ཆོས་ཅན་བྱས་དང་མི་རྟག་སོགས་དོན་ལ་ཐ་དད་མིན་ཡང་སེལ་བའི་སྒོ་ནས་ཐ༷་ད༷ད་པའི་དངོས་པོ་ལྟ་བུར་བསྟན་ཅིང་དྲུག་སྒྲ་དང་མང་ཚིག་10འཇུག་པ་དང༌། ཐ་དད་ཀྱང་ཤིང་དང་མེ་ལ་སོགས་པ་ལ་བེམ་པོ་11ཞེས་ཐ་དད་པའི་དངོས་པོ་མིན་པ་གཅིག་པ་ལྟ་བུར་བཞ༷ག་པ༷འ༷མ། ན༷མ་མཁ༷འི་ར༷ང་བཞིན་ནི་ནམ་མཁ༷འ་ཉིད་དོ་ཅེས་བྱ༷་བ༷་འདི་ལ༷་རྗོད་བྱེད་དེ་ལྟར་འཇུག་པའི་རྒྱུ་མཚན་བརྗོད་བྱ་ལ་དེ་ལྟར་གྲུབ་པ་ཅི་ཞིག་ཡོད་དེ་ཡོད་མི་ཤེས་སོ། །ནམ་མཁའ་ཞེས་ཆོས་ཅན་དང༌། དེའི་རང་བཞིན་ནི་ནམ་མཁའ་ཉིད་དོ་ཞེས་ནམ་མཁའ་དང་དེའི་རང་བཞིན་དུ་གྱུར་པའི་ནམ་མཁའ་ཉིད་ལ་ཁྱད་པར་ཐ་དད་ཅི་ཡོད་དེ་ནམ་མཁའ་གཉིས་སུ་གྲུབ་པ་མེད་པས་སོ། །དེ་ལ་དངོས་པོའི་རྐྱེན་ཉིད་སྒྲ་སྦྱར་བའང་མི་འཐད་དེ་ངོ་བོ་མེད་པས་སོ། །གལ་ཏེ་ནམ་མཁའི་སྤྱི་ཡོད་པས་ཉིད་སྒྲ་སྦྱོར་བ་ཡིན་སྙམ་ན། ནམ་མཁའ་ནི་གཞན་གང་དང་ཡང་མི་འདྲ་ལ་ཐུན་མོང་མིན་པའི་ཕྱིར་དེ་དང་མཚུངས་པ་གཞན་མེད་པས་གཞན་དང་ཐུན་མོང་དུ་གྱུར་པའི་སྤྱི་མེད་དོ། །ཡོད་པ་དང་རྫས་ལ་སོགས་པ་དེའི་སྤྱི་ཡིན་ནོ་སྙམ་ན་ཡང༌། དེ་ནི་བུམ་པ་དང་རས་ཡུག་སོགས་ལའང་ཐུན་མོང་ཡིན་པའི་ཕྱིར་ནམ་མཁའི་རང་བཞིན་ཁོ་ན་མ་ཡིན་ནོ། །ཡོད་པ་དང་རྫས་ཙམ་ནམ་མཁའ་ཉིད་ཅེས་པའི་སྒྲ་འཇུག་པའི་རྒྱུ་ཡང་མིན་ཏེ། ཡོད་པ་དང་རྫས་ཙམ་ནམ་མཁའ་ཞེས་ཤེས་བརྗོད་ཀྱི་རྒྱུ་མ་ཡིན་ནོ། །ནམ་མཁའི་སྟེང་གི་རྫས་དང་ཡོད་པ་ཁོ་ནར་བཟུང་ན་ནི་སྤྱི་མིན་ཏེ་གཞན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །ནམ་མཁའ་ལས་གཞན་པའི་ནམ་མཁའི་ཡོད་པ་དང་རྫས་དམིགས་སུ་མེད་དོ། །ཁྱབ་པ་ལ་སོགས་པའི་ཡོན་ཏན་ནམ་མཁའི་རང་བཞིན་ཉིད་ཡིན་ནོ་སྙམ་ན། ཁྱབ་པ་ཉིད་ལ་སོགས་པ་ནམ་མཁའི་རང་བཞིན་ཡིན་ན་ཡོན་ཏན་དེ་དག་ནམ་མཁའ་ཁོ་ནར་འགྱུར་ཏེ་ནམ་མཁའ་ཉིད་ཡིན་པས་སོ། །དེ་ལྟ་ན་ཁྱབ་པ་ལ་སོགས་པ་ནམ་མཁའ་བཞིན་དུ་ངོ་བོ་མེད་པ་ཁོ་ནར་འགྱུར་རོ། །གཞན་ཡང་ཁྱབ་པ་ཉིད་ལ་སོགས་པ་ནམ་མཁའ་ལས་ཐ་དད་པར་དྲུག་སྒྲས་བསྟན་པ་ལྟར་གཞན་དུ་ཡོད་ན་ནམ་མཁའ་ལ་ཁྱབ་པའང་མེད་ལ། ཐ་མི་དད་ན་ཁྱབ་པའང་ནམ་མཁའ་ལས་གཞན་དུ་མེད་པས་དེ་ལྟར་དྲུག་པའི་སྒྲ་སྦྱར་བའང་དོན་མེད་པར་འགྱུར་རོ།།
གཉིས་པ་ཆོས་དུ་མ་ལ་གཅིག་གི་སྒྲ་བློ་མི་འཐད་པར་རྩོད་པ་ལ། གཅིག་སྒྲ་འཇུག་རྒྱུ་སྤྱི་ནི་སེལ་བར་བསྟན། །དེ་ཡི་དོགས་པ་སྤངས་ནས་འཐད་པར་སྒྲུབ། །རྩོད་པ་གཉིས་པོ་སྤོང་བའི་མཇུག་བསྡུ་གསུམ། །དང་པོ།
ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ།།གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ།།སྒྲིབ་བྱེད་དེས་བདག་ཐ་དད་ཀྱང༌། །ཐ་དད་པ་ཉིད་བསྒྲིབས་པ་ཡིས།།དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌།།དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས།།དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད།།གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད།།ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར།།དེས་ན་དོན་ལ་བདག་གཅིག་ཏུ། །འཛིན་པའི་རྣམ་རྟོག་འདི་ལོག་པ།།མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་འདི་ཡི་ས་བོན་ཡིན།།གསལ་བའི་དངོས་པོ་རྣམས་གཞན་དང་མ་འདྲེས་པར་གནས་པ་ལ་ཕན་ཚུན་རྗེས་སུ་འགྲོ་བ་མེད་ལ་དེ་ལས་གཞན་པའི་སྤྱི་མེད་པས་ན། ཤིང་དུ་མ་ལ་ཤིང་ཞེས་གཅིག་གི་སྒྲ་བློ་འཇུག་པ་མི་འཐད་པས་སྤྱིའི་ཐ་སྙད་མེད་པར་འགྱུར་རོ་ཟེར་ན། རྣམ་པར་དཔྱད་ན་སྤྱི་མེད་ཀྱང་རྟོག་པས་རྣམ་པར་བཏགས་ནས་བཞག་པ་སྟེ། ཕན་ཚུན་ཐ༷་ད༷ད་པའི་དངོས་པོ་ཤིང་གི་གསལ་བ་རྣ༷མས་ལ༷་བརྟེན་ན༷ས། ཤིང་ཙམ་གྱི་དོན་གཅིག་ཏུ༷་ནི་རིལ་པོར་སྣ༷ང་བ༷འི་བློ་རྣམ་པར་རྟོག་པ་ག༷ང་གི་ར༷ང་གི་ངོ་བོ་དེ་ཡིས་གཞ༷ན་ཤིང་གསལ་རྣམས་མ་འདྲེས་པར་ཡོད་པ་ཅན་གྱི་ངོ་བོ་སྒྲིབ་པར་བྱེད་པ༷་ཡིན་ལ། དེ་ཡང་སྒྲིབ་བྱེད་རྟོག་པ་ལ་ཤིང་རང་མཚན་དུ་ཞེན་པ་དེས་བསྒྲིབ་བྱ་ཤིང་གསལ་རྣམས་ཀྱི་བད༷ག་ཉིད་དམ་ངོ་བོ་ཐ༷་ད༷ད་ཀྱ༷ང༌། ཐ༷་ད༷ད་པ༷་ཉིད་བསྒྲིབས་པ༷་ཡིས་བསྲེས་པ་ལྟར་བྱས་ནས། ཚུལ་ཇི་ལྟར་ན་ཤིང་གསལ་གྱི་དངོས་པོ་རྣ༷མས་ཤིང་མིན་ལས་ལོག་པར་རིགས་མཚུངས་པའི་སེལ་བའི་ངོ་བོ་འག༷འ་ཞིག་གིས་ཐ༷་ད༷ད་མིན་པ༷་གཅིག་ལྟ༷་བུ༷ར་སྣ༷ང་བ་ཡིན་ནོ། །ཕྱི་རོལ་ན་སྤྱི་མེད་ཀྱང་རང་གི་རྟོག་པ་ལ་དེ་ལྟར་སྣང་བ་དེ་ལ༷་ནང་གི་བས༷མ་པ༷འི་དབ༷ང་གིས་ན༷། ཕྱི་རོལ་གྱི་དོན་ལ་སྤྱི་ཞེས་བྱ་བ་ཞིག་ཡོད་པ༷ར་ནི་ར༷བ་ཏུ༷་བསྒྲ༷གས་སོ། །དེ་ལྟར་སྤྱི་འཛིན་གྱི་རྣམ་པར་རྟོག་པ་དེ་ཡིས་ཇི་ལྟ༷ར་ཀུ༷ན་ཏུ་བཏ༷གས་པ༷་ཡི་སྤྱི་དེ་ནི་ད༷མ་པ༷འི་དོན་དུ༷་མེད་དེ། འདི་ལྟར་གས༷ལ་བ༷་རྣ༷མས་ནི་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་མི་འགྲོ་བས་ན་དེ་སྤྱི་དང་གཅིག་མ་ཡིན་ལ། གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དོན་གཞ༷ན་པའམ་ཐ་དད་པ་ནི་མ་འཁྲུལ་པའི་བློ་ལ་སྣ༷ང་བ༷་མེད་པས་ན་དེ་ནི་དེ་ལྟར་སྒྲོ་བཏགས་པ་ཙམ་དུ་ཟད་པ་ཡིན་ནོ། །ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བ་དེ་སྤྱི་ཡིན་ལ་དེ་ཡང་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་ཡོད་པ་ཁོ་ནའོ་སྙམ་ན། སྤྱི་འཛིན་ཤེས་པ་ལ༷ས་ཐ༷་ད༷ད་མ༷་ཡིན་པའི་རྣམ་པ༷་དེ་ནི་ཇི་ལྟ༷ར་དོན་གཞ༷ན་ཕྱི་རོལ་རྣམས་ཀྱི་རྗེས་སུ་འབྲ༷ང་བ༷ར་འགྱུ༷ར་ཏེ་ནང་གི་ཤེས་པ་དང་རྫས་གཅིག་ཡིན་པའི་ཕྱིར་རོ། །དེས་ན༷་དོན་གསལ་བ་རྣམས་ལ༷་བད༷ག་གམ་ངོ་བོ་གཅིག་ཏུ༷་འཛིན་པ༷འི་སྤྱི་འཛིན་གྱི་རྣ༷མ་རྟོག་འདི་རང་གི་སྣང་ཡུལ་ལ་དོན་རང་མཚན་དུ་འཁྲུལ་པའམ་ལོག་པ༷་ཡིན་ནོ། །འོ་ན་སྤྱི་ཕྱི་རོལ་ན་མེད་ན་དེ་འཛིན་གྱི་སྒྲ་བློ་རྒྱུ་མེད་དུ་འགྱུར་རོ་ཞེ་ན། ཤིང་ཞེས་པའི་མིང་དང་ཤིང་མིན་ལས་ལོག་ཙམ་གྱི་དོན་ག༷ང་དང་ལྡ༷ན་པ། ཤིང་གི་གསལ་བ་ཕ༷ན་ཚུ༷ན་དུ༷་གཅིག་ལ་གཅིག་མེད་པའི་ཐ༷་ད༷ད་པ་རྣམས་ནི་སྤྱི་འཛིན་གྱི་རྣམ་རྟོག་འདི་ཡི་ས༷་བོན་ཡིན་ནོ།།
གཉིས་པ་དེ་ལ་དོགས་པ་སྤངས་ནས་འཐད་པར་སྒྲུབ་པ་ལ།
ཐ་དད་གཅིག་གི་བློ་རྒྱུར་འཐད་པ་དང༌། །དོན་མེད་ཀྱང་ནི་དོན་དང་འདྲ་བར་འཐད། །དང་པོ།
གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་སྒྲུབ་ལ་འགའ་ཞིག་ནི།།ཐ་དད་ཡིན་ཡང་རང་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན།།དཔེར་སྨན་ཁ་ཅིག་ཐ་དད་ཀྱང༌། །ལྷན་ཅིག་པ་འམ་སོ་སོ་ཡིས།།རིམས་ལ་སོགས་པ་ཞི་བྱེད་པར། །མཐོང་གི་གཞན་གྱིས་མ་ཡིན་བཞིན།།ཁྱད་པར་མེད་ཕྱིར་སྤྱིས་མ་ཡིན། །དེ་དག་ཞིང་སོགས་ཐ་དད་ཀྱང༌།།ཁྱད་པར་མེད་པར་ཐལ་འགྱུར་ཕྱིར། །བརྟན་པས་ཕན་འདོགས་མེད་ཕྱིར་ཡང༌།།གསལ་བ་ཐ་དད་པས་སྤྱི་འཛིན་གྱི་བློ་ཡི་རྣམ་པ་གཅིག་སྐྱེད་པར་མི་འཐད་ཅེ་ན། གསལ་བ་རྣམས་ལ་རིགས་གཅིག་ཏུ་རྟོགས་པ་སྤྱི་འཛིན་ཤེས་པ་དང༌། དོན་སྔོན་པོ་སོགས་ཤེས་པའི་མངོན་སུམ་དང༌། ལ༷་སོགས་པ༷་ཞེས་པས་མེ་དང་ཁང་པ་ལ་སོགས་པ་དོན་གཅིག་སྒྲུ༷བ་པ་ལ༷་ཤིང་གསལ་ལྟ་བུ་སོགས་རྒྱུ་འག༷འ་ཞིག་ནི་རང་གི་ངོ་བོ་ཐ༷་ད༷ད་ཡིན་ཡ༷ང་དངོས་པོའི་ཆོས་ཉིད་དམ་ར༷ང་བཞིན་གྱིས་དེ་ལྟར་སྐྱེད་པར་ངེས་ཏེ། དཔེར་ན་དབ༷ང་པོ་དང་ལ༷་སོགས་པ་ཞེས་པས་ཡུལ་དང་ཡིད་བྱེད་དག་ངོ་བོ་ཐ་དད་ལ་སྤྱི་ཐུན་མོང་བ་འབྲས་བུ་སྐྱེད་ནུས་གཞན་དེ་ལ་མེད་ཀྱང་དབང་ཤེས་གཅིག་སྐྱེད་པ་བཞིན་ཏེ། དཔེར་ན་སླེ་ཏྲེས་དང་པརྤ་ཏ་སོགས་སྨ༷ན་ཁ༷་ཅིག་ངོ་བོ་ཐ༷་ད༷ད་པ་ཡིན་ཀྱ༷ང༌། དེ་དག་ལྷ༷ན་ཅིག་ཏུ་སྤྱད་པར་གྱུར་པ༷འ༷མ། ཡུལ་དུས་ཐ་དད་པའི་པརྤ་ཏ་ཡི་བྱེ་བྲག་སོ་སོ་བ་དེ་ཡིས་ཀྱང༌། ཐུན་མོང་གི་ནུས་པས་འབྲས་བུ་རིམས་ལ༷་སོགས་པ༷་ཞི་བའི་བྱ་བ་གཅིག་བྱེད་པ༷ར་མཐོང་གི་ཞོ་དང་ག་གོན་སོགས་གཞ༷ན་གྱིས་ནི་རིམས་དེ་ཞི་བ་མ༷་ཡིན་པ་བཞིན་ནོ། །འབྲས་བུ་གཅིག་བྱེད་པའི་རྒྱུ་དེ་རྣམས་ལ་འབྲས་བུ་དོན་གཅིག་པོ་དེ་བྱེད་པའི་སྤྱི་ཐུན་མོང་བ་ཡོད་པས་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྤྱི་ནི་རྟག་པ་གཅིག་པུ་ཁྱབ་པ་ཆ་ཤས་མེད་པ་ཡིན་ན། སྨན་སོགས་ཀྱི་སྤྱི་ལ་ཁྱ༷ད་པ༷ར་མེད་པའི་ཕྱིར་སྤྱིས་ནད་ཞི་བ་མ༷་ཡིན་ལ། སྨན་དེ་ད༷ག་སྐྱེ་བའི་ཞིང་དང་དུས་དང་སོ་ནམ་སོགས་རྒྱུ་ཐ༷་ད༷ད་ཀྱ༷ང་ནད་ཞི་བ་ལ་མྱུར་བུལ་ཁྱ༷ད་པ༷ར་མེད་པ༷ར་ཐ༷ལ་བར་འགྱུ༷ར་བའི་ཕྱིར་དང༌། གཞན་ཡང་རང་གི་ངོ་བོ་མི་འགྱུར་བའི་རྟག་པའམ་བརྟ༷ན་པ༷ས་ནི་འབྲས་བུ་ལ་ཕ༷ན་འདོགས་པ་མེད་པའི་ཕྱིར་ཡ༷ང་སྤྱིས་བསྐྱེད་པ་མིན་ནོ།།
གཉིས་པ་སྤྱི་སྣང་ལ་དོན་དངོས་སུ་མེད་ཀྱང་དོན་ཡོད་པ་ལྟ་བུར་སྣང་
བར་བསྟན་པ་ནི།
རང་བཞིན་དེ་འཛིན་རྣམ་རྟོག་བློ། །དོན་མེད་ཀྱང་དེ་དོན་ཅན་འདྲ།།དེ་ཡི་འབྲས་ཅན་མིན་དོན་ལས། །ཐ་དད་མཐར་ཐུག་སྐྱེ་བ་གང༌།།དེ་ལ་ངོ་བོ་ཕྱི་རོལ་དང༌། །གཅིག་ལྟ་གཞན་ལས་ལོག་ལྟ་བུར།།སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན།།ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན།།དེས་ན་ཐ་དད་མིན་ལྟ་བུར། །དེ་ཉིད་གཞན་ལས་ལོག་པར་ཡང༌།།སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གི།ཤེས་པ་དང་ནི་བརྗོད་པ་ཡིས། །ཐ་སྙད་ནོར་དོན་ཅན་རྒྱས་བྱེད།།དངོས་པོ་རྣམས་ཀྱི་དེ་ཀུན་ཀྱང༌། །ཕན་ཚུན་མེད་ལ་བརྟེན་པ་སྟེ།།དེས་ན་གཞན་སེལ་ཡུལ་ཅན་དང༌། །གང་ལ་དངོས་དང་འབྲེལ་ཡོད་པ།།དངོས་པོ་རྙེད་པའི་རྟེན་ཡིན་ཏེ། །རྗེས་དཔག་ཇི་སྐད་བཤད་ཇི་བཞིན།།འཁྲུལ་པར་འདྲ་ཡང་གཞན་ལས་མིན། །མར་མེའི་འོད་ལས་ནོར་བུ་བཞིན།།དེ་ལྟར་སྤྱི་ལ་དོན་དུ་གྲུབ་པ་གང་ཡང་མེད་ན་དེ་ལ་དགག་སྒྲུབ་བྱས་པས་དོན་རང་མཚན་ལ་གོ་བ་དང༌། སྤྱི་ཁེགས་པས་བྱེ་བྲག་ཁེགས་པ་དང༌། བྱེ་བྲག་གྲུབ་པས་སྤྱི་གྲུབ་པ་སོགས་མི་འཐད་དོ་ཞེ་ན། ཤིང་གསལ་གྱི་ར༷ང་བཞིན་དེ་དངོས་སུ་འཛིན་པར་རློམ་པ་སྣང་བརྟག་གཅིག་ཏུ་བསྲེས་ནས་བཟུང་བའི་སྤྱི་འཛིན་གྱི་རྣ༷མ་རྟོག་གི་བློ་ལ་དཔྱད་ན་ཤིང་རང་མཚན་གྱི་དོན་བཟུང་བ་མེད་ཀྱ༷ང༌། མ་བརྟགས་པར་ཞེན་པའི་ངོར་རང་མཚན་དེ་ཡི་དོན་དངོས་སུ་ཡོད་པ་ཅ༷ན་འདྲ༷་སྟེ། ཤིང་རང་མཚན་མྱོང་བའི་བག་ཆགས་ལས་སྐྱེས་ཤིང༌། རང་གི་སྣང་ཡུལ་དེ་ལ་ཕྱི་རོལ་གྱི་ཤིང་རང་མཚན་དུ་ཞེན་པའི་ཕྱིར། དེ་ཡང་ཤིང་དེ་ཡི་འབྲ༷ས་བུ་མེ་འབུད་པ་ལ་སོགས་པ་ཅ༷ན་མིན་པའི་དོན་གཞན་རིགས་མི་མཐུན་པ་ལ༷ས་ཐ༷་ད༷ད་པའམ་ལོག་པའི་མཐ༷ར་ཐུ༷ག་པ་ཤིང་རང་མཚན་ལས་བརྒྱུད་ནས་སྐྱེ་བ༷་སྤྱི་བློ་ག༷ང་ཡིན་པ་དེ་ལ༷་སྣང་བའི་རང་ཡུལ་གྱི་ངོ་བོ་དེ་ནི་ཕྱི་རོལ་གྱི་དོན་ཡིན་པ་ལྟ་བུ་ད༷ང༌། རང་མིན་ལས་ལྡོག་པའི་ཡོངས་གཅོད་གཅིག་གི་རྣམ་པ་ལྟ༷་བུ་དང༌། རིགས་མི་མཐུན་པ་གཞ༷ན་ལ༷ས་ལོག་པའི་རང་མཚན་དངོས་ཡིན་པ་ལྟ༷་བུ༷ར་སྣ༷ང་བ༷་ག༷ང་ཡིན་པ་དེ་ལ་བརྡ་འདོགས་པར་བྱེད་པ་པོ་རྣམས་ཀྱིས་དེ་ལྟར་ལྷག་པར་ཞེན་ནས་ཐ་སྙད་ལ་འཇུག་པར་འགྱུར་རོ།།དེ་ལྟ་ནའང་དོན་སྤྱི་འཛིན་གྱི་སྣང་ཡུལ་མེ་ལྟ་བུ་དེ་ལ་འབྲས་བུ་དོན་གཉེར་གྱི་སྐྱེས་བུས་བཙོ་སྲེག་གི་དོན་བྱེད་ནུས་སོགས་སུ་བརྟ༷ག་པ༷་ཡི་ཡ༷ན་ལ༷ག་ཅུང་ཟད་ཀྱང་མེད་པའི་ཕྱིར་སྣང་བ་དེ་རང་མཚན་དེ་ཉིད་མིན་ནོ། །གལ་ཏེ་ཡིན་ན་མེ་སྣང་དེས་ཀྱང་གྲང་རེག་འགོག་པ་དང༌། ལྷ་ཡུལ་གྱི་དོན་སྤྱི་སྣང་བས་ཀྱང་ལྷ་ཡུལ་མངོན་སུམ་མཐོང་བར་ཐལ་ལོ། །དེས་ན་སྤྱི་འཛིན་གྱི་ཤེས་ངོ་ལ༷་ཡོད་པ༷འི་སྣང་ཡུལ་གྱི་དོན་དེ་རྣ༷མས། འདི་ལྟ༷ར་ཤིང་མིན་སོགས་ལས་ལྡོག་པ༷འི་ངོ་བོ་ཅ༷ན་དུ་སྣང་བ་དེས་ན༷་ཐ༷་ད༷ད་མིན་པ་གཅིག་ལྟ༷་བུ༷ར་ཡང་སྣང་ལ། སྣང་ཡུལ་གསེར་བུམ་ལྟ་བུ་དེ་ཉིད་གཞ༷ན་རིགས་མཐུན་པ་ལ༷ས་ཀྱང་ལོག་པ༷ར་གྱུར་པ་རང་མཚན་ཡིན་པར་ཡ༷ང་སྣ༷ང་སྟེ། དེས་ན་སེལ་ངོའི་སྣང་བ་དེ་ལ༷་གཅིག་ཏུ་སྣང་བའི་ཆ་ནས་སྤྱི་ཞེས་སུ་འཇོག་པ་ད༷ང་ནི། ལོག་པ་རང་མཚན་ལྟར་སྣང་བའི་ཆ་ནས་འདི་ཨུཏྤལ་ཡང་ཡིན་ལ་སྔོན་པོའང་ཡིན་པ་ལྟ་བུའི་གཞི་མཐུ༷ན་པ་ཞེས་སུ་འཇོག་སྟེ། དེ་ལྟར་ལྡོག་པ་དང་གཞི་མཐུན་ཞེས་པའི་སྤྱོད་ཡུ༷ལ་ཅ༷ན་ད༷ག་གི་སྟེ་དེ་ལྟར་བློས་ཤེས་པ༷་ད༷ང་ནི་ངག་གིས་བརྗོད་པ༷་ཡི་ཐ༷་སྙ༷ད་གང་ཞིག དཔྱད་ན་དབྱེ་བསྡུའི་རྟོག་པས་བཅོས་མ་ནོར་བའི་དོན་ཅ༷ན་རྣམས་འཇུག་ཅིང་རྒྱ༷ས་པར་བྱེད་དོ། །གལ་ཏེ་ཐ་སྙད་རྣམས་ནོར་བའི་དོན་ཅན་ཡིན་ན་ཐ་སྙད་དེས་འཇུག་ཡུལ་མི་འཐོབ་པར་འགྱུར་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང༌། སྒྲ་རྟག་འཛིན་རྟོག་པ་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་མི་འཐད་པར་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ། དངོས་པོ་རྣ༷མས་ཀྱི་ཤེས་བརྗོད་ཀྱི་ཐ་སྙད་དེ་ཀུ༷ན་ཀྱ༷ང་ཕ༷ན་ཚུ༷ན་གཅིག་ལ་གཅིག་འདྲེ་བ་མེད་པའི་རང་མཚན་ལ༷་བརྟེན་པ༷་སྟེ་དེ་ལ་མཐར་ཐུག་པའོ། །དེས་ན༷་རང་གི་ངོ་བོ་ནི་དངོས་པོ་དེ་ལ་སྒྲོ་འདོགས་པ་གཞ༷ན་སེལ་བའི་ཡུ༷ལ་ཅ༷ན་ཡིན་པ་ད༷ང༌། ཐ་སྙད་ཀྱི་རྟོག་པ་ག༷ང་ལ༷་ཞེན་པས་ཞུགས་ན་དེས་བཟུང་བ་ལྟར་དངོས་པོ་ལ་གྲུབ་པ་ཡིན་ན་ནི། རྟོག་པ་དེ་དངོས་པོ་ད༷ང་ཡུལ་ཡུལ་ཅན་དུ་དོན་གྱི་འབྲེལ་བ་ཡོད་པ༷་དེ་ནི་ཐ་སྙད་ཀྱིས་ཇི་ལྟར་བཅད་པ་ལྟར། རང་མཚན་གྱི་དངོས་པོ་རྙེད་པའམ་འཐོབ་པ༷འི་རྟེན་དུ་རུང་བ་ཡིན་ཏེ། དཔེར་ན་རྗེས་དཔ༷ག་གི་སྣང་ཡུལ་དོན་སྤྱི་ཡིན་ཡང༌། དེས་བཅད་པ་ལྟར་རང་མཚན་ལ་མི་སླུ་བར་ཇི་སྐ༷ད་བཤ༷ད་པ་ཇི་ལྟ་བ་བཞིན་ནོ། །དེས་ན་ཐ་སྙད་དོན་མཐུན་དང་དོན་མི་མཐུན་གྱི་རྟོག་པ་ཐམས་ཅད་དོན་སྤྱི་ལ་ཡུལ་དུ་ཞེན་པས་འཁྲུ༷ལ་པ༷ར་འདྲ༷་ཡ༷ང་སྒྲ་རྟག་པ་ལ་སོགས་པའི་ཐ་སྙད་ཕྱིན་ཅི་ལོག་གཞ༷ན་ལ༷ས་དོན་ཡང་དེ་བཞིན་འཐོབ་པ་མིན་ཏེ། མ༷ར་མེའི་འོད་ལ་ནོར་བུར་འཁྲུལ་པ་ལ༷ས་ནོར་བུའི་ཕྱིར་རྒྱུག་ཀྱང་ནོར་བུ༷་མི་འཐོབ་པ་བཞིན་ནོ། །སྒྲ་མི་རྟག་པའི་ཐ་སྙད་ནི་དེ་ལ་ཞུགས་པ་ལྟར་དོན་ཡང་དེ་བཞིན་འཐོབ་སྟེ་ནོར་བུའི་འོད་ལ་ནོར་བུར་འཁྲུལ་ཡང་དེར་རྒྱུག་པས་ནོར་བུ་འཐོབ་པ་བཞིན་ནོ། །དེས་ན་སེལ་བའི་ཡུལ་ཅན་རྟོག་པའི་ཐ་སྙད་ལ་དོན་མཐུན་མི་མཐུན་གཉིས་ལས་ཇི་ལྟར་བཅད་པ་ལྟར་དོན་ཐོབ་པ་དང་མི་འཐོབ་པར་ཤེས་པར་བྱའོ།།
གསུམ་པ་རྩོད་པ་གཉིས་པོ་སྤོང་བའི་མཇུག་བསྡུ་ནི།
དེ་ལ་དུ་མའང་འབྲས་གཅིག་ཅན། །དེ་འབྲས་ཅན་མིན་གཞན་རྟེན་ཅན།།བརྗོད་དང་ཤེས་པས་གཅིག་ཉིད་དུ། །ཐ་སྙད་རབ་ཏུ་འཇུག་པར་བྱེད།།དེ་བཞིན་གཅིག་ཀྱང་དུ་མ་བྱེད། །དེ་དངོས་ཡོངས་སུ་བསྟན་པའི་ཕྱིར།།དེ་འབྲས་ཅན་མིན་དོན་ལས་ནི། །ཐ་དད་པས་ཆོས་སྣ་ཚོགས་ཤེས།།ཐ་སྙད་ཀྱི་ཡུལ་དེ་ལ༷་བུམ་པའི་བྱེ་བྲག་དུ༷་མ༷འ༷ང་ཆུ་སྐྱོར་བ་སོགས་ཀྱི་འབྲ༷ས་བུ་ཙམ་དུ་དོན་གཅིག་པ་ཅ༷ན་ཡིན་ཞིང༌། དེ་ཡི་འབྲ༷ས་བུ་ཅ༷ན་མིན་པ་ཆུ་མི་སྐྱོར་བ་སོགས་ལས་གཞ༷ན་དུ་གྱུར་པའམ་ལྡོག་པ་ཡིན་ལ། དེ་འདྲའི་རང་མཚན་ལ་རྟེན་པ་ཅ༷ན་གྱི་བརྗོད་ད༷ང་ཤེས་པ༷ས་ཆོས་དུ་མ་ལའང་གཅིག་ཉིད་དུ༷་སྒྲོ་བཏགས་ནས་སྤྱི་ཡི་ཐ༷་སྙ༷ད་ར༷བ་ཏུ༷་འཇུ༷ག་པ༷ར་བྱེད་དོ། །དུ་མ་གཅིག་ཏུ་འཛིན་པ་སྤྱི་བློའི་ས་བོན་ཡིན་ཞིང་དེས་དུ་མ་ལ་གཅིག་གི་སྒྲ་འཇུག་པ་དེ་བཞིན་དུ་གསལ་བའི་དངོས་པོ་བུམ་པ་ལྟ་བུ་གཅིག་གིས་ཀྱ༷ང་མིག་ཤེས་སྐྱེད་པ་ཆུ་སྐྱོར་བ་སོགས་རང་འབྲས་དུ༷་མ༷་བྱེད་པ་དེ་ལྟ་བུའི་དངོས་པོ་དེ་ཡོངས་སུ༷་བསྟ༷ན་པ༷འི་ཕྱིར། བུམ་པ་དེ་ཡི་འབྲ༷ས་བུ་ཅ༷ན་མིན་པ་མིག་ཤེས་ཀྱིས་གཟུང་བྱ་མིན་པ་ཆུ་མི་སྐྱོར་བ་སོགས་ཀྱི་དོན་གཞན་ལ༷ས་ནི་ཐ༷་ད༷ད་པའམ་ལྡོག་པ༷ས་བུམ་པ་གཅིག་པུ་དེ་ལ་ཆོས་སྣ༷་ཚོགས་ཡོད་པར་ཤེས་ཤིང་བརྗོད་པ་ཡིན་ཏེ། བུམ་པ་གཅིག་ལའང་མིག་གིས་གཟུང་བྱ་ཡིན་པ་དང་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བ་སོགས་ལྡོག་ཆོས་དུ་མར་ཕྱེ་བ་དེ་གཞི་
མཐུན་གྱི་རྣམ་རྟོག་སྐྱེ་བའི་ས་བོན་ཡིན་ཏེ། དེ་མེད་པ་རྣམ་རྟོག་དེ་སྐྱེ་བ་མི་སྲིད་དོ། །དམ་པའི་དོན་དུ་གཞི་མཐུན་པ་ཞེས་སུ་མ་གྲུབ་སྟེ། མཐུན་རྒྱུ་གཉིས་དང་དེ་གཉིས་ཀ་ཡིན་པར་གྱུར་པའི་གཞི་གཅིག་དང་གསུམ་དུ་མ་ཕྱེ་ན་གཞི་མཐུན་དུ་བཞག་མི་ཤེས་ལ་དོན་གྱི་སྟེང་ན་ཆོས་གཉིས་སུ་ཡོད་ན་ཕན་ཚུན་ཡིན་པ་མི་སྲིད་ལ། མེད་ན་མཐུན་རྒྱུ་ཡང་མེད་པས་ན་བློ་ངོར་ལྡོག་པ་ཐ་དད་ཀྱི་རྣམ་པར་སྣང་བ་དེ་དག་དོན་གྱི་ངོ་བོར་སྣང་བའི་ལྡོག་པ་ལ་དབྱེར་མེད་པར་སྣང་བའི་སེལ་འཇུག་གི་དབང་གིས་དེ་ལྟ་བུའི་ཐ་སྙད་སྦྱར་བ་ཡིན་པར་ཤེས་པར་བྱའོ།།
གཉིས་པ་དེ་ཡི་གྲུབ་དོན་རང་ལུགས་བཞག་པ་ནི།
སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར།།གྲགས་པ་བཞིན་དུ་བརྗོད་པ་སྟེ། །དངོས་ལ་འདི་ནི་མི་སྲིད་དོ།།ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ།།དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ།།དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ།།དམ་པའི་དོན་ལ་གཞུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན།།དམ་པའི་དོན་གྱི་དོན་རྣམས་ནི། །/རང་གིས་12འདྲེ་དང་ཐ་དད་མེད།།དེ་ལ་ངོ་བོ་གཅིག་པ་དང༌། །དུ་མ་བློ་ཡིས་བསླད་པ་ཡིན།།དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ།།དེ་ཉིད་ལ་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟགས།།བསྒྲུབ་བྱ་སྒྲུབ་པར་རྟོག་པ་ལ། །དངོས་པོ་མཐོང་བ་ཉམས་པའི་ཕྱིར།།ཁྱད་པར་སྤྱི་དང་འདྲེས་པ་འདིར། །རང་གི་མཚན་ཉིད་གཟུང་བྱ་མིན།།དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་ཅིར་ཡང་གཟུང་བྱ་མིན།།བྱེ་བྲག་ཁྱད་པར་མང་པོ་རྣམས། །དེ་གཅིག་ལ་ནི་མི་རུང་ཕྱིར།།དེ་ཡི་ངོ་བོ་ཀུན་ལས་ལོག །དེ་དེ་བཞིན་དུ་རྟོགས་བྱེད་པའི།།སྒྲ་ཡོད་མ་ཡིན་རྟོག་པ་ཡང༌། །སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ།།ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།།སྒྲ༷་དོན་ཙམ་གྱི་སྤྱི་འདི་ད༷ང་ལྡོག་པ་དུ་མའི་གཞི་མཐུ༷ན་ཉིད་དམ་པའི་དོན་དུ་ཡོད་པ༷་མིན་ཡ༷ང༌། རྣམ་པར་རྟོག་པའི་དབང་ལས་ཇི་ལྟ་བུ༷ར་གྲག༷ས་པ༷་བཞིན་དུ༷་བརྗོད་ཅིང་བཞག་པ༷་སྟེ། དངོས་པོ་རང་གི་དོན་ལ༷་སྤྱི་དང་གཞི་མཐུན་འདི་ནི་མི་སྲིད་དོ། །དངོས་ལ་མི་སྲིད་ན་དེ་ལྟ་བུར་རྣམ་པར་བཞག་པའང་དོན་ལ་མི་འཇུག་ཅིང་དགོས་པ་མེད་པར་འགྱུར་རོ་ཞེ་ན། མི་རྟག་པ་དང་སྒྲ་ལྟ་བུ་ཆོས་ད༷ང་ཆོས་ཅ༷ན་རྣ༷མ་པར་གཞ༷ག་པ་ད༷ང༌། ཆོས་གཅིག་ལའང་ལྡོག་པའི་སྒོ་ནས་ཆོས་ཐ༷་ད༷ད་པར་བཞག་པ་དང༌། ཆོས་དུ་མ་རིགས་གཅིག་པའི་སྒོ་ནས་ཐ༷་ད༷ད་མིན་པ་ཅི་འདྲ༷་བར་བཞག་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ནི་ཚུལ་བཞིན་མ༷་བརྟ༷གས་མ་དཔྱད་པ༷ར་རྣམ་པར་རྟོག་པ་ཞེན་པའི་དབང་གིས་འཇིག་རྟེན་ན་ཇི་ལྟ༷ར་གྲག༷ས་པ་དེ་ལ༷་དེ་བཞིན་ཁོ་ན༷ར་ཏེ་གཞན་དུ་མ་བྱས་པར་བརྟེན་པར་བྱས་ན༷ས་ནི། བསྒྲུ༷བ་པར་བྱ༷་བ་དང་སྒྲུ༷བ་པར་བྱེད་པ༷་ཀུ༷ན་རྣམ་པར་གཞ༷ག་པ༷་ནི་མི་རྟག་བདག་མེད་སོགས་རང་མཚན་ལ་ཇི་ལྟར་ཡོད་པ་ད༷མ་པ༷འི་དོན་ལ༷་གཞུ༷ག་པར་བྱ༷་བའི་ཕྱིར་བསྟན་བཅོས་བྱེད་པའི་མཁ༷ས་པ༷་རྣ༷མས་ཀྱིས་བྱ༷ས་པ༷་ཡིན་ཏེ། སྒྲ་མི་རྟག་པར་བྱས་པས་བསྒྲུབ་པ་ལྟ་བུ་ལ་དོན་གྱི་སྟེང་ན་རྟགས་ཆོས་དོན་གསུམ་ཐ་དད་དུ་མེད་ལ། དེ་བཞིན་ཐ་སྙད་ཐམས་ཅད་དོན་རང་མཚན་པ་མེད་ཀྱང༌། ཐ་སྙད་དོན་མཐུན་གྱི་བརྟག་པ་རང་མཚན་ལ་འཇུག་པ་མི་སླུ་བས་མཁས་པ་རྣམས་ཀྱིས་འཇིག་རྟེན་ལ་གྲགས་པ་དེ་ལ་བརྟེན་ནས་སྣང་བརྟག་གཅིག་ཏུ་བསྲེས་པ་དེ་ཡི་དབང་དུ་བྱས་ནས་བསྒྲུབ་བྱ་སྒྲུབ་བྱེད་སོགས་ཐ་སྙད་ཀུན་བཞག་སྟེ། དེ་ལས་གཞན་དུ་ཐ་སྙད་འགྲུབ་པའི་ཐབས་མེད་དོ། །དེས་ན་རྣམ་པར་ཕྱེ་ཞིང་དཔྱད་ན། སྒྲའི་དངོས་ཀྱི་བརྗོད་བྱ་སྤྱི་མཚན་དང་ཞེན་པས་བརྗོད་བྱ་རང་མཚན། དངོས་ཀྱི་རྗོད་བྱེད་སྒྲར་སྣང་བ་སྒྲ་སྤྱི་དང༌། ཞེན་པས་རྗོད་བྱེད་སྒྲར་གྲགས་པ་སྒྲ་རང་མཚན་ནོ། །བརྡ་ལ་འཇུག་པའི་དུས་སུ་ནི་སྣང་བརྟག་མི་ཕྱེ་བར་གཅིག་ཏུ་འཁྲུལ་ནས་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་འགྲུབ་པ་ཡིན་ནོ། །ད༷མ་པ༷འི་དོན་རང་མཚན་གྱི་ངོ་བོའམ་དོན་རྣ༷མས་ནི་ཐ་དད་པ་དག་ར༷ང་གིས་ཏེ་ངོ་བོ་ཉིད་ཀྱིས་འདྲེ་བ་མེད་པ་ད༷ང༌། སྒྲ་དང་མི་རྟག་ལྟ་བུ་ངོ་བོ་གཅིག་པ་དེ་དོན་གྱི་སྟེང་ན་ཐ༷་ད༷ད་པ་མེད་པའི་ཕྱིར། རང་མཚན་དེ་ལ༷་དུ་མ་ངོ་བོ་གཅིག་པ༷་ཉིད་དུ་སེམས་པ་ད༷ང༌། རང་མཚན་གཅིག་ལ་ཆོས་དུ༷་མ༷་སོ་སོར་ཡོད་པར་འཛིན་པ་ནི་བློ་རྣམ་པར་རྟོག་པ་ཡིས་བསླ༷ད་པ༷་ཡིན་ནོ། །དེས་ན་དེ་ནི་སྤྱིའོ་ཞེས་དང་འདི་ནི་ཁྱ༷ད་པ༷ར་རོ་ཞེས་བྱ༷་བའི་བྱེ་བྲ༷ག་གམ་ཁྱད་པར་གྱི་ཐ་སྙད་འདི་ནི་རང་མཚན་མཐོང་བ་ལས་བརྒྱུད་དེ་འོང་བའི་བློ་རྣམ་པར་རྟོག་པའི་དོན་ནམ་ཡུལ་ཉིད་ལ༷་འཇུག་གི་རང་མཚན་ལ་དངོས་སུ་འཇུག་པ་ནི་མ་ཡིན་ནོ། །རྟོག་ཡུལ་རྫུན་པ་ལ་ཆོས་ཐ་དད་བཞག་ཏུ་ཇི་ལྟར་ཡོད་སྙམ་ན། རྟོག་ཡུལ་དེ་ཉིད་ལ༷་རང་མཚན་དུ་ལྷག་པར་ཞེན་ནས་རང་མཚན་གཞན་ཀུན་ལས་ལོག་པ་ལྟར་འདིར་ཡང་མ་བྱས་པ་དང་རྟག་པ་སོགས་གཞ༷ན་ལ༷ས་ལྡོག་པར་བཏགས་པ༷ས་ལྡོག་ལྡན་ལྟ་བུར་སྣང་བ་དེ་ལ་བྱས་མི་རྟག་སོགས་ཆོས་ཀྱི་བྱེ་བྲ༷ག་དུ་མར་དབྱེ་ཞིང་ར༷བ་ཏུ༷་བརྟ༷གས་པ་ཡིན་ནོ། །དེས་ན་བསྒྲུ༷བ་བྱ༷་སྒྲ་མི་རྟག་པའོ་སྙམ་པའི་རྟོག་པ་དེ་དང་དེ་བྱས་པས་སྒྲུ༷བ་པ༷ར་བྱེད་དོ་སྙམ་པའི་རྗེས་དཔག་གི་རྣམ་པར་རྟོག་པ༷་ལ༷། དངོས་པོ་རང་མཚན་མཐོང་བ༷་ཉ༷མས་པ་སྟེ་མེད་པ༷འི་ཕྱིར་མི་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་རང་མཚན་མི་འཛིན་པར་ཤེས་པར་བྱའོ། །འོ་ན་སློབ་དཔོན་ཕྱོགས་གླང་གིས་རྗེས་སུ་དཔག་པས་ནི་གཞན་སེལ་བས་ཁྱད་པར་དུ་བྱས་པའི་ཁྱད་པར་དག་འཛིན་ཞེས་གསུངས་པ་ཅི་ཞེ་ན། དེ་ནི་ཁྱ༷ད་པ༷ར་མེ་ལྟ་བུ་དེ་རྟོག་ངོར་སྣང་བའི་སྤྱི་ད༷ང་འདྲེས་པ༷འམ་བསྲེས་ནས་འཛིན་པ་འདིར་ཞེན་པ་དེའི་ངོར་ཁྱད་པར་ཞེས་གསུངས་པ་ཡིན་གྱི་ཁྱད་པར་ཞེས་པ་ར༷ང་གི་མཚ༷ན་ཉིད་དངོས་རྗེས་དཔག་གིས་གཟུ༷ང་ངོ་ཞེས་བྱ༷་བའི་དོན་མིན་ནོ། །རང་མཚན་དེ་ནི་དུ་མ་འདྲེས་པའི་སྤྱི་ད༷ང་གཅིག་ལ་དུ་མ་ཡོད་པའི་ཁྱ༷ད་པ༷ར་གྱི་རྣ༷མ་པ་དང་ཆོས་དང་ཆོས་ཅན་སོགས་ཀྱི་རྣམ་པ་ཅིར་ཡ༷ང་གཟུ༷ང་བྱ༷་མིན་ཏེ། ཐ་སྙད་ཀྱི་བྱེ་བྲ༷ག་གི་ཁྱ༷ད་པ༷ར་མ༷ང་པོ་དག་ཏུ་དབྱེ་བ་རྣ༷མས་རང་མཚན་གྱི་དངོས་པོ་ཆ་ཐ་དད་དུ་མེད་པ་དེ་གཅིག་པུའི་རང་བཞིན་ལ༷་ནི་དེ་ལྟར་དབྱེ་བ་སྣ་ཚོགས་མི་རུ༷ང་བའི་ཕྱིར་རོ། །དེ་ཡང་རང་མཚན་དེ་ཡི་ངོ་བོ་ནི་རང་མ་ཡིན་པ་ཀུ༷ན་ལ༷ས་ལོག་ནས་ཐུན་མོང་མིན་པར་གནས་པས་ན། དེས་རང་མིན་པ་ཀུན་བསལ་བའི་ཆ་ནས་བརྗོད་ན་དེ་ལས་གཞན་པའི་ཤེས་བྱ་ཀུན་གྱི་གྲངས་སྙེད་དུ་བརྗོད་དུ་རུང་ལ། རང་མིན་མཐའ་དག་ཅིག་ཅར་ཆོད་པའི་རང་མཚན་དེ་ཇི་ལྟར་གནས་པ་དེ་ཁོ་ན་བཞིན་དུ༷་དངོས་ཀྱི་བརྗོད་བྱར་བྱས་ནས་རྟོགས་པར་བྱེད་པ༷འི་སྒྲ༷་ཡོད་པ་མ༷་ཡིན་ལ་དེ་ལྟར་འཛིན་ནུས་པའི་རྟོག་པ༷་ཡ༷ང་མེད་དེ། སྒྲ་དང་རྟོག་པ་ནི་གཞན་རྣམ་པར་བཅད་པའི་སྤྱི་ཉིད་ཀྱི་དོན་དུ༷་ནི་འཇུ༷ག་པར་ངེས་པའི་ཕྱིར་རོ།།/༼ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།།༽13 དེས་ན་བུམ་པའི་སྒྲ་རྟོག་གིས་ཆུ་མི་སྐྱོར་བ་སོགས་རིགས་མི་མཐུན་བཅད་ཀྱང་སྒྲ་རྟོག་གི་ཡུལ་དེ་གཞན་སེལ་བ་སྤྱི་ཙམ་དུ་གནས་ཀྱི་བུམ་པའི་རང་མཚན་དངོས་མིན་ཏེ་སྒྲ་རྟོག་སྒྲུབ་འཇུག་སྔར་བཀག་པ་ལ་སོགས་པ་བཞིན་ནོ།།
གཉིས་པ་རྗོད་བྱེད་སྒྲ་ཡི་ཡུལ་སེལ་བར་བསྒྲུབ་པ་ལ། བརྡ་ཡུལ་སྒྲུབ་པར་འདོད་པ་གཞན་ལུགས་དགག །སྒྲ་རྣམས་སེལ་འཇུག་རང་ལུགས་འཐད་པར་བསྟན། །དེ་ལ་གཞན་གྱི་རྩོད་པ་སྤང་བ་གསུམ། །དང་པོ་ལ། རང་མཚན་རྐྱང་པ་བརྗོད་བྱར་མི་རུང་བ། །སྤྱི་དངོས་རྐྱང་པ་བརྗོད་བྱ་མིན་པ་དང༌། །སྤྱི་ལྡན་རང་མཚན་བརྗོད་བྱ་མིན་པ་འོ། །དང་པོ།
སྒྲ་རྣམས་ཀྱིས་ནི་བརྡར་14བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས།།དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན།།མུ་སྟེགས་བརྡ་སྤྲོད་པ་ན་རེ། མེ་བྱིན་ཅིག་ཅེས་ཟེར་ན་ཚ་ཞིང་སྲེག་པ་དེ་ལེན་པས་བརྡ་ནི་རང་མཚན་ཁོ་ན་ལ་སྦྱར་རོ་ཞེས་ཟེར། དེ་མ་ཡིན་ཏེ་འདི་ལྟར་མེ་ལ་སོགས་པའི་སྒྲ༷་རྣ༷མས་ཀྱིས་ནི་དོན་ཚ་སྲེག་སོགས་ལ་གོ་བྱེད་ཀྱི་བརྡ༷ར་བཏ༷གས་ནས་བརྗོད་བྱ་དེ་སྟོན་པའམ་གོ་བར་བྱེད་པ་ཡིན་ལ། བརྡ་དེ་ལྟ་བུ་དགོས་པ་ཅིའི་ཕྱིར་གདགས་ཤེ་ན། བརྡ་དེ་ནི་དོན་དེ་ལ་ཤེས་བརྗོད་འཇུག་གསུམ་གྱི་ཐ༷་སྙ༷ད་བྱ་བའི་ཆེད་དུ༷་བཏགས་པར་བྱ༷ས་པ་སྟེ་དེ་ལས་གཞན་གྱི་དགོས་པ་གང་ཡང་མེད་དོ། །དེ་ལྟར་ཡིན་ཡང་རང་མཚན་ཁོ་ན་ལ་བརྡ་གདགས་པ་ཡིན་ན། ཕྱིས་ཐ་སྙད་བྱེད་པ་དེ་ཚེ་སྔར་བརྡ་གདགས་པའི་དུས་ཀྱི་ར༷ང་གི་མཚ༷ན་ཉིད་ནི་འགགས་ནས་མེད་པ་དེས་ན༷་རང་མཚན་དེ་ལ༷་བརྡ༷ར་བྱས་པ་མ༷་ཡིན་ཏེ། རང་མཚན་ནི་ཡུལ་དུས་རྣམ་པ་མ་འདྲེས་པའི་དངོས་པོ་ཡིན་ལ། བརྡ་ནི་དེ་འདྲའི་ངེས་པ་མེད་པར་རང་གི་བརྗོད་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ།།
གཉིས་པ་སྤྱི་དངོས་རྐྱང་པ་བརྗོད་བྱ་མིན་པ་བསྟན་པ།
ཅི་ནས་སྐྱེས་བུ་དོན་བྱེད་པར། །ནུས་པ་ཤེས་ནས་དེ་བསྒྲུབ་ཕྱིར།།འཇུག་པར་འགྱུར་ཞེས་དོན་རྣམས་ལ། །རྗོད་པར་བྱེད་པ་སྦྱོར་བར་བྱེད།།དེ་ལ་རིགས་དོན་བྱེད་རུང་མིན།།མུ་སྟེགས་བྱེ་བྲག་པ་དང་གྲངས་ཅན་པ་ན་རེ། རང་མཚན་ལ་བརྡ་འདོགས་པ་བཤད་མ་ཐག་པ་ལྟར་མི་འཐད་པས་སྤྱི་ལ་བརྡ་སྦྱོར་བ་ཡིན་ནོ་ཞེས་འདོད་ཅིང༌། དེ་ལ་བྱེ་བྲག་པས་སྤྱི་གསལ་ཐ་དད་དུ་འདོད་ལ་གྲངས་ཅན་པས་གཅིག་ཏུ་འདོད་དོ། །དེ་ཡང་མི་འཐད་དེ། ཅི་ན༷ས་ཏེ་ངེས་པར་སྐྱེས་བུ༷་རྣམས་ཀྱིས་དངོས་པོ་གང་ཞིག་བཞོ་བཀལ་ལ་སོགས་པའི་དོན་བྱེད་པ༷ར་ནུ༷ས་པ༷་ཤེས་ན༷ས་དོན་དུ་གཉེར་བྱ་དེ་འདྲ་བ་བསྒྲུ༷བ་པའི་ཕྱིར། མིང་འདི་ལ་བརྟེན་ནས་དོན་རང་མཚན་ལ་འཇུ༷ག་པའི་སྒོ་ནས་དེ་ཤེས་པ༷ར་འགྱུ༷ར་རོ་ཞེས་སྙམ་དུ་ནོག་ལྐོག་ཤལ་དང་ལྡན་པ་ལ་སོགས་པའི་དོན་གྱི་དངོས་པོ་རྣ༷མས་ལ༷་རྗོད་པ༷ར་བྱེད་པ༷་བ་ལང་ལ་སོགས་པའི་བརྡ་རྣམས་སྦྱོར་བ༷ར་བྱེད་དེ་བརྡ་སྦྱོར་བ་ནི་དགོས་པ་སྒྲུབ་པའི་དོན་ཅན་ཡིན་པས་སོ། །མིང་བཏགས་པའི་དགོས་དོན་དེ་ལྟ་བུ་ཡིན་པ་ལ༷་རིགས་རྟག་པ་ནི་བཞོ་བཀལ་ལ་སོགས་པའི་དོན་བྱེད་པར་རུ༷ང་བ་མིན་ན་དེ་ལ་བརྡ་སྦྱར་བ་ན་བ་ལང་ལ་སོགས་པའི་བརྡ་ལ་དགོས་ནུས་གང་ཡང་མེད་པར་འགྱུར་རོ། །སྤྱི་ལ་བརྡ་སྦྱར་ཀྱང་རང་མཚན་ལ་གོ་བར་འགྱུར་རོ་ཞེ་ནའང་མིན་ཏེ་སྔར་རང་དབང་མེད་ཕྱིར་སོགས་བཀག་པ་བཞིན་དང༌། འབྲེལ་བའི་ཕྱིར་གོ་བར་ཡང་མི་འཐད་དེ། ཕན་ཚུན་ཕན་འདོགས་པ་མེད་པས་འབྲེལ་བ་མེད་ལ་འབྲེལ་བ་ཡོད་དུ་ཆུག་ཀྱང་མཁར་བ་ཆོད་ཅེས་སྨྲས་པས་མཁར་བ་ཐོགས་པ་ཆོད་ཅེས་པར་མི་གོ་བ་བཞིན་གསལ་བས་ཁྱད་པར་དུ་བྱས་པ་མ་བརྗོད་པས་རང་མཚན་ལ་མི་གོ་སྟེ། མི་ནུས་པ་བརྗོད་པས་ནུས་པ་ལ་གོ་བ་མི་སྲིད་པ་ནི་དཔེར་ན་བ་འཇོ་བ་ལ་གླང་ཞོས་ཤིག་ཅེས་བརྗོད་པ་བཞིན་ནོ། །སྤྱི་རྟག་གཅིག་ཆ་མེད་ལ་རང་མཚན་མི་རྟག་པ་དང་དུ་མ་དང་ཆ་བཅས་ཤིན་ཏུ་མི་འདྲ་བའི་ཕྱིར་ཕན་ཚུན་འཁྲུལ་ནས་འཇུག་པའང་མི་སྲིད་དོ།།
གསུམ་པ་སྤྱི་ལྡན་རང་མཚན་བརྗོད་བྱ་མིན་པ་ལ། རིགས་ལྡན་གསལ་བ་རྣམས་དང་མཚུངས་པར་བསྟན། །སྤྱི་གཞན་བརྟགས་ལ་དགོས་པ་མེད་པ་འོ། །དང་པོ།
དེ་ལྡན་ནུས་པ་དེ་ཡང་ནི། །ཅི་ཕྱིར་དངོས་སུ་སྦྱོར་མི་བྱེད།།གལ་ཏེ་མཐའ་ཡས་ཕྱིར་འདི་མཚུངས།།གཅེར་བུ་པ་རྣམས་ན་རེ། སྤྱི་རྐྱང་པ་དང་རང་མཚན་རྐྱང་པ་བརྡ་ཡུལ་དུ་མི་འཐད་པས་སྤྱི་དང་ལྡན་པའི་གསལ་བ་ལ་བརྡ་བྱེད་དོ་ཞེས་འདོད་དོ། །དེ་ལྟར་རིགས་དེ་དང་ལྡ༷ན་པ་ཡི་དོན་བྱེད་ནུ༷ས་པ༷་རྫས་རང་མཚན་ལ་བརྡ་སྦྱོར་བ་ཡིན་ནོ་ཞེ་ནའང༌། བརྡ་དེ་ཡ༷ང་ནི་ཅིའི་ཕྱིར་གསལ་བ་ཉིད་ལ་དངོས་སུ༷་སྦྱོར་བར་མི་བྱེད་པར་བར་ན་དགོས་ནུས་མེད་པའི་རིགས་བརྒྱུད་པས་ཅི་བྱ་ཞེས་དྲིས་པ་ན། ག༷ལ་ཏེ་དེ་དག་ན་རེ། གསལ་བ་ནི་ཡུལ་དུས་རང་བཞིན་མཐ༷འ་ཡ༷ས་པའི་ཕྱིར་བརྡ་སྦྱར་མི་ནུས་ལ། རིགས་གཅིག་ཡིན་པའི་ཕྱིར་དེ་དང་ལྡན་པར་བརྡ་བྱས་ན་བརྡ་དོན་འགྲུབ་བོ་ཟེར་ན། མཐའ་ཡས་པ་འདི་སྤྱི་ལྡན་ལའང་མཚུ༷ངས་ཏེ་མཐའ་ཡས་པའི་གསལ་བ་རེ་རེ་བཞིན་སྤྱི་ལྡན་ཡིན་པས་སྤྱི་ལྡན་གསལ་བ་བརྡ་ཡུལ་དེ་མཐའ་ཡས་པ་སོ་ན་གནས་ཏེ་རིགས་ཀྱིས་གསལ་བ་ཉུང་དུ་བཏང་བ་ནི་གང་ཡང་མེད་དོ།།
གཉིས་པ་གཞན་སྤྱི་ནི་བརྡ་འདོགས་པའི་ཡུལ་ཡིན་ཞེས་བརྟགས་པ་ལ།སྤྱི་གཞན་དགོས་པ་མེད་ཚུལ་དངོས་དང་ནི། །དགོས་མེད་མི་འཐད་སྟོན་པ་དགག་པ་འོ། །དང་པོ།
དེ་བྱེད་དེ་བྱེད་མ་ཡིན་ལས། །ལོག་པར་མཚུངས་ལ་ཅིས་མ་བྱས།།དེ་ལྡན་ཉེས་མཚུངས་ཕྱིར་ཞེ་ན། །བླ་སྟེ་རིགས་གཞན་མི་དགོས་སོ།།དེ་ལས་གཞན་པ་ཡོངས་སྤངས་ནས། །འཇུག་འགྱུར་ཞེས་ཀྱང་སྒྲ་བརྗོད་དེ།།དེ་ཡིས་དེ་དག་རྣམས་ལས་འདི། །མི་གཅོད་ན་ནི་དེ་ཇི་ལྟར།།གལ་ཏེ་འདི་ལ་རྣམ་གཅོད་ཡོད། །སྒྲ་རྣམས་དགོས་པ་དེ་ཙམ་དུ།།ཟད་པ་མིན་ནམ་ཁྱེད་ལ་དེར། །སྤྱི་གཞན་གྱིས་ནི་ཅི་ཞིག་བྱ།།རྟོག་ངོར་ཆུ་སྐྱོར་བ་སོགས་ཀྱི་དོན་དེ་བྱེད་པ་དང་དེ་བྱེད་པ་མ༷་ཡིན་པ་ལ༷ས་ལོག་པ༷ར་མཚུ༷ངས་པ་ཙམ་གྱི་བུམ་པའི་གཞན་སེལ་ལ༷་བུམ་པ་ཞེས་བརྡ་ཅིས་མ༷་བྱ༷ས། གང་གིས་ན་བརྡ་ཡུལ་གྱི་སྤྱི་གཞན་ཁས་ལེན་པ་ཡིན་ཞེས་དྲིས་པ་ན། སྤྱི་དེ་དང་ལྡ༷ན་པ་ལ་ཇི་སྐད་བརྗོད་པའི་ཉེས་པ་ལྡོག་ལྡན་ལའང་མཚུ༷ངས་པའི་ཕྱིར་ཁས་མི་ལེན་ཞེ་ན༷། ཉེས་པ་དེར་རྣམ་པ་ཀུན་ཏུ་མི་འགྱུར་མོད་གལ་ཏེ་འགྱུར་བ་ཞིག་ཡིན་དུ་ཆུག་ཀྱང་བླ༷་སྟེ་ཚེགས་ཆེན་པོས་བསྒྲུབ་པའི་རིགས་གཞ༷ན་མི་དགོས་པར་སེལ་བ་ཁོ་ནས་བརྡ་དོན་གྲུབ་པར་མཐོང་བས་སོ། །དེ་ལ་ཉེས་པ་མཚུངས་ན་རིགས་ཁས་མི་ལེན་ལ། སེལ་བ་ཁས་ལེན་པ་ཅི་ཞེ་ན། བརྡ་ཡུལ་རིགས་ཡིན་པར་ཁས་བླངས་ཀྱང་སེལ་བ་མེད་ན་གཞན་མི་གཅོད་པས་སེལ་བ་ཁས་ལེན་དགོས་ལ། སེལ་བར་སྨྲ་བ་ལ་སྤྱི་དངོས་མེད་ཀྱང་དེ་ཙམ་གྱིས་དོན་གྲུབ་ཅིང༌། སེལ་བ་དེ་ནི་དངོས་མེད་སྒྲོ་བཏགས་ཡིན་པས་རིགས་ལ་བརྗོད་པའི་ཉེས་པ་བསལ་སླ་བའི་ཕྱིར་རོ། །གལ་ཏེ་སེལ་བ་ཙམ་ལ་བརྡ་སྦྱར་ཀྱང་དེས་བརྡ་བྱེད་པའི་དགོས་དོན་ཡོངས་སུ་འགྲུབ་པར་མི་འགྱུར་རོ་སྙམ་ན། འདི་ལྟར་ཤིང་ཞེས་པའི་སྒྲ་འདིས་ནི་ཤིང་གི་རིགས་དེ་ལ༷ས་གཞ༷ན་པ༷་ཐམས་ཅད་ཡོངས་སུ་སྤ༷ངས་པའམ་རྣམ་པར་བཅད་ན༷ས། ཤིང་གི་དངོས་པོ་འདི་ཉིད་ལ་འཇུ༷ག་པར་འགྱུ༷ར་རོ་ཞེས་བསམས་ནས་ཀྱ༷ང་གཞན་ལས་ཁྱད་པར་དུ་བྱེད་པའི་དོན་དུ་ཡལ་ག་ལོ་འདབ་ལྡན་པའི་དངོས་པོ་དེ་ལ་ཤིང་གི་སྒྲ༷་བརྗོད་པ་ཙམ་དུ་ཟད་དེ། ཀྱང་གི་སྒྲས་དངོས་པོ་ལ་དོན་གཉེར་གྱིས་འཇུག་པའི་སླད་དུ་བརྡ་སྦྱར་བར་མ་ཟད་སྒྲ་སྦྱར་ན་གཞན་ལས་ཁྱད་པར་དུ་ཕྱེ་ནས་དེ་ཉིད་གོ་ནུས་པར་ཡང་ཤེས་ནས་ཞེས་པ་སྡུད་པའི་ཆེད་དོ། །དེ་ལྟར་སྒྲ་བརྗོད་པ་དེ་ཡིས་རང་ལས་གཞན་པ་དེ་ད༷ག་རྣ༷མས་ལ༷ས་འདི་གཞན་པའམ་ལོགས་སུ་ཕྱེ་ནས་ཁྱད་པར་དུ་མི་གཅོད་ན༷་ནི་སྒྲ་དེ་ཡང་ཇི་ལྟ༷ར་སྦྱོར་བར་རིགས་ཏེ་དགོས་ནུས་མེད་པར་མཐོང་ན་སུ་ཡང་དེ་ལ་འཇུག་པ་མི་སྲིད་པས་སོ། །གལ་ཏེ་དགོས་པ་བཤད་མ་ཐག་པ་དེ་ཡི་སླད་དུ་སྒྲ་སྦྱར་བ་འདི་ལ༷་ཆེད་དུ་བརྡ་གདགས་པའི་ཡུལ་གྱི་བརྗོད་བྱ་དེ་མིན་པ་གཞན་རྣ༷མ་པར་གཅོད་པ་ཡོད་ན་སྒྲ༷་ཡིན་ནོ་ཅོག་རྣ༷མས་ཀྱི་དགོས་པ༷་ནི་མི་འདོད་པ་བཅད་ནས་འདོད་པ་ལ་འཇུག་པ་དེ་ཙ༷མ་དུ༷་ཟ༷ད་པ༷་མིན་ན༷མ། དེ་ལྟར་ཡིན་བཞིན་དུ་ཁྱེད་ལ༷་སྒྲའི་ཡུལ་དེར་སྤྱི་གཞ༷ན་གྱིས་ནི་ཅི་ཞིག་བྱ༷་སྟེ་དགོས་པ་དང་ནུས་པ་གཉིས་ཀ་མེད་པར་འགྱུར་རོ།།
གཉིས་པ་སྤྱི་དགོས་པ་མེད་པར་བསྟན་པ་མི་འཐད་པའི་ལན་དགག་པ་ལ།སྤྱི་གཞན་མེད་ཀྱང་ངོ་ཤེས་འཐད་པའི་ཚུལ། །ངོ་ཤེས་སྤྱི་ལས་སྐྱེ་བ་དགག་པ་འོ། །དང་པོ།
གསལ་བ་རྣམས་ནི་ཐ་དད་ཀྱང༌། །བྱ་བ་དེ་དང་དེ་བྱེད་པའི།།དོན་རྣམས་མཐོང་ནས་གཞན་མཐོང་ཡང༌། །དེ་ལས་གཞན་དང་བྲལ་བ་ཡི།།ཡུལ་ཅན་གྱི་ནི་སྒྲ་རྣམས་ཀྱིས། །ལྷན་ཅིག་སྦྱར་ནས་ངོ་ཤེས་བྱེད།།སྤྱི་དངོས་པོར་འདོད་པ་རྣམས་ན་རེ། ཕན་ཚུན་རྗེས་སུ་འགྲོ་བའི་སྤྱི་འགའ་ཡང་མེད་ན་རང་མཚན་ཐ་དད་པའི་དོན་རྣམས་ལ་སྨན་ཨ་རུ་ར་ལྟ་བུ་སྔར་ལན་གཅིག་མཐོང་ཟིན་ནས་ཕྱིས་མཐོང་བ་ན་གཞན་གྱིས་བརྡ་སྦྱར་བ་མེད་པར་ཡང་དེ་ཉིད་ངོ་ཤེས་པར་ཇི་ལྟར་འགྱུར་ཞེ་ན། དེ་ནི་རང་མཚན་ལ་སྤྱི་དངོས་པོ་བ་ཡོད་པས་མ་ཡིན་ཏེ། བུམ་སོགས་གས༷ལ་བ༷་རྣ༷མས་ནི་སྤྱི་མེད་པའི་ཐ༷་ད༷ད་ཡིན་ཀྱ༷ང་། རང་འཛིན་ཤེས་པ་སྐྱེད་པ་དང་ཆུ་སྐྱོར་བ་ལ་སོགས་པའི་བྱ༷་བ༷་དེ་ད༷ང་དེ་བྱེད་པ༷འི་བུམ་གསལ་གྱི་དོན་རྣ༷མས་སྔར་ལན་གཅིག་མཐོང་ན༷ས་ཕྱིས་སྔ་མ་དང་ངོ་བོ་དང་འབྲས་བུ་སོགས་མཚུངས་པ་གཞ༷ན་མཐོང་ཡ༷ང༌། མཐོང་ཡུལ་སྔ་ཕྱི་གཉིས་ཀ་ཆུ་སྐྱོར་སོགས་ཀྱི་དོན་བྱེད་པ་དེ་ལ༷ས་གཞ༷ན་དོན་མི་བྱེད་པ་ད༷ང་བྲ༷ལ་བའམ་གཞན་སེལ་བ༷་ཡི་ཡུ༷ལ་ཅ༷ན་གྱི་ནི་སྒྲ༷་སྟེ་ནང་གི་བརྗོད་པའམ་རྟོག་པ་རྣ༷མས་ཀྱིས་སྔ་ཕྱི་ལྷ༷ན་ཅིག་སྦྱ༷ར་ན༷ས་སམ་བསྲེས་ནས་སྔར་གྱི་དེ་ཉིད་འདིའོ་ཞེས་སམ་འདི་སྔར་གྱི་དེའོ་ཞེས་རིགས་གཅིག་ཏུ་སྒྲོ་བཏགས་ནས་ངོ་ཤེས་པར་བྱེད་པ་ཙམ་སྟེ། འདྲ་བ་ལ་གཅིག་ཏུ་བཟུང་བའི་རྣམ་པར་རྟོག་པས་ངོ་ཤེས་པར་བཟུང་བ་ཡིན་གྱི་ཡུལ་ལ་སྤྱི་ཡོད་པ་དེ་སྔར་ཤེས་ཟིན་པ་སླར་ཡང་དེར་མཐོང་ནས་ངོ་ཤེས་པ་ནི་མ་ཡིན་ནོ། །སྔར་སྤྱི་ཤེས་པས་ད་ལྟ་དེ་ངོ་ཤེས་པ་ཡིན་ན། སྔར་ཤེས་རྒྱུའི་སྤྱི་དེ་ད་ལྟ་མཐོང་བ་འདི་ལའང་ཡོད་པར་འདུག་གོ་སྙམ་དུ་ཤེས་པར་འགྱུར་གྱི་འདི་སྔར་གྱི་དེའོ་སྙམ་དུ་འཁྲུལ་པར་མི་འགྱུར་རོ།།
གཉིས་པ་ངོ་ཤེས་སྤྱི་ལས་སྐྱེ་བ་དགག་པ་ལ། གནོད་པ་བརྗོད་དང་དེ་ཡི་ལན་དགག་པའོ། །དང་པོ།
གཞན་གྱི་ལྟར་ནའང་བློ་དེ་ནི། །སྤྱི་ནི་འབའ་ཞིག་ཉིད་ལས་མིན།།རྟག་ཏུ་དེ་ཙམ་རྣམ་ཤེས་ན། །གསལ་བ་མི་ཤེས་ཐལ་འགྱུར་ཕྱིར།།དེ་ཡི་ཚེ་ན་ནམ་ཡང་ནི། །དེ་ལྡན་འབྲེལ་བ་མ་བཟུང་ཕྱིར།།དེ་དང་ལྡན་ངེས་མི་འགྱུར་བས། །དེ་ལ་ཇི་ལྟར་ཐ་སྙད་འདོགས།།གཞ༷ན་སྤྱི་ཡོད་པ་ལས་ངོ་ཤེས་པ་ཡིན་པར་འདོད་པ་ཅན་གྱི་ལུགས་ལྟ༷ར་ན༷འ༷ང་ངོ་ཤེས་ཀྱི་བློ་དེ་ནི་སྤྱི་ནི་འབ༷འ་ཞིག་སྟེ། གསལ་བ་མེད་པ་ཉིད་ལ༷ས་ནི་སྐྱེ་བར་རིགས་པ་མིན་ཏེ་དེའི་རྒྱུ་མཚན་དངོས་པོ་གང་དང་གང་མཐོང་བའི་དུས་རྟ༷ག་ཏུ༷་གསལ་བ་དང་མ་འདྲེས་པའི་དེ་ཡི་སྤྱི་རྐྱང་པ་དེ་ཙ༷མ་ཞིག་རྣ༷མ་པར་ཤེས་པ་ཡིན་ན༷། ནམ་ཡང་སྤྱི་ཁོ་ན་མཐོང་བ་ལས་གས༷ལ་བ༷་གཏན་ནས་མཐོང་མ་མྱོང་བས་མི་ཤེས་པར་ཐ༷ལ་བར་འགྱུ༷ར་བའི་ཕྱིར་རོ། །དེ་ལྟར་གསལ་བ་མི་ཤེས་པ་དེ་ཡི་ཚེ་ན༷་དུས་ན༷མ་ཡ༷ང་ནི་སྤྱི་དེ་དང་གསལ་བ་ལྡ༷ན་པར་གྱུར་པའི་འབྲེལ་བ༷་མ༷་བཟུ༷ང་བའི་ཕྱིར་ཏེ། མཐོང་མ་མྱོང་བ་ལ་གཞན་དང་ལྡན་པར་བཞག་ཏུ་མེད་དེ་བུམ་པ་མཐོང་ལ་ཤ་ཟ་མ་མཐོང་བའི་གང་ཟག་གིས་བུམ་པ་དང་ཤ་ཟ་ལྡན་པར་མི་མཐོང་བ་བཞིན་ནོ། །དེས་ན་སྤྱི་དེ་ད༷ང་གསལ་བ་ནི་ལྡ༷ན་ནོ་ཞེས་ནམ་ཡང་ངེས་པར་མི་འགྱུ༷ར་བ༷ས། དེ་ལ༷་འདི་ནི་འདིའི་སྤྱིའོ། །འདི་ནི་སྤྱི་དེ་དང་ལྡན་པའི་བྱེ་བྲག་གོ །སྤྱི་དང་ལྡན་པའི་ཕྱིར་གསལ་བ་འདི་ངོ་ཤེས་སོ་ཞེས་ཇི་ལྟ༷ར་ཐ༷་སྙ༷ད་འདོགས་རིགས་ཏེ་ཐ་སྙད་འདོགས་བྱེད་ཀྱི་རྒྱུ་མཚན་མེད་པས་སོ།།
གཉིས་པ་ཉེས་པ་དེ་སྤོང་བའི་ལན་དགག་པ་ནི།
གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །གསལ་རྣམས་ཤེས་པའི་རྒྱུ་ཞེ་ན།།དངོས་པོ་གཅིག་དེས་དེ་རྣམས་ཀྱི། །ཐ་དད་པ་ཉིད་སེལ་ཏམ་ཅི།།ཐ་དད་ཕྱིར་ཡང་དེ་རྣམས་ལ། །གཅིག་གི་རྣམ་ཤེས་རྒྱུར་མི་འདོད།།གལ་ཏེ་དུ་མའང་གཅིག་ལྟོས་ནས། །ཐ་དད་མིན་བློ་སྐྱེད་ཅེ་ན།།དེ་དག་སོ་སོ་མེད་པར་ཡང༌། །དེ་གཅིག་གིས་ཀྱང་བསྐྱེད་བྱ་བའི།།བློ་ལ་དེ་རྣམས་ནུས་མེད་ཕྱིར། །བློ་ཡིས་འཛིན་པ་མེད་པ་ཡིན།།སྔོ་སོགས་མིག་གི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར།།ཚོགས་ལའང་ནུས་གྲུབ་གསལ་བ་ལ། །ཇི་ལྟར་ཡང་མི་དེ་ལྟར་མིན།།གལ་ཏེ་དེ་དག་གང་རུང་ལ། །ལྟོས་ནས་དེས་ནུས་འབའ་ཞིག་མིན།།དེ་དག་དེ་གཅིག་ལ་ཕན་པའི། །15ཇི་ལྟར་བློ་གཅིག་ཉིད་ལ་མིན།།འདི་དེ་རྣམས་ཀྱི་འབྲས་བུར་འགྱུར། །ཕན་འདོགས་གང་ཡིན་སྐྱེད་པ་ཡིན།།གལ་ཏེ་ཐ་དད་མིན་སྣང་བློ། །ཐ་དད་རྣམས་ལ་མི་འདོད་ན།།བློ་ཡི་སྣང་བ་ཐ་དད་དེ། །དེ་དག་མཚུངས་ཞེས་འཛིན་ཕྱིར་རོ།།གལ་ཏེ་དེ་དག་མཚུངས་ན་ནི། །ཇི་ལྟར་ཐ་དད་བློས་གཟུང་བྱ།།འབྲས་བུ་གཅིག་འདྲ་དེ་དག་གི །འབྲས་བློ་16དེ་ཡང་ཐ་དད་དོ།།ཞེ་ན་གཅིག་ཏུ་རྟོགས་རྒྱུའི་ཕྱིར། །བློ་ནི་ཐ་དད་མེད་པ་ཡིན།།17བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །གསལ་བ་རྣམས་ཀྱང་ཐ་མི་དད།།དེ་འང་དེ་འབྲས་ཅན་མིན་བྲལ། །དེ་ལས་གཞན་པ་རྗེས་འགྲོ་བའི།།དངོས་མ་མཐོང་ཕྱིར་བཀག་ཕྱིར་ཡང༌། །བརྡ་ནི་དེ་རིག་དོན་ཅན་ཡིན།།ག༷ལ་ཏེ་སྤྱི་ཡི་དངོས་པོ་གཅིག་གིས་གྲོགས་བྱེད་པ༷འི་གས༷ལ་བ་རྣ༷མས་ཀྱང་ངོ་ཤེས་པ༷འི་རྒྱུ༷་ཡིན་གྱི་སྤྱི་རྐྱང་པ་ཙམ་མིན་ནོ་ཞེ་ན༷། སྤྱི་དེས་གསལ་བ་རྣམས་ལ་ངོ་ཤེས་པར་བྱེད་པའི་ཕན་ཅི་ཞིག་བཏགས་ཏེ་ངོ་ཤེས་པ་ནི་སྔར་གྱི་དེ་འདིའོ་ཞེས་གཅིག་ཏུ་བསྲེས་ནས་འཛིན་པ་ཡིན་ན། སྤྱི་དངོས་པོ་བ་གཅིག་པུ་དེས་གསལ་བ་དེ་རྣ༷མས་ཀྱི་ཐ༷་ད༷ད་པ༷་ཡི་ཆ་ཉིད་སེལ་བར་གྱུར་ཏ༷མ་འོན་ཏེ་མིན།
ཐ་དད་པ་མེད་པར་བྱས་པ་ནི་མ་ཡིན་ཏེ་མངོན་སུམ་དང་འགལ་བའི་ཕྱིར་མི་སྲིད་ལ། ཐ་དད་པ་མེད་ན་དུ་མ་ལ་རྗེས་སུ་འགྲོ་བ་ཞེས་པ་གང་ཞིག་ཡིན། གལ་ཏེ་ཐ་དད་པ་མ་བསལ་བཞིན་དུ་སྤྱི་དང་ལྡན་པའི་དབང་གིས་ཐ་དད་པ་ལ་ངོ་ཤེས་པའི་བློ་སྐྱེའོ་ཞེ་ན། དེ་ལྟ་ན་ཅི་སྟེ་ཁྱོད་ཀྱིས་གསལ་བ་རྣམས་ཐ༷་ད༷ད་པའི་ཕྱིར་ཡ༷ང་གསལ་བ་དེ་རྣ༷མས་ལ༷་སྤྱི་གཅིག་གི་རྣ༷མ་ཤེས་ཀྱི་རྒྱུ༷ར་མི་འདོད་པ་ཡིན། འདི་ལྟར་ཁྱོད་ཀྱི་འདོད་པ་ནི་ཐུན་མོང་གི་སྤྱི་གཅིག་དོན་ལ་མེད་ན་ཐུན་མོང་དུ་གྱུར་པའི་སྒྲ་བློ་གཅིག་མི་སྲིད་དེ་གསལ་བ་རྣམས་ནི་ཐ་དད་པའི་ཕྱིར་དེས་ཐུན་མོང་བའི་སྒྲ་བློ་སྐྱེད་པར་མི་རིགས་སོ་ཞེས་དམ་བཅའ་བ་མིན་ནམ་ཞེས་སོ། །དེ་ལྟར་ཐ་དད་པའི་ཆོས་ཁོ་ནས་གཅིག་གི་སྒྲ་བློ་མི་བསྐྱེད་པར་བསྒྲུབས་ནས། སྐབས་འདིར་སྤྱི་དང་ལྡན་པར་གྱུར་ན་ཐ་དད་པའི་ཆོས་ཀྱིས་ཀྱང་འབྲས་བུ་ངོ་ཤེས་ཀྱི་བློ་གཅིག་སྐྱེད་པར་ཁས་ལེན་པ་འགལ་བར་སྟོན་པའི་ཕྱིར་ཡང་གི་སྒྲ་ནི་འགལ་བ་སྡུད་པའི་དོན་དུ་བསྟན་པ་ཡིན་ནོ། །དེ་ལྟར་སྐྱོན་བསྟན་པ་ན་དེ་དག་ན་རེ། ཐ་དད་པའི་ཆོས་ཁོ་ནས་གཅིག་ཏུ་འཛིན་པའི་བློ་མི་བསྐྱེད་ཀྱང་ག༷ལ་ཏེ་གསལ་བ་དུ༷་མ༷་ཡིན་ནའ༷ང་དེའི་སྟེང་གི་ཐུན་མོང་བ་གཅིག་ཡོད་པ་དེ་ལ་ལྟོས་ན༷ས་ཐ༷་ད༷ད་མིན་པ་གཅིག་གི་བློ་སྐྱེད་དོ་ཅེ་ན༷། སྤྱི་ལྡན་གསལ་བ་ཐམས་ཅད་སྣང་ནས་དེ་ཀུན་གཅིག་ཏུ་འཛིན་པའི་བློ་སྐྱེད་པ་ཡིན་ནམ། གང་རུང་རེ་སྣང་བས་སྐྱེད་པ་ཡིན། དང་པོ་ལྟར་ན་ངོ་ཤེས་ཀྱི་བློ་མི་སྲིད་དེ་གསལ་བ་ཐམས་ཅད་ཅིག་ཅར་དུ་སྣང་ན་དེ་མི་འབྱུང་བས་ན་དེ་ལྟར་ཁས་ཀྱང་མི་ལེན་ལ། གང་རུང་རེ་སྣང་བས་གཅིག་ཏུ་འཛིན་པའི་བློ་སྐྱེད་དོ་ཞེ་ན། གསལ་བ་དེ་ད༷ག་སོ་སོ་རེ་རེ་ནས་ཚོགས་པར་གྱུར་པ་མེད་པ༷ར་ཡ༷ང༌། གསལ་བ་དེ་ལས་གང་རུང་གཅིག་གིས་ཀྱ༷ང་བསྐྱེད་པར་བྱ༷་བ༷འི་བློ་ལ༷་ནི་གསལ་བ་ལྷག་མ་དེ་རྣ༷མས་ནུ༷ས་པ་མེད་པར་འགྱུར་བའི་ཕྱིར། དེ་འདྲའི་སྤྱི་འཛིན་གྱི་བློ་ཡིས་ཀྱང་ལྷག་མ་དེ་རྣམས་འཛིན་པ༷་མེད་པ༷་ཡིན་པར་འགྱུར་རོ། །དེའི་རྒྱུ་མཚན་གང་ཞིག་མེད་ཀྱང་གང་འབྱུང་བ་ཡོད་ན་དེ་ནི་དེའི་རྒྱུ་ཅན་མ་ཡིན་ཏེ། དཔེར་ན་སཱ་ལུའི་ས་བོན་མེད་ཀྱང་ནས་ཀྱི་མྱུ་གུ་ཡོད་པ་བཞིན་ནོ། །སྤྱི་བློ་ཡང་གསལ་བ་ལྷག་མ་མེད་ཀྱང་འབྱུང་བས་ན་ལྷག་མའི་རྒྱུ་ཅན་མིན་ལ། དེ་ལྟ་ན་ཟངས་བུམ་མཐོང་བ་ལས་སྐྱེས་པའི་སྤྱི་བློ་དེས་བུམ་པ་ལྷག་མ་ལ་བུམ་པའི་རིགས་གཅིག་ཏུ་འཛིན་པར་མི་འགྱུར་ཏེ། གཟུང་ཡུལ་དེ་ལས་མ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་དཔེར་ན་བུམ་འཛིན་གྱིས་ཀ་བ་མི་འཛིན་པ་བཞིན་ནོ། །གལ་ཏེ་གསལ་བ་ལྷག་མ་མ་བཟུང་ན་ཆོས་གཅིག་ལ་སྤྱི་ཞེས་པའི་བློར་ཡང་མི་འགྱུར་ཏེ་དུ་མ་ལ་རྗེས་སུ་འགྲོ་བ་མེད་པས་སོ། །ཁོ་ན་རེ་ཉེས་པ་འདི་མེད་དེ་འདབ་མ་ལྔ་ཚོགས་པའི་མེ་ཏོག་སྔོན་པོས་ཀྱང་སྔོ་འཛིན་མིག་ཤེས་སྐྱེད་ལ། འདབ་མ་རེ་རེ་ནས་བསལ་བའི་མཐར་འདབ་མ་གཅིག་གིས་ཀྱང་སྔོ་འཛིན་མིག་ཤེས་སྐྱེད་པ་ན་རེ་རེས་བསྐྱེད་པས་གཞན་ནུས་མེད་དུ་མི་འགྱུར་བ་བཞིན། གསལ་བ་རེ་རེ་ནས་བསལ་ཀྱང་གསལ་བ་གཅིག་གིས་སྤྱི་བློ་སྐྱེད་ནུས་མོད་དེས་གསལ་བ་ལྷག་མ་རྣམས་ཡུལ་དུས་ཐམས་ཅད་དུ་ནུས་མེད་དུ་མི་འགྱུར་རོ་ཞེ་ན། དེ་མི་མཚུངས་ཏེ་འདི་ལྟར་སྔོ་སེར་སོགས་ནི་རང་འཛིན་མིག་གི་རྣ༷མ་ཤེས་ལ༷། དེ་སྐྱེད་ཀྱི་ནུ༷ས་པ༷་སོ་སོར་ཡང་མཐོང་བ༷འི་ཕྱིར། དེར་ཚོགས་པའི་ཚོགས་པ་ལ༷འ༷ང་མིག་ཤེས་སྐྱེད་པའི་ནུ༷ས་པ་གྲུ༷བ་ཀྱང་གས༷ལ་བ༷་ལ༷་ནི་རེ་རེའམ་ཚོགས་པ་ཇི་ལྟ༷ར་ཡ༷ང་ནི་རང་སྣང་བའི་སྒོ་ནས་སྤྱི་བློ་སྐྱེད་པའི་ནུས་པ་ཡོད་པ་སྔོན་པོ་དེ་ལྟ༷ར་དུ་གྲུབ་པ་མིན་ཏེ། ཐམས་ཅད་སྣང་མི་ཤེས་པ་གཅིག་སྣང་བས་མི་བསྐྱེད་པ་གོང་དུ་བཤད་པ་བཞིན། དེའི་གནད་ནི་སྔོ་སོགས་དངོས་པོར་ཡོད་པས་དེས་སྔོ་སྣང་དབང་ཤེས་སྐྱེད་ཀྱང་སྤྱི་རང་ཉིད་དངོས་པོར་མ་གྲུབ་པས་དེས་རང་འཛིན་ཤེས་པ་སྐྱེད་པ་ལ་གྲོགས་གཞན་ཇི་ལྟར་བཀུག་ཀྱང་མི་ཕན་པར་སོང་བ་ཡིན་ཏེ། དེས་ན་གལ་ཏེ་སྤྱི་ཁོ་རང་དངོས་པོར་ཡོད་པ་ཞིག་ན་གསལ་བ་ཀུན་མེད་ཀྱང་དེ་འཛིན་འབྱུང་ལ། ཁོ་རང་མ་གྲུབ་ན་གསལ་བ་མཐའ་དག་ཚོགས་ཀྱང་མི་འབྱུང་ན་རེ་རེ་ལས་ལྟ་ཅི་སྨྲོས། དེས་ན་སྤྱི་འཛིན་ནི་སྤྱི་དངོས་པོ་ལས་མ་བྱུང་བར་གསལ་བ་རྣམས་ལ་རིགས་གཅིག་ཏུ་སྒྲོ་བཏགས་པའི་རྣམ་པར་རྟོག་པའི་དབང་གིས་བཞག་པ་ཙམ་དུ་ཤེས་པར་བྱ་བ་ཡིན་ནོ། །ག༷ལ་ཏེ་སྤྱི་དེ་ཐམས་ཅད་ལ་ཁྱབ་པར་ཡོད་ཀྱང་དེའི་བློ་སྐྱེ་བ་ནི་གསལ་བ་དེ་ད༷ག་ག༷ང་རུ༷ང་ལ༷་ལྟོས་ན༷ས་སྤྱི་དེས་རང་འཛིན་གྱི་བློ་སྐྱེད་པར་ནུ༷ས་ཀྱི་གསལ་བ་མེད་པར་སྤྱི་དངོས་པོ་བ་འབ༷འ་ཞིག་ལས་སྐྱེ་བ་མིན་ཏེ་དཔེར་ན་ཐག་གཟོང་མེད་པར་རས་ཡུག་མི་འཐག་ཀྱང༌། ཐག་གཟོང་དུ་མ་ཡོད་ན་དེའི་འགའ་ཞིག་མེད་ཀྱང་རྒྱུ་ཐག་གཟོང་གཅིག་གིས་རས་ཡུག་འཐག་པ་བཞིན་ནོ།།དེ་གང་རུང་ལ་བརྟེན་ནས་དེ་ཤེས་པར་བྱས་ཀྱང་དེའི་ངོ་བོ་ཆ་མེད་གཅིག་པ་རང་གི་བྱེ་བྲག་ཐམས་ཅད་ལ་ཁྱབ་པར་གནས་སོ་ཞེ་ན། གསལ་བ་དུ་མ་དེ་ད༷ག་འབྲས་བུ་སྤྱི་དེ་གཅིག་པོ་ལ༷་ཕ༷ན་གདགས་པ༷་ཡིན་ན་ཇི་ལྟ༷ར་གསལ་བ་དུ་མས་སྤྱི་མེད་ཀྱང་སྤྱི་བློ་གཅིག་ཉིད་ལ༷་ཕན་པ་མིན་ཏེ་དེ་གཉིས་མཚུངས་སོ། །དེས་ན་དེ་འདྲར་ཁས་མི་ལེན་པར་སྤྱི་བློའི་རྒྱུར་དགོས་མེད་ཀྱི་སྤྱི་ཤ་ལྷག་ལྟ་བུ་འདི་བསྒྲུབས་ནས་ཅི་ཞིག་བྱ། གསལ་བས་སྤྱི་ལ་ཕན་མ་བཏགས་ཀྱང་སྤྱི་བློ་སྐྱེ་བ་ལ་ཕན་གདགས་སོ་སྙམ་ན་སྤྱི་མེད་ཀྱང་གསལ་བ་དུ་མས་སྤྱི་བློ་སྐྱེད་མི་རུང་བ་ཅི་ཞིག་གིས་ཡིན། སྤྱི་མེད་ན་དེའི་བློ་རྒྱུ་མེད་དུ་འགྱུར་རོ་སྙམ་ན་སྤྱི་ཡོད་ན་དེ་ཁོ་ནས་མི་བསྐྱེད་པར་གཞན་ལ་ལྟོས་པ་གང་གིས་ཡིན། དེས་ན་སྔར་རང་འཛིན་ཤེས་པ་མི་བསྐྱེད་པ་ལ་ཕྱིས་གསལ་བ་ལ་ལྟོས་ནས་བོགས་དབྱུང་དུ་ཡོད་པའི་ཕྱིར་སྤྱི་ལ་ཕན་མ་བཏགས་པར་དེ་འཛིན་གྱི་བློ་ལ་ཕན་ཐོགས་མི་ཤེས་ཏེ། སྤྱི་འཛིན་གྱི་བློ་གསལ་བ་ཁོ་ནས་མ་བསྐྱེད་པར་སྤྱིས་བསྐྱེད་པར་འདོད་པའི་ཕྱིར་རོ། །དེས་ན་སྤྱི་འདི་གསལ་བ་དེ་རྣ༷མས་ཀྱི་འབྲ༷ས་བུ༷ར་ཡང་འགྱུ༷ར་ཏེ། རྒྱུ་མཚན་ཕ༷ན་འདོགས་བྱེད་ག༷ང་ཡིན་པ་དེ་ནི་དེའི་སྐྱེད་པར་བྱེད་པ༷་ཡིན་པས་སོ།།དེས་ན་རྒྱུ་ལས་བྱུང་བའི་ཡུལ་དུས་རེས་འགའ་བར་འགྱུར་རོ། །ཡང་ཕ་རོལ་པོ་དེ་དག་འདི་སྐད་དུ་ག༷ལ་ཏེ་དུ་མས་འབྲས་བུ་གཅིག་མི་བསྐྱེད་པའི་རྒྱུ་མཚན་གྱིས་གསལ་བ་རྣམས་ཀྱིས་སྤྱི་བློ་གཅིག་མི་བསྐྱེད་དོ་ཞེས་མི་སྨྲའོ། །འོ་ན་ཅི་ཞེ་ན། ཐ༷་ད༷ད་མིན་པ་གཅིག་ཏུ་སྣ༷ང་བའི་སྤྱི་བློ་དེ་ནི་གསལ་བ་ཐ༷་ད༷ད་པ་རྣ༷མས་ལ༷ས་སྐྱེ་བར་མི་འདོད་དེ། ཡུལ་ཐ་དད་ལ་དེ་བཞིན་དུ་འཛིན་རིགས་ཀྱི་ཐ་མི་དད་པའི་སྤྱི་མེད་བཞིན་དུ་དེ་ལྟར་འཛིན་པ་མི་འཐད་དེ་ཡུལ་སྔོན་པོ་ལ་སེར་པོར་ཤེས་སུ་མེད་པ་བཞིན་ནོ་ཞེ་ན༷། གསལ་བས་རང་གི་རྣམ་པ་བཞག་པའི་སྒོ་ནས་སྤྱི་བློ་སྐྱེད་པར་འདོད་ན་ཀླན་ཀ་དེར་འགྱུར་ཡང་དེ་མིན་ཏེ་གསལ་བ་མཐོང་བའི་སྒོ་ནས་འདྲ་བ་ལ་གཅིག་ཏུ་བསྲེ་བའི་རྟོག་པ་བསླད་པ་ཅན་བྱུང་བ་ཡིན་པས་ཀླན་ཀ་དེ་མི་སྲིད་དེ་སྤྱི་འཛིན་ལ་རང་མཚན་མི་སྣང་བའི་ཕྱིར། གལ་ཏེ་སྣང་ན་དབང་ཤེས་ལ་སྣང་བ་ལྟར་སྤྱི་བློར་སྣང་ངམ། སྤྱི་སྣང་ལྟར་རང་མཚན་ལ་གྲུབ་བམ། ཆ་གཅིག་སྤྱི་འཛིན་ལ་སྣང་ཆ་གཅིག་དབང་ཤེས་ལ་སྣང་བ་ཡིན་ཞེས་བརྟགས་ན། དང་པོ་ལྟར་མིན་ཏེ་རང་མཚན་མེད་ཀྱང་སྤྱི་བློ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་མིན་ཏེ་དབང་ཤེས་ལ་ཡུལ་དུས་རྣམ་པ་མ་འདྲེས་པར་སྣང་ཞིང༌། སྤྱི་བློ་ལ་དོན་སྤྱི་ཙམ་ཐ་སྙད་སྣ་ཚོགས་པའི་སྒོ་ནས་སྣང་བ་དེ་ལྟར་དོན་ལ་མི་འགྲུབ་བོ། །གསུམ་པ་ལྟར་མིན་ཏེ་དངོས་པོ་གཅིག་ལ་སྣང་མི་སྣང་གི་ཆ་གཉིས་མེད་པས་སོ། །མངོན་སུམ་སྣང་བའི་གཅིག་ལ་མ་མཐོང་བའི་ཆ་དུ་མ་ཡོད་པར་རྟོགས་ན་ཆོས་གང་ལའང་གཅིག་ཏུ་བཞག་པ་མི་རུང་བས་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་རང་མཚན་ཐ་དད་པའི་དོན་ལ་གཅིག་ཏུ་བསྲེ་བའི་སྤྱི་བློ་འདི་ནི་རང་མཚན་གྱིས་བདག་པོའི་རྐྱེན་བྱས་པའམ་དེའི་དབང་གིས་བྱུང་བ་ཡིན་ནའང་བསླད་པའི་བློ་ཡིན་པའི་ཕྱིར་དོན་བཞིན་དུ་འཛིན་མི་དགོས་སོ། །དེ་ལྟར་འཁྲུལ་པ་ཡིན་ཡང་སྣང་བརྟག་བསྲེས་ནས་ལྷག་པར་ཞེན་པའི་དབང་གིས་ཐ་སྙད་ལ་འཇུག་པའི་ཚུལ་སྔར་བཤད་ཟིན་ཏོ།།གཞན་ཡང་དེ་ལ་སྤྱི་དངོས་པོར་སྨྲ་བ་ལྟར་ནའང་གསལ་བ་ཐ་དད་ལ་གཅིག་གི་བློ་མི་རིགས་པའི་ཀླན་ཀ་ཇི་ལྟར་སྤང༌། གལ་ཏེ་ཐ་མི་དད་ཀྱི་སྤྱི་ཡོད་པས་མི་སྐྱོན་སྙམ་ན། སྤྱི་ཡོད་དུ་ཟིན་ཀྱང་གསལ་བ་ཐ་དད་པའི་སྣང་བ་ནི་མི་ཁེགས་ལ། སྤྱི་དབྱིབས་ཁ་དོག་སོགས་སུ་སྣང་བ་མེད་པ་དང་གསལ་བ་ལ་དབྱིབས་སོགས་ཡོད་པར་མཐོང་བས་གཅིག་ཏུ་སྣང་བ་ལ་གང་ཡང་མི་ཕན་པས་སྒྲོ་འདོགས་པ་མེད་པར་ནི་སྤྱི་ཙམ་གྱིས་ཐ་དད་མིན་པར་སྣང་བར་བྱེད་མི་ནུས་སོ། །གལ་ཏེ་གསལ་བ་དང་སྤྱི་ཐ་དད་མེད་པར་འདོད་པའི་ལྟར་ན་ཡང་གསལ་བ་གཅིག་གི་དབྱིབས་སོགས་གཞན་ལ་རྗེས་སུ་མི་འགྲོ་བས་སྤྱིས་ཕན་གདགས་པར་མི་ནུས་སོ། །དེ་ནི་རྟོག་བློས་གསལ་བ་རྣམས་ཐ་དད་ལ་གཅིག་ཏུ་བཟུང་ཡང་རིགས་པས་གནོད་པ་མེད་པར་བསྟན་པའི་ལན་ཡིན་ལ། གཞན་ཡང་སྤྱི་འཛིན་རྟོག་པའི་བློ་ཡི་ངོར་སྣ༷ང་བ༷འང་ཤིན་ཏུ་ཐ༷་ད༷ད་མེད་པ་ཁོ་ན་མ་ཡིན་པར་ཐ་དད་དུ་སྣང་བ་ཡོད་དེ། དེའི་རྒྱུ་མཚན་ཤིང་གི་གསལ་བ་དེ་ད༷ག་ཕན་ཚུན་ཤིང་ཙམ་དུ་མཚུ༷ངས་སོ་ཞེས་འཛིན་པའི་ཕྱིར་རོ། །མཚུངས་པར་བཟུང་ན་ཐ་དད་དུ་གཟུང་དགོས་ཏེ་གཅིག་པུའི་རྣམ་པ་ལས་མ་ཤར་བ་ལ་ཇི་ལྟར་མཚུངས་པར་འཛིན། དེས་ན་གསལ་བ་ཐ་དད་པས་ཐ་མི་དད་ཀྱི་བློ་སྐྱེད་པ་མི་འཐད་ཅེས་པའང་དོན་མེད་དོ། །ཁོ་ན་རེ། ག༷ལ་ཏེ་གསལ་བ་དེ་ད༷ག་མཚུ༷ངས་པ་སྟེ་ཁྱད་མེད་པར་འདི་ནི་སྔར་གྱི་དེའོ་སྔར་གྱི་དེ་ནི་འདིའོ་སྙམ་དུ་གཅིག་ཏུ་རྟོག་ན༷་ནི་ཇི་ལྟ༷ར་ན་ཐ༷་ད༷ད་པར་བློས་གཟུ༷ང་བར་བྱ༷། དེས་ན་མཚུངས་པ་ཞེས་པ་དེ་ཐ་མི་དད་ཀྱི་སྤྱི་དངོས་པོ་བ་གཉིས་ཀ་ལ་ཡོད་པ་དེའི་དབང་གིས་གསལ་བ་ཐ་དད་ལ་ཤ་པ་ཡང་ཤིང་ཤུག་པ་ཡང་ཤིང་ངོ་སྙམ་དུ་རྟོག་པ་ཡིན་གྱི་ཤིན་ཏུ་ཐ་དད་དང་ཐ་མི་དད་ལ་མཚུངས་ཞེས་འཛིན་པར་མི་རིགས་སོ་ཞེ་ན། ཐ་དད་པའི་གསལ་བ་གཉིས་ལ་མཚུངས་ཞེས་ཁྱད་མེད་པར་སྒྲ་བློ་འཇུག་པའི་རྒྱུ་ཐ་མི་དད་པའི་སྤྱི་རྫས་སུ་ཡོད་པས་མ་ཡིན་ཏེ། མེ་འབུད་པ་སོགས་ཀྱིས་འབྲ༷ས་བུ༷་གཅིག་བྱེད་པར་འདྲ༷་བ་ལ་རྟེན་བྱས་ནས་རྣམ་པར་རྟོག་པས་མཚུངས་པའི་དངོས་པོར་སྲེ་བར་བྱེད་པ་ཙམ་ཡིན་གྱི་དོན་ལ་འདྲེས་པ་མེད་ཅིང་ཤིན་ཏུ་ཐ་དད་དང་ཐ་མི་དད་ལ་འདྲ་བའང་མེད་པས་ན་འདྲ་བ་ལ་རིགས་གཅིག་ཅེས་སྒྲོ་བཏགས་པ་ལས་དེའི་ཐ་སྙད་གྲུབ་པ་ཡིན་ནོ། །གལ་ཏེ་ཐ་དད་པའི་གསལ་བ་དེ་ད༷ག་གི་འབྲ༷ས་བུ་རང་འཛིན་གྱི་བློ་དེ་ཡ༷ང་ཐ༷་ད༷ད་དོ་ཞེ་ན༷། རྫས་ཐ་དད་པར་ཤིན་ཏུ་ཡང་འདོད་དེ། གསེར་བུམ་དང་ཟངས་བུམ་ལ་སོགས་པའི་ཆུ་སྐྱོར་བའི་བྱེད་པའང་རྫས་དེའི་སྒོ་ནས་ཐ་དད་པ་ཡིན་ལ། གསལ་བ་སོ་སོ་ལས་སྐྱེས་པའི་རང་འཛིན་གྱི་བློ་ཡང་ཐ་དད་པ་ཡིན་གྱི་གཅིག་མ་ཡིན་ནོ།།འོ་ན་གསལ་བ་དུ་མས་འབྲས་བུ་སྤྱི་འཛིན་གྱི་བློ་གཅིག་སྐྱེད་དོ་ཞེས་ཁས་བླང་བ་མི་འཐད་དོ་སྙམ་ན་སྐྱོན་མེད་དེ། ཐ་དད་མིན་པའམ་གཅིག་ཏུ་བཞག་པ་ནི་རྫས་སམ་དངོས་པོའི་སྒོ་ནས་འཇོག་ན་ཀླན་ཀ་དེར་འགྱུར་ན་ཡང༌། འདིར་ནི་རྟོག་བློས་སྒྲོ་བཏགས་པའི་བཏགས་པ་འབའ་ཞིག་ཏུ་འདོད་པས་ན་སྐྱོན་གང་ཡང་མེད་དེ་འདྲ་བ་ལ་རིགས་གཅིག་ཅེས་འཇོག་པའི་ཕྱིར་རོ། །དེ་ཇི་ལྟར་ན་བུམ་འཛིན་ཤེས་པའོ་ཞེས་གཅིག་ཏུ༷་རྟོག་པའི་སྤྱི་བློ་དེའི་རྒྱུ༷འི་རང་བཞིན་དུ་གྱུར་པ་ལ་ཁྱད་པར་མེད་པའི་ཕྱིར། བུམ་འཛིན་གྱི་བློ་རྟོག་མེད་རྣམས་ཀྱང་རྫས་ཐ་དད་ཀྱང་བུམ་འཛིན་དབང་ཤེས་ཙམ་དུ་འདྲ་བའི་ཕྱིར་རིགས་ནི་ཐ༷་ད༷ད་མེད་པ༷་ཡིན་ལ། བུམ་པ་ཞེས་པའི་སྤྱི་འཛིན་གྱི་བློ་གཅིག་གི་རྒྱུ༷་ཡི་དངོས་པོ་ཡིན་པ་ཙམ་ལ་ཁྱད་མེད་པར་མཚུངས་པ་ཡིས་བུམ་པའི་གས༷ལ་བ༷་རྣ༷མས་རྫས་ཐ་དད་ཀྱ༷ང་རིགས་ཐ༷་མི་ད༷ད་པ་ཉིད་དུ་རྟོག་པས་འཇོག་པ་ལ་སྐྱོན་གང་ཡང་མེད་དོ། །དེས་ན་དོན་ཉམས་སུ་མྱོང་བའི་ཤེས་ངོར་སྣང་བ་ལ་དོན་དེ་བྱེད་པ་དང་མི་བྱེད་པ་གཉིས་སུ་མཐོང་ལ། དེའི་དབང་གིས་རྣམ་པར་རྟོག་པས་འདྲ་བ་ལ་ཐ་མི་དད་པར་རིགས་གཅིག་ཏུ་བསྲེ་བ་དང༌། མི་འདྲ་བ་ལ་ཐ་དད་པར་རྣམ་པར་གཞག་པས་ན་རིགས་གཅིག་པ་ཞེས་པ་འདི་ནི་དབང་ཤེས་ལ་སྣང་བ་ལས་བརྒྱུད་དེ་འོང་བ་དེའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་ནོ།།གལ་ཏེ་འབྲས་བུ་གཅིག་པ་དེ་ཉིད་སྤྱི་དངོས་པོ་བ་ཡིན་ནོ་ཞེ་ན། འབྲས་བུ་གཅིག་པ་ཅན་དེ་ཡ༷ང་དེ་ཡི་འབྲ༷ས་བུ་ཅ༷ན་མིན་པ་དང་བྲ༷ལ་བ་གཞན་སེལ་དངོས་མེད་ཡིན་གྱི་ལྡོག་པ་དེ་ཙམ་ལ༷ས་གཞ༷ན་པ༷་གསལ་བ་རྣམས་ལ་རྗེས་སུ་འགྲོ་བ༷འི་སྤྱི་དངོས་པོར་གྱུར་པ་ནི་སྣང་རུང་མ༷་མཐོང་བའི་ཕྱིར་དང་སྔར་རྗེས་དཔག་གི་རིགས་པས་བཀ༷ག་པའི་ཕྱིར་ཡ༷ང་མེད་དོ། །དེས་ན་ཤིང་ལ་སོགས་པའི་བརྡ༷་རྣམས་ནི་རིགས་མི་མཐུན་སྤངས་པའི་གཞན་སེལ་དེ་རིག་པར་བྱེད་པའམ་ཤེས་པའི་དོན་ཅ༷ན་ཁོ་ན་ཡིན་ནོ།།
གཉིས་པ་སྒྲ་རྣམས་སེལ་འཇུག་རང་ལུགས་བཞག་པ་ནི།
དེ་བྱེད་མིན་ལ་དེ་བྱེད་དང༌། །འདྲ་བའི་ངོ་བོར་སྣང་བ་ཅན།།དངོས་པོ་ཐ་དད་དངོས་ཙམ་གྱི། །ས་བོན་ཅན་དོན་མེད་པའི་བློ།།སྐྱེད་པར་བྱེད་པའང་དེ་མི་བྱེད། །ཡོངས་སྤངས་ཡན་ལག་ངོ་བོའི་ཕྱིར།།དངོས་པོ་ཐ་དད་རྟེན་ཅན་ཕྱིར། །དོན་ལ་མི་བསླུ་ཡོད་པར་འདོད།།དེ་ཕྱིར་གཞན་སེལ་ཡུལ་ཅན་ཏེ། །དེ་བྱེད་བརྟེན་པའི་ངོ་བོའི་ཕྱིར།།ཁ་ཅིག་འདི་སྙམ་དུ་གཞན་སེལ་དངོས་མེད་བརྡས་བརྗོད་བྱ་ཡིན་ན་སྒྲ་དེས་དེ་མིན་གཅོད་པ་བློ་ཡུལ་དུ་འཕེན་ལ། དེ་མིན་པ་ཆོད་ཙམ་གྱི་བློ་དེས་དེ་ཡིན་པ་ཡོངས་གཅོད་ལྟ་བུར་བློ་ཡུལ་དུ་འཕེན་དུ་ཆུག་ནའང་སྒྲས་དངོས་ཀྱི་བརྗོད་བྱ་རྟོག་སྣང་དོན་བྱེད་མི་ནུས་པ་ཙམ་ཡིན་གྱི་དོན་བྱེད་པ་རང་མཚན་འཐོབ་པའམ་དེ་ལ་འཇུག་པར་མི་འགྱུར་རོ་སྙམ་ན། གཞན་རྣམ་པར་བསལ་བའི་རྟོག་བློ་དེ་དོན་ལ་འཇུག་པར་འཐད་པའི་ཚུལ་རང་ལུགས་བཤད་པ་ནི། བུམ་པའི་སྤྱི་འཛིན་གྱི་རྟོག་བློ་ཁྱད་པར་གསུམ་ལྡན་སྐྱེད་པར་བྱེད་པ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པ་རང་མཚན་དངོས་ཀྱི་བརྗོད་བྱར་མེད་ཀྱང་བུམ་པའི་རང་མཚན་ལ་མི་སླུ་བ་ཡོད་དེ། བརྡ་དང་ཐ་སྙད་ཀྱི་དུས་སུ་མི་འཁྲུལ་བའི་རྒྱུ་མཚན་རྣམ་པ་གཉིས་ཡོད་པའི་ཕྱིར་རོ།།དེ་ནི་འདི་ལྟར་རྟོག་ངོར་སྣང་བ་བུམ་པའི་དོན་སྤྱི་དེ་ནི་ཆུ་སྐྱོར་བ་སོགས་དེ་བྱེད་པ་མིན་ན་ཡང་དེ་ལ༷་ཆུ་སྐྱོར་བ་སོགས་དེ་བྱེད་པ་ད༷ང་འདྲ༷་བ༷འི་ངོ་བོར་སྣ༷ང་བ༷་ཅ༷ན་ཏེ་སྣང་བརྟག་གཅིག་ཏུ་བསྲེས་ནས་ལྷག་པར་ཞེན་པ་ནི་ཁྱད་པར་དང་པོ འོ། །དེ་ལ་འདྲ་བ་ཞེས་པ་རྟོག་པ་དེས་རྟོག་སྣང་དང་རང་མཚན་འདྲ་བར་འཛིན་པ་ཞེས་པའི་དོན་མ་ཡིན་ཏེ་དེའི་ངོར་ཆ་གཉིས་སུ་མི་སྣང་བའི་ཕྱིར་རོ། །སྣང་བར་གྱུར་ནས་བཞིན་དང་གཟུགས་བརྙན་འདྲ་བ་ལྟ་བུར་འཛིན་པ་ཞིག་ན་མེ་ཡོད་དོ་ཞེས་བརྗོད་པ་ན། མེ་སྣང་ངམ་མེ་རང་མཚན་གང་ཡིན་ཞེས་ཐེ་ཚོམ་ཟ་བ་སོགས་བརྗོད་པ་མཐའ་དག་ལ་དེ་འདྲའི་དོགས་པ་སྐྱེ་སྲིད་ནའང༌། བརྡ་ལ་འཇུག་པའི་དུས་སུ་སྣང་བ་ལ་རང་མཚན་དུ་ཞེན་པའི་དབང་གིས་མེ་བྱིན་ཅིག་ཅེས་ཟེར་ན་རྣམ་པ་ཀུན་ཏུ་ཚ་ཞིང་སྲེག་པ་ལ་གོ་བ་བཞིན་ནོ།།དེས་ན་རྣམ་པར་ཕྱེ་ཞིང་དཔྱད་ན་རྟོག་སྣང་ལ་བརྟག་བྱ་ཕྱི་དོན་དུ་ཞེན་པ་ཡིན་པས་སྣང་བརྟག་གཅིག་ཏུ་བསྲེས་པའི་བློ་ཞེས་བརྗོད་ཀྱི་བརྡ་ལ་འཇུག་པ་ཉིད་ཀྱི་དུས་ན་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་ཏེ་རྟོག་སྣང་ལ་ཡུལ་རང་མཚན་ཡིན་པར་ཞེན་པའམ་འཛིན་པ་ཡོད་པས་ན། རྟོག་བློ་དེའི་ངོར་སྣང་བརྟག་ཕྱེ་བའང་མེད་དེ། དོན་རང་མཚན་དང་ཁྱད་མེད་པ་ལྟ་བུར་སྣང་བ་ལ་དོན་བྱེད་པ་དང་འདྲ་བ་ཞེས་བརྗོད་པ་ཡིན་ཏེ་རྣམ་པར་དཔྱད་པའི་དབང་དུ་བྱས་པའོ།།དཔེར་ན་བུམ་པ་ཞེས་བརྗོད་ན་བློ་ངོར་ཆུ་སྐྱོར་བའི་དོན་བྱེད་པ་དེ་ཙམ་ཞིག་སྣང་ཞིང༌། བུམ་པ་ཆུང་ངུ་ཞེས་བརྗོད་ན་ཆུ་སྐྱོར་བའི་དངོས་པོ་དབྱིབས་ཆུང་ངུ་ལྟ་བུར་འཆར་བ་སོགས་སྒྲས་ཁྱད་པར་གང་དང་གང་སྦྱར་བ་དེ་དང་དེ་ཡི་ཚུལ་གྱི་དོན་དེ་བློ་ཡུལ་དུ་སྣང་བ་ལ་རང་མཚན་དུ་ཞེན་པར་བྱེད་པ་ཡིན་ནོ།།དེ་ལྟར་དོན་སྤྱི་ལ་རང་མཚན་དུ་འཁྲུལ་པ་དེ་རྗེས་ཀྱི་ཤེས་པས་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡོད་པར་སྒྲོ་འདོགས་པའི་རྒྱུ་ཡིན་ཡང༌། དེས་རང་མཚན་རྣམས་ལ་སྤྱི་ཉིད་དུ་སྒྲོ་འདོགས་པའི་རྒྱུ་མི་བྱེད་དེ། དཔེར་ན་འདྲ་བ་གཞན་འབྱུང་བའི་འཁྲུལ་རྒྱུ་དེས་བུམ་པ་རྟག་པར་སྒྲོ་འདོགས་པའི་རྒྱུ་བྱེད་ཀྱང༌། རྟག་པ་ཉིད་བུམ་པར་སྒྲོ་འདོགས་པའི་རྒྱུ་མི་བྱེད་པ་བཞིན་ནོ།།ཁྱད་པར་གཉིས་པ་ནི། རིགས་མཐུན་མི་མཐུན་གྱི་དངོས་པོ་ཀུན་ལས་ཐ༷་ད༷ད་པ་དོན་རང་མཚན་གྱི་དངོས་པོ་ཉིད་ཀྱི་གཞན་སེལ་བ་ཙ༷མ་གྱི་ས༷་བོན་ཅ༷ན་ཏེ། རང་མཚན་མཐོང་གོམས་ཀྱི་བག་ཆགས་ལས་བྱུང་བ་ཡིན་པའོ།།གལ་ཏེ་སྔར་དངོས་སུ་མཐོང་བ་མེད་པའི་ལྷ་ཡུལ་ལྟ་བུའི་དོན་སྤྱི་ཡང་ཡུལ་དེ་ཉིད་ཡོད་པ་དང་མཐུན་པར་ཞུགས་པའི་བློ་ཡིན་པས་བརྒྱུད་ནས་དེ་ལ་མཐར་ཐུག་པར་རུང་སྟེ། དེ་འདྲའི་རྣམ་པ་སྐྱེ་བ་ནི་དཔེར་ན་ཁང་བཟང་དང་མེ་ཏོག་གི་ཚལ་བདུད་རྩིའི་ཟས་ལ་སོགས་པ་རང་གིས་དངོས་སུ་མ་མཐོང་ཡང་དེ་ལྟར་བཤད་པའི་སྒྲ་ལ་བརྟེན་ནས་དབྱིབས་དང་ཁ་དོག་ལ་སོགས་པ་ཇི་ལྟར་རིགས་པའི་རྣམ་པ་འཆར་བ་ནི། དབྱིབས་སོགས་གཞན་སྔར་མྱོང་བ་ལས་ཆ་འདྲ་བར་དཔག་ནས་བློ་ལ་འཆར་དུ་རུང་བ་ཡིན་ལ་དེ་ལྟར་ཐོབ་པའང་ཡོད་དོ།།གཞན་ཡང་གཙོ་བོ་ལ་སོགས་པའི་སྒྲ་དོན་ཡང་བདེ་བ་ལ་སོགས་པའི་ཆ་གཞན་མྱོང་བ་ལས་དཔག་ཏེ་དེ་ཡི་མཚན་ཉིད་སྒྲས་བཤད་པ་ལྟར་སེམས་པར་བྱེད་པ་ཡིན་མོད་ཀྱི་དངོས་པོ་གཞན་ཉམས་སུ་མྱོང་བའི་རྣམ་པ་ལས་གཞི་མེད་ལ་སྒྲོ་བཏགས་པ་ཡིན་པས་ན་དེ་ལྟར་བཟུང་བ་ལྟར་དོན་ཐོབ་པ་མེད་པར་ནི་སྔར་བཤད་པ་བཞིན་ནོ།།ཁྱད་པར་གསུམ་པ་ནི། རང་མཚན་ལྟར་ཞེན་ནའང་དོན་རང་མཚན་གྱི་དངོས་པོར་གྱུར་པ་ཅུང་ཟད་ཀྱང་མེད་པ༷འི་རྟོག་སྣང་ཙམ་སྟེ་དེ་ལྟར་སྤྱི་བློ་ཁྱད་པར་གསུམ་ལྡན་ནོ། །འདི་ལྟར་ཕྱོགས་གང་ན་ཡོད་པའི་བུམ་པ་རྣམས་ཉམས་སུ་མྱོང་བ་དེ་དུས་ཀྱི་བུམ་པའི་རྣམ་པ་ནི་འདི་ལྟར་ཡིན་ནོ་སྙམ་དུ་དྲན་ཡང་བློ་དེར་སྣང་བ་ཙམ་དུ་ཟད་ཀྱི་ཡུལ་དུས་མ་འདྲེས་པའི་རང་མཚན་དངོས་ཡུལ་དུ་བྱེད་མི་ནུས་ཏེ། དེ་འགགས་ནས་མེད་པའི་ཕྱིར། དེས་ན་རང་མཚན་ནི་རྟོག་པས་ནམ་ཡང་འཛིན་མི་ཤེས་ཏེ་གལ་ཏེ་འཛིན་ན་འཁྲུལ་པར་འཇོག་པར་ཡང་མི་རིགས་སོ། །དབང་ཤེས་ཀྱིས་མཐོང་བཞིན་དུ་དེར་རྟོག་པ་ལའང་རྟོག་པའི་ཡུལ་ནི་དོན་སྤྱི་ཙམ་དུ་འགྱུར་གྱི་རང་མཚན་དུ་མི་འགྱུར་བའི་ཚུལ་འོག་ནས་འཆད་པར་འགྱུར་རོ།།དེ་ལྟ་བུའི་སྤྱི་བློ་དེ་སྐྱེད་པ༷ར་བྱེད་པ༷་སྒྲའ༷ང་དོན་རང་མཚན་གོ་བ་ལ་མི་སླུ་ཞེས་པ་སྟེ་འང་སྒྲས་རྟོག་སྣང་ལ་བརྟེན་ནས་དོན་ལ་འཇུག་པའང་སྡུད་དོ། །སྒྲ་དེ་དོན་ལ་ཇི་ལྟར་མི་སླུ་ན། ཐ་སྙད་ཀྱི་དུས་སུ་ཆུ་སྐྱོར་བ་སོགས་བུམ་པའི་འབྲས་བུ་དེ་མི་བྱེད་པ་གཞན་རང་གི་བརྗོད་བྱར་ཡོངས་སུ་སྤ༷ངས་པའི་ཡ༷ན་ལ༷ག་གམ་རྒྱུ་མཚན་ཅན་གྱི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་དང༌། བརྡ་དུས་སུ་ཆུ་སྐྱོར་བ་སོགས་ཀྱི་དོན་དེ་བྱེད་པ་བུམ་པ་རང་གི་དངོས་པོ་རང་མིན་གཞན་ལས་ཐ༷་ད༷ད་པ་དོན་གྱི་གཞན་སེལ་ལ་བརྡ་བྱས་པས་དོན་གྱི་རང་མཚན་ཞེན་པས་བརྗོད་བྱར་སོང་བའི་ཚུལ་གྱིས་དེ་ལ་རྟེན་པ་ཡི་རྒྱུ་མཚན་ཅ༷ན་ཡིན་པའི་ཕྱིར་ཏེ། མདོར་ན་བུམ་སྒྲས་བུམ་མིན་རྣམ་པར་བཅད་པས་བུམ་པ་ཡོངས་གཅོད་དུ་བློ་ཡུལ་ལ་གྲུབ་པར་བྱས་པ་ལྟ་བུའི་རྒྱུ་མཚན་དེ་གཉིས་ཀྱིས་ནི། དོན་རང་མཚན་ལ༷་མི་སླུ༷་བ་དེས་དེ་མི་འཁྲུལ་བར་གོ་ནུས་པ་ཡོད་པ༷ར་འདོད་དོ།།དེ་ལྟར་ཡིན་པ་དེ་ཕྱིར་སྒྲ་རྣམས་ནི་བརྗོད་བྱ་མིན་པ་གཞ༷ན་སེལ་བའམ་རྣམ་པར་གཅོད་པའི་ཡུ༷ལ་ཅ༷ན་ཏེ། དེའི་སྟོབས་ཀྱིས་/ཆུ་སྐྱོར་ལ་18སོགས་ཀྱི་དོན་དེ་བྱེད་པ་བུམ་པ་སོགས་བློ་ཡུལ་དུ་གྲུབ་ཅིང་དེ་ལ་སྣང་བརྟག་གཅིག་ཏུ་ཞེན་པའི་ཕྱིར། རང་མཚན་ལ་བརྟེན་པ༷འི་ངོ་བོའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །བརྟེན་པ་ཞེས་པ་འབྲེལ་བའི་དོན་དེ་འདི་ལྟར་རྟོག་པས་མཚམས་སྦྱར་ནས་སྒྲས་དོན་རང་མཚན་གོ་བར་བྱེད་པས་མིང་དོན་གྱི་འབྲེལ་བ་དོན་ལ་མ་གྲུབ་ཀྱང༌། རྟོག་ངོར་ཡོད་པ་དེས་རྟོག་པས་བརྗོད་འདོད་ཀྱི་དོན་གོ་བ་ལ་མི་སླུ་སྟེ་སྒོ་བྱང་གདགས་པ་བཞིན་ནོ།།
གསུམ་པ་སྒྲ་སེལ་འཇུག་ཏུ་འདོད་པ་དེར་རྩོད་པ་སྤོང་བ་ལ།སེལ་བ་ཁས་ལེན་པ་ལ་ མི་འཇུག །སེལ་ལས་གཞན་འདོད་པ་ལ་སྒྲུབ་བྱེད་མེད། །དང་པོ་ལ། རྟོག་པ་ཕན་ཚུན་བརྟེན་པར་ཐལ་བ་དང༌། །སྒྲ་ལ་སེལ་བས་འཇུག་པས་མ་ཁྱབ་པ། །བརྟགས་ན་སྤྱི་དང་སེལ་བ་མཚུངས་པའི་སྐྱོན། །སྒྲ་རྟོག་ཕྱི་མ་དོན་མེད་ཐལ་བ་དང༌། །གཞི་མཐུན་མི་སྲིད་པར་ནི་རྩོད་པ་ལྔ། །དང་པོ། སྐྱོན་དེ་ཕ་རོལ་རང་ལ་འཇུག་པར་བསྟན། །སེལ་བར་སྨྲ་ལ་ཉེས་པ་མེད་ཚུལ་ལོ། །དང་པོ།
ཤིང་མ་ཡིན་ལས་19ལྡོག་པ་ཡིས། །ཤིང་དོན་འཛིན་ན་གཉིས་པོ་དག།ཕན་ཚུན་བརྟེན་པས་གཅིག་འཛིན་པ། །མེད་ན་གཉིས་ཀ་མི་འཛིན་འགྱུར།།དེ་ཡི་ཕྱིར་ན་བརྡར་བཏགས་པ། །མི་སྲིད་དོ་ཞེས་ཁ་ཅིག་སྨྲ།།དེ་དག་གིས་ནི་བརྡར་འདོགས་ལ། །ཤིང་མིན་རྣམ་པར་གཅོད་དམ་མིན།།གལ་ཏེ་རྣམ་གཅོད་ཤིང་གི་དོན། །འཛིན་པ་མེད་ན་ཇི་ལྟར་ཤེས།།བརྡ་ལས་དེ་དག་མི་སེལ་ན། །ཐ་སྙད་འདོགས་པར་བྱེད་པ་རྣམས།།དེ་ཡོངས་སྤངས་ནས་འཇུག་པར་ནི། །མི་འགྱུར་ཤིང་གི་ཁྱད་པར་བཞིན།།གལ་ཏེ་གཞན་བཀག་མི་སྒྲུབ་པར། །མདུན་གནས་གཅིག་ཅིག་རབ་བསྟན་ནས།།འདི་ཤིང་ཡིན་ཞེས་བརྡ་བྱེད་ལ། །ཐ་སྙད་འདོགས་པའི་ཚེ་ན་ཡང༌།།དེ་རྟོགས་འགྱུར་ལ་དེ་ཡི་ཕྱིར། །ཉེས་པ་འདི་ནི་མེད་སྙམ་ན།།འདི་ཡང་ཤིང་ཡིན་འདི་ཁོ་ན། །ཞེས་བྱའི་ཐལ་བ་ལྡོག་པ་མེད།།ཁྱོད་སེལ་བར་སྨྲ་བ་ལྟར་ན། ཤིང་ཞེས་པའི་སྒྲས་ཤིང་མ༷་ཡིན་པ་ལ༷ས་ལྡོག་པ༷་ཡི་ཤིང་གི་དོན་འཛིན་ནོ་ཞེ་ན༷། ཤིང་དང་ཤིང་མིན་གཉིས་པོ་ད༷ག་ཕ༷ན་ཚུ༷ན་བརྟེན་པ༷ས་ན་གཅིག་འཛིན་པ༷་མེད་ན༷་ཅིག་ཤོས་རྐྱང་པར་འཛིན་མི་ཤེས་ཏེ། ཤིང་འཛིན་པ་ན་ཤིང་མིན་པ་བཟུང་ནས་དེ་གཅོད་དགོས་ལ། ཤིང་མིན་པ་འཛིན་ན་དེའི་སྔོན་དུ་ཤིང་མ་བཟུང་བར་དེ་མིན་པར་ཡང་བཞག་ཏུ་མེད་དོ། །དེས་ན་གཅིག་འཛིན་ཚེ་གཅིག་མེད་ལ་དེ་གཉིས་རྟོག་པ་གཅིག་གིས་ཅིག་ཅར་འཛིན་པ་མི་སྲིད་པས་མཐར་གཉིས་ཀ༷་མི་འཛིན་པར་འགྱུ༷ར་བ་དེ་ཡི་ཕྱིར་ན༷་ཤིང་མིན་བཅད་ནས་ཤིང་ལ་བརྡ༷ར་བཏ༷གས་པ༷་ཞེས་པ་འདི་མི་སྲིད་དོ་ཞེས་སྤྱོད་པ་པའི་སྟོན་པ་གཞོན་ནུ་མ་ལེན་ལ་སོགས་པ་ཁ༷་ཅིག་སྨྲ༷འོ། །དེ་སྐད་སྨྲ་བ་དེ་ད༷ག་གིས་ནི་ཤིང་ཞེས་བརྡ༷ར་འདོགས་པ་དེ་ལ༷་བརྡ་དེས་ཤིང་མིན་པ་རྣ༷མ་པ༷ར་གཅོད་ད༷མ་འོན་ཏེ་གཅོད་པ་མིན་པར་འདོད། ག༷ལ་ཏེ་རྣ༷མ་པར་གཅོད་ན་དེའི་སྔོན་དུ་ཤིང་གི་དོན་འཛིན་པ༷་མེད་ན༷་ཤིང་མིན་དུ་ཇི་ལྟ༷ར་ཤེས་ཏེ་དེ་ལྟར་མི་ཤེས་པར་ཁྱོད་རང་གིས་ཁས་བླངས་པས་སོ། །བརྡ༷་ལ༷ས་ཤིང་མིན་དེ་ད༷ག་མི་སེལ་བ་ཞིག་ན༷་ཤིང་གི་ཐ༷་སྙད༷་འདོགས་པ༷ར་བྱེད་པ༷་ཡི་སྐྱེས་བུ་རྣ༷མས་ཤིང་མིན་དེ་ཡོངས་སུ་སྤ༷ངས་ན༷ས་ཤིང་ལ་འཇུ༷ག་པ༷ར་ནི་མི་འགྱུ༷ར་ཏེ། དཔེར་ན་ཤིང་གི་ཁྱ༷ད་པ༷ར་ཤུག་པ་ལ་སོགས་པ་བརྗོད་པའི་སྒྲས་ཤིང་མི་གཅོད་པས་ན་ཤིང་གཅོད་པར་འདོད་པས་ཤུག་པ་ལ་སོགས་པའི་སྒྲ་སྦྱར་བ་དོན་མེད་པ་བཞིན། ཤིང་ཞེས་པའི་སྒྲས་ཀྱང་ཆུ་ལ་སོགས་པ་གཞན་མི་གཅོད་ན་ཤིང་འོན་ཅིག་ཅེས་པས་ཆུ་ལེན་པར་ཡང་བྱེད་པར་འགྱུར་རོ།།ག༷ལ་ཏེ་སྤྱི་སྨྲ་བའི་ལྟར་ན་གཞ༷ན་བཀ༷ག་པ་ལ་ལྟོས་ནས་ཤིང་གི་བརྡ་མི་སྒྲུ༷བ་པ་སྟེ་བསྒྲུབ་མི་དགོས་པ༷ར། མདུ༷ན་ན་གན༷ས་པ་སྤྱི་དང་ལྡན་པའི་ཤིང་གསལ་གྱི་དངོས་པོ་གཅིག་ཅིག་ར༷བ་ཏུ་བསྟ༷ན་ན༷ས། འདི་ནི་ཤིང་ཡིན་ནོ་ཞེས་མིང་དེ་དོན་ལ་སྒྲུབ་པ་ཁོ་ནས་བརྡ༷་བྱེད་ལ༷། ཕྱིས་ཐ༷་སྙད༷་འདོགས་པ༷འི་ཚེ་ན༷་ཡ༷ང་སྤྱི་ལྡན་གསལ་བ་དེ་རྟོགས་པར་འགྱུ༷ར་ལ༷་དེ་ཡི་ཕྱིར་ཐལ་བ་མཚུངས་པའི་ཉེས་པ༷་འདི་ནི་མེད་དོ་སྙ༷མ་ན༷། བརྡ་དུས་སུ་མདུན་གནས་དེ་ལ་འདི་ཡ༷ང་ཤིང་ཡིན་ཞེས་མི་ལྡན་རྣམ་གཅོད་དུ་སྦྱོར་རམ། འདི་ཁོ་ན༷་ཤིང་ཡིན་ཞེས་བྱ༷འི་གཞན་ལྡན་རྣམ་གཅོད་དུ་སྦྱོར། དང་པོ་ལྟར་ན་གཞན་ཡང་ཤིང་ཡིན་པ་མ་བསལ་བས།བརྡ་ལས་དེ་དག་མི་སེལ་ན། །སོགས་ཀྱི་ཐལ་བ་སོ་ན་གནས་ལ། གཞན་ལྡན་རྣམ་གཅོད་བྱེད་ན། གལ་ཏེ་རྣམ་གཅོད་ཤིང་གི་དོན། །འཛིན་པ་མེད་ན་ཇི་ལྟར་ཤེས། །ཞེས་པའི་ཐལ་བ་སྤོང་མི་ནུས་པས། དེ་གཉིས་གང་ལྟར་ཡང་སྔར་གྱི་ཐ༷ལ་བ༷་ལྡོག་པ༷་མེད་པར་སོ་ན་གནས་པར་འགྱུར་རོ། །གཞན་ཡང་འདི་ཁོ་ན་ཞེས་པས་རང་མཚན་དེ་ཙམ་ཞིག་ལ་བརྡ་སྦྱར་བ་ཡིན་ན་དེ་ཡུལ་དུས་གཞན་ལ་རྗེས་འགྲོ་མེད་པས་གཞན་ལ་ཤིང་དུ་ཤེས་པར་མི་འགྱུར་རོ། །རིགས་དངོས་པོ་བ་དང་ལྡན་པའི་ཕྱིར་དེ་ལྟར་མི་འགྱུར་སྙམ་ན་གོང་དུ་བཀག་ཟིན་ལ། གཅིག་ལ་མིང་བཏགས་པས་རིགས་འདྲ་བ་མཐའ་དག་ལ་གོའོ་སྙམ་ན། རིགས་འདྲ་བ་དང་མི་འདྲ་བ་སོ་སོར་ཕྱེ་ནས་མི་འདྲ་བ་བསལ་བའི་རྣམ་གཅོད་ཅན་དུ་སྒྲ་དེ་སོང་བ་ཡིན་ནོ།།
གཉིས་པ་སེལ་བར་སྨྲ་བ་ལ་ཉེས་པ་དེ་ལྟ་བུ་མེད་ཚུལ་ནི།
གཅིག་རྟོགས་ཞེས་བྱའི་ཤེས་པ་ནི། །གཅིག་ལ་གནས་པའི་རྟོགས་པ་པོས།།དེ་དང་དེ་མིན་རྒྱུ་དོན་རྣམས། །བདག་ཉིད་རྣམ་པར་འབྱེད་པར་བྱེད།།བློ་དེ་ལ་ནི་ཡོད་པའི་དངོས། །བློ་རྒྱུ་ཉིད་དུ་སྣང་བ་དང༌།།རྒྱུ་མིན་ངོ་བོ་བྲལ་བ་དང༌། །ངོ་བོ་གཅིག་འདྲར་བདག་ཉིད་ཀྱིས།།ཐ་དད་པར་ནི་ཤེས་འགྱུར་བར། །20ཐ་དད་པ་ལ་སྐད་སྦྱོར་ཏེ།།དེ་ལས་དེ་རྟོགས་འགྱུར་བའི་བློ། །འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས།།ཤ་པ་དང་ཤུག་པ་སོགས་ཤིང་རྣམས་རིགས་གཅིག་ཏུ་རྟོགས་པ་ཞེས་བྱ༷་བའི་ཤེས་པ༷་ཤིང་འཛིན་ཙམ་ནི། རིགས་གཅིག་པོ་དེ་འདྲའི་གནས་སྐབས་ལ༷་སེམས་ཀྱི་རྒྱུད་གན༷ས་པའམ་གཏོད་པ༷འི་བརྡ་སྦྱོར་བའི་རྟོགས་པ༷་པོས། ཡལ་འདབ་དང་ལྡན་པར་འཛིན་པ་ཤིང་རྟོག་དེ་ད༷ང་དེ་མིན་པ་དེ་ལས་བཟློག་པ་ཤིང་མིན་དུ་རྟོག་པའི་རྒྱུ༷་རུ་གྱུར་པའི་དོན་གསལ་བ་རྣ༷མས་བརྡའི་སྔོན་དུ་སྒྲའི་བྱེད་པ་ལ་མ་ལྟོས་པར་བད༷ག་ཉིད་ཀྱིས་སོ་སོར་རྣ༷མ་པ༷ར་འབྱེད་ཅིང་རྟོག་པ༷ར་བྱེད་དེ། འདི་ལྟར་ཡལ་འདབ་སོགས་དང་ལྡན་པ་དང༌། གཞན་དེ་དང་མི་ལྡན་པར་མཐོང་བ་ལ་རྟོག་པས་དེ་དང་དེ་མིན་དུ་འབྱེད་པར་བྱེད་དོ། །དེ་ཡང་མངོན་སུམ་དུ་མཐོང་བའམ། མངོན་སུམ་མ་མཐོང་ཡང་རྟོག་ཡུལ་ན་སྣང་བ་སྒྲ་དང་འདྲེས་སུ་རུང་བ་དེ་དང་གཞན་མི་མཐུན་པར་མ་འབྱེད་ན་དེ་ལ་ངེས་བཟུང་གི་དོན་ཅན་གྱི་བརྡ་སྦྱར་བ་མི་རིགས་ཏེ། རྟོག་ཡུལ་ན་སྣང་བ་ཙམ་གྱིས་གཞན་བསལ་བར་སོང་བས་དེ་ལ་བརྡ་འདོགས་པའི་བློ་སྐྱེ་བ་ཡིན་ནོ། །དེ་ཡང་ཤིང་སྤྱི་འཛིན་པའི་བློ་དེ་ལ༷་ནི་སྣང་བའམ་ཡོད་པ༷འི་དངོས་པོ་དེ་ཉིད་ལ། ཤིང་དེ་འཛིན་གྱི་བློ་དེའི་རྒྱུ༷་ཉིད་དུ༷་སྣ༷ང་བ༷་ད༷ང༌། བློ་དེའི་རྒྱུ༷་མིན་པ་ཤིང་མིན་གྱི་ངོ་བོ་དང་བྲ༷ལ་བ༷་ད༷ང༌། དེ་ཡང་སྣང་བརྟག་ངོ་བོ་གཅིག་འདྲ༷ར་ཞེན་ནས་གནས་པ་སྟེ་རང་བཞིན་གསུམ་དང་ལྡན་པའི་ཚུལ་གྱིས་བརྡ་འདོགས་པ་པོ་བད༷ག་ཉིད་ཀྱིས་རྟོག་ཡུལ་ན་ཡོད་པའི་དོན་རེ་རེ་མ་ཡིན་པ་གཞན་ལས་ཐ༷་ད༷ད་པ༷ར་ནི་ཤེས་པར་འགྱུ༷ར་བ༷ར་བྱ་བའི་སླད་དུ། ཡལ་འདབ་སོགས་དང་མི་ལྡན་པ་ལས་ཐ༷་ད༷ད་པ༷་རྟོག་ཡུལ་ན་ཡོད་པ་སྣང་བརྟག་གཅིག་ཏུ་ཞེན་པ་དེ་ལ༷་ཤིང་ཞེས་པའི་སྒྲའམ་སྐ༷ད་དམ་བརྡ་སྦྱོར་བར་བྱེད་པ་ཡིན་ཏེ། དགོས་པ་ནི་བརྡ་དེ་བཏགས་ཟིན་ནས་ཕྱིས་ཐ་སྙད་ནམ་བྱེད་པའི་ཚེ་ནའང་སྒྲ་དེ་ལ༷ས་གཞན་ལས་ཐ་དད་པའི་དོན་དེ་ལྟ་བུ་རྟོགས་པར་འགྱུ༷ར་བ༷འི་བློ་སྐྱེ་བའི་སླད་དུའོ། །ཚུལ་ཇི་ལྟར་ན་སྒྲ་དེ་ལས་རྟོག་པའི་སྣང་ཡུལ་དེ་སྐྱེད་པ་ལ་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུ༷ལ་པ༷ས་སྣང་བརྟག་དངོས་པོ་གཅིག་ལྟ༷ར་དུ་རྟོགས་པའི་ཚུལ་གྱི་བརྡ་དོན་ལ་འབྱོར་བ་ཡིན་པས་ན་རྟོག་ཡུལ་གྱི་དོན་གཞན་ལས་ཐ་དད་པར་སྣང་བ་དེ་ཉིད་ཐ་དད་དུ་བྱེད་པའི་བརྡར་མིང་བཏགས་པས་དེ་ཉིད་གཞན་ལས་ཐ་དད་དུ་གོ་ནུས་ཏེ་ཉི་མ་ཞེས་པ་བཞིན་ནོ། །དེས་ན་ཤིང་ཞེས་པ་ཡུལ་དུས་རྣམ་པ་ཕྱེ་བའི་ཆ་གཅིག་ཁོ་ན་གོ་འདོད་ཀྱི་ཆེད་དུ་མ་ཡིན་པར་ཡལ་འདབ་སོགས་དང་མི་ལྡན་པ་གཞན་བཅད་ནས་ཡལ་འདབ་སོགས་དང་ལྡན་པའི་དངོས་པོ་དེ་ཙམ་གོ་བ་ལ་བཏགས་པའི་མིང་ཡིན་པས་གཅིག་ལ་མིང་བཏགས་པས་དེའི་རིགས་འདྲ་ཐམས་ཅད་གོ་ནུས་སོ། །དེ་བཞིན་དུ་རིགས་བརྗོད་པ་མི་དང་མཐོ་རིས་ལ་སོགས་པ་ཐམས་ཅད་ཀྱང་ཤེས་པར་བྱའོ།།གལ་ཏེ་སྐྱེས་བུ་གཅིག་ཁོ་ནའི་མིང་དུ་བཏགས་པ་ནི་སྐྱེས་བུ་གཞན་གང་དང་ཡང་མི་འདྲེ་བར་བྱ་བའི་སླད་དུ་བཏགས་པའི་ཞེ་འདོད་དེའི་དབང་གིས་དེའི་མིང་ཤེས་པས་གཞན་ལ་རིགས་བསྒྲེ་ནས་སྦྱར་དུ་མེད་པར་མཐོང་ནས་དེ་ལྟར་མི་སྦྱར་བ་ནི་གྲགས་པ་ཁོ་ནས་ཡིན་གྱི་རྒྱུ་གཞན་མེད་དེ། ཞེ་འདོད་ཀྱིས་སྦྱར་བ་དེ་ལྟར་འཛིན་པ་ནི་འདོད་རྒྱལ་ལམ་ཆོས་གཞན་གང་གི་མིང་དེ་ལ་བཏགས་ཀྱང་མི་དེ་ཁོ་ནའི་མིང་དུ་ཞེན་པར་བྱེད་པ་སྟེ། གླང་པོ་ལ་ལག་ལྡན་དང༌། བ་ལང་ལ་འགྲོ་ལྡན་ཞེས་པ་བཞིན་དེ་ཁོ་ནའི་མིང་ཡིན་པའི་རྒྱུ་མཚན་བཤད་དུ་མེད་དོ། །དེས་ན་བརྡ་ནི་ཞེ་འདོད་ཀྱིས་སྦྱར་ལ་བརྡ་དེས་ཞེ་འདོད་ཀྱི་དོན་དེ་གོ་བར་བྱེད་པ་ནི་གཞན་སེལ་བའི་རྩ་བ་ཅན་རྟོག་པའི་དབང་གིས་ཡིན་པར་ཤེས་པར་བྱའོ།།
རྩོད་པ་གཉིས་པ་སྒྲ་ལ་སེལ་བས་འཇུག་པས་མ་ཁྱབ་པ་སྤང་བ་ནི།
བློ་དོན་འགའ་ལས་རྣམ་བཟློགས་ནས། །དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར།།སྒྲ་ནི་རབ་ཏུ་སྦྱོར་བྱེད་དེ། །དེ་དོན་ངེས་པར་བཟུང་ཕྱིར་རོ།།གཞན་དུ་སྦྱོར་བ་དོན་མེད་འགྱུར། །དེས་ན་ཤེས་བྱ་ལ་སོགས་ཚིག།ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད།།སྒྲ་ཐམས་ཅད་སེལ་བའི་ཡུལ་ཅན་ཡིན་པས་མ་ཁྱབ་སྟེ་བུམ་པ་སོགས་ཀྱི་སྒྲ་ལ་བུམ་པ་མིན་པ་གཞན་བཅད་དུ་ཡོད་ཀྱང་ཤེས་བྱ་ལ་སོགས་པའི་སྒྲ་ལ་དེ་མིན་གཞན་བཅད་དུ་མེད་དེ། ཤེས་བྱ་མིན་པར་གཞལ་ཡང་དེ་ཡང་ཤེས་བྱ་ཉིད་དུ་གྱུར་པས་ན། གཞན་མ་གྲུབ་པས་དེ་སེལ་བའང་མི་སྲིད་པས་ན་སྒྲ་ཐམས་ཅད་རྣམ་གཅོད་ཀྱི་ཡུལ་ཅན་དུ་མ་གྲུབ་བོ་ཞེ་ན། ཉན་པ་པོའི་བློ་བརྗོད་བྱའི་དོན་མིན་པ་འག༷འ་ལ༷ས་རྣ༷མ་པར་བཟློགས་ན༷ས་འཇུག་ཡུལ་གྱི་དོན་འག༷འ་ཞིག་ལ༷་འཇུ༷ག་བྱ༷འི་ཕྱིར་སྒྲ༷་ནི་ར༷བ་ཏུ༷་སྦྱོར་བར་བྱེད་དེ་སྒྲ་འཇུག་ཡུལ་དེ་ཡི་དོན་ཉིད་གཞན་ལྡན་གཅོད་པའི་ཚུལ་གྱིས་ངེས་པ༷ར་བཟུ༷ང་བ་ཡིན་པའི་ཕྱིར་རོ། །གཞ༷ན་དུ༷་འཇུག་ལྡོག་གི་ཚུལ་གྱིས་ངེས་བཟུང་དེ་མེད་པ་ཞིག་ན་སྒྲ་སྦྱོར་བ༷་དོན་མེད་པར་འགྱུ༷ར་ཏེ། དཔེར་ན་བུམ་པར་ཆུ་འོན་ཅིག་ཅེས་པ་ལྟ་བུ་ལ་བྱིན་ཅིག་ཅེས་པའི་བྱ་ཚིག་དེས་གཞན་ལེན་པ་སོགས་མི་སེལ་ན་དེ་སྨྲོས་མི་རིགས་ལ། དེ་ཡང་ཆུ་ཞེས་པའི་ཁྱད་པར་དུ་བྱས་པས་ནི་གཞན་འོ་མ་སོགས་གཅོད་ཅིང་ཆུ་དེ་གང་གིས་ལེན་ན་ཁྱོར་བ་སོགས་ཀྱིས་ལེན་པ་གཅོད་པའི་དོན་དུ་བུམ་པར་ཞེས་སྨྲོས་པ་ཡིན་གྱི་དེ་འདྲའི་ངེས་བཟུང་སོ་སོ་ནས་མེད་ན་དེ་གསུམ་སྨྲོས་མི་རིགས་སོ། །དེ་བཞིན་དུ་ངག་ཐམས་ཅད་ལའང་རང་རང་གི་ལྡོག་ཕྱོགས་གཅོད་པའི་ནུས་པ་ཡོད་པ་ཡིན་ནོ། །རྒྱུ་མཚན་དེས་ན༷་ཤེས་བྱ༷་དང་ལ༷་སོགས་པའི་སྒྲས་གཞལ་བྱ་དང་བརྗོད་བྱ་དང་ཐམས་ཅད་ཅེས་པ་ལ་སོགས་པའི་ཚིག་དགག་སྒྲུབ་ཀྱི་ཐ༷་སྙ༷ད་དུ༷་ནི་འཇོག་པ་རྣ༷མས་ལ༷་ཤེས་བྱ་མིན་པར་དོགས་པ་ལ་སོགས་པ་རྣ༷མ་པ༷ར་གཅོད་པ༷་འག༷འ་ཞིག་ཡོད་དེ། དེ་མེད་ན་སྒྲ་སྦྱོར་བ་དོན་མེད་དོ། །དཔེར་ན་དངོས་པོ་མེད་པ་ནི་མེད་པའི་ཕྱིར་དེ་ལ་ཤེས་པ་འཇུག་པ་མེད་དོ་སྙམ་དུ་ཐེ་ཚོམ་ཟ་བ་ལ། དངོས་པོ་མེད་པ་ཤེས་བྱ་ཡིན་ནོ་ཞེས་སྨྲས་པས་ཤེས་བྱ་མ་ཡིན་པ་རྣམ་པར་གཅོད་པ་དང༌། སྐབས་ཀྱི་དགོས་དོན་ཚང་བ་ལ་ཐམས་ཅད་ཚོགས་སོ་ཞེས་པ་དང༌། ཤེས་བྱ་ཐམས་ཅད་ནི་རྣམ་མཁྱེན་གྱིས་གཟིགས་སོ་ལྟ་བུ་སོགས་བཟློག་ཕྱོགས་སུ་སྒྲོ་བཏགས་པའི་རྣམ་པ་དེ་དག་སྒྲ་དེ་དག་གིས་གཅོད་པ་ཡིན་གྱི་བརྗོད་བྱ་དང་དེ་མིན་པ་ཚོམ་གཉིས་སུ་དང་པོར་གྲུབ་པར་བྱས་ནས་ཅིག་ཤོས་བསལ་དགོས་པ་མིན་ཏེ་བཟློག་ཕྱོགས་སུ་སྒྲོ་འདོགས་པ་དེ་བསལ་བས་གཞན་སེལ་དུ་སོང་བ་ཡིན་ནོ།།
རྩོད་པ་གསུམ་པ་བརྟགས་ན་སྤྱི་དང་སེལ་བ་མཚུངས་པའི་སྐྱོན་ལ།ལྡོག་པར་སྣང་བརྟག་གཅིག་འདྲེས་བརྗོད་བྱར་བསྟན། །དེ་ཉིད་ཕྱོགས་གླང་དགོངས་པར་བཤད་པ་འོ། །དང་པོ།
གང་ཞིག་གང་ལས་ཐ་དད་པ། །དེ་རྣམ་བཟློགས་ནས་དེ་དག་ལས།།ཐ་དད་ཁྱད་པར་མཚུངས་པའི་རྒྱུ། །རྣམ་པ་སྣང་བ་ཅན་ལ་འགོད།།གསལ་བྱེད་པ་སོགས་ན་རེ། སེལ་བ་འདི་དང་སྤྱི་མཚུངས་ཏེ་རྗོད་བྱེད་ཀྱི་སྒྲས་སེལ་བ་དེ་སྒྲུབ་པས་བརྗོད་དམ་སེལ་བས་བརྗོད། དང་པོ་ལྟར་ན་སེལ་འཇུག་ཉམས་ལ། གཉིས་པ་ལྟར་ན་སེལ་བ་ལའང་སེལ་བས་འཇུག་དགོས་པས་ཐུག་མེད་དུ་འགྱུར་རོ་ཞེ་ན། བུམ་སྒྲས་བུམ་མིན་ཆོད་པ་དེ་ཙམ་སེལ་བ་ཡིན་པས་ཐུག་མེད་ག་ལ་དགོས། སེལ་བ་རང་གི་ལྡོག་ཆ་ནས་བརྗོད་ན་སེལ་བ་མིན་པའང་གཅོད་དེ་བུམ་པའི་ལྡོག་པ་དང་བུམ་པའི་གཞན་སེལ་ཞེས་པ་བཞིན་སྒྲ་སེལ་འཇུག་ཏུ་འདོད་པས་སྒྲུབ་འཇུག་དོན་གྱིས་བཅད་པ་ཡིན་གྱི་གཞན་མི་དགོས་སོ། །དེ་ལྟར་ཐུག་མེད་དུ་མི་འགྱུར་དུ་ཆུག་ན་ཡང་ལྡོག་པ་དེ་དངོས་པོ་ཡིན་ན་སྤྱི་དངོས་པོ་ལ་བརྗོད་པའི་སྐྱོན་ཡོད་ལ། དངོས་པོ་མེད་ན་ནི་དེ་བརྗོད་པ་ལ་དགོས་ནུས་མེད་དེ་དེས་དངོས་པོ་བུམ་པ་སོགས་གོ་བར་མི་སྲིད་པའི་ཕྱིར་ཞེ་ན། རྟོག་ངོར་སྣང་བའི་ཤིང་ལྟ་བུ་གཞིར་བཞག་གི་སྟེང་དུ་དེ་མིན་གཅོད་པའི་ཆེད་དུ་བརྡ་འགོད་ཀྱི། ཤིང་སྤངས་པའི་སེལ་བ་རྐྱང་པ་ལ་ཤིང་ཞེས་པའི་བརྡ་མི་འགོད་དེ་ཤིང་ཞེས་པ་ཤིང་མིན་གཅོད་པའི་བརྡ་ཡིན་གྱི་སེལ་མིན་གཅོད་པའི་བརྡ་མིན་པས་ན་སེལ་བ་ཉིད་ལ་བརྡ་སྦྱོར་བ་ཞིག་ན་སེལ་མིན་གཅོད་པའི་བརྡ་སེལ་བ་དང་ལྡོག་པ་དང་རྣམ་གཅོད་ལྟ་བུ་འགོད་རིགས་སོ། །དེས་ན་བརྗོད་འདོད་ཀྱིས་གང་དང་གང་གོ་ནུས་པ་དེ་དག་དེ་མིན་བཅད་པའི་གཞན་སེལ་ལས་བརྡ་དོན་འགྲུབ་པའི་རྩ་བ་ཅན་ཁོ་ན་ཡིན་ནོ། །དེ་ལྟར་མིང་འདོགས་པ་ལ་བཏགས་ཡུལ་གྱི་རྣམ་པ་བློ་ལ་ཤར་བའི་སྒོ་ནས་འདོགས་པས་ཁྱབ་ལ། དེར་དེ་མིན་གཅོད་པའི་དོན་དུ་བརྡ་འདོགས་པ་ཡིན་པས་ན། ཤིང་ལྟ་བུའི་སྒྲ་ག༷ང་ཞིག་ཤིང་ག༷ང་ལ༷ས་ཐ༷་ད༷ད་པ༷་ཤིང་མིན་དེ་རྣ༷མ་པར་བཟློགས་ན༷ས་ཤིང་མིན་དེ་ད༷ག་ལ༷ས་རང་གི་ངོ་བོ་ཉིད་ཀྱིས་ཐ༷་ད༷ད་པ་ཤིང་གི་ཁྱ༷ད་པ༷ར་ཏེ་རང་མཚན་རྣམས་ཤིང་དུ་རིགས་མཚུ༷ངས་པ༷འི་དབང་ལས་སྐྱེས་པའམ་དེ་ཡི་རྒྱུ༷་ཅན་གྱི་རྣ༷མ་པ༷་གང་ཞིག་རྟོག་བཅས་བློ་ཡི་ཡུལ་དུ་སྣ༷ང་བ༷་ཅ༷ན་ལ༷་བརྡ་འགོད་པ་ཡིན་པས་ན་གཞན་སེལ་བ་ལ་བརྡ་སྦྱར་བའམ་སེལ་བ་ཉིད་ཀྱིས་བརྡ་དོན་གྲུབ་པ་ཡིན་པས་ན་བརྟགས་ཤིང་དཔྱད་ན་སྒྲས་བརྗོད་བྱ་དངོས་པོར་གྱུར་པ་གཞན་གང་ཡང་མེད་དོ། །བུམ་མིན་བཅད་ཀྱང་རུང་བུམ་པ་ཉིད་ལ་སྒྲུབ་པས་མ་ཞུགས་ན་དོན་མི་སྟོན་པས་སྒྲུབ་འཇུག་ཏུ་བྱས་ཀྱང་ཅི་འགལ་སྙམ་ན། སྒྲ་རྣམས་ཀྱིས་དངོས་པོ་སྒྲུབ་པའི་ཚུལ་གྱིས་སྟོན་ནུས་ན་འགལ་བ་ཅི་ཡང་མེད་ཀྱང༌། དེ་མི་ནུས་ལ་གཞན་ལས་ཐ་དད་པ་ཙམ་སྟོན་ནུས་སོ། །དེས་ན་སེལ་བ་ལ་མ་བརྟེན་པར་སྒྲུབ་པས་འཇུག་པ་མི་སྲིད་པར་བསྒྲུབས་ཟིན་ལ། སྒྲུབ་འཇུག་མེད་ཀྱང་སེལ་བའི་དབང་གིས་བརྡ་དོན་གྲུབ་པ་ན་སྒྲུབ་པས་ཞུགས་པ་ལྟར་རློམ་པ་ནི་འཁྲུལ་པ་སྟེ། བཞོན་པས་འགྲོ་བ་ལ་རང་ཉིད་སོང་བར་རློམ་པ་བཞིན་ནོ། །དེས་ན་བརྡ་ལས་དོན་གོ་བ་འདི་ཇི་ལྟར་ཡིན་དཔྱད་པ་ན་གཞན་སེལ་གྱི་རྩ་བ་ཅན་ཡིན་པར་དངོས་སྟོབས་ཀྱིས་གྲུབ་པར་ཁས་ལེན་པ་ཡིན་གྱི་སེལ་བ་ལ་དངོས་པོ་མེད་པའི་ཕྱིར་བརྗོད་བྱ་རྟོག་པའི་སྣང་ཡུལ་དེ་ལའང་དབྱིབས་སོགས་ཡོད་པར་སྣང་དུ་མི་རིགས་སྙམ་པ་ནི་གྱི་ན་སྟེ། དེ་མིན་བསལ་བའི་གཞི་ཞིག་མ་སྣང་ན་དགག་གཞི་མེད་པའི་ཕྱིར་དེ་ལ་གཞན་སེལ་བའི་ཐ་སྙད་ཀྱང་ཇི་ལྟར་ཐོབ་སྟེ་མི་འཐོབ་བོ། །འོ་ན་སྣང་བ་དེ་ཉིད་བརྗོད་བྱར་བྱས་པས་ཆོག་མོད་གཞན་སེལ་གྱིས་ཅི་བྱ་སྙམ་ན། གཞན་མ་བསལ་བ་ཞིག་ན་དེའི་ངོ་བོ་ཐུན་མིན་ཉིད་ཇི་ལྟར་སྒྲ་བློས་ངེས་པར་བཟུང་བ་ཡིན་ཏེ་མིན་ནོ། །འོ་ན་གཞན་མ་བསལ་ན་ཡང་དེ་དག་གི་སྒྲ་བློ་འཇུག་པ་མི་སྲིད་མོད། རང་གི་ངོ་བོ་ཉིད་མ་སྣང་ན་གཞན་སེལ་བ་ཁོ་ནས་ཀྱང་མི་འགྲུབ་པས་དེ་གཉིས་མཚུངས་སོ་སྙམ་ན་མི་མཚུངས་ཏེ། སྒྲ་སྦྱོར་བ་ན་སེལ་བའི་སྟོབས་ཀྱིས་སྤྱི་བློ་སྒྲུབ་པ་ལྟར་བྱེད་ཀྱི་སྣང་བ་ཉིད་སྒྲུབ་པའི་སྒོ་ནས་སེལ་བ་འཕེན་པ་མིན་ཏེ། ཡིན་ན་སྒྲ་རྟོག་ཐམས་ཅད་རྟོག་མེད་ཀྱི་སྣང་ཡུལ་ལྟར་འགྱུར་བ་སོགས་སྒྲུབ་འཇུག་ལ་ཇི་སྐད་བརྗོད་པའི་ཉེས་པ་ཐམས་ཅད་ཡོད་པའི་ཕྱིར་རོ། །དེས་ན་འཁྲུལ་པ་ཅན་གྱི་ཞེན་པའི་ངོར་སྒྲུབ་པས་འཇུག་པ་ལྟར་ཡོད་ཀྱང་དཔྱད་ན་སེལ་བས་འཇུག་པར་གནས་པའི་ཕྱིར་སེལ་བས་འཇུག་པར་ཁས་ལེན་པ་ཡིན་ནོ།།
གཉིས་པ་དེ་ཉིད་ཕྱོགས་ཀྱི་གླང་པོའི་དགོངས་པར་བཤད་པ་ནི།
དེ་ཉིད་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག།རྟོགས་འགྱུར་ཞེས་པས་རབ་ཏུ་བཤད།།ལུང་དང་པོ། སྨྲས་པ་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར། ཞེས་པ་སྟེ། བཤད་མ་ཐག་པའི་དོན་དེ་ཉིད་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཤིང་ཞེས་པའི་སྒྲས་གཞ༷ན་ལ༷ས་ལྡོག་པ༷་ཡིས་ཕྱི་རོལ་དོན་གྱི་དངོས་པོ་དེ་ཡི་ཆ༷་འག༷འ་ཞིག་སྟེ། རང་མཚན་རྣམས་ལས་ཐ་དད་པའི་ལྡོག་ཆ་ལས་རིགས་གཅིག་ཏུ་རྟོགས་པ་སྤྱི་བློ་ལ་བརྟེན་ནས་སྣང་བརྟག་གཅིག་ཏུ་ཞེན་ཞིང་དོན་རྣམས་ཀྱི་ལྡོག་པ་དེ་དག་གོ་བའམ་རྟོགས་པར་འགྱུ༷ར་རོ་ཞེས་པ༷ས་གཞན་སེལ་དེ་སྒྲའི་དངོས་ཡུལ་དུ་ར༷བ་ཏུ༷་བཤ༷ད་པ་ཡིན་ནོ་ཞེས་ལྡོག་པའི་སྒོ་ནས་དངོས་པོའི་བྱེ་བྲག་གམ་ཁྱད་པར་གྱི་ཆོས་སྒྲས་གོ་བར་བྱེད་ཅེས་པའི་དོན་ཡིན་གྱི། ལྡོག་པ་ལ་བརྟེན་ནས་ལྡོག་ལྡན་དངོས་པོའི་རང་མཚན་འཛིན་ཞེས་པའི་ལུང་དོན་ལ་དོགས་པའང་བསལ་ལོ།།ཡང་ལུང་གཉིས་པ།འདི་ལའང་ངོ་བོ་ཅུང་ཟད་མེད། །སྒྲ་རྣམས་ལས་དེ་རྟོགས་ཉིད་ཀྱིས།།གཞན་བཟློག་རྟོགས་འགྱུར་དེ་ལ་ནི། །འགའ་ཡིས་ཁྱད་པར་དུ་བྱས་པ།།རྟོགས་པར་འགྱུར་བ་གཞན་འགའ་མེད།།སྒྲས་ནི་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་བརྗོད་དོ་ཞེས་གསུངས་པ་སྟེ། དེ་ཡང་སེལ་བ་འདི་ལ༷འ༷ང་རང་གི་ངོ་བོ་ལྡོག་ལྡན་ལས་ལོགས་སུ་གྲུབ་པ་ཅུ༷ང་ཟ༷ད་ཀྱང་མེད་མོད་བུམ་པ་ལ་སོགས་པའི་སྒྲ༷་རྣ༷མས་ལ༷ས་རྟོག་ངོར་བུམ་པ་སྣང་བརྟག་འདྲེས་པའི་ཚུལ་གྱིས་དེ་རྟོགས་པའམ་སྣང་བ་ཉིད་ཀྱིས། གཞ༷ན་བུམ་མིན་ལས་བཟློག་པའང་དོན་གྱིས་རྟོགས་པར་འགྱུ༷ར་བ་དེ་ལ༷་སེལ་བ་ཞེས་བྱ་ཞིང་ཚུལ་དེ་ལ་ནི་དངོས་པོ་ལས་དོན་གཞན་པའི་སྤྱི་ལྟ་བུ་ལྡོག་ལྡན་ལས་ཐ་དད་པའི་སེལ་བ་འག༷འ་ཡིས་ཁྱ༷ད་པ༷ར་དུ༷་བྱ༷ས་པ༷་རྟོགས་པ༷ར་འགྱུ༷ར་བ༷་གཞ༷ན་འག༷འ་ཡང་སྟེ་ཅུང་ཟད་ཀྱང་མེད་ཀྱི་དེ་མིན་བཅད་པའི་དངོས་མེད་ལ་སེལ་བ་ཞེས་བཏགས་པ་ཙམ་ཡིན་པས་སོ། །དེས་ན་ལྡོག་པས་ཁྱད་པར་དུ་བྱས་པ་ཞེས་པའི་དོན་ཡང་ལྡོག་པ་དང་ལྡོག་ལྡན་ཐ་དད་པ་སྐྱེས་བུ་དང་དབྱུག་པ་བཞིན་དུ་དོན་ལ་གྲུབ་པ་མིན་ཏེ། ཕན་ཚུན་གཅིག་ལ་གཅིག་མེད་པའི་ཆ་ནས་བརྗོད་པས་ན་གཅིག་གོ་བས་ཅིག་ཤོས་དོན་གྱིས་གོ་བ་དེ་ཙམ་ལ་ཁྱད་པར་དུ་བྱས་པ་ཞེས་བརྡ་སྦྱར་བ་ཡིན་གྱི་ཁྱད་གཞི་དང་ཁྱད་ཆོས་ཀྱི་ཚུལ་དུ་དོན་ལ་ཐ་དད་དུ་མེད་དོ།།ལུང་གསུམ་པ་ནི།སྒྲས་གཉིས་21བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མིན་ཕྱིར་འདི།།དངོས་མེད་དངོས་པོ་ལྡན་ཉིད་དུ། །མཐོང་བ་བློ་ཡིས་བསླད་པ་ཡིན།།དེ་ཉིད་ཕྱིར་འདི་དོན་དམ་མིན། །གཞན་དུ་དངོས་པོ་ལས་ལྡོག་པ།།དངོས་པོར་མི་འགྱུར་འདི་འདི་ལས། །ཐ་དད་ཅེས་ནི་བརྗོད་ཕྱིར་རོ།།སྒྲས་ནི་དོན་གཞན་སེལ་བར་བྱེད་ཅིང་རང་གི་དོན་རྗོད་པར་བྱེད་དོ་ཞེས་གསུངས་པ་སྟེ། འདི་ལྟར་ཤིང་ཞེས་པའི་སྒྲས་ཤིང་མིན་གཅོད་པ་དང་ཤིང་སྒྲུབ་པའི་སྒྲ༷ས་དེ་ཡུལ་གཉིས་ཐ་དད་དུ་སྟོན་པར་བྱེད་པ༷འ༷ང་མ༷་ཡིན་ཏེ། ཤིང་དང་ཤིང་མིན་ཕ༷ན་ཚུ༷ན་གཅིག་ལ་གཅིག་ཡོད་པ༷་མིན་པས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་ཐ་དད་དུ་བརྗོད་པ་མེད་དེ་ཤིང་སྒྲས་ཤིང་མིན་བཅད་པ་དེ་ཙམ་གྱིས་ཤིང་ཉིད་དུ་གྲུབ་པ་ལས་ཐ་དད་དུ་མེད་དོ། །དེས་ན་ལྡོག་པ་འདི་ལ་རང་གི་ངོ་བོའམ་དངོས་པོ་ཅུང་ཟད་ཀྱང་མེད་དེ་གཞན་ཡིན་པ་རྣམ་པར་བསལ་བ་ཙམ་གྱི་དགག་པའི་ཆའོ། །དེ་ལྟར་ཡིན་ནའང་སྒྲ་ཡི་སྟོབས་ལས་རང་གི་ངོ་བོ་ཡོངས་གཅོད་དུ་གྲུབ་པ་ལྟར་འཕངས་པའི་ཤན་གྱིས་དངོས་པོ་དང་ལྡ༷ན་པ་ལྟ་བུ་ཉིད་དུ༷་མཐོང་བ༷་ནི་འཁྲུལ་པའི་བློ་ཡིས་བསླ༷ད་པ༷་ཁོ་ན་ཡིན་གྱི་དོན་ལ་མ་གྲུབ་བོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ལྡོག་པ་འདི་དོན་ད༷མ་པར་ཏེ་དངོས་པོར་ཡོད་པ་མིན་ནོ། །དེས་ན་སློབ་དཔོན་གྱི་ལུང་གསུམ་པོ་དེས་སྒྲས་དངོས་ཀྱི་བརྗོད་བྱ་གཞན་སེལ་དུ་བསྟན་པ་ཡིན་ཞིང་གཞན་སེལ་ཞེས་བྱ་བའང་ལྡོག་ལྡན་ལས་ཐ་དད་པའི་ལྡོག་པ་དངོས་པོར་སྟོན་པ་དང༌། དེས་ཁྱད་པར་དུ་བྱས་པའི་སྒྲ་ཡུལ་དངོས་པོར་བཞེད་པ་མིན་ནོ། །དེ་ལས་གཞ༷ན་དུ༷་ལྡོག་པ་ཉིད་དངོས་པོར་འདོད་ན་མི་འཐད་དེ་རིགས་པས་གནོད་པའི་ཕྱིར་རོ། །ཇི་ལྟར་ན་ཨ་ག་རུའི་དངོས་པོ་ལ༷ས་དེའི་ལྡོག་པ༷་ནི་དངོས་པོར་མི་འགྱུ༷ར་ཏེ་དངོས་པོ་རང་མཚན་དོན་ལ་ཡོད་པ་ཡིན་ལ། དེའི་སྟེང་གི་ལྡོག་པ་ཐ་དད་པ་ནི་སྒྲོ་བཏགས་པའི་ཡོད་པ་ཙམ་ལས་དངོས་པོར་ཡོད་པ་མིན་ཏེ་དགག་པའི་ཆ་ཡིན་པས་སོ། །དེའི་རྒྱུ་མཚན་ཨ་ག་རུ་འདི་དེ་མ་ཡིན་པ་གཞན་ལྕགས་ལ་སོགས་པ་འདི་ལ༷ས་ཐ༷་ད༷ད་པའམ་གཞན་ཡིན་ནོ་ཅེས་ནི་བརྗོད་པའི་ཕྱིར་རོ། །དེ་ཡང་ཨ་གར་དེ་ཉིད་དེ་མ་ཡིན་པ་ལས་ཐ་དད་པར་མི་བརྗོད་པ་ཞིག་ན་ཨ་གར་ཉིད་ཀྱང་མ་ཡིན་པར་འགྱུར་ཏེ་ལྕགས་ལ་སོགས་པ་བཞིན་ནོ། །དེས་ན་ཤིང་འདི་ཤིང་མིན་ལས་ཐ་དད་ཅེས་མི་བརྗོད་མི་སེམས་པ་ཞིག་ན་ཤིང་དེ་ཤིང་མ་ཡིན་པར་འགྱུར་ཏེ་ཤིང་མིན་ལས་མ་ལོག་པའི་ཕྱིར་རོ། །གལ་ཏེ་ཤིང་དེ་ཤིང་མིན་ལས་ཐ་དད་པར་བརྗོད་ཀྱང་དེའི་ཐ་དད་པའི་ཆ་དེ་དངོས་པོ་ཉིད་ཡིན་པར་གྱུར་ན། ཤུག་པའི་སྟེང་གི་ཤིང་མིན་པ་ལས་ཐ་དད་པ་དེ་ཤུག་པའི་དངོས་པོ་དེ་ཉིད་ཡིན་ནམ། ཤུག་པ་ལས་གཞན་པར་གྱུར་པའི་དངོས་པོ་ཞིག་ཡིན། དང་པོ་ལྟར་ན་ཤིང་མིན་ལས་ལོག་པ་ནི་ཤུག་པའི་དངོས་པོ་ཡིན་པའི་ཕྱིར། གཞན་ཙནྡན་ལ་སོགས་པ་ཤིང་མིན་པར་ཐལ་ཏེ་ཤུག་པའི་དངོས་པོ་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཤུག་པའི་སྟེང་ན་ཤིང་མིན་ལས་ཐ་དད་པ་དེ་དངོས་པོར་ཡོད་དུ་ཆུག་ཀྱང་ཤུག་པའི་དངོས་པོ་ནི་ཤིང་མིན་ལས་མ་ལོག་པའམ་ཤིང་མིན་ལས་ཐ་དད་པ་མིན་པའི་ཕྱིར་ཤུག་པ་ཤིང་མིན་པར་འགྱུར་རོ།།དེས་ན་ཤུག་པའི་དངོས་པོ་ནི་ཤིང་མིན་ལས་ཐ་དད་དོ་ཞེས་བརྗོད་པ་ཡང་མི་རིགས་སོ། །གལ་ཏེ་དོན་གྱི་སྟེང་ན་དེའི་རང་མིན་བསལ་བའི་ཆ་དངོས་པོར་གྱུར་པ་མཁར་གཞོང་ལ་རྒྱ་ཤུག་བརྟེན་པའི་ཚུལ་དུ་ཡོད་ན་རེ་རེ་བཞིན་ལྡོག་པ་ཐུག་མེད་དུ་ཡོད་ཅིང༌། ཡོད་པ་དེས་ལྡོག་ལྡན་ལ་རང་མིན་པ་སྤོང་བའི་བྱ་བ་གང་ཡང་མ་བྱས་པས་ལན་ཆགས་ཀྱི་བུ་ཚ་བཞིན་དུ་ཕན་པ་མེད་པར་ཟད་དོ། །ཚིག་རྐང་འདི་གཉིས་འགྲེལ་པ་རྣམས་ཀྱིས་བཤད་ཚུལ་མི་འདྲ་བ་མང་ལ་དོན་དུ་མི་འགལ་ཡང་རང་འགྲེལ་གྱི་བབས་དང་བསྟུན་ནས་འདི་ལྟར་བཤད་དོ། །དེས་ན་ལྡོག་པ་ལ་དངོས་པོ་གང་ཡང་མེད་པས་དོན་གྱི་སྟེང་ན་ཐ་དད་དུ་ཅུང་ཟད་ཀྱང་མེད་དོ། །སྒྲ་བློའི་ཐ་སྙད་ཀྱི་ནི་ཆོས་གཅིག་ལའང་དུ་མར་འབྱེད་རུང་བས་ཆོས་ཅན་བུམ་པའི་སྟེང་ན་བུམ་མིན་ལས་ལྡོག་པ་ཡོད་པ་སྐད་དུ་བསྟན་ཀྱང་རང་མིན་མ་བསལ་བར་སེམས་པ་བཟློག་པའི་རྣམ་གཅོད་ཀྱི་ཡུལ་ཅན་ཙམ་དུ་དེ་སྐད་བསྟན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་མོད། སྒྲའི་ཤན་ཞུགས་པ་ལྟར་དོན་ལ་ཐ་དད་དུ་ཡོད་པར་སེམས་པ་ནི་འཁྲུལ་པ་འབའ་ཞིག་གོ །དེས་ན་དོན་རང་མཚན་གྱི་སྟེང་ན་སྔོན་པོ་ཉིད་རྫས་སུ་ཡོད་ཀྱི་ལྡོག་པ་རྫས་སུ་མེད་པར་བཏགས་པའི་ཆ་ཙམ་ཡིན་པས་དོན་གྱི་གཞན་སེལ་མེད་པར་བཞེད་པའང་ཐ་དད་པའི་རྫས་སུ་མེད་པར་གཞལ་བའི་ཐུགས་བཞེད་ལ་འགལ་བ་མེད་མོད་ཀྱི། སྔོན་པོ་ཡིན་པ་ཙམ་གྱིས་སྔོ་མིན་བསལ་བ་ནི་དོན་ལ་ཐ་དད་མེད་པར་གནས་པའི་འབྲལ་མི་ཤེས་པ་ཡིན་པས་ན་དོན་རང་མཚན་གྱི་གཞན་སེལ་ཡོད་པར་སྨྲ་བའི་ཕྱོགས་འདི་སེལ་འཇུག་གི་ཐ་སྙད་སྨྲ་བའི་སྐབས་སུ་ཁས་མི་ལེན་པར་འོས་མེད་ཀྱིས་གྲུབ་པའི་ཕྱིར་དེའི་ཕྱོགས་འཛིན་པར་བྱའོ། །གལ་ཏེ་སེལ་བ་དངོས་མེད་དང་སྔོན་པོ་དངོས་པོ་ཡིན་པས་སྔོན་པོ་ཉིད་སྣང་ཡུལ་དུ་ཡོད་མོད། སེལ་བ་ཉིད་ཇི་ལྟར་ཡོད་དེ་དེ་གཉིས་དོན་ལ་གཅིག་ཅེས་པའང་བཏགས་པ་ཙམ་སྟེ་དེའི་གཞི་མཐུན་མི་སྲིད་དོ་སྙམ་ན། དགག་སྒྲུབ་ཀྱི་ཐ་སྙད་འདི་ལ་ཆིག་རྐྱང་རེ་ཁོ་ནས་ཡོངས་སུ་རྫོགས་པར་མི་སྣང་སྟེ། སྒྲུབ་པས་ཀྱང་དགག་པ་ཤུགས་ལ་སྟོན་པ་དང༌། དགག་པས་ཀྱང་ཡོངས་གཅོད་གྲུབ་པ་ལྟ་བུར་མི་སྟོན་པ་མེད་པས་སྔོན་པོར་སྣང་བས་སྔོ་མིན་མ་བསལ་ཅེས་བཞག་པར་དཀའ་བས་ན་སྣང་ཡུལ་སྒྲུབ་པ་གཙོ་ཆེ་བས་རྣམ་བཅད་ཤུགས་ལ་གྲུབ་པ་དང༌། གཞན་སེལ་དགག་པ་གཙོ་ཆེ་བས་ཡོངས་གཅོད་ཤུགས་ལ་གྲུབ་པ་ལྟར་གོ་ཞིང་སོ་སོའི་ལྡོག་པ་ནས་ཕྱེ་ན་མ་འདྲེས་པར་འཆད་དུ་ཡོད་མོད། དོན་བུམ་པའི་ངོ་བོ་ལ་མི་རྟག་པ་གྲུབ་ཀྱང་ཐ་དད་པར་མེད་ཅེས་གསུངས་སོ། །དེས་ན་དོན་རང་གི་ངོ་བོ་ལ་ནི་སྒྲ་རྟོག་གི་ཐ་སྙད་གང་ཡང་མི་འཇུག་ཀྱང་ཐ་སྙད་དོན་མཐུན་རྣམས་དོན་ལ་མི་སླུ་བར་ཡང་འདོད་དགོས་པས་ན་ཐ་སྙད་དེ་ལྟར་ཁས་ལེན་པའི་ལུགས་ལྟར་བདེ་བར་སེམས་སོ།།
རྩོད་པ་བཞི་པ་སྒྲ་རྟོག་ཕྱི་མ་དོན་མེད་དུ་ཐལ་བ་སྤང་བ་ནི།
འདྲེས་པའི་དོན་གཅིག་གཅོད་པ་ན། །སྒྲ་འམ་རྟགས་ནི་གཅིག་པུ་ཡིས།།བྱ་བྱེད་དེ་ལ་བཅད་པ་ཡི། །22དངོས་པོའི་བརྗོད་བྱ་ཅི་ཡང་མེད།།གང་གིས་རྗོད་པར་བྱེད་པ་ལས། །མ་ལུས་པར་ནི་རྟོགས་འགྱུར་བ།།དངོས་པོའི་ནུས་པ་ཡིན་ངེས་ན། །འབྲས་བུ་དུ་མ་རྟེན་གཅིག་འགྱུར།།གལ་ཏེ་ཤིང་དང་ཤིང་མིན་ལས་ལོག་པ་ཐ་དད་དུ་མེད་པ་དེ་ལྟར་ན། དེ་ལས་གཞན་པའི་སྤྱི་ཡང་མི་འདོད་པའི་ཕྱིར། ལྡོག་པ་མི་རྟག་པ་དང་ཐ་དད་དུ་མེད་པའི་སྒྲ་དེ་ཉིད་བློས་བཟུང་བ་ན་དེ་དང་ཐ་མི་དད་ཀྱི་ཆོས་ཀུན་ཀྱང་གཟུང་བར་འགྱུར་ལ། དེ་ལྟ་ན་སྒྲ་དང་ཚད་མ་ཕྱི་མ་འཇུག་པ་དོན་མེད་པར་འགྱུར་རོ་ཞེ་ན། རང་མཚན་ལ་ལྡོག་པ་ཐ་དད་དུ་མ་གྲུབ་པས་ནི་ཉེས་པ་འདིར་མི་འགྱུར་ཏེ། རྟོག་ཡུལ་ན་རང་མཚན་མི་སྣང་བའི་ཕྱིར། རྟོག་པ་ལ་སྒྲོ་འདོགས་ཐ་དད་པ་བཅད་དུ་ཡོད་པས་ནི་ལྡོག་པ་ཐ་དད་པའི་རྫས་ཡོད་པར་མི་འགྱུར་ཏེ། སྒྲོ་འདོགས་པ་ཙམ་བསལ་བའི་དགག་པ་དངོས་མེད་ཡིན་པའི་ཕྱིར། རྟོག་པ་ལ་སྒྲོ་འདོགས་བསལ་དུ་མེད་པར་ནི་མི་འགྱུར་ཏེ་ཕྱི་ནང་གི་འཁྲུལ་རྒྱུས་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་སྲིད་པའི་ཕྱིར། དེས་ན་རྩོད་པ་འདི་ལྟ་བུ་ནི་གྱི་ན་སྟེ་འདི་ལྟར་སྣང་བརྟག་བསྲེས་ནས་འཛིན་པ་རྟོག་པའི་བློ་ངོར་ཞེན་པའི་དབང་གིས། རྟག་པ་ལ་སོགས་པ་དང་འདྲེས་པ༷འི་དོན་སྒྲ་ལྟ་བུ་གཅིག་ལ་མི་རྟག་པ་ལ་སོགས་པར་བཟུང་ནས་འཁྲུལ་པ་དེ་དག་རྣམ་པར་གཅོད་པ༷་ན༷་མི་རྟག་པ་ཞེས་པའི་སྒྲ༷་འ༷མ་དེ་སྒྲུབ་ཀྱི་བྱས་པ་སོགས་རྟ༷གས་ནི་གཅིག་པུ༷་དེ་ཡིས་སྒྲའི་སྟེང་དུ་རྟག་པ་གཅོད་པའི་བྱ༷་བ་བྱེད་ཀྱི་སྒྲོ་འདོགས་གཞན་སྒྲ་དང་རྟགས་དེས་མི་གཅོད་ལ། དེ་འདྲའི་སྒྲའི་ཡུལ་དེ་ལ༷་གཞན་རྣམ་པར་བཅ༷ད་པ༷་དག་གིས་ཁྱད་པར་དུ་བྱས་པ་ཡི་རང་མཚན་དུ་གྱུར་པ་དངོས་པོའི་བརྗོད་བྱ༷་ཅི་ཡ༷ང་མེད་དེ། རྟོག་བློའི་སྣང་ཡུལ་སྒྲོ་བཏགས་ལ་གཞན་བསལ་བའི་ཆ་ཙམ་སྟོན་པ་ཡིན་ནོ། །སྒྲ་ག༷ང་གིས་བརྗོད་བྱ་རང་མཚན་གྱི་དངོས་པོ་སྒྲུབ་པའི་ཚུལ་གྱིས་རྗོད་པ༷ར་བྱེད་པ༷་ཡིན་ན་དེ་ལ༷ས་རང་མཚན་དེའི་ཆོས་མ༷་ལུ༷ས་པ༷ར་ནི་རྟོགས་པར་འགྱུ༷ར་དུ་འོང་བ༷་ནི། རང་དང་རང་བཞིན་དབྱེར་མེད་པའི་ཆོས་རྣམས་དང་ཐ་མི་དད་པའི་ཡུལ་དངོས་པོ་གཅིག་པོའི་ནུ༷ས་པ༷་ལས་ཡིན་གྱི་བློའི་ནུས་པ་ལས་ནི་མ་ཡིན་ནོ། །དེས་ན་སེལ་བའི་ཡུལ་ཅན་རྟོག་པ་འདིའི་ཡུལ་དུ་ནི་རང་མཚན་དེ་མེད་པས་ན་ཉེས་པ་དེ་མེད་དོ། །དངོས་པོའི་སྟེང་ན་ལྡོག་པ་ཐ་དད་དུ་མེད་ཀྱང་སྒྲ་རྟོག་གིས་རང་ཡུལ་གྱི་ལྡོག་པ་ལ་རིམ་བཞིན་ཐ་དད་པར་འཇུག་པ་ངེས་ན༷་རྟག་པ་དང་མ་བྱས་པ་སོགས་སྒྲོ་འདོགས་སོ་སོ་ནས་གཅོད་པའི་འབྲ༷ས་བུ༷་ཅན་མི་རྟག་པ་དང་བྱས་པ་སོགས་ཀྱི་སྒྲ་དང༌། རྟགས་དུ༷་མ༷་རྟེན་སྒྲ་ལྟ་བུ་གཅིག་ལ་ཡང་ཡང་འཇུག་པར་འགྱུ༷ར་བ་འཐད་དོ།།
རྩོད་པ་ལྔ་པ་གཞི་མཐུན་མི་སྲིད་པའི་རྩོད་པ་ནི།
རྣམ་གཅོད་གཅིག་གཅིག་སྟོན་པ་ན། །གང་ཚེ་གཞན་མི་སྤོང་བར་གནས།།དེས་ནི་དེ་ཁྱབ་གཅིག་པུའང་སྣང༌། །དེ་ཚེ་བློ་ཡི་ངོར་བྱས་ནས།།གཞི་མཐུན་པ་ནི་ཉིད་དུ་འགྱུར། །སྒྲ་ནི་རྣམ་གཅོད་བྱེད་པ་ན།།དངོས་པོའི་ཆོས་ལ་རེག་འགྱུར་བ། །དེ་ནི་དེ་ལ་ཡོད་ཅེས་བྱའོ།།དངོས་པོ་གཅིག་ནི་རྗོད་བྱེད་མིན། །བློ་ལ་སྣང་མིན་སྣང་རུང་ལ།།དངོས་པོ་མེད་པས་ངེས་ཕྱིར་རོ། །དེ་ཕྱིར་གཞན་སེལ་ཡུལ་ཅན་གྱི།།སྒྲ་རྣམས་དང་ནི་བློ་ཉིད་ཀྱང༌། །སྤྱི་ཡི་ཡུལ་ཅན་དུ་བསྟན་ཏེ།།དངོས་ལ་དེ་དག་མི་སྲིད་ཕྱིར། །དངོས་པོའི་ངོ་བོ་གཅིག་ཉིད་ཕྱིར།།ངོ་བོ་ཐ་དད་བློ་གང་ལས། །གཅིག་ནི་རྗེས་སུ་འགྲོ་ལྡོག་གི།དོན་གཅིག་སྤྱོད་ཡུལ་ཅན་མ་ཡིན། །ཐ་དད་གྱུར་ན་དབྱེར་མེད་པའི།།ཐ་སྙད་དག་ཀྱང་རྒྱུ་མེད་འགྱུར། །ལྡོག་པ་ཀུན་ལ་ཡོད་པའི་ཕྱིར།།ཐལ་འགྱུར་ཉེས་པ་དེ་དག་མེད།།ཁྱོད་གཞན་སེལ་སྨྲ་བ་ལྟར་ན་སྤྱི་དངོས་པོ་བ་གཅིག་མི་འདོད་པས་ཨུཏྤལ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པའི་གཞི་མཐུན་མི་སྲིད་པར་འགྱུར་ཏེ་ཐུན་མོང་དུ་གྱུར་པའི་དངོས་པོ་གང་ཡང་མེད་པས་སོ་ཞེ་ན། ཉེས་པ་དེ་སྤྱི་དངོས་སྨྲ་བ་རང་ལ་འཇུག་གི་སེལ་བར་སྨྲ་བ་ལ་རྣམ་པ་ཀུན་ཏུ་མི་འཇུག་སྟེ། འདི་ལྟར་སྔོ་མིན་རྣ༷མ་པར་གཅོད་པའི་སྒྲ་སྔོན་པོ་ལྟ་བུ་གཅིག་གཅིག་སྦྱར་ནས་ལྡོག་ཆ་དེ་སྟོན་པ༷་ན༷་དེ་འདྲའི་སྒྲ་སྦྱོར་བ་ག༷ང་གི་ཚེ་ན་ཡང༌། གཞ༷ན་ཨུཏྤལ་ལྟ་བུ་མི་སྤོང་བའམ་མི་འགོག་བ༷ར་གན༷ས་ལ། སྒྲུབ་ཀྱང་མི་སྒྲུབ་མོད་འོན་ཀྱང་སྔོན་པོ་ལྟ་བུ་དེས་ནི་ཅིག་ཤོས་ཨུཏྤལ་ལྟ་བུ་དེ་ལ་ཁྱ༷བ་ཅིང་ཟིན་པར་ཡང་སྣང་བས་ན་ཨུཏྤལ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པའི་ལྡོག་པ་གཉིས་ལྡན་གྱི་ཆོས་ཅན་མེ་ཏོག་གཅིག་པུ༷་ཉིད་ལྟ་བུ་དག་ཏུའ༷ང་སྣ༷ང་བར་བྱེད་དོ། །དེ་ཚེ་དེ་ལྟར་འཛིན་པའི་བློ་ཡི་ངོར་བྱ༷ས་ན༷ས་གཅིག་སྣང་དེ་ཨུཏྤལ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པའི་གཞི་མཐུ༷ན་པ༷་ནི་ཉིད་དུ༷་འགྱུ༷ར་རོ། །དེ་རྣམ་གཅོད་ཙམ་གྱི་ངོར་གྲུབ་པ་ཡིན་ན་དོན་གྱི་སྟེང་ན་ཨུཏྤལ་དང་སྔོན་པོའི་ཡིན་པ་མེད་པར་འགྱུར་རོ་སྙམ་ན། སྔོན་པོ་ལ་སོགས་པའི་སྒྲ༷་ནི་སྔོ་མིན་སོགས་རང་གི་འགལ་ཟླ་རྣ༷མ་པར་གཅོད་པར་བྱེད་པ༷་ཡིན་ན༷། སྒྲ་དོན་མཐུན་དེས་ཇི་ལྟར་བཅད་པ་ལྟར་མཐར་ཐུག་དངོས་པོའི་ཆོས་ལ༷་རེག་པ་སྟེ་དེ་བཞིན་དུ་དོན་ཡང་འཐོབ་པར་འགྱུ༷ར་བ༷་ཡིན་པས་ན། སྔོན་པོ་དང་ཨུཏྤལ་གྱི་དངོས་པོ་དེ་ནི་བརྗོད་བྱ་དེ་ལ༷་ཡོད་ཅེས་བྱ༷་བ་ཁོ་ནའོ། །དེ་ལྟར་ནའང་གཞི་མཐུན་པ་ལ་སོགས་པར་འབྱེད་པ་ནི་བློས་ཐ་སྙད་དུ་བཞག་པ་ཡིན་པར་སྔར་བཤད་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་སྤྱི་ཡོད་པ་ལས་གཞི་མཐུན་དུ་འདོད་པ་ན་མི་འཐད་དེ། ཨུཏྤལ་གྱི་སྟེང་ན་སྔོན་པོ་དང་ཨུཏྤལ་ཙམ་ལས་མ་གཏོགས་པའི་དེ་གཉིས་ཀའི་གཞི་མཐུན་དུ་གྱུར་པ་ཕུང་གསུམ་པའི་དངོས་པོ་གཅིག་ནི་གཞི་མཐུན་གྱི་སྒྲས་རྗོད་པར་བྱེད་པ་མིན་ཏེ། དེ་འཇལ་བྱེད་ཀྱི་བློ་ལ༷་སྣ༷ང་བ་མིན་པས་སོ། །མ་སྣང་བ་ཙམ་གྱིས་ཅི་ལ་ཁེགས་སྙམ་ན་སྣ༷ང་དུ་རུ༷ང་བ་ཡིན་པ་ལ༷་རྟགས་དེ་ཞུགས་ན་དངོས་པོ་མེད་པ༷ས་ཁྱབ་པས་ན་དེ་ལྟར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཨུཏྤལ་དང་སྔོན་པོ་མཐོང་བའི་སྐབས་སུ་ཡུལ་དུས་ཀྱིས་ནི་མ་བསྐལ་ལ་སྔོན་པོ་དང་ཨུཏྤལ་རང་བཞིན་གྱིས་བསྐལ་བའང་མིན་པས་ན་སྔོན་པོ་དང་ཨུཏྤལ་ཡིན་པའི་གཞི་མཐུན་པ་ཞིག་ཡོད་ན་ཅིའི་ཕྱིར་སྣང་དུ་མི་རུང་སྟེ། དེས་ན་དེ་མ་དམིགས་པའི་ཕྱིར་བུམ་པའི་དགག་གཞིར་བུམ་པ་མ་མཐོང་བ་བཞིན་དུ་མེད་པ་ཁོ་ན་ཡིན་ནོ། །སྒྲའི་དོན་དངོས་པོ་མིན་པ་དེ་ཕྱིར་གཞ༷ན་སེལ་བའི་ཡུ༷ལ་ཅ༷ན་གྱི་སྒྲ༷་རྣ༷མས་ད༷ང་ནི་བློ་ཉིད་ཀྱ༷ང་སྤྱི་ཡི་ཡུ༷ལ་ཅ༷ན་དུ༷་སློབ་དཔོན་ཕྱོགས་ཀྱི་གླང་པོས་བསྟ༷ན་ཏེ། ཇི་སྐད་དུ། སྒྲ་རྣམས་དང་ནི་རྟགས་དག་གིས། །གཞན་སེལ་བ་ནི་རབ་ཏུ་སྟོན། །ཞེས་སོ། །དེས་ན་དངོས་པོའི་རང་མཚན་ལ༷་ནི་དུ་མ་ལ་གཅིག་དང་གཅིག་ལ་དུ་མ་མི་སྲིད་པས་ན་གཞི་མཐུན་ལ་སོགས་པའི་ཐ་སྙད་དེ་ད༷ག་མི་སྲིད་པའི་ཕྱིར་རོ། །སེལ་བར་སྨྲ་བའི་ལུགས་ལ་གཞི་མཐུན་གྱི་ཐ་སྙད་ཤིན་ཏུ་འཐད་པའི་ཚུལ་བསྟན་ནས། ད་ནི་སྤྱི་སྨྲ་བའི་ལུགས་ལ་མི་འཐད་པར་སྟོན་པ་ལ། དང་པོ་གྲངས་ཅན་པ་སྤྱི་གསལ་གཅིག་ཏུ་འདོད་པ་ལ་བརྗོད་པ། སྤྱི་གསལ་དབྱེར་མེད་པར་དངོས་པོའི་ངོ་བོ་གཅིག་པུ་ཆ་མེད་པ་ཉིད་ཀྱི་ཕྱིར། ཨུཏྤལ་དང་སྔོན་པོ་ལ་སོགས་པའི་ངོ་བོ་ཐ༷་ད༷ད་པའི་བློ་དེ་ནི་ཡུལ་ག༷ང་ལ༷ས་ཡིན་ཏེ། དེ་ནི་རྒྱུ་མེད་པར་ཐལ། གོང་གི་རྟགས་དེའི་ཕྱིར། རྟགས་མ་གྲུབ་ན་སྤྱི་ཆ་མེད་གཅིག་པ་ཉམས་སོ། །གཞན་ཡང་ཆ་མེད་ཀྱི་སྤྱི་གཅིག་པོ་དེ་ནི་ཆོས་གཅིག་ལ་ལྟོས་ནས་དེ་ལ་རྗེས་སུ༷་འགྲོ་བའང་ཡིན་ལ་ལྡོག་པའང་ཡིན་པ་དག་གི་དོན་དུ་གཅིག་པ་སྟེ་གཞི་མཐུན་པའི་སྤྱོད་ཡུ༷ལ་ལམ་ངོ་བོ་ཅ༷ན་ནི་མ༷་ཡིན་པའམ་ཡིན་མི་ཤེས་ཏེ་འགལ་བ་གཞི་གཅིག་ལ་འདུ་བར་མི་སྲིད་པའི་ཚད་མས་གནོད་པའི་ཕྱིར་རོ། །དེ་ལྟ་ནའང་བ་ལང་དཀར་ཟལ་དང་རྫས་གཅིག་ཏུ་གྱུར་པའི་རིགས་དེ་བ་ལང་ནག་མོ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཀ་ཡིན་པར་ཐལ། བ་དཀར་ཟལ་གྱི་རྫས་ཀྱང་ཡིན་ལ་བ་ལང་གི་རིགས་སྤྱིའང་ཡིན་པའི་ཕྱིར་རོ། །བྱེ་བྲག་པ་གང་དག་སྤྱི་གསལ་ཐ་དད་དུ་འདོད་པ་དེའི་ལུགས་ལའང་གཞི་མཐུན་མི་སྲིད་དེ། སྤྱི་གསལ་ཐ༷་ད༷ད་པར་གྱུ༷ར་ན༷་ཡོན་ཏན་སྔོན་པོ་དང་ཨུཏྤལ་གྱི་སྤྱི་ཐ་དད་པ་ཤིང་ལ་བྱ་གནས་པ་ལྟ་བུར་འགྱུར་བས་ན། ཨུཏྤལ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པ་གཉིས་ཀ་དབྱེར་མེད་པ༷འི་ཐ༷་སྙ༷ད་ད༷ག་ཀྱ༷ང་འཇུག་པའི་རྟེན་ནམ་རྒྱུ༷་མེད་པར་འགྱུ༷ར་ཏེ་ཀ་བུམ་གྱི་གཞི་མཐུན་མི་སྲིད་པ་བཞིན་ནོ། །སེལ་བ་སྨྲ་བ་རང་གི་ལུགས་ལ་ནི་དེ་མིན་བསལ་བའི་ལྡོག་པ༷་ཙམ་དེའི་རིགས་ཅན་ཐམས་ཅད་ཀུ༷ན་ལ༷་ཡོད་པ༷འི་ཕྱིར། རིགས་དང་རིགས་ལྡན་ནམ་ལྡོག་པ་དང་ལྡོག་ལྡན་གཅིག་ཐ་དད་གང་ལའང་གཞི་མཐུན་མི་རུང་བར་ཐ༷ལ་བར་འགྱུ༷ར་བའི་ཉེས་པ༷་དེ་ད༷ག་རྣམ་པ་ཀུན་ཏུ་མེད་དེ་གཞན་སེལ་དངོས་མེད་ལ་གཅིག་ཐ་དད་ཀྱི་བརྟག་པ་མི་འཇུག་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་སེལ་བར་སྨྲ་བ་ལ་སྐྱོན་མི་འཇུག་ཚུལ་བཤད་ནས།
ད་ནི་གཉིས་པ་སྒྲ་ཡུལ་སེལ་བ་ལས་གཞན་དུ་འདོད་པ་ལ་སྒྲུབ་བྱེད་མེད་པ་ལ།
སེལ་བ་ཉིད་ཀྱིས་དགོས་པ་གྲུབ་པར་བསྟན། །གསལ་རྐྱང་སྤྱི་རྐྱང་སྤྱི་ལྡན་དགོས་མེད་པའོ། །དང་པོ།
དེ་ཡི་འབྲས་བུ་ཡོངས་བསྟན་ཕྱིར། །ཐ་དད་འབྲས་བུ་གཅིག་དག་ལ།།རྒན་པོས་སྒྲ་གཅིག་བརྡར་བྱས་པ། །དེ་ཡི་འབྲས་བུ་མེད་པ་ཅན།།ལྡོག་པ་ཡི་ནི་རྒྱུ་ཅན་ཡིན།།མུ་སྟེགས་བྱེ་བྲག་པ་སོགས་ན་རེ། ལྡོག་པ་ཀུན་ལ་ཡོད་ཀྱང་རང་རྐྱ་ཐུབ་པའི་དངོས་པོར་མེད་ལ། སྤྱི་དོན་གཞན་ཡང་ཁས་མི་ལེན་ན་དུ་མ་ལ་སྒྲ་གཅིག་འཇུག་པའི་རྒྱུ་མི་འཐད་ལ། དེ་ལྟ་ན་གསལ་བ་མི་འདྲ་བ་རེ་རེ་ལ་བརྡ་མི་འདྲ་བ་རེ་རེ་སྦྱར་དགོས་པས་ཧ་ཅང་ཐལ་ཞེ་ན། སེལ་བ་ལ་བརྡ་བྱས་ན་དགོས་མེད་དང་རྒྱུ་མེད་མིན་ཏེ། བ་ལང་གི་གསལ་བ་དེ་ཡི་འབྲ༷ས་བུ༷་ཐུན་མོང་བ་བཞོ་བཀལ་སོགས་ཚིག་གིས་མཚོན་པའམ་ཡོངས་སུ་བསྟ༷ན་པར་བྱ་བའི་ཕྱིར་དཀར་ཟལ་དང་ནག་རྒུར་ལྟ་བུ་ཐ༷་ད༷ད་པ་ན་ཡང་བཞོ་བཀལ་སོགས་འབྲ༷ས་བུ༷་གཅིག་བྱེད་པ་ད༷ག་ལ༷། བརྡ་ཤེས་པ་འཇིག་རྟེན་རྒ༷ན་པོས་བ་ལང་ཞེས་སྒྲ༷་གཅིག་དེ་མཚོན་པའི་བརྡ༷ར་བྱ༷ས་པ༷་དེ་ནི་བ་ལང་དེ་ཡི་འབྲ༷ས་བུ༷་བཞོ་བཀལ་སོགས་མེད་པ༷་ཅ༷ན་དུ་ལྡོག་པ༷་སྟེ་གཞན་སེལ་བ་ཡི་ནི་རྒྱུ༷་ཅ༷ན་ཡིན་ལ། དེ་ཁོ་ནས་བརྡ་དོན་གྲུབ་པའི་ཕྱིར་བརྡ་ཡུལ་གཞན་གྱིས་དགོས་པ་མེད་དོ།།
གཉིས་པ་གསལ་རྐྱང་སྤྱི་རྐྱང་སྤྱི་ལྡན་དགོས་མེད་པ་ལ།
ཐ་དད་གསལ་བ་བརྡ་ཡུལ་མི་དགོས་དང༌། །གཅིག་པུའི་སྤྱི་དངོས་དགོས་པ་མེད་པ་དང༌། །སྤྱི་དང་ལྡན་པ་སྒྲ་ཡུལ་མི་དགོས་པའོ། །དང་པོ།
ཐ་དད་པ་དག་བསྟན་པ་ནི། །དཀའ་དང་མི་ནུས་འབྲས་མེད་ཕྱིར།།དངོས་པོ་ལ་མིན་དངོས་པོ་ཀུན། །རང་རང་ངོ་བོ་ལ་གནས་ཕྱིར།།ཁྲ་བོ་ཡི་ནི་ངོ་བོ་གང༌། །དེ་ནི་སེར་སྐྱ་ལ་ཡོད་མིན།།དེ་འབྲས་ཡིན་མིན་23ལས་བཟློག་པ། །གཉིས་ཀ་ལ་ཡང་ཡོད་པ་ཡིན།།དོན་ལ་ཐ་དད་མེད་པར་ཡང༌། །སྒྲ་ཡི་ཐ་དད་མི་རིགས་སོ།།དེ་ཕྱིར་དེ་འབྲས་འདོད་ན་ཡང༌། །དེ་འབྲས་མེད་ལས་ཐ་དད་ཉིད།།དཔེར་ན་མིག་ལ་སོགས་པ་གཟུགས། །རྣམ་ཤེས་གཅིག་གི་24འབྲས་བུ་ཅན།།གང་ཕྱིར་ཁྱད་པར་མེད་འབྲས་དེ། །སྟོན་པ་དག་ནི་སྲིད་པར་འགྱུར།།འགའ་ཞིག་ཅིག་ཅར་ཀུན་རྟོགས་ཕྱིར། །དེ་ཡི་ངོ་བོ་ལས་ཐ་དད།།སྤྱི་ནི་མེད་དུ་ཟིན་ན་ཡང༌། །བརྡ་ལས་བྱུང་བ་བསྙད་པར་བྱ།།25གསལ་བ་སོ་སོ་ཐ༷་ད༷ད་པ༷་ད༷ག་སྒྲས་བསྟ༷ན་པ༷་ནི་དཀ༷འ་སྟེ་གསལ་བ་ཡུལ་དུས་མཐའ་ཡས་པའི་ཕྱིར་ད༷ང༌། བརྡ་གདགས་མི་ནུ༷ས་ཏེ། རང་མཚན་གྱི་ངོ་བོ་བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བའི་ཕྱིར་དང༌། གསལ་བ་རེ་རེ་ནས་བརྡ་སྦྱར་བ་ལ་ཐ་སྙད་ཀྱི་ཚེ་དེ་གོ་ཞིང་འཇུག་པའི་འབྲས་བུ་མེད་པའི་ཕྱིར། དངོས་པོ་ཡི་རང་མཚན་ལ༷་བརྡ་བྱེད་པ་མིན་ཏེ། གལ་ཏེ་ཡིན་ན་དངོས་པོ་ཀུ༷ན་ནི་གཞན་དང་མ་འདྲེས་པར་ར༷ང་ར༷ང་གི་ངོ་བོ་ཐུན་མིན་ལ༷་གན༷ས་པའི་ཕྱིར་བ་ལང་ཁྲ༷་བོ་ཡི་ནི་ངོ་བོ་ག༷ང་ཡིན་པ་དེ་ནི་སེར་སྐྱ༷་ལ༷་ཡོད་པ་མིན་པས་ན་བ་ལང་ཞེས་པའི་སྒྲ་གཅིག་གིས་དེ་གཉིས་ཀ་གོ་བར་མི་རུང་བས། བཞོ་བཀལ་སོགས་ཀྱི་དོན་བྱེད་པའི་དངོས་པོ་ལ་འཇུག་པའི་ཕྱིར་བ་ལང་ཞེས་པའི་བརྡ་སྦྱར་བ་དགོས་པ་མེད་པར་འགྱུར་རོ། །དེས་ན་གསལ་བ་ལ་བརྡ་སྦྱར་བ་མིན་ཏེ་བཞོ་བཀལ་སོགས་དེ་ཡི་འབྲ༷ས་བུ་ཅན་ཡིན་མིན་པ་ལ༷ས་བཟློག་པ༷་ནི་བ་ཁྲ་མོ་དང་སེར་སྐྱ་གཉིས་ཀ༷་ལ༷་ཡ༷ང་ཡོད་པ༷་ཡིན་ལ། དེས་མཚོན་པས་བ་ལང་ཐམས་ཅད་ལ་ཡོད་པས་ན་དེ་ལ་བརྡ་སྦྱར་བས་བ་ལང་ཞེས་པའི་སྒྲ་གཅིག་གིས་རིགས་འདྲ་བ་ཐམས་ཅད་མཚོན་ནུས་སོ། །དེའི་ཕྱིར་བ་ལང་ཞེས་པའི་སྒྲས་བརྗོད་བྱ་སྐབས་ཀྱི་མངོན་པར་འདོད་པའི་དོན་དེ་ལ་བཞོ་བཀལ་ལ་སོགས་པའི་དགོས་པ་དང་ལྡན་པའི་དོན་ལ༷་ཁྱད་པར་ཐ༷་ད༷ད་པ་མེད་པ༷ར་གནས་བཞིན་དུ་ཡ༷ང༌། སྒྲ༷་ཡི་ཁྱད་པར་ཐ༷་ད༷ད་པ་རེ་རེ་ནས་སྦྱར་བ་དགོས་པ་གང་ཡང་མེད་པས་དེ་ལྟར་སྦྱར་བ་མི་རིགས་སོ། །ཚུལ་དེ་ལྟ་བུའི་ཕྱིར་བ་ལང་དེ་ཡི་འབྲ༷ས་བུའམ་དགོས་པ་བཞོ་བཀལ་སོགས་ཀྱི་དོན་བྱེད་པ་ཅན་དེ་བརྗོད་པར་འདོད་ན༷་ཡ༷ང༌། དེ་ཡི་འབྲ༷ས་བུ་མེད་པ་གཞན་ལ༷ས་ཐ༷་ད༷ད་པའི་གཞན་སེལ་བས་ཁྱད་པར་དུ་བྱས་ནས་བརྡ་སྦྱར་བ་ཉིད་ཀྱི་ཕྱིར་དེའི་རིགས་ཅན་ཐམས་ཅད་ལ་སྒྲ་གཅིག་གིས་ཁྱབ་པར་གོ་བར་འགྱུར་རོ།།སྤྱི་ཐུན་མོང་བ་མེད་ཀྱང་ཆོས་གང་གི་སྒོ་ནས་གཞན་ལས་ཐ་དད་པ་དེ་ཙམ་བརྡས་སྟོན་པ་ནི། དཔེར་ན༷་མིག་དང་ལ༷་སོགས་པ༷་ཞེས་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ནི་གཟུ༷གས་འཛིན་པའི་རྣ༷མ་ཤེས་གཅིག་གི་འབྲ༷ས་བུ༷་སྐྱེད་པ་ཅ༷ན་ཏེ་དེའི་རྒྱུ་ཡིན་པ་ག༷ང་གི་ཕྱིར། རྒྱུ་དེ་དག་འབྲས་བུ་མིག་ཤེས་གཅིག་པོ་དེ་སྐྱེད་པའི་རྒྱུ་ཙམ་དུ་ཁྱ༷ད་པ༷ར་མེད་པའི་དོན་ནམ་འབྲ༷ས་བུ་དེ་མིག་ཤེས་ཀྱི་རྒྱུ་ཞེས་པའི་སྒྲ་གཅིག་གིས་མཚོན་ཞིང་སྟོན་པ༷་ད༷ག་ནི་སྲིད་པ༷ར་འགྱུ༷ར་གྱི་མི་སྲིད་པ་མ་ཡིན་ནོ། །དེའི་དགོས་པ་ནི་རྒྱུ་འག༷འ་ཞིག་སྟེ་དུ་མ་ཡོད་དུ་ཟིན་ཀྱང་དེ་རེ་རེ་ནས་མ་བརྗོད་པར་ཅིག་ཅ༷ར་སྟོན་པའི་སྒྲ་དེས་ཚིགས་26ཆུང་ངུའི་སྒོ་ནས་རྒྱུའི་ཚོགས་པ་ཀུ༷ན་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །མིག་ལ་སོགས་པ་དེ་ཡི་ངོ་བོ་ལ༷ས་ཐ༷་ད༷ད་པའི་སྤྱི་ཐུན་མོང་བ་ཞིག་ནི་མེད་དུ༷་ཟིན་ན༷་ཡ༷ང༌། མིག་ཤེས་སམ་གཟུགས་འཛིན་ཤེས་པའི་རྒྱུ་ཞེས་སྒྲ་གཅིག་གི་ཐུན་མོང་དུ་བསྙད་དུ་རུང་བ་དེས་ན་འཇིག་རྟེན་ན་གྲགས་པའི་བརྡ༷་ལ༷ས་དེ་ལྟར་སྲིད་པའམ་བྱུ༷ང་བ༷་ནི་དེ་ལྟར་བསྙ༷ད་པ༷ར་བྱ༷་བའང་ཡིན་ཏེ་སྒྲའི་དགོས་པ་ནི་དོན་གོ་བྱེད་ཙམ་དུ་ཟད་ལ། རྒྱུ་རེ་རེ་ནས་མ་བརྗོད་ཀྱང་ཐ་སྙད་ཟོར་ཡང་བར་བྱས་པའི་བརྡ་དེ་དག་གིས་ཀྱང་དེ་ལྟར་གོ་བར་ནུས་པའི་ཕྱིར་སྤྱི་དངོས་པོ་བ་མེད་ན་དེ་ལྟར་བསྙད་མི་རུང་བ་མིན་ནོ། །ཡང་ན་བརྡ་ལས་བྱུང་བ་ཞེས་པ་བརྡ་མི་འདྲ་བ་སྦྱོར་ཚུལ་ལས་དོན་གོ་བའི་ཐ་སྙད་དེ་ལྟར་བྱུང་བ་ཞེས་སོ། །རང་འགྲེལ་གྱི་གྱུར་ན། དེ་ཡི་ངོ་བོ་ཡི་ནི་སྤྱི། །ཐ་དད་མེད་དུ་ཟིན་ན་ཡང༌། །ཞེས་བསྒྱུར་བ་ཡང་བཤད་མ་ཐག་པ་དང་དོན་གཅིག་ཡིན་ནོ། །དེ་ཡི་ངོ་བོ་སྤྱི་ལས་ནི། །ཐ་དད་མེད་དུ་ཟིན་ན་ཡང༌། །ཞེས་འདོན་པ་ལྟར་ན་མིག་སོགས་རྒྱུ་དེ་ཡི་ངོ་བོ་འབྲས་བུ་གཅིག་སྐྱེད་པའི་བྱ་བ་ཐུན་མོང་བ་འབྲས་བུ་དེ་མི་སྐྱེད་པ་ལས་ལོག་ཙམ་གྱི་གཞན་སེལ་གྱི་སྤྱི་ལས་ཐ་དད་དུ་མེད་ན་ཡང་ཞེས་སོགས་སུ་འགྲེལ་ཡང༌། ཡང་སྒྲ་དང་ཚིག་ཕྱི་མའི་ནུས་པ་དང་འབྲེལ་དཀའ་བས་འགྱུར་མི་བདེའོ། །དེ་ལ་མིག་དང་གཟུགས་དང་སྣང་བ་དང་ཡིད་བྱེད་རྣམས་ཐ་དད་ཀྱང་གཅིག་ཏུ་ཚོགས་པའི་མཐུས་མིག་ཤེས་སྐྱེད་པ་ན། རྒྱུ་དེ་དག་ལ་འབྲས་བུ་གཅིག་སྐྱེད་པ་མ་ཡིན་པ་ལས་ལོག་པ་ནི་སོ་སོ་ལ་ཡོད་ཀྱང༌། འབྲས་བུ་གཅིག་སྐྱེད་པའི་སྤྱི་ཞེས་བྱ་བ་རྒྱུའི་ཁྱད་པར་རྣམས་ལས་ཐ་དད་པ་གང་ཡང་མེད་དེ་གལ་ཏེ་ཡོད་ན་རྒྱུ་རེ་རེ་ལ་ཡང་དེ་ཡོད་པས་རེ་རེས་ཀྱང་བསྐྱེད་པར་འགྱུར་རོ། །དེས་ན་གཟུགས་ཁོ་ན་ལའང་མིག་ཤེས་ཀྱི་རྒྱུ་ཞེས་པའི་སྒྲ་འཇུག་ན་དེ་ཁོ་ན་ལའང་ཐུན་མོང་གི་འབྲས་བུ་སྐྱེད་པ་དེ་ཡོད་པར་འགྱུར་རོ། །ཐུན་མོང་གིས་འབྲས་བུ་སྐྱེད་པ་དེ་ཐུན་མིན་རེ་རེ་ལ་མེད་ཀྱང་ཡོད་པ་སོགས་ཀྱི་སྤྱི་གཞན་ཐུན་མོང་བ་ཡོད་པས་སྒྲ་གཅིག་འཇུག་སྙམ་ན། དེ་ཡོད་དུ་ཆུག་ཀྱང་མིག་ཤེས་སྐྱེད་པའི་རྒྱུ་ཡིན་མིན་ལ་ཤེས་འདོད་ཞུགས་ནས་དེའི་རྒྱུ་སྟོན་པའི་སྐབས་འདིའི་བརྗོད་བྱ་དེ་མ་ཡིན་པས་ཧ་ཅང་ཐལ་ཏེ། དེ་ལྟ་ན་དངོས་པོ་ཐམས་ཅད་ལ་ཡང་མིག་ཤེས་ཀྱི་རྒྱུའི་སྒྲ་འཇུག་པར་འགྱུར་རོ། །དེས་ན་མིག་ལ་སོགས་པ་རྣམས་མིག་ཤེས་ཀྱི་རྒྱུ་མ་ཡིན་པ་རྣམ་པར་བཅད་པའི་ཚིག་གིས་ཅིག་ཅར་བསྟན་པ་ཙམ་ཡིན་ནོ། །དེ་ཡང་མིག་དང་གཟུགས་ལ་སོགས་པ་ཀུན་ཅིག་ཅར་བསྟན་པའི་ཕྱིར་སྒྲ་དེས་མཚོན་པར་བྱས་པ་སྟེ། དཔེར་ན་ཐ་སྙད་ཟོར་ཡང་བའི་ཕྱིར་ཨ་ནས་ཀྵའི་བར་འདི་དག་ནི་ཡི་གེའི་ཕྱི་མོའོ་ཞེས་བརྗོད་ན་དོན་གོ་ཡང་ཨ་ནས་ཀྵའི་བར་ཞེས་པའི་སྤྱི་ཡི་གེ་རེ་རེ་ལ་ཇི་ལྟར་ཡོད་དེ་མེད་ཀྱང་བརྗོད་འདོད་ཀྱིས་དེ་ལྟར་བརྗོད་པ་ལས་དོན་གོ་བ་བཞིན་ནོ།།དེས་ན་ཐ་སྙད་གདགས་པ་འདི་དག་ནི་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་པའི་ཆ་ནས་འབྲས་བུ་དེ་སྒྲུབ་པའི་མིང་གིས་རྒྱུ་དུ་མ་གོ་བ་ཡོད་ལ་དེ་ཡང་ཚོགས་པ་དང་རྒྱུན་དང་གནས་སྐབས་སམ་ངོ་བོ་ཐ་དད་པ་གསུམ་གྱི་འབྲས་བུ་ལས་བཏགས་པ་ཡིན་ནོ། །དེ་ལ་ཚོགས་པ་ཐ་དད་པ་འབྲས་བུ་གཅིག་བྱེད་པ་ལ་འབྲས་བུ་དེ་བྱེད་པའི་ཆ་ནས་མིང་གཅིག་བཏགས་པ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ལ་བུམ་པ་ཞེས་བཏགས་པ་ལྟ་བུ་དེ་རྡུལ་བརྒྱད་པོ་ཀུན་གྱིས་ཀྱང་ཆུ་སྐྱོར་བའི་འབྲས་བུ་གཅིག་བྱེད་པའི་ཆ་ནས་དེ་ལྟར་བཏགས་པའི་ཕྱིར། འབྲས་བུ་དེ་དང་ལྡན་པའི་བྱེ་བྲག་ཐམས་ཅད་ལའང་སྒྲ་དེ་འཇུག་པ་ཡིན་ནོ། །དེ་བཞིན་དུ་འབྲུ་ལ་སོགས་པ་ཇི་སྙེད་པའང་ཡིན་ནོ།།གལ་ཏེ་བུམ་པའི་མིང་དེ་ཆུ་སྐྱོར་བའི་འབྲས་བུ་བྱེད་པ་ལས་བཏགས་པ་མིན་པར་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཙམ་ལ་བཏགས་པ་ཡིན་ན་མིང་དེ་ཀ་བ་སོགས་ལའང་འཇུག་པར་འགྱུར་རོ། །བུམ་པའི་གཟུགས་ཞེས་བརྗོད་ན་ཆུ་སྐྱོར་བ་དེས་ཁྱད་པར་དུ་བྱས་པའི་གཟུགས་ཁོ་ན་འཛིན་གྱི་ཀ་བ་ལ་སོགས་པའི་གཟུགས་ནི་མ་ཡིན་ཏེ་ཆུ་མི་སྐྱོར་བའི་ཕྱིར་རོ། །རྒྱུན་དུ་མ་ལ་འབྲས་བུ་གཅིག་བྱེད་པའི་སྒོ་ནས་མིང་གཅིག་ཏུ་བྱས་པ་ནི། འབྲུ་ཡི་རྒྱུ་ཞེས་པ་ལྟ་བུ་སྟེ། དེ་ཡི་རྒྱུར་གྱུར་པ་ས་བོན་དང་སྡོང་བུ་སྙེ་མ་ལ་སོགས་པ་དུ་མ་ཡོད་ཀྱང་འབྲས་བུ་དེའི་དངོས་སམ་བརྒྱུད་པའི་རྒྱུར་གྱུར་པ་ཀུན་ལ་མིང་དེ་གཅིག་པུ་འཇུག་གོ།གནས་སྐབས་ཐ་དད་ལ་འབྲས་བུ་གཅིག་གི་སྒོ་ནས་མིང་བཏགས་པ་བསྟན་ཡོད་དང༌། ཐོགས་བཅས་ལ་སོགས་པ་ལྟ་བུ་སྟེ། རང་འཛིན་དབང་ཤེས་ལ་བསྟན་དུ་ཡོད་པའམ་སྣང་བའི་འབྲས་བུ་བྱེད་པ་ཡིན་པའི་ཆ་ནས་སྔོ་སེར་དང་གྲུ་བཞི་ཟླ་གམ་སོགས་ཐ་དད་དུ་མ་ལ་དེའི་མིང་འཇུག་ཅིང༌། མིག་ཤེས་ཀྱི་རྒྱུ་ལ་སོགས་པ་དང་མིག་གིས་གཟུང་བྱ་ལ་སོགས་པ་ཇི་སྙེད་པའང་དེ་བཞིན་དུ་ཤེས་པར་བྱའོ།།ཡང་འབྲས་བུ་དུ་མའང་རྒྱུ་གཅིག་མ་ཡིན་པ་ལས་ལོག་པའི་ཆ་ནས་འདྲ་བས་ན། རྒྱུ་གཅིག་སྒྲུབ་པའི་མིང་གིས་ཅིག་ཅར་བསྟན་པ་འཕྲོག་མའི་བུ་ཞེས་པ་བཞིན་ཏེ་བུ་ལྔ་བརྒྱ་པོ་མིང་གཅིག་གིས་གོ་བ་དང༌། དེ་བཞིན་བ་ཁྲ་མོའི་བུ་ཞེས་པ་ལ་སོགས་པ་དང་སྐྱེས་བུས་བྱས་པའི་འབྲས་བུ་མི་འདྲ་བ་ཐམས་ཅད་ལ་བརྩལ་མ་ཐག་བྱུང་ཞེས་དང༌། ས་བོན་ལས་སྐྱེས་པ་ལ་སོགས་པ་དེའི་རིགས་འདྲ་ཀུན་ཀྱང་རྒྱུ་ལས་འབྲས་བུ་མཚོན་པར་བྱས་པའོ།།ཡང་རྒྱུ་དགག་པའི་སྒོ་ནས་རྒྱུ་དེ་དང་མི་ལྡན་པ་གཞན་མཚོན་པར་བྱས་ན། རྩོལ་བྱུང་མིན་པ་ཞེས་པས་སྐྱེས་བུའི་རྩོལ་བའི་རྒྱུ་མེད་པ་གློག་སོགས་གཞན་ཀུན་བརྗོད་ཅིང༌། དེ་བཞིན་དུ་ཆུ་ལས་མ་སྐྱེས་པ། བདག་པོ་མེད་པ། མགོན་མེད་པ། མི་སྟོན་པ་རྣམས་ཀྱང་ཕན་འདོགས་པའི་རྒྱུ་དེ་དག་མེད་པ་ཅན་མཚོན་པ་ཡིན་ལ། མ་སྐྱེས་པ་དང་སྟོང་པ་ཉིད་ཀྱང་རྒྱུ་དགག་པར་གསུངས་སོ། །རང་བྱུང་ཞེས་པའང་དངོས་སུ་དགག་ཚིག་མེད་ཀྱང་རྒྱུ་དགག་པའི་སྒོ་ནས་བསྟན་པའོ། །འབྲས་བུ་དགག་པའི་སྒོ་ནས་འབྲས་བུ་དེ་མེད་པ་ཅན་མཚོན་པ་ནི། མིག་གིས་གཟུང་བྱ་མིན་པ་ཞེས་པས་སྒྲ་སོགས་ཀྱིས་འབྲས་བུ་མིག་ཤེས་མི་སྐྱེད་པས་ན་འབྲས་བུ་དེ་བཀག་པའི་ཆ་ནས་གཟུགས་མ་ཡིན་པའི་ཆོས་གཞན་མཚོན་པའོ།།དེ་བཞིན་དུ་མིག་ཤེས་ཀྱི་རྒྱུ་མིན་པ་སོགས་གོང་གི་འབྲས་བུ་སྒྲུབ་པ་ལ་དགག་ཚིག་སྦྱར་བ་ཀུན་དང༌། མི་རྟག་པ་ཞེས་པའང་རྟག་པ་དགག་པའི་མིང་སྟེ་དེ་ཡང་རྟག་པར་སྒྲོ་འདོགས་པ་རྣམས་ཀྱིས་རྟག་པ་རྒྱུས་མ་བསྐྱེད་ཀྱང་རྟག་པས་དོན་བྱེད་པར་ཁས་བླངས་པས་ན་རྟག་པ་ཞེས་པ་འབྲས་བུའམ་དགོས་པའི་ཆ་ནས་བཏགས་པའི་མིང་དུ་སོང་ལ། དེས་ན་དེ་འདྲའི་སྒྲོ་འདོགས་བཅད་པའི་མིང་དེ་ཡང་འབྲས་བུ་དགག་པར་རང་འགྲེལ་ལས་གསུངས་སོ། །དེ་བཞིན་དུ་བདག་མེད་པའང་ཡིན་ལ། ཤཱཀྱ་བློའི་འགྲེལ་པར་སྡུག་བསྔལ་ཡང་བདེ་བའི་འབྲས་བུའི་བཟློག་ཕྱོགས་སུ་གྱུར་པས་འབྲས་བུ་དགག་པའོ་ཞེས་གསུངས་པ་ནི་མི་བདེ་བ་ཞེས་པར་བསྒྱུར་ན་ལེགས་ཏེ་སྡུག་བསྔལ་ནི་འབྲས་བུ་སྒྲུབ་པའི་མིང་ཡིན་པས་སོ།།དེས་ན་མི་གཙང་བ་ལ་སོགས་པ་གོང་གི་རྒྱུ་འབྲས་སྒྲུབ་པའི་མིང་ལས་དཔག་སྟེ་དེ་ལ་དགག་ཚིག་སྦྱར་བས་དེ་དག་དགག་པའི་མིང་དུ་འགྱུར་རོ། །དེ་ལྟར་རྒྱུ་འབྲས་སྒྲུབ་པ་དང་དགག་པའི་སྒོ་ནས་སྒྲ་ཡི་འཇུག་པ་ཡན་ལག་བཞི་ལྡན་ཞེས་བྱ་བར་འགྱུར་རོ།།
གཉིས་པ་སྤྱི་གཅིག་པུ་པ་སྒྲ་ཡུལ་དུ་མི་དགོས་པར་བསྟན་པ་ལ།སྤྱི་དངོས་སྒྲ་ཡིས་བརྗོད་བྱ་ཡིན་པ་བཀག །དེ་ལྟར་བཀག་ལ་རྩོད་པ་སྤང་བ་གཉིས། །དང་པོ་ལ་ནི་མདོར་བསྟན་རྒྱས་བཤད་གཉིས། །དང་པོ།
གལ་ཏེ་གཅིག་གནས་པ་ཡི་ཕྱིར། །མང་པོ་དག་ལའང་/མཉམ་པ་27གཅིག།གནས་པ་རྟེན་ནམ་གསལ་བ་ཡིན། །དེ་ལྟར་དེ་ལ་/མི་རིགས་སོ།།28བྱེ་བྲག་པ་ལ་སོགས་པ་ན་རེ། ག༷ལ་ཏེ་སྤྱི་དངོས་པོ་བ་གཅིག་གསལ་བ་དེ་དག་ལ་གན༷ས་པ༷་ཡི་ཕྱིར་ན་གསལ་བ་ཐ་དད་པ་མ༷ང་པོ་ད༷ག་ལ༷འ༷ང་མཉ༷མ་པ༷་སྟེ་སྒྲ་གཅིག་འཇུག་པ་ཡིན་ནོ་ཞེ་ན། གསལ་བ་དུ་མ་ལ་སྤྱི་གན༷ས་པ༷་ཞེས་བྱ་བ་དེ་ཅི་ཞིག་སྟེ། མཁར་གཞོང་ལ་རྒྱ་ཤུག་ལྟར་གསལ་བ་རྣམས་ལ་སྤྱི་རྟེན་པ་ཡིན་ན༷མ་མར་མེས་བུམ་པ་ལྟར་གསལ་བས་སྤྱི་གས༷ལ་བ༷་ལ་བརྗོད་པ་ཡིན། དེ་གཉིས་པོ་གང་ལྟ༷ར་ཡང་སྤྱི་དེ་ལ༷་མི་རིགས་སོ།།
གཉིས་པ་དེ་རྒྱས་བཤད་ལ།རྟེན་པ་བཀག་དང་གསལ་བ་བཀག་པ་གཉིས། །དང་པོ།
རྟག་ལ་ཕན་འདོགས་མེད་པའི་ཕྱིར། །རྟེན་མིན་ལྷུང་བའི་ཚུལ་ཅན་གྱི།།རྒྱ་ཤུག་སོགས་ལའང་དེ་ཡི་ཡུལ། །སྐྱེད་པ་མཁར་གཞོང་སོགས་པས་ནུས།།དེ་ཡང་དེ་ལ་མི་སྲིད་དོ། །དེ་མེད་ན་ཡང་གནས་པའི་ཕྱིར།།གནས་མིན་དེ་ཡང་མི་རིགས་ཏེ། །ཐ་དད་ཐ་དད་མིན་པ་ཡི།།རྣམ་པར་དཔྱད་པས་མི་རིགས་ཉིད།།སྤྱི་གསལ་བ་ལ་རྟེན་པར་མི་རུང་བ་ཅིའི་ཕྱིར་སྙམ་ན། སྤྱི་རྟག༷་པ་ཡིན་པར་འདོད་པས་ན་དེ་ལ༷་ཆོས་གཞན་གྱིས་ཕ༷ན་འདོགས་པ་མེད་པ༷འི་ཕྱིར་རྟེན་པ་མིན་ནོ། །ཕན་འདོགས་པ་མེད་ཀྱང་རྟེན་པར་མི་འགལ་ཏེ་མཁར་གཞོང་ལས་རྒྱ་ཤུག་མ་བྱུང་ཡང་དེ་ལ་བརྟེན་པ་བཞིན་ནོ་སྙམ་ན། རྒྱ་ཤུག་མཁར་གཞོང་ལ་རྟེན་པའི་ཕྱིར་ཕན་མ་བཏགས་པ་མ་ཡིན་ཏེ། ཇི་ལྟར་ན་སྣོད་དེས་མ་བཟུང་ན་ཐུར་དུ་ལྷུ༷ང་བ༷འི་ངང་ཚུ༷ལ་ཅ༷ན་གྱི་རྒྱ༷་ཤུ༷ག་དང་ཆུ་ལ་སོགས་པ་ལ༷འ༷ང་མི་ལྷུང་བ་དེ་ཡི་ཡུ༷ལ་སྐྱེད་པར་བྱེད་པ༷་ནི་མཁ༷ར་གཞོང་ལ་སོགས་པ་རྟེན་གང་ཡིན་པ༷ས་ནུ༷ས་ཏེ། སྣོད་དེས་མ་བཟུང་ན་རྒྱ་ཤུག་ལ་སོགས་པ་ལྷུང་ཞིང་གཞན་དུ་འཕྱན་པ་ཞིག་ན་བརྟེན་པ་དེ་ཡི་ཡུལ་ཐུན་མོང་མིན་པར་གནས་པའི་ཆ་དེ་རྟེན་དེས་བསྐྱེད་པ་ཡིན་ཏེ་རྒྱ་ཤུག་ལ་སོགས་པ་རང་གི་ཉེར་ལེན་སྔ་མ་གནས་པའི་ཡུལ་དེ་ཉིད་དུ་རྟེན་དེས་གནས་པར་བྱས་པའི་ཕྱིར། ཡུལ་གཞན་ན་གནས་པའི་རྒྱ་ཤུག་དང་མི་འདྲ་བར་ཡུལ་དེར་སྡོད་པའི་ཆོས་ཀྱི་ཁྱད་པར་ནི་རྟེན་དེས་དེ་ལ་བསྐྱེད་པ་ཡིན་ནོ། །དེ་མ་བསྐྱེད་ན་འདི་འདི་ལ་བརྟེན་ཏོ་ཞེས་བྱ་བར་ཡང་མི་འགྱུར་རོ། །ཡུལ་གྱི་གོ་ས་དེ་ཉིད་དུ་བཟུང་བ་ནི་རྟེན་དེས་བརྟེན་པ་ལ་སྔར་མེད་པའི་ཁྱད་པར་བྱས་པ་ཡིན་ནོ། །སྔར་མེད་པའི་ཁྱད་པར་གང་ཡང་དེ་ལ་བྱས་པ་མེད་ན་མ་བརྟེན་ཀྱང་དེར་གནས་པའམ། བརྟེན་ཀྱང་མི་ཕན་པར་གཞན་དུ་འཕྱན་པར་འགྱུར་རོ། །དེས་ན་སྣོད་ཀྱིས་ཆུ་སོགས་ལ་ཕན་འདོགས་པའམ་ཁྱད་པར་གཞན་སྐྱེད་པ་ཡིན་གྱི་ཅི་ཡང་མ་བསྐྱེད་པ་མིན་ནོ། །དེ་ལྟར་རྟེན་གྱིས་བརྟེན་པ་ལ་ཕན་པའི་ནུས་པ་དེ་ཡ༷ང་སྤྱི་རྟག་པ་དེ་ལ༷་མི་སྲིད་དེ་རྟག་པ་ལ་སྔར་མེད་པའི་ཁྱད་པར་གང་ཡང་སྐྱེད་མི་རུང་སྟེ་གསལ་བ་དེས་མ་བརྟེན་ན་ཡུལ་གཞན་དུ་འཕྱན་ལ་དེས་མི་འཕྱན་པར་བྱེད་པ་སོགས་ཀྱི་ནུས་པ་གང་ཡང་སྤྱི་དེ་ལ་འཇུག་པ་མི་སྲིད་དོ། །ཁྱད་པར་གང་ཡང་གསར་དུ་མ་བསྐྱེད་ཀྱང་རང་གྲུབ་ཟིན་གྱི་སྤྱི་དེ་གསལ་བས་ཡུལ་དེར་འཇོག་པའམ་གནས་པར་བྱེད་དོ་ཟེར་ན། གསལ་བ་དེ་མེད་ན་ཡ༷ང་སྤྱི་དེ་གྲུབ་ཟིན་པ་དེ་ལྟར་རྟག་ཏུ་གན༷ས་པ༷འི་ཕྱིར་གསལ་བ་ལ་བརྟེན་ནས་ཡུལ་དེར་འཇོག་པའམ་གན༷ས་པ་ཉིད་དུ་བྱས་པ་ཅུང་ཟད་ཀྱང་མིན་ཏེ་སྤྱི་རྟག་པ་ལ་ཡུལ་ཐ་དད་དུ་འཕོ་བ་དང་གཞན་གྱིས་དེར་གནས་པར་བྱ་མི་ནུས་པས་སོ། །དེ་ལྟར་གསལ་བ་ལ་བརྟེན་ནས་མི་གནས་པ་ཙམ་དུ་མ་ཟད་སྤྱི་གནས་སོ་ཞེས་བྱ་བ་དེ་ཡ༷ང་མི་རིགས་ཏེ། རྒྱུ་མཚན་སྤྱི་དང་གནས་པ་ཐ༷་ད༷ད་ཡིན་པའམ། ཐ༷་ད༷ད་མིན་པ༷་ཡི་ཚུལ་ལ་རྣ༷མ་པ༷ར་དཔྱ༷ད་པ༷ས་སྤྱི་གནས་ཞེས་པ་དེ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྤྱི་དང་གནས་པ་ཐ་དད་ན་སྤྱི་གནས་པ་ནམ་ཡང་མེད་ལ་གསལ་བས་གནས་པ་བྱས་ཀྱང་སྤྱི་གནས་པར་མི་འགྱུར་རོ། །སྤྱི་དང་གནས་པ་གཅིག་ན་རང་ཉིད་གནས་པས་གསལ་བ་ལ་མི་ལྟོས་པར་འགྱུར་རོ།།
གཉིས་པ་གསལ་བྱེད་ཀྱི་རྟེན་དུ་འདོད་པ་དགག་པ་ལ། རག་ལ་གསལ་བྱེད་ནམ་ཡང་མི་འཐད་དང༌། །གསལ་བྱ་རིགས་སུ་འདོད་ན་ཧ་ཅང་ཐལ། །སྔོན་མེད་གསལ་བར་རིགས་ཀྱིས་མ་ཁྱབ་པའོ། །དང་པོ།
བདག་ལ་རྣམ་ཤེས་སྐྱེད་རུང་བའི། །དོན་དུ་གཞན་གྱི་ངོར་བྱེད་གང༌།།གསལ་བྱ་ཡིན་ལ་རུང་ཉིད་ཀྱི། །བྱེད་པ་པོ་ཡང་རྒྱུ་རུ་འདོད།།འདི་ནི་སྔ་ནས་རུང་ཉིད་ན། །དེ་ལ་ལྟོས་པ་མི་རུང་སྟེ།།འགྱུར་བ་མེད་པའི་ཕྱིར་དེ་ནི། །སྤྱི་ལྡན་པ་ལས་གང་ལས་ཡིན།།མིག་སྨན་སོགས་བཞིན་གསལ་བ་ལས། །དབང་པོའང་འདུ་བྱེད་མ་ཡིན་ཏེ།།དེ་ནི་ཡོད་མེད་དུས་དག་ལ། །རྟོགས་པ་ཐ་དད་མེད་ཕྱིར་རོ།།སྤྱི་ལྡན་སྤྱི་ཡི་གསལ་བྱེད་དུ་སྨྲ་བ་རྣམས་ན་རེ། མུན་ཁང་གི་བུམ་པ་མར་མེས་གསལ་བར་བྱས་ཀྱང་མར་མེས་བུམ་པ་ལ་ཕན་མ་བཏགས་པ་ལྟར་བ་ལང་ལ་བརྟེན་ནས་བ་ལང་གི་སྤྱི་གསལ་ཡང་སྤྱི་ལ་ཕན་འདོགས་མི་དགོས་སོ་ཟེར་ན། མུན་ཁང་གི་བུམ་གཟུགས་བད༷ག་ཉིད་ལ༷་དམིགས་པའི་རྣ༷མ་ཤེས་སྔར་སྐྱེད་མ་ནུས་པ་སླར་སྐྱེད་རུ༷ང་བ་སྟེ་ནུས་པར་བྱ་བ༷འི་དོན་དུ༷་སྒྲོན་མེ་སོགས་གསལ་བྱེད་གཞ༷ན་གྱི་ངོར་བྱེད་པ་སྟེ་དེ་དང་མ་ཚོགས་བར་དུ་རང་འབྲས་མིག་ཤེས་སྐྱེད་མ་ནུས་པར་དེ་བསྒུགས་ནས་སྡོད་པ་ལྟར་དེ་ལ་ལྟོས་པ་དང་དེའི་གཞན་དབང་ཅན་ག༷ང་ཡིན་པ་དེ་ནི་གས༷ལ་བྱ༷་ཞེས་བྱ་བ་ཡིན་ལ༷། སྒྲོན་འོད་སོགས་དང་ལྡན་པ་དེས་རང་འཛིན་ཤེས་པ་སྐྱེད་རུ༷ང་བར་བྱས་པ་ཉིད་ཀྱི་ཕྱིར་ན། གསལ་བར་བྱེད་པ༷་པོ་ཡ༷ང་གསལ་བྱ་ཁྱད་པར་ཅན་དེའི་རྒྱུ༷་རུ༷་འདོད་པ་ཡིན་གྱི་གཞན་དུ་མི་འཐད་དེ། གཞན་དུ་གསལ་བྱ་འདི་ནི་གསལ་བྱེད་དང་མ་ཚོགས་པའི་སྔ༷་ན༷ས་ཀྱང་རང་ཤེས་སྐྱེད་རུ༷ང་གི་ངོ་བོར་གནས་པ་ཉིད་ན༷་གསལ་བྱེད་དེ་ལ༷་ལྟོས་པ༷་ནི་རྣམ་པ་ཀུན་དུ་མི་རུ༷ང་སྟེ་རྒྱུ་ཚོགས་པས་སོ། །དེ་ལྟར་གསལ་བྱེད་ཀྱིས་གསལ་བྱ་གསལ་བ་ནི་ཕན་བཏགས་པའི་སྒོ་ནས་ཡིན་ན། སྔ་ཕྱིའི་དུས་ན་ཁྱད་པར་གཞན་དང་གཞན་དུ་འགྱུ༷ར་བ༷་མེད་པ༷འི་ཕྱིར་གསལ་བྱ་སྤྱི་དེ་ནི་སྤྱི་དང་ལྡ༷ན་པ༷་བ་ལང་ལ་སོགས་པ་མཐོང་བ་ལ༷ས་གསལ་བར་འགྱུར་བ་རྒྱུ་མཚན་ག༷ང་ལ༷ས་ཡིན་ཏེ་མི་འཐད་དོ། །དེ་ལྟར་ཆོས་ཐ་དད་ལ་འབྲེལ་བ་ཡོད་ཕན་ཆད་སྔ་ན་མེད་པའི་ཁྱད་པར་གཞན་སྐྱེད་པ་ཞིག་གིས་ཁྱད་པར་དུ་བྱ་དགོས་ཀྱི། གང་ཡང་རག་མ་ལས་པ་ལ་འབྲེལ་བ་ཡོད་པར་མི་འགྱུར་ཞིང༌། རག་ལུས་པ་ལ་ནི་ཅིག་ཤོས་ཀྱིས་ཅིག་ཤོས་ལ་ཁྱད་པར་གཞན་སྐྱེད་པ་དེའི་ཆ་ནས་དེ་བྱུང་གི་འབྲེལ་བའི་རྩ་བ་ཅན་ཡིན་ཏེ། དངོས་པོའི་རྫས་རྒྱུན་མི་རྟག་པས་ན་སྐད་ཅིག་གཞན་དང་གཞན་གྱི་ཁྱད་པར་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་ཅིག་ཤོས་འགྲོ་བ་ཡིན་ནོ། །དེས་ན་ཆོས་ཐ་དད་པ་གནས་སྐབས་སུ་ཕན་ཚུན་ལྡན་པའི་འབྲེལ་བ་དང༌། ཚོགས་པ་གཅིག་ཏུ་འཕྲོད་པ་འདུ་བའི་འབྲེལ་བ་སོགས་ཕྱི་རོལ་པས་བྱས་པའི་རྣམ་གཞག་རྣམས་ནི་སྐད་ཅིག་གི་ཁྱད་པར་གཞན་དང་གཞན་སྐྱེ་བ་ལ་རྨོངས་ནས་དེ་བྱུང་གི་འབྲེལ་བའི་རྩ་བ་ཅན་དུ་མ་གོ་ནས་ལུགས་གཏིང་མི་ཚུགས་པ་འགལ་འདུའི་རྒྱུར་སོང་བ་ཡིན་ནོ། །དེ་ལ་ཁོ་ན་རེ། གསལ་བས་སྤྱི་གསལ་ཡང་སྤྱི་ལ་ཕན་བཏགས་པ་མ་ཡིན་གྱི། སྤྱི་འཛིན་དབང་པོ་ལ་ཕན་བཏགས་པས་དེ་གསལ་བ་སྟེ་མར་མེས་མིག་ལ་ཕན་བཏགས་པ་བཞིན་ནོ་ཟེར་ན། དེ་མ་ཡིན་ཏེ་འདི་ལྟར་མིག་སྨ༷ན་དང་ཐུར་མ་དང་ལེགས་པར་བྱ་བ་སོགས་ཀྱིས་དབང་པོ་ལ་ཕན་བཏགས་པ་བཞིན་བུམ་པ་སོགས་གས༷ལ་བ༷་ལ༷ས་དབ༷ང་པོའ༷ང་སྤྱི་འཛིན་པ་ལ་འདུ༷་བྱེད་པར་བྱས་པ་མ༷་ཡིན་ཏེ། གསལ་བ་དེ་ནི་ཡོད་པ་དང་མེད་པའི་དུ༷ས་ད༷ག་ལ༷་དབང་པོའི་རྟོགས་པ༷འམ་ཤེས་པ་ལ་ནི་གསལ་མི་གསལ་གྱི་ཁྱད་པར་ཐ༷་ད༷ད་པ་གང་ཡང་མེད་པའི་ཕྱིར་རོ། །དབང་པོ་གསལ་བར་བྱས་ནས་ཕལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བ་ཡིན་ན་མིག་སྨན་བྱུགས་པས་ས་འོག་གི་བུམ་པ་མཐོང་བ་ལ་སོགས་པ་བཞིན་དུ་སྔར་ལས་ཁྱད་པར་དུ་གྱུར་པ་དམིགས་དགོས་པའི་ཕྱིར་རོ།།
གཉིས་པ་གསལ་བྱ་རིགས་སུ་འདོད་ན་ཧ་ཅང་ཐལ་བ་ནི།
རིགས་རྣམས་ཀྱི་ནི་གསལ་བྱེད་ཀྱང༌། །གལ་ཏེ་རིགས་དང་ལྡན་འདོད་ན།།སྒྲོན་མེ་ལ་སོགས་གསལ་བྱེད་ནི། །བ་ལང་ཉིད་སོགས་དེ་ལྡན་འཐོབ།།རིགས་སམ་སྤྱི་རྣ༷མས་ཀྱི་ནི་གས༷ལ་བྱེད་ཡིན་པ་ཙམ་གྱིས་ཀྱ༷ང་ག༷ལ་ཏེ་རིགས་དེ་ད༷ང་གསལ་བ་དེ་དག་ལྡན༷་པར་འདོད་ན༷། བ་ལང་གི་གཟུགས་གསལ་བྱེད་སྒྲོན་མེ་དང་ཉི་ཟླ་སོགས་དང༌། དབང་པོ་དང་ཡིད་བྱེད་ལ༷་སོགས་པ་གས༷ལ་བྱེད་དུ་གྱུར་པ་རྣམས་ཀྱང་ནི་བ༷་ལ༷ང་ཉིད་དང་བུམ་པ་ཉིད་ལ་སོགས་པ་སྤྱི་དེ་དང་ལྡ༷ན་པར་དོན་གྱིས་འཐོབ་པར་འགྱུར་ཏེ། སྤྱི་བ་ལང་ལ་མ་བརྟེན་པར་གསལ་མི་ནུས་པ་བཞིན་དབང་པོ་སོགས་ལ་མ་བརྟེན་པར་ཡང་གསལ་མི་ནུས་ལ། སྒྲོན་མེ་སོགས་སྣང་བ་མེད་ནའང་བ་ལང་སོགས་མི་གསལ་བའི་ཕྱིར་རོ།།
གསུམ་པ་སྔོན་མེད་པའི་གསལ་བ་ལ་རིགས་ཀྱིས་མ་ཁྱབ་པར་འགྱུར་བའི་ཚུལ་ལ། སྔོན་མེད་གསལ་བར་རིགས་མེད་སྤྱིར་བསྟན་པ། །རིགས་ལ་འདོད་ཚུལ་གཉིས་པོ་བྱེ་བྲག་དགག །དང་པོ།
གང་དག་རིགས་ནི་གསལ་བ་ལས། །གཞན་ནམ་གཞན་མིན་ཡོད་ཉིད་དེའི།།སྔོན་མེད་གསལ་བ་རྣམས་ལ་ནི། །སྤྱི་ཡི་བློ་གྲོས་ཇི་ལྟར་ཡིན།།
གཅིག་ལ་ཡོད་པ་མཐོང་བ་ནི། །གཞན་ལ་མཐོང་བ་མི་སྲིད་ཕྱིར།།གཞན་ཉིད་མིན་ན་རྗེས་འགྲོ་མེད། །གཞན་ཉིད་ན་ཡང་རྟེན་མིན་ཕྱིར།།ཕྱི་རོལ་པ་ག༷ང་ད༷ག་རིགས་ནི་གས༷ལ་བ༷་ལ༷ས་གཞ༷ན་ཡིན་པར་འདོད་པ་ཅན་ན༷མ། གཞ༷ན་མིན་པ་ཅན་དུ་ཡོད་པ་ཉིད་དུ་འདོད་པ་དེའི་ལུགས་ལ། སྔོན་མེད་པའི་བ་ལང་སོགས་ཀྱི་གས༷ལ་བ༷་རྣ༷མས་ལ༷་ནི་སྤྱི་ཡི་བློ་གྲོས་ཏེ་དེར་ཤེས་པ་ཇི་ལྟ༷ར་སྐྱེ་བ་ཡིན་ཏེ། རྒྱུ་མཚན་གསལ་བ་སྔ་མ་གཅིག་ལ༷་ཡོད་པ༷་ཉིད་དུ་མཐོང་བ༷་ཡི་སྤྱི་དེ་ནི་གསར་བྱུང་གཞ༷ན་ལ༷་ཡོད་པར་མཐོང་བ༷་མི་སྲིད་པའི་ཕྱིར་ཏེ་གསལ་བ་སྔ་ཕྱི་དུས་གཅིག་ཏུ་མེད་ལ། དེའི་རིགས་དུས་གཅིག་ཏུ་ཡོད་ན་བ་ལང་གཅིག་མཐོང་བས་ཐམས་ཅད་ཀྱི་རིགས་མཐོང་བར་ཐལ་ལ། དེ་ལྟ་ན་ཕྱོགས་དུས་ཀྱི་བ་ལང་ཐམས་ཅད་ཀྱང་མཐོང་བར་ཐལ་ལོ།།རིགས་དུས་གཅིག་ཏུ་མེད་ན་མི་རྟག་པར་ཐལ་ལོ། །གཞན་ཡང་སྤྱི་དེ་གསལ་བ་སྔ་མ་དང་གཞ༷ན་ཉིད་མིན་ན༷་དེ་ཁོ་ན་ལས་གཞན་ལ་རྗེས་འགྲོ་མེད་ལ་སྔ་མ་དེ་ལས་གཞ༷ན་ཉིད་ཡིན་ན༷་ཡ༷ང་སྤྱི་ནི་གསལ་བ་དེ་ལ་རྟེན་པ་མིན་པའི་ཕྱིར་ན་གསལ་བ་ལ་བརྟེན་ནས་སྤྱི་ཇི་ལྟར་མཐོང༌། དེས་ན་དེ་ལྟར་བཞག་པ་ནི་ངལ་བའི་རྒྱུ་ཁོ་ནར་ཟད་དོ།།
གཉིས་པ་རིགས་ལ་འདོད་ཚུལ་གཉིས་པོ་བྱེ་བྲག་དགག་པ་ལ།རང་གི་རྟེན་ལས་གཞན་དུ་མ་ཁྱབ་དགག །རང་རྟེན་ཡོད་མེད་ཀུན་ཏུ་ཁྱབ་པ་དགག །དང་པོ།
མི་འགྲོ་དེ་ན་ཡོད་པའང་མིན། །ཕྱིས་ཡོད་ཆ་དང་ལྡན་པའང་མིན།།རྟེན་སྔ་མ་ནི་/ཡོངས་མི་འདོར། །29ཀྱེ་མ་ཕོངས་པའི་རྒྱུ་ཉིད་ཡིན།།གཞན་ལ་གནས་པར་གྱུར་པ་ནི། །རང་གི་གནས་ལས་མི་གཡོ་ཞིང༌།།དེ་ལས་གནས་གཞན་སྐྱེ་བ་ལ། །གནས་ན་ཤིན་ཏུ་རིགས་པར་ལྡན།།གང་ན་དངོས་དེ་གནས་གྱུར་པ། །དེར་ནི་འབྲེལ་བའང་མ་ཡིན་ལ།།དེ་དག་ཡུལ་ཅན་ལ་ཁྱབ་པ། །ཅི་ག་དེ་ནི་ངོ་མཚར་ཆེ།།དྲང་སྲོང་གཟེགས་ཟན་གྱིས་སྤྱི་ཐམས་ཅད་དུ་སོང་བའོ་ཞེས་པ་ལ། དེའི་སློབ་མ་པེ་ཐར་ནི་30སྤྱི་རང་གི་རྟེན་གསལ་བ་ཐམས་ཅད་ལ་ཁྱབ་ཀྱི་གསལ་བ་མེད་པའི་ཕྱོགས་སུ་མེད་པར་འདོད། བེ་ལུ་ཀ་ནི་དེ་ལྟ་ན་ཐམས་ཅད་དུ་མ་ཁྱབ་པར་འགྱུར་བས་གསལ་བ་ཡོད་མེད་ཀྱི་ཡུལ་ཐམས་ཅད་དུ་ཁྱབ་པར་འདོད་དོ།།ལུགས་དང་པོ་དེ་ལ་བརྗོད་པ་སྔར་བ་ལང་མེད་པའི་ཕྱོགས་སུ་བ་ལང་གསར་དུ་སྐྱེས་པ་ན་གསལ་བ་གཞན་ལ་ཡོད་པའི་སྤྱི་དེ་ནི་རང་གི་རྟེན་དེ་ལས་གཞན་དུ་མི་འགྲོ་ཞིང་བ་ལང་གསར་དུ་སྐྱེ་བའི་ཕྱོགས་དེ་ན༷་སྔར་ཡོད་པ༷འ༷ང་མིན༷་ལ། གསལ་བ་གསར་དུ་བྱུང་བའི་ཕྱིས་ཡོད་པར་གྱུར་པའང་མིན་ཏེ་སྔར་ཡོད་རྟག་པ་ཡིན་པས་སོ། །གཞན་ཡང་ཆ་གཅིག་སྔ་མར་གནས་ལ་ཆ་གཅིག་ཕྱི་མར་འཕོ་བའི་ཆ༷་ད༷ང་ལྡ༷ན་པ༷འ༷ང་མིན་ཏེ་དེ་ལ་ཆ་མེད་པས་སོ། །རྟེན་སྔ༷་མ༷་ནི་ཡོངས་སུ་མི་འདོར་བ་ཡིན་པའི་ཕྱིར་སྔ་མའི་སྤྱི་གཞན་ལ་འཕོས་པའང་མིན་པས་ན་འདི་ལྟ་བུའི་ལུགས་ཁས་ལེན་པ་ནི་ཀྱེ་མ༷་ངལ་དུབ་ལ་བརྟེན་པ་སྒྲུབ་བྱེད་ཀྱིས་དབུལ་བའམ་ཕོངས་པ༷འི་རྒྱུ༷་ཉིད་ཡིན་ནོ། །གསལ་བ་སྔ་མ་གཞ༷ན་ལ༷་གན༷ས་པ༷ར་གྱུ༷ར་པ༷་ནི་ར༷ང་གི་རྟེན་སྔ་མའི་གན༷ས་ལ༷ས་མི་གཡོ་ཞིང་དེ་ལ༷ས་གན༷ས་གཞ༷ན་དུ་གསར་དུ་སྐྱེ་བ༷་ཡི་རྫས་ལ༷་གན༷ས་སོ་ཞེ་ན༷་ཤིན་ཏུ༷་རིགས་པ༷ར་ལྡ༷ན་པར་སྨྲས་སོ་ཞེས་བསྟིང་ཚིག་མཛད་པ་སྟེ། ཆུ་བུམ་པར་གནས་བཞིན་ཁོག་པར་ཁྱབ་ཅེས་པ་བཞིན་ནོ། །ག༷ང་ན༷་ཕྱིས་འབྱུང་གི་དངོས་པོ་དེ་གན༷ས་པར་གྱུ༷ར་པ༷་ཡི་ཡུལ་དེར་ནི་ནམ་ཡང་འབྲེལ་བ༷འ༷ང་མ༷་ཡིན་ལ༷། ཕྱོགས་དེ་ད༷ག་གི་ཡུ༷ལ་ཅ༷ན་གསལ་བ་རྣམས་ལ༷་ཁྱ༷བ་པ༷་ན་ཅི་ག༷་དེ་ལྟ་བུ་ནི་ངོ་མཚ༷ར་ཆེ་སྟེ་ཕྱོགས་འདི་ན་བུམ་པ་མེད་པར་ཁས་བླངས་ནས་ཕྱོགས་འདིའི་སྐྱེས་བུ་རྣམས་ལ་བུམ་པ་ཡོད་ཅེས་པ་བཞིན་ནོ།།
གཉིས་པ་རང་རྟེན་ཡོད་མེད་ཀུན་ཏུ་ཁྱབ་པ་དགག་པ་ནི།
གལ་ཏེ་ཀུན་ན་རིགས་ཡོད་ན། །གཅིག་ཏུ་གསལ་བས་དེ་གསལ་ཉིད།།ཐ་དད་མེད་ཕྱིར་ཀུན་ཏུ་མཐོང༌། །དེ་ཡང་གསལ་བ་ལ་ལྟོས་མིན།།གསལ་བྱེད་རྟོགས་པ་མ་ཡིན་ན། །གསལ་བྱ་ཡང་དག་རྟོགས་པ་མིན།།སྤྱི་དང་དེ་དང་ལྡན་པ་དག །ཅི་ཡི་ཕྱིར་ན་བཟློག་པར་འདོད།།ག༷ལ་ཏེ་ལུགས་གཉིས་པ་ལྟར་སྤྱི་རང་གི་རྟེན་གསལ་བ་ཡོད་པ་དང་མེད་པའི་ཕྱོགས་ཀུ༷ན་ན༷་རིགས་ཡོད་ན༷་ནི། ཡུལ་གཅིག་ཅིག་ཏུ༷་གས༷ལ་བ༷ས་སྤྱི་དེ་གས༷ལ་བར་བྱས་པ་ཉིད་ན་སྤྱི་དེ་ལ་ཐ༷་ད༷ད་མེད་པའི་ཕྱིར་ཕྱོགས་ཀུ༷ན་ཏུ༷་ཁྱབ་པའི་སྤྱི་དེ་མཐོང་བར་ཐལ་ལོ། །གསལ་བ་མེད་པའི་ཕྱོགས་སུ་ཡོད་པ་དེ་ཡ༷ང་གས༷ལ་བ༷་གཞན་དང་གཞན་ལ༷་ལྟོས་པ་མིན་ཏེ། གཅིག་གི་སྒོ་ནས་མཐོང་བ་དེ་ལས་ཁྱད་པར་གཞན་མེད་པའི་ཆ་མེད་ཡིན་པས་སོ། །གསལ་བ་སོ་སོ་ལ་བརྟེན་ནས་མཐོང་བ་གཞན་དང་གཞན་ཡིན་ན་གཅིག་པུ་ཆ་མེད་མི་འགྲུབ་ལ། གཅིག་གི་སྒོ་ནས་མཐོང་མ་ནུས་ན་དུ་མས་ཀྱང་དེ་དང་འདྲ་བའི་ཕྱིར་མི་མཐོང་ལ། གཞན་ཡང་རྟ་ལའང་བ་ལང་གི་སྤྱིས་ཁྱབ་པས་ན་ཐམས་ཅད་ལ་ཐམས་ཅད་ཀྱི་སྒྲ་བློ་འཇུག་པར་འགྱུར་རོ།།འདི་ལྟར་འཇིག་རྟེན་ན་གས༷ལ་བྱེད་སྒྲོན་མེ་སོགས་རྟོགས་པ༷་མ༷་ཡིན་ན༷། དེའི་སྔོན་དུ་གས༷ལ་བྱ༷་བུམ་པ་སོགས་ཡ༷ང་ད༷ག་པར་ཏེ་ཡོད་ངེས་སུ་རྟོགས་པ༷་མིན་ན། ཁྱོད་ཀྱིས་ནི་སྤྱི་ད༷ང་སྤྱི་དེ་ད༷ང་ལྡ༷ན་པ༷་ད༷ག་ཅི་ཡི་ཕྱིར་ན༷་བཟློག་པ༷ར་འདོད་དེ། འདི་ལྟར་གསལ་བྱེད་བ་ལང་མེད་པའི་ཕྱོགས་སུ་ཡང་གསལ་བྱ་སྤྱི་ཡོད་ཅེས་ཁས་ལེན་པ་ཡིན་པ་དེ་ལྟ་ན་གསལ་བྱེད་མེད་པའི་གསལ་བ་ནི་སྔོན་དུ་དམིགས་པར་ཁས་བླངས་སོ་ཞེས་པའོ། །འདི་ལ་རྒྱ་འགྲེལ་ཕལ་ན་ཁྱད་པར་གྱི་གཞི་སྤྱི་མ་ཤེས་པར་ཁྱད་པར་བྱེ་བྲག་པ་མི་ཤེས་ཞེས་རང་གི་ལུགས་ལས་ཁས་བླངས་ནས་ད་ལྟ་དེ་ལས་གོ་བཟློག་པར་ཁས་ལེན་པ་ཅི་ཡིན་ཞེས་པའི་དོན་དུའང་འགྲེལ་པ་ཡོད་དོ།།གལ་ཏེ་སྒྲོན་མེ་མེད་ཀྱང་མུན་ཁང་གི་བུམ་པ་ཡོད་པ་བཞིན་ནོ་ཞེ་ན། མུན་ཁང་ན་ཡོད་པར་ལན་གཅིག་ཀྱང་མ་གསལ་ན་དེ་ཡོད་པར་ཡང་ཅི་ཞིག་གིས་འཇོག དེ་བཞིན་གསལ་བ་གང་གིས་ཀྱང་རང་ཡོད་བཞིན་པའི་གོ་ས་དེ་ལས་གཞན་སྟོང་པའི་ཕྱོགས་སུ་གསལ་བར་མ་ནུས་པ་དེ་ཡོད་པར་འཇོག་པའི་རྒྱུ་མཚན་གང་ཡང་མེད་དོ།།དེས་ན་གང་དུ་བ་ལང་སོགས་སྣང་བ་ན་དེ་ཙམ་སྣང་བར་ཟད་ཀྱི་དེ་ལས་གཞན་པའི་གསལ་བྱ་སྤྱི་མ་དམིགས་ལ། བ་ལང་རང་ཉིད་སྣང་བ་ཙམ་ནི་དེ་ཁོ་ན་སྣང་བར་ཟད་ཀྱི་དེ་ལ་གསལ་བྱེད་ཅེས་རྒྱུ་མཚན་གང་གིས་འཇོག་སྟེ། དེས་གསལ་བྱ་གཞན་གང་ཡང་མ་མཐོང་བའི་ཕྱིར། སྟོང་པའི་ཕྱོགས་སུ་མར་མེ་དམིགས་ན་མར་མེ་འབའ་ཞིག་དམིགས་པར་ཟད་ཀྱི། དེས་སྔར་མ་མཐོང་བ་གང་ཡང་མཐོང་བར་མ་བྱས་ན་དེ་སུའི་གསལ་བྱེད་དུ་འགྱུར། དེ་བཞིན་དུ་བ་ལང་གི་གསལ་བ་མཐོང་བ་འདིས་གཞན་པའི་མཐོང་བ་གང་ཡང་མ་བསྐྱེད་བཞིན་དུ་སྤྱིའི་གསལ་བྱེད་དུ་རིགས་ན། རྟ་མཐོང་བའང་བ་ལང་གི་གསལ་བྱེད་དུ་འགྱུར་རོ།།
གཉིས་པ་སྤྱི་བཀག་པའི་རྩོད་སྤོང་ལ།སྤྱི་དངོས་མེད་ཀྱང་སྒྲ་གཅིག་འཇུག་པར་འཐད། །སྤྱི་གཅིག་མེད་ཀྱང་འབྲས་གཅིག་བྱེད་པར་འཐད། །དང་པོ་ལ། སྤྱི་མེད་ཀྱང་ནི་སྒྲ་གཅིག་འཇུག་པའི་ཚུལ། །དེ་ལ་མཐའ་གཞན་དོགས་པ་བཅད་པ་དང༌། །རིགས་མེད་གཞན་ལ་དེ་མི་འཇུག་ཚུལ་ལོ། །དང་པོ།
ཐ་དད་མེད་དོན་མེད་པར་ཡང༌། །འཚེད་པ་པོ་སོགས་བརྗོད་པ་ཡིན།།སྤྱི་དངོས་པོ་བ་མེད་ན་དུ་མ་ལ་སྒྲ་གཅིག་ཅི་སྟེ་འཇུག་ཅེ་ན། ཐ༷་ད༷ད་པ་མེད་པའི་དོན་ཅན་སྤྱི་དངོས་པོ་བ་གཅིག་མེད་པ༷ར་ཡ༷ང༌། སྐྱེས་བུ་དུ་མ་ལ་འབྲས་སོགས་བཙོ་བའི་བྱ་བ་བྱེད་པའི་ཆ་ནས་འཚེད་པ༷་པོ་ཞེས་དང༌། དེ་བཞིན་དུ་བྱ་བ་གཞན་དང་གཞན་ལ་བརྟེན་ནས་ཀློག་པ་པོ་སོགས་སྒྲ་གཅིག་བརྗོད་པ༷་ཡིན་ནོ།།
གཉིས་པ་དེ་ལ་མཐའ་གཞན་དོགས་པ་བཅད་པ་ནི།
ཐ་དད་ཕྱིར་ན་ལས་རྒྱུ་མིན། །འདི་ཡི་རིགས་མིན་ལས་འབྲེལ་ཕྱིར།།མཉན་པ་གཞན་གྱི་རྒྱུ་མཚན་ཕྱིར། །ལས་ཀྱང་གནས་པ་ཡོད་མ་ཡིན།།འབྲེལ་བ་མེད་ཕྱིར་སྒྲ་ཡི་རྒྱུ། །སྤྱི་ཡིན་མི་རིགས་མིན་པ་མིན།།ཧ་ཅང་ཐལ་ཕྱིར་ལས་མེད་ནའང༌། །ཤེས་རྗོད་དག་གི་མ་ཡིན་ཏེ།།རྒྱུ་མཚན་ཅན་མིན་ཐོབ་ཕྱིར་རོ། །རྗེས་འགྲོ་མེད་ཕྱིར་ནུས་པའང་མིན།།གལ་ཏེ་འཚེད་པོ་ཉིད་སོགས་སྤྱི། །དང་པོ་ཉིད་དུ་དེ་ཡོད་སོགས།།བཞིན་དུ་གསལ་འགྱུར་མིན་ན་ནི། །ཁྱད་པར་མེད་ཕྱིར་ཕྱིས་མི་འགྱུར།།བྱ་བས་ཕན་འདོགས་ལྟོས་གསལ་བྱེད། །ཡིན་ན་འགྱུར་མེད་ལྟོས་པ་མེད།།འདི་ནི་ཕུལ་བྱུང་ཡོད་ན་ཡང༌། །སྐད་ཅིག་ཉིད་ཕྱིར་བྱ་གང་ལས།།སྐྱེས་བུ་དུ་མ་ལ་དེ་འདྲའི་སྒྲ་གཅིག་འཇུག་པ་དེ་ཐ་མི་དད་ཀྱི་རིགས་མེད་ཀྱང་འཇུག་པ་མིན་ཏེ། འཚེད་པའི་ལས་ཡོད་པ་དེ་ལས་འཇུག་གོ་ཞེ་ན། སྐྱེས་བུ་སོ་སོའི་འཚེད་པའི་ལས་ནི་ཤིན་ཏུ་ཐ༷་ད༷ད་པར་འགྱུར་བའི་ཕྱིར་ན༷་ལ༷ས་ནི་དུ་མ་ལ་གཅིག་གི་སྒྲ་དེ་འཇུག་པའི་རྒྱུ༷་མིན་ཏེ། ཐ་མི་དད་པ་གཅིག་མེད་ན་དུ་མ་ལ་གཅིག་སྒྲ་མི་འཇུག་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །ལས་ཐ་དད་ཀྱང་ལས་ཀྱི་རིགས་ཐ་མི་དད་པ་དེ་སྒྲ་གཅིག་འཇུག་པའི་རྒྱུ་ཡིན་ནོ་ཟེར་ན། ལས་འདི་ཡི་རིགས་ནི་འཚེད་པ་པོ་ཞེས་པའི་སྒྲ་ཡིས་བརྗོད་བྱ་མིན་ཏེ་ལ༷ས་ཀྱི་རིགས་ནི་ལས་དེ་དང་འབྲེལ་བའི་ཕྱིར། ལས་ཀྱི་རིགས་བརྗོད་ན་འཚེད་པ་ཞེས་བྱ་བ་ཙམ་གོ་བར་བྱེད་ལ། འཚེད་པ་ཞེས་བྱ་བ་དེ་ནི་འཚེད་པ་པོ་ལས་ནི་མཉ༷ན་པ༷་སྟེ་སྒྲ་གཞ༷ན་གྱི་རྒྱུ༷་མཚ༷ན་ཅན་ཡིན་པའི་ཕྱིར་ཏེ་རྟ་དང་བ་ལང་གི་བརྗོད་བྱ་ཐ་དད་པ་བཞིན་ནོ། །བརྗོད་བྱ་ཐ་དད་ཀྱང་འབྲེལ་བས་གོ་བ་ཡིན་ཏེ་འདི་ལྟར་ལས་ཀྱི་རིགས་བརྗོད་པ་ན། ལས་དང་དེའི་རིགས་འཕྲོད་པ་འདུ་བས་འབྲེལ་ལ། ལས་དང་སྐྱེས་བུའི་རྫས་འཕྲོད་པ་འདུ་བས་འབྲེལ་བའི་ཕྱིར་འཚེད་པ་པོ་ལ་གོ འོ་ཟེར་ན། འཚེད་པ་སོགས་ཀྱི་ལ༷ས་ཀྱ༷ང་རྟག་པ་མིན་པའི་ཕྱིར་རྒྱུན་དུ་གན༷ས་པ༷་ཡོད་པ་མ༷་ཡིན་ལ། ལས་འགགས་ནས་ད་ལྟ་མི་བྱེད་པ་ན་ལས་མེད་པའི་ཕྱིར་ལས་དེ་རང་གི་རིགས་དང་སྐྱེས་བུའི་རྫས་གཉིས་ཀ་ལ་དངོས་འབྲེལ་མེད་ལ་ལས་ཀྱི་རིགས་དང་སྐྱེས་བུའི་རྫས་ལ་བརྒྱུད་འབྲེལ་ཡང་མེད་དེ་དེ་གཉིས་འབྲེལ་བྱེད་ལས་མེད་པས་སོ། །དེ་ལྟར་འབྲེལ་བ༷་མེད་པའི་ཕྱིར་འཚེད་པ་པོ་ཞེས་སྒྲ༷་གཅིག་འཇུག་པ་ཡི་རྒྱུ༷་ནི་ལས་ཀྱི་སྤྱི་ཡིན་པ་མི་རིགས་མིན་པ༷་མིན་ཏེ་དགག་པ་གཉིས་ཀྱིས་རྣལ་མ་གོ་བས་ན་དོན་དུ་མི་རིགས་སོ་ཞེས་སོ། །དེ་ཡང་ལས་དེ་མི་བྱེད་པའི་སྐབས་ན་ཡང་འཚེད་པ་པོ་ལ་སོགས་པའི་སྒྲ་འཇུག་པ་ནི་ཡོད་ན་དེ་འདྲའི་སྒྲ་བློ་རྒྱུ་མེད་དུ་འགྱུར་རོ། །དེ་སྐབས་ལས་ཀྱི་འབྲེལ་བ་མེད་ཀྱང་ལས་དེ་བྱེད་པ་ཅན་གྱི་སྒྲ་དེ་འཇུག་གོ་ཟེར་ན། འབྲེལ་བ་མེད་ཀྱང་གོ་ན་ཟ་བ་པོ་ལ་སོགས་པ་བརྗོད་པས་ཀྱང་འཚེད་པ་པོ་གོ་བར་ཐལ་ལ་གཞན་ཡང་རྟ་ཞེས་པའི་སྒྲ་ལས་བ་ལང་གོ་བ་སོགས་ཐམས་ཅད་ཀྱིས་ཐམས་ཅད་གོ་བར་འགྱུར་བས་ཧ༷་ཅ༷ང་ཐ༷ལ་བའི་ཕྱིར་མི་འཐད་དོ། །དེ་ལྟར་མི་འགྱུར་ཏེ་འཚེད་པ་པོའི་ལས་འདས་པ་དང་མ་འོངས་པ་ལ་ལྟོས་ནས་དེར་འདོགས་སོ་སྙམ་ན། འདས་པ་འགགས་པ་དང་མ་འོངས་པ་མ་ཐོབ་པའི་ཕྱིར། འདས་མ་འོངས་ཀྱི་ལ༷ས་དེ་ད་ལྟ་མེད་བཞིན་པ་ན༷འ༷ང་མེད་པ་དེས་ད་ལྟའི་སྐྱེས་བུ་ལ་འཚེད་པ་པོ་ཞེས་པའི་ཤེས་རྗོད་ད༷ག་གི་རྒྱུ་བྱེད་པ་མ༷་ཡིན་ཏེ། སྒྲ་འཇུག་པའི་རྒྱུ༷་མཚ༷ན་ཅ༷ན་མིན་པ་སྟེ་རྒྱུ་མཚན་ཕྱིན་ཅི་ལོག་ཐོབ་པའི་ཕྱིར་རོ། །ཇི་ལྟར་ན་བཏགས་ཡུལ་ལ་ལས་མེད་པ་ལ་མེད་པར་བརྗོད་རིགས་ཀྱང་འདིར་མེད་པ་དེ་ཡོད་པར་བརྗོད་པའི་རྒྱུར་སོང་བའི་ཕྱིར་རོ། །དེས་ན་དོན་གྱི་སྟེང་ན་ཐུན་མོང་གི་རིགས་ཡོད་པ་ལ་སྒྲ་འཇུག་གི་སྐྱེས་བུའི་བརྗོད་འདོད་ཀྱིས་གཞན་སེལ་བ་ཙམ་བརྗོད་པར་མི་འདོད་པའི་ལུགས་ལ་སྐྱོན་དེ་དག་ནམ་ཡང་སྤོང་བར་མི་ནུས་སོ། །གལ་ཏེ་ལས་དངོས་སུ་མེད་ཀྱང་སྒྲ་དེ་ལྟར་སྦྱོར་བ་ནི་ལས་བྱེད་པའི་ནུས་པ་ཡོད་པ་དེ་ལ་བརྟེན་པ་ཡིན་ནོ་ཞེ་ན། དེ་ཡང་ཕན་ཚུན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ནུ༷ས་པ༷འ༷ང་སྒྲ་གཅིག་འཇུག་པ་དེའི་རྒྱུ་མིན་ནོ། །གཞན་ཡང་ནུས་པ་ཞེས་པ་རྫས་དང་གཅིག་ཡིན་ན་ཐ་དད་པ་སོ་ན་གནས་ཤིང༌། གཞན་ཡིན་ན་ནུས་པ་ཐུག་མེད་དུ་འགྱུར་ལ་ཐ་དད་པ་སོ་ན་གནས་ཤིང༌། དེའི་རིགས་ལ་སོགས་པ་ནི་མ་ཡིན་ཏེ་གོང་དུ་ལས་ལ་དཔྱད་པ་བཞིན་ནོ། །ག༷ལ་ཏེ་ལས་དང་ནུས་པ་དེ་ལྟར་བརྗོད་བྱ་མིན་ཡང་འཚེད་པ་པོ་ཉིད་དང་ཀློག་པ་པོ་ཉིད་ལ་སོགས་པའི་སྤྱི་དངོས་པོ་བ་སྐྱེས་བུ་དེ་དག་ལ་ཡོད་པས་དེ་བརྗོད་བྱ་ཡིན་ནོ་ཞེ་ན། ད༷ང་པོ་སྟེ་འཚེད་པ་སོགས་ཀྱི་བྱ་བ་ལ་མ་ཞུགས་པ་སྐྱེས་བུ་དེ་དག་སྐྱེས་མ་ཐག་པའི་དུས་ཉིད་དུ༷འང༌། འཚེད་པ་པོ་ཞེས་པ་ལ་སོགས་པ་དེ་དཔེར་ན་ཡོད་པ་དང་རྫས་ལ་སོགས་པ་བཞིན་དུ༷་གས༷ལ་བར་འགྱུ༷ར་ཏེ། ཁྱོད་རང་གི་གཞུང་ལས་ཀྱང་དོན་ལ་འཕྲོད་པ་འདུ་བས་འབྲེལ་བ་ཆོས་ཅན་གྱི་སྤྱི་ཇི་སྙེད་པ་གང་ཡིན་པ་དེ་དག་ནི་དོན་འདིའི་སྐྱེ་བ་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་འཕྲོད་པ་འདུ་བ་དག་ཡིན་ནོ་ཞེས་ཁས་བླངས་པས་སོ། །གལ་ཏེ་འཚེད་པའི་བྱ་བ་མ་བྱས་པའི་སྔོན་རོལ་དུ་འཚེད་པ་པོ་ཉིད་ཡོད་ཀྱང་གསལ་བ་མིན་ན༷་ནི། སྔ་མ་མི་གསལ་བའི་དུས་དང་ཁྱ༷ད་པ༷ར་མེད་པའི་ཕྱིར་ཕྱིས་འཚེད་པ་ན་ཡང་གསལ་བར་མི་འགྱུ༷ར་ཏེ། བུམ་པའི་ཡོད་པ་བུམ་པ་བྱུང་མ་ཐག་ཏུ་མི་མཐོང་ན་ཕྱིས་ཀྱང་མཐོང་མི་སྲིད་པ་བཞིན་ནོ། །ཡང་ན་གྲུབ་པའི་མཐའ་ལས་འདས་ནས་དང་པོ་ནས་འབྲེལ་བ་མིན་ཟེར་ན་ནི། སྐྱེས་བུའི་རྫས་ལ་ཁྱད་མེད་པའི་ཕྱིར་ཕྱིས་ཀྱང་མི་འབྲེལ་བར་འགྱུར་རོ་ཞེས་སོ། །གལ་ཏེ་དང་པོ་ནས་ཡོད་ཀྱང་ཕྱིས་འཚེད་པའི་བྱ༷་བ༷ས་ཕ༷ན་འདོགས་པ་ལ་ལྟོས་ནས་དེ་དག་གས༷ལ་བར་བྱེད་པ་ཡིན་ནོ་ཞེ་ན༷། སྤྱི་འགྱུ༷ར་མེད་རྟག་པ་ཕན་འདོགས་ཀྱི་རྐྱེན་ལ་ལྟོས་པ༷་མེད་པས་ན་དེ་མི་རུང་སྟེ། སྔར་མི་མཐོང་བའི་རང་བཞིན་དུ་གནས་པ་དེ་ཁོ་ན་ལྟར་རྟག་ཏུ་གནས་པར་འགྱུར་རོ། །དེས་ན་སྐྱེས་བུ་དེ་བྱ་བ་ལ་མ་ལྟོས་པའི་འཚེད་པ་པོ་ཉིད་ཡིན་ན་བྱ་བའི་ཁྱད་པར་གོམས་པས་བོགས་དབྱུང་དུ་མེད་པའི་ཕྱིར་བསླབ་མི་དགོས་པའམ། བསླབས་ཀྱང་སྔར་ལས་ཁྱད་པར་ཅན་དུ་མི་འགྱུར་ཏེ་མ་བསླབས་ན་ཡང་དེ་ཡིན་པའི་ཕྱིར་བསླབ་པ་དེའི་རྒྱུར་མི་འགྱུར་རོ། །གལ་ཏེ་སྐྱེས་བུའི་རྫས་འདི་ནི་བསླབ་པ་གོམས་པས་ཀློག་སོགས་ལ་ཕུ༷ལ་དུ་བྱུ༷ང་བར་བྱར་ཡོད་ན༷་ཡ༷ང༌། གོང་ནས་གོང་དུ་འཕེལ་བ་དེ་ནི་སྐ༷ད་ཅིག་མ་ཉིད་ཡིན་པའི་ཕྱིར་སྐྱེས་པའི་ཡུལ་དེ་ཉིད་དུ་འཇིག་པ་ཡིན་ལ། དེ་ལྟ་ན་སྐད་ཅིག་མའི་བྱ༷་བ་ག༷ང་ལ༷ས་འཚེད་པ་ཉིད་དུ་གསལ་བར་འགྱུར་ཏེ། ཁྱད་པར་གཞན་དང་གཞན་སྐྱེ་བའི་སྐད་ཅིག་མ་འདི་ནི་སྐྱེས་བུའི་རྫས་ཀྱི་ཡིན་ལ་སྐད་ཅིག་མས་ཁྱད་པར་བྱར་མེད་པའི་སྤྱི་ནི་སྔ་ནས་ཡོད་པའི་ཕྱིར་བྱ་བའི་སྐད་ཅིག་གང་གིས་ཀྱང་སྔར་ལས་བོགས་དབྱུང་དུ་མེད་པའི་ཕྱིར་སྔར་མ་མཐོང་བ་བཞིན་དུ་ཕྱིས་ཀྱང་མཐོང་བར་མི་འགྱུར་རོ། །གལ་ཏེ་བོགས་དབྱུང་དུ་ཡོད་ན་ནི་དེ་ཡང་མི་རྟག་པའི་རྫས་སུ་འགྱུར་རོ། །དེ་ལྟ་ན་སྐྱེས་བུ་ཀུན་ལ་ཐ་མི་དད་པའི་སྤྱིར་མི་འགྱུར་རོ། །སྤྱི་ལ་བོགས་དབྱུང་དུ་མེད་ཀྱང་རྫས་ཀྱི་ནུས་པ་བོགས་དབྱུང་བས་གསལ་ན་ཅི་འགལ་སྙམ་ན། བོགས་མ་ཐོན་པ་དང་པོའི་དུས་ཀྱི་སྐད་ཅིག་མ་རྣམས་དང་འབྲེལ་བའི་སྤྱི་རང་གི་ངོ་བོ་བཞིན་དུ་ཕྱིས་ཀྱང་ཡིན་པས་ན་སྐད་ཅིག་མ་བོགས་དབྱུང་བས་དེ་ལ་ཕན་པར་མི་ནུས་སོ། །དེས་ན་འཚེད་པ་པོ་ཞེས་བྱ་བ་ནི་བྱ་བ་དང་མི་ལྡན་པའི་སྔ་ནས་མེད་ལ། བྱ་བ་དེ་དང་ལྡན་པའི་སྐྱེས་བུའི་རྫས་ལ་བྱ་བ་དེ་མི་ལྡན་པར་གཅོད་པའི་མིང་སྟེ་རྫས་ཐ་དད་ན་ཡང་འཚེད་པོ་ཞེས་པའི་སྒྲ་བློ་གཅིག་འཇུག་པ་ཡིན་གྱི་སྤྱི་དངོས་པོར་གྲུབ་པ་ཐུན་མོང་བ་གང་ཡང་མེད་དོ། །ཡང་ན་འདི་ནི་ཞེས་པ་སྤྱི་ལ་སྦྱར་ཏེ་སྤྱི་སྐད་ཅིག་མར་གྱུར་ན་བྱ་བ་གང་ཡང་ཐུན་མོང་བར་སྒྲ་བློ་འཇུག་པའི་རྒྱུ་ཐ་དད་མིན་པའི་སྤྱི་གསལ་བ་གང་ཡིན་ཏེ། ཐ་དད་མེད་པའི་སྤྱི་མེད་པའི་ཕྱིར་ཞེས་སོགས་སུ་ཡང་འཆད་པ་ཡོད་དོ།།
གསུམ་པ་རིགས་མེད་གཞན་ལ་གཞན་གྱི་སྒྲ་མི་འཇུག་པའི་ཚུལ་ནི།
ཐ་དད་མཚུངས་པ་ཡིན་ན་རིགས། །ཉེ་བ་གང་གིས་འགའ་ཞིག་ལ།།རབ་འཇུག་གཞན་ལ་མིན་དེ་ཉིད། །སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ།།སྤྱི་སྨྲ་བ་གཞན་ན་རེ། དེ་ལྟར་ཐུན་མོང་གི་སྒྲ་བློ་འཇུག་པའི་རྒྱུ་སྤྱི་དོན་གྱི་སྟེང་ན་མེད་ན་ཤིང་ཞེས་པའི་སྒྲ་ཤུག་པ་སོགས་ལ་འཇུག་གི་བ་ལང་ལ་མི་འཇུག་པ་མི་འཐད་དེ་དེ་གཉིས་ཀར་ཤིང་གི་སྤྱི་མེད་པ་འདྲ་ལ་རང་མཚན་ཐ་དད་པ་ཕན་ཚུན་རྗེས་སུ་མི་འགྲོ་བ་ལ་ཡང་ཁྱད་མེད་པའི་ཕྱིར་ཞེ་ན། ཤུག་པ་དང་བ་ལང་གཅིག་ལ་གཅིག་མེད་པའི་ཐ༷་ད༷ད་པར་མཚུ༷ངས་པ༷་ཡིན་ན༷འང་ཤིང་མིན་བསལ་བའི་རིགས་ཉེ་བ༷འམ་འདྲ་བ་ག༷ང་གིས་ཙནྡན་དང་ཤུག་པ་སོགས་འག༷འ་ཞིག་ལ༷་ཤིང་གི་སྒྲ་ར༷བ་ཏུ་འཇུ༷ག་ལ། གཞ༷ན་བ་ལང་ལ༷་མིན་པ་གཞན་སེལ་གྱིས་འདྲ་བར་སྣང་བ་དེ་ཙམ་ཞིག་ཉིད་དུ་མ་ལ་སྒྲ༷་གཅིག་འཇུག་པ་ད༷ང་དེར་ཤེས་པ༷འི་རྒྱུ༷་ཡིན་ནོ། །རིགས་དེ་ཉིད་སྤྱི་ཡིན་ནོ་སྙམ་ན་ཁྱོད་ཀྱི་འདོད་པ་ལྟར་རིགས་དངོས་པོ་བ་གང་ཡང་མེད་དེ། གཞན་སེལ་བར་མཚུངས་པ་ལ་རིགས་སུ་བཏགས་པ་ཡིན་ནོ། །དེས་ན་སྒྲ་འཇུག་པ་དང་མི་འཇུག་པ་རྒྱུ་མཚན་མེད་པ་མ་ཡིན་ལ། སྤྱི་དངོས་པོ་བའི་རྒྱུ་མཚན་ཅན་ཡང་མ་ཡིན་ཏེ་མཐུན་པར་སྣང་བའི་བག་ཆགས་སད་པ་ལས་རིགས་མི་མཐུན་པ་བསལ་བའི་ས་བོན་ཅན་རྟོག་པས་གཅིག་ཏུ་སྒྲོ་བཏགས་པ་ཙམ་ཡིན་ནོ།།
གཉིས་པ་སྤྱི་གཅིག་མེད་ཀྱང་འབྲས་བུ་གཅིག་བྱེད་པར་འཐད་པ་ལ།གཞན་གྱིས་བརྗོད་པའི་རྩོད་པ་ཉེ་བར་བཀོད། །དེ་ལ་ཡང་དག་ལན་གྱི་རྣམ་གྲངས་བསྟན། །དང་པོ།
གལ་ཏེ་ལྡོག་པ་སྤངས་པ་ཡི། །དངོས་པོའི་རྗེས་འགྲོ་གཞན་མེད་ན།།གཅིག་གི་འབྲས་བུ་/གཞན་གྱི་31མིན། །ཤིན་ཏུ་ཐ་དད་ཕྱིར་ཞེ་ན།།གྲངས་ཅན་པ་ན་རེ། དངོས་པོ་འདི་དག་ནི་སྤྱིར་གྱུར་པ་གཙོ་བོ་གཅིག་པུའི་རང་བཞིན་ལས་ཐ་དད་པ་མེད་པ་ཡིན་པས་རྒྱུ་དུ་མ་ལས་ཀྱང་འབྲས་བུ་གཅིག་སྣང་བ་སྲིད་པ་ཡིན་ཏེ། དེ་དག་རང་བཞིན་གཅིག་པས་བྱ་བ་གཅིག་ལ་འཇུག་པ་ཡིན་ཞིང༌། འབྲས་བུ་གཅིག་པོ་དེ་ཡི་རང་བཞིན་ཡང་རྒྱུ་དེ་དག་ལ་ཡོད་པ་ཉིད་སྣང་བ་ཡིན་ནོ། །ག༷ལ་ཏེ་རྒྱུ་ཐ་དད་ལ་གཞན་སེལ་བ་ཙམ་གྱི་ལྡོག་པ༷་སྤ༷ངས་པ༷་ཡི་ཞེས་ལྡོག་པ་དངོས་མེད་ཙམ་མ་གཏོགས་པར་དུ་མའི་དངོས་པོའི་རྗེས་སུ་འགྲོ་བ་སྤྱི་གཞ༷ན་མེད་ན༷། ཕན་ཚུན་གཅིག་གི་ཆོས་གཅིག་ལ་རྗེས་སུ་འགྲོ་བ་མེད་པས་འབྲེལ་མེད་དོན་གཞན་དུ་འགྱུར་ལ་དེ་ལྟ་ན་སྣང་མུན་གྱི་ནུས་པ་གཅིག་ཏུ་མི་འཇུག་པ་ལྟར། ས་བོན་ལྟ་བུ་གཅིག་གི་འབྲ༷ས་བུ༷་ས་ཆུ་སོགས་གཞ༷ན་གྱི་མིན་ཏེ་གཞན་གྱི་ཡིན་པར་མི་འགྱུར་རོ། །དེའི་རྒྱུ་མཚན་རྒྱུ་རྣམས་ལ་ཐུན་མོང་བའི་རང་བཞིན་མེད་པས་ཤིན་ཏུ༷་ཐ༷་ད༷ད་པའི་ཕྱིར་རོ་ཞེ་ན༷།
གཉིས་པ་དེ་ལ་ཡང་དག་ལན་གྱི་རྣམ་གྲངས་བསྟན་པ་ལ། ཐུན་མོང་དངོས་གཅིག་འབྲས་བུའི་རྒྱུར་མི་འཐད། །ཐ་དད་གསལ་བ་འབྲས་བུའི་རྒྱུ་རུ་སྒྲུབ། །དང་པོ།
གལ་ཏེ་བདག་ཉིད་གཅིག་པ་ཡིས། །དུ་མ་འབྲས་བུ་གཅིག་བྱེད་ན།།བདག་ཉིད་གཅིག་ལའང་དེ་ཡོད་ཕྱིར། །ལྷན་ཅིག་བྱེད་པ་དོན་མེད་འགྱུར།།ཐ་དད་མེད་པའི་ངོ་བོ་ནི། །32མི་འགྲོ་ཁྱད་པར་རྣམ་ངེས་བྲལ།།གཅིག་དང་འབྲལ་ན་འབྲས་མེད་ཕྱིར། །བྱེ་བྲག་རྣམས་ལས་དེ་དག་འབྱུང༌།།དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་ཡོད་པ་ཡིན།།དེ་ཡང་རྗེས་འགྲོ་མེད་གང་ཞིག །རྗེས་འགྲོ་དེ་ལས་འབྲས་མི་འབྱུང༌།།ག༷ལ་ཏེ་གཙོ་བོའི་བད༷ག་ཉིད་དུ་གཅིག་པ་ཡིས་རྒྱུ་དུ༷་མ༷་དག་གིས་འབྲ༷ས་བུ༷་གཅིག་བྱེད་པ་ཡིན་ན༷། གཙོ་བོའི་བད༷ག་ཉིད་ཅན་ས་བོན་ལྟ་བུ་གཅིག་ལ༷འ༷ང་རྒྱུ་གཞན་གྱི་ནུས་པ་མཐའ་དག་དེ་ཡོད་པའི་ཕྱིར་དེ་ཁོ་ནས་སྐྱེད་པར་འགྱུར་གྱི་ལྷན༷་ཅིག་བྱེད་པ༷་གཞན་ས་དང་ཆུ་ལ་སོགས་པ་དོན་མེད་པར་འགྱུ༷ར་རོ། །དེ་ལྟར་ངེས་ཏེ་གཙོ་བོ་གཅིག་གི་རང་བཞིན་དུ་ཐ༷་ད༷ད་མེད་པ༷འི་ངོ་བོ་གང་ཡིན་པ་དེ་ནི་རང་ལས་གཞན་དུ་གྱུར་པ་གང་ཡང་མེད་པའི་ཕྱིར་རྐྱེན་གཞན་གྱི་རྗེས་སུའང་མི་འགྲོ་ལ་དུ་མའི་ཁྱ༷ད་པ༷ར་རྣ༷མ་དང་ངེས་པར་བྲ༷ལ་བ་ཡིན་ཏེ་གཅིག་པུ་ཆ་ཤས་མེད་པའི་ཕྱིར་རོ། །དེས་ན་གཅིག་ལ་ཡོད་པའི་རང་བཞིན་ཁོ་ན་ལས་གཞན་དང་གཞན་ལ་ཁྱད་པར་གཞན་ཡོད་མི་ཤེས་ཏེ་ཡོད་ན་གཙོ་བོ་གཅིག་གི་རང་བཞིན་ཡང་མ་ཡིན་པར་རང་བཞིན་ཐ་དད་པར་འགྱུར་རོ། །དེས་ན་རྒྱུ་གཅིག་གིས་མི་སྐྱེད་དེ་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་སྙམ་པའང་དོན་མེད་པར་བསྟན་ཏོ། །དེ་ལྟར་འདོད་མི་ནུས་ཏེ་མངོན་སུམ་གྱིས་གནོད་པ་ནི་འདི་ལྟར་འབྲས་བུ་སྐྱེ་བ་ལ་རང་གི་རྒྱུ་རྣམས་ལས་གང་ཡང་རུང་བ་གཅིག་ད༷ང་བྲ༷ལ་ན༷་ཡང་འབྲས་བུ་དེ་མེད་པའི་ཕྱིར་གཙོ་བོ་གཅིག་པུ་ལས་མི་སྐྱེ་བར་གྲུབ་ལ། ས་བོན་དང་ས་ཆུ་སོགས་ཁྱད་པར་རམ་བྱེ་བྲ༷ག་རྣ༷མས་ལ༷ས་འབྲས་བུ་དེ་ད༷ག་འབྱུ༷ང་བར་གྲུབ་བོ།།དེ་ཡི་ཕྱིར་ན་རང་འབྲས་སྐྱེད་པའི་དོན་བྱེད་ནུ༷ས་པ༷་ག༷ང་ཡིན་པ༷་དེ་ཉིད་ནི་ཐ་སྙད་དུ་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་དོན་ད༷མ་པར་ཡོད་པ༷་ཡིན་ལ། དོན་དམ་དུ་ཡོད་པ་དངོས་པོ་རང་མཚན་དེ་ཡ༷ང་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་འགྲོ་བ་མེད་པ་རང་གི་ངོ་བོས་ཐ་དད་པར་གནས་པ་ཡིན་ནོ།།ག༷ང་ཞིག་ཕན་ཚུན་དུ་རྗེས་སུ་འགྲོ་བ་ལྟར་སྣང་བའི་སྤྱི་ལ་སོགས་པ་ནི་སྒྲོ་བཏགས་པའི་ངོར་བྱས་པ་ལས་དོན་ལ་མེད་པས་ན་དེ་ལ༷ས་འབྲ༷ས་བུ་ནམ་ཡང་མི་འབྱུ༷ང་ངོ༌།།
གཉིས་པ་ཐ་དད་གསལ་བ་འབྲས་བུའི་རྒྱུ་རུ་སྒྲུབ་པ་ལ།སྤྱི་མེད་ན་ཡང་རྒྱུ་དང་རྒྱུ་མིན་འཐད། །ཐ་དད་ན་ཡང་དུ་མས་གཅིག་སྐྱེད་རུང༌། །ཐ་དད་ན་ཡང་གཅིག་གིས་ཀུན་མིན་པའོ།། དང་པོ།
དེས་ན་བདག་ཉིད་ཐ་དད་ཀྱང༌། །འགའ་ཞིག་རྒྱུ་ཡིན་གཞན་པ་མིན།།རང་བཞིན་འདི་ཡིན་ཐ་དད་པ། །མེད་ན་ཅིག་ཅར་སྐྱེ་འཇིག་འགྱུར།།དེ་ལས་ཐ་དད་པས་དེ་ལྟར། །མི་འགྱུར་ཞེ་ན་གཅིག་འཇིག་ཚེ།།བདག་གནས་ན་ནི་དེ་ཡི་མིན། །དེས་ན་སྤྱི་ཁྱད་བློར་མི་འགྱུར།།ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན།།སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད།།བཤད་མ་ཐག་པའི་ཚུལ་དེས་ན༷་ནས་ཀྱི་ས་བོན་དང་འབྲས་ཀྱི་ས་བོན་བད༷ག་ཉིད་དམ་ངོ་བོ་ཐ༷་ད༷ད་ཀྱང༷༌། དེ་ལས་འག༷འ་ཞིག་སྟེ་ནས་ཀྱི་ས་བོན་ལ་སོགས་པ་ནས་ཀྱི་མྱུ་གུའི་རྒྱུ༷་ཡིན་གྱི་གཞ༷ན་པ༷་འབྲས་ཀྱི་ས་བོན་ནི་དེའི་རྒྱུ་མིན་ནོ། །དངོས་པོའི་ར༷ང་བཞིན་ནམ་ཆོས་ཉིད་འདི་ཡིན་པ་ནི་བྱ་བ་བྱེད་པའི་རིགས་པའོ། །དེས་ན་དངོས་པོའི་ཆོས་ཉིད་དེ་ལྟར་ཡིན་པ་ལ་བརྒལ་ཞིང་བརྟག་པ་བྱར་མེད་དེ་མེ་ཚ་བ་ཡིན་ན་ཅིའི་ཕྱིར་ཆུ་ཡང་མི་ཚ་བར་བརླན་པའི་རང་བཞིན་དུ་གནས་པ་ཡིན་ཞེས་སྨྲ་བ་བཞིན་ནོ། །གལ་ཏེ་དེ་དག་གཙོ་བོ་གཅིག་གི་རང་བཞིན་ལས་ཐ༷་ད༷ད་པ༷་མེད་ན༷་རྒྱུ་ཚོགས་པ་ཚང་མ་ཚང་གི་ཁྱད་པར་མེད་པ་དང་འབྲས་བུའི་ངོ་བོ་ཡང་གཅིག་ཡིན་པས་ན་ཤིང་སྐྱེ་བ་ན་བ་ལང་སྐྱེ་བ་སོགས་ཐམས་ཅད་ཅིག་ཅ༷ར་སྐྱེ་བ་དང༌། གཅིག་འཇིག་པ་ན་དེ་དང་རང་བཞིན་གཅིག་པའི་གཞན་ཐམས་ཅད་འཇིག་པར་འགྱུ༷ར་རོ། །ཐམས་ཅད་གཙོ་བོའི་རང་བཞིན་དུ་གཅིག་མོད་ཀྱི་རྣམ་འགྱུར་གྱི་ངོས་ནས་མི་འདྲ་བས་སྐྱེ་འཇིག་བྱེད་པ་དེ་ལ༷ས་ཅིག་ཤོས་གཞན་རྣམས་ནི་རྣམ་འགྱུར་གྱི་ངོས་ནས་ཐ༷་ད༷ད་པ༷ས་ན་སྐྱེ་འཇིག་ཅིག་ཅར་བྱེད་པ་དེ་ལྟ༷ར་མི་འགྱུ༷ར་ཞེ་ན༷། གསལ་བ་གང་རུང་གཅིག་འཇིག་ཚེ་དེའི་རང་བཞིན་ནམ་བད༷ག་ཉིད་དུ་གྱུར་པ་སྤྱིའམ་གཙོ་བོ་དེ་མི་འཇིག་པར་གན༷ས་ན༷་ནི་དེ་ཉིད་ཁྱད་པར་རམ་རྣམ་འགྱུར་དེ་ཡི་རང་བཞིན་མིན་པར་འགྱུར་ཏེ། གཅིག་འཇིག་ལ་གཅིག་མི་འཇིག་པས་ན་འགལ་བ་དེ་གཉིས་ཀྱི་གཞི་མཐུན་གཅིག་སྲིད་པ་མ་ཡིན་ནོ། །དེ་ཡི་མིན་པར་གྱུར་པ་དེས་ན༷་དེ་དག་ལ་སྤྱི་དང་ཁྱ༷ད་པར་གྱི་བློར་ཏེ་བློ་འབྱུང་བར་ཡང་མི་འགྱུ༷ར་ཏེ་གཞི་མཐུན་པ་མེད་པས་སོ། །འོ་ན་དེ་ནི་ལྡོག་པ་སྨྲ་བ་ཁྱོད་རང་ལའང་མཚུངས་ཏེ་ཤིང་གཅིག་འཇིག་པ་ན་ཤིང་གི་ལྡོག་པ་འཇིག་པར་མི་འགྱུར་རམ་ཞེ་ན། ཤིང་མིན་ལས་ལོག་པ་ཙམ་གྱི་ལྡོག་པ༷་དེ་ནི་རང་གི་ངོ་བོ་ཉིད་རྫས་སུ་མེད་པའི་ཕྱིར་ལྡོག་ལྡན་གཅིག་འཇིག་པའི་ཚེ་ལྡོག་པ་དེ་གན༷ས་ད༷ང་མི་གན༷ས་ཞེས་རྟོག་ཅིང་དཔྱོད་པ༷་བྱར་ཡོད་པ་མིན་ཏེ། ཤིང་གཅིག་སྐྱེས་པ་ན་དེ་ཤིང་མིན་ལས་ལྡོག་པའང་ཡིན་མོད་ཤིང་གཅིག་ཞིག་པ་ན་ཤིང་མིན་ལས་ལྡོག་པར་གྱུར་པ་ཤིང་གི་རྫས་དེ་ཞིག་པས་ཤིང་གཞན་གྱི་ལྡོག་པ་མེད་པར་ཡང་མི་འགྱུར་ལ། ཤིང་དེའི་ལྡོག་པ་རང་རྐྱ་བ་ཤུལ་དུ་ལྷག་པའང་མེད་དེ་ལྡོག་པ་རང་ལ་ངོ་བོ་མེད་པས་ན་རང་གི་ངོ་བོས་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་ཤིང་གཅིག་ཞིག་པས་ཤིང་གི་སྤྱི་མེད་པར་མི་འགྱུར་ཏེ། སྤྱིར་ཤིང་མིན་ལས་ལོག་ཙམ་གྱི་ལྡོག་པ་ལ་སྤྱིར་འདོགས་པས་ན་སྤྱི་ཡི་བློ་ཡ༷ང་རྟོག་པས་བཞག་པ་ཙམ་གྱི་བསླ༷ད་པ༷་ཡིན་པ་དེ་ཕྱིར་དངོས་པོའི་སྟེང་ན་འཇིག་མི་འཇིག་ཏུ་རྟོག་པ་སོགས་ཀྱི་དཔྱད་པས་དེ་སུ༷ན་དབྱུ༷ང་བ༷་ཡ༷ང་མེད་དོ། །སྤྱིར་སེལ་བ་ལ་གཉིས་ཏེ་མེད་དགག་དང་མ་ཡིན་པར་དགག་པའོ། །དང་པོ་ནི། དགག་བྱ་གང་ཡིན་པ་རྣམ་པར་བཅད་ནས་གཞན་མི་འཕེན་པ་སྟེ་བདག་མེད་ཅེས་པ་ལྟ་བུའོ། །གཉིས་པ་ནི། དགག་བྱ་དེ་མེད་པའི་དགག་གཞི་འཕེན་པ་སྟེ་བུམ་པ་བདག་མ་ཡིན་ཞེས་པ་ལྟ་བུའོ། །དེ་གཉིས་ཀྱང་དགག་བྱ་མེད་པར་བཀག་པ་ལ་ཁྱད་མེད་ཀྱང་དགག་གཞི་བཟུང་མ་བཟུང་གི་ཁྱད་པར་ཙམ་མོ། །དེ་འདྲའི་གཞན་སེལ་བ་དོན་གྱི་སྟེང་ན་ཡོད་ཚུལ་ནི་ཤིང་ལ་ཤིང་མ་ཡིན་པ་གཞན་མེད་པའི་ཕྱིར་ཡལ་འདབ་ལྡན་པ་དེ་ཤིང་ལས་གཞན་མིན་པའི་ངོ་བོར་གནས་པ་གང་ཕྱིར་དངོས་ཀུན་སོགས་ཀྱི་སྐབས་ནས་བསྟན་པ་བཞིན་ནོ། །དེ་ནི་སྒྲ་རྟོག་གི་རྟེན་ཡིན་གྱི་དངོས་སུ་སྒྲས་དངོས་པོའི་གཞན་སེལ་ཇི་ལྟ་བ་བཞིན་དུ་བརྗོད་མི་ནུས་པ་ནི། དེ་དེ་བཞིན་དུ་རྗོད་བྱེད་པའི། །སོགས་ཀྱི་སྐབས་ནས་བསྟན་ཏོ། །བློའི་གཞན་སེལ་ནི་འདིས་གཞན་སེལ་བར་བྱེད་པ་སྟེ་ཤིང་ལ་སོགས་པར་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ཡུལ་དེ། སྣང་ཡུལ་དེ་ནི་དེ་མིན་བསལ་བའི་ཚུལ་ཅན་དུ་སྣང་བས་ན་དེར་སྣང་བ་ཙམ་གྱིས་གཞན་སེལ་བར་བྱེད་པ་སྟེ་དེ་ནི་བསྟན་བཅོས་མཛད་པས་སྒྲའི་དངོས་ཀྱི་བརྗོད་བྱར་བཞེད་པ་ནི། ཤེས་ལ་ཡོད་པའི་དོན་དེ་རྣམས། །ཞེས་སོགས་ཀྱིས་གསལ་བར་བསྟན་ཏོ།།
གཉིས་པ་ཐ་དད་ཡིན་ཡང་དུ་མས་གཅིག་སྐྱེད་རུང་བ་ནི།
དེ་ཡི་སྐྱེད་བྱེད་ངོ་བོ་གང༌། །དེ་ལས་གཞན་པས་ཇི་ལྟར་སྐྱེད།།ཐ་དད་ཁྱད་པར་ཉིད་སྐྱེད་བྱེད། །དེ་ལ་ཐ་དད་མིན་པའང་ཡོད།།ཅེ་ན་དེས་དེ་སྐྱེད་མིན་བརྗོད། །སྣང་བའང་གཞན་ལ་མི་བརྟེན་པས།།ཐ་དད་བྱེད་ཡིན་དེ་ཉིད་དོན། །དེ་ནི་གཞན་ལས་ལོག་པ་ཡིན།།དེ་ནི་རྒྱུ་དང་འབྲས་བུར་བཤད། །དེ་ནི་རང་གི་མཚན་ཉིད་འདོད།།དེ་ནི་བླང་དོར་འབྲས་ཅན་པས། །སྐྱེས་བུ་ཐམས་ཅད་འཇུག་པ་ཡིན།།གྲངས་ཅན་པ་སོགས་ན་རེ། མྱུ་གུ་དེ་ཡི་སྐྱེད་བྱེད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ས་བོན་ལྟ་བུ་ག༷ང་ཡིན་པ་དེ་གཅིག་ཁོ་ན་ལ༷ས། གཞ༷ན་ས་དང་ཆུ་ལ་སོགས་པ༷ས་ནི་ཇི་ལྟ༷ར་སྐྱེད་དེ་ས་བོན་གྱི་ནུས་པ་ནི་གཞན་ལ་རྗེས་སུ་འགྲོ་བ་མེད་པས་ཤིན་ཏུ་ཐ་དད་པ་ཡིན་པས་སོ། །དེས་ན་དུ་མས་གཅིག་སྐྱེད་པ་ནི་དུ་མ་དེ་རྣམས་ལ་འབྲས་བུ་གཅིག་སྐྱེད་པ་ལ་ཁྱད་པར་མེད་པའི་ནུས་པ་ཐུན་མོང་དུ་ཡོད་པས་ཡིན་གྱི་ཐུན་མོང་མིན་པར་གྱུར་ན་གཅིག་ལ་ཡོད་པ་དེ་ལས་གཞན་ལ་ཡོད་མི་ཤེས་སྙམ་པའོ།།འདི་ནི་གྱི་ན་སྟེ་ས་བོན་གྱི་སྟེང་གི་མྱུ་གུ་སྐྱེད་པའི་ནུས་པ་ཐུན་མིན་དེ་ནི་གཞན་ཆུ་སོགས་ལ་མེད་ལ། ཆུའི་སྟེང་གི་ནུས་པ་ཐུན་མིན་ས་བོན་ལ་མེད་ཀྱང་དེ་རེ་རེས་མི་སྐྱེད་པར་ཚོགས་པས་སྐྱེད་པ་དངོས་པོའི་ཆོས་ཉིད་ཡིན་པས་ན། ས་བོན་དང་ས་ལ་སོགས་པ་དངོས་པོ་ཐ༷་ད༷ད་པའི་ཁྱ༷ད་པ༷ར་ཏེ་རང་མཚན་ཉིད་ནི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པར་བཤད་ཟིན་པ་བཞིན་ནོ། །ས་སོགས་ཁྱད་པར་དེ་ལ༷་ཐ༷་ད༷ད་མིན་པ༷་ཕན་ཚུན་རྗེས་སུ་འགྲོ་བའི་སྤྱིའམ་གཙོ་བོའ༷ང་ཡོད་པས་ན་དེ་ལྟར་སྐྱེད་པ་ཡིན་པར་འདོད་དོ་ཅེ་ན༷། ས་བོན་སོགས་ལ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་པ་ཙམ་འདྲ་བའི་སྒོ་ནས་གཅིག་ཏུ་འཁྲུལ་ཏེ་སྤྱིའམ་གཙོ་བོར་བཏགས་པར་ཟད་ཀྱི། ཕན་ཚུན་རྗེས་སུ་འགྲོ་བ་མེད་དེ་རྗེས་སུ་འགྲོ་བ་ལྟར་སྣང་བ་དེས་འབྲས་བུ་དེ་སྐྱེད་པ་མིན་པར་གོང་དུ་བརྗོད་ཟིན་ཏོ། །དེས་ན་དངོས་པོ་རྣམས་འདི་ལྟར་སྣ༷ང་བ༷་ནའ༷ང༌། རང་གི་ངོ་བོ་ཐུན་མོང་མིན་པ་དེ་གཞ༷ན་ལ༷་མི་བརྟེན་པའམ་མ་འདྲེས་པ༷ས་ན་དེ་དག་ཐ༷་ད༷ད་པར་བྱེད་པ་ཡིན་ནོ། །འང་སྒྲས་སྐྱེ་འགག་སོགས་སྡུད་པའམ། ཡང་ན་དངོས་པོ་ཐ་དད་ཡིན་པའི་གནད་ཀྱིས་དེ་སྣང་བའི་དུས་ནའང་ཞེས་སོ། །ཐ་དད་དུ་སྣང་བ་དེའི་ཕྱིར་ཐ་དད་པར་འཇོག་པར་བྱེད་པའམ། ཐ་དད་པར་སྣང་བའི་རྒྱུ་མཚན་དེས་ཐ་དད་པར་བྱེད་ཅེས་པ་སྟེ། ཐ་དད་དུ་སྣང་ཡང་ཐ་དད་མིན་ན་ཐ་དད་པའི་ཆོས་འགའ་ཡང་གཞག་ཏུ་མེད་པར་འགྱུར་ལ། དེ་ལྟ་ན་འཇུག་ལྡོག་གི་ཚུལ་གང་ཡང་ཤེས་པར་མི་འགྱུར་རོ། །དེས་ན་ཐ་དད་པར་སྣང་བ་དེ་ཉིད་དོན་གྱི་དངོས་པོ་དོན་དམ་པར་ཡོད་པ་ཡིན་ལ། དེ་ནི་རང་མིན་གཞ༷ན་ཀུན་ལ༷ས་ལོག་པ༷་སྟེ་མ་འདྲེས་པའང་ཡིན། དེ་ནི་དོན་བྱེད་པས་ན་རྒྱུ༷་ད༷ང་འབྲ༷ས་བུ༷ར་གྱུར་པའང་ཡིན་པར་བཤ༷ད་ཅིང༌། དེ་ནི་གཞན་དང་མ་འདྲེས་པའམ་བསླད་པས་སྒྲོ་མ་བཏགས་པ་ཆོས་ར༷ང་གི་མཚ༷ན་ཉིད་དུའང་འདོད་ལ། དེ་ནི་ཇི་ལྟར་བཅད་ནས་ཞུགས་པ་ལྟར་བླ༷ང་དང་དོར་བྱའི་འབྲ༷ས་བུ་སྟེ་དགོས་པ་འཐོབ་ནུས་པ་ཅ༷ན་ཡིན་པ༷ས་སྐྱེས་བུ༷་ཐ༷མས་ཅ༷ད་འཇུ༷ག་པ༷་ཡི་ཡུལ་དངོས་ཀྱང་ཡིན་ནོ། །དེས་ན་འདྲེས་པར་གྱུར་པའི་སྤྱི་ནི་དེ་ལས་བཟློག་སྟེ་དོན་གྱི་དངོས་པོ་མ་ཡིན་པ་དང༌། འདྲེས་པ་དང༌། རྒྱུ་འབྲས་ཀྱི་དོན་མི་བྱེད་པ་དང༌། རང་མཚན་མེད་པ་དང༌། འཇུག་ལྡོག་གི་ཡུལ་དངོས་མིན་ནོ།།
གསུམ་པ་རྒྱུ་ཐ་དད་ན་ཡང་གཅིག་གིས་ཀུན་སྐྱེད་པ་མིན་པ་ནི།
ཇི་ལྟར་ཐ་དད་མེད་ཁྱད་མེད། །ན་ཡང་ཐམས་ཅད་ཀུན་སྒྲུབ་མིན།།དེ་བཞིན་ཐ་དད་ཁྱད་མེད་ནའང༌། །ཐམས་ཅད་ཀུན་གྱི་སྒྲུབ་བྱེད་མིན།།ཐ་དད་ན་ཡང་དངོས་པོ་ཡི། །ཆོས་ཉིད་ཀྱིས་འགའ་བྱེད་པོར་འགྱུར།།ཐ་དད་མེད་ནའང་གཅིག་ཉིད་ཀྱི། །བྱེད་དང་མི་བྱེད་འགལ་བར་འགྱུར།།ཐ་དད་ཡོད་དེའི་ཕྱིར་བྱ་མེད། །ཅེ་ན་ལྷན་ཅིག་བྱེད་མི་བྱེད།།འོན་ཏེ་རིམ་བཞིན་བྱེད་པོ་ཉིད། །དེ་ཅི་དངོས་དེ་ཉིད་ཀྱི་འམ།།གྲངས་ཅན་པ་སོགས་ན་རེ། རྒྱུ་དང་རྒྱུ་མིན་ཐམས་ཅད་ཤིན་ཏུ་ཐ་དད་པར་འདྲ་བཞིན་དུ་ས་བོན་ས་ཆུ་སོགས་ཀྱིས་མྱུ་གུ་སྐྱེད་ལ་གཙུབ་ཤིང་གཙུབ་སྟན་སོགས་ཀྱིས་མི་སྐྱེད་པ་མི་འཐད་དེ། དེ་རྣམས་ཤིན་ཏུ་ཐ་དད་པར་འདྲ་བའི་ཕྱིར་རང་འབྲས་གཞན་ཀུན་རྒྱུ་དེས་བསྐྱེད་པར་འགྱུར་རོ་ཞེ་ན། ཇི་ལྟ༷ར་གྲངས་ཅན་པ་ཁྱོད་རྒྱུ་རྣམས་གཙོ་བོ་གཅིག་གི་རང་བཞིན་དུ་ཐ༷་ད༷ད་མེད་པ་ལ་ཁྱ༷ད་མེད་ན༷་ཡ༷ང༌། རྒྱུ་གཅིག་གིས་འབྲས་བུ་ཐ༷མས་ཅ༷ད་ཀུ༷ན་སྒྲུ༷བ་པ་མིན་པར་འདོད་པ་དེ་བཞིན་དུ་སངས་རྒྱས་པས་ཀྱང་རྒྱུ་དང་རྒྱུ་མིན་གྱི་དངོས་པོ་ཐམས་ཅད་རང་གི་ངོ་བོས་ཐ༷་ད༷ད་པར་ཁྱད༷་མེད་པར་འདོད་ན༷འ༷ང་རྒྱུ་རྣམས་འབྲས་བུ་ཐ༷མས་ཅ༷ད་ཀུ༷ན་གྱི་སྒྲུ༷བ་བྱེད་དུ་འགྱུར་དགོས་པ་མིན་ནོ་ཞེས་མགོ་བསྒྲེ་བའི་ལན་བསྟན་ནས། ཐ་དད་རྒྱུ་རུ་སྨྲ་བ་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡོད་ཅིང་གཞན་ལ་འགལ་བ་སྟོན་པ་ནི། རྒྱུ་རྣམས་ངོ་བོ་མ་འདྲེས་པར་ཐ༷་ད༷ད་པ་ཡིན་ན༷་ཡ༷ང་དངོས་པོ་ཡི་ཆོས་ཉིད་ཀྱིས་རང་གི་འབྲས་བུར་གྱུར་པ་ཆོས་འག༷འ་ཞིག་གི་བྱེད་པ་པོར་འགྱུ༷ར་གྱི་ཐམས་ཅད་ཀྱིས་མ་ཡིན་ནོ། །དེ་ནི་དངོས་པོའི་ཆོས་ཉིད་དེ་མེའི་ཚ་བ་བཞིན་ནོ། །རྒྱུ་རྣམས་ཐ༷་ད༷ད་མེད་པའི་ངོ་བོ་ཡིན་ན༷འ༷ང་འབྲས་བུ་གཅིག་ཉིད་ཀྱི་བྱེད་པ་པོ་ཡིན་པ་ད༷ང་མི་བྱེད་པ་ཡིན་པ་གཉིས་ཀར་གྱུར་པ་ནི་མི་སྲིད་དེ་འག༷ལ་བ༷ར་འགྱུ༷ར་བའི་ཕྱིར་རོ། །དེས་ན་ནས་དང་འབྲས་ཀྱི་ས་བོན་ཐ་དད་མེད་པའི་གཅིག་ཡིན་བཞིན་དུ་རྒྱུ་དེས་ནས་ཀྱི་མྱུ་གུ་དེ་བྱེད་པ་ཡིན་ལ་མི་བྱེད་པའང་ཡིན་པ་ནི་འགལ་ཏེ་དེ་ལྟ་ན་རྒྱུ་དང་རྒྱུ་མིན་གྱི་རྣམ་གཞག་མི་སྲིད་པར་འགྱུར་རོ། །དེ་ལ་དེ་དག་ན་རེ། རང་བཞིན་གཅིག་ཡིན་ཡང་གནས་སྐབས་སམ་རྣམ་འགྱུར་ཐ༷་ད༷ད་དུ་ཡོད་པ་དེའི་ཕྱིར་འབྲས་ཀྱི་ས་བོན་གྱིས་ནས་ཀྱི་མྱུ་གུ་བྱ༷་བ་དེ་ལྟ་བུ་མེད་དོ་ཅེ་ན༷། རྣམ་འགྱུར་ཐ་དད་པས་མི་བྱེད་པ་ཡིན་ན་ནས་ཀྱི་ས་བོན་ལས་རྣམ་འགྱུར་ཐ་དད་པ་ཆུ་ལ་སོགས་པ་ལྷ༷ན་ཅིག་བྱེད་པ་རྣམས་ཀྱིས་ཀྱང་ནས་ཀྱི་མྱུ་གུ་དེ་མི་བྱེད་པར་འགྱུར་རོ། །ཡང་ཁོ་ན་རེ། རྣམ་འགྱུར་ཐ་དད་པའི་གནས་སྐབས་དེར་རང་འབྲས་མིན་པ་གཞན་མི་བྱེད་པ་ཙམ་དུ་ཟད་ཀྱི་འོན་ཏེ་གཙོ་བོའི་རང་བཞིན་གཅིག་པུ་དེ་ལས་ཐམས་ཅད་སྣང་བས་ན་རིམ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱི་ཡང་བྱེད་པ་པོ་ཉིད་ཡིན་པས་རང་བཞིན་གཅིག་པ་ལས་ཐམས་ཅད་མི་འབྱུང་བ་དང༌། གནས་སྐབས་དེར་ཐམས་ཅད་འབྱུང་བར་ཐལ་བའི་སྐྱོན་གཉིས་ཀ་མེད་དོ་ཞེ་ན། སྔ་ཕྱི་རིམ་པ་བཞིན་བྱེད་དོ་ཞེས་པ་དེ་ཅི་ཞིག གཙོ་བོའི་རང་བཞིན་དུ་གྱུར་པའི་དངོས་པོ་ས་བོན་ལྟ་བུ་དེ་ཉིད་ཀྱི་ཡིན་པ་འ༷མ། དེ་ལས་གཞན་གྱིས་རིམ་བཞིན་བྱེད་པ་ཡིན། དངོས་པོ་དེའི་ཡིན་ན་ནི་ས་བོན་གྱིས་ཀྱང་རང་གི་མྱུ་གུའི་རྗེས་སུ་བུམ་པ་སོགས་རིམ་བཞིན་བྱེད་པར་འབྱུང་ལ། རིམ་བཞིན་བྱེད་ནའང་དེ་གཙོ་བོ་ནི་མ་ཡིན་ཏེ་མི་རྟག་པར་ཐལ་བའི་ཕྱིར་རོ། །གཞན་གྱིས་བྱས་པ་ནི་ས་བོན་དེས་བྱས་པ་ཡིན་ན་ཧ་ཅང་ཐལ་ཏེ། རྫ་མཁན་གྱིས་བུམ་པ་བྱས་པ་བ་ལང་གིས་བྱས་པར་ཐལ་ལོ། །ཡང་འགྲེལ་པ་འགའ་ན། རིམ་པ་དེ་གཙོ་བོ་དེའི་ཡིན་ནམ་གཞན་གྱི་ཡིན། གཙོ་བོའི་ཡིན་པར་མི་སྲིད་དེ་དེ་ལ་གོ་རིམ་མེད་པའི་ཕྱིར་ཡོད་ན་མི་རྟག་པར་འགྱུར་ལ། གཞན་གྱི་ཡིན་པས་གཙོ་བོའི་ཡིན་པར་མི་འགྱུར་ཏེ་རྫ་བུམ་གྱི་རྒྱུར་ནམ་མཁའ་ཁས་བླངས་པ་བཞིན་ཞེས་ཀྱང་བཤད་དོ།།
ད་ནི་གསུམ་པ་སྤྱི་ལྡན་གསལ་བ་སྒྲ་ཡུལ་དུ་མི་དགོས་པར་བསྟན་པ་ལ། གཅིག་ཐ་དད་བརྟགས་སྤྱི་ལྡན་འགོག་པ་དང༌། །རིགས་པ་དེས་ནི་ལུགས་གཞན་ཡང་ཁེགས་པའོ། །དང་པོ།
དེ་ལྡན་དངོས་པོ་ཤིན་ཏུ་ནི། །ཐ་དད་ཐ་དད་མེད་འགྱུར་བའམ།།འདྲ་དང་མི་འདྲའི་བདག་ཉིད་ཅན། །རྣམ་གྲངས་ཕན་ཚུན་ཐ་དད་འགྱུར།།དེ་ཡང་ཐ་དད་འགྱུར་ཞེ་ན། །བདག་ཉིད་གང་གིས་དེ་དག་གི།ཁྱད་པར་སྤྱི་ཞེས་བྱ་བ་དེ། །གལ་ཏེ་དེ་དག་ཐ་དད་ན།།ཐ་དད་ཉིད་འགྱུར་དེ་ལྟ་ནའང༌། །ཇི་ལྟར་བུམ་སོགས་ཕན་ཚུན་བཞིན།།སྤྱི་དང་ཁྱད་པར་དུ་འདོད་པའང༌། །སྤྱི་དང་ཁྱད་པར་ཅན་མི་འགྱུར།།གང་གི་བདག་ཉིད་མདུན་བྱས་ནས། །བསྒྲུབ་བྱ་དེ་འབྲས་འདོད་པ་ཅན།།སྐྱེས་བུ་འདི་ནི་འཇུག་པར་འགྱུར། །དེ་རྟེན་ཐ་དད་ཐ་དད་མེད།།དཔྱད་བྱ་རང་བདག་ཉིད་ཐ་དད། །ལྡོག་པ་མཚུངས་པ་འདི་33དག་ནི།།ཡོད་ཉིད་དངོས་པོ་རྗེས་འགྲོ་མེད། །འཇུག་པ་ལ་སོགས་ཐལ་འགྱུར་ཕྱིར།།རིགས་པ་ཅན་པ་སོགས་སྒྲའི་དངོས་ཡུལ་ནི་སྤྱི་དང་ལྡན་པའི་གསལ་བ་ལ་འདོད་ཅིང༌། དེ་ཡང་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་ལ་བརྒལ་བ། གལ་ཏེ་སྤྱི་གསལ་རྫས་གཅིག་ཡིན་ན་སྤྱི་དེ་དང་ལྡ༷ན་པའི་དངོས་པོ་གསལ་བ་རྣམས་ཐ་དད་པའི་ཕྱིར་དེ་དང་རྫས་གཅིག་པའི་སྤྱི་ཡང་ཐ་དད་དུ་འགྱུར་ལ། དེ་ལྟ་ན་གསལ་བ་རྣམས་འབྲེལ་བ་མེད་པར་ཤིན་ཏུ༷་ནི་ཐ༷་ད༷ད་པར་ཡང་འགྱུར་ལ། ཡང་སྤྱི་དང་གཅིག་པའི་ཕྱིར་སྤྱི་བཞིན་དུ་ཤིན་ཏུ་ཐ༷་ད༷ད་མེད་པར་ཡང་འགྱུ༷ར་ཞིང་དེ་ལྟ་ན་ཐ་དད་ཐ་དད་མིན་པ་གཉིས་ཀར་འགྱུར་བའི་འགལ་བ་གཞི་གཅིག་ལ་འདུ་བ༷འ༷མ། དེ་བཞིན་དུ་སྤྱི་དང་ལྡན་པ་རྣམས་ནང་ཕན་ཚུན་འདྲ༷་བ་ཡིན་པ་ད༷ང་རང་གི་ངོ་བོས་མི་འདྲ༷འི་བད༷ག་ཉིད་ཀྱི་འགལ་བ་ཅ༷ན་དུ་ཡང་འགྱུར་ལ། སྤྱི་དང་སྤྱི་ལྡན་གཉིས་པོ་གཅིག་པའི་ཕྱིར་དེ་བརྗོད་པའི་སྒྲ་བློ་དོན་ཐ་དད་མེད་པར་རྣ༷མ་གྲ༷ངས་ཙམ་དུ་འགྱུར་བ་དང༌། སྤྱི་རྟག་ལ་བྱེ་བྲག་མི་རྟག་པའི་ཕྱིར་ཕ༷ན་ཚུ༷ན་སྤངས་པའི་ཐ༷་ད༷ད་པར་ཡང་འགྱུ༷ར་ཏེ་དེ་ལྟར་ཤིན་ཏུ་འགལ་བའི་རང་བཞིན་གཞི་གཅིག་ལ་འདུ་བར་ཁས་ལེན་པའི་འགལ་བ་ཡོད་པ་ཡིན་ནོ། །ཡང་གཅེར་བུ་པ་སོགས་རྟག་པ་དང་མི་རྟག་པ་སོགས་ཀྱི་མཚན་ཉིད་མི་མཐུན་པས་ན་སྤྱི་གསལ་རྫས་གཅིག་མ་ཡིན་ཏེ། སྤྱི་དང་གསལ་བ་དེ་ཡ༷ང་ཐ༷་ད༷ད་དུ་འགྱུ༷ར་རོ་ཞེ་ན༷། ནུས་པ་དང་གསལ་བ་རྟག་མི་རྟག་ཁྱབ་མ་ཁྱབ་ཆ་མེད་ཆ་ཡོད་ཁྱབ་བྱེད་ཁྱབ་བྱ་སོགས་ཀྱི་བད༷ག་ཉིད་ག༷ང་གིས་སྤྱི་གསལ་དེ་ད༷ག་གི་དབྱེ་བ་བྱས་ཏེ་ཁྱ༷ད་པ༷ར་ནི་གསལ་བ་རྣམས་སོ་ཞེས་དང༌། གསལ་བ་རྣམས་ཀྱི་སྤྱི་ནི་འདི་ལྟ་བུའོ་ཞེས་བྱ་བ༷་ཉིད་དུ་བཞག་པ་དེ། ག༷ལ་ཏེ་འཇོག་བྱེད་དེ་ད༷ག་ཐ༷་ད༷ད་དུ་འཇོག་པའི་རྒྱུ་མཚན་ཡང་དག་ཡིན་ན༷་ནི། རྒྱུ་མཚན་ཅན་སྤྱི་བྱེ་བྲག་ཀྱང་ཐ༷་ད༷ད་པ་ཉིད་དུ་འགྱུ༷ར་ལ། འཇོག་བྱེད་ཡང་དག་མིན་ན་ནི་དེས་བཞག་པ་ལྟར་སྤྱི་ཡང་མི་འགྲུབ་བོ། །གལ་ཏེ་ཐ་དད་དུ་གྲུབ་པ་དེ་ལྟ་ན༷འ༷ང་ཇི་ལྟ༷ར་བུ༷མ་པ་དང་སྣམ་བུ་ལ་སོགས་པ་ཕ༷ན་ཚུ༷ན་ཐ་དད་པ་དག་སྤྱི་དང་བྱེ་བྲག་ཏུ་མི་འགྱུར་བ་དེ་བཞིན་འདི་ལ་ཡང་སྤྱི་ད༷ང་ཁྱ༷ད་པ༷ར་དུ་འདོད་པ༷འ༷ང་དོན་ལ་སྤྱི་ད༷ང་ཁྱ༷ད་པ༷ར་ཅ༷ན་དུ་མི་འགྱུ༷ར་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །དེས་ན་སྤྱི་མེད་པ་ལ་ནན་གྱིས་དེ་ཡོད་པར་བརྟགས་པས་ཅི་ཞིག་བྱ་སྟེ་དེ་ལ་དགོས་པ་གང་ཡང་མེད་དོ། །དེའི་རྒྱུ་མཚན་མེ་རང་མཚན་ག༷ང་གི་བད༷ག་ཉིད་མདུ༷ན་དུ་སྟེ་བློས་དམིགས་ཡུལ་དུ་བྱས༷་ན༷ས་བསྒྲུ༷བ་བྱ༷་མེ་དེ་ཡི་འབྲ༷ས་བུ་བཙོ་སྲེག་སོགས་འདོད་པ༷་ཅ༷ན་གྱི་སྐྱེས་བུ༷་འདི་ནི་ཡུལ་དམིགས་བྱ་དེ་ལ་འཇུ༷ག་པ༷ར་འགྱུ༷ར་བ་ཡིན་ལ། དེ་འདྲའི་དོན་དུ་གཉེར་བྱ་དགོས་པ་དེ་ཡི་རྟེན་དུ་གྱུར་པ་ནི་ཐ༷་ད༷ད་པ་རང་མཚན་ཡིན་ནམ། ཐ༷་ད༷ད་མེད་པ་སྤྱི་ཙམ་ཡིན་ཞེས་དཔྱ༷ད་པར་བྱ༷་བ་ཡིན་ལ་དེ་ལྟར་དཔྱད་ན་གང་ལས་མངོན་འདོད་ཀྱི་འབྲས་བུ་འབྱུང་བ་དེ་ནི་ཚ་ཞིང་སྲེག་པའི་དོན་བྱེད་ནུས་པ་མེ་ར༷ང་གི་བད༷ག་ཉིད་ཐ༷་ད༷ད་པ་རང་མཚན་ཁོ་ན་ཡིན་གྱི་སྤྱི་མ་ཡིན་ལ། མེའི་རང་མཚན་དེ་དག་ལ་མེ་མིན་ལས་ལོག་པའི་ལྡོག་པ༷་མཚུ༷ངས་པ༷་ཙམ་འདི་ད༷ག་ནི་མེ་ཡི་རང་མཚན་ཀུན་ལ་ཡོད་པ་ཉིད་བློ་ངོར་གྲུབ་པ་ཡིན་གྱི། དེ་ཙམ་ལས་མ་གཏོགས་པར་དངོས་པོའི་སྟེང་ན་རང་མཚན་གཅིག་གི་ཆོས་གཞན་ལ་ཡོད་མི་སྲིད་པས་རང་མཚན་གྱི་དངོས་པོ་ལ་ནི་ཕན་ཚུན་རྗེས་སུ་འགྲོ་བ་ཐུན་མོང་བའི་ཆོས་རྡུལ་ཙམ་མེད་དོ།།གལ་ཏེ་ཡོད་ན་ནི་དངོས་པོ་གཞན་གྱི་ཆོས་གཞན་ལ་ཡོད་པའི་ཕྱིར་མེ་དོན་དུ་གཉེར་བས་ཆུ་ལ་འཇུ༷ག་པ༷་དང༌། སྣམ་བུ་འདོད་པ་བུམ་པ་ལ་འཇུག་པ་དང༌། ལ༷་སོགས་པའི་སྒྲས་སྐྱེ་འཇིག་ཅིག་ཅར་བྱེད་པ་ལ་སོགས་པ་ཉེས་པ་དུ་མར་ཐ༷ལ་བར་འགྱུ༷ར་བའི་ཕྱིར་རོ།།
གཉིས་པ་རིགས་པ་དེས་ལོག་པར་རྟོག་པ་གཞན་ཡང་ཁེགས་པའི་ཚུལ་བསྟན་པ་ནི།
དེ་ཉིད་ཀྱིས་ནི་འཛེམ་མེད་པ། །མུན་སྤྲུལ་གང་ཅིའང་རུང་སྨྲ་བ།།དེ་དག་ཀྱང་ནི་བསལ་བ་ཡིན། །མཐའ་གཅིག་པ་ནི་སྲིད་ཕྱིར་རོ།།ཐམས་ཅད་གཉིས་ཀའི་ངོ་བོ་ཉིད། །དེ་ཡི་ཁྱད་པར་བསལ་བའི་ཕྱིར།།ཞོ་འཐུང་ཞེས་ནི་བསྐུལ་བ་ན། །ཅི་ཕྱིར་རྔ་མོ་ལ་མི་རྒྱུག།འོན་ཏེ་ཕུལ་བྱུང་འགའ་ཞིག་ཡོད། །གང་གིས་ཁྱད་པར་འཇུག་འགྱུར་ན།།དེ་ཉིད་ཞོ་ཡིན་དེ་གཞན་ལ། །མེད་ཕྱིར་གཉིས་ཀ་མིན་གཞན་མིན།།ཐམས་ཅད་ཀུན་བདག་ཉིད་ཡིན་ན། །བློ་སྒྲ་ཐ་དད་པར་མི་འགྱུར།།ཐ་དད་བསྡུས་པར་34སྨྲ་བ་ལ། །དེ་མེད་ཕྱིར་ན་མི་སྲིད་འགྱུར།།དངོས་པོ་ཐམས་ཅད་ཐ་དད་པར་བསྟན་པའི་རིགས་པ་དེ་ཉིད་ཀྱིས་ནི་གོས་མེད་པར་རྒྱུ་བས་ངོ་ཚ་མེད་པའམ་འཛེམ་མེད་པ༷་སྟེ་གཅེར་བུ་པ་དག་གིས། ནང་གི་མུ༷ན་པ་གཏི་མུག་གིས་སྤྲུ༷ལ་པ་ཕྱིན་ཅི་ལོག་གི་ཚིག་ཆོས་ཐམས་ཅད་དེ་ཡིན་དང་དེ་མིན་གཉིས་ཀ་ཡིན་པས་ག༷ང་ཅིའ༷ང་རུ༷ང་ཞེས་སྨྲ༷་བ༷་སྟེ། འདི་ལྟར་རྔ་མོ་ནི་རང་བཞིན་གཅིག་པས་ཞོར་ཡང་འགྱུར་ལ་གནས་སྐབས་ཐ་དད་པས་མི་འགྱུར་རོ་ཞེས་པ་ལྟ་བུ་སོགས་བླང་དོར་མེད་པར་ཕྱོགས་འབྱམས་སུ་སྨྲ་བ་ངན་པ་དེ་ད༷ག་ཀྱ༷ང་ནི་བས༷ལ་བ༷་ཡིན་ཏེ། དངོས་པོའི་རང་མཚན་རྣམས་ནི་རང་གི་ངོ་བོས་གཞན་མིན་པར་མཐ༷འ་གཅིག་ཏུ་གནས་པ༷་ནི་སྲིད་པ་ཡིན་ལ། རེས་འགའ་གཞན་དང་ཐ་མི་དད་པ་རྣམ་པ་ཀུན་ཏུ་མེད་པའི་ཕྱིར་རོ། །དེ་ཡང་དངོས་པོ་ཐ༷མས་ཅ༷ད་རང་བཞིན་གཅིག་ཏུ་འདོད་པ་ཁྱོད་ལྟར་ན། དངོས་པོ་ཐམས་ཅད་དེ་ཡིན་དང་དེ་མིན་གཉིས་ཀ༷འི་ངོ་བོ་ཉིད་ཡིན་ལ། ཡིན་པ་དང་མིན་པ་དེ་ཡི་ཁྱད༷་པ༷ར་འབྱེད་པ་ནི་ཁྱོད་ལ་མེད་པའམ་བས༷ལ་བ༷འི་ཕྱིར་གཅེར་བུ་པ་ཁྱོད་ལ་ཞོ་འཐུ༷ང་ཞིག་ཞེས་ནི་བསྐུ༷ལ་བ༷་ན༷་ཅི་ཕྱིར་རྔ༷་མོ་འཐུང་བ་ལ༷་མི་རྒྱུ༷ག འོན་ཏེ་ཞོ་ལ་རྔ་མོ་ལ་མེད་པའི་གནས་སྐབས་འོ་མའི་རྣམ་པར་འགྱུར་བ་དང་བཏུང་དུ་རུང་བ་སོགས་ཕུ༷ལ་བྱུ༷ང་ངམ་ཁྱད་འཕགས་ཀྱི་ཆོས་འག༷འ་ཞིག་ཡོད་པ་ག༷ང་གིས་རྔ་མོའི་གནས་སྐབས་ཀྱི་ཁྱ༷ད་པ༷ར་ཞོ་ཁོ་ན་ལ་འཇུ༷ག་པར་འགྱུ༷ར་རོ་ཞེ་ན༷། ཕུལ་བྱུང་གི་ཁྱད་པར་ཡོད་པ་དེ་ཉིད་ཞོ་ཡིན་ལ་ཆོས་དེ་གཞ༷ན་རྔ་མོ་ལ༷་མེད་ཕྱིར་གཉིས་ཀ༷་ཡིན་པ་མིན་ཏེ་གཞ༷ན་ཐ་དད་པ་མིན་ནོ། །གལ་ཏེ་དངོས་པོ་ཐ༷མས་ཅ༷ད་ཀྱང་གཞན་ཀུ༷ན་གྱི་བད༷ག་ཉིད་ཡིན་ན༷་དེ་དག་ལ་དེར་ཤེས་ཀྱི་བློ་དང་དེ་བརྗོད་ཀྱི་སྒྲ༷་ཐ༷་ད༷ད་པ༷ར་མི་འགྱུ༷ར་ལ། གནས་སྐབས་ཐ༷་ད༷ད་པ་མཐའ་དག་རང་བཞིན་གཅིག་གིས་ཐ་དད་མེད་པར་བསྡུས༷་པ༷ར་སྨྲ༷་བ༷་དེ་ཡི་ལུགས་ལ༷་སྒྲ་བློ་ཐ་དད་པ་དེ་འབྱུང་བ་མེད་པའི་ཕྱིར་ན༷། ཐ་དད་གཅིག་ཏུ་འཇོག་པ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་གཞག་ཀུན་མི་སྲིད་པར་འགྱུ༷ར་རོ།།
གཉིས་པ་དངོས་མེད་སྒྲ་རྟོག་སེལ་བར་བསྟན་པ་ནི།
དངོས་མེད་ངོ་བོ་མེད་པའི་ཕྱིར། །ངོ་བོ་བརྗོད་པ་དཔྱད་བྱ་ཉིད།།མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་གཅོད་རྗོད་པར་བྱེད་པར་གྲུབ།།གཞན་དག་ན་རེ། དངོས་པོའི་ཡུལ་ཅན་གྱི་སྒྲ་བློས་གཞན་བསལ་བའི་སྟོབས་ཀྱིས་དངོས་པོ་རང་གི་ངོ་བོ་གོ་ཞིང་ཤེས་པར་བྱེད་དུ་ཆུག་ཀྱང༌། བུམ་མེད་སོགས་དངོས་པོ་མེད་པ་བརྗོད་པའི་སྒྲ་བློ་དེས་དངོས་མེད་རང་གི་ངོ་བོ་བརྗོད་པ་དང་ཤེས་པ་ཡིན་ནམ་མིན། ཡིན་ན་དངོས་མེད་ལ་ངོ་བོ་ཡོད་པར་འགྱུར་ལ་མིན་ན་སྒྲ་བློ་དེ་དེའི་ཡུལ་ཅན་དུའང་མི་འགྱུར་ཏེ་ཀ་བའི་སྒྲ་བློ་བུམ་པའི་ཡུལ་ཅན་མིན་པ་བཞིན་ནོ་ཟེར་ན། དངོས་མེད་ལ་ཐ་སྙད་དུ་ཡང་རང་གི་ངོ་བོ་ཅུང་ཟད་ཀྱང་མེད་པ༷འི་ཕྱིར་དེའི་ངོ་བོ་བརྗོད་པ༷་ཡིན་ནམ་མ་ཡིན་ཞེས་དཔྱ༷ད་པར་བྱ༷་བ་ཉིད་མ༷་ཡིན་ཡང་དེ་བརྗོད་ཀྱི་སྒྲ༷་ནི་དེ་ད༷ག་ཉིད་རྒྱུ་མཚན་གང་ལས་འཇུག་ན། དགག་བྱ་གཞན་རྣམ༷་པར་གཅོད་པ་ཙམ་རྗོད་པ༷ར་བྱེད་པ༷ར་གྲུ༷བ་པ་ཡིན་ནོ། །དེས་ན་སྒྲས་འཕངས་པའམ་དགག་བྱ་བཅད་པ་ལས་དེར་རྟོག་པ་ཙམ་དུ་ཟད་དེ་ཡུལ་དང་དུས་གང་ན་ཆོས་གང་ཞིག་མེད་ཅེས་དགག་གཞི་གང་དུ་དགག་བྱ་བཅད་པའི་སྟོབས་ཙམ་ལས་འགྲུབ་ཀྱི་དངོས་མེད་ཅེས་རང་ཚུགས་ཐུབ་པ་གང་ཡང་མེད་དོ།།
གསུམ་པ་རང་བཞིན་རྟགས་ཀྱི་དབྱེ་བ་ལ། དངོས་དང་དེ་ལ་རྩོད་པ་སྤང་བ་གཉིས། །དང་པོ།
རང་བཞིན་ཁྱད་པར་བྱེ་བྲག་ལ། །ལྟོས་པའམ་འོན་ཏེ་འབའ་ཞིག་པ།།བསྒྲུབ་བྱ་སྒྲུབ་པའི་ཕྱིར་བརྗོད་དེ། །འཇིག་ལ་འབྲས་དང་ཡོད་ཉིད་བཞིན།།ར༷ང་བཞིན་གྱི་རྟགས་དེ་ཡང་འགོད་ཚུལ་གྱི་དབྱེ་བ་གཉིས་སུ་ཡོད་དེ། རང་གི་ཁྱ༷ད་པ༷ར་བྱེད་ཆོས་ཀྱི་བྱེ་བྲ༷ག་ལ༷་ལྟོས་པ༷་ལྟ་བུར་བློ་ཡུལ་དུ་འཕེན་པའ༷མ། འོན་ཏེ་ཞེས་ཡང་ན་ནི་ལྟོས་པར་སྟོན་པ་དེ་འདྲ་ཚིག་གིས་དངོས་སུ་མ་འཕངས་པར་ངོ་བོ་འབ༷འ་ཞིག་པ༷་རྟགས་སུ་བཀོད་པ་གཉིས་པོ་དེ་ནི་བསྒྲུ༷བ་བྱ༷་གཞན་རྟགས་དེ་དང་བདག་གཅིག་གིས་འབྲེལ་བ་ཅན་སྒྲུ༷བ་པ༷འི་ཕྱིར་བརྗོད་པར་འདོད་དེ། དཔེར་ན་འཇིག་པའམ་མི་རྟག་པར་སྒྲུབ་པ་ལ༷་སྒྲ་ལྟ་བུ་དེ་རྒྱུ་རྐྱེན་ལས་བྱུང་བའི་འབྲ༷ས་བུར་སྟོན་པ་བྱས་པ་ཞེས་འགོད་པ་ད༷ང༌། ཡོད་པ་ཞེས་འགོད་པ་ཉིད་བཞིན་ནོ། །དེས་ན་རྟགས་དེ་གཉིས་ཀྱི་སྔ་མ་ལ་ལྟོས་པ་བ་ཞེས་བྱ་སྟེ། བྱས་པའི་ཕྱིར་ཞེས་བརྗོད་པས་རྒྱུ་རྐྱེན་དུ་གྱུར་པའི་དོན་གཞན་ལ་ལྟོས་པར་སྟོན་པ་ཡིན་པས་ན་དེ་བཞིན་དུ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལ་སོགས་པའང་ཡིན་ནོ། །སྐྱེ་བ་དང་ལྡན་པ་ཞེས་བརྗོད་ནའང་སྐྱེ་བ་དེ་ཆོས་ཅན་རང་གི་ངོ་བོ་ཡིན་ཕྱིར་བྱེད་ཆོས་ཐ་མི་དད་ཡིན་ཡང་རྒྱུ་ལ་ལྟོས་པར་དངོས་སུ་ཚིག་གི་ནུས་པས་འཕངས་པ་ཡིན་ནོ། །གལ་ཏེ་ཡོད་པའམ་དངོས་པོ་ལྟ་བུ་རྟགས་སུ་བཀོད་པ་དེ་ལ་ནི་འབའ་ཞིག་པའམ་དག་པ་བ་ཞེས་བྱ་སྟེ། གཞན་རྒྱུ་ལ་སོགས་པ་བློ་ཡུལ་དུ་འཕེན་མི་དགོས་པར་རྟགས་ཀྱི་ངོ་བོ་དེས་སྒྲུབ་ནུས་པས་ན་རང་གི་ངོ་བོ་ཙམ་མམ་འབའ་ཞིག་པ་ཞེས་བྱ་ལ། གཞན་བློ་ཡུལ་དུ་མ་འཕངས་ཀྱང་ཚ་བ་ཉིད་ཀྱིས་མེ་བཞིན་དེས་འགྲུབ་ནུས་པས་ན་གཞན་ལ་ལྟོས་མ་དགོས་པའམ། རང་གི་ངོ་བོ་ཙམ་རྟགས་སུ་སོང་བས་གཞན་གྱིས་དག་པར་བྱེད་མ་དགོས་པས་ན་དག་པ་བ་ཞེས་བྱའོ།།
གཉིས་པ་རང་བཞིན་རྟགས་ཀྱི་རྩོད་སྤོང་ལ། ཡོད་པ་རྟགས་བཀོད་གཙོ་ཡོད་མཚུངས་པར་རྩོད། །དེ་ལ་མི་མཚུངས་ལན་གྱི་ཁྱད་པར་བསྟན། །དང་པོ།
གལ་ཏེ་གཏན་ཚིགས་ཡོད་རང་བཞིན། །ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན།།ཁྱད་པར་རྗེས་འགྲོ་མེད་པ་ནི། །གཏན་ཚིགས་བསྒྲུབ་བྱ་དག་ལས་ཉམས།།མུ་སྟེགས་པ་རྣམས་ཀྱིས་སྤྱིའམ་གཙོ་བོ་ཡོད་དེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བའི་ཕྱིར་ཞེས་བརྗོད་པ་ལ། སློབ་དཔོན་ཕྱོགས་གླང་གིས། ཚད་མའི་ཡུལ་མི་ཤེས་པའི་ཕྱིར། །གཙོ་དང་རྗེས་འགྲོ་རྗེས་འགྲོ་མིན། །ཞེས་སྐྱོན་བརྗོད་པར་མཛད་དེ་གཙོ་བོའི་རང་མཚན་སྒྲུབ་པར་འདོད་པ་ལ་ཡོད་པ་དེའི་ཐུན་མིན་དུ་འགྱུར་གྱི་རྗེས་འགྲོ་མེད་ལ། སྤྱི་མཚན་སྒྲོ་བཏགས་ཀྱི་སྤྱི་ཙམ་ནི་གྲུབ་ཀྱང་ཞེ་འདོད་ལ་མི་ཕན་པས་རྗེས་དཔག་གི་ཡུལ་སྤྱི་མཚན་ཡིན་པར་མ་ཤེས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ན་ཡོད་པ་ཙམ་རྟགས་སུ་བཀོད་པ་ལའང་སྐྱོན་འདི་མཚུངས་ཏེ། ག༷ལ་ཏེ་གཏ༷ན་ཚིགས་སུ་ཡོད་པ་ཙམ་གྱི་ར༷ང་བཞིན་འགོད་རུང་ན། ཡོད་པ༷་ཙམ་ཡང་ཇི་ལྟ༷ར་བསྒྲུ༷བ་བྱ༷་མིན་ཏེ། དེ་ལྟ་ན་གཙོ་བོ་ཡོད་པའང་བསྒྲུབ་བྱ་ཡིན་པར་འགྱུར་རོ། །གལ་ཏེ་ཡོད་པ་ནི་སྤྱིར་ཡོད་ཙམ་མིན་ཏེ་ཆོས་ཅན་གཙོ་བོས་ཁྱད་པར་དུ་བྱས་པས་ན་དེ་ལ་རྗེས་འགྲོ་མི་འགྲུབ་བོ་སྙམ་ན། ཡོད་པའི་རྟགས་ཀྱང་ཆོས་ཅན་དེས་ཁྱད་པར་དུ་བྱས་པའི་ཕྱིར་རྗེས་འགྲོ་མེད་ལ། དེ་ལྟར་ཡོད་པ་ཁྱ༷ད་པ༷ར་བ་རྗེས་འགྲོ་མེད་པ༷་ནི་གཉིས་ཀར་འདྲ་བའི་ཕྱིར་གཏ༷ན་ཚིགས་དང་བསྒྲུ༷བ་བྱ༷་གཉིས་པོ་ད༷ག་ལ༷ས་ཉ༷མས་པར་མཚུངས་སོ་ཞེ་ན།
གཉིས་པ་དེ་ལ་མི་མཚུངས་ལན་གྱི་ཁྱད་པར་བསྟན་པ་ལ། བསྒྲུབ་བྱར་ཡོད་ཙམ་བཀོད་པས་དེར་མི་ཕན། །འདི་ལ་ཡོད་པ་ཙམ་བཀོད་རྟགས་སུ་འགྲོ། །དེས་ན་འདི་དང་གཙོ་ཡོད་མི་མཚུངས་ལ། །འདི་རྟགས་ཡང་དག་ཡིན་ཚུལ་དཔེར་བརྗོད་བཅས། །དང་པོ།
ཡོད་པའི་ཁྱད་པར་ཙམ་དུ་ནི། །བསྒྲུབ་བྱ་སྤྱི་ཡི་ཆོས་ཅན་ལ།།དོན་འགའ་ཞིག་ཀྱང་འགྲུབ་མི་འགྱུར། །འདི་འདྲ་བ་ཡང་བཀག་པ་མེད།།ཁྱད་པར་བསྒྲུབ་བྱར་35བཟུང་ན་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར།།ཡོད་པ་བསྒྲུབ་བྱ་ཡིན་ན་དེས། །ཁྱད་པར་དག་ནི་བསྒྲུབ་བྱར་འགྱུར།།སྤྱི་དང་གཙོ་བོ་ཡོད་དོ་ཞེས་བསྒྲུབ་པ་དེ་ཡོད་པའི་ཆོས་ཐམས་ཅད་ལ་མིང་དེར་བཏགས་ཤིང་དེ་བློ་ཡུལ་དུ་བྱས་པས་དེ་ནི་ཡོད་མེད་གཉིས་ཀྱི་ཟླས་ཕྱེ་བའི་ཡོད་པ༷འི་ཁྱད༷་པ༷ར་ཏེ་མེད་པ་མིན་པ་ཙ༷མ་དུ༷་ནི་བསྒྲུ༷བ་པར་བྱ༷་ན་ནི། དངོས་པོ་སྤྱི་ཡི་ཆོས་ཅ༷ན་དེ་ལ༷་རྟགས་དེས་གསར་དུ་བསྒྲུབ་པར་བྱ་བའི་དོན་འག༷འ་ཞིག་ཀྱ༷ང་འགྲུ༷བ་པར་མི་འགྱུ༷ར་ཏེ། སྤྱིར་བཏང་དངོས་པོ་ཡོད་པ་ཙམ་ནི་གྲུབ་ཟིན་པའི་ཕྱིར། དེ་འདྲའི་ཡོད་པ་འདི་འདྲ༷་བ༷་ཡ༷ང་སངས་རྒྱས་པས་ཚད་མས་བཀ༷ག་པ༷འང་མེད་དེ་བུམ་སོགས་ཡོད་པར་འདོད་པས་སོ། །དེས་ན་སྤྱིར་དངོས་པོ་ཐམས་ཅད་ཡོད་པ་བསྒྲུབ་འདོད་མེད་པས་ན་དངོས་པོ་དེ་ཀུན་གྱི་རྒྱུའམ་ཁྱབ་བྱེད་དུ་གྱུར་པ་རྟག་གཅིག་ལ་སོགས་པའི་ཡོན་ཏན་ཅན་རང་གི་ཞེ་འདོད་ལ་ཡོད་པའི་གཙོ་བོ་ཁྱ༷ད་པ༷ར་བ་དེ་ལྟ་བུ་ཡོད་དོ་ཞེས་བསྒྲུ༷བ་བྱ༷ར་བཟུ༷ང་ན༷་དེ་སྒྲུབ་ཀྱི་སྐབས་འདིར་གཏ༷ན་ཚིགས་དེ་རྗེས་སུ་འགྲོ་བ་མེད་པ་ཅ༷ན་དུ་འགྱུ༷ར་ཏེ། དེ་འདྲའི་གཙོ་བོ་མོ་གཤམ་གྱི་བུ་བཞིན་དུ་ཚད་མས་མ་དམིགས་པས་ན་རྟགས་སུ་བཀོད་པ་དེ་དག་དང་དེ་ཡི་ཡོད་པ་ལ་རྗེས་འགྲོ་མི་འགྲུབ་པས་མཐུན་དཔེ་གང་ནའང་གཙོ་བོའི་ཡོད་པ་ཉིད་མ་དམིགས་པའི་ཕྱིར་རྟགས་དེ་དང་རྗེས་སུ་འགྲོ་བ་མཐོང་མི་སྲིད་དོ། །དེའི་ཕྱིར་གཙོ་བོ་ཡོད་པ༷་ཉིད་བསྒྲུ༷བ་བྱ༷་ཡིན་ན༷་དེས་ནི་སྤྱིར་བཏང་གི་ཆོས་ཙམ་ལ་མི་གོ་བར་ཞེ་འདོད་ཀྱི་ཆོས་ཅན་གཙོ་བོས་ཁྱད་པར་དུ་བྱས་པའི་ཡོད་པ་ཁྱ༷ད་པ༷ར་བ་དེ་ད༷ག་ནི་བསྒྲུ༷བ་བྱ༷ར་འགྱུ༷ར་བ་ཡིན་ནོ། །དེས་ན་སྤྱི་དང་གཙོ་བོའི་འཁྲུལ་གཞི་ནི་ཆོས་ཐམས་ཅད་ལ་ཡོད་པ་ཙམ་རྗེས་སུ་འགྲོ་བ་དེ་ཡིན་ལ། དེ་བྱེ་བྲག་རྣམས་ལས་ཐ་དད་དུ་མེད་ཀྱང་དེ་ཉིད་ལ་གཅིག་ཏུ་ཞེན་པའི་དབང་གིས་སྤྱི་མཚན་ལ་རང་མཚན་དུ་སྒྲོ་བཏགས་ནས་མངོན་རྗེས་ཀྱི་ཚད་མའི་ཡུལ་མ་ཕྱེད་པར་གཙོ་བོའི་རང་མཚན་ཡོད་པར་རློམ་པ་ཡིན་ནོ། །མདོར་ན་སྤྱིར་བཏང་ཡོད་པ་བསྒྲུབ་བྱར་མི་རུང་བ་མིན་ཡང་ཆོས་ཅན་གཞི་མ་གྲུབ་པ་ཡོད་པར་བསྒྲུབ་ན་མི་རུང་ཞེས་སོ། །ཡང་ན་གཙོ་བོ་སོགས་ཀྱི་སྒྲ་དོན་ཡོད་པ་ཙམ་གྱི་ཡོད་པ་བསྒྲུབ་ན་མི་འགོག་ལ། ཁྱད་པར་རང་མཚན་ཡོད་པར་བསྒྲུབ་ན་རྗེས་འགྲོ་མེད་ཅེས་སུ་ཡང་འགྲེལ་པ་གཞན་འགའ་ནས་བཤད་དོ། །དེ་ལ་ཡོད་པ་མི་རྟག་པའི་སྒྲུབ་བྱེད་དུ་བཀོད་པ་འདི་རྒྱ་སྐད་དུ་བྷ་བ་ཞེས་པ་དངོས་པོ་དང་ཡོད་པ་དང་རྫས་ལ་སོགས་པའི་སྐད་དོད་ཐུན་མོང་བ་ཡིན་པས་ཡོད་པར་བསྒྱུར་བ་འགྱུར་ནོར་ཏེ་དངོས་པོར་བསྒྱུར་དགོས་ཀྱི་གཞན་དུ་ཡོད་པ་དེ་མི་རྟག་པ་དང་འབྲེལ་བ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། རྟགས་མ་གྲུབ་ན་རྟགས་ཆོས་ཀྱི་འབྲེལ་བ་མེད་པར་ཁས་བླངས་པར་འགྱུར་ལ། དེ་བཞིན་དུ་བདག་མེད་དང་ནམ་མཁའ་ལ་སོགས་པ་དང་ལྡོག་པའི་རྣམ་པ་ཐ་སྙད་དུ་མེད་པར་ཁས་ལེན་མི་ནུས་པ་ཇི་སྙེད་པ་འཕངས་ནས་ཡོད་པ་ལ་མི་རྟག་པས་མ་ཁྱབ་པར་བོད་ཕྱི་རབས་ཀྱི་མཁས་པ་དག་བཞེད་ལ། བོད་སྔ་རབས་ཀྱི་མཁས་པ་ཕལ་ཆེ་བས་ནི་གཞུང་སྒྲ་ཇི་བཞིན་དུ་ཞལ་བཞེས་མཛད་དོ། །དེ་ལྟར་སོ་སོའི་བཞེད་པ་ལའང་ཡོད་པ་ཞེས་པ་འཛིན་ཚུལ་གྱི་དབང་གིས་རྩོད་པར་ཟད་ཀྱི་དོན་དུ་སུའི་ལྟར་ཡང་བརྗོད་ཚུལ་ཙམ་ལ་མི་རུང་བ་མེད་མོད། འོན་ཀྱང་འགྱུར་ཉེས་པ་ནི་མ་ཡིན་ཏེ་སྤྱིར་བཏང་ཡོད་པ་ཞེས་དངོས་པོ་དང་མེད་པ་ཞེས་པ་དངོས་མེད་ལ་ཡོངས་སུ་གྲགས་པ་བཞིན་བསྟན་བཅོས་མཛད་པོས་ཀྱང་དེ་བཞིན་བརྡ་སྦྱར་ལ། ཕྱོགས་འདིར་བུམ་པ་ཡོད་མེད་ཅེས་པ་ལའང་དངོས་པོ་སོགས་ཀྱི་ཁྱད་པར་སྦྱར་མི་དགོས་པར་རང་མཚན་ཡོད་མེད་ལ་གོ་བ་དང་འདྲ་སྟེ། བརྡ་དང་ཐ་སྙད་ཀྱིས་བཞག་པའི་ཡོད་པ་ཙམ་ནི་སྐབས་འདིའི་ཡོད་པའི་དོན་དུ་གཟུང་བར་བྱ་བ་མ་ཡིན་ནོ། །དེ་ལྟར་མི་གོ་ན་གཞུང་གང་འཆད་ཀྱང་དོན་གཏན་ལ་འབེབས་མི་ནུས་ཏེ། གང་ཞིག་ཡོད་ན་གང་སྐྱེ་བའམ། །ཞེས་སོགས་ཀྱི་སྐབས་སུའང་བརྡ་ཐ་སྙད་ཀྱིས་ཡོད་པ་གང་ཞིག་ཡོད་ན་གང་ཞིག་སྐྱེ་བར་འགྱུར་བ་ཡིན་ནམ་ཞེས་སོགས་སུའང་གོ་བར་འགྱུར་བ་སོགས་ཧ་ཅང་ཐལ་ཞིང༌། རྒྱ་སྐད་ལ་ཐུན་མོང་གི་སྐད་དོད་ཡོད་ན་བོད་སྐད་ལ་དངོས་པོར་བསྒྱུར་བས་ཅི་ཕན་ཏེ་བསྟན་བཅོས་མཛད་པ་པོས་ཁྱབ་མེད་ཀྱི་རྟགས་བཀོད་པར་ནི་དོན་གྱིས་ཁས་བླངས་སོ། །རྒྱ་སྐད་ལ་སྐད་དོད་ཐུན་མོང་བ་ཡིན་པས་དངོས་པོར་ཡོད་པ་ལ་གོ་རུང་ན་བོད་སྐད་ལའང་མི་རུང་བ་སུ་ཞིག་གིས་བཀས་བཅད་པ་ཡིན། དེས་ན་ཚིག་རྣམས་ནི་དོན་གྱི་རྣམ་པར་བཅད་པ་ལས་དོན་གོ་བ་ཡིན་གྱི་ཚིག་གི་བརྗོད་ཚུལ་འབའ་ཞིག་གཙོ་བོ་མ་ཡིན་ཏེ། གང་དག་གི་ཚིག་དངོས་པོའི་དབང༌། །ལྷུར་བརྗོད་བརྗོད་འདོད་མི་བརྟེན་པ། །སོགས་ཀྱིས་བཤད་པ་བཞིན་ནོ། །གཞན་དུ་ན། ལ་ལ་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལའང་དུ་བའི་རང་མཚན་ཡོད་པ་ཞེས་མ་སྦྱར་ན་བརྡ་ཐ་སྙད་ཀྱི་རྣམ་གཞག་ལ་དུ་བ་ཡོད་པ་ཙམ་ལའང་གོ་ནས་དེ་ཡོད་པས་ལ་ལ་མེ་ཡོད་པར་ཅི་ལ་འགྲུབ་སྙམ་པའི་དོགས་པ་སྐྱེ་སྲིད་དགོས་ཀྱང་དེ་འདྲའི་དོགས་པ་གཅོད་དགོས་ན་ཧ་ཅང་ཐལ་ལ། དེ་བཞིན་དུ་བྱས་པ་ལའང་སྐྱེས་བུས་བྱས་པ་དང་དབང་ཕྱུག་གིས་བྱས་པ་སོགས་བཅད་པའི་ཁྱད་པར་སྦྱར་དགོས་པ་དང༌། སྣང་རུང་མ་དམིགས་ཞེས་བརྗོད་པ་ནའང༌། དོན་དམ་པར་ཡོད་ན་དོན་དམ་དཔྱོད་པའི་རིགས་ཤེས་ལ་སྣང་དུ་རུང་བ་ལ་དོན་དམ་དཔྱོད་བྱེད་ཀྱིས་མ་དམིགས་པ་ལ་ཟེར་རམ་སྙམ་དུ་དོགས་པར་སྲིད་པས། དེ་འདྲའི་ཚིག་གི་ཨ་འཐས་ལ་ཞེན་ན་ཚིག་གཅིག་གིས་སྒྲོ་འདོགས་ཐམས་ཅད་ཆོད་པའི་སྨྲ་བ་ཞིག་ནམ་ཡང་མི་རྙེད་དེ། གལ་ཏེ་དངོས་པོ་རྟགས་སུ་བྱས་ན་ཡང་དངོས་མེད་ལ་ཡང་དངོས་པོ་ཞེས་པའི་མིང་འཇུག་པའི་སྐབས་ཡོད་དེ། དངོས་པོ་ཀུན་སྟོང་པ་ཉིད་ཅེས་དང༌། ཤེས་བྱའི་དངོས་པོ་ཀུན་མཁྱེན་ནོ། །ཞེས་པ་ལ་སོགས་པའི་སྐབས་སུ་དངོས་པོའི་སྒྲ་དེས་དངོས་དངོས་མེད་ཀྱི་ཆོས་ཀུན་བཟུང་བ་ཡིན་ལ། གཞན་ཡང༌། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་དང༌། དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཞེས་པ་ལ་སོགས་པ་འདི་འདྲའི་འཇུག་པ་མཐའ་དག་ཚིག་གཞན་དང་གཞན་དུ་སྒྱུར་མི་ནུས་ཤིང་བསྒྱུར་ཀྱང་མི་དགོས་ལ། བརྗོད་འདོད་ཀྱིས་དོན་ཇི་ལྟར་བཟུང་བ་དེ་བཞིན་དུ་གོ་བྱེད་ཡིན་ཏེ། སྔར། ཕྱི་རོལ་དོན་ལ་མི་ལྟོས་པའི། །ཚིག་གང་སྨྲ་པོས་ཇི་ལྟ་བུར།།རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན། །ཞེས་གསུངས་པའང་འདིར་མ་བརྗེད་པར་བྱའོ། །དེས་ན་དོན་གྱི་སྟེང་ན་འགལ་བ་མེད་ཕན་ཆད་ཚིག་བརྗོད་ཚུལ་ཙམ་ལ་ཤ་ཐང་ཆད་ཆད་དུ་རྩོད་པ་ནི། བྱིས་པའི་ཤགས་བཀྱེ་བ་དང་འདྲ་བས་དེ་ལྟ་བུ་ལ་ཤིན་ཏུ་གུས་པར་མི་བྱའོ། །དེ་ཡང་དངོས་པོ་མེད་པ་ལ་རྟག་པར་བཞག་པ་ནི་ཁྱབ་པའི་སྤྱི་ཡོད་པར་སྒྲོ་བཏགས་པ་ལ་སོགས་པ་བཞིན་དུ་རྟོག་པས་བསླད་ནས་དེ་ལྟར་འཛིན་པ་ཙམ་དུ་མ་བཟུང་བར་དོན་གྱི་ངོ་བོ་ལ་དཔྱད་ནས་རྟག་པ་ཉིད་དུ་ནན་གྱིས་བསྒྲུབ་ན་སྤྱི་བཀག་པ་ཇི་སྙེད་པའི་དོན་ལྷོད་པར་བྱས་ནས་དེ་དག་གི་ཕྱོགས་འཛིན་པ་དབུགས་འབྱིན་པར་བྱས་པ་ཡིན་ནོ།།འདི་ལྟར་བུམ་པ་སྐད་ཅིག་གཉིས་པའི་སྟེང་གི་ལྡོག་པ་དང་བདེན་མེད་སོགས་སྐད་ཅིག་དང་པོའི་དུས་ན་མེད། གསུམ་པའི་དུས་ན་མེད་ལ། རང་དུས་ན་ཡོད་ཀྱང་དེ་འདྲ་ནི་རེས་འགའ་བའི་རྟག་པའོ་ཞེས་འདོད་ན་ཡང༌། དེ་འདྲའི་སྔར་མེད་ཕྱིས་མེད་སྐད་ཅིག་གཅིག་གི་ཡུན་དུ་ཡོད་པ་དེ་མི་རྟག་པར་མ་གྱུར་ན། རང་མཚན་གྱི་སྐད་ཅིག་མ་ཡང་དེ་ཡི་ཚུལ་ལས་ལྷག་པར་མི་རྟག་པར་འཇོག་པའི་རྒྱུ་མེད་པའི་ཕྱིར་དེ་གཉིས་འདྲ་བར་འགྱུར་ཞིང༌། ཡང་སྔར་མེད་གསར་དུ་ཡོད་ཀྱང་བྱུང་བ་མ་ཡིན་ལ། སྐད་ཅིག་གཉིས་པ་ཕན་ཆད་དུ་མི་སྡོད་ཀྱང་འགག་པ་མིན་ན་ནི། ཅི་ག་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་འགྱུར་བས་ན། ལེགས་པར་དཔྱད་ན་ལྡོག་ལྡན་མེད་པར་དེའི་ལྡོག་པའང་བཞག་མི་ཤེས་པས་དེའི་རང་དུས་ལས་སྔ་ཕྱིར་བཞག་མི་ཤེས་ཀྱང་དེ་མི་རྟག་པར་མི་འགྱུར་བའི་རྒྱུ་མཚན་ནི་ལྡོག་ལྡན་དེ་གཞན་ལས་ལོག་པའི་ཆ་ནས་དེའི་ལྡོག་པ་ཞེས་ཐ་སྙད་དུ་སྒྲོ་བཏགས་པའི་རྣམ་པར་ཟད་ཀྱི། ལྡོག་པ་རང་གི་ཆ་ནས་དཔྱད་ན་དགག་བྱ་གཞན་དེ་ལ་མེད་པའི་ཆ་ཙམ་ལས་དེ་སྐྱེ་བ་སོགས་ཆོས་གཞན་གང་ཡང་མེད་པའི་ཕྱིར་དེ་ལ་མི་རྟག་པར་གཞག་རྒྱུའི་ངོ་བོ་གང་ཡང་མེད་པ་ལ་གནད་མཐར་ཐུག་པ་ཡིན་ལ། དེ་ལྟ་ན་དེ་ལ་རྟག་པར་གཞག་རྒྱུའི་ངོ་བོ་ཡང་མེད་དེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །ཞེས་གསུངས་པ་བཞིན་ནོ། །དོན་ལ་མེད་ཀྱང་འགག་རྒྱུ་མེད་པའི་ཕྱིར། རྟག་པའི་ཐ་སྙད་གདགས་ན་ཅི་འགལ་སྙམ་ན། སྐྱེ་རྒྱུ་མེད་པའི་ཕྱིར་རྟག་མི་རྟག་ཏུ་སྒྲོ་མ་བཏགས་ན་ལེགས་ཀྱི་འགག་རྒྱུ་མེད་པ་ཙམ་གྱི་ཆ་ནས་དེའི་ངོ་བོ་རྟག་པར་རློམ་ན། དོན་ལ་མེད་ཀྱང་སྐད་ཅིག་ཙམ་དུ་རྟོག་ངོར་སྣང་རྒྱུ་ཡོད་པའི་ཕྱིར་མི་རྟག་པའི་ཐ་སྙད་གདགས་ཀྱང་མི་འགལ་བར་འགྱུར་རོ། །རྟོག་ངོར་སྣང་བ་སྒྲོ་བཏགས་པ་ཙམ་དུ་ཟད་དོ་སྙམ་ན། རྟག་པར་ཡང་སྒྲོ་བཏགས་པར་ཟད་དོ། །དེས་ན་ཡོད་ལ་མི་རྟག་པས་ཁྱབ་པར་གསུངས་པ་ལ་དོན་གྱི་འགལ་བ་ནི་གང་ཡང་མེད་དོ།།དེ་ཡང་ཟླ་གཉིས་སུ་སྣང་བ་ཡོད་ཀྱི་ཟླ་གཉིས་གྲུབ་པ་མེད་པའི་གནད་ཀྱིས་ཟླ་བ་གཉིས་སུ་སྣང་བ་དེ་ཟླ་བ་མ་དམིགས་པའི་སྔ་ཕྱིར་མེད་ཀྱང་དེས་ཟླ་བ་གཉིས་པ་ནི་རྟག་མི་རྟག་གང་དུ་ཡང་མི་འགྱུར་ཏེ། མེད་པ་གསལ་སྣང་ཙམ་ཡིན་གྱི་ཟླ་བ་གཉིས་གྲུབ་པ་མེད་པས་སོ། །དེ་བཞིན་དུ་དངོས་པོ་ལས་ཐ་དད་པའི་ལྡོག་པའང་རྟོག་པའི་ཤེས་ངོར་ཚིག་གི་ཤན་གྱིས་གཉིས་སུ་སྣང་བར་ཟད་ཀྱི་དོན་གྱི་སྟེང་ན་ཐ་དད་པ་རྟག་པའི་ཚུལ་ཅན་དུ་ཡང་མེད་དོ། །འོ་ན་དོན་གྱི་གཞན་སེལ་ཡང་ཟླ་གཉིས་བཞིན་དུ་མ་གྲུབ་པར་འགྱུར་རོ་ཞེ་ན། དོན་གྱི་གཞན་སེལ་ཡང་དོན་གྱི་སྟེང་ན་ཐ་དད་དུ་ཡོད་པ་ནི་ཟླ་གཉིས་བཞིན་དུ་མེད་ཀྱང༌། དོན་གྱི་ངོ་བོ་ཡོངས་གཅོད་དུ་གྲུབ་པའི་ཤུགས་ལ་རྣམ་བཅད་མེད་པ་ནི་མ་ཡིན་ཏེ། སྣང་བ་གྲུབ་པ་ན་མུན་པ་མེད་ཀྱང༌། སྣང་བའི་སྟེང་ན་སྣང་བ་ལས་ཐ་དད་པའི་མུན་པ་མེད་པ་ཞེས་པ་གཞན་མེད་པ་བཞིན་ནོ། །དེས་ན་མུན་པ་མེད་ཅེས་པ་དང་སྣང་བ་ཡོད་ཅེས་པ་དོན་དུ་འགལ་བ་མེད་ལ་གཅིག་ཡོད་པ་ན་དེའི་ཤུགས་ལ་གཅིག་མི་འགྲུབ་མི་སྲིད་པ་བཞིན་ནོ།།
ད་ནི་གཉིས་པ་ཡོད་པ་བཀོད་ཀྱང་མི་རྟག་སྒྲུབ་པའི་རྟགས་ཡང་དག་ཏུ་འགྲོ་ཚུལ་ནི།
དེ་ཡི་ཁྱད་པར་གཟུང་མེད་པར། །དངོས་པོ་ཙམ་ནི་སྒྲུབ་པ་ན།།དེ་ཙམ་ཁྱབ་བྱེད་བསྒྲུབ་བྱ་ཡི། །རྗེས་སུ་འགྲོ་བ་ཉམས་པ་མེད།།སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར། ཞེས་བཀོད་པ་ན། ཆོས་ཅན་སྒྲ་དེ་ཡི་ཁྱ༷ད་པ༷ར་དུ་བྱས་པའི་ཡོད་པ་ཞེས་གཟུ༷ང་བ་མེད་དེ། རྟགས་ནི་ཆོས་ཅན་དེ་ལ་མི་ལྡན་རྣམ་གཅོད་དུ་སྒྲུབ་ཀྱི་གཞན་ལྡན་རྣམ་གཅོད་དུ་བྱེད་པ་མིན་པས་ན། དེ་ལྟར་སྒྲ་ཡིས་ཁྱད་པར་དུ་བྱས་པའི་ཡོད་པ་དགོད་མི་དགོས་པ༷ར། གཏན་ཚིགས་ཡོད་པའམ་དངོས་པོ་ཡིན་པ་ཙ༷མ་ནི་སྒྲུ༷བ་བྱེད་དུ་བཀོད་པ༷་ན༷། དངོས་པོའམ་ཡོད་པ་དེ་ཙ༷མ་ཁྱ༷བ་བྱེད་དུ་གྱུར་པས་ན་བསྒྲུ༷བ་བྱ༷་མི་རྟག་པ་ཡི་རྗེས་སུ༷་འགྲོ་བ༷་ལ་ཉ༷མས་པ༷་མེད་དེ་ཁྱབ་པ་འགྲུབ་ནུས་སོ།།
གསུམ་པ་གཙོ་བོ་ཡོད་པ་བསྒྲུབ་བྱར་འདོད་པ་དང་ཡོད་པ་རྟགས་སུ་བཀོད་པ་མི་མཚུངས་པའི་ཚུལ་ནི།
མ་གྲུབ་པ་ལ་ཡོད་ཆོས་མེད། །གཉིས་ཀ་ལ་བརྟེན་འཁྲུལ་པ་ཅན།།མེད་པའི་ཆོས་ནི་འགལ་ཡིན་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱར་འགྱུར།།གཙོ་བོ་ཡོད་པར་རྟགས་གང་གིས་ཀྱང་སྒྲུབ་མི་ནུས་ཏེ། གཙོ་བོའི་ངོ་བོ་མ༷་གྲུ༷བ་པ༷་ལ༷་ཡོད་པ་སྟེ་དངོས་པོའི་ཆོས་སུ་གཏོགས་པ་ཇི་བཀོད་ཀྱང་དེ་ལ་གྲུབ་པ་མེད་དེ་མོ་གཤམ་གྱི་བུ་ཡོད་པའི་སྒྲུབ་བྱེད་དུ་དོན་བྱེད་ནུས་པའམ་དཀར་པོ་ཡིན་པ་སོགས་བཀོད་པ་བཞིན་ནོ།།གལ་ཏེ་ཡོད་མེད་གཉིས་ཀ༷་ཡི་ཆ་ལ༷་བརྟེན་པ་ཤེས་བྱ་སོགས་སྒྲུབ་པའི་སྒྲ་དང༌། ལུས་ཅན་མིན་པ་སོགས་དགག་པའི་སྒྲས་བསྟན་པའི་རྟགས་ཇི་བཀོད་ཀྱང་དངོས་པོར་ཡོད་མེད་གཉིས་ཀར་འཇུག་པས་དེ་སྒྲུབ་ལ་འཁྲུ༷ལ་པ༷་ཅ༷ན་མ་ངེས་པར་འགྱུར་ལ། མེད་པ༷འི་ཆོས་དོན་བྱེད་ནུས་སྟོང་སོགས་བཀོད་པ་ནི་ཡོད་པར་སྒྲུབ་པ་ལ་འག༷ལ་བའི་རྟགས་སུ་འགྱུར་བ་ཡིན་པའི་ཕྱིར་ན༷་དེ་ལ་ཤེས་བྱར་སྲིད་ཚད་ཀྱི་རྟགས་ཅི་བཀོད་ཀྱང་རྟགས་ལྟར་སྣང་གསུམ་ལས་འདའ་བ་མི་སྲིད་པས་གཙོ་བོ་ཡོད་པ་དེ་རྟགས་གང་གིས་ཇི་ལྟ༷ར་བསྒྲུ༷བ་བྱ༷ར་འགྱུ༷ར་ཏེ་འགྲུབ་མི་ནུས་སོ།།
བཞི་པ་ཡོད་པ་བཀོད་པ་འདི་རྟགས་ཡང་དག་ཡིན་ཚུལ་དཔེར་བརྗོད་བཅས་བསྟན་པ་ལ། དངོས་དང་རྟགས་དེ་ངེས་པ་ཉིད་སྒྲུབ་པའོ། །དང་པོ།
རང་བཞིན་སྒྲུབ་པ་གོ་བྱེད་ཡིན། །དེ་ལ་ཁྱབ་བྱེད་ངེས་པ་ཡི།།རང་བཞིན་ངེས་པ་གོ་བྱ་ཡིན། །འདི་ལྡོག་པ་ན་དེ་ལྡོག་བྱེད།།དཔེར་ན་མི་རྟག་ཉིད་བྱས་པའམ། །མ་བྱས་པས་ན་མི་འཇིག་བཞིན།།གལ་ཏེ་ཡོད་པ་རྟགས་སུ་བྱས་ནའང་གོང་དུ་ཡོད་པ་ལ་བརྗོད་པའི་སྐྱོན་དེ་མི་མཚུངས་སམ་ཞེ་ན་མི་མཚུངས་ཏེ། འདི་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །ཇི་ལྟར་ན། ཤེས་འདོད་ཆོས་ཅན་དེ་ཡི་ར༷ང་བཞིན་དུ་གྱུར་པའི་སྒྲུ༷བ་པ༷་སྟེ་རྟགས་ཡོད་པའམ་བྱས་པ་ནི་གོ་བྱེད་ཡིན་ལ། དོན་གྱི་སྟེང་ན་རྟགས་དེ་ལ༷་ཁྱ༷བ་བྱེད་དུ་ངེས་པ༷་ཡི་ར༷ང་བཞིན་དུ་གྱུར་པའི་ཆོས་མི་རྟག་པ་དེ་བཞིན་དུ་བློས་ཀྱང་ངེས་པ༷་ན་གོ་བྱ༷་ཡིན་ལ། ཚུལ་དེའི་ཕྱིར་ཁྱབ་བྱེད་མི་རྟག་པ་ལྟ་བུ་འདི་ལྡོག་པ༷་ན༷་ཁྱབ་བྱ་ཡོད་པ་སོགས་དེ་ཡང་ལྡོག་པར་བྱེད་པས་ན་དེ་སྒྲུབ་ལ་རྣམ་པ་ཀུན་ཏུ་མི་འཁྲུལ་ཏེ། ཆོས་ཅན་གྱི་ངོ་བོ་གྲུབ་ཙམ་ནས་བྱས་པ་སོགས་དེ་ཡི་རང་བཞིན་གྲུབ་པས་ཕྱོགས་ཆོས་གྲུབ་ལ། དོན་ལ་ཕན་ཚུན་ཁྱབ་བྱ་ཁྱབ་བྱེད་དམ་ངོ་བོ་གཅིག་གི་འབྲེལ་བས་རྗེས་འགྲོ་གྲུབ་ལ། དེའི་ཕྱིར་བསྒྲུབ་བྱ་ལོག་ན་རྟགས་ལྡོག་པས་ཁྱབ་པའི་ཕྱིར་རོ། །དེ་འདྲའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པས་ན་རྗེས་འགྲོ་སྟོན་པ་ཆོས་མཐུན་སྦྱོར་གྱི་ངག དཔེར་ན༷་མི་རྟག༷་པ་ཉིད་ཀྱིས་བྱ༷ས་པ༷འོ་ལྟ་བུའ༷མ། བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་དང༌། ཡང་ལྡོག་པ་སྟོན་པ་ཆོས་མི་མཐུན་སྦྱོར་གྱི་ངག གང་མ༷་བྱ༷ས་པ༷ས་ན༷་མི་འཇིག་གོ་ཞེས་དང༌། ཡང་ན་གང་མི་འཇིག་པ་ཡིན་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་པའོ་ཞེས་བཀོད་པ་བཞིན་ནོ། །དེ་ཡང་ངག་དེ་གཉིས་ལ་དོན་གྱི་གོ་བ་སྐྱེད་ཕན་ཆོད་སྔ་ཕྱིའི་གོ་རིམ་དང་བརྗོད་ཚུལ་ལ་ཁྱད་མེད་ཅིང་གཉིས་ཀ་བརྗོད་དགོས་པའི་ངེས་པའང་མེད་དེ་སྔར། དོན་གྱིས་གོ་བས་ཅིག་ཤོས་ལ། །ཞེས་སོགས་གསུངས་པ་བཞིན་ནོ།།
གཉིས་པ་རྟགས་དེ་མ་ངེས་པ་སྤངས་ཏེ་ངེས་པར་སྒྲུབ་པ་ནི།
རྒྱུ་མེད་ཕྱིར་ན་འཇིག་པ་ནི། །36རང་གི་ངོ་བོས་རྗེས་འབྲེལ་ཉིད།།
དངོས་པོ་ལྟོས་དང་བཅས་རྣམས་ནི། །ངེས་པར་འགྱུར་བ་མེད་པར་མཐོང༌།།དེ་རྒྱུ་མང་པོ་ཡོད་ན་ཡང༌། །འགའ་ཞིག་ལ་ནི་མི་སྲིད་འགྱུར།།དེས་ན་འབྲས་གནས་མེད་པའི་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱི།།འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན།།དེ་རྒྱུ་ནུས་པ་མེད་ཕྱིར་ཡང༌། །འདི་ནི་ངོ་བོ་ཉིད་ཀྱིས་འགྱུར།།/གང་ལ་37འགྱུར་ཞེས་བྱ་དེ་ལས། །གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར།།གཞན་དག་ན་རེ། བྱས་པ་ཙམ་གྱིས་འཇིག་པར་མ་ངེས་ཏེ་འཇིག་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ཏེ། འདི་ལྟར་བུམ་པ་བྱས་པ་ཙམ་ནས་འཇིག་པ་མ་ཡིན་ཡང་ནམ་ཞིག་ཐོ་བ་སོགས་དང་ཕྲད་པའི་ཚེ་འཇིག་པ་ཡིན་ནོ་ཞེ་ན། འཇིག་རྒྱུ་ལ་མི་ལྟོས་པར་སྒྲུབ་པ་ནི། བུམ་པ་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དེ་ལས་གཞན་པའི་འཇིག་རྒྱུ༷་ལ་ལྟོས་པ་མེད་པའི་ཕྱིར་ན༷་བུམ་པའི་འཇིག་པ༷་ནི་དངོས་པོ་དེ་གྲུབ་ཙམ་ནས་ར༷ང་གི་ངོ་བོས་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ་མེའི་ཚ་བ་བཞིན་ནོ། །གལ་ཏེ་དངོས་པོ་དེ་འཇིག་པ་རྒྱུ་གཞན་ལ་ལྟོས་པ་ད༷ང་བཅ༷ས་པ་ཡིན་གྱི་རང་གི་ངོ་བོས་མི་འཇིག་པ་ཡིན་ན་དངོས་པོ་རྣ༷མས་ནི་ངེས་པ༷ར་འགྱུ༷ར་བ༷་ནི་མེད་པའམ་འགྱུར་བའི་ངེས་པ་མེད་པ༷ར་མཐོང་སྟེ། རེས་འགའ་མི་འགྱུར་བར་དེ་བཞིན་དུ་གནས་པའང་སྲིད་པར་འགྱུར་རོ། །དེ་མི་སྲིད་དེ་དེ་ལ་འཇིག་རྒྱུ༷་མ༷ང་པོ་ཡོད་པས་ནམ་ཞིག་ན་དེ་དང་མི་འཕྲད་པ་མི་སྲིད་དོ་ཞེ་ན༷་ཡ༷ང༌། མི་འཕྲད་པའང་སྲིད་དེ་ཕྲད་པའི་ངེས་པ་སྒྲུབ་མི་ནུས་པས་ན་དངོས་པོ་འག༷འ་ཞིག་ལ༷་ནི་འཇིག་པ་དེ་མི་སྲིད་པར་ཡང་འགྱུ༷ར་ཏེ་འཇིག་རྒྱུ་ཡོད་ཙམ་ན་ཕྲད་པའི་ངེས་པ་མེད་དེ་ཡོད་ན་བུམ་པ་གྲུབ་ཙམ་ནས་འཇིག་པར་འགྱུར་རོ། །དེས་ན་འཇིག་རྒྱུ་ཡོད་བཞིན་བསྐལ་པ་ཙམ་དུ་གནས་པའང་ཡོད་པས་ན་དེ་བཞིན་ཕྱིས་ཀྱང་མི་འཕྲད་པ་སྲིད་པ་ལ་དེ་མི་སྲིད་པར་གང་གིས་འགྲུབ། དེས་ན༷་ཐོ་བ་སོགས་འཇིག་རྒྱུ་ཡིན་དུ་ཆུག་ཀྱང་རྒྱུར་རུང་བ་ཙམ་གྱིས་དེ་ལ་འབྲ༷ས་བུ་གན༷ས་པའི་ཁྱབ་པ་མེད་པ༷འི་ཕྱིར་ཏེ། ཐོ་བ་ཡིན་ན་བུམ་པ་གཅོག་ངེས་པའི་ཁྱབ་པ་མེད་པ་བཞིན་ནོ། །དེས་ན་འཇིག་པ༷་རྒྱུ༷་གཞན་དང་ལྡ༷ན་པར་སྨྲ༷་བ་རྣ༷མས་ཀྱིས་འཇིག་པ༷འི་རྒྱུ༷་ནི་རྟགས་སུ་བཀོད་པ་ཐ༷མས་ཅ༷ད་ད༷ག་འཇིག་པ་སྒྲུབ་པ་ལ་འཁྲུལ༷་པ༷་ཉིད་དུ༷་བཤ༷ད་པ༷་ཡིན་ཏེ་ས་བོན་ཡོད་པ་ཙམ་གྱིས་མྱུ་གུ་ཡོད་པར་སྒྲུབ་པ་བཞིན་ནོ། །དེས་ན་བུམ་པ་ལ་སོགས་པའི་འཇིག་པ་དེ་ཡི་རྒྱུ༷་རུ་འདོད་པ་ཐོ་བ་ལ་སོགས་པ་རྣམས་ལ་དངོས་པོ་དེ་འཇིག་པའི་ནུ༷ས་པ༷་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་ཡ༷ང༌། འཇིག་པ་འདི་ནི་དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་གཞན་ལ་རག་མ་ལས་པར་འགྱུ༷ར་ཏེ་ཆུའི་གཤེར་བ་བཞིན་ནོ། །ཡང་གི་སྒྲས་ནི་ཞིག་པ་རྒྱུས་བྱེད་པ་ཡང་བཀག་པ་སྟེ་དངོས་པོའི་འཇིག་པ་རྒྱུས་བྱེད་པར་སྨྲ་བ་རྣམས་ཀྱི་ཞེ་འདོད་ནི་དངོས་པོ་གྲུབ་བཞིན་དུ་འཇིག་པར་མ་མཐོང་བས་མེད་པའི་དུས་ན་འགག་པར་ཤེས་ནས་བུམ་པ་མེད་པར་ཐོ་བས་བྱས་སོ་སྙམ་དུ་སེམས་པ་ཡིན་ལ། མེད་པ་རྒྱུས་བསྐྱེད་ན་དེ་ཆོས་གཞན་གྱི་འབྲས་བུར་བསྒྱུར་བའི་ཕྱིར་དངོས་པོར་འགྱུར་རོ། །དེས་ན་མེད་པ་ནི་ངོ་བོ་མེད་པས་ན་ནམ་ཡང་རྒྱུས་བྱ་མི་ནུས་སོ། །དེ་ལྟར་བླུན་པོ་རྣམས་ཀྱིས་མི་སྣང་བའི་ཚེ་ན་འཇིག་པར་ཤེས་ཀྱི་དེའི་སྔོན་དུ་ངེས་མི་ནུས་ཏེ་སྔར་དུག་དངོས་སུ་མྱོང་ཡང་དུག་ཏུ་མ་ངེས་པ་ཕྱིས་དུག་ལྡང་བའི་འགྱུར་བ་མཐོང་ཚེ་ད་གདོད་དུག་ཏུ་ཤེས་པ་བཞིན་ནོ། །ཐོ་བས་བུམ་པ་འཇིག་པར་མངོན་སུམ་མ་མཐོང་ངམ་ཞེ་ན། དངོས་པོ་རང་གི་ངོ་བོ་སྐད་ཅིག་མ་མ་ཡིན་པར་གྱུར་ན་ཐོ་བས་འཇིག་ཀྱང་མི་ནུས་ཏེ་ནམ་མཁའ་ཐོ་བས་བཤིགས་པ་མ་མཐོང་བ་བཞིན་ནོ། །རང་གི་ངོ་བོ་སྐད་ཅིག་མ་ཡིན་ན་ནི་འཇིག་རྒྱུ་གཞན་མི་དགོས་ལ། དེ་ཡང་སྐད་ཅིག་འདས་པ་ནི་བཤིག་ཏུ་མེད་ལ་ད་ལྟ་བ་ནི་གྲུབ་ཟིན་ཅིང་དེའི་སྐད་ཅིག་གཉིས་པར་མི་སྡོད་ལ། མ་འོངས་པ་མ་སྐྱེས་པས་འཇིག་པར་བྱར་མེད་དོ། །གཞན་ཡང་དངོས་པོ་ཡིན་བཞིན་པ་ནི་འཇིག་མི་ནུས་ལ་དངོས་མེད་འཇིག་པར་བྱར་མེད་དོ། །དེ་དག་འདི་སྙམ་དུ་སྐད་ཅིག་མར་མི་འདོད་པས་ན་བུམ་པ་འདས་པར་མི་འདོད་དེ་སྔོན་གྱི་བུམ་པ་དེ་ཉིད་ད་ལྟའི་བར་དུ་གནས་པ་དེ་ཐོ་བས་འཇིག་གོ་སྙམ་ན། སྔོན་སྐྱེས་མ་ཐག་པའི་བུམ་པ་དང༌། ད་ལྟ་འགག་ཁ་མའི་བུམ་པ་གཅིག་ཡིན་ན་སྐྱེས་མ་ཐག་ཏུ་ཐོ་བ་དང་ཕྲད་དམ་མ་ཕྲད། ཕྲད་ན་སྐྱེས་མ་ཐག་ཏུ་ཞིག་པར་ཐལ་ལ། མ་ཕྲད་ན་ད་ལྟ་ཡང་ཇི་ལྟར་འཕྲད། ཕྲད་མ་ཕྲད་ཀྱི་ཁྱད་ཙམ་ཡོད་དོ་སྙམ་ན། འཇིག་རྒྱུ་དང་ཕྲད་པའི་བུམ་པ་དང་མ་ཕྲད་པའི་བུམ་པ་སོ་སོར་མེད་ན་འཇིག་རྒྱུ་དང་ཕྲད་ན་ཡང་མ་ཕྲད་པའི་སྐབས་བཞིན་འཇིག་མི་འཇིག་གི་ཁྱད་པར་སོ་སོར་ཡོད་པར་མི་འགྱུར་རོ། །དེ་བཞིན་འཇིག་བཞིན་པ་དང་གནས་བཞིན་པའི་བུམ་པ་གཞན་ཡང་ཁྱད་མེད་པར་འགྱུར་རོ། །དེས་ན་བུམ་པའི་རྡུལ་རྫས་རྣམས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་ཐོ་བས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གྱོ་མོའི་རྣམ་པར་སོང་བ་ན་བུམ་པའི་རྣམ་པར་མི་སྣང་བའི་ཕྱིར་བུམ་པ་བཤིག་གོ་ཞེས་ཐ་སྙད་བརྗོད་པ་སྟེ་རིགས་འདྲ་ཕྱི་མ་མ་སྐྱེས་པ་ཙམ་ལ་དེ་ལྟར་བརྗོད་པར་ཟད་དོ། །བུམ་པའི་རྒྱུན་གྱི་སྐད་ཅིག་རྣམས་ནི་གྲུབ་ཟིན་པའི་ཕྱིར་དེས་མ་བཤིགས་ལ། མ་འོངས་པ་འཇིག་མི་ནུས་ཀྱང་རིགས་འདྲ་བར་མ་ཆད་དུ་སྐྱེ་བའི་གེགས་བྱས་པ་ཙམ་ལ་དེ་ཡན་ཆད་དུ་བུམ་པ་གནས་སོ་ཞེས་རྟོག་པར་བྱེད་པ་ཙམ་ཡིན་ནོ། །དེ་ལྟར་དངོས་པོ་གྲུབ་ཙམ་ནས་འཇིག་པར་གྱུར་པས་ན། འདི་ལྟར་མཐོང་བའི་གློག་དང་མར་མེ་བུམ་པ་སོགས་དངོས་པོ་ག༷ང་ལ༷་དེ་ཞིག་པར་མངོན་སུམ་མཐོང་བའི་ཚེ་དེ་འདི་ལྟར་ཞིག་པ་ནི་སྲིད་པ་ཡིན་ལ། དེ་ལྟ་ན་དེའི་འཇིག་པ་རྒྱུས་བྱེད་མི་ཤེས་པར་རིགས་པས་གྲུབ་པ་ན་འཇིག་པ་ནི་དེ་རང་གི་ངོ་བོས་གྲུབ་པར་འགྱུ༷ར་རོ་ཞེས་བྱ༷་བའི་རྒྱུ་མཚན་དེ་ལ༷ས་གཞ༷ན་དངོས་སུ་འཇིག་པར་མ་མཐོང་བ་རི་དང་ལུས་ཅན་ཐམས་ཅད་ལ༷འ༷ང་དངོས་པོ་ཡིན་ཕན་ཆད་འཇིག་པ་དེ་དེའི་ངོ་བོ་ཉིད་ཀྱིས་དེ་ལྟར་འགྲུབ་པར་འགྱུ༷ར་བ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ།།
གསུམ་པ་སྒྲུབ་རྟགས་གཉིས་ཀྱི་དོན་བསྡུ་བ་ནི།
དེས་ན་དངོས་པོའི་ཡུལ་ཅན་གྱི། །རྗེས་སུ་དཔོག་གང་རྣམ་གཉིས་ཏེ།།འབྲས་དང་ངོ་བོ་དེ་དག་ལས། །38རང་བསྒྲུབ་བྱ་ལ་འབྲེལ་ངེས་ཕྱིར།།གོང་དུ་ཇི་སྐད་བཤད་པ་དེས་ན༷་སྒྲུབ་པའམ་དངོས་པོའི་ཡུ༷ལ་ཅ༷ན་གྱི་རྗེས་སུ༷་དཔོག་པ་ག༷ང་ཡིན་པ་དེ་ནི་རྣ༷མ་པ་གཉིས་ཏེ། གང་ཞེ་ན་འབྲ༷ས་བུ་ད༷ང་ཁྱབ་བྱའི་ངོ་བོ་རྟགས་སུ་བཀོད་པ་དེ་ད༷ག་ལ༷ས་བསྒྲུབ་བྱ་འགྲུབ་པ་ལ་མི་སླུ་བ་ཡིན་ལ། དེའི་རྒྱུ་མཚན་རྟགས་དེ་དག་རང་ར༷ང་གི་བསྒྲུ༷བ་བྱ༷་རྒྱུ་དང་ཁྱབ་བྱེད་ཅིག་ཤོས་ལ༷་གོང་དུ་བཤད་པ་བཞིན་མེད་ན་མི་འབྱུང་གི་འབྲེལ་བ་ངེས་པའི་ཕྱིར་རོ།།
གཉིས་པ་དགག་རྟགས་ལ། མ་དམིགས་གཉིས་བཤད་དེ་ལ་རྩོད་པ་སྤང༌། །དང་པོ་ལ། ཡོད་ངེས་འཇུག་འགོག་མི་སྣང་མ་དམིགས་དང༌། །མེད་ངེས་གྲུབ་པ་སྣང་རུང་མ་དམིགས་གཉིས། །དང་པོ།
འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །དེ་ཡི་ངོ་བོ་མི་དམིགས་ན།།འཇུག་པར་མི་བྱེད་ཅེས་བྱ་བས། །མི་དམིགས་པ་ནི་ཚད་མར་བཤད།།བསྟན་བཅོས་སྐབས་དང་འབྲེལ་མེད་དང༌། །དོན་རྣམས་དབང་པོ་ལས་འདས་པ།།རྟགས་མེད་པ་ཅན་དེ་རྣམས་ནི། །མི་དམིགས་ཕྱིར་ན་ཇི་ལྟར་མེད།།ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར།།ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་འཇུ༷ག་པ༷་ནི་ཆོས་དེ་དམིགས་པའི་བློ་སྔོན་དུ་འགྲོ་བ་ཅ༷ན་ཡིན་པ་ཉིད་ཀྱི་ཕྱིར་ན། བསྐལ་དོན་དུ་གྱུར་པ་དེ་ཡི་ངོ་བོ་ལ་བསྐལ་དོན་དུ་སོང་བའི་གང་ཟག་གིས་མངོན་རྗེས་ཀྱི་ཚད་མས་གང་དུ་མི་དམིགས་ན༷་ཆོས་དེ་ཡོད་དོ་ཞེས་པའི་ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་འཇུ༷ག་པ༷ར་མི་བྱེད་པ་སྟེ་རང་ངོར་མེད་པ་དང་འདྲ་བར་གྱུར་པས་ན། མདུན་འདིར་མེད་ངེས་ཀྱི་བུམ་པ་དང་ཡོད་ངེས་མེད་ངེས་སུ་མ་གྲུབ་ཀྱང་མ་དམིགས་པའི་ཤ་ཟ་གཉིས་ཡོད་དོ་ཅེས་བའི་ཐ་སྙད་མི་འཇུག་པར་མགོ་མཉམ་པར་གྱུར་པས་དེ་གཉིས་ལ་འཇུག་པར་མི་བྱེད་པ་ཞེས་བྱ༷་བ་དེ་བ༷ས་ན་མི་སྣང་བ་མི་དམིགས་པ༷་ནི་དགག་རྟགས་ཀྱི་སྐབས་འདིར་ཚ༷ད་མ༷ར་བགྲངས་ཏེ་རྣམ་གྲངས་ཙམ་དུ་བཤ༷ད་པ་ཡིན་གྱི། ཡུལ་དེ་ཡོད་མེད་དུ་ངེས་པར་སྒྲུབ་པའི་དགག་རྟགས་ཡང་དག་ཏུ་སོང་བའི་ཚད་མ་ནི་མ་ཡིན་ནོ། །ཡུལ་དགག་པའི་ཚད་མ་མིན་ཡང་ཚད་མར་ཅིས་བཤད་སྙམ་ན་འདི་མ་བཤད་ན་མི་དམིགས་པ་ཙམ་གྱིས་དགག་ནུས་མི་ནུས་ཀྱི་ཁྱད་པར་མི་འབྱེད་པའི་ཕྱིར་དགག་རྟགས་ཀྱི་རྣམ་གྲངས་ཙམ་གྱི་ཚད་མར་བཤད་པ་ཡིན་ནོ། །འོ་ན་རྟགས་ལྟར་སྣང་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་མདུན་གྱི་གཞི་འདིར་ཤ་ཟ་ལྟ་བུ་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པ་ཙམ་ལ་རྟགས་ཡང་དག་ཡིན་ནོ།།དེས་ན་ཡོད་ངེས་ཀྱི་ཐ་སྙད་ཁེགས་པ་ཞེས་བྱ་བ་ཡང་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ཁེགས་པ་ཞེས་བྱ་བ་ཡིན་ནོ། །སུ་ལ་ཁེགས་ན་བསྐལ་དོན་དུ་སོང་བ་དེའི་རྒྱུད་ལའོ། །འོ་ན་མེད་ངེས་ཀྱི་ཐ་སྙད་འཇུག་པའང་མི་འགོག་གམ་ཞེ་ན། མེད་ངེས་ཀྱི་ཐ་སྙད་འཇུག་པའང་མེད་མོད་ཀྱི་དེ་ནི་མ་དམིགས་པ་དེའི་འབྲས་བུ་མ་ཡིན་པས་སྨྲོས་དོན་མེད་དོ། །དོན་ལ་འདི་ཡོད་ངེས་ཀྱི་ཐ་སྙད་འཇུག་པའི་རྒྱུ་མ་དམིགས་པས་འབྲས་བུ་ཁེགས་པར་འགྲོ་བ་ཡིན་ནོ། །འདིས་ཡུལ་དེ་མ་དམིགས་ཀྱང་མི་ཁེགས་པ་ཅི་ཡིན་སྙམ་ན། འདི་ལྟར་གཞལ་བྱ་ཤིན་ཏུ་ལྐོག་གྱུར་དང་མངོན་སུམ་དང་ལྐོག་ཏུ་གྱུར་པ་རྣམས་འཇལ་བྱེད་ལུང་དང་མངོན་སུམ་དང་རྗེས་དཔག་རྣམས་ཡིན་པ་ལ་དེ་གསུམ་གང་གིས་ཀྱང་ཡོད་མེད་དུ་གཞལ་མ་ནུས་ན་རེ་ཞིག་གཞལ་མ་ནུས་པའམ་དེས་གཞལ་བྱར་མ་གྱུར་པ་དེ་ནི་ཡོད་མེད་གང་རུང་དུ་མཐའ་གཅིག་ཏུ་སྒྲུབ་ནུས་པ་མིན་ནོ། །དེས་ན་མདུན་འདིར་ཤ་ཟ་མེད་ངེས་སུ་སྒྲུབ་པ་ལ་འཇལ་བྱེད་ཀྱི་ལུང་དཔྱད་གསུམ་གྱིས་དག་པའི་བསྟ༷ན་བཅོས་ཀྱི་སྐ༷བས་ད༷ང་འབྲེལ་བ་མེད་ནས་ལུང་གིས་སྒྲུབ་མི་ནུས་པ་ད༷ང་བསྐལ་བའི་དོན་དེ་རྣ༷མས་བསྐལ་དོན་དུ་སོང་བ་དེའི་དབ༷ང་པོ་ཡི་ཡུལ་ལ༷ས་འད༷ས་པ༷་ཡིན་པས་མངོན་སུམ་གྱིས་འཇལ་མི་ནུས་ལ། བསྐལ་དོན་དེ་མེད་པའི་རྟ༷གས་ཡང་དག་ཏུ་གྱུར་པའང་གང་ཟག་དེའི་ངོར་གནས་སྐབས་དེར་མེད་པ༷་ཅ༷ན་དུ་གྱུར་པ་ཤ་ཟ་ལ་སོགས་པ་དེ་རྣ༷མས་ནི། བསྐལ་དོན་དུ་སོང་བ་ཅན་དེས་ཡོད་པར་མ་དམིགས་ཀྱང་དེས་མི་དམིགས་པ་ཙམ་གྱི་ཕྱིར་ན༷་ཇི་ལྟ༷ར་མེད་ངེས་སུ་སྒྲུབ་ནུས་ཏེ་མི་ནུས་སོ། །དེ་བཞིན་དུ་ཡོད་སྒྲུབ་ལའང་ལུང་དང་མངོན་སུམ་དང་འབྲས་རྟགས་མེད་ཚུལ་སྦྱར་རོ། །དེའི་ཕྱིར་མི་དམིགས་པའི་རྟགས་དེ་ཡུལ་དེ་ཡོད་ངེས་དང་མེད་པར་ངེས་པ༷འི་འབྲ༷ས་བུ་ཅ༷ན་མིན་པའི་ཕྱིར་ན༷། བསྐལ་དོན་དེ་ཡོད་ངེས་དང་མེད་ངེས་སུ་རྟོགས་པའི་ཚ༷ད་མ༷་ཉིད་དུ་ནི་མི་འགྱུར༷་རོ། །དེས་ན་མངོན་སུམ་རྗེས་དཔག་ལུང་དང་གསུམ་ལོག་པ་དེ་ལ་བསྐལ་དོན་ཞེས་བྱའི་གལ་ཏེ་ཡོད་མེད་དུ་སྒྲུབ་པའི་ལུང་ཡང་དག་དང་རྟགས་ཡོད་ན་རྣམ་པ་ཀུན་ཏུ་བསྐལ་དོན་ཡང་མི་འགྱུར་བ་དེས་ན་འདིར་དེ་གསུམ་མེད་པའི་དབང་དུ་བྱས་པའོ། །དེ་ཡང་མ་དམིགས་པ་ཙམ་གྱིས་མེད་ངེས་ཀྱི་ཐ་སྙད་སྦྱོར་བ་པོ་ནི་འཇིག་རྟེན་ཕ་རོལ་དང་སྦྱིན་པའི་འབྲས་བུ་མ་དམིགས་པ་ཙམ་གྱིས་མེད་དོ་ཞེས་སྨྲ་བ་རྒྱང་འཕེན་པ་ལ་སོགས་པ་ཡིན་ནོ།།
གཉིས་པ་མེད་ངེས་གྲུབ་པ་སྣང་རུང་མ་དམིགས་པ་ལ།མ་དམིགས་པ་དང་འགལ་ཟླ་དམིགས་པ་གཉིས། །དང་པོ།
རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །ལ་ལ་ཚད་མ་དག་ཏུ་འགྱུར།།རང་བཞིན་ཤེས་བྱེད་མི་ཤེས་ལ། །རིགས་པ་འདི་ནི་བརྗོད་པ་ཡིན།།རྒྱུ་མི་ཤེས་ན་འབྲས་བུ་ནི། །མེད་པ་ཉིད་དུ་སྒྲུབ་པར་བྱེད།།དོན་གྱི་རང་བཞིན་རྟགས་ཅན་ལ། །རང་བཞིན་མི་དམིགས་པ་ཡང་ཡིན།།གལ་ཏེ་གཏན་ཚིགས་འགའ་ཞིག་གིས། །དེ་མེད་པར་ནི་རྟོགས་པར་འགྱུར།།སྣང་རུང་མཐོང་བ་མེད་པའི་རྒྱུ། །མི་སྲིད་པར་ནི་གྱུར་པ་ན།།སྣང་རུང་དངོས་པོ་མ་དམིགས་པའི། །དངོས་པོ་མེད་པ་རྟོགས་པར་འགྱུར།།མ་དམིགས་པ་ལ་ཡུལ་དེ་དགག་ནུས་པའི་ཚད་མར་འགྲོ་བ་ཡོད་དམ་ཞེ་ན་ཡོད་དེ། མ་དམིགས་པའི་རྟ༷གས་དེ་ལ་ཡུལ་དེ་ཁེགས་ནུས་ཀྱི་ཁྱད་པར་རམ་ཕུ༷ལ་དུ་བྱུ༷ང་བ་ཡོད་པ༷་ཅ༷ན་ལ༷་ལ༷་ནི་ཡུལ་དེ་དགག་པའི་ཚ༷ད་མ༷་ད༷ག་ཏུ༷་འགྱུ༷ར་ཏེ། མ་དམིགས་པར་འདྲ་ཡང་སྣང་རུང་མ་དམིགས་པས་ནི་ཁེགས་ལ་དེ་བཞིན་དུ་འགལ་ཟླ་དམིགས་ཀྱང་ཅིག་ཤོས་ཁེགས་སོ། །འོ་ན་གོང་དུ་མ་དམིགས་ཀྱང་མེད་པར་ཁེགས་ནུས་ཀྱི་ཚད་མ་མིན་པར་མ་བཤད་དམ་ཞེ་ན། ར༷ང་བཞིན་ཏེ་ངོ་བོ་དང་དེའི་ཤེས་བྱེད་དེ་རྟགས་སྣང་རུང་མིན་པས་མི་ཤེས་པའམ་མི་སྣང་བ་ལ༷། དེ་མ་དམིགས་པ་ཙམ་གྱིས་མེད་པར་མི་འགྲུབ་པའི་རིགས་པ༷་འདི་ནི་བརྗོད་པ༷་ཡིན་གྱི་སྣང་རུང་མ་དམིགས་པས་དེ་མེད་པར་མི་འགྲུབ་པ་མིན་ནོ་ཞེས་དེ་གཉིས་ཀྱི་ཤན་འབྱེད་པར་མཛད་པ་ཡིན་ནོ། །དེས་ན་སྣང་རུང་གི་རྒྱུ༷་ཚད་མས་མི་དམིགས་པའམ་མི་ཤེས་ན༷་དེའི་འབྲ༷ས་བུ༷་ནི་མེད་པ༷་ཉིད་དུ༷་རྟགས་དེས་སྒྲུ༷བ་པ༷ར་བྱེད་ནུས་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་རིགས་པས་སོ།།ཁྱབ་པར་བྱེད་པ་ཤིང་ལྟ་བུའི་དོན་གྱི་ར༷ང་བཞིན་དུ་གྱུར་པའི་ཁྱབ་བྱ་ཤུག་པ་ལྟ་བུ་རྟ༷གས་ཅ༷ན་ལ༷། ཁྱབ་བྱེད་དེའི་ར༷ང་བཞིན་མི་དམིགས་པ༷་ཡ༷ང་དགག་རྟགས་སུ་འགྲོ་བ་ཡིན་ཏེ། ཁྱབ་བྱེད་ལོག་པས་ཁྱབ་བྱ་གནས་པ་མི་སྲིད་པས་སོ། །ག༷ལ་ཏེ་དེ་ལྟར་འབྲེལ་ཟླ་མ་དམིགས་པའི་རྒྱུ་མཚན་ཅན་གྱི་གཏ༷ན་ཚིགས་འག༷འ་ཞིག་གིས་འབྲེལ་ཡུལ་དེ་དག་མེད་པ༷ར་ནི་རྟོགས་པ༷ར་འགྱུ༷ར་རོ། །བསྐལ་བ་གསུམ་དང་བྲལ་བ་སྣ༷ང་རུ༷ང་གི་བུམ་པ་སོགས་མཐོང་བ༷་མེད་པར་བྱེད་པ༷འི་རྒྱུ༷་སྟེ་མཐོང་བའི་གེགས་མི་སྣང་བའི་སྔགས་ལ་སོགས་པ་མི་སྲིད་པ༷ར་ནི་གྱུ༷ར་པ༷་ན༷་སྣ༷ང་རུ༷ང་གི་དངོས་པོ་བུམ་སོགས་དེ་མ༷་དམིགས་པ༷འི་རྟགས་ཀྱིས་དངོས་པོ་དེ་གཞི་དེར་མེད་པ༷་ཉིད་དུ་ངེས་པར་རྟོགས་པ༷ར་འགྱུ༷ར་རོ།།དེ་ལ་བུམ་པ་མ་དམིགས་པ་མངོན་སུམ་ཡིན་ལ་དེ་རྟགས་ཀྱིས་བསྒྲུབ་དགོས་ན་ཧ་ཅང་ཐལ་སྙམ་ན། མ་དམིགས་པའི་དོན་སྒྲུབ་པ་མིན་ཏེ་སྣང་རུང་མ་དམིགས་ན་མེད་ངེས་ཀྱི་ཐ་སྙད་དུ་བྱའོ་ཞེས་ཤེས་པའི་ཆེད་དུ་ཐ་སྙད་སྒྲུབ་པ་ལ་རྗེས་དཔག་ཏུ་སོང་བ་ཡིན་ཏེ་འོག་ཏུ་ཡང་འཆད་པར་འགྱུར་རོ། །སྣང་རུང་མ་དམིགས་ཀྱང་མེད་པའི་ཐ་སྙད་མི་བྱ་བ་ཡོད་དམ་ཞེ་ན་ཡོད་དེ་སེར་སྐྱ་པ་རྣམས་ཀྱིས་རྒྱུ་འབྲས་གཉིས་ཀ་སྣང་རུང་ཡིན་ཡང་རྒྱུ་ལ་འབྲས་བུ་མ་དམིགས་ཀྱང་མེད་པའི་ཐ་སྙད་དུ་མི་བྱ་བར་ཡོད་པར་འདོད་པ་བཞིན་ནོ། །དེས་ན་སྣང་རུང་མ་དམིགས་པའི་རྟགས་འདི་ནི་མེད་པ་དེ་མེད་པའི་ཐ་སྙད་ཀྱི་འབྲས་བུ་ཅན་གྱི་རང་བཞིན་དུ་གྲུབ་པ་སྟོན་པས་ན་དོན་ལ་རང་བཞིན་གྱི་རྟགས་སུ་ཡང་འདུར་རུང་ངོ༌།།
གཉིས་པ་འགལ་ཟླ་དམིགས་པ་ནི།
འགལ་བའི་དངོས་པོ་ཡོད་ན་ཡང༌། །དེ་ཡོད་པ་ལ་གནོད་བྱེད་ཕྱིར།།དེ་དང་/འགལ་བ་39དམིགས་པ་ནི། །མེད་པ་ཉིད་དུ་ངེས་པར་འགྱུར།།གཞན་ཡང་ཆོས་གང་དང་འག༷ལ་བ༷འི་དངོས་པོ་ཡོད་པར་གྱུར་ན༷་ཡ༷ང་འགལ་ཟླ་དེ་ཡོད་པ༷་ལ༷་གནོད་པ་བྱེད་པས་ལྷན་ཅིག་འགྲོགས་སུ་མི་རུང་བའི་ཕྱིར་ན་དེ་ད༷ང་འག༷ལ་བ༷་དམིགས་པ༷་ཡི་རྟགས་ནི་འགལ་ཟླ་མེད་པ༷་ཉིད་དུ༷་ངེས་པ༷ར་འགྱུ༷ར་བའི་དགག་རྟགས་ཡིན་ནོ།།
གཉིས་པ་རྩོད་སྤོང་ལ། སྣང་རུང་མ་དམིགས་སྐབས་ལ་རྩོད་པ་དང༌། །མི་སྣང་མ་དམིགས་སྐབས་ལ་རྩོད་པ་འོ། །དང་པོ། གཙོ་སོགས་ཆོས་ཅན་སྒྲ་དོན་ཙམ་དུ་བསྟན། །དེ་ལས་གཞན་དུ་རང་མཚན་ཡོད་མི་འཐད། །དེ་ལ་ལུང་འགལ་སྙམ་པའི་དོགས་པ་སྤང༌། །དང་པོ།
ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབས་པ།།ཡོད་མེད་གཉིས་ཀ་ལ་བརྟེན་པ། །སྒྲ་དོན་ཆོས་ནི་རྣམ་པ་གསུམ།།དེ་དངོས་ཉེར་ལེན་མེད་པ་ཅན། །སྒྲུབ་ལ་དེ་མ་དམིགས་པ་ནི།།དེ་ལྟར་གཏན་ཚིགས་དེ་ཉིད་ནི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར།།སྣང་རུང་མ་དམིགས་པ་འདིས་གཙོ་བོ་མེད་པའི་དོན་དང་ཐ་སྙད་གང་ཡང་སྒྲུབ་མི་ནུས་ཏེ། འདི་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་གཙོ་བོ་ཡོད་པ་མིན་ཏེ་མ་དམིགས་པའི་ཕྱིར་ཞེས་བཀོད་པ་དེ་ལ། སྒྲ་དོན་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་ཅན་གཙོ་བོ་མེད་ན་དེའི་སྒྲ་སྦྱོར་བའང་མི་འཐད་ལ། སྒྲ་མ་སྦྱར་ན་ཆོས་ཅན་མེད་ལ། དེ་མེད་ན་དགག་པ་ཡན་གར་བ་བརྗོད་དགོས་ནའང་དེ་ནི་མི་རུང་སྟེ་དགག་བྱའི་དོན་མ་བསྟན་པར་དགག་པའི་ཐ་སྙད་མི་རུང་ལ། ཆོས་ཅན་མེད་པས་རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པའང་མི་སྲིད་དོ། །གལ་ཏེ་སྒྲ་སྦྱོར་ན་ཆོས་ཅན་གཙོ་བོ་ཡོད་པར་འགྱུར་ལ་དེ་ལྟར་ན་མེད་པར་སྒྲུབ་པ་འགལ་ཞིང་མ་དམིགས་པའི་རྟགས་ཀྱང་ལྡོག་པས་ན་རྟགས་དེས་དེ་ལྟར་ཁེགས་པ་མི་འཐད་དོ་ཞེ་ན། དེ་ནི་སྣང་བརྟག་མ་ཕྱེད་པའི་རྩོད་པ་སྟེ། སྒྲ་དོན་ཡོད་པས་ཆོས་ཅན་མེད་པ་སོགས་སྐྱོན་གསུམ་མེད་ཅིང༌། རང་མཚན་མེད་པས་དམ་བཅའ་འགལ་བ་སོགས་གཉིས་སེལ་བ་ཡིན་ཏེ་གཙོ་བོ་ཞེས་པ་སྒྲ་དོན་ཙམ་ལས་རང་མཚན་གང་ཡང་མེད་དེ། འདི་ལྟར་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་བ༷ག་ཆ༷གས་ལ༷ས་བྱུ༷ང་བ༷འི་རྣ༷མ་པ༷ར་རྟོག་པ༷ས་ཡོངས་སུ་བསྒྲུ༷བས་ཤིང་སྒྲོ་བཏགས་པ༷་བུམ་པ་དང་སྐྱེ་བ་དང་གཅིག་པུ་ལ་སོགས་པ་ཡོད་པ་ཉིད་བརྗོད་པའི་སྒྲ་དོན་དང༌། བུམ་མེད་དང་རི་བོང་རྭ་མེད་དང་སྐྱེ་མེད་དང་གཅིག་མ་ཡིན་པ་སོགས་མེད་པ་འཇལ་བའི་སྒྲ་དོན་དང༌། གཉིས་ཀ༷་ལ༷་བརྟེན་པ༷་ཤེས་བྱ་དང་གཞལ་བྱ་ལ་སོགས་པའི་སྒྲ༷་དོན་གྱི་ཆོས་ནི་རྣ༷མ་པ༷་གསུ༷མ་སྟེ་དེ་གསུམ་བརྗོད་བྱར་བྱེད་པའི་སྒྲ་དེས་དེ་མིན་གཞན་བཅད་ནས་སྒྲའི་དོན་ཙམ་བློ་ཡུལ་དུ་འཕེན་པ་ཡིན་ནོ།།དེས་ན་སྒྲ་དོན་ཙམ་གྱི་གཙོ་བོ་དེ་ཕྱི་རོལ་གྱི་དངོས་པོ་རང་མཚན་གྱི་གཙོ་བོའི་ཉེར་ལེན་ནམ་རྒྱུ་མཚན་མེད་པ༷་ཅ༷ན་གྱི་སྒྲ་དོན་རྐྱང་པ་ཙམ་དུ་སྒྲུ༷བ་པར་བྱེད་པ་ལ༷་གཙོ་བོའི་རང་མཚན་དེ་མ༷་དམིགས་པ༷་ནི། དེ་ལྟ༷ར་དངོས་མེད་དུ་སྒྲུབ་པ་ལ་གཏ༷ན་ཚིགས་ཡང་དག་ཡིན་ནོ། །གཙོ་བོའི་སྒྲ་དོན་ནམ་རྟོག་སྣང་དེ་ཉིད་ནི་མེད་པ༷་མ༷་ཡིན་ཏེ་དེ་ལ་གཙོ་བོ་ཞེས་སྒྲ༷་སྦྱོར་ཞིང་ཆོས་ཅན་དུ་བཞག་པ་ཡིན་པའི་ཕྱིར་རོ།།
གཉིས་པ་དེ་ལས་གཞན་དུ་རང་མཚན་ཡོད་མི་འཐད།
དོན་དམ་གཅིག་ཏུ་འཇུག་ཉིད་ཅན། །མཐོང་བའི་བྱེ་བྲག་ཐ་དད་པའི།།དོན་རྣམས་ལ་ནི་སྒྲ་རྣམས་ནི། །རྒྱུ་མེད་ཅན་འཇུག་མི་འགྱུར་དང༌།།འདས་དང་མ་སྐྱེས་པ་ལ་ཡང༌། །ཚིག་འགའ་ཞིག་ཀྱང་བརྫུན་པ་ཡི།།དོན་ཅན་ཉིད་དུ་མི་འགྱུར་ཕྱིར། །དེ་དག་བློ་དོན་ཡུལ་ཅན་འདོད།།སྒྲ་དོན་བསྙོན་པ་བསྒྲུབ་པ་ལ། །ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར།།ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། །ཡན་གར་ཆོས་ནི་གྲུབ་པ་ཡིན།།སྒྲ་དོན་བསྙོན་པ་མེད་རྣམས་ཀྱིས། །ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས།།དངོས་པོ་ཉིད་ནི་དཔྱད་བྱ་40སྟེ། །འདི་ལ་འབྲས་འབྱུང་རག་ལས་ཕྱིར།།དོན་བྱེད་ནུས་པ་མ་ཡིན་ལ། །དོན་གཉེར་བརྟགས་པས་ཅི་ཞིག་བྱ།།མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན།།སྒྲ་དོན་གྱི་སྣང་བ་དེ་ཉིད་རང་མཚན་མིན་ལ། དེ་རང་མཚན་ལ་བརྟེན་ནས་འབྱུང་བས་ཁྱབ་པ་ཡང་མེད་དེ་རང་མཚན་མེད་ཀྱང་སྒྲ་རྟོག་གིས་འཛིན་པ་ཙམ་སྲིད་པས་སོ། །དེ་ལྟ་མ་ཡིན་པར་སྒྲ་ཐམས་ཅད་དོན་ད༷མ་རང་མཚན་ལ་གཅིག་ཏུ༷་འཇུ༷ག་པ་ཉིད་དེ་རང་མཚན་མེད་པར་སྒྲ་མི་འཇུག་ལ། སྒྲ་ཞུགས་ན་དེའི་བརྗོད་བྱ་རང་མཚན་ཡིན་པས་ཁྱབ་པ་ཅ༷ན་དུ་འདོད་ན། ཞེ་འདོད་དང་གྲུབ་མཐའ་སོ་སོས་མཐོང་བ༷འི་བྱེ་བྲ༷ག་ཐ༷་ད༷ད་པ༷འི་དབང་གིས་དོན་སྒྲ་ལ་སོགས་པ་རྣ༷མས་ལ༷་ནི་རྟག་མི་རྟག་ཡིན་པ་མིན་པ་སོགས་མི་འདྲ་བར་བརྗོད་པའི་སྒྲ༷་རྣམ༷ས་ནི་རྒྱུ༷་མེད་པ་ཅ༷ན་གྱི་ཕྱིར་དེ་ལྟར་འཇུ༷ག་པར་མི་འགྱུ༷ར་ཏེ། དཔེར་ན་ཤིང་གཅིག་ལའང་རང་གིས་མཐོང་བའི་བྱེ་བྲག་ལས་ལ་ལས་ཤིང་རྟག་གོ་ཞེས་བརྗོད་པ་དང་ལ་ལས་མི་རྟག་ཅེས་དང་དེ་བཞིན་དུ་སེམས་ཡོད་མེད་སོགས་བརྗོད་པ་ནི་ཡོད་ཀྱང༌། དེ་ཐམས་ཅད་ཤིང་གི་རང་མཚན་དེ་ལྟ་བུ་ལ་བརྟེན་པ་ཅན་མ་ཡིན་ཏེ་རང་མཚན་ནི་གང་ཡང་རུང་བ་ལས་གཉིས་ཀ་ཡིན་པ་མི་སྲིད་པས་ན་དོན་མི་མཐུན་གྱི་བརྗོད་པ་དེ་དག་ལ་རྒྱུ་མེད་པའི་ཕྱིར་དེ་ལྟར་བརྗོད་ཀྱང་མི་སྲིད་པར་འགྱུར་རོ། །སྐྱོན་དེ་ད༷ང་དེ་བཞིན་དུ་འད༷ས་པ་ད༷ང་མ༷་སྐྱེས་པ༷་ཡི་དོན་གྱི་ཡུལ་ལ༷་ཡ༷ང་སྒྲ་འཇུག་པར་མི་འགྱུར་ཏེ་དེ་དག་ད་ལྟ་མེད་པའི་ཕྱིར་རོ།།གཞན་ཚིག་ཡིན་ནོ་ཅོག་ལས་འག༷འ་ཞིག་ཀྱང༷་བརྫུ༷ན་པ༷་ཡི་དོན་ཅ༷ན་ཉིད་དུ༷་མི་འགྱུ༷ར་ཏེ་ཇི་བརྗོད་ཀྱང་བརྗོད་བྱ་རང་མཚན་དེ་ལྟར་ཡོད་པས་ན་བརྗོད་པ་བརྫུན་པ་གཅིག་ཀྱང་སྲིད་པར་མི་འགྱུར་རོ། །དེའི་ཕྱིར་ན་ཚིག་དེ་ད༷ག་ནི་རྣམ་པར་རྟོག་པའི་བློ་ཡི་དོན་ཏེ་སྣང་བ་ཙམ་གྱི་ཡུ༷ལ་ཅ༷ན་དུ་འདོད་ཀྱི་རང་མཚན་གྱི་དངོས་ཡུལ་ཅན་མིན་ནོ།།དེའི་ཕྱིར་ན་སྒྲ༷་དོན་མེད་ཅེས་བསྙོན་པ༷་ལ་བྱས་ན་བསྒྲུ༷བ་པ༷་ལ༷་བྱ་བའི་ཆོས་ཀྱི་རྟེན་གཙོ་བོ་ལ་སོགས་པའི་སྒྲ་དོན་ཙམ་གྱི་ཆོས་ཅན་དེ་ཡང་ནི་སྤངས་པའམ་བས༷ལ་བ༷འི་ཕྱིར། བསྒྲུབ་བྱ་དང་ཆོས་ཅན་གྱི་ཚོགས་པ༷་ནི་བསྒྲུབ༷་བྱར༷་མི་འགྱུ༷ར་ལ༷་ཆོས་ཅན་གང་གིས་ཁྱད་པར་དུ་མ་བྱས་པའི་བསྒྲུབ་བྱ་ཡ༷ན་ག༷ར་བའི་ཆོས་མེད་པ་ཞེས་པ་ལ་སོགས་པ་ཙམ་ཞིག་ནི་སྔར་ནས་གྲུ༷བ་པ༷་ཡིན་པས་དེ་ཙམ་ལ་ཤེས་འདོད་མེད་དོ།།སྒྲ༷་དོན་ཙམ་མེད་ཅེས་བསྙོན་པ༷་མེད་པ་རྣ༷མས་ཀྱིས་ནི་སྒྲ་དོན་ལྟར་དོན་ལ་ཡོད་པ་དང་མེད་པའི་ཕྱོགས་སོ་སོར་འཛིན་པ་ཉིད་ཀྱི་བྱེ་བྲ༷ག་གིས། འཇུག་བྱའི་འབྲས་བུ་དང་ལྡན་པ་དངོས་པོ་ཉིད་ནི་དཔྱད༷་པར་བྱ༷་བ་ཡིན་པ་སྟེ། དངོས་པོའི་རང་མཚན་འདི་ལ༷་འབྲ༷ས་བུ་འབྱུ༷ང་བ་ར༷ག་ལ༷ས་པའི་ཕྱིར་ཏེ་དགོས་པའི་འབྲས་བུ་དེ་འདི་ལ་རག་ལས་པ་ཁོ་ན་ཡིན་གྱི་སྒྲ་དོན་ཙམ་གྱིས་ནི་འབྲས་བུ་དེ་མི་བྱེད་པའི་ཕྱིར་ཏེ། མེ་ཞེས་པའི་སྒྲ་དོན་ཙམ་བློ་ཡུལ་དུ་གྲུབ་ཀྱང་དེས་གྲང་བ་ཟློག་མི་ནུས་པ་བཞིན་ནོ།།དེས་ན་དོན་བྱེད་ནུ༷ས་པ༷་མ༷་ཡིན་པ་སྒྲ་དོན་ཙམ་ལ༷་འབྲས་བུ་དོན་དུ་གཉེར་བ་དག་གིས་དེ་ཡི་ཚུལ་ནི་འདི་དང་འདི་ལྟ་བུ་ཞེས་བརྟག༷ས་ཤིང་དཔྱད་ནས་དོན་དུ་གྲུབ་པར་འཛིན་པ༷ས་ཅི་ཞིག་བྱ༷་སྟེ། དཔེར་ན་མ༷་ནིང་ལ་འདི་གཟུ༷གས་བཟ༷ང་མི་བཟ༷ང་ཞེས་འཁྲིག་པ་དོན་གཉེར་གྱི་འདོད་ལྡ༷ན་རྣ༷མས་ཀྱིས་བརྟ༷གས་ཤིང་དཔྱད་པས་ཅི་ཕ༷ན་ཏེ་དེས་དོན་དེ་སྒྲུབ་པར་མི་ནུས་པ་བཞིན་ནོ། །དེས་ན་གཙོ་བོ་ལ་སོགས་པའི་སྒྲ་དོན་ཙམ་གྲུབ་ཀྱང་དེས་རྣམ་འགྱུར་རྣམས་སྐྱེད་པའི་བྱ་བ་ནི་མི་བྱེད་ལ་བྱེད་པར་བརྟག་པའི་གཙོ་བོ་རང་མཚན་པ་ནི་མི་འགྲུབ་བོ།།
གསུམ་པ་དེ་ལ་ལུང་འགལ་སྙམ་པའི་དོགས་པ་སྤང༌།
རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། །སྒྲ་ཡི་དོན་ནི་བརྟགས་པ་ཡིན།།དངོས་རྟེན་མ་གྲུབ་འདི་ཆོས་སུ། །རིགས་པ་སྨྲ་བས་གསུངས་པ་ཡིན།།སློབ་དཔོན་ཕྱོགས་ཀྱི་གླང་པོས། བརྟག་པ་མ་དམིགས་པ་ནི་ཆོས་སོ་ཞེས་ཕྱི་རོལ་གྱི་གཙོ་བོ་སོགས་མ་དམིགས་པ་དེ་ཉིད་ཕྱོགས་ཤེས་འདོད་ཀྱི་ཆོས་སུ་བཤད་ལ། འདིར་ནི་སྒྲའི་དོན་དངོས་པོའི་ཉེར་ལེན་ཅན་དུ་མ་དམིགས་པ་ཆོས་སུ་བཤད་པས་དེ་གཉིས་མི་འགལ་ལམ་ཞེ་ན། མི་འགལ་ཏེ་དེ་གཉིས་དོན་གཅིག་ཡིན་པའི་ཕྱིར་རོ།།ཇི་ལྟར་ན་རྣམ་པར་རྟོག་པ༷འི་ཤེས་པ༷འི་ཡུ༷ལ་ཡིན་པ་ཉིད་ཀྱིས་གཙོ་བོ་ལ་སོགས་པའི་སྒྲ༷་ཡི་དོན་ནི་བློས་ཀུན་ཏུ་བརྟ༷གས་པ༷་ཙམ་ཡིན་ལ། དེ་ཉིད་དངོས་པོའི་རྟེན་ནམ་ཉེར་ལེན་ཅན་དུ་མ༷་གྲུ༷བ་པའམ་མ་དམིགས་པ་འདི་ནི་སྒྲ་དོན་ཙམ་གྱི་ཆོས་ཅན་དེའི་ཆོས་སུ་རིགས་པ༷་སྨྲ༷་བ་ཕྱོགས་ཀྱི་གླང་པོ་ཞེས་པའི་མཚན་མངའ་བ༷ས་གསུ༷ངས་པ༷་ཡིན་ནོ། །ཕྱི་རོལ་ན་གཙོ་བོའི་རང་མཚན་མ་དམིགས་པ་དེས་གཙོ་བོ་ཞེས་པ་འདི་སྒྲ་དོན་ཙམ་འབའ་ཞིག་ཏུ་འགྱུར་གྱི་དངོས་པོའི་རྒྱུ་ཅན་གྱི་བརྗོད་པ་མ་ཡིན་པ་རི་བོང་གི་རྭ་ཞེས་བརྗོད་པ་དང་མགོ་མཚུངས་པར་སོང་བ་ཡིན་ནོ། །དེས་ན་སྒྲ་དོན་རྣམས་ནི་སྣང་བརྟག་གཅིག་ཏུ་འདྲེས་པའི་ཚུལ་གྱིས་འཇུག་པ་ལ་དེ་མེད་པར་དགག་པ་ན་སྒྲ་དོན་ཙམ་འགོག་པ་མིན་ལ། དེས་བཟུང་བ་ལྟར་དོན་དུ་གྲུབ་པ་མེད་པར་འགྲོ་བའི་གནད་འདིས་རྟགས་ལ་ཚུལ་གསུམ་ཚང་བའི་སྒོ་ནས་དོན་དེ་འགོག་ནུས་པ་ཡིན་ནོ།།
གཉིས་པ་མི་སྣང་བ་མ་དམིགས་པའི་སྐབས་ལ་རྩོད་པ་ལ། ཚད་མ་མེད་པའི་ལུང་ཙམ་སྒྲུབ་བྱེད་མིན། །དེ་ཁས་ལེན་པ་བླུན་པོའི་རྟགས་སུ་བསྟན། །དང་པོ་ལ། ལུང་ཙམ་ལོག་ཀྱང་བསྐལ་དོན་མི་ཁེགས་ཚུལ། །དེ་ལྟར་བསྟན་པའི་མཇུག་ནི་བསྡུ་བ་འོ། །དང་པོ་ལ། བྱེད་པོ་ཡོད་མེད་བརྟགས་ནས་དགག་པ་དང༌། །ཕྱོགས་གཅིག་བདེན་པས་ཀུན་བདེན་དགག་པ་འོ། །དང་པོ་ལ། སྐྱེས་བུས་བྱས་པའི་ལུང་ལ་བརྟག་པ་དང༌། །སྐྱེས་བུས་མ་བྱས་ལུང་འདོད་དགག་པ་འོ། །དང་པོ་ལ། སྐྱེས་བུས་བྱས་ཙམ་ལུང་དུ་མི་ངེས་ལ། །སྐྱེས་བུ་ཁྱད་འཕགས་ཤེས་པར་དཀའ་བའི་ཚུལ། །དང་པོ་ལ། དགག་པ་དངོས་དང་ལུང་འགལ་སྤང་བ་འོ། །དང་པོ།
སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར།།དེ་ལས་དོན་གྲུབ་མིན་དེ་དག །སྨྲ་པོའི་བསམ་པ་སྟོན་པར་བྱེད།།རིག་བྱེད་པ་སོགས་ན་རེ། མི་སྣང་བ་མ་དམིགས་པའི་སྐབས་སུ། བསྟན་བཅོས་དོན་དང་འབྲེལ་མེད་དང༌། །ཞེས་པ་དེ་མི་འཐད་དེ། མངོན་རྗེས་ཀྱི་ཚད་མ་ནི་ཉི་ཚེ་བའི་ཡུལ་ཅན་ཡིན་པས་དེ་ལོག་པས་ཡུལ་དེ་མེད་པར་མ་ངེས་ཀྱང༌། ལུང་ནི་དོན་མ་ལུས་པའི་ཡུལ་ཅན་ཡིན་པས་ལུང་ལོག་པའམ་ལུང་ལས་མ་བཤད་ན་མེད་པར་ཤེས་པར་བྱ་སྟེ།རིག་བྱེད་ལས་ནི་གང་མ་བསྟན། །དེ་ནི་མེད་པར་ཤེས་བྱ་སྟེ།།རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་པ་ལྟར་སྐྱེས་བུའི་ཉེ་བར་མཁོ་བ་མཐའ་དག་བསྟན་བཅོས་ལས་མི་སྟོན་པ་མི་སྲིད་དེ་རིག་བྱེད་ནི་ཤེས་བྱ་མཐའ་དག་གི་ཡུལ་ཅན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འདི་དག་གི་ཞེ་འདོད་རིག་བྱེད་ཀྱི་ལུང་ནི་དོན་ལ་མི་སླུ་བའི་ཚད་མར་ཁས་བླངས་ནས་དེར་མ་བཤད་པ་སངས་རྒྱས་པ་དག་གི་འདོད་པ་རྣམས་ནི་མི་འགྲུབ་བོ་སྙམ་དུ་ཞེ་ལ་བཞག་ནས་སྒྲ་བྱུང་ངམ་ལུང་གི་ཚད་མ་ཞེས་རང་རྐྱ་བར་འདོད་པའོ། །དེ་ཡང་སྐྱེས་བུའི་རྣམ་པར་རྟོག་པས་བརྟག་བྱ་མཐའ་དག་སྟོན་པའི་ལུང་མི་རྙེད་དེ། ལུང་རྣམས་ནི་རང་རང་གི་སྐབས་ཀྱི་བརྗོད་བྱ་ཙམ་སྟོན་གྱི་དེར་ཉེ་བར་མཁོ་བ་མེད་པ་གཞན་དང་གཞན་སྟོན་པ་ནི་སྐབས་དང་མ་འབྲེལ་བ་ཡིན་ལ་ཐམས་ཅད་ལུང་གཅིག་གིས་བསྟན་པར་ཡང་མི་ནུས་སོ། །ཐམས་ཅད་མཁྱེན་པ་ལྟ་བུས་མཁྱེན་དུ་ཟིན་ཀྱང་དེ་ལུང་དུ་བྱས་ནས་སུ་ཞིག་གིས་བསྡུ་བར་ནུས། དེས་ན་བསྟན་བཅོས་ནས་མ་བཤད་པ་ཙམ་གྱིས་བསྐལ་དོན་མེད་པར་མི་འགྱུར་རོ། །གཞན་ཡང་རྣམ་པར་མ་བརྟགས་པར་ལྐོག་གྱུར་ལ་མི་སླུ་བའི་ལུང་ཡིན་པར་ཁས་བླང་དུ་མི་རུང་སྟེ། རྒྱུ་མཚན་སྒྲ༷་རྣ༷མས་ནི་བརྗོད་བྱའི་དངོས་པོ་ད༷ང་ལྷ༷ན་ཅིག་ཏུ༷་མེད་ན༷་མི་འབྱུ༷ང་གི་འབྲེལ་བ་ཉིད་མེད་དེ་ལོག་པའི་དོན་ཅན་གྱི་ཚིག་ཀྱང་སྲིད་པའི་ཕྱིར་ན། སྒྲ་དེ་ལ༷ས་བརྗོད་བྱའི་དོན་བརྗོད་པ་ལྟར་གྲུ༷བ་པའི་ངེས་པ་ཡོད་པ་མིན་པས་ན་ལུང་དུ་འདོད་པའི་སྒྲ་དེ་དག་བརྗོད་བྱའི་དོན་ལ་མི་འཁྲུལ་བའི་ཚད་མ་ཡིན་པའི་ངེས་པ་ཅི་ཡང་མེད་ལ། སྒྲ་དེ་ད༷ག་ནི་སྨྲ༷་བ་པོའི་བརྗོད་འདོད་ཀྱི་བས༷མ་པ༷་ཇི་ལྟ་བུ་ཡིན་པ་སྟོན་པ༷ར་བྱེད་པའི་རྟགས་སུ་གྱུར་པ་ཙམ་ཡིན་པ་དེས་ན་ལུང་བྱེད་པ་པོ་རང་གིས་ཇི་ལྟར་གཞལ་བའི་འཁྲུལ་པ་དང་མ་འཁྲུལ་པའི་དོན་དེ་ལྟར་བརྗོད་འདོད་ཀྱིས་བརྗོད་པ་ཙམ་མཚོན་ནོ།།
གཉིས་པ་ལུང་འགལ་སྤང་བ།
ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད།།འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག།ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན།།མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌།།རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ཡི་མི་སླུ་བའོ།།ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌།།གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་གསུངས།།བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས།།གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན།།དེ་ལྟར་ལུང་ཚད་མར་མི་འདོད་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། ཡིད་ཆེས་ཚིག་ནི་མི་སླུ༷་བ༷འི། །སྤྱི་ལ༷ས་རྗེས་སུ༷་དཔ༷ག་པ༷་ཉིད། །ཅེས་ལུང་ཚད་མར་བཞེད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་འདིར་ལུང་ཚད་མ་མེད་དོ་ཞེས་དགག་པ་མ་ཡིན་ཏེ་ཡོངས་སུ་བརྟག་པའི་ཁྱད་པར་མེད་ན་ལུང་གི་སྒྲ་ཙམ་གྱིས་དོན་མ་ནོར་བར་གཞལ་མི་ནུས་ཞེས་སྟོན་པ་ཡིན་ལ། དཔྱད་པས་དག་པར་མ་གྱུར་པའི་ལུང་ཙམ་ཚད་མར་འདོད་པ་རྣམས་ཀྱིས་ནི་སྒྲ་ཙམ་ཚད་མར་བཟུང་བ་ལས་རྒྱུ་མཚན་གཞན་མི་རྙེད་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱི་ལུང་དེའི་དོན། ཡིད་ཆེས་ཚིག་ནི་ཞེས་བྱ་བ་དང༌། མི་སླུ་བ་ཞེས་བྱ་བ་དང༌། སྤྱི་ལས་རྗེས་སུ་དཔག་པ་ཞེས་བྱ་བ་རིམ་བཞིན་ཚིགས་བཅད་རེ་རེས་བཤད་པའི་དབང་དུ་མཛད་དེ། ངག་གང་ལ་བླང་དོར་བཏང་སྙོམས་སུ་བྱ་བའི་དོན་སྟོན་པ་ན་ངག་དེ་བསྟན་བྱའི་དོན་ལ་འབྲེལ་བ་ཅན་ནི་བརྗོད་བྱའི་དོན་དེ་ལ་ཕན་ཚུན་ཕན་པའི་ཡན་ལག་ཏུ་གྱུར་པ་ཡིན་གྱི་འབྲེལ་བ་མེད་པ་ནི་སེའུ་བཅུ་པའི་ངག་ལྟ་བུ་སྟེ། སེ་འུ་བཅུ་དང་ཁུར་བ་དྲུག །རི་དྭགས་པགས་པ་རྩྭའི་གོང་བུ། །ཞེས་པ་ལ་སོགས་པའི་ངག་དེ་ནི་ཕན་ཚུན་ཕན་པའི་འབྲེལ་བ་མེད་པ་དཔེར་ན་ནད་ལ་ཕན་པའི་སྨན་གྱི་ཚུལ་འཆད་པ་ན་སྒྲའི་རྐྱེན་དང་རྣམ་འགྱུར་ལ་སོགས་པ་གཞན་བརྗོད་པ་བཞིན་ནོ། །དེས་ན་འབྲེལ་བ༷་ཅན་གྱི་ངག་ཡིན་པ་ད༷ང་ནི། སྐྱེས་བུས་སྒྲུབ་པར་ནུས་པ་དང་རྗེས་སུ་མཐུ༷ན་པའི་ཐ༷བས་གང་ཡིན་པ་སྟོན་པ་དང༌། མཐོ་རིས་དང་བྱང་གྲོལ་སོགས་གཙོ་བོར་གྱུར་པའི་སྐྱེས་བུ༷འི་མངོན་འདོད་ཀྱི་དོན་དག་ནི་རྗོད་པར་བྱེད་པ་ད༷ག་ཡིན་པ་སྟེ་ཁྱད་པར་གསུམ་ཡོད་པ་ལ་འཇུག་གི དེ་གསུམ་མེད་པ་ལ་དགོས་པ་མེད་པའི་ཕྱིར་བརྟག་ཅིང་འཇུག་པར་བྱ་བ་མ་ཡིན་ནོ། །དེ་ཡང་འབྲེལ་བ་ཡོད་ཀྱང་ཐབས་སྒྲུབ་པར་མི་ནུས་པ་ནི་དུག་ཞི་བའི་ཐབས་སུ་ཀླུ་འཇོག་པོའི་གཙུག་གི་ནོར་བུས་རྒྱན་བྱས་ན་ཕན་ནོ་ཞེས་སྟོན་པ་ལྟ་བུ་དང༌། སྒྲུབ་ནུས་ཀྱང་སྐྱེས་བུའི་དོན་གྱི་ཉེར་མཁོ་མེད་པ་བྱ་རོག་གི་སོ་བརྟག་པ་ལྟ་བུའོ། །དེ་ལྟ་བུའི་ངག་རྣམས་ནི་འཁྲུལ་མ་འཁྲུལ་དུ་དཔྱད་པའི་ཁུར་ཡང་མི་ལེན་ཏེ་དགོས་པ་མེད་པས་རྟོག་ལྡན་གྱི་སྐྱེས་བུ་རྣམས་མི་འཇུག་པ་ཡིན་ནོ། །དེས་ན་འབྲེལ་བ་སོགས་གསུམ་ཡོད་པ་དེ་ལ་འཇུག་པ་ན་ཡང་དེ་མཐོང་ཙམ་ནས་ལུང་ཡང་དག་ཏུ་ཁས་ལེན་པས་མ་ཡིན་ཏེ། དཔྱད་པ་གསུམ་གྱིས་ཡོངས་སུ་བརྟག༷ས་ཏེ་ཡིད་ཆེས་པའི་དབ༷ང་དུ༷་བྱ༷ས་ནས་ཡིད་ཆེས་པའི་ཚིག་ཅེས་གསུངས་པ་ཡིན་གྱི་དེ་ལ༷ས་གཞ༷ན་པ་ཚིག་འབྲེལ་བ་མེད་པ་དང༌། དོན་སྒྲུབ་མི་ནུས་པ་དང༌། དགོས་པ་མེད་པའམ་དཔྱད་པས་མ་དག་པ༷འི་ངག་གང་བྱུང་ལ་ལུང་དུ་བཞེད་པའི་དབ༷ང་དུ་བྱ༷ས་པ་མིན་ནོ། །ཡོངས་སུ་བརྟགས་པ་ཞེས་པ་གང་ཡིན་སྙམ་ན། མཐོང་བ་མངོན་གྱུར་གྱི་དོན་ད༷ང་མ༷་མཐོང་བའི་དངོས་པོ་ལྐོག་གྱུར་དང་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡི་དོན་དེ་ལུང་གང་ནས་བསྟན་པ་དེ་ད༷ག་ལ༷་འཇལ་བྱེད་མངོན་སུ༷མ་ཚད་མ་ད༷ང༌། ལུང་ལ་མ་བརྟེན་པ་དང་ལུང་དེ་ཉིད་ལ་བརྟེན་པའི་རྗེས་སུ༷་དཔ༷ག་པ་རྣ༷མ་པ་གཉིས་ཀྱིས་ཀྱ༷ང་གནོད་པ་མེད་པའི་ངག་ནི་ཉེས་པ་ཟད་པའི་ངག་སྟེ་ཚུལ་དེ་ལྟ་བུ་དང་ལྡན་པ་བསྟན་བཅོས་འདི་ཡི་མི་སླུ༷་བ༷་ཞེས་བྱའོ། །དེ་ལ་སངས་རྒྱས་པའི་གཞུང་ལས་མངོན་སུམ་གྱི་ཡུལ་དུ་འདོད་པ་ཕུང་པོ་ལྔ་ལྟ་བུ་ནི་གཞན་རིག་དང་རང་རིག་གིས་མངོན་སུམ་དུ་གྲུབ་པས་བསྟན་དོན་དེ་ལ་མངོན་སུམ་གྱིས་མ་གྲུབ་པའི་སྐྱོན་མེད་ལ། མངོན་སུམ་དུ་མི་འདོད་པ་ནི་བདེ་སོགས་ཀྱི་ངོ་བོར་གྱུར་པའི་སྒྲ་དང༌། ཐུན་མོང་བར་གྱུར་པའི་སྤྱི་ལ་སོགས་པ་གཞན་མུ་སྟེགས་བྱེད་རྣམས་ཀྱིས་མངོན་སུམ་དུ་འགྱུར་བར་ཁས་བླངས་པ་ཕལ་ཆེ་བ་དེ་དག་ཡིན་ལ། དེ་དག་མངོན་སུམ་མིན་པར་བསྟན་པ་ལྟར་ནམ་ཡང་མངོན་སུམ་དུ་མཐོང་བ་མེད་པས་ན་མངོན་སུམ་གྱི་ཚད་མས་བསྟན་དོན་དེ་ལ་མ་གནོད་ཅིང་གྲུབ་པ་ཡིན་ནོ།།ཡང་ལུང་དེ་ཁོ་ནའི་ཚིག་ཙམ་ལ་བརྟེན་པ་མ་ཡིན་པར་རིགས་པས་བགྲོད་ནུས་པའི་ཡུལ་དུ་གྱུར་པས་རྗེས་སུ་དཔག་བྱར་བསྟན་པ་བདག་མེད་པ་སོགས་བདེན་པ་བཞིའི་དོན་བསྟན་པ་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་དེ་ལྟར་གྲུབ་ཅིང༌། གཞན་གྱིས་རྗེས་སུ་དཔག་བྱར་འདོད་པ་བདག་དང་གཙོ་བོ་སོགས་ཡོད་པ་ལ་འཐད་པ་མེད་པར་རྗེས་དཔག་གི་ཚད་མས་གྲུབ་པ་སྟེ། དེ་ལྟར་མངོན་རྗེས་གཉིས་ཀྱི་དཔྱད་པས་དག་པ་ན་བསྟན་བཅོས་དེ་གཟུང་བར་བྱས་ནས་དེ་ལའང་ལུང་དེ་ལས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་ཁྱད་པར་བསྟན་པ་རྣམས་ལ་ལུང་དེ་ཉིད་ལ་བརྟེན་པའི་རྗེས་དཔག་ནི། རང་ཚིག་སྔ་ཕྱི་དང་དངོས་ཤུགས་འགལ་བ་ཡོད་མེད་རྗེས་སུ་དཔག་པ་སྟེ། དཔེར་ན། ཆགས་སྡང་རྨོངས་གསུམ་ཆོས་མིན་གྱི་རྒྱུ་དང༌། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་ཀྱང་ཆོས་མིན་དུ་ཁས་བླངས་ནས། ཆོས་མིན་དེ་སྤང་ཕྱིར་འབབ་སྟེགས་ལ་ཁྲུས་བྱེད་པ་དང་མེ་ལ་མཆོང་བ་སོགས་ཐབས་སུ་བསྟན་པ་ནི་ཆོས་མིན་དེའི་རྒྱུ་དང་མི་འགལ་བས་ན་བད་ཀན་གྱི་ནད་ལ་མངར་སྣུམ་བསིལ་བ་བརྟེན་པས་མི་སེལ་བ་ལྟར་རང་ཚིག་འགལ་བས་གནོད་པ་ཡིན་ནོ། །དེ་ལྟ་བུར་རང་ཚིག་འགལ་བ་མེད་པ་སྦྱིན་པ་དང་བྱམས་སོགས་བདེ་བའི་རྒྱུར་གསུངས་པ་ལྟ་བུ་ནི་ལུང་ལ་བརྟེན་པའི་རྗེས་སུ་དཔག་པས་དག་པ་ཡིན་ནོ།།དེ་ལྟར་ཚད་མ་གཉིས་ཀྱི་ཡུལ་ལ་རྣམ་པར་དཔྱོད་པས་དག་པར་གྱུར་པའི་ཡིད་ཆེས་ཀྱི་ཚིག་ནི་མི་སླུ༷་བ༷འི་སྤྱི་སྟེ་ངག་གང་ལ་ཉེས་པ་མེད་པའི་གཞུང་དུ་གཅིག་ཅིང་ཉེས་ཟད་ཀྱི་ངག་སྨྲ་བ་དེའི་གསུང་དུ་གཅིག་པས་ན། སྤྱིར་མི་སླུ་བ་ཙམ་ལ༷ས་གཞལ་བྱ་ཤིན་ལྐོག་སྟོན་པའི་ཚིག་འདི་ཡི་ཡུ༷ལ་མངོན་རྗེས་ཀྱིས་གཞལ་མི་ནུས་པར་ལྐོག་ཏུ་གྱུ༷ར་པ་ཡིན་ན༷འ༷ང༌། ལུང་ལ་མ་བརྟེན་པར་ཚད་མ་གཞན་གྱིས་འཇུག་པའི་གོ་སྐ༷བས་མེད་པ༷འི་ཕྱིར་ཤིན་ལྐོག་ལ་ཞུགས་པའི་བློ་ནི་ལུང་ལས་རྗེས་སུ༷་དཔ༷ག་པ༷་ཉིད་དུ༷་གསུ༷ངས་པ་ཡིན་ནོ། །རིགས་པས་བགྲོད་པར་བྱ་བའི་གནས་ལ་མ་འཁྲུལ་དུ་ཟིན་ཀྱང་སྤྱི་ལ་མི་སླུ་བ་ཡོད་པས་བྱེ་བྲག་གི་དོན་ཤིན་ལྐོག་ལ་ཉེས་པ་ཟད་པ་སྒྲུབ་མི་ནུས་སོ་སྙམ་ན། བསྒྲུབ་མ་ནུས་ཀྱང་ཚིག་དེ་དག་ལ་སྐྱོན་མ་མཐོང་བས་ན་ཡིད་མི་ཆེས་པ་མ་བྱུང་ཞིང་སྐྱེས་བུ་བདེན་པའི་ངག་ལ་ཡིད་རྟོན་པ་ལྟར་གྱུར་པ་དང༌། གཞན་ཡིད་ཆེས་པའི་རྐྱེན་ཡང་ཡོད་པས་ན་ངག་རྗོད་པ་པོ་ཤེས་རབ་རྣམ་པར་དག་ཅིང་བརྩེ་བ་ཅན་དེ་ལྟ་བུས་གཞན་ལ་ཕྱིན་ཅི་ལོག་སྟོན་པའི་རྒྱུ་མེད་པའི་ཕྱིར་ཤིན་ལྐོག་སྟོན་པའི་ལུང་འདི་ཡང་གཞན་ཉེས་པ་ཟད་པའི་ཚིག་རྣམས་དང་མཚུངས་པར་རྗེས་སུ་དཔོག་རུང་བ་ཡིན་ནོ། །གལ་ཏེ་ཤིན་ལྐོག་ལ་མི་སླུ་བ་དངོས་སུ་བསྒྲུབ་མ་ནུས་ན་དེས་བསྟན་དོན་ལྟར་ཞུགས་པས་ཅི་བྱ་ཞེ་ན། གཞལ་བྱ་གསུམ་པ་དངོས་སུ་བསྒྲུབ་ནུས་ན་ལུང་ལ་ཡང་བརྟེན་ཅི་ཞིག་དགོས་ཏེ་བྱིས་པ་རང་ཉིད་ཀྱིས་སྨན་དང་དུག་གི་ནུས་པ་ཤེས་ན་ཕ་མ་སོགས་ཀྱིས་མ་བསྟན་པར་ཡང་རང་ཉིད་འཇུག་ལྡོག་བྱེད་པ་བཞིན་ནོ། །འོན་ཀྱང་འཇིག་རྟེན་ཕ་རོལ་གྱི་དོན་དུ་སྦྱིན་སོགས་ལ་འཇུག་པ་ནི་བཏང་སྙོམས་སུ་བྱ་བའི་འོས་མ་ཡིན་ཏེ་བདག་བདེ་བ་འདོད་པ་པོ་ལ་ཁེ་ཉེན་ཆེ་བས་ན་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བར་ཆ་བ་41བཞིན་ནོ།།དེས་ན་མ་འོངས་པའི་དོན་དེ་དག་དཔྱད་པར་བྱ་བ་ཡིན་གྱི་བཏང་སྙོམས་སུ་མི་འོས་པས་ན་དེ་དཔྱད་པ་ལ་རྒྱུ་མཚན་གཞན་གྱི་གོ་སྐབས་མེད་པས་ན་ལུང་ལ་བརྟེན་ནས་འཇུག་ལྡོག་བྱ་དགོས་ཤིང་དེ་ཡང་མི་སླུ་བར་ཡིད་ཆེས་པ་ཡོད་པ་ལས་དཔག་རུང་གི་གཞན་གྱིས་མ་ཡིན་ནོ། །འོ་ན་དེ་འདྲ་བའི་ལུང་དམིགས་སམ་ཞེ་ན་དམིགས་ཏེ། སྐྱེས་བུའི་དོན་ཡིན་ནོ་ཅོག་གི་ནང་ན་དེ་བས་ཕུལ་དུ་ཕྱིན་པ་གཞན་མེད་པ་ནི་གཏན་དུ་བདེ་བ་མྱ་ངན་ལས་འདས་པ་ཡིན་ལ། དེ་འདྲའི་བླ༷ང་བྱ་འགོག་པའི་བདེན་པའམ་དེ་ཁོ་ན་ཉིད་ད༷ང་དོར་བྱ༷འི་རང་བཞིན་སྡུག་བསྔལ་གྱི་དེ་ཉིད་དམ་བདེན་པ་ནི་ཐ༷བས་དང་བཅ༷ས་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོང་བའི་ཐབས་དང༌། འགོག་པ་མངོན་དུ་བྱེད་པའི་རྒྱུ་ལམ་རྒྱུད་ལ་བརྟེན་པའི་ཐབས་བདེན་པ་བཞི་ནི་མི་ཡི་སེངྒེ་སངས་རྒྱས་ཀྱིས་བསྟན་ལ། ཇི་སྐད་བསྟན་པ་དེ་ལྟར་ཚད་མས་ར༷བ་ཏུ༷་ངེས་པར་གྱུར་པ༷་མཐོང་བ་ཡིས་གཙོ་བོའི་དོན་ངེས་པར་ལེགས་པ་བསྟན་པ་ལ༷་མི་སླུ༷་བའི་ཕྱིར་གཞ༷ན་ཤིན་ལྐོག་སྟོན་པ་ལ༷འང་མི་སླུ་བར་རྗེས་སུ༷་དཔ༷ག་པ༷་ཡིན་ནོ། །དེས་ན་དེ་འདྲའི་བསྟན་བཅོས་ལ་འབྲེལ་བ་སོགས་གསུམ་ཚང་ཞིང་དཔྱད་པ་གསུམ་གྱིས་དག་པས་ན་ལུང་ཚད་མ་ཞེས་བྱ་བ་ཡིན་ནོ།།
གཉིས་པ་སྐྱེས་བུ་ཁྱད་འཕགས་ཤེས་པར་དཀའ་བའི་ཚུལ་ལ། ལུང་དེ་གཉིས་མེད་སྐྱེས་བུས་བསྒྲུབས་ན་དཀའ། །སྐྱེས་བུ་ཁྱད་འཕགས་ཤེས་པར་དཀའ་བའི་ཚུལ། །དང་པོ།
སྐྱེས་བུ་ཕུལ་བྱུང་ལ་ལྟོས་པ། །ཇི་བཞིན་དོན་དུ་གཞན་གྱིས་ཤེས།།གལ་ཏེ་ཕུལ་དུ་བྱུང་བ་དེ། །ཤེས་པར་ནུས་ན་དོན་འདི་འདོད།།འདི་ནི་འདི་ལྟའམ་མིན་ནོ་ཞེས། །གཞན་ལ་སྐྱོན་ལྡན་སྐྱོན་/མེད་ཀྱང༌།།42ཚད་མ་རྣམས་ནི་རྙེད་དཀའི་ཕྱིར། །རྟོགས་དཀའ་ཞེས་ནི་གཞན་གྱིས་ཤེས།།སྐྱོན་མེད་ཅིང་ཡོན་ཏན་ལྡན་པའི་སྐྱེས་བུ༷་ཁྱད་འཕགས་སམ་ཕུ༷ལ་དུ་བྱུ༷ང་བ་ལ༷་ལྟོས་པ༷འམ་བརྟེན་པ་ཡི་བསྟན་བཅོས་ནི་ཇི་ལྟ་བ་བཞིན་གྱི་དོན་ཅན་ཏེ་བདེན་པ་ཉིད་དུ༷་རིགས་པ་ཅན་པ་དང་ཙ་ར་ཀ་རི་ཁྲོད་རྗེ་སོགས་གཞ༷ན་གྱིས་ཤེས་པའམ་འདོད་པ་ཡིན་ནོ། །ག༷ལ་ཏེ་དེ་འདྲའི་ཕུ༷ལ་དུ༷་བྱུ༷ང་བ༷་དེ་ཚད་མས་ཤེས་པ༷ར་ནུ༷ས་ན༷་དེའི་ངག་བདེན་པའི་དོན་ཅན་ཡིན་པ་འདི་འདོད་མོད་ཀྱང༌། ལུང་བྱེད་པ་པོ་འདི་ནི་ཡོན་ཏན་སོགས་ཀྱི་ཚུལ་འདི་ལྟ་བུ་ཡིན་པའ༷མ་མིན་ནོ་ཞེས་དང༌། གང་ཟག་གཞ༷ན་ལ༷་ཆགས་སོགས་སྐྱོན་ལྡ༷ན་པ་དང་སྐྱོན་དེ་མེད་པ་ཡིན་ཀྱ༷ང་དེ་དག་རྣམ་པ་ཀུན་ཏུ་ངེས་པའི་དངོས་སྟོབས་ཀྱི་ཚ༷ད་མ༷་རྣ༷མས་ནི་རྙེད་དཀ༷འི་ཕྱིར་ན། སྐྱེས་བུ་ཕུལ་བྱུང་ཡིན་མིན་རྟོགས་པར་དཀ༷འོ་ཞེས་ནི་གཞ༷ན་གྱིས་ཤེས་པ་སྟེ་སངས་རྒྱས་པ་དག་གིས་དེ་ལྟར་འདོད་དོ། །གཞན་སེམས་ཀྱི་སྐྱོན་ཡོན་ནི་རྣལ་མངོན་མེད་པ་ཕལ་གྱིས་མངོན་སུམ་མིན་ལ། རྗེས་དཔག་ཀྱང་རང་བཞིན་གྱི་རྟགས་མེད་དེ་རང་བཞིན་དེ་ནི་བསྒྲུབ་བྱ་ཡིན་པས་སོ།།སྐྱོན་ཡོན་ལས་བྱུང་བའི་ལུས་ངག་གི་རྣམ་པར་རིག་བྱེད་འབྲས་རྟགས་ཡིན་དགོས་ཀྱང་ཐ་སྙད་ཕལ་ཆེར་བློ་སྔོན་དུ་བཏང་ནས་གཞན་དུ་བྱ་བར་མ་ནུས་པས་ན་སྐྱེས་བུའི་འདོད་པས་འཇུག་པ་ཙམ་ཡིན་པས་ཕྱིའི་སྤྱོད་ལམ་དང་ནང་གི་བསམ་པ་མཚུངས་པའི་ངེས་པ་མེད་དེ། སྐྱེས་བུ་རྣམས་བསམ་པ་སྣ་ཚོགས་པ་ཅན་ཡིན་ལ་དེའི་སྐྱོན་ཡོན་ཕྲ་མོ་ནས་ཀྱང་མཐོང་བའི་རྟགས་ཡོངས་སུ་རྫོགས་པ་མི་རྙེད་དོ། །དེས་ན་སྐྱེས་བུས་ལུང་ཡང་དག་པར་བསྒྲུབ་ན་མི་རིགས་ཀྱི་ལུང་གིས་སྐྱེས་བུ་དག་པར་བསྒྲུབ་ན་རིགས་སོ་ཞེས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར་བསྟན་པའོ།།
གཉིས་པ་སྐྱེས་བུ་ཁྱད་འཕགས་ཤེས་པར་དཀའ་བའི་ཚུལ་ནི།
འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར།།དེ་གོམས་པ་ལས་བདག་འགྱུར་བས། །ལ་ལ་ཟག་པ་ཟད་པར་འགྱུར།།འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས།།འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ།།ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན།།དེ་མ་རིག་དེར་དེ་ལ་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌།།དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས།།གཞན་ལས་འཇིག་ཚོགས་ལྟ་བ་སྟེ། །དེ་སྤངས་པ་ན་སྤོང་ཕྱིར་རོ།།དེ་ལྟ་ན་ཅི་ཉེས་བྲལ་གྱི་སྐྱེས་བུ་སྲིད་པའི་ཚད་མ་མེད་པར་འདོད་པ་ཡིན་ནམ་ཞེ་ན། མིན་ཏེ་རང་གི་གཉེན་པོ་འཕེལ་བས་འགྲིབ་པ་ད༷ང་གཉེན་པོ་འགྲིབ་པ་ན་དེ་ཕུ༷ལ་དུ་བྱུ༷ང་བ་སྟེ་ལྷག་པར་འཕེལ་བ་ལ་བརྟེན་པ༷་ཆགས་སོགས་ཉེས་པ་ཀུ༷ན་ནི་འཕེལ་འགྲིབ་ཡོད་པ་དེའི་ཕྱིར་ན་རང་སྤོང་བྱེད་ཀྱི་མི་མཐུ༷ན་ཕྱོགས་ད༷ང་བཅ༷ས་པ་ཉིད་ཀྱི་ཕྱིར། བདག་མེད་པ་སོགས་གཉེན་པོ་དེ་གོམས་པ་རབ་ཀྱི་མཐར་ཐུག་པ༷་ལ༷ས་ཤེས་རྒྱུད་གཉེན་པོ་དེའི་བད༷ག་ཉིད་དུ་འགྱུ༷ར་བ་ཡོད་པ་དེ་བ༷ས་ན། རྒྱུད་ཀྱི་ཁྱད་པར་ལ༷་ལ༷་དག་གི་ཟ༷ག་པ༷་སྟེ་འདིས་འཁོར་བར་ཟག་ཅིང་ལྟུང་བར་བྱེད་པ་ཉོན་མོངས་པ་ཐམས་ཅད་ཟ༷ད་པ༷ར་འགྱུ༷ར་བ་སྲིད་དོ། །གལ་ཏེ་ཐོག་མེད་ནས་འདྲིས་པའི་ཆགས་སོགས་ཀྱང་གཉེན་པོས་འཇོམས་སྲིད་པ་བཞིན་གཉེན་པོ་དེ་ཡི་ངང་ཚུལ་ཅན་དུ་གྱུར་པའི་བློ་ལའང་ཆགས་ཡུལ་སོགས་ཉེ་བར་གནས་པ་ན་སླར་ཡང་ཉོན་མོངས་སྐྱེ་བ་སྲིད་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དེ་ཡང་འབད་རྩོལ་ལ་མ་ལྟོས་པར་ནི་མི་ལྡོག་སྟེ་བྲམ་ཟེ་གཙང་སྦྲ་ལ་གོམས་པ་དག་མི་གཙང་བ་ལ་མི་འཇུག་པ་བཞིན་ནོ། །འབད་རྩོལ་བསྐྱེད་ནས་ལྡོག་པར་ཡང་མི་བྱེད་དེ། འབད་པས་བཟློག་པར་རྩོམ་པ་ལ་གཉེན་པོ་ལ་སྐྱོན་དང་ལྡོག་ཕྱོགས་ལ་ཡོན་ཏན་དུ་འཛིན་དགོས་ན་དེ་འདི་ལ་མི་སྲིད་དེ། གཉེན་པོ་བདག་མེད་རྟོགས་པ་དེ་ནི་ཉེ་བར་འཚེ་བ༷་ཡི་སྐྱོན་གང་ཡང་མེད་པ་ཡིན་པའི་ཕྱིར་རོ།།ཇི་ལྟར་ན་སེམས་འཆིང་བའི་རྒྱུ་ཉེས་པའི་རྣམ་པར་འཚེ་བ་ད༷ང༌། ལུས་སེམས་གདུང་བར་བྱེད་པ་སྡུག་བསྔལ་དང་ཡིད་མི་བདེ་བའི་རྣམ་པར་འཚེ་བ་དང༌། ཟག་བཅས་ཀྱི་བདེ་བ་ལ་རོ་མྱོང་བ་ཉིད་ཀྱིས་སྐྱོ་བས་རྣམ་པར་འཚེ་བ་གསུམ་གང་ཡང་མེད་དེ་རིམ་པ་ལྟར་བདག་མེད་མཐོང་བ་ལ་སེམས་འཆིང་བ་ཆགས་སོགས་མེད་པ་དང༌། ཆགས་སོགས་ལ་རག་ལས་པའི་སྡུག་བསྔལ་གང་ཡང་དེས་མི་སྐྱེད་པ་དང༌། རབ་ཞི་ཟག་མེད་ཀྱི་བདེ་བ་ཕུལ་དུ་བྱུང་བ་ལ་སྐྱོ་བའི་རྒྱུ་མཚན་གང་ཡང་མེད་པས་སོ།།དེ་ལྟར་འཚེ་བ་མེད་ཀྱང་དེས་ཇི་ལྟར་བཟུང་བའི་ཡུལ་ཡང་དག་པའི་དོན་མིན་ན་རིགས་པས་གནོད་པ་མཐོང་ནས་ལྡོག་སྲིད་ནའང༌། དེས་མཐོང་བ་དེ་གནས་ལུགས་ཡ༷ང་ད༷ག་པའི་དོན་ཡིན་པས་ན་དེ་ལྟར་འཛིན་པ་ལས་མི་ལྡོག་གོ །དེ་ལྟ་ནའང་བརྗེད་ངེས་པ་སོགས་ཀྱིས་ལ་ལར་བཟློག་ཕྱོགས་སུ་འཛིན་པ་སྲིད་སྙམ་ན། དེ་མེད་དེ་གོམས་པ་རབ་ཀྱི་མཐར་ཐུག་པ་ན་བློ་གཉེན་པོ་དེ་ཡི་ངོ་བོ་ཉིད་དུ་གྱུར་པ་ཡིན་པས་ན་ཚུལ་དེ་ལྟ་བུ་ལ༷་བཟློག་ཕྱོགས་སུ་གྱུར་པ་ཕྱིན་ཅི་ལོག་བདག་ཏུ་འཛིན་པ་ལ་སོགས་པ་དག་གིས་འབ༷ད་དུ༷་ཟིན་ཀྱ༷ང་མི་བཟློག་སྟེ་བློ་ནི་གཉེན་པོ་དེ་ཡི་ཕྱོགས་འཛིན་ཞིང་མི་གཏོང་བ་ཡིན་པའི་ཕྱིར་ཏེ། ཇི་ལྟར་གྲང་བས་ཉེན་པ་མེ་ལ་བརྟེན་པ་ན་མེ་གྲང་བར་འཛིན་དུ་བཅུག་ཀྱང་མི་འཛིན་པའམ་སྦྲུལ་མེད་པར་མཐོང་བ་ལ་སྦྲུལ་འཛིན་སྐྱེར་བཅུག་ཀྱང་མི་སྐྱེ་བའམ། ཕ་ལ་ཕར་གོམས་པ་ལ་ཕ་མིན་པར་འཛིན་དུ་བཅུག་ཀྱང་མི་འཛིན་པ་བཞིན་དཔེ་རིམ་པ་ལྟར་སྦྱར་རོ།།དེ་ལྟར་ཡིན་དུ་ཆུག་ཀྱང་འཚེ་བ་མཐའ་ཡས་ཤིང་དེའི་རྒྱུ་ཡང་མཐའ་ཡས་པས་ན་དེ་ཐམས་ཅད་སྤོང་བ་མི་སྲིད་སྙམ་ན། འདི་ལྟར་འཁོར་བའི་ཉེས་པ༷་གང་ཅི་ཡོད་པའི་རྣ༷མ་པ༷་ཐ༷མས་ཅ༷ད་ད༷ག་བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལྟ་བ་ལ༷ས་སྐྱེས་པ༷་ཡིན་ཏེ་བདག་ཏུ་འཛིན་པ་མེད་པ་ལ་ཉེས་པ་གང་གིས་ཀྱང་གནོད་པ་མི་སྲིད་ལ། བདག་ཏུ་འཛིན་པ་དེ་ནི་ཡུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མ༷་རིག་པ་ལས་སྒྲོ་འདོགས་པའི་རྟོག་པ་ཙམ་དུ་ཟད་དེ་ཡང་དག་པ་མ་ཡིན་ནོ།།དེ་འདྲའི་མ་རིག་པ་བདག་ཏུ་འཛིན་པ་དེས་ཡུལ་གྲུབ་པ་མེད་བཞིན་དུ་བདག་དང་བདག་གི་བའི་རྣམ་པ་དེར་དེ་ལ༷་ཆ༷གས་པ་སྐྱེ་ཞིང༌། དེ་ལ༷ས་རང་གི་ཕྱོགས་སུ་བཟུང་བ་དེར་འགལ་བ་ཅན་ལ་ཀུན་ནས་མནར་སེམས་པའི་ཞེ་སྡ༷ང་དང༌། བདག་ཉིད་མཐོ་བའི་རྣམ་པས་ང་རྒྱལ་དང་གཞན་ལ་མི་བཟོད་པའི་ཕྲག་དོག་ལ༷་སོགས་པ་ཉོན་མོངས་གཞན་ཇི་སྙེད་པའང་འབྱུ༷ང་བའི་རྒྱུ་མཚན་དེ་ཉིད་ཀྱིས་ན༷་ཉེས་པ་རྣམ༷ས་ཀྱི་རྒྱུ༷་ནི་གཏི་མུ༷ག་གམ་རྨོངས་པའམ་མ་རིག་པ་ཡིན་པ༷ར་མདོ་ལས་
གསུ༷ངས་ལ། ཡང་མདོ་གཞ༷ན་ལ༷ས་འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་འཇིག་ཚོགས་ལ་ལྟ་བ༷་ཡིན་པར་ཡང་གསུངས་པ་སྟེ། དེ་གཉིས་ནི་རྒྱུ་ཐ་དད་པ་རེ་རེ་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་དེ་ཉིད་ལ་མ་རིག་པ་ཞེས་དོན་གཅིག་ཡིན་ཏེ་མ་རིག་པའི་བྱེ་བྲག་གང་ཟག་གི་བདག་མེད་པར་མ་རིག་པ་ཞེས་བྱ་བ་ཡིན་ནོ། །དེས་ན་རྒྱུ་འཇིག་ལྟ་དེ་སྤ༷ངས་པ༷་ན༷་དེ་ལ་བརྟེན་པ་ཉེས་པའི་ཆ་ཐམས་ཅད་སྤོང་བ་ཡིན་པའི་ཕྱིར་རོ།།
གཉིས་པ་སྐྱེས་བུས་མ་བྱས་པའི་ལུང་དགག་པ་ལ།ཕྱོགས་སྔ་བརྗོད་དང་དེ་ཉིད་དགག་པ་འོ། །དང་པོ།
ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར།།སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་ལ་རྗོད་པར་བྱེད།།དཔྱོད་པ་པ་སོགས་ན་རེ། རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར། ཞེས་ཟེར། དེ་ལ་སྐྱེས་བུས་མ་བྱས་ན་བདེན་པ་ཅན་དུ་ཅིས་འགྲུབ་དྲིས་པ་ན། ཚིག་རྣ༷མས་ཕྱིན་ཅི་ལོག་ཏུ་སྟོན་པ༷་ཉིད་ཀྱི་རྒྱུ༷་ཆགས་སོགས་ཉེས་པ་རྣ༷མས་ནི་སྐྱེས་བུ༷་ལ༷་བརྟེན་པ་ཁོ་ན་ཡིན་པའི་ཕྱིར་སྐྱེས་བུ༷ས་མ༷་བྱ༷ས་པ་རིག་བྱེད་ནི་སྐྱོན་གྱི་རྒྱུ་མེད་པའི་ཕྱིར་བདེན་པའི་དོན་ཅ༷ན་ཁོ་ན་ཡིན་ནོ་ཞེས་སུ་ནི་གཞན་དཔྱོད་པ་པ་སོགས་ལ༷་ལ༷་དག་དེ་སྐད་དུ་རྗོད་པ༷ར་བྱེད་དོ།།
གཉིས་པ་དེ་ཉིད་དགག་པ་ལ། སྤྱིར་ནི་རིག་བྱེད་མ་བྱས་དགག་པ་དང༌། །ཁྱད་པར་སྔགས་རྣམས་མ་བྱས་དགག་པ་འོ། །དང་པོ་ལ། མགོ་མཚུངས་དང་ནི་རིགས་པ་གཞན་གྱིས་དགག །དང་པོ།
ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ། །ཡོན་ཏན་སྐྱེས་བུ་ལ་བརྟེན་ཕྱིར།།སྐྱེས་བུས་མ་བྱས་ལོག་པའི་དོན། །ཅིས་མིན་ཞེས་ནི་གཞན་དག་བརྗོད།།ཚིག་རྣ༷མས་བདེན་པ༷་ཉིད་ཀྱི་རྒྱུ༷་ཤེས་རབ་དང་བརྩེ་བ་ལ་སོགས་པའི་ཡོན་ཏ༷ན་ནི་སྐྱེས་བུ༷་ལ༷་བརྟེན་པ་ཁོ་ནའི་ཕྱིར་སྐྱེས་བུ༷ས་མ༷་བྱ༷ས་པ་རིག་བྱེད་ནི་བདེན་པའི་རྒྱུ་ལོག་པས་ན་ལོག་པ༷འི་དོན་ཅན་ཅིས་མིན་ཞེས་ནི་གཞ༷ན་སངས་རྒྱས་པ་ད༷ག་གིས་བརྗོད་དོ།།
གཉིས་པ་རིགས་པ་གཞན་གྱིས་དགག་པ་ལ། ཚུལ་གསུམ་མ་ཚང་བས་ན་སྒྲུབ་བྱེད་མིན། །དེས་ན་ཚུལ་གསུམ་ཚང་དགོས་བསྟན་པ་འོ། །དང་པོ་ལ། མཐུན་ཕྱོགས་ཁོ་ནར་ཡོད་པའི་རྗེས་འགྲོ་མེད། །ཕྱོགས་ཀྱི་ཆོས་སུ་གྲུབ་པ་མི་འཐད་པ། །མི་མཐུན་ཕྱོགས་ལྡོག་ལྡོག་ཁྱབ་མེད་པ་འོ། །དང་པོ་ལ། མ་བྱས་ཀྱང་ནི་ལོག་པར་སྲིད་ཚུལ་བརྗོད། །དེ་ཡི་དོན་ནི་རིགས་པས་རྒྱས་པར་བསྒྲུབ། །དང་པོ།
དོན་ཤེས་བྱེད་པ་དག་གི་རྒྱུ། །བརྡ་ནི་སྐྱེས་བུ་ལ་བརྟེན་པས།།ཚིག་རྣམས་སྐྱེས་བུས་བྱས་མིན་ཡང༌། །དེ་ཕྱིར་ལོག་པ་ཉིད་དུ་སྲིད།།རེ་ཞིག་རིག་བྱེད་ཀྱི་སྒྲ་མ་བྱས་སུ་ཆུག་ཀྱང་མ་བྱས་ན་བདེན་པའི་དོན་ཅན་ཡིན་པའི་རྗེས་འགྲོ་མི་འགྲུབ་སྟེ། མ་བྱས་པ་དང་བདེན་པ་ལ་འབྲེལ་བ་གང་ཡང་མེད་ཅིང་བདེན་པའི་དོན་ཅན་རྣམས་ནི་སྐྱེས་བུས་མ་བྱས་པ་མ་མཐོང་བས་དཔེ་ལ་རྗེས་འགྲོ་མེད་དོ།།དེས་ན་མ་བྱས་སུ་ཆུག་ཀྱང་དེའི་དོན་བདེན་པར་སྒྲུབ་མི་ནུས་ཏེ་ལོག་པར་སྲིད་ཚུལ་ནི། རིག་བྱེད་ཀྱི་སྒྲས་དོན་འདི་དང་འདི་བསྟན་ནོ་སྙམ་དུ་ཤེས་པར་བྱེད་པ༷་ད༷ག་གི་རྒྱུ༷་ཀ་བུམ་སོགས་ཀྱི་བརྡ་ནི་སྐྱེས་བུ༷་ལ༷་བརྟེན་པ་ཡིན་ཏེ་དེར་འཇུག་པ་པོ་སྐྱེས་བུས་སྒྲ་འདི་ནི་འདི་ལ་འཇུག་གོ་སྙམ་དུ་དོན་དེ་མཚོན་པའི་བརྡ་ཉིད་དུ་བློས་མ་བཅད་ཀྱི་བར་དུ་སྒྲ་དེས་དོན་གང་ཡང་མི་སྟོན་པ༷ས་ན། རིག་བྱེད་ཀྱི་ཚིག་རྣ༷མས་སྐྱེས་བུ༷ས་བྱ༷ས་པ་མིན་པར་རང་བྱུང་དུ་ཡོད་དུ་ཆུག་ན་ཡ༷ང༌། བརྡ་སྐྱེས་བུས་བྱ་དགོས་པ་དེ་ཕྱིར་རིག་བྱེད་ཀྱི་དོན་ལོག་པར་བརྡ་བྱས་པ༷་ཉིད་དུ༷་སྲིད་དེ་བསྟན་བཅོས་ལོག་པར་བཤད་པ་བཞིན་ནོ།།
གཉིས་པ་དེ་ཡི་དོན་ནི་རིགས་པས་རྒྱས་པར་བསྒྲུབ་ལ། འབྲེལ་བ་སྐྱེས་བུས་མ་བྱས་མི་འཐད་པ། །དོན་ལ་ངོ་བོས་འབྲེལ་བ་དགག་པ་འོ། །དང་པོ།
འབྲེལ་བ་སྐྱེས་བུས་བྱས་མིན་ན། །བརྡ་རིག་མེད་པར་རྟོགས་པར་འགྱུར།།བརྡ་ལས་དེ་ནི་གསལ་ཡིན་ན། །བརྟགས་པ་གཞན་དག་ནུས་མེད་འགྱུར།།རིག་བྱེད་ཀྱི་སྒྲ་ལས་ཨགྣི་ལྟ་བུའི་བརྡ་དེ་མེ་ལ་ངོ་བོ་ཉིད་ཀྱིས་འབྲེལ་གྱི་ཨགྣི་ཞེས་པ་མེ་ཡི་བརྡ་ཡིན་ནོ་ཞེས་བརྡ་དོན་གྱི་འབྲེལ་བ༷་སྐྱེས་བུ༷ས་བྱ༷ས་པ་མིན་པས་ན༷་བརྡ་སྐྱེས་བུས་བྱས་པ་ཞེས་པའི་རྟགས་མ་གྲུབ་བོ་ཞེ་ན། དེ་ལྟ་ན་ཨགྣི་ཞེས་པའི་སྒྲ་ཙམ་ཞིག་ཐོས་པ་ན་དེ་མེ་ཡི་བརྡ་ཡིན་པར་སྔར་རིག་པའམ་ཤེས་པ་མེད་པ༷ར་ཡང་སྒྲ་དེས་མར་མེ་སྣང་བ་ཙམ་གྱིས་དངོས་པོ་གསལ་བ་ལྟར་སྒྲ་རང་གི་ངོ་བོས་མེ་རྟོགས་པ༷ར་འགྱུ༷ར་དགོས་ན་ཡང་དེ་ནི་མི་རིགས་ཏེ་ཡུལ་དེའི་བརྡ་ལ་མ་བྱང་བས་སྒྲ་རྣམས་ཐོས་སུ་ཟིན་ཀྱང་དོན་མི་གོ་བ་ཡོད་པ་དང༌། རིག་བྱེད་འདོན་པ་པོ་རྣམས་ཀྱིས་ཀྱང་བརྡ་དོན་སྦྱར་ནས་སློབ་དགོས་པའི་ཕྱིར་རོ། །དེ་ལྟ་མིན་ན་ཡུལ་ཐམས་ཅད་ལ་སྐད་ཀྱང་ཐ་དད་མེད་ལ་སྒྲ་ཐོས་ཚད་ཀྱི་དོན་མི་གོ་བ་ཡང་མི་སྲིད་པར་འགྱུར་རོ། །གལ་ཏེ་སྒྲ་དོན་ལ་འབྲེལ་བ་སྔ་ནས་ཡོད་ཟིན་པས་སྐྱེས་བུས་བྱས་པ་མིན་ན་ཡང་གསར་དུ་བརྡ་སྦྱར་བ་ལ༷ས་ཡེ་ནས་ཡོད་པའི་འབྲེལ་བ་དེ་ནི་གས༷ལ་བར་བྱེད་པ་ཙམ་ཡིན༷་ནོ་ཞེ་ན༷། གསར་དུ་བརྡ་བྱས་པ་དེས་དོན་གོ་བའི་བྱ་བ་བྱས་པའི་ཕྱིར་བརྟ༷གས་པ༷་གཞ༷ན་ཡེ་ནས་ཡོད་པར་འདོད་པ་སྒྲ་དོན་གྱི་དངོས་འབྲེལ་དེ་ད༷ག་ལ་དགོས་ནུ༷ས་གང་ཡང་མེད་པར་འགྱུ༷ར་ཏེ། བརྡ་མ་བྱས་ན་དེས་དོན་གོ་མི་ནུས་ལ་བརྡ་བྱས་ན་དེ་མེད་ཀྱང་གོ་ནུས་པའི་ཕྱིར་རོ།།
གཉིས་པ་དོན་ལ་ངོ་བོས་འབྲེལ་བ་དགག་པ་ལ། སྒྲ་དོན་ངོ་བོས་འབྲེལ་བ་སྤྱིར་དགག་པ། །བྱེ་བྲག་སྒྲ་རྟག་འདོད་པ་མི་འཐད་ཚུལ། །དང་པོ།
ཚིག་རྣམས་དོན་གཅིག་ལ་ངེས་ན། །དོན་གཞན་རྟོགས་པར་མི་འགྱུར་རོ།།དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་ཡིན།།སྐྱེས་བུས་མ་བྱས་པ་ཉིད་ཀྱང༌། །ཀུན་ཏུ་བརྟགས་པ་དོན་མེད་འགྱུར།།ཐ་དད་རྣམས་ལ་འབྲེལ་བ་43ཡང༌། །རྣམ་པར་གཞག་ཕྱིར་གཏན་ཚིགས་བརྗོད།།སྐྱེས་བུས་ལེགས་པར་མ་བྱས་པ། །རྣམ་པ་ཀུན་ཏུ་དོན་མེད་འགྱུར།།ལེགས་བྱས་ཁས་ལེན་ན་འདི་ནི། །དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར།།ངོ་བོས་འབྲེལ་བ་ལ་དགོས་ནུས་ཡོད་དེ་རིག་བྱེད་ཀྱི་ཚིག་རྣ༷མས་རང་རང་གི་བརྗོད་པའི་དོན་གཅིག་ཁོ་ན་ལ༷་ངོ་བོས་འབྲེལ་བར་ངེས་ཀྱི་གཞན་ལ་མི་འབྲེལ་ཏེ། དཔེར་ན་ཨགྣི་ཞེས་པ་ཚ་ཞིང་སྲེག་པ་ཁོ་ན་ལ་ངེས་ཀྱི་གཞན་ལ་མི་འཇུག་པ་ཡིན་པས་ན༷་དེ་ལྟར་སྐྱེས་བུས་དེ་ཡི་ཚུལ་གསལ་བར་བྱེད་པ་ཡིན་གྱི་དོན་ལ་མ་འབྲེལ་ན་སྐྱེས་བུས་ཀྱང་བརྡ་བྱེད་མི་ནུས་ཏེ་ཐམས་ཅད་ཐམས་ཅད་ཀྱི་བརྡར་འགྱུར་རོ་ཞེ་ན། འོ་ན་ཚིག་དེ་དག་རང་རང་གི་འབྲེལ་ཡུལ་གྱི་དོན་དེ་ལས་དོན་གཞ༷ན་ལ་བརྡ་དེ་སྦྱར་ཀྱང་རྟོགས་པ༷ར་མི་འགྱུ༷ར་བ་དགོས་ནའང་དེ་མ་ཡིན་ཏེ། མེ་ལ་སོགས་པའི་སྒྲ་ཡང་ཡུལ་གཞན་ན་གཞན་གྱི་མིང་དུ་བཏགས་པ་དང་གང་ཟག་གི་མིང་དུ་བཏགས་པ་ལ་སོགས་པ་དེས་ཀྱང་དེ་གོ་བར་མངོན་སུམ་གྲུབ་ལ་གཞན་ཡང་གོཿ ཞེས་པའི་སྒྲ་བ་ལང་དང་མཐོ་རིས་དང་རྡོ་རྗེ་ལ་སོགས་པ་དུ་མར་འཇུག་པས་གསལ་བའི་ཕྱིར་རོ། །གལ་ཏེ་སྒྲ་གཅིག་ཀྱང་དོན་དུ༷་མ༷་ད༷ང་མངོན་པར་འབྲེལ་བའི་དངོས་འབྲེལ་ཡོད་པས་དུ་མ་ལ་གཅིག་འཇུག་མི་རུང་བ་ཅི་ཡོད་ཅེ་ན༷། སྔར་དོན་གཅིག་ཏུ་ངེས་སོ་ཞེས་ཁས་བླངས་ནས་ད་དོན་དུ་མ་དང་འབྲེལ་ཞེས་འདོད་པ་ནི་འག༷ལ་བ༷་གས༷ལ་བ༷ར་བྱེད་པ༷་ཡིན་ནོ། །ཡང་ན། འགལ་བ་གསལ་བར་བྱེད་པ་སྲིད། །ཅེས་པའི་འགྱུར་ལྟར་ན། རིག་བྱེད་ཀྱི་སྒྲ་དོན་དུ་མ་ལ་འཇུག་པ་ན་ད་ལྟ་རིག་བྱེད་ན་དོན་འདི་བསྟན་ཞེས་འདོད་པ་དེ་ཡང་དེ་མིན་པར་འཇུག་པར་སྲིད་པས་ན། དོན་དེ་ལྟར་ཡིན་པར་བཟུང་བ་ཡང་རིག་བྱེད་ཀྱི་དོན་དང་འགལ་བ་གསལ་བར་བྱེད་པར་ཡང་འགྱུར་སྲིད་ཅེས་སོ། །གལ་ཏེ་རིག་བྱེད་ཀྱི་སྒྲ་དོན་དུ་མ་ལ་འཇུག་པ་ཡིན་ན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱའོ་ཞེས་རིག་བྱེད་ན་བསྟན་པའི་སྒྲ་དེའི་དོན་མེ་ལ་མར་ཁུ་ལྡུག་པར་བྱེད་པའི་དོན་དུ་འདོད་ཀྱང་དེ་མཐོ་རིས་འདོད་པས་ཁྱི་ཤ་ཟོ་ཞིག་ཅེས་པའི་དོན་ཡང་ཡིན་སྲིད་པས་ན་དོན་གང་དུ་འཚལ་མི་སྟོན་པའི་རིག་བྱེད་ཀྱི་སྒྲ་དེ་བདེན་པའི་དོན་ཅན་དུ་སྒྲུབ་པའི་སླད་དུ་སྐྱེས་བུ༷ས་མ༷་བྱ༷ས་པ༷་ཉིད་དུ་འདོད་པ་དག་ཀྱ༷ང༌། དེ་ལྟར་ཀུ༷ན་ཏུ༷་བརྟ༷གས་པ༷་དོན་མེད་པར་འགྱུ༷ར་ཏེ་དེ་ལྟར་བརྟགས་པའི་དོན་ནི་བདེན་པའི་དོན་ཅན་དུ་སྒྲུབ་པའི་སླད་དུ་ཡིན་ན་འདིས་བདེན་པའི་དོན་ཅི་ཞིག་སྟོན་པ་མི་ཤེས་པའི་ཕྱིར་རོ།།གཞན་ཡང་སྒྲ་དོན་དངོས་འབྲེལ་འདོད་ན་སྐྱེས་བུའི་བརྗོད་འདོད་ཀྱིས་བརྗོད་པའི་སྒྲ་འདི་དང་ཕྱི་རོལ་གྱི་དོན་ངོ་བོ་ཐ༷་ད༷ད་པར་སྣང་བ་རྣ༷མས་ལ༷་མེད་ན་མི་འབྱུང་གི་འབྲེལ་བ༷་ཡ༷ང་རྣ༷མ་པ༷ར་གཞ༷ག་པའམ་སྒྲུབ་པའི་ཕྱིར་གཏ༷ན་ཚིགས་བརྗོད་དགོས་ན་དེ་མི་སྲིད་དེ། རང་བཞིན་ཐ་དད་པ་ལ་བདག་གཅིག་འབྲེལ་མེད་ཅིང་དེ་བྱུང་ཡང་མེད་དེ་མིང་ནི་དོན་མིན་ཡང་བརྗོད་འདོད་ཙམ་ལ་རག་ལས་ཏེ་འབྱུང་བར་བསྒྲུབས་ཟིན་ཏོ། །དེས་ན་མིང་དོན་ལ་ངོ་བོས་འབྲེལ་བ་མེད་དེ་སྐྱེས་བུའི་བློས་འབྲེལ་བ་བྱས་པའི་གློ་བུར་བ་ཡིན་ནོ། །དེ་ལྟར་ན་མིང་ཚིག་གི་སྒྲ་དེ་དག་དོན་འདི་ལ་ཟེར་བ་ཡིན་ནོ་ཞེས་སྐྱེས་བུ༷ས་བརྡ་ལེགས་པ༷ར་མ༷་བྱ༷ས་པ༷་ཉིད་དུ་ཁས་ལེན་ན་རིག་བྱེད་ཀྱི་སྒྲ་དེས་སྐྱེས་བུ་ལ་བླང་དོར་གང་ཡང་མི་སྟོན་པས་རྣ༷མ་པ༷་ཀུ༷ན་ཏུ་དོན་མེད་པར་འགྱུ༷ར་རོ། །དེ་ལྟ་བུའི་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་རིག་བྱེད་ཀྱི་དོན་ནི་རང་རང་གི་ཇི་ལྟར་འདོད་པ་དེ་ལྟར་ངེས་པར་སྐྱེས་བུས་ལེགས་པར་བྱ༷ས་པ་ཡིན་པར་ཁ༷ས་ལེན་ན༷། དེ་འདྲའི་ཁས་ལེན་འདི་ནི་དངོས་སུ༷་གླ༷ང་ཆེན་གྱིས་ཁྲུ༷ས་བྱས་པ་དང་འདྲ་བར༷་འགྱུ༷ར་ཏེ་གླང་ཆེན་གྱིས་ཁྲུས་བྱས་ནས་སླར་ཡང་འདམ་དུ་འཇུག་པ་བཞིན་སྐྱེས་བུས་མ་བྱས་པས་བདེན་པར་ཁས་བླངས་ནས་ཡང་བདེན་པའི་དོན་དེ་སྐྱེས་བུས་བྱས་པར་ཁས་ལེན་པ་ཡིན་པས་སོ།།
གཉིས་པ་བྱེ་བྲག་ཏུ་སྒྲ་རྟག་པར་འདོད་པ་ལ་ངོ་བོས་འབྲེལ་བ་མི་འཐད་
པའི་ཚུལ་ནི།འབྲེལ་བ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་བ་ལ་རྟག་ཡོད་མ་ཡིན།།དེ་ཕྱིར་དོན་དང་སྒྲ་ཡི་དེ། །སྐྱེས་བུའི་བློ་ཡིས་ལེགས་པར་བྱས།།དོན་དང་ལྷན་ཅིག་/སྐྱེས་ན་44ནི། །སྒྲ་རྣམས་ལ་ནི་རང་བཞིན་དག།རྣམ་པར་བཟློག་པར་མི་རིགས་སོ། །རྣམ་བརྟགས་འབྲེལ་ལ་ཉེས་འདི་མེད།།གལ་ཏེ་རྟེན་འདི་འཇིག་ན་ཡང༌། །འཇིག་མིན་རྟག་ཕྱིར་རིགས་དང་འདྲ།།རྟག་རྣམས་ལ་བརྟེན་ནུས་པ་གང༌། །གང་གིས་དེ་རྟེན་འདོད་པ་ཡིན།།ཤེས་པ་སྐྱེད་པར་བྱེད་པ་ཡི། །ལྷན་ཅིག་བྱེད་རྒྱུ་རྣམས་ཚོགས་ན།།དེ་སྐྱེད་པར་ནི་རུང་ཉིད་ཕྱིར། །རིགས་པ་ཤེས་པས་བུམ་སོགས་ཀྱང༌།།སྐྱེ་བ་ལ་ནི་གསལ་བར་འདོད། །འགྱུར་བ་མེད་རྣམས་ཁྱད་མེད་པས།།གསལ་བྱེད་རང་གིས་དོན་ཅི་བྱས། །གང་ཕྱིར་དེས་དེ་གསལ་འདོད་པ།།འབྲེལ་བ་དངོས་པོ་ཉིད་གྱུར་མོད། །ཐ་དད་ཕྱིར་བློ་སྣ་ཚོགས་འགྱུར།།དེ་ལས་ཐ་དད་མིན་དེ་ཉིད། །འདི་ལས་གཞན་དངོས་ཡོད་མ་ཡིན།།དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་བ་རྟོག་པས་བྱས་པ་ཡིན།།ཡོད་རྫས་གཞན་ལ་རག་ལུས་པའམ། །གཞན་གྱི་འབྲེལ་བར་ཇི་ལྟར་འགྱུར།།ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཚིག་སོགས་ཀུན་བརྟགས་དངོས་མེད་ལ།།དངོས་པོ་ཡི་ནི་འབྲེལ་བ་འདི། །ཇི་ལྟ་བུར་ནི་འཇུག་པར་འགྱུར།།སྒྲ་དོན་གྱི་འབྲེལ་བ་དེ་མི་རྟག་པ་ཞིག་ཡིན་ནམ་རྟག་པ་ཡིན། དང་པོ་ལྟར་ན་དེ་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་དམ་མི་བྱེད། བྱེད་ན་ནི་ངོ་བོས་འབྲེལ་བ་མི་འཐད་ལ་རིག་བྱེད་ཀྱི་དོན་ཡང་གཞན་དུ་སྟོན་པའི་འཁྲུལ་པ་སྲིད་པར་འགྱུར་ལ། མི་བྱེད་ན་རི་ལ་སོགས་པ་གཞན་དང་གཞན་དུ་འདོད་པས་བཞག་མི་ནུས་པ་བཞིན་གཞན་གྱི་མིང་གཞན་ལ་སྦྱར་མི་བཏུབ་པ་ཞིག་ན་དེ་ནི་མངོན་སུམ་གྱིས་བསལ་ལོ། །གལ་ཏེ་རྟག་པ་ཡིན་ནོ་ཞེ་ན། མིང་དེ་དང་འབྲེལ་བ༷་ཅ༷ན་མེ་ལ་སོགས་པ་བརྗོད་བྱའི་དོན་རྣ༷མས་མི་རྟ༷ག་པའི་ཕྱིར་རྗོད་བྱེད་རིག་བྱེད་ཀྱི་སྒྲ་རྟག་པ་དེ་དང་འབྲེལ་བ༷་ལ༷འང་རྟ༷ག་པ་ཡོད་པ་མ༷་ཡིན་ཏེ། སྒྲོན་མེ་ཞིག་ན་འོད་འཇིག་པ་ལྟར་བུམ་པ་ཞིག་ན་དེའི་སྟེང་གི་འབྲེལ་བའང་འཇིག་གོ །གལ་ཏེ་འབྲེལ་ཡུལ་མེད་བཞིན་དེའི་འབྲེལ་བ་ཡོད་པ་ནི་མི་རུང་སྟེ་གལ་ཏེ་རུང་ན་མོ་གཤམ་གྱི་བུ་དང་བུམ་པའང་འབྲེལ་བར་འགྱུར་རོ། །དེ་ཕྱིར་དོན་ད༷ང་སྒྲ༷་ཡི་འབྲེལ་བ་དེ་ནི་བྱེད་པོ་སྐྱེས་བུ༷འི་བློ་ཡིས་མིང་དོན་བསྲེ་བའི་སྒོ་ནས་ལེགས་པ༷ར་བྱ༷ས་པ་ཡིན་གྱི་དོན་ལ་འབྲེལ་བ་མེད་དོ། །གཞན་ཡང་སྒྲ་འདི་དོན་རང་མཚན་ལ་འབྲེལ་ན་རང་མཚན་རྣམས་ནི་སྔ་ཕྱིར་བྱུང་བ་ཁོ་ན་ཡིན་པས་གསར་དུ་བྱུང་བ་རྣམས་ལ་དེའི་སྔོན་དུ་ཇི་ལྟར་འབྲེལ་ཏེ་འབྲེལ་ཡུལ་མེད་པས་སོ། །གལ་ཏེ་དོན་དེ་སྐྱེས་པ་ད༷ང་ལྷ༷ན་ཅིག་ཏུ་སྔར་མེད་ཀྱི་འབྲེལ་བའང་སྒྲ་དེ་ལ་སྐྱེས་པ་ཡིན་ན༷་ནི་སྔོན་མེད་ཀྱི་ཁྱད་པར་སྒྲ་དེ་ལ་ཡོད་པར་འགྱུར་བས་ན་སྒྲ་མི་རྟག་པར་འགྱུར་ནའང༌། རིག་བྱེད་ཀྱི་སྒྲ༷་རྣ༷མས་རྟག་པར་འདོད་པ་ལ༷་ནི་སྔར་གྱི་ར༷ང་བཞིན་གང་ཡིན་པ་ད༷ག་ལས་རྣ༷མ་པ༷ར་བཟློག་པ༷ར་གྱུར་པ་ཡོད་པ་མི་རིགས་སོ། །དེ་ཡང་སྒྲ་རྟག་པའི་རང་གི་ངོ་བོ་འདོར་མི་སྲིད་པས་སྔ་ནས་འབྲེལ་བ་ཡོད་ན་ནི་ཐམས་ཅད་དང་ཅིག་ཅར་དུ་འབྲེལ་དགོས་ལ་དེ་ཡང་མི་སྲིད་དེ་འབྲེལ་ཡུལ་ཐམས་ཅད་ཅིག་ཅར་དུ་མེད་པའི་ཕྱིར་རོ།།སྔར་མ་འབྲེལ་ན་ཕྱིས་ཀྱང་མི་འབྲེལ་ཏེ་རང་གི་ངོ་བོ་ལ་ཁྱད་པར་གཞན་དང་གཞན་གསར་དུ་ཐོབ་པ་མི་སྲིད་པས་སོ། །གལ་ཏེ་ཐོབ་ན་ནི་སྔ་མ་ལས་འགྱུར་བར་ཐལ་ལོ། །འོ་ན་ཁྱོད་ལྟར་ནའང་བུམ་པ་སྔ་མ་ཞིག་ན་དེའི་མིང་དོན་གྱི་འབྲེལ་བའང་འཇིག་ལ་གསར་དུ་བྱུང་བའི་བུམ་པ་སོགས་ལ་མིང་དེ་ཇི་ལྟར་འབྲེལ་སྙམ་ན། འབྲེལ་བ་དོན་ལ་མ་གྲུབ་ཀྱང་རྟོག་བཅས་ཀྱི་བློས་མིང་དོན་འབྲེལ་བ་ཉིད་དུ་རྣ༷མ་པར་བརྟ༷གས་པ་ཙམ་གྱི་འབྲེལ་བ་བློ་ངོར་གྲུབ་པ་ལ༷་ནི། འབྲེལ་བ་འཇིག་མི་འཇིག་དང་འབྲེལ་བ་དེ་མིང་དོན་གཉིས་ལས་གཅིག་ཐ་དད་གང་ཡིན་ལ་སོགས་པ་དཔྱད་ནས་མི་འཐད་པར་བརྗོད་པའི་ཉེས་པ་འདི་དག་མེད་དེ་བློས་སྒྲོ་བཏགས་པ་ཙམ་ལ་དེ་ལྟར་དཔྱད་དུ་མེད་པའི་ཕྱིར་རོ། །ག༷ལ་ཏེ་འབྲེལ་བའི་རྟེན་བུམ་པ་ལ་སོགས་པ་འདི་འཇིག་ན༷་ཡ༷ང་འབྲེལ་བ་ནི་འཇིག་པ་མིན་ཏེ་རྟ༷ག་པའི་ཕྱིར། དཔེར་ན་རིགས་ལྡན་བུམ་སོགས་འཇིག་ཀྱང་རིགས་རྟག་པ་མི་འཇིག་པ་ད༷ང་འདྲ༷འོ་ཟེར་ན། རིགས་དང་འབྲེལ་བ་སོགས་རྟ༷ག་པ་རྣ༷མས་ལ༷་རྟེན་དེས་བརྟེན་པའི་ནུ༷ས་པ༷་ཞུགས་པ་ག༷ང་ཡོད་དེ་དེ་ནི་གང་གིས་ཀྱང་བརྟེན་དགོས་པ་མིན་པས་ན་རྟེན་དེ་དག་གི་ནུས་པ་འཇུག་པའི་ཡུལ་དུ་མ་གྲུབ་སྟེ་ཚོན་གྱི་ནུས་པ་ནམ་མཁའ་ལ་མི་འཇུག་པ་བཞིན་ནོ། །དེ་ལྟ་ན་རྒྱུ་མཚན་ག༷ང་གིས་སྤྱི་དང་འབྲེལ་བ་གཉིས་པོ་དེ་གསལ་བ་དང་བརྗོད་བྱས་རྟེན་པར་འདོད་པ༷་ཡིན་ཏེ། ཆོས་གང་ཡང་རྟག་པ་དེའི་རྟེན་དུ་མི་རུང་ངོ༌། །གལ་ཏེ་དངོས་སུ་ཕན་འདོགས་པའི་རྟེན་བྱེད་པ་མིན་ཡང་མར་མེས་བུམ་པ་གསལ་བ་ལྟར་གསལ་བ་དང་བརྗོད་བྱའི་དོན་དེས་སྤྱི་དང་འབྲེལ་བ་དེ་དག་གསལ་བར་བྱེད་པ་སྟེ་དེ་དག་ལ་ལྟོས་ནས་དེ་དག་ཤེས་པར་བྱེད་དོ་ཟེར་ན། བུམ་པ་རང་ལ་དམིགས་པའི་ཤེས་པ༷་སྐྱེད་པ༷ར་བྱེད་པ༷་ཡི་ལྷ༷ན་ཅིག་བྱེད་རྒྱུ༷་སྒྲོན་འོད་དང་དབང་པོ་ལ་སོགས་པ་རྣ༷མས་ཚོགས་པར་གྱུར་པ་ན༷་བུམ་འཛིན་མིག་ཤེས་དེ་སྐྱེད་པ༷ར་ནི་རུ༷ང་བ་ཉིད་ཀྱི་ཕྱིར། དངོས་པོའི་གནས་ཚུལ་བྱ་བ་བྱེད་པའི་རིགས་པ༷་ཤེས་ཤིང་མཁས་པ༷ས་ནི་བུ༷མ་སོགས་ཀྱ༷ང་སྔར་མི་གསལ་བ་མིག་ཤེས་སྐྱེད་རུང་མིན་པ་ཕྱིས་ལྷན་ཅིག་བྱེད་རྐྱེན་དང་ཚོགས་པ་ལས་སྔར་ལས་བཟློག་སྟེ་སྐྱེ་བ༷་ལ༷་ནི་སྔར་མི་གས༷ལ་བ་ཕྱིས་གསལ་ལོ་ཞེས་བྱ་བ༷ར་འདོད་པ་ཡིན་ཏེ། ཁྱད་པར་གཞན་དང་གཞན་སྐྱེ་བ་ཡོད་པར་འདོད་པ་ལ་ནི་དེ་ལྟར་གསལ་བྱ་གསལ་བྱེད་ཀྱི་ཐ་སྙད་འཐད་པ་ཡིན་ནོ། །ཁྱོད་ཀྱིས་གསལ་བྱར་འདོད་པ་འབྲེལ་བ་དང་སྤྱི་འགྱུ༷ར་བ༷་མེད་པ་རྣ༷མས་ལ་སྔ་ཕྱི་ཁྱ༷ད་པར་གཞན་ཅུང་ཟད་ཀྱང་མེད་པ༷ས་ན་གས༷ལ་བྱེད་བརྗོད་བྱ་དང་གསལ་བ་རྣམས་ཀྱིས་ར༷ང་གིས་དོན་དེ་གསལ་བྱེད་དུ་འཇོག་པའི་དོན་ཅི་བྱ༷ས་ཏེ་ཅི་ཡང་མ་བྱས་པར་ཐལ། སྔར་མི་གསལ་བའི་དུས་ལས་འགྱུར་མི་ཤེས་པའི་ཕྱིར་ད་ཡང་དེ་དང་འདྲ་བར་གནས་པ་ཁོ་ན་ཡིན་པས་སོ། །དཔེར་ན་བུམ་པ་སྔར་མི་གསལ་བའི་གནས་སྐབས་ལས་འགྱུར་མི་ཤེས་ན་སྒྲོན་འོད་དང་ཚོགས་ཀྱང་སྔར་བཞིན་མི་གསལ་བར་འགྱུར་རོ། །དེ་ལྟར་གསལ་བྱེད་དེས་གསལ་བྱ་རྟག་པ་ལ་གསལ་བའི་བྱ་བ་གང་ཡང་མ་བྱས་བཞིན་དུ་རྒྱུ་མཚན་ག༷ང་གི་ཕྱིར་དེས་དེ་གསལ༷་བར་འདོད་པ༷་ཡིན་ཏེ། གསལ་བྱ་གསལ་བྱེད་དུ་བཞག་པ་ལ་རྒྱུ་མཚན་གང་ཡང་མེད་པར་འགྱུར་བ་ནི་མར་མེ་འདི་ཤ་ཟ་དང་མོ་གཤམ་བུ་ལ་སོགས་པའི་གསལ་བྱེད་དུ་འདོད་པ་དང་འདྲའོ།།གཞན་ཡང་འབྲེལ་བ༷་ཞེས་པ་བློས་སྒྲོ་བཏགས་པ་ཙམ་མིན་པར་དངོས་པོ་ཉིད་དུ་གྱུ༷ར་པ་ཡིན་ན་དེ་ལྟར་ཡིན་དུ་ཆུག་མོད། དེ་ལྟ་ན་སྒྲ་དང་དོན་དང་འབྲེལ་བ་གསུམ་དངོས་པོ་ཐ༷་ད༷ད་པ་ཀ་བ་བུམ་པ་སྣམ་བུ་བཞིན་དུ་ཡོད་པར་འགྱུར་བའི་ཕྱིར་དེ་འཛིན་གྱི་བློ་ཡང་ཐ་དད་དུ་འཛིན་པ་སྣ་ཚོགས་པའི་ཚུལ་དུ་འགྱུ༷ར་གྱི་མིང་དོན་བསྲེས་ནས་གཅིག་ཏུ་ཞེན་པར་མི་འགྱུར་ལ་དེ་ལྟ་ན་འབྲེལ་བ་དངོས་པོར་ཡོད་པ་དེས་མིང་དོན་འབྲེལ་བ་ལ་ཅི་ཞིག་ཕན་ཏེ་ཁོ་རང་རང་རྐྱ་བར་འགྱུར་རོ། །སྐྱོན་གཞན་ཡང་འབྲེལ་བ་དངོས་པོ་ཡིན་ཡང་དེས་མིང་དོན་འབྲེལ་བའི་རྟེན་བྱེད་ན་སྒྲ་དང་བརྗོད་བྱའི་རང་མཚན་ཐ་དད་པ་བཞིན་དུ་འབྲེལ་བ་དེ་སྙེད་དངོས་པོར་ཡོད་ན་བུམ་པའི་སྒྲ་གཅིག་གིས་བུམ་པའི་དོན་ཀུན་གོ་བ་དང༌། བུམ་པ་གཅིག་ལ་སྐྱེས་བུ་དུ་མའི་བུམ་པ་ཞེས་བརྗོད་པ་མི་འཐད་ལ། འབྲེལ་བ་ཞེས་པ་གཅིག་ལས་མེད་ན་བྱེ་བྲག་ཐ་དད་པའི་བུམ་པ་ལ་མིང་མི་འཇུག་པའམ་རིལ་གཅིག་ཏུ་འཇུག་པ་ཁོ་ནར་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ། །གལ་ཏེ་འབྲེལ་བ་དངོས་པོ་ཡིན་ཡང་མིང་དང་དོན་དེ་ལ༷ས་ཐ༷་ད༷ད་པའི་དངོས་པོ་མིན་ནོ་ཞེ་ན། དེ་ལྟ་ན་སྒྲ་དང་དོན་གྱི་རང་མཚན་དེ་ཉིད་ཡིན་པར་འགྱུར་ལ། དེ་གཉིས་ཐ་དད་པའི་ཕྱིར་འབྲེལ་བ་གང་ཡང་ཡོད་པར་མི་འགྱུར་རོ། །དེ་གཉིས་ཐ་དད་མིན་ན་ནི་མེ་བརྗོད་པས་ཁ་ཚིག་པར་འགྱུར་ལ་དེ་གཉིས་ཐ་དད་དུ་ཕྱོགས་སྔ་མས་འདོད་པའང་ཡིན་ནོ། །གལ་ཏེ་སྒྲ་དོན་ལས་ཐ་དད་དང་ཐ་དད་མིན་པ་གཉིས་ཀ་མིན་ནོ་སྙམ་ན། དངོས་པོ་གང་ལས་གཅིག་དང་ཐ་དད་པ་ཞེས་པ་འདི་ལ༷ས་གཞ༷ན་ཕུང་གསུམ་པའི་དངོས་པོ་ནི་ཡོད་པ་མ༷་ཡིན་ཏེ་དེ་གཉིས་ཕན་ཚུན་སྤངས་པ་ཡིན་པས་བར་ན་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡོད་ཀྱང་དབང་པོ་ལས་འདས་པ་སྟེ་མིག་དབང་ལ་སོགས་པ་བཞིན་ནོ་སྙམ་ན། དབང་པོ་རྣམས་ནི་འབྲས་བུ་ཤེས་པ་རྗེས་སུ་འགྲོ་ལྡོག་གིས་ཡོད་པར་འཇོག་ན། འདི་ནི་འབྲས་བུའི་སྒོ་ནས་མ་ཡིན་ཏེ་འབྲེལ་བ་ཉིད་མ་དམིགས་པར་དེའི་འབྲས་བུ་དམིགས་མི་སྲིད་པས་དབང་པོའི་ཡུལ་ལས་འདས་པའི་ཡོད་པ་ཞེས་པའང་དོན་མེད་དོ།།དེས་ན་འབྲེལ་བ་ཞེས་པ་གཅིག་དང་ཐ་དད་དུ་མེད་ལ། སྒྲ་དང་དོན་གཉིས་ནི་དངོས་པོའི་ངོ་བོ་ཐ༷་ད༷ད་པ་མ་འདྲེས་པ་ཡིན་པའི་ཕྱིར་དོན་ལ་འབྲེལ་བ་མེད་ཀྱང་མིང་དོན་བསྲེས་ནས་འདི་འདིའི་མིང་ངོ་འདི་འདིའི་བརྗོད་བྱའོ་ཞེས་འབྲེལ་བ༷་ལྟར་སྣང་བ་ནི་གློ་བུར་གྱི་རྟོག་པ༷ས་བྱ༷ས་པ༷་ཡིན་ནོ། །དེ་ལྟར་འབྲེལ་བ་ཞེས་པ་རྟོག་པས་ཡོད་པར་བཏགས་པའམ་བཏགས་ཡོད་ཡིན་གྱི་གཞན་རྫས་སུ་ཡོད་པའམ་ཡོད་པའི་རྫ༷ས་ཡིན་ན་འབྲེལ་བ་རང་གི་ངོ་བོ་ཡོད་ཟིན་པ་དེ་གཞ༷ན་སྒྲ་དོན་ལ༷་ར༷ག་ལུ༷ས་པ༷འ༷མ། དེ་གཞ༷ན་སྒྲ་དོན་གྱི་བར་ན་འབྲེལ་བ༷ར་བྱེད་པ་དག་ཏུའང་ཇི་ལྟ༷ར་འགྱུ༷ར་ཏེ། ཀ་བུམ་ལས་དངོས་པོ་ཐ་དད་དུ་གྲུབ་པའི་སྣམ་བུ་དེ་ཀ་བུམ་ལ་རག་ལས་པའམ། ཀ་བུམ་གྱི་འབྲེལ་བར་ཡང་མི་འགྱུར་བ་བཞིན་ནོ། །དེས་ན་མིང་དོན་ལ་དངོས་འབྲེལ་གང་ཡང་མེད་བཞིན་མིང་གང་བཏགས་པ་དེ་དངོས་པོ་དེ་ལ་གྲུབ་པ་ལྟར་རྟོག་པ་གོམས་པའི་དབང་གིས་མིང་ལ་དོན་དང་དོན་ལ་མིང་དུ་འཁྲུལ་ཏེ་མིང་དོན་བསྲེས་ནས་འཛིན་པའི་རྟོག་པ་དེ་མེད་ན་མིང་ལས་དོན་གོ་བ་མི་སྲིད་དོ། །དེར་མ་ཟད་མིང་དང་ཚིག་དང་ངག་ཉིད་ཀྱང་རྟོག་པས་སྒྲོ་བཏགས་པ་ཡིན་ཏེ། གཞུང་གི་ཡི་གེ་སིལ་བུ་བ་རེ་རེ་ལ་ནི་གཞུང་དེའི་དོན་སྟོན་པ་མེད་པ་ཅ༷ན་དུ་འགྱུ༷ར་ཞིང༌། ཡི་གེ་རིམ་པར་བཀོད་པའི་ཁྱད་པར་ལས་ས་ར་ཞེས་མཚོ་དང་ར་ས་ཞེས་རོ་ཡི་བརྡ་ལྟ་བུ་སོགས་དོན་གང་དང་གང་ཡིན་པ་ལ་དེ་གོ་བྱེད་ཀྱི་བརྡ་ཡི་གེའི་འགོད་ཚུལ་མི་འདྲ་བ་བྱས་པ་ལ་དེ་དང་དེ་ཡི་མིང་ཞེས་བློས་བཏགས་པ་སྟེ། གྲངས་ཀྱི་ཁྱད་པར་གཅིག་ལ་སོགས་པ་ལ་གཟའ་ཉི་མ་ཞེས་པར་བཏགས་པ་ལ་སོགས་པ་བཞིན་ནོ།།དེ་བཞིན་དུ་ཚིག་ལ་སོགས་པ་སྟེ་ངག་ཐམས་ཅད་ཀྱང་བློས་ཀུ༷ན་ཏུ་བརྟག༷ས་པ་ཙམ་གྱིས་དེ་དང་དེར་གྲུབ་པ་ལས་བློས་མ་བཏགས་པར་རང་གི་ངོ་བོ་མི་འགྲུབ་པས་དངོས་མེད་ཡིན་ཏེ། མིང་དུ་མ་འདུས་ནས་དེའི་བར་དུ་མཚམས་སྦྱར་བའི་རྐྱེན་བྱིན་པ་ལས་བུམ་པ་མི་རྟག་ཅེས་པ་ལྟ་བུ་ཚིག་འབྱུང་ལ། ཚིག་དུ་མ་ཚོགས་ནས་སྐབས་ཀྱི་དོན་སྟོན་པའི་ངག་མང་པོ་དང་ཉུང་ངུའི་རྒྱུན་ཇི་ལྟར་རིགས་པར་འབྱུང་ངོ༌། །དེ་ལྟ་བུའི་མིང་དང་ཚིག་དང་ངག་དེ་དག་ཡི་གེ་སིལ་བུ་བ་རྣམས་ལས་ཐ་དད་པ་མིན་ཏེ་ཡི་གེ་ལས་གཞན་དུ་མ་དམིགས་པའི་ཕྱིར་དང༌། ཡི་གེ་དང་གཅིག་ཀྱང་མ་ཡིན་ཏེ་ཡི་གེ་ཚོགས་པ་ལས་དོན་དེ་སྟོན་གྱི་སིལ་བུ་བ་ཇི་ཙམ་ཚོགས་ཀྱང་དོན་མེད་པས་མིང་མ་ཡིན་ལ། ཚིག་ཀྱང་མིང་མ་ཚོགས་ན་མེད་ཅིང༌། ངག་ཅེས་བྱ་བ་ཡང་ཚིག་མ་ཚོགས་པ་ལ་མེད་པའི་ཕྱིར་རོ། །ལྷན་ཅིག་ཏུ་ཚོགས་པ་ནི་མི་སྲིད་དེ་མིག་འབྱེད་པ་ཙམ་དུ་བརྗོད་པ་ཡི་གེ་ཐུང་ངུའི་ཡུན་ལའང་སྐད་ཅིག་དུ་མ་འདའ་བས་ན་ཡི་གེ་དུ་མ་རིམ་གྱིས་འབྱུང་བ་ལ་ལྟ་ཅི་སྨྲོས་ཏེ། སྒྲ་བློ་ནི་རིམ་གྱིས་སྐྱེ་འགག་བྱེད་པའི་ཕྱིར་རོ། །དེས་ན་ཡི་གེའི་བཀོད་པ་ལ་སོགས་པ་ལ་རྟོག་པས་གཅིག་ཏུ་བསྲེས་ནས་དེ་ལྟར་གདགས་པར་ཟད་དོ། །དེ་ལྟར་རྗོད་བྱེད་ཀྱི་བརྡ་ཉིད་ཀྱང་ཀུན་བརྟགས་ཙམ་ལས་རང་གི་དངོས་པོ་མེད་པ་དེ་ལ༷། དངོས་པོ་ཡི་ནི་བདག་ཉིད་དུ་གྱུར་པའི་འབྲེལ་བ༷་འདི་ཇི་ལྟ༷་བུ༷ར་ནི་འཇུ༷ག་པ༷ར་འགྱུ༷ར་ཏེ། ནམ་མཁའི་མེ་ཏོག་རང་ཉིད་མ་གྲུབ་པ་ལ་དྲི་བསུང་གྲུབ་པ་མི་སྲིད་པ་བཞིན་ནོ།།
གཉིས་པ་ཕྱོགས་ཆོས་མི་འགྲུབ་པ་ལ། རྟགས་སྒྲུབ་བྱེད་མེད་དམ་བཅའ་ཙམ་དུ་བསྟན། །ཆོས་ཅན་རིག་བྱེད་རྟག་པ་མི་འགྲུབ་པའོ། །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་ཉིད་དགག་པ་འོ། །དང་པོ།
བྱེད་པ་པོ་རྣམས་མི་དྲན་ཕྱིར། །སྐྱེས་བུས་མ་བྱས་ཀྱང་འདོད་ལོ།།འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ།།ཇི་ལྟར་སྐྱེས་བུ་འདི་གཞན་ལས། །མ་ཐོས་པར་ནི་ཡི་གེ་དང༌།།ཚིག་བཀོད་པ་ནི་བརྗོད་ནུས་མེད། །དེ་ལྟར་གཞན་ལའང་འགའ་ཞིག་སྨྲ།།སྔར་གྱི་རྟགས་དེ་ལ་མ་བྱས་པ་ཞེས་པའི་རྟགས་རང་གི་ངོ་བོ་མ་གྲུབ་པས་ཕྱོགས་ཆོས་མི་འགྲུབ་པ་དང༌། ཆོས་ཅན་རིག་བྱེད་རྟག་པ་མ་གྲུབ་པས་ཀྱང་ཕྱོགས་ཆོས་མི་འགྲུབ་པའི་སྐྱོན་གཉིས་སུ་ཡོད་པ་ལས། དང་པོ། རིག་བྱེད་ཀྱི་སྒྲ་མ་བྱས་པ་ཞེས་པ་དེ་ལ་སྒྲུབ་བྱེད་གང་ཡང་མེད་པས་ན་རྟགས་དེ་མ་གྲུབ་བོ་ཞེས་བརྗོད་པ་ན། ཕ་རོལ་པོས་སྒྲུབ་བྱེད་སྨྲས་པ། ཐོག་མ་མེད་པ་ནས་ཡོད་པའི་རིག་བྱེད་འདི་ཡི་བྱེད་པ༷་པོ་རྣ༷མས་འདི་ཡིན་ཞེས་མི་དྲ༷ན་པའི་ཕྱིར་ན་རིག་བྱེད་ནི་སྐྱེས་བུ༷ས་མ༷་བྱ༷ས་ཞེས་ཀྱང༷་འདོད་དོ་ལོ། ཀྱང་གི་སྒྲས་ནི་བདེན་པའི་དོན་ཅན་སྡུད་ལ་ལོ་ནི་མ་རངས་པའི་ཚིག་གོ།མི་རིགས་པའི་སྨྲ་བ་འདི་ལ༷འ༷ང་དེའི་ལུགས་འཛིན་པ་ཤེས་པར་རློམ་པ་དག་གིས་དེ་བདེན་ནོ་སྙམ་དུ་རྗེས་སུ༷་བརྗོད་པ༷་ཡོད་པ་དེས་ན༷་རྟགས་མ་གྲུབ་ཅིང་མ་ངེས་པ་ལ་དེ་ལྟར་མ་ཤེས་པ་རྨོངས་པའམ་ང༷ན་པ༷འི་མུ༷ན་པ༷ས་ཁྱ༷བ་ཅིང་མཆེད་པར་བྱེད་དོ།།གཞན་ཡང་ཇི་ལྟ༷ར་ད་ལྟ་རིག་བྱེད་འདོན་པའི་སྐྱེས་བུ༷་འདི་སློབ་དཔོན་གཞ༷ན་ལ༷ས་ཀློག་སློབ་པ་སོགས་མ༷་ཐོས་པ༷ར་ནི་ཡི་གེ་བཀོད་པ་མིང་ཚིག་ད༷ང༌། ཚིག་བཀོད་པ༷་ངག་ནི་བརྗོད་པའམ་འདོན་པའི་ནུ༷ས་པ་མེད་པ་དེ་ལྟ༷ར་གཞ༷ན་སྔོན་གྱི་སློབ་དཔོན་བརྒྱད་པ་སོགས་རིག་བྱེད་བྱེད་པ་པོར་ཁ་ཅིག་གིས་འདོད་པ་དག་ལ༷འ༷ང་གཞན་གྱིས་སློབ་དགོས་པར་གྲུབ་པས་རིག་བྱེད་ནི་ཐོག་མ་མེད་པ་སུས་ཀྱང་མ་བྱས་པའོ་ཞེས་དཔྱོད་པ་པ་འག༷འ་ཞིག་སྨྲ༷འོ།།
གཉིས་པ་དེ་ཉིད་དགག་པ་ལ། རྟགས་དེས་བསྒྲུབ་བྱ་ཅུང་ཟད་མི་འགྲུབ་ཚུལ། །རྟགས་དེ་ཕྱོགས་ཆོས་གྲུབ་ན་ཧ་ཅང་ཐལ། །དང་པོ་ལ། རྟགས་དེ་མ་བྱས་པ་ལ་འཁྲུལ་པར་བསྟན། །ཐོག་མེད་ཙམ་དུ་གྲུབ་ཀྱང་དགོས་མེད་པའོ། །དང་པོ།
སྤེལ་བ་ཡི་ནི་གཞུང་གཞན་ཡང༌། །མན་ངག་ལས་གཞན་གཞན་དག་གིས།།འདོན་པ་གང་མཐོང་གང་གིས་ན། །དེ་ཡང་དེ་ལྟར་རྗེས་མི་དཔོག།རིགས་གང་གང་ལས་གྲུབ་པ་དེ། །ཁྱད་པར་མེད་དེ་མེ་ཤིང་བཞིན།།རྒྱུ་མ་མཐོང་བ་ཅན་གཞན་ཡང༌། །དེ་ལས་འགྱུར་བར་ཡང་དག་ཤེས།།དེ་ལ་འབྲས་མཚུངས་མཐོང་བའི་ཕྱིར། །ཁྱད་པར་དག་ནི་མ་བསྟན་པར།།གཏན་ཚིགས་རབ་ཏུ་སྤྲོས་པ་གང༌། །དེ་དག་ཐམས་ཅད་འཁྲུལ་པ་ཅན།།བྱེད་པ་པོ་རྣམས་མི་དྲན་པ་ཞེས་པའང་དོན་མེད་དེ་སུས་ཀྱང་མི་དྲན་པ་ནི་མ་ཡིན་ཏེ་སངས་རྒྱས་པས་བརྒྱད་པ་དང༌། མིའུ་ཐུང་དང༌། མིའུ་ཐུང་ལྷ་དང༌། སྣ་ཚོགས་བཤེས་གཉེན་སོགས་ཀྱིས་བྱས་པར་དྲན་ལ། བྱེ་བྲག་པའི་སྟོན་པ་གཟེགས་ཟན་སོགས་ཀྱིས་དབྱིག་གི་སྙིང་པོ་སྟེ་ཚངས་པས་བྱས་པར་དྲན་པ་ཡིན་ནོ། །འགའ་ཞིག་གིས་མ་དྲན་པས་མ་བྱས་པར་འགྱུར་ན་ཕ་མེས་ཀྱི་ཁྲོན་པ་རྙིང་པ་སོགས་ཀྱང་མ་བྱས་པར་ཐལ་ལོ། །སངས་རྒྱས་པས་དེ་ལྟར་དྲན་པ་ནི་རྫུན་ཡིན་ནོ་སྙམ་ན། གཞུང་སྐྱེས་བུས་བྱས་པར་འདོད་པ་གཞན་དྲན་པའང་རྫུན་དུ་འགྱུར་ཏེ་དེ་གཉིས་ལ་བྱས་མ་བྱས་ཀྱི་ཁྱད་པར་གྱི་རྟགས་མེད་པས་སོ། །ཇི་ལྟར་མེད་ན། སྡེབ་སྦྱོར་མཁན་ནག་མོའི་འབངས་ཞེས་བྱ་བས་བྱས་པར་འདོད་པ་གཞོན་ནུ་འབྱུང་བ་ཞེས་བྱ་བ་ལྟ་བུ་གསར་དུ་སྐྱེས་བུས་བཀོད་པའམ་སྤེལ་བ༷་ཡི་ནི་གཞུ༷ང་གཞ༷ན་ཡ༷ང༌། སློབ་དཔོན་སྔ་མས་ཀློག་བསླབ་པ་སོགས་ཀྱི་མ༷ན་ང༷ག་ཡོད་པ་ལ༷ས་གཞ༷ན་མེད་པ་ན་གཞ༷ན་ད༷ག་གིས་རང་གར་འདོན་པ༷་ག༷ང་དུ་མཐོང་སྟེ་མ་མཐོང་བ་ག༷ང་གིས་ན༷། དེ་ཡ༷ང་རིག་བྱེད་དེ་ལྟ༷ར་མ་བྱས་པར་རྗེས་སུ་ཅིས་མི་དཔོག་སྟེ་དེ་གཉིས་འདྲ་བས་སོ། །སྤྱིར་གཞུང་གི་ཚིག་ཀློག་པ་ཙམ་ལའང་ཡི་གེའི་ཕྱི་མོ་སོགས་བསླབས་ནས་འཇུག་པ་དང༌། གཞུང་གི་བརྡ་སྤྱི་དང་བརྡའི་ཁྱད་པར་རྟོགས་དཀའ་བ་ལ་འདི་ཞེས་གཞན་གྱིས་མ་བསླབས་ན་མི་ཤེས་པ་སྐྱེས་བུས་བྱས་པ་ལའང་ཡོད་པས་ན་རྟགས་དེ་སྐྱེས་བུས་མ་བྱས་པའི་སྒྲུབ་བྱེད་དུ་འགོད་པ་དོན་མེད་དེ། འབྲས་བུའི་རིགས་ག༷ང་ཞིག་རྒྱུ་ག༷ང་ལ༷ས་གྲུ༷བ་པ༷་རྗེས་སུ་འགྲོ་ལྡོག་གི་ཚུལ་དམིགས་པས་ཚད་མས་མཐོང་བ་དེ་ཡུལ་དུས་ཀུན་ཏུ་ཡང་ཁྱ༷ད་པ༷ར་མེད་དེ། དཔེར་ན་དུ་བ་ཅན་གྱི་མེ་ཤིང་ལས་སྐྱེ་བ་འདིར་མཐོང་ན་གཞན་དུ་དེ་ལས་སྐྱེ་བ་འགྲུབ་པ་བཞིན། བརྗོད་འདོད་ཀྱི་དབང་གིས་དོན་སྣ་ཚོགས་སྟོན་པའི་གཞུང་རྣམས་ནི་སྐྱེས་བུའི་བསམ་སྦྱོར་གྱི་རྒྱུ་ལས་སྐྱེ་བར་ད་ལྟ་མཐོང་བས་ན། རྒྱུ་རྩོམ་པ་པོའི་གང་ཟག་དངོས་སུ་མ༷་མཐོང་བ༷་ཅ༷ན་གཞ༷ན་རིག་བྱེད་ཀྱི་ངག་འདི་ཡ༷ང༌། རྒྱུ་སྐྱེས་བུ་དེ་ལ༷ས་འབྱུང་བར་འགྱུ༷ར་བ༷ར་ཡ༷ང་ད༷ག་པར་ཤེས་ཏེ་ངག་རིགས་གཞན་དང་འདྲ་བས་སོ།།ལྷ་ཡི་རྔ་བོ་ཆེ་དང་རང་བྱུང་གི་ཡི་གེ་སྣང་བར་གསུངས་པའང་སངས་རྒྱས་ཀྱི་བྱིན་རླབས་དང་གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བའི་མཐུ་ལས་དེར་སྣང་བ་སྟེ་ལུང་དུ་སྟོན་པའི་ཚིག་ཡིན་པའི་ཕྱིར་རྟག་པ་དོན་བྱེད་ནུས་སྟོང་མ་ཡིན་ལ་སྐྱེས་བུས་མ་བྱས་པའང་མིན་ནོ། །སྔགས་ནས་བཤད་པའི་གཞོམ་མེད་ཀྱི་སྒྲ་ལ་སོགས་པ་ནི་འདིར་མི་བརྗོད་དེ་འདིར་ཚུར་མཐོང་གིས་གཞལ་ནུས་པའི་ཡུལ་ལ་སྒྲོ་འདོགས་བཅད་ནས་འགོག་པ་འདི་ཙམ་གྱིས་མུ་སྟེགས་བྱེད་ཀྱི་ལྟ་བ་ངན་པ་ཟློག་ནུས་ཀྱི་ཚུར་མཐོང་ལས་འདས་པའི་དོན་ཟབ་མོ་སྒྲུབ་པའི་ཚུལ་མུ་སྟེགས་བྱེད་ལ་མེད་དེ་དངོས་པོར་ཞེན་པའི་ཕྱིར་རོ། །དེས་ན་སློབ་པ་པོ་གཞན་སྔོན་དུ་སོང་བར་ངེས་པས་ཐོག་མེད་ནས་ཡོད་པའི་མ་བྱས་པར་འགྲུབ་ན་གཞོན་ནུ་འབྱུང་བ་སོགས་ཀྱང་དེས་མ་བྱས་ལ་ད་ལྟའི་གཞུང་འགོད་པ་དག་ལའང༌། རྗེས་སུ་རྟགས་དེ་འཇུག་པས་དེ་ཡང་དེས་མ་བྱས་པར་འགྱུར་རོ། །གཞན་ཡང་མགྲོན་པོས་བཏང་བའི་མེ་མཆེད་པ་ན་མེ་སྔ་མ་སྔོན་སོང་ཡིན་ཡང་དེས་མེ་དེའི་ཡ་མཐའ་ཐུག་མེད་དུ་འགྲུབ་མི་ནུས་ཏེ་གཙུབ་ཤིང་གཙུབ་པའི་སྟོབས་ཀྱིས་ཀྱང་དེ་འབྱུང་སྲིད་པ་བཞིན་ད་ལྟ་བ་རྣམས་ཀྱིས་རིག་བྱེད་རང་སྟོབས་ཀྱིས་མ་ཤེས་ཀྱང་ཐོག་མའི་རིག་བྱེད་བྱེད་པ་པོ་འགའ་ཞིག་སློབ་དཔོན་མེད་པར་རང་ཉིད་ཀྱིས་ཤེས་ནས་འཆད་པའང་སྲིད་པ་ཡིན་ནོ། །དེ་མི་སྲིད་དེ་ད་ལྟའི་སྐྱེས་བུས་དེ་ལྟར་མི་ནུས་པའི་ཕྱིར་ཞེས་སྒྲུབ་མི་ནུས་ཏེ། སྐྱེས་བུ་ཐམས་ཅད་ནུས་པ་མཉམ་པའི་ངེས་པ་མེད་དེ་གཅིག་གིས་ཤེས་པ་ཀུན་གྱིས་ཤེས་པ་མ་ཡིན་པས་མི་འདྲ་བ་སྣ་ཚོགས་སུ་མཐོང་བ་བཞིན་ཏེ། དཔེར་ན་དྲང་སྲོང་རྒྱས་པས་ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ་ཞེས་པ་རང་གིས་ཤེས་ནས་བྱས་པར་འདོད་པ་དེ་ཡང་ད་ལྟ་གཞན་གྱིས་བསླབ་དགོས་པ་ལ་སོགས་པ་བཞིན་ནོ། །གཞན་ཡང༌། རིག་བྱེད་ནི་རིག་བྱེད་ཡིན་ལ། གཞན་ལ་དེ་མེད་པས་རིག་བྱེད་ནི་མ་བྱས་པའོ་སྙམ་ན། ད་ལྟ་ཁ་བྱའམ་ཁ་གཏམ་བྱས་པའི་གནའ་རབས་ཀྱི་ལོ་རྒྱུས་ལ་སོགས་པའི་ཚིག་ཀྱང་དེ་མིན་པ་གཞན་མིན་པས་ན་དེ་ཡང་མ་བྱས་པར་ཐལ་ལོ། །རིག་བྱེད་ནས་ལས་སྣ་ཚོགས་བྱེད་པའི་སྔགས་བསྟན་ལ། སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་དོ་སྙམ་ན། བདེན་པ་དང་དཀའ་ཐུབ་ལྡན་པའི་སྐྱེས་བུས་སྔགས་བྱས་པ་ནི་སངས་རྒྱས་པ་ལ་སོགས་པའི་གཞུང་དུའང་ཡོད་ན་དེ་ཡང་མ་བྱས་པར་འགྱུར་རོ། །སངས་རྒྱས་པའི་སྔགས་དག་ཀྱང་དུག་ལ་སོགས་པ་ཞི་བའི་ནུས་པ་མངོན་སུམ་གྲུབ་ན་ནུས་ལྡན་གྱི་སྔགས་བསྟན་པའི་གཞུང་དེ་སྐྱེས་བུས་མ་བྱས་པར་ཁས་ལེན་པ་དོན་མེད་དོ། །སངས་རྒྱས་པའི་གཞུང་གི་སྔགས་སྔགས་མ་ཡིན་ནོ་སྙམ་ན། སྒྲུབ་བྱེད་མེད་པར་མནའ་ཆུ་བཏུང་དགོས་པ་ཙམ་དུ་ཟད་དོ།།གཞན་ཡང་ཕྱག་རྒྱ་དང་བསམ་གཏན་ལ་སོགས་པ་ཡི་གེ་མེད་པ་དག་གིས་ཀྱང་ལས་བྱེད་པ་ཡོད་ན་དེ་དག་ཀྱང་སྐྱེས་བུས་མ་བྱས་པར་འགྱུར་རོ། །སྐྱེས་བུས་སྔགས་བྱེད་ནུས་ན་ཐམས་ཅད་ཀྱིས་ཅི་ཕྱིར་མི་བྱེད་སྙམ་ན། སྐྱེས་བུ་གཅིག་སྙན་དངགས་བྱེད་པའི་ཕྱིར་ཐམས་ཅད་ཀྱིས་ཅི་ཕྱིར་མི་བྱེད། མི་བྱེད་ན་གཅིག་ཀྱང་མི་བྱེད་པར་འགྱུར་ཞེས་སྨྲ་བ་ལྟར་གྱི་ན་སྟེ། ནུས་པ་ཁྱད་པར་དང་ལྡན་པའི་སྐྱེས་བུ་ཡོད་པ་ལ་འགལ་བ་ཅན་གྱི་ཚད་མ་མི་འཇུག་པས་རང་གི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པ་ཙམ་གྱིས་དེ་འགོག་པར་རིགས་པ་མ་ཡིན་ནོ། །སྐྱེས་བུ་ཁྱད་པར་བ་ཁེགས་མི་ནུས་པར་བསྟན་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་སྲིད་པར་སྒྲུབ་པ་ལའང་ལན་ངེས་པར་བསྟན་པ་ཡིན་ནོ། །དེ་ལྟར་ན་རིག་བྱེད་དེ་ལ༷འང་སྐྱེས་བུས་བྱས་པའི་འབྲ༷ས་བུར་མཚུ༷ངས་པ་མཐོང་བ༷འི་ཕྱིར་བྱས་མ་བྱས་ཀྱི་ཁྱ༷ད་པ༷ར་ཡོད་པའི་གཏན་ཚིགས་ད༷ག་ནི་མ༷་བསྟ༷ན་པ༷ར། མི་དྲན་པ་དང་ཐོག་མ་མེད་པ་སོགས་གཏ༷ན་ཚིགས་ལྟར་སྣང་བ་ར༷བ་ཏུ༷་སྤྲོས་པ༷་ག༷ང་ཡིན་པ་དེ་ད༷ག་ཐ༷མས་ཅ༷ད་མ་བྱས་པ་དེ་སྒྲུབ་པ་ལ་མ་ངེས་ཤིང་མ་གྲུབ་པའི་འཁྲུ༷ལ་པ༷་ཅ༷ན་འབའ་ཞིག་ཡིན་ནོ།།
གཉིས་པ་ཐོག་མེད་ཙམ་དུ་གྲུབ་ཀྱང་དགོས་པ་མེད་པ་ནི།
རྣམ་ཀུན་ཐོག་མེད་གྲུབ་གྱུར་མོད། །དེ་ལྟར་སྐྱེས་མིན་རྟེན་ཅན་མིན།།དེ་ཕྱིར་སྐྱེས་བུས་མ་བྱས་ཉིད། །གཞན་ཡང་མི་ལ་མི་བརྟེན་འགྱུར།།ཀླ་ཀློ་ལ་སོགས་ཐ་སྙད་དང༌། །མེད་པར་སྨྲ་བའི་ཚིག་རྣམས་ཀྱང༌།།ཐོག་མེད་ཕྱིར་ན་དེ་བཞིན་འགྱུར། །སྔོན་འདུས་བྱས་པའི་རྒྱུ་ཡིན་ཕྱིར།།དེ་འདྲའི་སྐྱེས་བུས་མ་བྱས་ཉིད། །གྲུབ་ནའང་ཡོན་ཏན་ཅི་ཞིག་ཡོད།།དོན་གྱི་འདུ་བྱེད་ཁྱད་པར་རྣམས། །མཐོང་ཕྱིར་ཐེ་ཚོམ་དག་ཀྱང་ཡིན།།གལ་ཏེ་རིག་བྱེད་འདི་རྣ༷མ་པ་ཀུ༷ན་ཏུ་ཐོག་མ་མེད་པ་ཙམ་དུ་གྲུ༷བ་པར་གྱུ༷ར་ཏུ་ཆུག་མོད། དེ་ལྟ༷ར་ཡིན་ནའང་སྐྱེས་བུ་མིན་པའི་རྟེན་ཅ༷ན་ཏེ་སྐྱེས་བུས་མ་བྱས་པ་མིན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མེད་ཙམ་ཡིན་པ་དེ་ཕྱིར་སྐྱེས་བུ༷ས་མ༷་བྱ༷ས་པ་ཉིད་ཡིན་པར་གྱུར་ན། འཇིག་རྟེན་གྱི་ཐ་སྙད་གཞ༷ན་ཤིན་ཏུ་མང་པོ་ཡ༷ང་མི་ལ༷་མི་བརྟེན་པའམ་སྐྱེས་བུས་མ་བྱས་པར་འགྱུ༷ར་ཏེ་དེ་དག་ཐོག་མ་མེད་པས་སོ། །དེ་ལྟ་ན་ཀླ་ཀློ་ལ༷་སོགས་པའི་ཐ༷་སྙ༷ད་ད༷ང༌། རྒྱང་འཕེན་པས་འཇིག་རྟེན་སྔ་ཕྱི་དང་རྒྱུ་འབྲས་སོགས་མེད་པ༷ར་སྨྲ༷་བ༷འི་ཚིག་རྣ༷མས་ཀྱ༷ང་ཐོག་མ་མེད་པའི་ཕྱིར་ན༷་རིག་བྱེད་དེ་བཞིན་དུ་མ་བྱས་པར་འགྱུ༷ར་རོ། །དེ་དག་ཐོག་མ་མེད་པ་མ་གྲུབ་སྙམ་ན་མི་འཐད་དེ། བྱིས་པའི་ས་རྡུལ་གྱི་རྩེད་མོ་དང་འདྲ་བར་སྔ་མ་སྔ་མ་མཐོང་ནས་འཇིག་རྟེན་གྱི་ཐ་སྙད་འཇུག་པ་ཡིན་ལ། གཞན་ཡང་མེད་པར་སྨྲ་བ་སོགས་ཀྱང་ཐོག་མེད་ནས་གོམས་པའི་བག་ཆགས་གང་ཞིག་སད་པར་བྱེད་པའི་རྐྱེན་ལས་འབྱུང་བ་སོགས་མདོར་ན་སྔོན་གྱི་རྒྱུ་ལས་འདུ༷ས་བྱ༷ས་པ༷འི་རྒྱུ༷་ཅན་ནམ་རྒྱུ་མཚན་ཅན་ཡིན་ཏེ། རྒྱུ་མེད་པར་འབྱུང་མི་ཤེས་པའི་རིགས་པས་གྲུབ་ལ། རྒྱུ་དེ་ལའང་རྒྱུ་སྔ་མ་སྔོན་དུ་སོང་བས་ཐུག་མེད་གྲུབ་པའི་ཕྱིར་རོ། །དེ་ལ་ཀླ་ཀློ་ལ་གྲགས་པའི་ཐ་སྙད་ནི་ཕ་ཤི་བ་ན་བུ་ཐུ་བོས་མ་བག་མར་ལེན་པ་དང༌། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར་རྒན་རབས་གསད་པར་བྱ་བ་དང༌། ཚེས་བཅུ་གསུམ་ལ་འདོད་པའི་དགའ་སྟོན་བྱ་བ་དང༌། བུ་ཡི་བཙས་སྟོན་ལ་སོགས་པའི་ཐ་སྙད་དོ། །ལོག་པའི་ཐ་སྙད་དེ་འདྲ༷འི་ངག་སྐྱེས་བུ༷ས་མ༷་བྱ༷ས་པ་ཉིད་དུ་གྲུ༷བ་ན༷འ༷ང་དེ་ལ་བདེན་པའི་དོན་ཅན་གྱི་ཡོན་ཏ༷ན་ཅི་ཞིག་ཡོད་དེ་གང་ཡང་མེད་དོ། །གཞན་ཡང་རིག་བྱེད་ཀྱི་དོན་ནི་འཆད་པ་པོ་དེས་བརྗོད་པ་དང༌། དཔྱོད་པ་པ་དང༌། བརྡ་སྤྲོད་པ་ལ་སོགས་པའི་དོན་འཆད་ཚུལ་གྱི་རྟོག་པའི་འདུ༷་བྱེད་པ་མི་འདྲ་བའི་དབང་གིས་ཁྱ༷ད་པ༷ར་ཐ་དད་པ་དུ་མར་ཡོད་པ་རྣམ༷ས་མཐོང་བའི་ཕྱིར་རིག་བྱེད་ཀྱི་དོན་གཅིག་ཏུ་བདེན་པར་ངེས་པ་ལ་ཐེ་ཚོམ་ཟ་བ་ད༷ག་ཀྱ༷ང་ཡིན་ནོ། །གལ་ཏེ་རིག་བྱེད་ཀྱི་སྒྲ་དང་རྐྱེན་དག་ནི་རང་གི་བསྟན་བྱའི་དོན་ལ་གཅིག་ཏུ་ངེས་སོ་ཟེར་ན། རང་བཞིན་དང་རྐྱེན་དག་གིས་འཇུག་ཡུལ་ལ་འཆད་པ་པོའི་རྟོག་པ་སྐྱེ་ཚུལ་སྣ་ཚོགས་མི་རུང་ན་འཆད་ཚུལ་མི་འདྲ་བ་འབྱུང་བར་མི་སྲིད་དོ།།ཡོངས་སུ་གྲགས་པས་འཁྲུལ་མི་སྲིད་པའང་མ་ཡིན་ཏེ་ཡོངས་སུ་གྲགས་པ་མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲ་ཡང་མ་གྲགས་པའི་དོན་གཞན་གྱི་རྗོད་བྱེད་དུ་འདོད་པ་དང༌། ཡོངས་སུ་མ་གྲགས་པའི་བརྡ་ཡང་མང་དུ་ཡོད་ལ། དེའི་དོན་སྐྱེས་བུས་བསྟན་པ་ལ་རག་ལས་ཤིང༌། དེ་ཡང་དེའི་ཞེ་འདོད་ལ་རག་ལས་པས་ན་རིག་བྱེད་རང་གི་ངོ་བོས་བདེན་པ་ཅན་ཞེས་པ་ཇི་ལྟ་བུ་ཡིན་པ་ཐེ་ཚོམ་གྱི་གནས་སོ།།
གཉིས་པ་རྟགས་དེ་ཕྱོགས་ཀྱི་ཆོས་སུ་གྲུབ་ན་ཧ་ཅང་ཐལ་བ་ལ། ངག་རྣམས་ཀུན་ཀྱང་མ་བྱས་ཉིད་འགྱུར་ཚུལ། །དེ་ཡི་རྟགས་དོན་རིགས་པས་སྒྲུབ་པ་འོ། །དང་པོ།
ཡིག་རྣམས་གཞན་དང་ཁྱད་མེད་ཕྱིར། །སྒྲུབ་པར་བྱེད་ན་འབྲས་ཅིར་འགྱུར།།ངག་ནི་ཡི་གེ་ལས་ཐ་དད། །ཡོད་པ་མིན་ཏེ་མ་དམིགས་ཕྱིར།།རིག་བྱེད་མ་བྱས་པར་གྲུབ་ན་ཧ་ཅང་ཐལ་ཏེ་རིག་བྱེད་ཀྱི་ཡིག་འབྲུ་ཨ་ལ་སོགས་པ་རྣ༷མས་ནི་གཞ༷ན་འཇིག་རྟེན་གྱི་ཐ་སྙད་བརྗོད་པ་ཀུན་གྱི་ཡི་གེ་ད༷ང་ཁྱ༷ད་མེད་པའི་ཕྱིར། འཇིག་རྟེན་གྱི་ངག་དེ་ཀུན་མ་བྱས་པར་སྒྲུ༷བ་པ༷ར་བྱེད་ན༷་དེ་ལ་དགོས་པའམ་འབྲ༷ས་བུ་ཅིར་འགྱུ༷ར་ཏེ་དེ་ཀུན་བདེན་པའི་དོན་ཅན་དུ་སྒྲུབ་པ་ཡིན་ནམ་ཅི། དེ་ལྟར་རིག་བྱེད་ཡིན་མིན་ཀུན་ཀྱང་བདེན་པར་གྱུར་ན་རིག་བྱེད་དེ་ཁོ་ན་བདེན་པར་སྒྲུབ་པའི་རྟགས་སུ་བཀོད་པ་དེ་ལ་དགོས་པ་གང་ཡང་མེད་པར་འགྱུར་རོ།།ཅི་སྟེ་ཡི་གེ་ཁྱད་མེད་ཀྱང་དོན་ཁྱད་པར་ཅན་སྟོན་པའི་རིག་བྱེད་ཀྱི་ངག་མ་བྱས་སོ་སྙམ་ན། ང༷ག་ཅེས་པ་ནི་ཡི་གེ་ལ༷ས་ཐ༷་ད༷ད་པར་ཡོད་པ༷་མིན་ཏེ་ཡོད་ན་སྣང་དུ་རུང་བ་ལ་ཡི་གེ་རེ་རེ་བ་བསལ་བའི་ཤུལ་ན་བློ་མ་འཁྲུལ་པར་གཏད་དུ་ཟིན་ཀྱང་མ༷་དམིགས་པའི་ཕྱིར་རོ།།
གཉིས་པ་དེ་ཡི་རྟགས་དོན་རིགས་པས་སྒྲུབ་པ་ལ། ཡི་གེ་ལས་གཞན་ངག་རྫས་མ་གྲུབ་དང༌། །དེ་ལས་གཞན་པའི་རིམ་པ་མ་གྲུབ་པའོ། །དང་པོ་ལ། ཆ་བཅས་ཆ་མེད་གང་ཡིན་བརྟགས་ལ་དགག །རྟག་དང་མི་རྟག་བརྟགས་ནས་འགོག་པ་དང༌། །ཁྱབ་དང་མ་ཁྱབ་བརྟགས་ནས་དགག་པ་འོ། །དང་པོ།
ཡན་ལག་དུ་མའི་བདག་ཉིད་ཡིན། །དེ་རྣམས་ཐ་དད་དོན་མེད་ཉིད།།དེ་དངོས་ཅན་མིན་དེ་དངོས་ཅན། །བཏགས་པ་སེངྒེ་ཉིད་སོགས་བཞིན།།རེ་རེ་དོན་བཅས་ཉིད་ཡིན་ནའང༌། །དུ་མ་ཉིད་བཏགས་ལོག་པ་ཡིན།།ཡན་ལག་གཅིག་ནི་རྟོགས་པས་ཀྱང༌། །ངག་གི་དོན་དག་རྟོགས་པར་འགྱུར།།ཐམས་ཅད་ཅིག་ཅར་རྟོགས་པ་ནའང༌། །དུས་ཀྱི་ཁྱད་པར་མི་རུང་ངོ༌།།གཅིག་ཉིད་ན་ཡང་ཐ་དད་མེད། །རིམ་གྱིས་རྟོགས་པ་མི་སྲིད་ཕྱིར།།ཕ་རོལ་པོ་དེ་དག་ན་རེ། ཡི་གེ་ལས་གཞན་པའི་ངག་རྫས་སུ་མེད་པ་མ་གྲུབ་སྟེ། ཡི་གེ་སིལ་བུས་དོན་མི་སྟོན་ལ་ངག་གིས་དོན་སྟོན་པའི་ཕྱིར་ངག་ནི་ཡི་གེ་ལས་ཐ་དད་དུ་ཡོད་དོ་ཟེར་ན། བརྟག་པ་གསུམ་ལས་དང་པོ། ངག་དེ་ཆ་བཅས་ཡིན་ནམ་ཆ་མེད་ཡིན། ཡ༷ན་ལ༷ག་དུ༷་མ༷འི་ཆ་དང་བཅས་པའི་བད༷ག་ཉིད་ཡིན་ནོ་ཞེ་ན། ཆ་དེ་རྣ༷མས་ཐ༷་ད༷ད་པར་གནས་པའི་རེ་རེ་ལ་ངག་གི་དོན་མེད་པ་ཉིད་དེ་མིང་རེ་རེ་ལ་ཚིག་གི་དོན་མེད་ལ་ཡི་གེ་རེ་རེ་ལ་མིང་གི་དོན་མེད་པ་བཞིན་ནོ། །དེས་ན་ཆ་རེ་རེ་ལ་ངག་ཏུ་བཏགས་པ་ནི་ངག་དེ་ཡི་དངོས་པོ་ཅ༷ན་མིན་པ་ལ་ངག་དེ་ཡི་དངོས་པོ་ཅ༷ན་དུ་སྒྲོ་བཏ༷གས་པ༷་སྟེ། དཔེར་ན་དབྱིབས་སམ་རྩལ་ཆེ་བ་བྲམ་ཟེའི་ཁྱེའུ་ལ་སེངྒེ་ཉིད་དུ་བཏགས་པ་དང་བློ་རྣོ་བ་ལ་མེ་ཞེས་བཏགས་པ་ལ་སོགས་པ་བཞིན་ཏེ་དེ་ལ་སེངྒེ་དང་མེའི་དངོས་པོ་ཅུང་ཟད་མེད་པ་བཞིན་ནོ། །ཆ་རེ་རེའང་ངག་གི་དོན་དང་བཅ༷ས་པ་ཉིད་ཡིན་ན༷འ༷ང་ཁྱོད་རང་གིས་ངག་ནི་ཆ་དུ༷་མ༷་ཉིད་དུ་ཡོད་དོ་ཞེས་བཏ༷གས་པ་ནི་ལོག་པ༷་ཡིན་ཏེ། ཆ་གཅིག་པུ་དེ་ངག་ཡིན་པའི་ཕྱིར། དེ་ལྟ་ན་ངག་གི་ཆའམ་ཡ༷ན་ལ༷ག་གང་ཡང་རུང་བའི་ཕྱོགས་གཅིག་ནི་རྟོགས་པ༷ས་ཀྱ༷ང་ང༷ག་གི་དོན་མཐའ་ད༷ག་རྟོགས་པ༷ར་འགྱུ༷ར་རོ། །མི་སྐྱོན་ཏེ་ཆ་རེ་རེའང་ངག་གི་ཕྱོགས་གཅིག་ཡིན་ལ་དེ་ཐམས་ཅད་བསྡོམས་པ་ན་ངག་གི་རྫས་ཞེས་བྱ་བ་རིལ་པོ་དེ་ཡིན་པས་ངག་གི་ཆ་ཀུན་རྫོགས་པ་ན་ངག་གི་དོན་ཐ༷མས་ཅ༷ད་ཅིག་ཅ༷ར་རྟོགས་པ༷་ཡིན་ནོ་ཞེ་ན༷འ༷ང༌། ངག་རིལ་པོ་ཆ་མེད་གཅིག་ཅིག་ཅར་རྟོགས་རྒྱུ་ཡོད་ན་དེ་རྟོགས་པ་ལ་དུས་ཀྱི་གོ་རིམ་མི་རུང་བས། ངག་གི་ཆ་རྣམས་རིམ་གྱིས་ཐོས་པས་ཟླ་ཞག་དང་ལོར་འཆད་པའི་དུ༷ས་ཀྱི་ཁྱ༷ད་པ༷ར་མི་རུ༷ང་ངོ༌། །དེས་ན་ངག་གི་རྒྱུན་རྫོགས་པའི་སྐད་ཅིག་མཐའི་བར་དུ་ངག་མི་རྟོགས་ལ། ཐ་མའི་སྐད་ཅིག་གི་ཆ་ཁོ་ན་ངག་རྟོགས་པའི་རྒྱུ་མིན་ཏེ་ཡིན་ན་སྔ་མ་རྣམས་མེད་ཀྱང་དེ་ཁོ་ནས་རྟོགས་པར་ཐལ་ལོ། །སྔ་མ་རྣམས་དེ་ཡི་དུས་ན་མེད་དེ་འགགས་པའི་ཕྱིར། སྔ་ཕྱི་བསྡོམས་པའི་ཁྱད་པར་ལ་ངག་ཅེས་རྟོག་པས་སྒྲོ་བཏགས་ཀྱི་ཡི་གེ་ལས་ཐ་དད་པའི་ངག་རྫས་གང་ཡང་མེད་དོ། །གལ་ཏེ་ངག་ནི་ཆ་མེད་པ་གཅིག་ཉིད་ཡིན་ནོ་ཞེ་ན༷་ཡ༷ང་དེ་ལ་ཆ་ཐ༷་ད༷ད་མེད་པའི་ཕྱིར་ངག་དང་དོན་ཡང་རིམ་གྱིས་རྟོགས་པ༷་མི་སྲིད་པའི་ཕྱིར་མི་འཐད་དོ།།
གཉིས་པ་རྟག་དང་མི་རྟག་བརྟགས་ནས་འགོག་པ།
མི་རྟག་ན་ནི་རྩོལ་བྱུང་ཕྱིར། །དེ་ཅི་སྐྱེས་བུས་བྱས་པ་མིན།།རྟག་ཉིད་ཡིན་ཡང་45རྟག་པར་ནི། །དམིགས་འགྱུར་སྒྲིབ་གཡོགས་མེད་ཕྱིར་རོ།།གལ་ཏེ་ལྷན་ཅིག་བྱེད་འགའ་ཞིག །མ་ཚང་ཐོས་པ་མིན་ཞེ་ན།།ཅིས་ཀྱང་གཞན་ལྟོས་ཡིན་སླ་སྟེ། །ངེས་པ་དག་ནི་འགལ་བ་ཡིན།།ངག་དེ་རྒྱུའི་རྗེས་སུ་བྱེད་པ་མི་རྟག་པ་ཡིན་ནམ་མི་བྱེད་པ་རྟག་པ་ཡིན། མི་རྟ༷ག་པ་ཡིན་ན༷་ནི་རྒྱུའི་ཁྱད་པར་སྐྱེས་བུའི་རྩོལ་བ་ལས་བྱུ༷ང་བའི་ཕྱིར་དེ་ཅི་ཞིག་སྐྱེས་བུ༷ས་བྱ༷ས་པ༷་མིན་པར་འགྱུར་ཏེ་བྱས་པ་ཁོ་ནའོ། །གལ་ཏེ་རྟ༷ག་པ་ཉིད་ཡིན་ན་ཡ༷ང་ངག་དེ་དུས་རྟ༷ག་པ༷ར་ནི་ཉན་ཤེས་ཀྱིས་དམིགས་པར་འགྱུ༷ར་ཏེ་ཉན་ཤེས་ཀྱི་ཡུལ་དེ་རྟག་པ་གང་ཞིག་དེ་ལ་གེགས་བྱེད་པ་སྒྲིབ་གཡོགས་དག་ཀྱང་མེད་པའམ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་མི་སྲིད་ན་རྟག་པ་དེ་སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་ལ་རྐྱེན་གཞན་གྱིས་གནས་སྐབས་གཞན་དང་གཞན་དུ་སྒྱུར་མི་ནུས་པ་ཡིན་པར་གོང་དུའང་དཔྱད་ཟིན་ཏོ། །ག༷ལ་ཏེ་སྒྲིབ་གཡོགས་ཀྱིས་རྟག་པ་དེ་ཟིལ་གྱིས་མནན་ནས་མི་ཐོས་པ་མིན་ཡང་དེ་ཐོས་པའི་ལྷ༷ན་ཅིག་བྱེད་རྐྱེན་རྩོལ་བ་སོགས་འག༷འ་ཞིག་མ༷་ཚ༷ང་བས་ཐོས་པ༷་མིན་ནོ་ཞེ་ན༷། ཅིས་ཀྱང༷་སྟེ་ངེས་པར་རྐྱེན་གཞ༷ན་ལ་ལྟོས་པ་ཡིན་པ་ནི་སླ༷་སྟེ་རང་རེ་གཉིས་ཀས་འདོད་མོད། འོན་ཀྱང་སྒྲ་རང་གི་ངོ་བོ་རྟག་པར་ངེས་པ༷་ཉིད་དུ་དམ་བཅས་པ་ད༷ག་ནི་ཚིག་དེ་དང་འག༷ལ་བ༷་ཡིན་ཏེ། རྟག་པ་རྐྱེན་གཞན་ལ་ལྟོས་པ་མི་རུང་ཞིང་ལྟོས་ན་ཁྱད་པར་གཞན་དང་གཞན་འཐོབ་པར་འགྱུར་བར་དཔྱད་ཟིན་ཏོ།།
གསུམ་པ་ཁྱབ་དང་མ་ཁྱབ་བརྟགས་ནས་དགག་པ་།
གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཐམས་ཅད་དུ་ནི་དམིགས་མི་འགྱུར།།གལ་ཏེ་ཁྱབ་ན་ཐམས་ཅད་ཀྱིས། །ཅིག་ཅར་དམིགས་པ་དག་ཏུ་འགྱུར།།འདུས་བྱས་དམིགས་པ་ཡིན་ན་ཡང༌། །འགྱུར་མེད་གང་གིས་འདུ་བྱེད་འགྱུར།།དབང་པོ་ལེགས་པར་བྱས་གྱུར་ན། །དེས་ཀྱང་མ་ལུས་ཐོས་པར་འགྱུར།།གལ་ཏེ་ལེགས་བྱས་ཁྱད་པར་ལས། །ཐ་དད་ཕྱིར་དོན་གཅིག་ངེས་ཡིན།།སྒྲ་ཡི་ཚོགས་པ་དུ་མ་ཡི། །ཅ་ཅོ་ཇི་ལྟར་ཐོས་པར་འགྱུར།།དེ་ལ་གལ་ཏེ་སྒྲ་ཡན་གར། །ཐོས་འགྱུར་རྗོད་བྱེད་མ་ཡིན་ན།།སྒྲ་ལས་ཐ་དད་ཡོད་དོ་ཞེས། །འདི་ལ་46ཤིན་ཏུ་ཆེས་དད་བྱ།།སྒྲ་གཞན་དག་ནི་གནས་པ་ན། །རྗོད་བྱེད་ཇི་ལྟར་ཐོས་པ་ཡིན།།47ཡང་ན་ནུས་པ་ངེས་པའི་ཕྱིར། །ཇི་ལྟར་ཐ་དད་སྒྲ་རྟོགས་འགྱུར།།ཉེས་པ་གང་དང་གང་གིས་ཀྱང༌། །སྒྲ་ཙམ་རྗོད་བྱེད་མི་འདོད་པ།།48སྒྲ་ཙམ་དག་གིས་གསལ་བ་ན། །ཇི་ལྟར་རྗོད་བྱེད་ལ་དེ་མེད།།ངག་དེ་ཕྱོགས་དུས་ཐམས་ཅད་དུ་མ་ཁྱབ་པ་ཞིག་གམ་ཁྱབ་པ་ཞིག་ཡིན། ག༷ལ་ཏེ་དེ་ད༷ག་ཕྱོགས་དུས་ཐམས་ཅད་དུ་ཁྱ༷བ་པར་བྱེད་པ་མིན་ན་གང་དུ་གནས་པའི་ཡུལ་དུས་ཉི་ཚེ་བ་དེ་ལས་ཐ༷མས་ཅ༷ད་དུ༷་ནི་དམིགས་པར་མི་འགྱུ༷ར་ནའང་རིག་བྱེད་ཀྱི་ངག་ལ་སོགས་པ་ནི་ཡུལ་གཅིག་ཏུ་ཐོས་པའི་ངེས་པ་མེད་པས་གནོད་དོ།།ག༷ལ་ཏེ་ཀུན་ཏུ་ཁྱ༷བ་པ་ཡིན་ན༷་ཡུལ་དུས་ཀུན་གྱི་སྐྱེ་བོ་ཐ༷མས་ཅ༷ད་ཀྱིས་ཅིག་ཅ༷ར་དུ་ཐོས་ཤིང་དམིགས་པ༷་ད༷ག་ཏུ༷་འགྱུ༷ར་ཏེ་ཉན་ཤེས་ཀྱིས་དམིགས་སུ་རུང་བའི་ངག་དེ་ཐམས་ཅད་ན་ཁྱབ་པར་ཡོད་པའི་ཕྱིར་ཕྱོགས་འདི་ན་གྲགས་བཞིན་པའི་དུང་སྒྲ་བཞིན་ནོ། །ཐམས་ཅད་དུ་ཡོད་ཀྱང་ཅིག་ཅར་དམིགས་པར་མི་འགྱུར་ཏེ་རྩོལ་བ་སོགས་རྐྱེན་གྱིས་འདུ༷ས་བྱ༷ས་པ་ལས་སྒྲ་དེ་དམིགས་པ༷འམ་ཐོས་པ་ཡིན་ནོ་ཞེ་ན༷་ཡ༷ང༌། རྟག་པ་འགྱུ༷ར་མེད་ཀྱི་ངག་དེ་ནི་རྐྱེན་ག༷ང་གིས་གསར་དུ་འདུ༷་བྱེད་པར་འགྱུ༷ར་ཏེ་རང་གི་ངོ་བོ་གྲུབ་ཟིན་པར་དེ་ན་ཡོད་པས་སོ། །ངག་རྟག་པ་འདུ་བྱེད་པ་མིན་ཡང་དེ་ཐོས་པའི་རྐྱེན་རྣ་བའི་དབ༷ང་པོ་དག་རྩོལ་བ་སོགས་རྐྱེན་གྱིས་ལེགས་པ༷ར་བྱ༷ས་པ་ལས་ཁྱབ་པའི་སྒྲ་དེ་ཐོས་པར་འགྱུ༷ར་བ་ཡིན་ནོ་ཞེ་ན༷། རྐྱེན་གྱིས་སྒྲ་ཐོས་སུ་རུང་བར་ལེགས་པར་བྱས་པའི་དབང་པོ་དེས་ཀྱང༷་དེ་ན་ཁྱབ་པའི་སྒྲ་མ༷་ལུ༷ས་པ་ཐོས་པ༷ར་འགྱུ༷ར་ཏེ་མིག་གི་སྒྲིབ་གཡོགས་བསལ་བ་ན་མདུན་ན་གནས་པ་ཐམས་ཅད་མཐོང་བ་བཞིན་ནོ།།ག༷ལ་ཏེ་ལེགས་པར་བྱ༷ས་པའི་རྐྱེན་གྱི་ཁྱ༷ད་པ༷ར་མི་འདྲ་བ་སོ་སོ་ཡོད་པ་ལ༷ས་དབང་པོས་ཡུལ་འཛིན་པའི་ནུས་པའང་ཐ༷་ད༷ད་པ་ཡིན་གྱི་གཅིག་མ་ཡིན་པའི་ཕྱིར། བུམ་པ་ཞེས་བརྗོད་པ་ལྟ་བུའི་སྒྲ་གཅིག་གིས་དོན་གཅིག་ཐོས་པར་ངེས་པ་ཡིན་གྱི་ཐམས་ཅད་ཐོས་པ་མིན་ནོ་ཞེ་ན། སྐྱེ་བོ་དུ་མས་ལྷན་ཅིག་གླུ་ལེན་པ་དང་རྔ་དང་གླིང་བུ་ལ་སོགས་པའི་སྒྲ༷་ཡི་ཚོགས་པ༷་དུ༷་མ༷་ཡི་ཅ༷་ཅོ་དེ་རྣ་དབང་གཅིག་གིས་དུས་གཅིག་ལ་ཇི་ལྟར༷་ཐོས་པ༷ར་འགྱུ༷ར་ཏེ་དབང་པོ་ནི་ཡུལ་སྒྲ་གཅིག་ལ་ངེས་པར་འཇུག་པར་ཁས་བླངས་པའི་ཕྱིར་རོ། །འདོད་ན་མངོན་སུམ་གྱིས་བསལ་ཞིང་སྒྲ་རིམ་གྱིས་ཐོས་ཀྱང་མྱུར་བས་ཅིག་ཅར་ཐོས་པར་སྣང་བ་ཡིན་ནོ་སྙམ་ན། གླིང་བུ་སོགས་ཀྱི་སྒྲ་ལའང་ཅིག་ཅར་ཐོས་པའི་སྣང་བ་འབྱུང་བར་འགྱུར་ཏེ་དེ་གཉིས་སྐད་ཅིག་མ་རིམ་གྱིས་ཐོས་པ་ལ་ཁྱད་མེད་ཅིང་འཇུག་པ་མྱུར་བ་ལའང་ཁྱད་མེད་པའི་ཕྱིར་དང་གཞན་ཡང་འོག་ནས་ཀྱང་འཆད་པར་འགྱུར་རོ། །གལ་ཏེ་དབང་པོ་ཡུལ་གཅིག་ལ་ངེས་ཞེས་པ་དེ་ཚིག་འབྲུ་གསལ་པོར་རྗོད་པའི་སྒྲ་ལ་ཡིན་གྱི་སྒྲ་ཙམ་ལ་མ་ཡིན་ཏེ་སྒྲ་ཙམ་དུ་མ་ལྷན་ཅིག་ཐོས་རུང་ངོ་ཞེ་ན། དུ་མས་གླུ་ལེན་པ་ལྷན་དུ་ཐོས་ཚེ་ཚིག་འབྲུ་ལས་གཞན་པའི་སྒྲ་དུ་མ་ཇི་ལྟར་ཐོས་ཞེས་དྲིས་པ་ན། ཅ་ཅོ་དེ་ལ༷་ག༷ལ་ཏེ་ཚིག་འབྲུ་ལས་གཞན་དུ་དོན་མི་སྟོན་པའི་སྒྲ༷་ཙམ་ཡ༷ན་ག༷ར་དུ་ཐོས་པར་འགྱུ༷ར་གྱི་རྗོད་བྱེད་ངག་གི་སྒྲ་ནི་ཐོས་པ་མ༷་ཡིན་པས་ཡུལ་གཅིག་ཏུ་མི་ངེས་པའི་སྐྱོན་མེད་ཅེ་ན༷། སྒྲ༷་ཙམ་ལ༷ས་ཐ༷་ད༷ད་དུ་ཚིག་འབྲུ་ཡོད་དོ་ཞེས་བྱ་བ་འདི་ལ༷་ཤིན་ཏུ༷་ཆེས་ད༷ད་པར་བྱ་བ་ཞིག་ཏུ་འདུག་གོ་ཞེས་ཤིན་ཏུ་ཆེས་མི་དད་པར་སྟོན་པའི་བསྟིང་ཚིག་གོ །དེ་ཡང་ཚིག་འབྲུ་ཅན་གྱི་སྒྲ་ལ་ཚིག་འབྲུ་དེ་བཞག་ནས་དེ་ཡི་སྒྲ་ཐ་དད་དུ་ཕྱེ་བ་ཡོད་པ་ནི་ངོ་མཚར་རྨད་དུ་བྱུང་བ་སྟེ་སྒྲ་མེད་པའི་ཚིག་འབྲུ་ཡོད་པར་འདོད་པའི་ཕྱིར་རོ། །དེ་ཡང་སྒྲ༷་གཞ༷ན་ད༷ག་ནི་མི་ཐོས་པར་གན༷ས་པ༷་ན༷་སྒྲ་མེད་པར་སྒྲ་ལས་ཡན་གར་དུ་རྗོད་བྱེད་ཇི་ལྟ༷ར་ཐོས་པ༷་ཡིན་ཏེ་སྒྲ་མེད་པར་ཉན་ཤེས་ཀྱི་ཡུལ་དུ་རྗོད་བྱེད་ཐོས་པ་ཡ་མཚན་པ་ཞིག་གོ །ཡ༷ང་ན༷་ནི་སྔར་དབང་པོ་ལེགས་པར་བྱས་པའི་ནུ༷ས་པ༷་ནི་རྗོད་བྱེད་ཀྱི་སྒྲ་གཅིག་ལ་ངེས་པ་ཡིན་ནོ་ཞེས་འདོད་པ༷འི་ཕྱིར། ཇི་ལྟ༷ར་ན་ཅ་ཅོ་ཐོས་པའི་ཚེ་རྗོད་བྱེད་ལས་ཐ༷་ད༷ད་པའི་སྒྲ༷་དུ་མ་ལྷན་ཅིག་རྟོགས་པར་འགྱུ༷ར་ཏེ་སྐྱེས་བུ་གཅིག་གིས་བརྗོད་པ་ན་རྗོད་བྱེད་དང་སྒྲ་གཉིས་ཀ་ལ་ནུས་པ་ངེས་ལ་དུ་མས་བརྗོད་པ་ན་སྒྲ་ལ་ངེས་ཀྱི་རྗོད་བྱེད་ལ་མི་ངེས་པ་མི་འཐད་དོ། །དཔྱོད་པ་པ་ན་རེ། སྒྲ་ཙམ་ལས་རྗོད་བྱེད་ཀྱི་ངག་ཐ་དད་དུ་མ་གྲུབ་ཅེས་པ་མི་འཐད་དེ། སྒྲ་ལས་དོན་མི་རྟོགས་ཏེ་སྒྲ་སྔ་ཕྱིར་སྐྱེ་བ་ལྷན་ཅིག་ཏུ་མི་ཚོགས་ལ་དེའི་ཆ་ཤས་རེ་རེ་ལ་ངག་གི་དོན་མེད་ཅིང༌། ཡི་གེ་རེ་རེའི་སྐད་ཅིག་ཆུང་ངུའི་ཆ་ཤས་ཀྱི་སྒྲས་དོན་གང་ཡང་མི་སྟོན་ནོ། །དེས་ན་རྗོད་བྱེད་ཀྱི་སྒྲ་གོ་རིམ་དང་ལྡན་པར་བྱུང་བའི་ཆ་ཡོངས་སུ་རྫོགས་པ་ནི་རྗོད་བྱེད་ཡིན་པས་སྒྲ་ལས་རྗོད་བྱེད་ཐ་དད་དུ་ཡོད་དོ་ཞེ་ན། ལྷན་ཅིག་ཏུ་མི་ཚོགས་པ་དང་ཆ་རེ་རེས་དོན་མི་སྟོན་པ་སོགས་ཉེས་པ༷་ག༷ང་ད༷ང་ག༷ང་གིས་ཀྱ༷ང་སྒྲ༷་ཙ༷མ་རྗོད་བྱེད་དུ་མི་འདོད་པ༷་ཁྱོད་རང་ལའང་སྔ་ཕྱི་རིམ་འབྱུང་གི་སྒྲ༷་ཙ༷མ་ད༷ག་གིས་རྗོད་བྱེད་ཀྱི་ངག་དེ་གས༷ལ་བ༷་ཡིན་པས་ན༷། ཇི་ལྟ༷ར་རྗོད་བྱེད་ལ༷འང་ཉེས་པ་དེ་མེད་པར་འགྱུར་ཏེ་རྗོད་བྱེད་ཀྱང་སྒྲ་ལ་བརྟེན་ནས་རིམ་བཞིན་མི་འབྱུང་བར་རང་གི་ངོ་བོས་ཅིག་ཅར་དུ་བྱུང་བ་ནམ་ཡང་མི་སྲིད་དོ།།གལ་ཏེ་རྗོད་བྱེད་མིན་པའི་ཆུ་སྒྲ་སོགས་སྒྲ་ཡན་གར་བ་ཙམ་ཅི་སྟེ་མེད་སྙམ་ན། དེ་རྗོད་བྱེད་ལས་ཡན་གར་བ་ཞེས་མི་བྱ་སྟེ་ལུང་དུ་མི་སྟོན་པའི་སྒྲ་ཞེས་བྱའོ། །ལུང་དུ་སྟོན་པ་ལ་རྗོད་བྱེད་ལས་སྒྲ་ཡན་གར་དུ་མེད་དོ། །ངག་མེད་པའི་སྒྲ་སྔ་ཕྱིར་བྱུང་བས་དོན་རིལ་པོ་མི་སྟོན་ནོ་སྙམ་ན། སྒྲ་མེད་པའི་ངག་གིས་ཀྱང་མི་སྟོན་ཏེ་ནམ་མཁའི་མེ་ཏོག་གི་དྲི་བཞིན་ནོ། །འོ་ན་ངག་ལ་བརྟེན་ནས་དོན་གོ་བ་འདི་ཅི་ཞེ་ན། དེ་ནི་ཕྱི་རོལ་ན་རྫས་སུ་ཡོད་པའི་ངག་གི་རྫས་ཀྱིས་མ་ཡིན་ཏེ་ཡི་གེའི་རིམ་པ་དུ་མ་ལ་མིང་ཚིག་ངག་ཏུ་བརྡ་སྦྱར་ཏེ་གོམས་པའི་རྟོག་པ་ལས་དེ་ལྟར་སྣང་བ་ཡིན་ནོ།།
གཉིས་པ་རིམ་པ་མ་གྲུབ་པར་སྟོན་པ་ལ།ཡི་གེ་བཀོད་པའི་རིམ་པ་དགག་པ་དང༌། །རྐྱེན་གྱིས་གསལ་བའི་རིམ་པ་དགག་པ་འོ། །དང་པོ།
གལ་ཏེ་ཡི་གེ་རིམ་པ་ངག །ཡིག་རྣམས་ཐ་དད་མེད་ཕྱིར་མིན།།དེ་དག་རྣམ་པར་གཞག་པའང་མེད། །གོ་རིམ་གཞན་ནི་འགལ་ཕྱིར་རོ།།ཁྱབ་དང་རྟག་པར་བརྗོད་པའི་ཕྱིར། །ཡུལ་དང་དུས་ཀྱི་གོ་རིམ་མེད།།མི་རྟག་ཁྱབ་བྱེད་མ་ཡིན་པའི། །སྐྱོན་ཡང་སྔར་ནི་བརྗོད་པ་ཡིན།།ག༷ལ་ཏེ་རིག་བྱེད་མ་བྱས་པ་ཞེས་པ་ཡི་གེ་ཙམ་ནི་མིན་ཏེ་དེས་དོན་གང་ཡང་མི་སྟོན་པས་ན་ཡི་གེ་རིམ་པ༷་ཅན་དུ་བཀོད་པའི་ཁྱད་པར་དང་ལྡན་པ་ནི་ང༷ག་ཡིན་ལ་དེ་སྐྱེས་བུས་མ་བྱས་པར་བྱུང་བའོ་ཞེ་ན། རིམ་པ་ཞེས་པ་དེ་ཡིག་འབྲུ་རྣ༷མས་ལས་ཐ༷་ད༷ད་དུ་དམིགས་པ་མེད་པའི་ཕྱིར་རང་གི་ངོ་བོས་རྫས་སུ་ཡོད་པ་མིན་ཏེ་ཡི་གེ་ལ་རིམ་པ་བློས་བཞག་པའི་ཕྱིར་རོ། །ཡི་གེ་དེ་ད༷ག་རང་གི་ངོ་བོ་ལ་གོ་རིམ་རྣ༷མ་པ༷ར་གཞ༷ག་པ་ཞེས་བྱ་བ་གྲུབ་པ༷འ༷ང་མེད་དེ། གལ་ཏེ་ཡོད་ན་རིག་བྱེད་ན་ཇི་ལྟར་བསྟན་པའི་གོ་རིམ་དེ་ལས་གཞན་དུ་བརྗོད་མི་ཤེས་པའམ་བཞག་ཏུ་མེད་དགོས་ནའང་ཨགྣི་ལྟ་བུ་ལ་ག་སྔོན་དུ་བྱས་ན་གཱ་ནི་ཞེས་སོགས་ཇི་འདོད་བསྒྱུར་བཏུབ་པས་ན་དེ་འདྲའི་གོ་རིམ་གཞ༷ན་དུ་བསྒྱུར་བཏུབ་པ་ནི་ཡི་གེ་ལ་ངོ་བོའི་གོ་རིམ་ཡོད་པར་རྣམ་པར་གཞག་པ་ལ་འག༷ལ་བའི་རྟགས་དམིགས་པ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ཀྱང་འཇིག་རྟེན་གསུམ་གྱི་ཨ་གཅིག་ཀ་གཅིག་ཡིན་པ་སོགས་ཁས་བླངས་ན་དེའི་སྔ་ཕྱིའི་གོ་རིམ་ཇི་ལྟར་ཡིན་ཏེ་གོ་རིམ་ཡོད་མི་ཤེས་སོ། །གཞན་ཡང་རིག་བྱེད་ཀྱི་ངག་ནི་ཕྱོགས་ཐམས་ཅད་ལ་ཁྱ༷བ་པ་ད༷ང་དུས་ཐམས་ཅད་དུ་རྟ༷ག་པ༷ར་བརྗོད་པ༷འི་ཕྱིར། ཡུ༷ལ་གྱི་གོ་རིམ་ཕྱོགས་འདི་ན་འདིའོ་ཞེས་པ་ཚོགས་པའི་གྲལ་བྱས་པ་ལྟ་བུ་ད༷ང༌། དུ༷ས་ཀྱི་གོ་རིམ་སྔ་ཕྱིར་བྱུང་བ་ས་མྱུག་ལྟ་བུའི་ཁྱད་པར་དེ་ལ་མེད་པར་འགྱུར་རོ། །དེས་ན་ཡི་གེའི་གོ་རིམ་ཞེས་པ་སྔ་ཕྱིར་བྱུང་བ་ཡིན་ལ་དེ་དེ་ལྟར་ངོ་བོས་གྲུབ་པ་ཞིག་ན་མི་རྟག་པའི་དངོས་པོ་ས་མྱུག་ལྟ་བུའང་སྔ་ཕྱིར་སུས་ཀྱང་སྒྱུར་མི་ནུས་ན་རྟག་པའི་སྒྲ་ལ་ལྟ་ཅི་སྨོས། དེས་ན་ངག་རྟག་པ་གོ་རིམ་ཅན་ཞེས་པ་ཤིན་ཏུ་མི་རིགས་པར་སྨྲ་བའོ། །གལ་ཏེ་ཉེས་པ་དེར་དོགས་ནས་བརྗོད་པ་ནི་མི་རྟ༷ག་པ་ཡིན་པ་དང་ཁྱ༷བ་བྱེད་མ༷་ཡིན་པ༷འི་རང་བཞིན་དུ་འདོད་ན། དེའི་སྐྱོན་ཡ༷ང༌། མི་རྟག་ན་ནི་རྩོལ་བྱུང་ཕྱིར། །སོགས་དང༌། གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཞེས་སོགས་སྔ༷ར་ནི་བརྗོད་པ༷་ཡིན་པས་སྐྱེས་བུས་མ་བྱས་པར་མི་འགྲུབ་བོ།།
གཉིས་པ་རྐྱེན་གྱིས་གསལ་བའི་རིམ་པ་དགག་པ་ནི།
གསལ་བའི་རིམ་པའང་ངག་མིན་ཏེ། །རྟག་ལ་གསལ་བ་བསལ་ཕྱིར་རོ།།བྱེད་པ་རྣམས་ཀྱི་བྱ་ཉིད་ལས། །དེ་གྲུབ་ཕྱིར་ན་འབྲས་ཉིད་ཡིན།།གྲུབ་པའི་དོན་ལ་རང་ཤེས་པས། །གཞན་བློའི་རྒྱུ་ནི་གསལ་བྱེད་འདོད།།དཔེར་ན་སྒྲོན་བཞིན་གཞན་དུ་ནའང༌། །བྱེད་པོ་ལས་འདི་ཁྱད་པར་ཅི།།བྱེད་པ་རྣམས་ཀྱི་ཚོགས་པ་ཡི། །བྱ་བ་ལས་ནི་ངེས་པར་ཡང༌།།དམིགས་ཕྱིར་འབྲས་བུ་ཉིད་ཡིན་ཏེ། །གསལ་བྱེད་ལ་དེ་མི་སྲིད་ཕྱིར།།གལ་ཏེ་ཁྱེད་ཀྱི་དེ་ངོ་བོའི། །སྒྲིབ་བྱེད་བྲལ་བ་གསལ་ཡིན་ན།།ཅི་ཕྱིར་མེད་པ་ལ་བྱེད་པའི། །ཚོགས་ཀྱི་ནུས་པ་དེ་རུང་འགྱུར།།སྒྲ་དང་ཁྱད་པར་མེད་པའི་ཕྱིར། །གཞན་དག་ཀྱང་གསལ་འཐོབ་པར་འགྱུར།།དེ་བཞིན་དུ་ནི་ཁས་ལེན་ན། །རྒྱུ་རྣམས་ཀུན་ནི་དོན་མེད་ཉིད།།དེ་ལྟར་ཡི་གེ་ཉིད་ཀྱི་ངོ་བོ་ལ་གོ་རིམ་ཅན་གྱི་ངག་ཡོད་པར་སྒྲུབ་པར་མ་ནུས་ནས། ཡི་གེ་རིམ་བཞིན་ཤེས་པ་ལ་གསལ་བ་དེ་ཉིད་རིམ་པའོ་ཟེར་ན། འདི་ལྟར་བློ་ལ་ཡི་གེ་མངོན་པར་གས༷ལ་བ༷འི་རིམ་པ༷འ༷ང་ང༷ག་མིན་ཏེ། ངག་རྟ༷ག་པ་ལ༷་གསར་དུ་གས༷ལ་བ༷་ཡོད་པར་འདོད་པ་སྔར་རིགས་པས་བས༷ལ་ཟིན་པའི་ཕྱིར་རོ། །གཞན་ཡང་སྒྲ་སྔར་མེད་གསར་སྐྱེ་ཡིན་པ་ལ་སྒྲུབ་བྱེད་ཡོད་པ་དང་སྔར་ཡོད་གསལ་བར་འདོད་པ་ལ་རིགས་པས་གནོད་པ་ཡོད་པ་གཉིས་ཀྱི་དང་པོ། རྒྱུ་བྱེད་པ༷་ལྕེ་རྐན་ལ་སོགས་པ་རྣ༷མས་ཀྱི་བྱ༷་བ་ཉིད་ལ༷ས་ངག་དེ་གྲུ༷བ་པ་ཡིན་པའི་ཕྱིར་ན༷་དེ་ལས་བྱུང་བའི་འབྲ༷ས་བུ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ཡིན་པར་འཐད་དེ། གསལ་བྱ་ཡིན་ན་དེའི་རིགས་འདྲ་སྔ་མ་སྔོན་ནས་གྲུ༷བ་ཟིན་པ༷འི་དོན་ལ༷་གསལ་བྱེད་ར༷ང་ཉིད་ཤེས་པའམ་དམིགས་པར་གྱུར་པ༷ས་གཞ༷ན་གསལ་བྱ་དེའི་བློ་སྐྱེད་པའམ་དེ་འཛིན་གྱི་བློའི་རྒྱུ༷་ནི་གས༷ལ་བྱེད་དུ་འདོད་དེ། དཔེར་ན༷་སྒྲོན་མེ་སོགས་དམིགས་པས་བུམ་པ་གསལ་བ་བཞིན་ནོ། །གཞ༷ན་དུ༷་རྒྱུ་དེའི་རྗེས་ལ་དམིགས་ཀྱི་དེའི་སྔར་ནམ་ཡང་གྲུབ་པར་མ་དམིགས་ན༷་འབྲས་བུ་དེའ༷ང་བྱེད་པ་པོ་ཡི་རྒྱུ་ལ༷ས་གསལ་བྱེད་ཀྱི་རྒྱུ་འདི་ཁྱ༷ད་པ༷ར་ཅི་ཞིག་གིས་འབྱེད་དེ་ཁྱད་མེད་པར་འགྱུར་རོ།།དེ་ལྟ་ནའང་ལྕེ་རྐན་སོགས་བྱེད་པ༷་རྣ༷མས་ཀྱི་ཚོགས་པ༷་ཡི་བྱ༷་བ༷་ལ༷ས་ནི་ངེས་པ༷ར་ཏེ་ཡོད་ན་ཡོད་པའི་རྗེས་འགྲོ་དང་མེད་ན་མེད་པའི་ལྡོག་པ་གྲུབ་པར་ཡ༷ང་དམིགས་པའི་ཕྱིར་ངག་དེ་ནི་རྒྱུ་དེ་རྣམས་ཀྱི་འབྲ༷ས་བུ༷་ཉིད་ཡིན་ཏེ་སྔར་ཡོད་མ་ཡིན་ནོ། །སྔར་ཡོད་ཟིན་གས༷ལ་བར་བྱེད་པའི་རྒྱུ་ལ༷་ནི་བཤད་མ་ཐག་པའི་ཚུལ་དེ་ལྟ་བུ་མི་སྲིད་པའི་ཕྱིར་ཏེ། གསལ་བྱེད་ཀྱི་རྒྱུ་ལོག་ཀྱང་དེའི་ངོ་བོ་མི་ལྡོག་པ་དང་གསལ་བྱེད་ཀྱི་རྒྱུ་ཡོད་བཞིན་དེའི་ངོ་བོ་ཐ་དད་དུ་དུས་མཉམ་པར་ཡོད་དགོས་ཀྱང་འདི་ལ་ཚུལ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ག༷ལ་ཏེ་ཕྱི་རོལ་པ་ཁྱེད་ཅག་རྣམས་ཀྱི་ཞེ་འདོད་ལྟར་ན། ངག་རྟག་པ་དེ་རང་གི་ངོ་བོའི་སྒྲིབ་བྱེད་དང་བྲ༷ལ་བ༷་ཉིད་དུ་འདོད་པ་ཡིན་ཏེ་རང་གི་ངོ་བོ་སྒྲིབ་བྱེད་དང་ལྡན་པ་ཡིན་ན་ནམ་ཡང་མི་མཐོང་བར་འགྱུར་ཏེ་རྟག་པ་ནི་རང་གི་ངང་ཚུལ་ལས་ནམ་ཡང་འདའ་མི་སྲིད་དོ། །དེ་འདྲའི་སྒྲིབ་བྱེད་དང་བྲལ་བའི་ངོ་བོ་དེ་སླར་ཡང་གས༷ལ་བ་ཡིན་ན༷་ཅི་ཕྱིར་སྒྲིབ་བྱེད་མེད་པ༷་ལ༷་གསལ་བར་བྱེད་པ༷འི་ཚོགས་ཀྱི་ནུ༷ས་པ༷་འཇུག་པ་དེ་རུ༷ང་བར་འགྱུ༷ར་ཏེ་བསལ་བྱ་མེད་པ་ལ་སེལ་བྱེད་ཀྱིས་ཅི་ཞིག་བསལ་བར་བྱ་སྟེ་ནམ་མཁའི་དྲི་མ་འཁྲུད་པ་བཞིན་ནོ། །དེས་ན་གསལ་བྱེད་མེད་ཀྱང་ཅིག་ཅར་གསལ་བར་འགྱུར་རོ། །གལ་ཏེ་གསལ་བྱེད་ཀྱི་རྒྱུར་འདོད་པ་ལྕེ་རྐན་སོགས་ཀྱི་རྩོལ་བའི་རྗེས་ཁོ་ན་ལས་སྔར་མ་མཐོང་བཞིན་དུ་ད་རུང་ཡང་བྱེད་པ་རྣམས་སྒྲ་གསལ་བྱེད་ཀྱི་རྒྱུ་ཙམ་དུ་འདོད་ན། སྒྲ༷་དེ་ད༷ང་རྒྱུ་ཡོད་མེད་ཀྱི་རྗེས་སུ་བྱེད་ཚུལ་ལ་ཁྱ༷ད་པ༷ར་མེད་པ༷འི་ཕྱིར་གཞ༷ན་རྫ་བུམ་ལ་སོགས་པ་ཇི་སྙེད་པ་ད༷ག་ཀྱང༷་རྫ་མཁན་ལ་སོགས་པས་བྱས་པ་མིན་པར་གས༷ལ་བ་ཡིན་ནོ་ཞེས་པ་དོན་ལ་འཐོབ་པ༷ར་འགྱུ༷ར་རོ། །དེ་བཞིན་དུ༷་འདོད་དོ་ཞེས་ནི་ཁ༷ས་ལེན་ན༷་སྐྱེད་བྱེད་ཀྱི་རྒྱུ༷་རྣ༷མས་ཀུ༷ན་ནི་དོན་མེད་པ་ཉིད་དུ་འགྱུར་ཏེ་འབྲས་བུ་གང་ཡང་གསར་དུ་བསྐྱེད་པ་མི་སྲིད་པས་སོ། །དེ་ལྟར་ཁས་ལེན་ནའང་བཤད་མ་ཐག་པ་རྟག་པ་གསལ་བྱར་གྱུར་པ་མི་རུང་བ་དང༌། ཐམས་ཅད་དུ་ཁྱབ་མ་ཁྱབ་སོགས་ཀྱི་སྐྱོན་སྒྲ་ཙམ་དུ་མ་ཟད་དངོས་པོ་ཀུན་ལ་འཇུག་པས་ན་འགལ་བ་བརྒྱ་འགྱུར་གྱིས་ལྕི་བར་སོང་བ་ཡིན་ནོ།།
གཉིས་པ་ཆོས་ཅན་རིག་བྱེད་རྟག་པ་མི་འགྲུབ་པ་ལ། རྟག་པའི་སྒྲ་ལ་སྒྲུབ་བྱེད་མི་སྲིད་ཚུལ། །དངོས་སྟོབས་རིགས་པས་སྒྲ་མི་རྟག་སྒྲུབ་གཉིས། །དང་པོ་ལ། སྒྲ་རྟག་སྒྲུབ་ལ་དཔེ་མེད་རིགས་པ་བསྟན། །རིགས་པ་དེས་མཚོན་རྟགས་གཞན་སུན་ཕྱུང་ཚུལ། །དང་པོ།
ངོ་ཤེས་པ་དང་ཡོད་སྦྱོར་སོགས། །གང་ཡིན་སྒྲུབ་བྱེད་འདོད་ན་ནི།།དཔེ་མེད་ཅན་ཡིན་དངོས་རྣམས་ནི། །སྐད་ཅིག་གིས་ནི་འཇིག་ཕྱིར་རོ།།རིག་བྱེད་ཀྱི་སྒྲ་རྟག་པ་གཞི་མ་གྲུབ་པས་ན་དེར་དམ་བཅས་པ་ཙམ་ལས་སྒྲུབ་བྱེད་མེད་ལ། དེས་ན་ཆོས་ཅན་རང་གི་ངོ་བོ་མ་གྲུབ་པས་ཕྱོགས་ཆོས་མི་འགྲུབ་བོ་ཞེས་སྐྱོན་བསྟན་པ་ལ། ཕ་རོལ་པོ་རྣམས་ཀྱིས་སྒྲ་རྟག་པར་སྒྲུབ་བྱེད་དུ་ཨ་ལྟ་བུའི་སྒྲ་གཅིག་ནམ་ཐོས་ཀྱང་ཁྱད་མེད་པར་ཨའོ་སྙམ་དུ་ངོ་ཤེས་པ་ཡོད་པས་ན་རྟག་པ་ཡིན་ཏེ་སྔར་གྱི་དེ་འགགས་ན་སླར་ངོ་ཤེས་པར་བྱར་མེད་པའི་ཕྱིར་ངོ་ཤེས་པ༷་ནི་སྒྲ་མ་འགགས་པར་རྟག་པའི་སྒྲུབ་བྱེད་དུ་འདོད་པ་ད༷ང༌། ཡང་ཨ་ལ་སོགས་པའི་སྒྲ་དོན་གོ་བའི་སླད་དུ་སྦྱོར་བས་ན་ལས་དེའི་ཆེད་དུ་སྦྱོར་བའི་གཞི་ཉིད་དུ་ཨ་ལ་སོགས་པ་ནི་རྟག་པར་ཡོད་པར་ངེས་ཏེ་ནམ་ཡང་སྒྲ་སྦྱོར་དུ་མི་རུང་བ་མེད་པས་སོ། །གང་ཞིག་གང་ན་མེད་པ་དེ་བྱ་བ་གཞན་ལ་སྦྱོར་དུ་མེད་དེ་ཕྱོགས་ན་གྲི་མེད་པ་ཤིང་གཅད་པ་ལ་སྦྱོར་དུ་མེད་པ་བཞིན་ནོ། །དེས་ན་ཤིང་གཅད་པ་ལ་སྦྱོར་བ་ན་སྟེའུ་སྔར་ཡོད་ཁོ་ན་ལ་སྦྱོར་བས་ཁྱབ་པ་བཞིན་སྒྲ་ནི་ཡོད་པ་ལས་ལ་སྦྱོར་ངེས་པས་ན་རྟག་ཏུ་ཡོད་པ་ཁོ་ནའོ་ཞེས་འདོད་པ་དང༌། སོགས་ཁོངས་ནས་ཨ་ཡི་སྒྲ་ལ་དམིགས་པའི་ཡུལ་ཅན་སྔ་ཕྱི་ཐམས་ཅད་ཡུལ་གཅིག་ལ་དམིགས་པའི་རང་བཞིན་དུ་ཐ་དད་མེད་པ་སོགས་ཀྱིས་སྒྲུབ་པར་བྱེད་དོ། །དེ་འདྲ་བའི་རྟགས་ལྟར་སྣང་བ་ག༷ང་ཡིན་པ་དེ་དག་སྒྲ་རྟག་པའི་སྒྲུ༷བ་བྱེད་ཡིན་པར་འདོད་ན༷་ནི། དེ་འདྲ་སངས་རྒྱས་པའི་ངོར་འགོད་པའི་ཚེ་བསྒྲུབ་བྱའི་ཆོས་ལྡན་གྱི་དཔེ་རྣམ་པ་ཀུན་ཏུ་མེད་པ་ཅ༷ན་ཡིན་ཏེ། རྒྱུ་མཚན་གང་ཞེ་ན། སངས་རྒྱས་པས་ནི་ངོ་ཤེས་པ་དང་ལས་ལ་སྦྱར་བའི་གཞི་ཉིད་དུ་སྣང་བ་སོགས་ཀྱིས་མཚོན་པའི་ཕྱི་ནང་གི་དངོས་པོ་མ་ལུས་པ་རྣ༷མས་ནི་སྐ༷ད་ཅིག་གིས་ནི་འཇིག་པ་མི་རྟག་པའི་རང་བཞིན་དུ་ཁས་ལེན་གྱི་རྟག་པ་གཅིག་ནམ་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེས་ན་སྔར་མཐོང་བ་དང་ཕྱིས་མཐོང་བ་དག་ངོ་བོ་ཐ་དད་པ་སྟེ་སྔར་གྱི་དེ་མ་འགགས་པར་མཐོང་བར་མི་འདོད་དེ་མར་མེ་དང་འབབ་ཆུའི་རྒྱུན་བཞིན་དུ་འདོད་ལ། སྟེའུ་ལ་སོགས་པ་ལས་ལ་སྦྱོར་བ་ཡང་སྔར་གྱི་དེ་མ་ཡིན་ཏེ་ལས་ལ་སྦྱར་བའི་ནུས་པས་ཁྱད་པར་དུ་བྱས་པའི་སྐད་ཅིག་ཡིན་གྱི་སྔར་གྱི་དེ་ཡིན་ན་སྔར་བཞིན་དུ་ལས་མི་བྱེད་པའམ་སྔར་ནས་ཀྱང་ལས་བྱེད་པར་ཐལ་བར་འགྱུར་རོ། །དངོས་པོ་མ་ཡིན་པས་ལས་མི་བྱེད་དུ་ཆུག་ཀྱང་དངོས་པོ་ཉིད་སྐད་ཅིག་མ་ཡིན་པས་དེ་ལས་ལ་སྦྱར་བ་ཡིན་གྱི་རྟག་པ་ལས་ལ་སྦྱར་བ་ནི་མི་སྲིད་པས་ན་མི་འདོད་དོ།།དེ་བཞིན་དུ་རྡོ་རྗེའི་རི་ལ་སོགས་པའང་གྲང་བ་དང་དྲོ་བ་སྣང་བ་དང་མི་སྣང་བ་དག་གི་ཁྱད་པར་དམིགས་པའི་ཕྱིར་སྐད་ཅིག་ཐ་དད་པར་འདོད་ཀྱི་རྟག་པ་མིན་ནོ། །དེ་ཕྱིར་སྔར་གྱི་ཨ་རྟག་པ་ཉིད་སླར་ཡང་དམིགས་པ་མ་ཡིན་ཏེ་ཤེས་པ་ཐ་དད་པའི་རྒྱུ་ཡིན་པའི་ཕྱིར་ན་ནིང་དང་ད་ལོའི་མྱུ་གུའི་ས་བོན་ཐ་དད་པ་བཞིན་ནོ། །གལ་ཏེ་རྒྱུ་རྟག་པ་ཆ་མེད་ཀྱི་ཐ་དད་མེད་པ་ཡིན་ན་དེ་ལ་ལྷན་ཅིག་བྱེད་པས་ཕན་གདགས་སུ་མི་རུང་བས་དེས་རང་འཛིན་ཤེས་པ་སྔ་ཕྱིར་བསྐྱེད་པའི་རྒྱུ་མཚན་མེད་པས་ཅིག་ཅར་བསྐྱེད་པར་འགྱུར་རོ། །དེ་ཤེས་པ་སྐྱེད་པའི་རྒྱུ་མིན་ན་ནི་དེ་ལ་དམིགས་ནས་ཤེས་པ་སྐྱེ་བར་བཞག་པའང་མི་འཐད་དོ།།
གཉིས་པ་རིགས་པ་དེས་མཚོན་རྟགས་གཞན་སུན་ཕྱུང་ཚུལ།
རྟགས་ངན་གཞན་ཡང་སུན་དབྱུང་བྱ། །བློ་ནི་སྐྱེས་བུའི་རྟེན་ཅན་མིན།།ཁས་བླངས་མངོན་སུམ་གྲགས་པ་དང༌། །རྗེས་སུ་དཔག་པས་ཅིག་ཅར་གནོད།།ཡི་གེ་རྣམས་ལས་ཐ་དད་པའི། །རིམ་པའང་གསལ་བར་དཔྱད་ཟིན་ཏོ།།དེ་ནི་རྟོག་པས་སྒྲོ་བཏགས་ན། །ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན།།རིགས་པ་དེས་ཚུལ་གསུམ་མ་ཚང་བའི་རྟ༷གས་ང༷ན་པ་གཞ༷ན་གང་ཡ༷ང་རུང་བ་སྒྲ་སོགས་རྟག་པའི་སྒྲུབ་བྱེད་དུ་བཀོད་པ་ཇི་སྙེད་པ་ཡང་སུ༷ན་དབྱུ༷ང་བར་བྱ༷འོ། །གལ་ཏེ་སྒྲ་ལ་དམིགས་པའི་ཡུལ་ཅན་སྔ་ཕྱིར་ངོ་ཤེས་ཀྱི་བློ་དང་ཡི་གེའི་གོ་རིམ་སྔ་ཕྱིར་བྱུང་བ་ལྟར་སྣང་བའི་བློ་དང༌། ཡུལ་རྟག་པ་གསལ་བའི་བློ་རྣམས་ནི་ཡུལ་དེ་གསལ་བ་ཞེས་བྱའོ་སྙམ་ན། དེ་ནི་བློ་ཡིན་གྱི་ཡུལ་མིན་ལ་དེ་འདྲའི་གསལ་བ་བློ་དེ་ནི་སྐྱེས་བུ༷འི་རྟེན་ཅ༷ན་མིན་པ་ཡུལ་རྟག་པ་མ་བྱས་པ་དེ་ཡིན་ན། རང་གི་བློ་སྐྱེས་བུའི་རྟེན་ཅན་དུ་ཁ༷ས་བླ༷ངས་པ་དང་འགལ་ཏེ་དཔྱོད་པ་པས་བློ་ནི་སྐྱེས་བུའི་ཡོན་ཏན་དུ་ཁས་བླངས་པས་སོ། །མངོན་སུ༷མ་དང་འགལ་ཏེ་སྐྱེས་བུ་རང་གི་དབང་པོ་དང་ཡིད་བྱེད་སོགས་ལས་སྐྱེ་བར་དམིགས་པས་སོ། །གྲ༷གས་པ༷་ད༷ང་འགལ་ཏེ་སྐྱེས་བུའི་བློ་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པས་སོ། །རྗེས་སུ༷་དཔ༷ག་པ༷ས་གནོད་དེ་སྐྱེས་བུའི་དབང་པོ་དང་ཡིད་བྱེད་སོགས་ལས་བློ་རྗེས་སུ་འགྲོ་ལྡོག་གྲུབ་པར་དམིགས་པས་དེ་མེད་པ་ལ་བློ་འབྱུང་བར་མི་སྲིད་པར་ཤེས་སོ། །དེ་ལྟར་མངོན་སུམ་ལ་སོགས་པས་ཅིག་ཅ༷ར་གནོད་ལ། གཞན་ཡང་བློ་ལ་གསལ་བ་དེ་ལྟར་ཡུལ་ལའང་རིམ་པ་ཡོད་དོ་སྙམ་ན། ཡི་གེ་རྣ༷མས་ལ༷ས་ཐ༷་ད༷ད་པ༷འི་རིམ་པ་དོན་ལ་ཡོད་པ༷འ༷ང་གས༷ལ་བ༷ར་དཔྱ༷ད་ཟིན་ཏོ། །དེས་ན་གོ་རིམ་ལ་སོགས་པ་དེ་ནི་རྟོག་པ༷ས་སྒྲོ་བཏ༷གས་པ་ཙམ་སྟེ་སྒྲོ་མ་བཏགས་པར་འབྱུང་མི་ཤེས་པས་ན༷་ཇི་ལྟ༷ར་སྐྱེས་བུ༷འི་རྟེན་ཅ༷ན་མིན་པར་ཕྱི་རོལ་གྱི་ཆོས་སུ་འགྱུར་ཏེ་དེ་ལྟ་བུའི་གནས་མི་སྲིད་དོ། །བློ་ནི་སྐྱེས་བུའི་རྟེན་ཅན་མིན། །སོགས་རྐང་པ་བདུན་པོ་འདི་གོང་དུ་རྟག་པ་རྣམས་གསལ་བྱེད་ཀྱི་རྒྱུས་གསལ་བ་ཙམ་མོ་ཞེས་འདོད་པ་ལ་གསལ་བྱེད་ཀྱི་རྒྱུ་དེས་གསལ་བྱ་རྟག་པ་རྣམས་ལ་སྔོན་མེད་པའི་ཕུལ་དུ་བྱུང་བ་བསྐྱེད་པ་ཡིན་ནམ། སྒྲིབ་པ་བསལ་བ་ཡིན་ནམ། དེའི་བློ་སྐྱེད་པ་གསུམ་གང་ཡིན། དང་པོ་མི་སྲིད་དེ་དེའི་ངོ་བོ་ལ་ཕུལ་དུ་བྱུང་བ་བྱར་མེད་ལ་ཡོད་ན་མི་རྟག་པར་འགྱུར་རོ། །གཉིས་པ་ལྟར་ཡང་མི་འཐད་དེ། གལ་ཏེ་ཁྱེད་ཀྱི་དེ་ངོ་བོའི། །སོགས་ཀྱིས་བཀག་ལ། གསུམ་པ་ལྟར་གསལ་བ་བློ་ཡིན་ལ་དེའི་གོ་རིམ་ངག་གོ་ཞེ་ན། བློ་དང་ངག་གཅིག་ཏུ་འགྱུར་ལ་དེ་ལྟ་ན་ངག་ནི་མ་བྱས་པའི་ཕྱིར་སྐྱེས་བུས་མ་བྱས་པའམ་སྐྱེས་བུའི་རྟེན་ཅན་ཡང་མ་ཡིན་པར་འགྱུར་ཞིང༌། དེ་ལ་ཁས་བླངས་ལ་སོགས་པས་གནོད་དོ་ཞེས་རང་འགྲེལ་དང་ཤཱཀྱ་བློའི་འགྲེལ་པར་གསུངས་ལ། འདིར་ནི་ངོ་ཤེས་ཀྱི་བློ་སོགས་ཀུན་ལ་སྦྱར་བ་མི་འགལ་ལམ་ཞེ་ན་མི་འགལ་ཏེ། འདི་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ངན་ངོ་ཤེས་སོགས་བཀག་པའི་རྗེས་སུ་སྟོན་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། ཡི་གེའི་རིམ་པ་གསལ་བའི་བློ་ཁོ་ནར་མ་ཟད་རྟག་པ་ཤེས་པའི་བློ་ཀུན་ལ་སྦྱར་དུ་ཡོད་པར་བསྟན་པ་ཡིན་པས་འདིར་གཞུང་གི་གོ་རིམ་དང་མཐུན་པར་བཤད་པ་ཡིན་ནོ། །དེས་ན་ཡུལ་གྱི་རྣམ་པ་གསལ་བ་བློ་ཡིན་ཡང་རྣམ་པ་དེའི་རྒྱུ་གཟུང་ཡུལ་ཐ་དད་མེད་ན་བློ་རྣམ་པ་དང་དུས་ཀྱི་ཐ་དད་ཀྱང་འབྱུང་མི་ཤེས་པར་དཔོག་པ་ཡིན་ནོ།།
གཉིས་པ་རང་ལུགས་སྒྲ་མི་རྟག་པར་སྒྲུབ་པ་ལ།རྩ་བའི་གཏན་ཚིགས་རྣམ་པར་འགོད་པ་དང༌། །དེ་ཡི་ཁྱབ་པ་ཉིད་ནི་སྒྲུབ་པ་འོ། །དང་པོ།
འཇིག་པ་ཡོད་ཙམ་འབྲེལ་བ་ཅན། །ཉིད་ཕྱིར་སྒྲ་ནི་མི་རྟག་ཉིད།།འཇིག་པ༷་ནི་དངོས་པོ་ཡོད་པ་ཙ༷མ་ནས་རང་ཆས་སུ་འབྲེལ་བ༷་ཅ༷ན་མེ་ཡི་ཚ་བ་བཞིན་ཡིན་པ་ཉིད་ཀྱི་ཕྱིར་སྒྲ༷་སོགས་དངོས་པོ་ཀུན་ནི་རང་གི་ངོ་བོ་ཡོད་པ་ཉིད་ནས་མི་རྟ༷ག་པ་ཉིད་ཡིན་ནོ། །དེ་ཡང་བསྒྲུབ་བྱ་འཇིག་པ་དང༌། རྟགས་ཡོད་པ་ནི་ངོ་བོ་བདག་གཅིག་གི་འབྲེལ་བ་ཡོད་པའི་མེད་ན་མི་འབྱུང་གི་ཁྱབ་པ་བརྗོད་པ་ཡིན་ལ། རྟགས་ཡོད་པ་དེ་གྲུབ་པའི་ཆོས་ཅན་སྒྲ་ནི་མི་རྟག་གོ་ཞེས་ཕྱོགས་ཆོས་བརྗོད་པ་ཡིན་ནོ།།
གཉིས་པ་དེ་ཡི་ཁྱབ་པ་ཉིད་ནི་སྒྲུབ་པ་ལ། ལྟོས་མེད་རྟགས་ཀྱིས་རྗེས་འགྲོ་སྒྲུབ་པ་དང༌། །གནོད་པ་ཅན་གྱིས་ལྡོག་ཁྱབ་སྒྲུབ་པ་འོ། །དང་པོ་ལ། འཇིག་པ་རྒྱུ་གཞན་གྱུར་ལ་གནོད་པ་བསྟན། །འཇིག་པ་རྒྱུ་གཞན་མེད་ལ་རྩོད་པ་སྤང༌། །དང་པོ།
མེ་ལས་དོན་གཞན་གྱུར་པ་དག །སྐྱེ་ན་འཇིག་པ་མེད་པའི་ཕྱིར།།ཤིང་ནི་མཐོང་བ་ཉིད་དུ་འགྱུར། །དེ་ཉིད་འདི་ཡི་འཇིག་ཅེ་ན།།ཇི་ལྟར་གཞན་ནི་གཞན་འཇིག་འགྱུར། །བླ་49སྟེ་ཅི་ཕྱིར་ཤིང་མི་སྣང༌།།དེས་བཟུང་ཕྱིར་མིན་ཞེ་ན་མིན། །གང་ཕྱིར་དེ་ཡིས་མི་སྒྲིབ་སྟེ།།སྐྱེ་ཕྱིར་འཇིག་པ་འཇིག་ཅན་འགྱུར། །དེ་ལྟ་ན་ཡང་ཤིང་མཐོང་འགྱུར།།གལ་ཏེ་གསོད་བྱེད་བསད་པ་ན། །ནག་པ་སླར་འབྱུང་མིན་ཇི་བཞིན།།འདི་ལའང་དེ་བཞིན་ཡིན་ཞེ་ན། །གསོད་བྱེད་བསད་པ་ཉིད་མ་ཡིན།།འཇིག་པ་གཞན་ཉིད་མ་ཡིན་ན། །ཤིང་ཉིད་འཇིག་པ་ཉིད་དུ་འགྱུར།།དེ་ཡོད་ཕྱིར་50ན་རྒྱུ་མིན་ཉིད། །འདི་ལས་གཞན་པའི་རྣམ་པའང་མེད།།ཡོད་པ་ཙམ་ནས་རང་གི་ངོ་བོས་འཇིག་པར་མ་ངེས་ཏེ་འཇིག་རྒྱུ་གཞན་ལ་ལྟོས་པས་སོ་ཟེར་ན། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པར་རང་ཉིད་འཇིག་པ་ཡིན་གྱི་གཞན་ལ་ལྟོས་ན་འཇིག་པ་དེ་འཇིག་བྱའི་དངོས་པོ་དེ་ལས་གཞན་ཡིན་ནམ་གཅིག་ཡིན། དང་པོ་ལྟར་དངོས་པོ་ཤིང་ལ་སོགས་པ་དེ་ནི་འཇིག་པ་མ་ཡིན་ཏེ་དེ་དག་ཡོད་བཞིན་དུ་འཇིག་པ་མེད་པས་ན་དེ་མེད་པ་ཉིད་འཇིག་པ་ཡིན་པས་འཇིག་པ་ཞེས་པ་དངོས་པོ་དེ་ལས་གཞན་ཡིན་ནོ་ཞེ་ན། ཤིང་གི་འཇིག་རྒྱུ་མེ་ལ༷ས་ཤིང་རང་ལས་དོན་གཞ༷ན་དུ་གྱུར་པའི་འཇིག་པ་དངོས་པོར་གྱུ༷ར་པ༷་ད༷ག་སྐྱེ་བ་ཡིན་ན༷། རྒྱུ་དེ་ལས་དངོས་པོ་གཞན་སྐྱེས་པས་ཤིང་ནི་སྔ་མ་བཞིན་དུ་འཇིག་པ༷་མེད་པར་གནས་པ༷འི་ཕྱིར་ཤིང་རང་ཉིད་ནི་མཐོང་བ༷་ཉིད་དུ༷་འགྱུ༷ར་ཏེ། དཔེར་ན་བུམ་པ་སྐྱེས་པས་ཤིང་མེད་པར་མི་འགྱུར་བ་བཞིན་དུ་འགྱུར་རོ། །དེ་ལྟ་མིན་ན་ཧ་ཅང་ཐལ་ཏེ་དངོས་པོ་གཞན་སྐྱེས་པས་གཞན་མེད་པར་འགྱུར་རོ། །རྒྱུ་དེ་དག་ལས་སྐྱེས་པའི་འབྲས་བུ་འཇིག་པ་ཞེས་བྱ་བ་ཞིག་མེད་ན་ནི་འཇིག་པའི་རྒྱུ་ཞེས་པའང་དོན་མེད་དོ། །གལ་ཏེ་མེ་ལས་སྐྱེས་པའི་འཇིག་པ་དོན་གཞན་དེ་ཉིད་ཤིང་འདི་ཡི་འཇིག་པ་ཞེས་བྱ་བ་དེ་ཡིན་པས་ཤིང་མི་འཇིག་པར་ག་ལ་འགྱུར་ཏེ་དེ་འཇིག་པ་ཉིད་དོ་ཅེ་ན༷། ཇི་ལྟ༷ར་དངོས་པོ་གཞ༷ན་སྐྱེས་པ་ནི་དངོས་པོ་གཞ༷ན་གྱི་འཇིག་པ་ཡིན་པར་འགྱུ༷ར་དུ་ཆུག་ཀྱང་བླ༷་སྟེ་ཅི་ཕྱིར་ཤིང་མི་སྣ༷ང་བ་ཡིན་ཞེས་དྲིས་པ་ན། འཇིག་པ་དོན་གཞན་དེས་ཤིང་དེ་རང་གིར་བྱས་ནས་བཟུ༷ང་བའི་ཕྱིར་སྣང་བ་མིན་ནོ་ཞེ་ན༷། མ་ཞིག་པའི་ཤིང་མི་སྣང་བ་ཙམ་དུ་འདོད་རིགས་པ་མིན་ཏེ་ག༷ང་གི་ཕྱིར་ན་འཇིག་པ་དོན་གཞན་དེ་ཡིས་ཤིང་གི་ཆོས་ཐམས་ཅད་དུ་མི་སྒྲིབ་པའམ་སྒྲིབ་མི་ནུས་སྟེ། འདི་ལྟར་མུན་པ་ལ་སོགས་པ་གཞན་གྱིས་གཞན་སྒྲིབ་པ་ན་མཐོང་བ་ཙམ་སྒྲིབ་ཀྱང་ཐོགས་པ་ལ་སོགས་པ་སྒྲིབ་པར་མི་ནུས་ལ་ཤིང་གི་ཆོས་མཐའ་དག་ཡུལ་དུས་གང་དུའང་སྣང་བ་མེད་པར་འདིས་སྒྲིབ་ནུས་པའི་རྒྱུ་མཚན་མེད་དོ།།ཡང་དུས་རེ་ཞིག་སྒྲིབ་ཀྱང་འཇིག་པ་དོན་གཞན་དེ་ཡང་རྒྱུ་ལས་གསར་དུ་སྐྱེ་བ་ཡིན་པའི་ཕྱིར། འཇིག་པ༷་དེ་ཡང་མཐར་འཇིག་པ་ཅ༷ན་དུ་འགྱུ༷ར་ལ། དེ་ནམ་ཞིག་པ་དེ་ལྟ་ན༷་ཡ༷ང་ཤིང་སྔར་བཞིན་མཐོང་བར་འགྱུ༷ར་ཏེ་རང་གིར་བྱས་ནས་མི་སྣང་བར་བྱེད་པའི་དངོས་པོ་ལོག་པའི་ཕྱིར་མུན་པ་དང་བྲལ་བའི་བུམ་པ་བཞིན་ནོ། །ག༷ལ་ཏེ་ནག་པ་གསོད་པར་བྱེད་པ་པོ་བས༷ད་པ༷་ན༷་ན༷ག་པ༷་སླ༷ར་འབྱུ༷ང་བ་མིན་པ་ཇི་བཞིན་ཤིང་འདི་ལ༷འ༷ང་དེ་བཞིན་ཡིན་ནོ་ཞེ་ན༷། ནག་པ་གསོད་བྱེད་བས༷ད་པ༷་ཉིད་ནི་དེ་དང་འདྲ་བ་མ༷་ཡིན་ཏེ་ནག་པ་གསོད་བྱེད་ནི་འཇིག་པའི་རྒྱུ་མེ་དང་འདྲ་ལ་འདིར་མེ་ལོག་ན་ཤིང་ཅིས་མི་མཐོང་ཞེས་སྨྲ་བ་མ་ཡིན་ཏེ། མེས་བྱས་པའི་འཇིག་པ་དེ་ཞིག་ནས་མི་སྣང་ན་ཤིང་ཅིས་མི་མཐོང་ཞེས་རྒལ་བ་ཡིན་པས་གསོད་བྱེད་བསད་པ་ནི་ལན་མ་ཡིན་ཏེ་ནག་པ་ཞིག་པ་ལོག་ན་ནག་པ་སྣང་དགོས་པ་སོ་ན་གནས་སོ། །གལ་ཏེ་ཕྱོགས་གཉིས་པ་ལྟར་འཇིག་པ༷་ཤིང་ལས་གཞ༷ན་ཉིད་མ༷་ཡིན་པར་འདོད་ན༷་ཤིང་རང་ཉིད་འཇིག་པ༷་ཉིད་ཀྱི་ངང་ཚུལ་ཅན་དུ༷་འགྱུ༷ར་ལ། ཤིང་གི་འཇིག་པ་དེ་ཤིང་གྲུབ་པ་དང་མཉམ་དུ་ཡོད་པའི་51ཕྱིར་ན༷་མེ་ནི་དེའི་རྒྱུ༷་མིན་པ་ཉིད་དུ་འགྱུར་རོ། །དེ་མེད་ཕྱིར་ན་ཞེས་ཀློག་པ་ལྟར་ན། མེ་དེ་མེད་ཀྱང་ཤིང་ཡོད་པའམ། མེ་དེ་ཤིང་གི་རྒྱུར་མེད་པའམ། རྒྱུ་མིན་པའི་ཕྱིར་ན་ཞེས་སྦྱར་རོ། །འཇིག་པ་དེ་ཤིང་དང་གཅིག་ཐ་དད་གང་ཡིན་དུ་རྟོག་པ་འདི་ལ༷ས་གཞ༷ན་པ༷འི་རྣ༷མ་པ༷་ཕུང་གསུམ་པ༷འ༷ང་མེད་ཅིང༌། གཞན་ཐ་དད་པར་མི་འཐད་པས་ན་ཤིང་རང་ཉིད་རྒྱུ་གཞན་ལ་མི་ལྟོས་པར་འཇིག་པར་གྲུབ་བོ། །དེས་ན་དངོས་པོ་ཐམས་ཅད་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་སྡོད་པ་ནི་འཇིག་པའམ་མི་རྟག་པ་ཞེས་བྱ་བ་ཡིན་ལ། དེ་མེད་པ་ཙམ་མིན་པར་རྒྱུས་བྱས་པའི་ངོ་བོ་ཉིད་དུ་ཁས་བླངས་ན་ཤིང་མེད་པར་འཇོག་པའི་རྒྱུ་མཚན་གཞན་སྲིད་པ་གསུམ་ན་རྙེད་པར་མི་འགྱུར་ཞིང་མེད་པ་ཙམ་ནི་གང་གི་ཡང་འབྲས་བུ་ཡིན་མི་སྲིད་པས་ཐོ་བ་སོགས་ཀྱིས་འཇིག་པ་བྱེད་ཅེས་དང༌། འཇིག་པ་རྒྱུ་ལས་བྱུང་ཞེས་འཛིན་པ་ལ་ལེགས་པར་བརྟགས་ན་རྒྱུས་ཅི་ཡང་མ་བྱས་ལ། རྒྱུ་ལས་བྱུང་བའི་འཇིག་པ་དངོས་པོར་གྱུར་པ་ཅི་ཡང་མེད་དེ་ཐོ་བས་ནམ་མཁའ་བྱས་ཞེས་དང༌། ནམ་མཁའ་ཐོ་བ་ལས་བྱུང་ཞེས་ཁས་ལེན་པ་དང་མགོ་མཚུངས་པར་སོང་བས་མིང་ཙམ་ལྷག་མར་ལུས་པ་ཡིན་པས་འཇིག་རྒྱུ་གཞན་ལ་ལྟོས་པ་ཞེས་པ་རིགས་པས་རྡུལ་ཙམ་ཡང་སྒྲུབ་མི་ནུས་པས་ན་ལྟོས་མེད་གྲུབ་པ་ཡིན་ནོ།།
གཉིས་པ་འཇིག་པ་རྒྱུ་གཞན་མེད་ལ་རྩོད་པ་སྤོང་བ༌ལ། དངོས་འགལ་གཅིག་ཏུ་ཐལ་བའི་གནོད་བྱེད་མེད། །གཅིག་དང་ཐ་དད་མཚུངས་པའི་གནོད་བྱེད་མེད། །དང་པོ།
འཇིག་པ་རྒྱུ་མེད་ཅན་ཡིན་ནའང༌། །རྟག་ཕྱིར་དངོས་པོ་འཇིག་པ་དག།ལྷན་ཅིག་ཡོད་པར་འགྱུར་ཞེ་ན། །མེད་པ་རྟག་ཉིད་གང་ལས་ཡིན།།མེད་ལ་དངོས་འཇིག་མེད་ཉིད་ཀྱི། །ཐལ་བར་འགྱུར་བ་མི་རུང་སྟེ།།གང་ཕྱིར་དངོས་པོ་འཇིག་པ་ཡིས། །འཇིག་པ་དག་ནི་མི་འདོད་དོ།དངོས་འཇིག་གཞན་ལ་ལྟོས་མེད་ཕྱིར། །དེ་ཤེས་དོན་དུ་སེམས་ཀྱིས་ནི།།དེ་ཡི་ཐ་དད་སྒྲོ་བཏགས་ནས། །གནས་སྐབས་དེ་རྒྱུ་མེད་ཅན་བཤད།།འཇིག་པ༷་ནི་ཕྱིས་འབྱུང་གི་རྒྱུ༷་མེད་ཅ༷ན་ཡིན་དུ་ཆུག་ན༷འ༷ང་རྒྱུ་མེད་པའི་ཕྱིར་འཇིག་པ་དེ་རྟ༷ག་པར་འགྱུར་བའི་ཕྱིར་དངོས་པོ་དོན་བྱེད་ནུས་པ་དང༌། འཇིག་པ༷་དོན་བྱེད་ནུས་སྟོང་ངམ་རྟག་པ་དེ་གཉིས་པོ་ད༷ག་ཆོས་ཅན་གཅིག་གི་ཆོས་སུ་ལྷ༷ན་ཅིག་ཡོད་པ༷ར་ཐལ་བར་འགྱུ༷ར་རོ་ཞེ་ན༷། ངོ་བོ་ཅི་ཡང་མེད་པ༷་དེ་རྟ༷ག་པ་ཡིན་པ་ཉིད་རྒྱུ་མཚན་ག༷ང་ལ༷ས་ཡིན་ཏེ་རང་ལ་ངོ་བོ་ཅུང་ཟད་ཅིག་ཡོད་ན་དེ་རྟག་པའམ་མི་རྟག་ཅེས་བྱ་བར་རིགས་ནའང༌། རྟག་པར་གཞག་རྒྱུའི་ངོ་བོ་གང་ཡང་མེད་པ་ལ་རྟག་པར་སྒྲོ་བཏགས་ཀྱང་རྟག་པར་མི་འགྱུར་ཏེ་ནམ་མཁའི་ཨུཏྤལ་གྱི་དྲི་བཞིན་ཡིན་པས་ན་རྟག་དངོས་ལྷན་ཅིག་པར་ཇི་ལྟར་འགྱུར་ཏེ་བུམ་པའི་དངོས་པོ་ལ་སྣམ་བུ་མེད་ཀྱང་དེས་ཡོད་མེད་གཞི་གཅིག་པའམ་རྟག་དངོས་གཞི་གཅིག་པར་མི་འགྱུར་བ་བཞིན་ནོ། །གཞན་ཡང་མེད་པ་ཙམ་ནི་ནུས་པ་ཀུན་གྱིས་སྟོང་པའི་ཕྱིར་འཇིག་པ་དངོས་པོ་མེད་པ་ལ༷་དངོས་པོ་འཇིག་པའི་ནུས་པ་མེད་པ་ཉིད་ཀྱི་ཕྱིར་དངོས་པོ་མི་འཇིག་པར་ཐ༷ལ་བ༷ར་འགྱུ༷ར་ཟེར་བ༷་མི་རུ༷ང་སྟེ། ག༷ང་ཕྱིར་བུམ་སོགས་དངོས་པོ་རྣམས་འཇིག་པ༷་ཡིས་འཇིག་པ༷་ད༷ག་ནི་མི་འདོད་དེ་རང་གི་ངོ་བོ་འཇིག་པ་ཅན་དུ་འདོད་དོ། །དེས་ན་འཇིག་པ་རྒྱུ་མེད་ཅེས་དང་ཞིག་པ་མེད་པ་ཞེས་བརྗོད་པ་ན་འཇིག་པ་ཞེས་བྱ་བ་དངོས་པོ་དེ་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་མིང་ཡིན་ལ། དེའི་ཐ་སྙད་མེད་ཅེས་པ་དང༌། དེ་རྒྱུ་མེད་དུ་འབྱུང་ངོ་ཞེས་པ་དང༌། དེ་ལ་རྒྱུ་མེད་པའི་ཕྱིར་འཇིག་པ་མོ་གཤམ་གྱི་བུ་བཞིན་དུ་བྱུང་མ་མྱོང་ཞེས་པའི་དོན་ག་ལ་ཡིན་ཏེ། དངོས་པོ་འཇིག་པ་ནི་རྒྱུ་གཞ༷ན་ལ༷་ལྟོས་པ་མེད་པར་རང་ཉིད་འཇིག་པའི་ངང་ཚུལ་ཅན་དུ་སྐྱེས་པའི་ཕྱིར། ཚུལ་དེ་ལྟ་བུ་ཤེས་ཤིང་བཟློག་ཕྱོགས་སུ་སྒྲོ་འདོགས་པ་བསལ་བའི་དོན་དུ༷་རྣམ་པར་རྟོག་པ་ཅན་གྱི་སེམས་ཀྱིས་ནི་དངོས་པོ་དེ་ཡི་ཆོས་འཇིག་པ་ཞེས་ཐ༷་ད༷ད་ལྟ་བུར་སྒྲོ་བཏ༷གས་ན༷ས། དངོས་པོ་སྐད་ཅིག་མའི་གན༷ས་སྐ༷བས་དེ་སྐད་ཅིག་གཉིས་པར་མི་སྡོད་པ་ལ་རྒྱུ༷་གཞན་མེད་པར་བསྟན་པའི་ཆ་ནས་འཇིག་པ་རྒྱུ་མེད་ཅ༷ན་ནོ་ཞེས་བཤ༷ད་པས་དེའི་ཐ་སྙད་དེ་ལྟར་གྲུབ་ལ། སྐད་ཅིག་གཉིས་པར་ཞིག་པའི་ཆ་ནི་རང་གི་ངོ་བོ་མེད་པར་དགག་པ་ཙམ་དུ་སྒྲུབ་ཀྱི་དངོས་པོ་ཅུང་ཟད་ཀྱང་མི་འདོད་པས་ན་མེད་པ་ཞེས་པ་མེད་པ་དེའི་ཐ་སྙད་དགག་པ་མ་ཡིན་ཏེ། མདུན་འདིར་བུམ་པ་མེད་པར་ཁེགས་པ་ལས་བུམ་མེད་ཀྱི་ཐ་སྙད་གྲུབ་པ་བཞིན་ནོ།།དེས་ན་དེའི་ཐ་སྙད་ཡོད་པ་ཙམ་ལས་དོན་དེ་དངོས་པོར་ཡོད་པ་མི་འགྲུབ་སྟེ། གྲུབ་ན་ཞིག་ནས་མེད་པ་སྔར་གྱི་མར་མེ་འགགས་པ་ད་ལྟ་མེད་པ་ལྟ་བུ་དང༌། སྔ་ན་མེད་པ་ས་བོན་གྱི་དུས་ན་མྱུ་གུ་མ་བྱུང་བ་ལྟ་བུ་དང༌། ཕན་ཚུན་མེད་པ་རྟ་ལ་བ་ལང་གི་རྭ་མེད་པ་ལྟ་བུ་དང༌། གཏན་ནས་མེད་པ་རི་བོང་རྭ་མེད་པ་ལྟ་བུའང་དངོས་པོར་འགྱུར་ན་མཐར་དངོས་མེད་ཀྱི་མཚན་གཞི་གཞག་རྒྱུ་གང་ཡང་མི་རྙེད་དོ། །དེ་ལྟར་དངོས་དངོས་མེད་གང་ལའང་སེལ་འཇུག་གི་དབང་གིས་དེ་དང་དེའི་ཐ་སྙད་བྱེད་པ་ནི་དེ་དང་དེའི་བཟློག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ་ཡིན་པས་ན་དགག་བྱ་ལ་བརྟེན་ནས་དགག་པའི་ཐ་སྙད་ཞུགས་པ་དེས་དགག་བྱ་དེ་མེད་པ་ཙམ་བློ་ཡུལ་དུ་འཕེན་པ་ལས་འདས་ནས་དགག་པ་ཉིད་དོན་དུ་དངོས་པོར་ཡོད་པར་སྒྲུབ་མི་ནུས་ཏེ། བདེན་གྲུབ་བཀག་ཙམ་ལ་སྟོང་པ་ཉིད་ལ་སོགས་པའི་བརྡ་སྦྱར་བ་བཞིན་ནོ།།དེས་ན་བརྡའི་ཐ་སྙད་ཀྱིས་ནི་བུམ་པའི་འཇིག་པ་དང༌། བུམ་པའི་བདག་མེད་ལྟ་བུ་ཆོས་ཆོས་ཅན་ལྟ་བུར་ཡང་སྟོན་ལ། མར་མེ་ཞིག་པས་མུན་པ་འཐིབ་པ་ལྟ་བུ་ཕན་ཚུན་རྒྱུ་འབྲས་སུ་ཡང་སྟོན་མོད། ཚིག་དེ་ཀུན་རྣམ་གཅོད་ཀྱི་དབང་གིས་དེ་ལྟར་བརྗོད་པ་ཙམ་ལས་དོན་དེ་དག་རྒྱུ་འབྲས་ཀྱི་དངོས་པོ་དང་ཆོས་ཅན་ལས་ཐ་དད་པའི་དངོས་པོར་གྱུར་ན་བདག་མེད་དངོས་པོར་གྱུར་པ་དང༌། སྤྱི་དངོས་པོར་གྱུར་པ་སོགས་གཏན་ནས་མི་ཁེགས་ལ། དངོས་མེད་དང་རྟག་པ་ལ་དོན་བྱེད་ནུས་སྟོང་སྒྲུབ་པའི་རིགས་པ་ཇི་སྙེད་པའང་དོན་དུ་མི་འཇུག་དགོས་ནའང༌། དངོས་སྟོབས་ཀྱི་རིགས་པ་དེ་རྣམས་ནི་ནམ་ཡང་ཁེགས་མི་ནུས་པས་དོན་རང་གི་ངོ་བོ་ལ་དཔྱོད་པའི་ཚེ་ན་བརྗོད་པར་བྱ་བའི་དོན་ཐམས་ཅད་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་ཕྱོགས་ཕྱེ་ནས་དངོས་པོ་མེད་པ་ལ་ངོ་བོ་ཅི་ཡང་ཁས་བླང་བར་མི་བྱའོ། །དེས་ན་དངོས་པོ་རང་ཉིད་ལ་སྐད་ཅིག་གཉིས་པར་ཡང་མི་འཇིག་པ་བསལ་བའི་ཆ་ནས་འཇིག་པ་ཞེས་དངོས་པོ་རང་གི་ཆོས་སུ་བཤད་པ་དང༌། སྐད་ཅིག་གཉིས་པའི་དུས་སུ་སྔ་མ་དེ་ཞིག་པ་ཞེས་མེད་པར་དགག་པ་ཙམ་གྱི་ཆ་ནས་ཐ་སྙད་བཏགས་པ་དེ་གཉིས་ཀྱི་དང་པོ་ལ་རང་གི་རྒྱུ་ལས་རྒྱུ་གཞན་མི་དགོས་ལ། ཕྱི་མ་ལའང་རྒྱུ་གཞན་མི་དགོས་ཏེ་སྔ་མ་རང་ཉིད་ཞིག་པ་ལ་དེ་ལྟར་བཏགས་པའོ། །དེ་འདོགས་པ་ནི་མི་འཇིག་པ་དང་མ་ཞིག་པའི་སྒྲོ་འདོགས་གཅོད་པའི་དགོས་པ་ཅན་ནོ།།
གཉིས་པ་གཅིག་དང་ཐ་དད་མཚུངས་པའི་གནོད་བྱེད་མེད་པ།
མེད་པ་རང་ཉིད་ལས་ཡོད་ནའང༌། །རྣམ་རྟོག་འདི་ནི་མཚུངས་ཤེ་ན།།དེ་ཡི་ཅུང་ཟད་འགྱུར་མེད་དེ། །མེད་པར་གྱུར་པ་ཙམ་ཞིག་ཡིན།།ཡོད་ལ་རྣམ་རྟོག་འདི་འགྱུར་ཏེ། །བསྒྲུབ་པ་དངོས་དང་འབྲེལ་ཕྱིར་རོ།།མེད་པ་ཡིན་ཞེས་གསུངས་པ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན།།གལ་ཏེ་བྱ་བ་ཅུང་ཟད་ཅིག །ཡོད་ན་གཞན་ལ་ལྟོས་འགྱུར་གྱི།།དངོས་གང་ཅུང་ཟད་མི་བྱེད་ལ། །ཅི་སྟེ་འགའ་ཞིག་གིས་ལྟོས་འགྱུར།།དེས་ནི་རྒྱུ་མེད་ཅན་ཡིན་ནའང༌། །མ་སྐྱེས་པ་ལས་འཇིག་འགྱུར་ཕྱིར།།ཡོད་པ་ཉིད་དང་འཇིག་ཡིན་སྐྱོན། །ཧ་ཅང་ཐལ་བ་བསལ་བ་ཡིན།།དངོས་པོའི་ཕྱིས་བྱུང་བའི་ཞིག་པ་མེད་པ༷་ཙམ་དུ་གྱུར་པ་དེ་དངོས་པོ་ར༷ང་ཉིད་ལ༷ས་གཞན་ལ་ལྟོས་མེད་དུ་ཡོད་དུ་ཆུག་ན༷འ༷ང༌། དེ་དང་དངོས་པོ་གཅིག་གམ་མི་གཅིག གཅིག་ན་ནི་དངོས་པོ་སྐད་ཅིག་དང་པོའི་དུས་སུའང་གཉིས་པའི་དུས་ལྟར་མེད་པར་འགྱུར་ལ། ཐ་དད་ན་སྐད་ཅིག་དང་པོ་ཞིག་པ་མ་ཡིན་པར་འགྱུར་ཏེ་འཇིག་པ་དོན་གཞན་ལ་བརྗོད་པའི་སྐྱོན་རང་ལའང་མཚུངས་པས་ན་གཅིག་ཐ་དད་དུ་རྣ༷མ་པར་རྟོག་པ་འདི་ནི་ཁྱོད་རང་ལའང་མཚུ༷ངས་སོ་ཤེ་ན༷། མི་མཚུངས་ཏེ་ཞིག་པ་ནི་ད་ལྟ་མེད་པ་ཙམ་ཡིན་ལ་མེད་པ་ཙམ་ལ་ནི་སྔར་གྱི་དངོས་པོ་དེ་དང་གཅིག་ཐ་དད་དེ་ཡི་རྣམ་པ་གང་དུའང་ཅུ༷ང་ཟ༷ད་ཙམ་ཡང་འགྱུ༷ར་བ་མེད་དེ། དངོས་པོ་སྐད་ཅིག་མ་ལོག་ནས་ད་ལྟ་མེད་པ༷ར་གྱུ༷ར་པ༷་ཙ༷མ་ཞིག་ཡིན་ལ་དེ་བརྗོད་པའི་སྒྲ་ཞིག་པ་ཞེས་བྱ་བ་དེས་ཀྱང་དེ་ཙམ་བརྗོད་པ་ཡིན་གྱི་དངོས་པོ་རང་ཉིད་ཀྱི་ལྡོག་ཆ་ནས་བརྗོད་པ་མིན་པས་གཅིག་མ་ཡིན་ལ། དངོས་པོ་དེ་ད་ལྟ་མེད་པའི་ལྡོག་ཆ་ཙམ་བརྗོད་པས་དངོས་པོ་ལས་དོན་གཞན་དུ་གྱུར་པའི་དངོས་པོ་ཞིག་ཀྱང་བརྗོད་པ་མིན་པས་ན། གཅིག་ཐ་དད་ཀྱི་བརྟག་པ་མི་འཇུག་སྟེ་ཞིག་པ་ནི་གཞན་གྱི་ཆ་ལས་བཏགས་པ་ཙམ་ལས་རང་གི་ངོ་བོ་རྫས་སུ་མེད་པའི་ཕྱིར་རོ། །གལ་ཏེ་ཞིག་འཇིག་རང་གི་ངོ་བོ་རང་རྐྱ་བའི་རྫས་སུ་ཡོད་པར་འདོད་ན་ནི་དེ་ལ༷་གཅིག་ཐ་དད་ཀྱི་རྣ༷མ་རྟོག་འདི་འཇུག་པར་འགྱུ༷ར་ཏེ། ཡོད་པ་དེ་ནི་སེལ་བ་ཙམ་མིན་པར་རྫས་སུ་ཡོད་པར་སྒྲུ༷བ་པ༷་ཡི་ཚུལ་གྱིས་དངོས་པོ་ད༷ང་འབྲེལ་དགོས་པའི་ཕྱིར་རོ། །དེ་ལྟ་ན་དངོས་པོར་གྱུར་པའི་ཞིག་འཇིག་དེ་བུམ་སོགས་དང་གཅིག་གམ་ཐ་དད་གང་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ནོ།།འོ་ན་མེད་པ་ལའང་སྒྲུབ་པ་ཅི་སྟེ་མེད་དེ་བུམ་པ་རྣམ་གཅོད་ལ་ཁེགས་པས་བུམ་མེད་ཡོངས་གཅོད་དུ་གྲུབ་པ་ཡིན་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང༌། གཙོ་བོ་སོགས་དངོས་པོ་མེད་པ་ཡིན་ནོ་ཞེས་དང༌། དངོས་པོ་མེད་པར་འགྱུར་རོ་ཞེས་མེད་པ་ཉིད་སྒྲུབ་ངག་གིས་བསྟན་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་མེད་པ༷་ཡིན་ཞེས་གསུ༷ངས་པ༷་ནི་དངོས་པོ་མིན་ཞེས་བྱ༷་བ༷འ༷ང་ཡིན་ཏེ། ཡིན་ཞེས་སྒྲུབ་པའི་ཚུལ་གྱིས་བརྗོད་ནའང་དངོས་པོ་ཡོད་པ་གཅོད་ཀྱི་ཡིན་རྒྱུའི་དངོས་པོ་རང་རྐྱ་བ་འཕངས་པ་གང་ཡང་མེད་དེ། ཅི་ཡང་མེད་པར་མཐོང་ཞེས་མཐོང་བ་སྒྲུབ་པ་ལྟར་བསྟན་པའི་ཚིག་དང༌། ཅི་ཡང་མ་མཐོང་ཞེས་མཐོང་བ་དགག་པ་བསྟན་པའི་ཚིག་དག་གིས་བརྗོད་བྱའི་དོན་ལ་མཐོང་བ་གང་ཡང་མི་སྒྲུབ་པར་ཁྱད་མེད་པ་བཞིན་ནོ།།གལ་ཏེ་ཞིག་པ་འདི་འཇིག་རྒྱུའི་དངོས་པོ་ལ་མ་བརྟེན་པར་མི་འབྱུང་བས་ན་འབྲས་བུར་འགྱུར་རོ་ཞེ་ན། ཞིག་པའི་ཐ་སྙད་ཙམ་ལ་ཟེར་རམ་དོན་ཞིག་པ་རང་ལ་ཟེར། ཐ་སྙད་ནི་དགག་བྱ་ལ་མ་བརྟེན་པར་མི་འབྱུང་བར་འདོད་དེ། སྔར། དངོས་མེད་ངོ་བོ་ཉིད་མེད་ཕྱིར། །ངོ་བོ་བརྗོད་པ་དཔྱད་བྱ་ཉིད། །མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་གཅོད་རྗོད་པར་བྱེད་པར་གྲུབ། །ཅེས་བརྗོད་པ་ལྟར་གཞན་ལ་བརྟེན་ནས་དེའི་ཐ་སྙད་གྲུབ་པའི་ཕྱིར་དེ་ལ་བཏགས་ཡོད་ཅེས་བྱ་སྟེ། དངོས་པོ་ལ་བརྟེན་པ་བུམ་མེད་ལ་སོགས་པའི་ཐ་སྙད་ལྟ་ཅི། དངོས་མེད་ལ་བརྟེན་ནས་ཀྱང་ཕྱུགས་འདི་རྣམས་ལ་རྭ་མེད་པ་མེད་དོ་ཞེས་དགག་པ་གཉིས་ཀྱིས་རྣལ་མ་རྭ་ཡོད་གོ་བ་དང༌། དེར་མ་ཟད་རི་བོང་གི་རྭ་མེད་ཅེས་བརྗོད་པའང་དགག་བྱ་ལ་ལྟོས་པའི་སྒྲ་ཡིན་ནོ།།མེད་པའི་ཐ་སྙད་གྲུབ་པ་དེ་ཙམ་གྱིས་ནི་བཏགས་ཡོད་ཙམ་གྲུབ་ཀྱི་དངོས་པོ་ཡིན་པར་སྒྲུབ་མི་ནུས་སོ། །ག༷ལ་ཏེ་ཐ་སྙད་ཀྱིས་བཏགས་པ་དེའི་བཏགས་དོན་དངོས་པོར་གྲུབ་ན་ནི། ཞིག་པ་དངོས་མེད་དེ་རང་གི་ངོ་བོ་ལ་རྐྱེན་གཞན་གྱིས་འཕེལ་བ་ལས་འགྲིབ་པའི་བྱ༷་བ༷་ཅུ༷ང་ཟ༷ད་ཅིག་ཡོད་ན༷་རྐྱེན་གཞ༷ན་ལ༷་ལྟོས་པའི་འབྲས་བུར་འགྱུ༷ར་གྱི། རྒྱུ་དངོས་པོ་ག༷ང་གིས་ཀྱང་བྱ་བ་ཅུ༷ང་ཟ༷ད་མི་བྱེད་པ་དེ་ལ༷་ཅི་སྟེ་རྒྱུ་འག༷འ་ཞིག་གིས་ལྟོས་པར་བྱ་བའི་འབྲས་བུར་འགྱུ༷ར་ཏེ་འགྱུར་མི་རིགས་སོ། །མེད་པ་རང་གི་ངོ་བོ་སྔར་མེད་གསར་དུ་སྐྱེ་བའམ་སྔར་ཡོད་འགགས་པའི་ཁྱད་པར་རྒྱུས་བྱར་ཡོད་ན་མེད་པའང་ཅི་ཞིག་ཡིན་ཏེ་ཡོད་པར་འགྱུར་ལ། དེ་ལྟ་ན་ཡོད་མེད་དུ་ཐ་སྙད་བཏགས་པའང་དོན་མེད་པར་འགྱུར་ཞིང༌། རྐྱེན་གྱིས་རང་གི་ངོ་བོ་བྱས་པ་མེད་པར་ཡང་འབྲས་བུར་འགྱུར་ན་མོ་གཤམ་གྱི་བུ་ཡང་འབྲས་བུར་འགྱུར་རོ། །གོང་དུ་བསྟན་ཟིན་པའི་རིགས་པ་དེས་ནི་འཇིག་པ་རྒྱུ༷་མེད་ཅ༷ན་ཡིན་ན༷འ༷ང་དངོས་པོ་མ༷་སྐྱེས་པ༷་ལ༷ས་ཀྱང་འཇིག་པ་འབྱུང་རིགས་ཏེ་རྒྱུ་མེད་པར་འབྱུང་བར་འགྱུ༷ར་བའི་ཕྱིར་འཇིག་པ་ནི་ཡུལ་དུས་ཐམས་ཅད་ན་ལྟོས་མེད་དུ་ཡོད་པ༷་ཉིད་ད༷ང༌། མ་སྐྱེས་པར་ཡང་འཇིག་པ་ཡིན་པའི་སྐྱོན་ཧ༷་ཅ༷ང་ཐ༷ལ་བ༷་བརྗོད་པའང་བས༷ལ་བ༷་ཡིན་ཏེ། དེ་དག་གིས་རྒྱུ་མེད་བཞིན་འཇིག་པ་ཡོད་དོ་ཞེས་ཁས་ལེན་པར་བྱེད་དོ་སྙམ་དུ་འཇིག་པ་ཞེས་པ་དོན་གཞན་པའི་དངོས་པོར་བཟུང་ནས་དངོས་པོ་ཉིད་སྐད་ཅིག་མ་ལ་འཇིག་པར་བརྡ་གདགས་པ་ཡིན་ཞིང༌། དེ་འདྲའི་འཇིག་པ་དེ་ལ་རྒྱུ་གཞན་མི་དགོས་པ་དང༌། དངོས་མེད་རྒྱུས་བྱེད་མི་ནུས་པའི་ཚུལ་དང་ཞིག་འཇིག་གི་ཐ་སྙད་གཞན་སེལ་བས་བཏགས་པ་གོང་དུ་བཤད་པའི་དོན་མ་གོ་བའི་རྣམ་འགྱུར་གྱི་ངག་འབྲས་མེད་ཡིན་པས་ན། གོང་དུ་ལེགས་པར་བཤད་པ་དེ་དག་གིས་རྨོངས་མེད་དུ་སེལ་བར་འགྱུར་རོ།།
གཉིས་པ་གནོད་པ་ཅན་གྱིས་ལྡོག་ཁྱབ་སྒྲུབ་པ་ནི།
ཇི་ལྟར་སྐྱེ་ལྡན་འགའ་ཞིག་ཉིད། །ཐོགས་བཅས་ཉིད་འདོད་དེ་བཞིན་དུ།།ཡོད་རྣམས་འཇིག་པའི་རང་བཞིན་ཡིན། །སྐྱེ་ལྡན་མིན་པ་མིན་ཞེ་ན།།རྒྱུ་ཡི་རང་བཞིན་ངེས་པ་ལས། །འབྲས་བུའི་རང་བཞིན་ངེས་པ་སྟེ།།ཐ་དད་རྒྱུ་རྣམས་མེད་ཉིད་ཕྱིར། །མི་རྟག་ངོ་བོ་ཐ་དད་མེད།།དེ་ཕྱིར་དེ་རྣམས་འབྲེལ་བ་ཡང༌། །རྟག་པ་ཉིད་ནི་བསལ་བ་ཡིན།།སྒྲ་ཡི་ནུས་པའང་སྔར་བཤད་པའི། །འབྲེལ་བའི་སྐྱོན་གྱིས་བསལ་བ་ཡིན།།དབང་ཕྱུག་པ་སོགས་ན་རེ། ཡོད་ན་འཇིག་པར་མ་ངེས་པས་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་ཁྱབ་མི་འགྲུབ་སྟེ། ཇི་ལྟ༷ར་ན་སྐྱེ་ལྡ༷ན་དུ་འདྲ་བ་ལ་བུམ་སོགས་འག༷འ་ཞིག་ཉིད་ནི་ཐོགས་བཅ༷ས་ཉིད་དུ་འདོད་ལ། སྐྱེ་ལྡན་ཡིན་ཡང་མིག་ཤེས་ལ་སོགས་པ་འགའ་ཞིག་ཐོགས་བཅས་མིན་པ་དེ་བཞིན་དུ༷་སྐྱེ་བ་དང་ལྡན་པའི་ཡོད་པ་ཡིན་ནོ་ཅོག་རྣ༷མས་འཇིག་པ༷འི་ར༷ང་བཞིན་ཡིན་ནའང་སྐྱེ་ལྡ༷ན་མིན་པའི་ཡོད་པ༷་མཁའ་དང་དབང་ཕྱུག་སོགས་ནི་འཇིག་པ་མིན་ནོ་ཞེ་ན༷། ཐོགས་བཅས་ཐོགས་མེད་ནི་རང་གི་རྒྱུ༷་ཡི་ར༷ང་བཞིན་སོ་སོར་ངེས་པ༷་ཡོད་པའི་དབང་ལ༷ས་འབྲ༷ས་བུ༷འི་ར༷ང་བཞིན་ཡང་མི་འདྲ་བའི་རིགས་གཉིས་སུ་ངེས་པ༷་སྟེ་དཔེར་ན་གྲོ་དང་འབྲས་ཀྱི་ས་བོན་ལས་བྱུང་བའི་འབྲུ་བཞིན་ནོ། །རྟག་པར་བྱེད་པའི་རྒྱུ་དང་མི་རྟག་པར་བྱེད་པའི་རྒྱུ་གཉིས་མི་སྲིད་པས་ན་རྒྱུ་ཐམས་ཅད་མི་རྟག་པའི་འབྲས་བུ་སྐྱེད་པར་མཚུངས་ཀྱི་ཐ༷་ད༷ད་པའི་རྒྱུ༷་རྣ༷མས་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཐམས་ཅད་མི་རྟ༷ག་པའི་ངོ་བོ་ཡིན་པ་ལ་ཐ༷་ད༷ད་པ་མེད་དོ། །གལ་ཏེ་རྒྱུ་མེད་པར་བྱུང་བའི་ངོ་བོ་ཡོད་པ་རྟག་ཅེས་མ་སྨྲས་སམ་ཞེ་ན། རྒྱུ་མེད་པར་བྱུང་ན་རྟག་ཏུ་ཡོད་མེད་དུ་ཐལ་བའང་མ་སྨྲས་སམ། དེས་ན་གང་ལ་རྒྱུ་མེད་པ་དེ་ནི་རང་གི་ངོ་བོས་ཡོད་པར་ཡང་བཞག་ཏུ་མེད་དོ། །རྒྱུ་མེད་པ་ཉིད་དུ་ཁས་བླངས་པས་དངོས་པོར་ཡོད་པའི་ངོ་བོ་ཡང་བསལ་ཏེ་དོན་གཅིག་ཏུ་སོང་བ་ཡིན་པ་དཔེར་ན་བུ་མ་བྱུང་ཞེས་པ་དང་མ་བྱུང་བའི་བུའམ་མོ་གཤམ་གྱི་བུ་ཞེས་བརྗོད་པ་ལ་བུ་མེད་པར་གྱུར་པ་ལ་ཁྱད་པར་གང་ཡང་མེད་པ་བཞིན་ནོ།།གོང་དུ་བསྟན་པ་ལྟོས་མེད་དང་གནོད་པ་ཅན་གྱི་གཏན་ཚིགས་ཀྱིས་དངོས་ཀུན་མི་རྟག་པར་གྲུབ་པ་དེ་ཕྱིར་སྒྲ་ལ་སོགས་པ་དེ་རྣམ༷ས་ཀྱི་འབྲེལ་བ༷་ཡ༷ང་རྟ༷ག་པ༷་ཉིད་དུ་འདོད་པ་ནི་བས༷ལ་བ༷་ཡིན་ཏེ། རྟག་པའི་དངོས་པོ་གང་ཡང་མེད་པའི་ཕྱིར་རོ། །གཞན་རྒྱལ་དཔོགས་པ་སོགས་སྒྲ༷་ཡི་དོན་གོ་བའི་ནུ༷ས་པ༷་རུང་བ་ཉིད་རྟག་པའོ་ཞེས་སོགས་སྨྲ་བའ༷ང་སྔ༷ར་བཤ༷ད་པ༷འི་འབྲེལ་བ༷འི་སྐྱོན་བསྟན་པ་ཅན་གྱིས་བས༷ལ་བ༷་ཡིན་ཏེ། འབྲེལ་བ་ཅན་རྣམས་མི་རྟག་ཕྱིར། །ཞེས་པའི་ཚིག་ལ། ནུས་པ་ཅན་རྣམས་མི་རྟག་ཕྱིར། །སོགས་ཁ་བསྒྱུར་བས་གྲུབ་པ་ཡིན་ནོ།།
གསུམ་པ་ལྡོག་ཁྱབ་མ་གྲུབ་པར་སྟོན་པ་ལ། མ་བྱས་རྟགས་དེ་བསྒྲུབ་བྱར་འཁྲུལ་པའི་ཚུལ། །མ་འཁྲུལ་འདོད་པ་གཞན་ལན་དགག་པ་འོ། །དང་པོ།
སྐྱེས་བུས་མ་བྱས་ཞེས་བྱ་ཉིད། །ཇི་བཞིན་དོན་ཤེས་སྒྲུབ་བྱེད་མིན།།སྐྱེས་བུའི་ཉེས་པས་སྐྱོན་མེད་པའི། །མེ་སོགས་རྣམ་པ་གཞན་དུ་མཐོང༌།།དེ་ནི་མ་བྱས་པར་འདོད་ན། །ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར།།རྟག་པ་དག་ལ་དངོས་ནུས་པ། །འགའ་ཡང་སྐྱེ་བ་ཡོད་མ་ཡིན།།རྣམ་རྟོག་བག་ཆགས་ལས་བྱུང་བའི། །སྒྲོ་བཏགས་སྤྱོད་ཡུལ་ཅན་བློ་དག།འབའ་ཞིག་52དེ་ལས་སྐྱེ་འགྱུར་གྱི། །དོན་གྱི་སྤྱོད་ཡུལ་ཅན་མ་ཡིན།།འདི་ལྟར་སྐྱེས་བུ༷ས་མ༷་བྱ༷ས་ཞེས་བྱ༷་བ་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་དོན་ཡང་དག་པར་ཤེས་པའི་སྒྲུ༷བ་བྱེད་མིན་ཏེ། སྐྱེས་བུ༷འི་བློ་ཆགས་སོགས་ཀྱི་ཉེས་པ༷ས་བསླད་པས་སྐྱོན་མེད་པ༷འི་མེ་དང་ཟླ་འོད་ལ་སོགས་པ་ཇི་བཞིན་རྟོགས་པའི་རྒྱུ་ལས་རྣ༷མ་པ༷་གཞ༷ན་ལོག་ཤེས་ཀྱི་རྒྱུ་ཉིད་དུ༷་མཐོང་སྟེ། འདི་ལྟར་མེ་འོད་ནི་མཚན་མོ་ཨུཏྤལ་སྔོན་པོ་ལ་དམར་པོར་མཐོང་བ་དང༌། ཟླ་འོད་ནི་མཚན་མོ་གོས་སེར་པོ་ལ་དཀར་པོར་མཐོང་བའི་རྒྱུར་གྱུར་པ་ཡིན་ནོ།།དེས་ན་སྒྲ་མ་བྱས་སུ་ཆུག་ཀྱང་མ་བྱས་ན་བདེན་དོན་ཅན་ཡིན་པར་མི་འགྲུབ་སྟེ། མི་བདེན་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །མར་མེ་སོགས་སྐྱེས་བུའི་ཉེས་པས་མ་བསླད་ཀྱང་མི་རྟག་པ་ཡིན་ལ། རིག་བྱེད་དེ་ནི་རྒྱུ་གང་གིས་ཀྱང་མ༷་བྱ༷ས་པའི་རྟག་པ་ཡིན་པའི་ཕྱིར་བདེན་པ༷ར་འདོད་ན༷། དེ་ཉན་པའི་ཤེས་པ༷་ཉིད་ཀྱི་རྒྱུ༷ར་ཡང་མི་འགྱུ༷ར་ཏེ། རྒྱུ་མཚན་རྟ༷ག་པ༷་ད༷ག་ལ༷་རང་འཛིན་ཤེས་པ་དངོས་པོ་སྐྱེད་པའི་ནུ༷ས་པ༷་འག༷འ་ཡ༷ང་སྐྱེ་བ༷་ཡོད་པ་མ༷་ཡིན་པའི་ཕྱིར་ཏེ། དེས་སྐྱེད་ན་ཅིག་ཅར་བསྐྱེད་དགོས་ལ་མི་བསྐྱེད་ན་ནམ་ཡང་མི་བསྐྱེད་པར་འགྱུར་ཞིང༌། ལྷན་ཅིག་བྱེད་པ་དང་ཚོགས་ནས་སྐྱེད་རུང་བར་འགྱུར་ན་མི་རྟག་པར་འགྱུར་བ་སྔ་ཕྱིར་ལན་མང་དུ་དཔྱད་ཟིན་པའི་ཕྱིར་རོ། །དེར་མ་ངེས་ཏེ་ནམ་མཁའ་རྟག་པ་ལས་དེ་འཛིན་ཤེས་པ་སྐྱེས་པས་སོ་ཟེར་ན། ནམ་མཁའ་རྟག་པས་རང་འཛིན་སྐྱེད་སྲིད་ནའང་བཤད་མ་ཐག་པ་ལྟར་ཅིག་ཅར་བསྐྱེད་པར་འགྱུར་བ་སོ་ན་གནས་ཤིང་རིམ་གྱིས་བསྐྱེད་པའང་མི་འཐད་དོ། །དེས་ན་རྟག་པ་ནི་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པ་ཁོ་ན་ཡིན་ནོ།།འོ་ན་ནམ་མཁར་ཤེས་པ་རྒྱུ་མེད་པར་འགྱུར་རོ་སྙམ་ན། ཕྱི་རོལ་དོན་གྱི་རྒྱུ་མེད་པ་འདོད་ལ་དེར་ཤེས་པ་ཙམ་རྒྱུ་མེད་པར་མི་འགྱུར་ཏེ། རང་གི་ནང་གི་རྣ༷མ་པར་རྟོག་པ་ཐོག་མེད་ནས་གོམས་པའི་བ༷ག་ཆ༷གས་སད་པ་ལ༷ས་བྱུ༷ང་བ༷འི་དོན་མེད་ཀྱང་དོན་དུ་སྒྲོ་བཏ༷གས་པའི་སྤྱོད་ཡུ༷ལ་ཅ༷ན་ནམ་མཁའ་ལ་སོགས་པར་རྟོགས་པའི་བློ་ད༷ག་གོམས་པའི་རྟོག་པ་འབ༷འ་ཞིག་པ་དེ་ལ༷ས་སྐྱེ་བར་འགྱུ༷ར་གྱི། ཕྱི་རོལ་གྱི་དོན་རང་མཚན་གྱི་སྤྱོད་ཡུ༷ལ་ཅ༷ན་མ༷་ཡིན་ནོ།།ནང་གི་རྟོག་པ་ལ་དོན་སྤྱི་ཙམ་དུ་སྣང་བ་ནི་དོན་རང་མཚན་གྱི་རྒྱུ་ཅན་ཡིན་མི་དགོས་ཏེ་སྔར་ལན་བརྒྱ་ཕྲག་དཔྱད་ཟིན་ཏོ། །དེས་ན་དེ་དག་གི་ཐ་སྙད་མེད་པར་མི་འགྱུར་ཡང་བཏགས་པའི་ཐ་སྙད་ཡོད་པ་དེ་ཙམ་ལས་བཏགས་དོན་རྫས་སུ་གྲུབ་པ་གང་ཡང་མེད་དེ་གཞན་རིག་དང་རང་རིག་གང་གིས་ཀྱང་དེའི་རང་མཚན་དམིགས་མི་སྲིད་པའི་ཕྱིར་རོ། །མདོ་ལས་ཀྱང༌། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །ཞེས་གསུངས་པ་ལྟར་རྟོག་པས་སྒྲོ་བཏགས་ནས་མཐོང་བ་དང་རྟག་པར་རློམ་པ་ཙམ་སྟེ། དཔྱད་ན་མཐོང་རྒྱུ་དང་རྟག་རྒྱུའི་རང་མཚན་རྡུལ་ཙམ་མེད་དོ།།
གཉིས་པ་མ་འཁྲུལ་འདོད་པ་གཞན་ལན་དགག་པ་ནི།
གལ་ཏེ་བྱས་དག་ལོག་ཉིད་དུ། །མཐོང་ཉིད་ཕྱིར་ན་མ་བྱས་པའི།།ཚིག་ནི་བདེན་དོན་ཅན་ཡིན་ཏེ། །བཟློག་པས་འགལ་བ་ཁྱབ་ཕྱིར་རོ།།མེད་ཕྱིར་གཏན་ཚིགས་མ་བསྟན་ནའང༌། །དེ་ནི་ཡོད་པར་དོགས་འགྱུར་ཏེ།།དངོས་པོ་འགལ་བ་དག་ལ་ཡང༌། །ཁྱབ་པར་བྱེད་པ་མཐོང་ཕྱིར་རོ།།ཀུན་ལ་མེད་པ་མི་དམིགས་པས། །མི་འགྲུབ་ཅེས་ནི་བཤད་ཟིན་ཏོ།།མེད་པ་ཉིད་ནི་མ་གྲུབ་ན། །ལྡོག་པ་ཉིད་ལ་ཐེ་ཚོམ་ཟ།།དེ་ལྟར་ལྡོག་ཁྱབ་མ་གྲུབ་པའི་སྐྱོན་བརྗོད་པ་ལ་ཕ་རོལ་པོས་ལྡོག་པ་ཆིག་རྐྱང་གྲུབ་ཚུལ་གྱི་ལན་བསྟན་པ་ནི། ག༷ལ་ཏེ་སྐྱེས་བུས་བྱ༷ས་པ་ད༷ག་ཁོ་ན་ལ་ལོག་པའི་དོན་ཅན་ཉིད་དུ༷་མཐོང་བ་ཉིད་ཀྱི་ཕྱིར་ན༷་དེའི་བཟློག་ཕྱོགས་མ༷་བྱ༷ས་པ༷འི་ཚིག་ནི་བདེན་པའི་དོན་ཅ༷ན་ཡིན་ཏེ། རྟགས་མ་བྱས་པ་དེ་བཟློག་པ་བྱས་པ་ཞེས་པ༷ས་བདེན་པ་དང་འག༷ལ་བ༷་ལོག་པའི་དོན་ཅན་ལ་ཁྱ༷བ་པའི་ཕྱིར་ན་ལོག་པའི་དོན་ཅན་དེའི་ཁྱབ་བྱེད་དང་འགལ་བ་མ་བྱས་པ་ནི་བདེན་དོན་ཅན་དུ་འགྲུབ་པར་འགྱུར་རོ་ཞེ་ན། བྱས་པ་དང་མ་བྱས་པ་འགལ་ཡང་མ་བྱས་པའི་བསྒྲུབ་བྱ་བདེན་པ་དེ་ནི་བྱས་པའི་སྒྲ་ལའང་མི་ཁེགས་པས་ན། རྟགས་དེ་མི་མཐུན་ཕྱོགས་ལོག་པའི་དོན་ཅན་ལ་མེད་པའམ་མི་འཇུག་པའི་ཕྱིར་རམ་ཆེད་དུ་མི་མཐུན་ཕྱོགས་ལ་འཇུག་པ་ལ་གནོད་པ་ཅན་གྱི་གཏ༷ན་ཚིགས་མ༷་བསྟ༷ན་པ་ན༷འ༷ང༌། མ་བྱས་ཀྱང་ལོག་པའི་དོན་ཅན་ཅིས་མི་སྲིད་སྙམ་དུ་རྟགས་དེ་ནི་མི་མཐུན་ཕྱོགས་ལ་ཡང་ཡོད་པ༷ར་དོགས་པར་འགྱུ༷ར་ཏེ་ཁྱབ་བྱ་གཉིས་ནང་འགལ་བ་ཙམ་གྱིས་ཁྱབ་བྱེད་འགལ་བ་སྒྲུབ་མི་ནུས་ཏེ། ཁྱབ་བྱ་དངོས་པོ་འག༷ལ་བ༷་རྩོལ་བ་ལས་བྱུང་བ་དང་མ་བྱུང་བ་ལྟ་བུ་ད༷ག་ལ༷་ཡ༷ང༌། ཁྱ༷བ་པ༷ར་བྱེད་པ༷་མི་རྟག་པ་གཅིག་ལྟ་བུ་མཐོང་བའི་ཕྱིར་རོ།།དེས་ན་ཁྱབ་བྱ་བྱས་པ་དང་མ་བྱས་པའི་སྒྲ་འགལ་དུ་ཆུག་ཀྱང་ཁྱབ་བྱེད་བདེན་པ་གཅིག་གམ་ཡང་ན་ལོག་དོན་གཅིག་ཡོད་སྲིད་པ་ལ་མ་བྱས་པ་ལ་ལོག་དོན་མེད་པར་འགོག་བྱེད་ཀྱི་རིགས་པ་མེད་པས་ན་དམ་བཅའ་བའི་ཚིག་ཙམ་དུ་ཟད་དེ། རྟགས་དེ་མི་མཐུན་ཕྱོགས་ཀུ༷ན་ལ༷་མེད་པ༷་ནི་མ་མཐོང་བའམ་མི་དམིགས་པ༷ས་མི་འགྲུ༷བ་ཅེས་ནི་སྔར་རྟགས་དེ་མི་མཐུན་ཕྱོགས་ལ་མཐོང་མི་སྲིད་ནའང་ཕྲུ་བའི་འབྲས་ནི་ཚོས་པར་དཔོག་པ་སོགས་བཞིན་དུ་འཁྲུལ་པར་སྲིད་པ་བཤ༷ད་ཟིན་ཏོ། །དེའི་སླད་དུ་རྟགས་མི་མཐུན་ཕྱོགས་ལ་མེད་པ༷་ཉིད་དུ་ནི་རྟགས་དང་བསྒྲུབ་བྱ་མེད་ན་མི་འབྱུང་གི་ཚད་མས་ངེས་པའི་སྒོ་ནས་མ༷་གྲུ༷བ་ན༷། ལྡོག་པའི་ཁྱབ་པ༷་གྲུབ་པ་ཉིད་ལ༷་ཐེ་ཚོམ་ཟ༷་བ་ཡིན་གྱི་དེས་བསྒྲུབ་བྱ་འགྲུབ་མི་ནུས་སོ། །དེ་ལྟར་མ་བྱས་པས་བདེན་དོན་ཅན་དུ་སྒྲུབ་པ་ལ་ཚུལ་གསུམ་མ་ཚང་བ་ཡིན་ནོ།།
གཉིས་པ་སྒྲུབ་བྱེད་ཡང་དག་ཡིན་ན་ཚུལ་གསུམ་ཚང་དགོས་པར་བསྟན་པ་ནི།
གལ་ཏེ་རྗེས་འགྲོ་ལྡོག་པ་དང༌། །བསྒྲུབ་བྱའི་ཆོས་ཅན་ལ་ཡོད་ཉིད།།དེ་ངེས་འབྲས་ཅན་ཤེས་པ་ཡིས། །གྲུབ་པར་གྱུར་ན་སྒྲུབ་བྱེད་ཡིན།།གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །བཟློག་པ་ཉིད་བརྗོད་དེ་ཉིད་ནི།།འདི་ཡི་ཆོས་མཐུན་53འགྱུར་དེས་ན། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན།།ག༷ལ་ཏེ་རྗེས་འགྲོ་དང་ལྡོག་པའི་ཁྱབ་པ༷་ད༷ང་བསྒྲུ༷བ་བྱ༷འི་ཆོས་ཅ༷ན་ལ༷་ཡོད་པ་ཕྱོགས་ཆོས་གྲུབ་པ་ཉིད་དང་ཚུལ་གསུམ་ཚང་བ་དེ་དེ་བཞིན་དུ་ཚད་མས་ངེས་པར་གྱུར་པའི་འབྲ༷ས་བུ་ཅ༷ན་གྱི་ཤེས་པ༷་རྗེས་དཔག་ཚད་མ་དེ་ཡིས་གྲུ༷བ་པ༷ར་གྱུ༷ར་པ་ན༷་དེ་འདྲའི་ཚུལ་གསུམ་ཚང་བའི་རྟགས་དེ་བསྒྲུབ་བྱ་དེའི་སྒྲུ༷བ་བྱེད་ཡང་དག་ཏུ་སོང་བ་ཡིན་ནོ།།དེའི་ཕྱིར་བསྒྲུབ་བྱའི་ཡུལ་ག༷ང་ལ༷་ཡང་བསྒྲུ༷བ་བྱ༷འི་མི་མཐུ༷ན་ཕྱོགས་དེ་ཉིད་བཟློག་པ༷་ཉིད་དུ་བརྗོད་པ་དེ་ཉིད་ནི་རྟགས་འདི་ཡི་ཆོས་མཐུ༷ན་པའི་ཕྱོགས་ཏེ། རང་ཉིད་རྗེས་སུ་འགྲོ་བར་བྱ་བའི་གཞིར་འགྱུ༷ར་བའི་ཁྱབ་པ་དེས་ན༷་ལྡོག་ཁྱབ་གྲུབ་པའི་གཏ༷ན་ཚིགས་ཐ༷མས་ཅ༷ད་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་གྲུབ་པ་ཅ༷ན་ཁོ་ན་ཡིན་གྱི་རྗེས་འགྲོ་མེད་པར་ལྡོག་ཁྱབ་རྐྱང་པ་འགྲུབ་ཐབས་མེད་པས་ན་ལྡོག་པ་ཆིག་རྐྱང་གྲུབ་པ་ཞེས་བྱ་བ་གཏན་ཚིགས་ཡང་དག་མིན་ནོ། །དེས་ན་མི་མཐུན་ཕྱོགས་ལོག་པའི་དོན་ཅན་བཟློག་པ་བདེན་དོན་ཅན་ཡིན་ལ། དེ་དང་རྟགས་མ་བྱས་པ་ལ་རྗེས་འགྲོའི་འབྲེལ་བ་མ་གྲུབ་ན་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཚད་མས་ངེས་པ་བསྐྱེད་པའི་རྒྱུ་མཚན་གང་ཡང་མི་རྙེད་པས་མ་ངེས་པའི་རྟགས་ལྟར་སྣང་ཁོ་ན་ཡིན་ནོ།།
གཉིས་པ་སྔགས་ཚིག་བྱེ་བྲག་ཏུ་དགག་པ་ལ། སྔགས་རྣམས་སྐྱེས་བུས་བྱས་པ་ཉིད་དུ་སྒྲུབ། །དེ་ཡིས་སྐྱེས་བུ་ནུས་མེད་སྒྲུབ་པ་བསལ། །དང་པོ་ལ། སྔགས་རྣམས་སྐྱེས་བུས་བྱས་པར་འཐད་མདོར་བསྟན། །དེ་ཡི་ཚུལ་ནི་རིགས་པས་རྒྱས་པར་སྒྲུབ། །དེ་ཕྱིར་སྔགས་རྣམས་བྱས་པར་མཇུག་བསྡུ་བའོ། །དང་པོ།
འགའ་ཡིས་བརྡ་བྱས་ཉིད་ཡིན་ན། །སྔགས་རྣམས་འབྲས་བུ་སྒྲུབ་བྱེད་ཡིན།།སྤྱིར་སྔགས་རྣམས་བྱེ་བྲག་ཏུ་སྐྱེས་བུས་བྱས་པར་དམིགས་བསལ་ཏེ་སྒྲུབ་པར་མཛད་པ་འདི་ནི་ཕ་རོལ་པོས་རིག་བྱེད་མ་བྱས་པའི་སྒྲུབ་བྱེད་ཁྱད་པར་ཅན་དུ་སྔགས་འགོད་པས་ཡིན་ལ། དེ་ཡང་རིག་བྱེད་ཀྱི་སྔགས་རྣམས་ནི་ནུས་པ་མངོན་སུམ་གྲུབ་པས་སྔགས་མིན་པར་བརྗོད་མི་ནུས་ལ། སྐྱེས་བུས་དོན་གྱི་ཁྱད་པར་སྟོན་པའི་ཚིགས་གསར་དུ་སྤེལ་ནུས་ཀྱང༌། ཞི་སོགས་ཀྱི་ལས་བྱེད་པ་དེ་འདྲའི་ནུས་ཅན་གྱི་སྔགས་དེ་སྐྱེས་བུས་གསར་དུ་སྤེལ་མི་ནུས་པས་སྔགས་ནི་རང་བྱུང་དུ་ཡོད་པའོ་སྙམ་དུ་སེམས་པ་ཡིན་ནོ།།དེ་ལ་ཤེས་རབ་དང་བདེན་པའི་མཐུ་གྲུབ་པའི་གང་ཟག་འག༷འ་ཡིས་ཆོ་ག་འདི་ལྟ་བུའི་སྒོ་ནས་སྔགས་འདི་བཟླས་པ་ལས་འདི་ལྟ་བུ་བྱེད་པར་གྱུར་ཅིག་སྙམ་དུ་ཡི་གེའི་བཀོད་པ་གང་ཡང་རུང་བ་ལ་ལས་དེ་བྱེད་པའི་སྔགས་སུ་བརྡ་བྱ༷ས་པ་ཉིད་ཡིན་ན༷། སྔ༷གས་དེ་རྣ༷མས་ཤེས་མཐུ་དང་ལྡན་པས་ཇི་ལྟར་བརྡ་བྱས་ཤིང་བྱིན་གྱིས་བརླབས་པ་དེ་ལྟར་ཞི་སོགས་ལས་དེའི་འབྲ༷ས་བུ༷་སྒྲུ༷བ་པར་བྱེད་པ་ཡིན་ཏེ། དཔེར་ན་སྙན་དངགས་མཁན་པོས་ཁོ་བོས་བྱས་པའི་སྙན་ངག་འདོན་པར་བྱེད་པ་དེ་ལ་འདི་སྦྱིན་ནོ་ཞེས་བརྡར་བྱས་པ་ན་དེས་བྱས་པའི་སྙན་ངག་འདོན་པ་པོ་དེས་ཇི་ལྟར་དམ་བཅས་པའི་དོན་དེ་ཐོབ་པ་དེ་བཞིན་དུ། ཡི་གེའི་བརྡ་ལ་བརྟེན་ཏེ་ལས་སོ་སོ་སྒྲུབ་པའི་སྔགས་ལ་ཞུགས་པས་བརྡ་ཇི་ལྟར་བྱས་པ་བཞིན་བརྡའི་དབང་གིས་འབྲས་བུ་དེ་ལྟར་འབྱིན་ནོ། །དེ་ལྟར་སྐྱེས་བུས་/བརྡ་བྱས་54པ་མིན་ན་ནི་སྔགས་ཀྱི་ཡི་གེའི་གོ་རིམ་དང་ཆོ་ག་དང་འབྲས་བུ་ཐ་དད་པ་མི་རིགས་སོ།།
གཉིས་པ་དེ་ཡི་ཚུལ་ནི་རིགས་པས་རྒྱས་པར་སྒྲུབ་ལ། སྐྱེས་བུས་མ་བྱས་པ་ལ་མི་འཐད་བརྗོད། །སྐྱེས་བུས་བྱས་འདོད་རང་ལ་མི་མཚུངས་ཚུལ། །དང་པོ་ལ། གོ་རིམ་ལོག་སོགས་འབྲས་བུ་སྟེར་བར་ཐལ།། སྔགས་ཀྱིས་འབྲས་བུ་རྟག་ཏུ་སྟེར་བར་ཐལ། །སྒྲུབ་པོ་ཀུན་ལ་ཁྱད་མེད་སྟེར་བར་ཐལ། །དང་པོ།
ཅི་སྟེ་དངོས་པོའི་ནུས་ཡིན་ན། །ཁྱད་པར་མེད་ཕྱིར་གཞན་ལའང་འགྱུར།།དོན་གཞན་ཉིད་དུ་གྱུར་པ་ཡི། །བཀོད་པའང་སྔར་ནི་བསལ་བ་ཡིན།།ཅི་སྟེ་སྐྱེས་བུས་བརྡ་བྱས་པ་ལ་མི་ལྟོས་པར་སྨན་གྱི་ནུས་པ་བཞིན་དུ་སྔགས་རང་གི་དངོས་པོའི་ནུ༷ས་པ་ཡིས་ལས་བྱེད་པ་ཡིན་ན༷་ཡི་གེ་ཙམ་ལ་ཁྱ༷ད་པ༷ར་མེད་པའི་ཕྱིར་ཆོ་ག་དང་མི་ལྡན་པ་དང༌། སྔགས་གོ་རིམ་མེད་པར་བཟླས་པའམ། ཡི་གེ་གཞ༷ན་གང་ཡང་རུང་བ་བཟླས་པ་ལ༷འ༷ང་འབྲས་བུ་ཐམས་ཅད་བྱེད་པ་ཡོད་པར་འགྱུ༷ར་རོ། །སྐྱེས་བུས་བརྡ་བྱས་པས་མིན་ཡང་སྨན་གྱི་ནུས་པའང་ཐ་དད་བཞིན་སྔགས་ཀྱི་ནུས་པ་ཐ་དད་པའོ་ཟེར་ན། ཁྱོད་ཀྱིས་ཡི་གེ་ཐམས་ཅད་གཅིག་པར་ཁས་བླངས་པ་མིན་ནམ། འཇིག་རྟེན་གསུམ་གྱི་ཨ་གཅིག་ཀ་གཅིག་ལྟ་བུའི་རྟག་པ་ལ་ནུས་པ་ཇི་སྙེད་པའང་ཅིག་ཅར་མེད་པ་མི་སྲིད་དོ། །ཡི་གེ་གཅིག་ཡིན་ཡང་མང་ཉུང་དང་ཡི་གེའི་གོ་རིམ་ཁྱད་པར་བ་ལ་ལས་སོ་སོའི་ནུས་པ་ཡོད་དོ་ཞེ་ན། སྐྱེས་བུས་བརྡ་བྱས་པ་ལ་མི་ལྟོས་པར་ཡི་གེ་རང་གི་སྟེང་ན་དོན་གཞ༷ན་པ་ཉིད་དུ༷་གྱུ༷ར་པ༷་ཡི་ཡི་གེའི་བཀོད་པ་ཞེས་པ༷འ༷ང་སྔ༷ར་ནི་རིགས་པས་བས༷ལ་བ༷་ཡིན་པས་དེ་ལྟ་བ་མི་སྲིད་དོ།།
གཉིས་པ་སྔགས་ཀྱིས་འབྲས་བུ་རྟག་ཏུ་སྟེར་བར་ཐལ།
དེ་དོན་རྟག་ཏུ་འགྲུབ་འགྱུར་ཏེ། །ལྟོས་པ་ཡིན་ན་ནུས་མེད་འགྱུར།།དོན་སྒྲུབ་བྱེད་ཀྱི་སྔགས་དེ་ནི་རྟག་པར་ཀུན་ཏུ་ཡོད་པའི་ཕྱིར་རྟག་པའི་སྔགས་དེ་ལས་ཞི་སོགས་ཀྱི་དོན་ཀུན་ཀྱང་རྟ༷ག་ཏུ༷་འགྲུ༷བ་པར་འགྱུ༷ར་ཏེ། དོན་འགྲུབ་བྱེད་ཀྱི་རྒྱུ་རྟག་པར་གནས་པས་སོ། །གལ་ཏེ་སྔགས་དེ་ཡང་བཟླས་པ་སོགས་ཀྱི་རྐྱེན་ལ་ལྟོས་པ༷་ཡིན་པས་དོན་རྟག་ཏུ་བྱེད་པ་མིན་ནོ་ཞེ་ན༷། རྐྱེན་དང་མ་ཚོགས་ན་སྔགས་རང་ལ་ནུ༷ས་པ་མེད་པར་འགྱུ༷ར་ལ་དེ་ལྟ་ན་ཚོགས་ཀྱང་ནུས་པ་མི་འབྱུང་སྟེ་སྔ་མའི་རང་བཞིན་དུ་རྟག་པའི་ཕྱིར་རྟག་པ་ལ་རྐྱེན་གྱི་ནུས་པ་རུང་བའང་མེད་པས་ན་རྐྱེན་ལ་ལྟོས་ནས་འབྲས་བུ་འབྱིན་པ་ཞེས་པ་དེ་སྔགས་རྟག་པ་ལ་ནམ་ཡང་མི་རུང་ངོ༌།།
གསུམ་པ་སྒྲུབ་པོ་ཀུན་ལ་ཁྱད་མེད་སྟེར་བར་ཐལ་བ་ལ། ཐལ་བ་དངོས་དང་ཉེས་སྤོང་ལན་འགོག་པའོ། །དང་པོ།
གལ་ཏེ་དངོས་ནུས་དེ་འདྲ་ན། །དེ་ནི་ཀུན་གྱི་སྒྲུབ་བྱེད་འགྱུར།།55ག༷ལ་ཏེ་རིག་བྱེད་ཀྱི་སྔགས་སྐྱེས་བུས་བརྡ་བྱས་པ་མིན་པར་དངོས་པོའི་ནུ༷ས་པ་ཡིན་པ་དེ་འདྲ་ན༷། རིག་བྱེད་ཀྱི་སྔགས་དེ་ནི་ཟློ་བ་པོ་བྲམ་ཟེ་སོགས་ཀྱི་ཁྱད་པར་ལ་མི་ལྟོས་པར་གདོལ་པ་སོགས་སྡིག་ལྡན་ཀུ༷ན་གྱི་ཡང་དོན་རྣམས་སྒྲུ༷བ་པར་བྱེད་པར་འགྱུ༷ར་ཏེ་མེ་དང་སྨན་ལ་སོགས་པ་བཞིན་ནོ།།
གཉིས་པ་ཉེས་སྤོང་གི་ལན་འགོག་པ་ལ། བྱེད་པ་པོ་ལ་ལྟོས་པ་མི་རུང་དང༌། །སྔགས་སྒྲ་མངོན་པར་གསལ་ལ་མི་ལྟོས་པའོ། །དང་པོ།
ལེགས་བྱས་མིན་ཕྱིར་བྱེད་པ་པོའི། །ཁྱད་པར་ལ་ཡང་ལྟོས་མི་རུང༌།།དངོས་པོ་འདུས་བྱས་པ་ཡི་ཡང༌། །དངོས་པོ་ཐ་དད་ཐ་དད་བྱེད།།བྱེད་པོའི་ཁྱད་པར་ལས་ནུས་པ། །ངེས་པ་མ་ཡིན་བརྡ་ལས་འགྱུར།།ཁྱད་པར་བྱར་མེད་ཅན་ཡིན་ན། །ཅི་ཞིག་བྱེད་ནས་བྱེད་པོར་འགྱུར།།སྔགས་ཟློ་བར་བྱེད་པ་པོ་བྲམ་ཟེ་རྣམས་ཀྱིས་མཆོད་སྦྱིན་སོགས་ལེགས་པར་བྱས་པའི་དབང་གིས་དེ་ལ་འབྲས་བུ་འབྱིན་ལ་གཞན་གདོལ་པ་སོགས་ལ་མིན་ནོ་ཞེ་ན། སྔགས་རྟག་པས་འབྲས་བུ་འབྱིན་ན་ལེགས་བྱ༷ས་ཀྱི་ཁྱད་པར་ལ་ལྟོས་པ་མིན་པའི་ཕྱིར་ཏེ་ལེགས་བྱས་ལ་ལྟོས་སུ་མི་རུང་བའི་ཕྱིར་རོ། །དེས་ན་སྔགས་ཟློ་བར་བྱེད་པ༷་པོའི་ཁྱ༷ད་པ༷ར་བྲམ་ཟེ་དང་གདོལ་པ་སོགས་ལ༷་ཡ༷ང་ལྟོས་པར་མི་རུ༷ང་སྟེ། རྟག་པ་གཞན་ལ་མི་ལྟོས་པ་ལྟ་ཅི། དངོས་པོ་འདུ༷ས་བྱ༷ས་པ༷་ཡི་ཡ༷ང་འབྲས་བུའམ་ནུས་པ་ཡི་དངོས་པོའི་ཐ༷་ད༷ད་པ་ཡང་རྒྱུ་ཐ༷་ད༷ད་པས་བྱེད་པ་དེ་ལ་བྱེད་པ་པོའི་ཁྱ༷ད་པ༷ར་ལ༷ས་ནུ༷ས་པ༷་སོ་སོར་ངེས་པ༷་མ༷་ཡིན་ཏེ་མེ་ཡིས་ཚ་བའི་དོན་བྱེད་པ་ནི་བྲམ་ཟེ་དང་གདོལ་པའི་ཁྱད་པར་ལ་མི་ལྟོས་པ་བཞིན་ནོ། །ས་བོན་བཏབ་པར་འདྲའང་བསོད་ནམས་ཅན་གྱི་ཞིང་ལ་མང་དུ་སྐྱེ་བ་ཡང་རྒྱུ་དེས་དེའི་ངོར་བྱས་པ་མ་ཡིན་ཏེ་མང་དུ་སྐྱེ་བའི་རྒྱུ་ཉིད་ཚོགས་པ་ཡིན་ནོ། །རྒྱུ་མ་ཚོགས་པ་མེད་པའི་སྔགས་རྟག་པ་ལ་བྱེད་པོའི་ཁྱད་ཀྱིས་འབྲས་བུ་འབྱིན་མི་འབྱིན་ཡོད་ན་ནི་དེའི་ངོར་བྱེད་པ་ཁོ་ནར་འགྱུར་རོ། །ངོར་བྱེད་པ་ནི་མི་སྲིད་དེ་སྔགས་རྟོག་མེད་ཡིན་ལ་བྲམ་ཟེ་དང་གདོལ་པ་ཡང་རྟོག་པས་སྒྲོ་བཏགས་པ་ལས་ངོ་བོས་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་ན། རིགས་ཐ་དད་དུ་བྱེད་པ་ནི་དབྱིབས་དང་ཡོན་ཏན་ནུས་པ་མི་འདྲ་བར་མཐོང་བ་ལས་རྟ་དང་བ་ལང་དུ་འབྱེད་པ་ལ་སོགས་པ་ལྟ་བུ་ཡིན་ན་མི་རྣམས་ལ་འདི་ནི་བྲམ་ཟེ་དང་འདི་ནི་གདོལ་པའོ་ཞེས་ངོ་བོ་ཉིད་ཀྱིས་ཐ་དད་དུ་དམིགས་པ་མེད་པས་རིགས་ངོ་བོས་མ་གྲུབ་ལ། བྱ་བའི་ཁྱད་པར་ལ་བརྟེན་ནས་མིང་དང་བརྡས་བྲམ་ཟེ་སོགས་སུ་བཏགས་པ་ནི་འཚོ་བྱེད་དང་ཚོང་པའི་ཐ་སྙད་ལ་སོགས་པ་བཞིན་ནོ། །དེས་ན་རིག་བྱེད་ཀྱི་སྔགས་ནི་བྲམ་ཟེ་གཙང་མ་སོགས་ཀྱིས་བཟླས་ན་འབྲས་བུ་འབྱིན་ལ་གཞན་གདོལ་པ་སོགས་ཀྱིས་བཟླ་མི་རུང་ངོ་ཞེས་པ་འཐད་པ་མི་འགྱུར་རོ། །སྐྱེས་བུས་བརྡ་བྱས་པ་ཡིན་ན་ནི་བྱེད་པོའི་ཁྱད་པར་གྱི་ཡང་འབྲས་བུ་འབྱིན་པར་རུང་སྟེ་སྔགས་བྱེད་པ་པོས་བྲམ་ཟེ་ཞེས་པའི་ཐ་སྙད་དང་ལྡན་པ་དེ་དག་གི་དོན་སྒྲུབ་པའི་སྔགས་སུ་བརྡ་བྱས་པ་ལ༷ས་དེས་ཇི་ལྟར་སྨོན་པ་ལྟར་འགྱུ༷ར་བའི་ཕྱིར་རོ། །དེ་ལྟ་མིན་པར་སྔགས་རྟག་པ་རྐྱེན་གྱིས་ཁྱ༷ད་པ༷ར་བྱ༷ར་མེད་པ་ཅ༷ན་ཡིན་ན༷་སྔགས་སྒྲུབ་པ་པོས་ལེགས་བྱས་སོགས་ཐབས་ཅི་ཞིག་བྱེད་ན༷ས་སྔགས་རྟག་པ་འབྲས་བུའི་བྱེད་པོར་འགྱུ༷ར་བར་བྱ་ནུས་ཏེ་ནམ་མཁའ་ལ་ཐབས་ཅི་བྱས་ཀྱང་མེ་ཏོག་སྐྱེ་བར་མི་ནུས་པ་བཞིན་ནོ།།
གཉིས་པ་སྔགས་སྒྲ་མངོན་པར་གསལ་ལ་མི་ལྟོས་པ།
གལ་ཏེ་མངོན་གསལ་སྦྱོར་ཡིན་ན། །དེ་ནི་གོང་དུ་བསལ་ཟིན་ཏོ།།གང་ལས་བློ་དེ་གསལ་ཡིན་ལ། །དེ་ནི་འབྲས་བུར་གལ་ཏེ་སྦྱོར།།སྨྲ་བ་པོ་གསལ་རྒྱུ་ཡིན་པས། །ཉན་པ་པོ་ཡང་འབྲས་འབྲེལ་འགྱུར།།མངོན་པར་གསལ་མིན་སྒྲ་དག་གི །བྱེད་པ་རྣམས་ཀྱི་སྦྱོར་བ་འམ།།ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །སྒྲ་ནི་རྣ་བའི་སྤྱོད་ཡུལ་ཡིན།།བརྒྱུད་པས་དེ་ལས་བསྐྱེད་ཉིད་ཕྱིར། །བློ་དེའང་གསལ་བ་ཡིན་ཞེ་ན།།གལ་ཏེ་དོན་ཅན་ཡིན་མི་འགྲུབ། །རྟོག་པའི་རྗེས་སུ་འགྲོ་ཕྱིར་རོ།།ག༷ལ་ཏེ་སྔགས་ཙམ་གྱིས་འབྲས་བུ་སྒྲུབ་པ་མིན་ཏེ་བྱེད་པ་ལྕེ་རྐན་སོགས་ཀྱིས་སྔགས་ཀྱི་སྒྲ་མངོན་པར་གས༷ལ་བ་དེ་འབྲས་བུ་ལ་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན༷། དེ་ནི་གོང་དུ༷་རྟག་པ་ལ་སྔར་མེད་ཕྱིས་གསལ་བ་ཡོད་པར་མི་འཐད་པར་རིགས་པས་བས༷ལ་ཟིན་ཏོ། །གཞན་ཡང་སྔགས་ཀྱི་སྒྲ་རང་མཚན་ག༷ང་ལ༷ས་དེའི་ཡུལ་ཅན་ཉན་ཤེས་ཀྱི་བློ་དེ་སྔགས་མངོན་པར་གས༷ལ་བ་ཞེས་བྱ་བ་ཡིན་ལ༷་དེ་ནི་ཞི་སོགས་ཀྱི་འབྲ༷ས་བུ༷ར་ག༷ལ་ཏེ་སྦྱོར་བར་བྱེད་པ་ཡིན་ན། སྨྲ༷་བ༷་པོ་བྲམ་ཟེ་ལྟ་བུ་ནི་སྔགས་གས༷ལ་བྱེད་ཀྱི་རྒྱུ༷་ཡིན་པ༷ས་སྨྲ་བ་པོ་རང་ལ་ཉན་ཤེས་སྐྱེས་པ་བཞིན་དུ་ཉ༷ན་པ༷་པོ་གདོལ་པ་ལྟ་བུ་ལ་ཡ༷ང་ཡོད་པས་ཉན་པ་པོ་དེ་སྔགས་དེའི་འབྲ༷ས་བུ་དང་འབྲེལ་ནས་ཐོས་པར་འགྱུ༷ར་ཏེ་སྔགས་སྒྲ་མངོན་པར་གསལ་བ་རྒྱུ་ཡིན་ལ་དེ་སྨྲ་ཉན་གཉིས་ཀར་ཁྱད་མེད་པའི་ཕྱིར་འབྲས་བུ་རྒྱུ་ཡི་རྗེས་སུ་མི་འགྲོ་བ་མི་སྲིད་དོ། །གཞན་ཡང་མངོན་པ༷ར་གས༷ལ་བ་མིན་པའི་སྒྲ༷་ད༷ག་གི་བྱེད་པ༷་ལྕེ་རྐན་ལ་སོགས་པ་རྣ༷མས་ཀྱི་སྦྱོར་བ༷་ཅན་ཤུབས་བཟླས་བྱས་པའ༷མ། བྱེད་པ་ལ་གཏན་མི་ལྟོས་པར་ཡིད་ཀྱི་བཟླ༷ས་པ༷་བྱས་པ་ནི་དོན་མེད་པར་འགྱུ༷ར་ཏེ། སྒྲ༷་ནི་རྣ་བ༷འི་ཤེས་པའི་སྤྱོད་ཡུ༷ལ་ཁོ་ན་ཡིན་པའི་ཕྱིར་དེ་མེད་པ་ནི་སྔགས་བཟླས་པར་མི་འགྱུར་རོ། །གལ་ཏེ་ཤུབས་བཟླས་སོགས་ལ་སྒྲ་དངོས་སུ་མེད་ཀྱང་བརྒྱུ༷ད་པ༷ས་ཡོད་དེ་སྒྲ་རང་མཚན་དེ་ལ༷ས་བསྐྱེད་པའི་བློ་ཡིན་པ་ཉིད་ཀྱི་ཕྱིར་ཡིད་ངོར་སྔགས་སྒྲར་སྣང་བའི་བློ་དེའ༷ང་སྔགས་གས༷ལ་བ༷་ཡིན་པས་དོན་ཡོད་པ་ཡིན་ནོ་ཞེ་ན༷། ག༷ལ་ཏེ་སྔགས་སྒྲར་སྣང་བ་ཡོད་དུ་ཆུག་ཀྱང་སྒྲ་རང་མཚན་གྱི་གཟུང་དོན་ཅ༷ན་གྱི་བློ་ཡིན་པར་མི་འགྲུ༷བ་སྟེ། རང་མཚན་མེད་ཀྱང་རང་གི་རྣམ་པར་རྟོག་པ༷འི་བག་ཆགས་སད་པའི་རྗེས་སུ༷་འགྲོ་བ་ཙམ་གྱི་དོན་སྤྱི་སྣང་བ་ཡིན་པའི་ཕྱིར་རོ། །ཡིན་ཡང་བརྒྱུད་ནས་སྐྱེས་པ་ཙམ་གྱིས་སྔགས་སུ་འགྱུར་ན་ཨགྣི་སྭཱཧཱ་ཞེས་པའི་སྔགས་བརྗོད་པ་ན་མེ་གསལ་འབར་གྱི་རྟོག་པ་སྐྱེས་པ་དེ་ཡང་སྔགས་སྒྲ་རང་མཚན་ལས་བརྒྱུད་ནས་སྐྱེས་པའི་ཕྱིར་སྔགས་སུ་འགྱུར་ཞིང་དེ་ལྟ་ན་སྔགས་ཀྱི་ཡུལ་ཅན་ཐུག་མེད་དུ་འགྱུར་རོ། །གལ་ཏེ་སྔགས་སྒྲ་ལས་བརྒྱུད་ནས་སྐྱེས་པ་ཡིན་ནོ་ཅོག་གི་བློ་སྔགས་མིན་ཡང་སྔགས་སྒྲ་དེའི་རྣམ་པ་ཅན་གྱི་བློ་ནི་སྔགས་སོ་སྙམ་ན། རྟོག་པ་དེ་སྒྲ་རང་མཚན་གྱི་ཡུལ་ཅན་དུ་མི་འགྲུབ་སྟེ། རང་མཚན་འགགས་ནས་མེད་པ་དང་མ་འོངས་པ་ལ་དམིགས་པའི་བློ་སྐྱེ་བ་བཞིན་དུ་ནང་གི་རྣམ་པར་རྟོག་པའི་བག་ཆགས་སད་པ་ཙམ་གྱི་བློ་ཡིན་པས་དེའི་ཡུལ་ལ་རང་མཚན་གང་ཡང་མི་འགྲུབ་སྟེ། རང་མཚན་ལ་ཡུལ་དུས་རང་བཞིན་མ་འདྲེས་པ་དགོས་པས་སོ།།
གཉིས་པ་རང་ལ་སྐྱོན་དེ་མི་མཚུངས་པའི་ཚུལ་ལ། ཡིད་བཟླས་སོགས་ཀྱང་སྔགས་སུ་འཐད་པའི་ཚུལ། །ཡི་གེའི་གོ་རིམ་བྱས་པ་ཅན་དུ་འགྲུབ། །དེས་ན་སྔགས་བྱེད་སྐྱེས་བུ་གྲུབ་པ་འོ། །དང་པོ།
རང་དང་སྤྱི་ཡི་རང་བཞིན་རྣམས། །ངོ་བོ་གཅིག་ཏུ་བརྗོད་འདོད་ནས།།བརྡ་བྱེད་རྣམས་ཀྱིས་བརྗོད་པའི་ཕྱིར། །མི་འགལ་དངོས་པོ་ལ་མ་ཡིན།།ཡིད་བཟླས་སོགས་སྔགས་སུ་མི་འཐད་པ་དེ་ཁྱོད་རང་ལའང་མཚུངས་སོ་ཞེ་ན་མི་མཚུངས་ཏེ།ར༷ང་མཚན་ད༷ང་རྟོག་ངོར་སྣང་བ་སྤྱི་ཡི་ར༷ང་བཞིན་རྣ༷མས་ཀུན་རྫོབ་བམ་རྟོག་པའི་བློས་སྣང་བརྟག་གཅིག་ཏུ་འདྲེས་པར་བཟུང་ཞིང་ངོ་བོ་གཅིག་ཏུ༷་ཞེན་པས་བརྗོད་པར་འདོད་ན༷ས་སྔགས་ཀྱི་བརྡ༷་བྱེད་པ་པོ་རྣ༷མས་ཀྱིས་དེ་ལ་སྔགས་སུ་བརྗོད་པ༷འི་ཕྱིར་ཟློ་བ་པོས་ཀྱང་སྣང་བརྟག་གཅིག་ཏུ་ཞེན་ནས་བཟླས་པ་ལས་ཤུབས་བཟླས་སོགས་ལའང་འབྲས་བུ་འབྱིན་པ་མི་འག༷ལ་ཏེ། སྣང་བརྟག་ཕྱེ་ནས་སྒྲ་རང་མཚན་གྱི་དངོས་པོ་ཁོ་ན་ལ༷་སྔགས་སུ་བྱིན་གྱིས་བརླབས་པ་མ༷་ཡིན་པའི་ཕྱིར་རོ། །གལ་ཏེ་རང་མཚན་ཁོ་ན་ལ་ཡིན་ན་ནི་རང་མཚན་སྐད་ཅིག་མ་ཡིན་པས་དེ་འགགས་ནས་བྱིན་རླབས་མི་འབྱུང་ལ་ཡུལ་དུས་ཀྱི་ཐ་དད་པས་ཐམས་ཅད་དུ་དོན་ཡོད་པར་མི་འགྱུར་རོ།།
གཉིས་པ་ཡི་གེའི་གོ་རིམ་བྱས་པ་ཅན་དུ་འགྲུབ།
གལ་ཏེ་གོ་རིམ་མེད་ན་ནི། །རོ་དང་མཚོ་ཞེས་ཐོས་པ་ལས།།འབྲས་ཐ་དད་མེད་འགྱུར་ཞེ་ན། །དེ་ནི་སྐྱེས་བུའི་རྟེན་ཅན་ཡོད།།ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེས་ལ་ཤེས་ལས་སྒྲ་སྐྱེ་འོ།།དེ་ཡི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན།།ཤེས་དེས་སྐྱེད་པའི་ཤེས་པ་ཅན། །དེ་ཐོས་མྱུར་མིན་ཐོས་པ་ཅན།།དེ་དྲན་པ་ལ་ལྟོས་ནས་ནི། །ཕྱིས་ནི་བདག་ཉིད་ལ་དྲན་བྱེད།།དེ་ནི་རྒྱུ་དང་འཛིན་སེམས་ཀྱི། །ཡིག་རྣམས་རྒྱུ་དང་འབྲས་བུ་ཡི།།56གོ་རིམ་དག་ནི་ཡིན་ཞེས་བརྗོད། །དེ་དག་སྐྱེས་བུས་བྱས་པ་ཉིད།།དེ་ཕྱིར་ཡི་གེའི་ངོ་བོ་དེ། །ཚིག་དང་ཚིག་ལས་57གཞན་ཉིད་དེ།།བྱེད་པོའི་འདུ་བྱེད་ལས་ཐ་དད། །ལྷན་ཅིག་འབྲས་བུས་ཁྱད་པར་བྱེད།།ཡི་གེ་རྣམས་ཀྱི་གོ་རིམ་དེའང༌། །སྤེལ་བར་བྱེད་ལ་58འཇུག་ཡིན་ཏེ།།འདོད་དང་མི་འགལ་གྲུབ་ཅན་གྱི། །གོ་རིམ་གནས་པ་འགལ་ཕྱིར་རོ།།སྐྱེས་བུ་དང་ནི་ཡི་གེ་རྣམས། །རྒྱུ་འབྲས་ཉིད་དུ་གྲུབ་པའི་ཕྱིར།།ཡི་གེའི་རིམ་ཀུན་སྐྱེས་བུ་ལས། །59མེ་དང་ཤིང་གི་རིགས་པ་བཞིན།།ག༷ལ་ཏེ་ཡི་གེ་ལས་གཞན་པའི་གོ་རིམ་མེད་ན༷་ནི་ར་སཿ ཞེས་པ་རོ་ད༷ང༌། ས་རཿ ཞེས་པ་མཚོ་ཞེས་པའི་མིང་ཐོས་པ༷་ལ༷ས་འབྲ༷ས་བུ་གོ་བྱ་གཅིག་ལས་ཐ༷་ད༷ད་མེད་པར་འགྱུ༷ར་ཏེ་ཡི་གེའི་ངོ་བོ་ནི་ས་དང་ར་ཙམ་ལས་ཐ་དད་མེད་ལ་གོ་རིམ་གཞན་དུ་མེད་པའི་ཕྱིར་རོ་ཞེ་ན༷། གོ་རིམ་མེད་ཅེས་སུ་ཞིག་གིས་སྨྲས་ཏེ་ཡི་གེ་ལ་སྐྱེས་བུས་མ་བྱས་པར་ངོ་བོས་གོ་རིམ་རྫས་སུ་མེད་ཅེས་སྨྲས་ཀྱི་བཏགས་པའི་གོ་རིམ་དེ་ནི་སྐྱེས་བུ༷འི་རྟེན་ཅ༷ན་དུ་ཡོད་དོ། །ཇི་ལྟར་ན་/ས་ཨ་དྲ་ཨཿ 60 ཞེས་གསལ་བྱེད་གཉིས་དང་དབྱངས་གཉིས་རྣམ་བཅད་དང་བཅས་པའི་ཡི་གེ་ལྔ་སྐྱེས་བུས་གོ་རིམ་བཞིན་དུ་བཀོད་པ་ན། ཡི་གེ་དེ་དག་གི་གོ་རིམ་ནི་གོ་རིམ་གང་ལྟར་བརྗོད་པའི་སྐྱེས་བུའི་ཀུ༷ན་སློང་གི་ཤེས་པ༷་ལ༷ས་སྐྱེས་པ་ཡིན་ཏེ་དེ་ཁོ་ན་ལ༷་རག་ལས་པའི་ཕྱིར་རོ། །དེ་ཡང་སྲ་དང་དེའི་སྲོག་གི་ཨ་ལ་དམིགས་པའི་བློ་དུས་མཉམ་དུ་སྐྱེ་ལ་དེའི་རྗེས་སུ་ར་སྲོག་ལྡན་དང་རྣམ་བཅད་བཅས་པར་དམིགས་པ་རིམ་བཞིན་སྐྱེ་བ་ན་སྔ་མ་སྔ་མའི་བློ་དེ་མ་ཐག་རྐྱེན་གྱིས་ཕྱི་མ་ཕྱི་མ་སྐྱེ་སྟེ་བརྡ་ལ་གོམས་པས་འབད་མེད་དུ་མྱུར་བར་སྐྱེ་བ་ཡིན་ཞིང་ཡི་གེ་རེ་རེ་ནས་ཀྱང་བརྗོད་འདོད་ཀྱི་ཀུན་སློང་མེད་ན་དེའི་འབྲས་བུ་ཡི་གེའི་ངག་ཡོད་པར་མི་འགྱུར་རོ། །དེ་ལྟར་ཀུན་སློང་གི་ཤེས་པ་དེ་ལ༷ས་ནི་བྱེད་པ་སོགས་བསྐུལ་བས་ངག་ཏུ་འབྱིན་པའི་སྒྲ༷་ཡང་ཀུན་སློང་གི་རིམ་པ་དང་མཚུངས་པར་སྐྱེའོ། །སྒྲ་རིམ་བཞིན་བརྗོད་པ་ན་ཡི་གེ་སྔ་མ་སྔ་མ་དེ་ཡི་ཁྱ༷ད་པ༷ར་དུ་བྱས་པ་ཅ༷ན་སྒྲ་ཕྱི་མ་ཕྱི་མ་དེ་ནི་དེ་ལྟར་རྣ༷་བའི་ཤེས་པ་གསལ་བ༷ས་ངེས་པ༷ར་ཏེ་གཟུང་བར་འགྱུ༷ར་བ༷་ཡིན་ལ། དེ་མ་ཐག་རྐྱེན་ཉན་ཤེས་སྔ་མ་དེས་བསྐྱེད་པ༷འི་ཤེས་པ༷་ཅ༷ན་ཡིན་པས་ཉན་ཤེས་ལ་སྣང་ཚུལ་ཐ་དད་པ་ཅན་ཡིན་ནོ། །སྒྲ་དེ་ཐོས་པ་ནའང་མིང་དང་རྣམ་དབྱེ་སོགས་ངེས་རུང་ཙམ་དུ་ཧ་ཅང་མྱུ༷ར་པོ་མིན་པར་ཐོས་པ༷་ཅ༷ན་གྱིས་གོ་རིམ་ཕྱེད་པར་འགྱུར་གྱི། སྒྲ་མྱུར་ཆེས་པ་འགའ་ཞིག་ལ་སླར་ཡང་དྲི་དགོས་པ་ནི་སྨྲ་པོས་རིམ་ཅན་དུ་བརྗོད་དུ་ཟིན་ཀྱང་ཉན་པ་པོས་ངེས་པ་མེད་པ་ལྟ་བུའོ། །དེ་ལྟར་སྒྲ་རིམ་ཅན་དུ་རྣ་ཤེས་ཀྱིས་ཐོས་པ་ན་སྔ་མ་སྔ་མ་དེ་མ་བརྗེད་པའི་དྲ༷ན་པ༷་ལ༷་ལྟོས་ན༷ས་ནི་ཕྱིས་སུ་ནི་སྒྲ་ཡི་རྣམ་པ་དེ་ཀུན་སྦྲེལ་ནས་དོན་གང་ཡིན་པ་གོ་བྱེད་ཀྱི་བརྡ་མིང་དང་ཚིག་དང་ངག་གི་བད༷ག་ཉིད་ལ༷་དམིགས་པའི་དྲ༷ན་པ་སྐྱེ་བར་བྱེད་པར་འགྱུར་བ་ཡིན་ནོ། །ཚུལ་དེ་ནི་རྒྱུ༷་ཀུན་སློང་ད༷ང་སྒྲ་རང་མཚན་དང་དེའི་དོན་སྤྱི་འཛིན་པའི་སེམས་སྐྱེ་བ་ཉིད་ཀྱི་གོ་རིམ་ཡིན་ལ། དེ་འདྲའི་གོ་རིམ་དེ་ནི་ཡིག་གེ་རྣ༷མས་ཀྱི་རྒྱུ༷་ད༷ང་འབྲ༷ས་བུ༷་ཡི་གོ་རིམ་ད༷ག་ནི་ཡིན་ཞེས་བརྗོད་དོ། །རྒྱུ་ཀུན་སློང་དང་འབྲས་བུའི་ཡི་གེའི་སྒྲའམ་རྒྱུ་ཡི་གེ་དང་འབྲས་བུ་མིང་ལ་སོགས་པར་བཀོད་པའི་གོ་རིམ་དེ་ལྟར་ཡིན་ནོ། །ཡང་ན། རྒྱུ་དང་འཛིན་སེམས་ཀྱི་དེ་ནི། །ཡིག་རྣམས་རྒྱུ་དང་འབྲས་བུ་ཡི། །ཞེས་འདོན་པའང་མཐོང་ངོ༌། །དེ་ལྟར་ཡི་གེའི་གོ་རིམ་དེ་ད༷ག་སྐྱེས་བུ༷ས་བྱ༷ས་པ༷་ཉིད་ཡིན་ལ། དེ་ཕྱིར་ས་དང་ར་ལྟ་བུའི་ཡི་གེའི་ངོ་བོ་དེ་ས་རཿ ལྟ་བུའི་ཚིག་ད༷ང༌། ར་སཿ ལྟ་བུའི་ཚིག་ལ༷ས་དོན་གཞ༷ན་དུ་འགྱུར་བ་ཉིད་དེ། བརྡ་བྱེད་པ་པོའི་རྟོག་པའི་འདུ༷་བྱེད་ཀྱི་དབང་ལ༷ས་གོ་རིམ་ཐ༷་ད༷ད་པར་ཡི་གེ་རྣམས་ལྷ༷ན་ཅིག་སྦྱར་ཚུལ་གྱིས་འབྲ༷ས་བུ༷ས་གོ་བྱ་རོ་དང་མཚོ་ལྟ་བུ་ཁྱ༷ད་པ༷ར་སོ་སོར་བྱེད་པ་ཡིན་ནོ། །དེས་ན་དོན་སོ་སོ་བ་གོ་བར་བྱེད་པའི་རྒྱུར་གྱུར་པ་ཡི་གེའང་ཐ་དད་ཡིན་མོད་རྣམ་པ་འདྲ་བས་ཡི་གེ་གཅིག་ཏུ་ཞེན་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ཡི་གེ་རྣ༷མས་ཀྱི་གོ་རིམ་སྣ་ཚོགས་པ་དེའ༷ང་སྐྱེས་བུས་ཇི་ལྟར་འདོད་པར་སྔར་མེད་གསར་དུ་སྤེལ་བ༷ར་བྱེད་པ་ལ༷་རྗེས་སུ་འཇུ༷ག་པ་ཅན་ནམ་རང་དབང་དུ་གྱུར་པ་ཡིན་ཏེ། སྐྱེས་བུས་ཇི་ལྟར་བརྗོད་པར་འདོད་པ་ད༷ང་མི་འག༷ལ་བར་བྱར་རུང་བར་གྲུ༷བ་པ་ཅ༷ན་གྱི་གོ་རིམ་མམ་གོ་རིམ་གྲུབ་པ་ཅན་ཡིན་ཏེ་བརྐྱང་སྐུམ་ལ་སོགས་པ་འདོད་པས་འཇུག་པ་བཞིན་ནོ། །དེས་ན་ཡི་གེ་རང་གི་ངོ་བོ་ལ་གོ་རིམ་གན༷ས་པ༷་མ་ཡིན་ཏེ། ཡིན་ན་སྐྱེས་བུའི་འདོད་པས་གང་འདོད་ཀྱི་གོ་རིམ་སྤེལ་དུ་ཡོད་པ་འག༷ལ་བའི་ཕྱིར་ཏེ་འདུས་བྱས་ཀྱི་དངོས་པོ་ཡུལ་གྱི་རི་ཕན་ཚུན་རིམ་པ་བརྗེ་བ་དང༌། ས་མྱུག་སྔ་ཕྱིར་བརྗེ་མི་བཏུབ་ན་རྟག་པའི་གོ་རིམ་ཡོད་པ་ལ་འདོད་པས་རྗེས་སུ་འཇུག་པ་དེ་རྣམ་པ་ཀུན་ཏུ་འགལ་བར་འགྱུར་རོ། །ཚུལ་དེའི་ཕྱིར་ན་སྐྱེས་བུ༷་ད༷ང་ནི་ཡི་གེ་རྣ༷མས་རྒྱུ༷་དང་འབྲ༷ས་བུ་ཉིད་དུ༷་གྲུ༷བ་པ༷འི་ཕྱིར། རིག་བྱེད་ལ་སོགས་པའི་ཡི་གེའི་རིམ་པ་ཀུ༷ན་ཀྱང་རྒྱུ་སྐྱེས་བུ༷་ལ༷ས་འབྱུང་བར་ངེས་ཏེ་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་གི་རིགས་པས་གྲུབ་པ་ནི། དཔེར་ན། མེ་ད༷ང་ཤིང་གི་རྒྱུ་འབྲས་གྲུབ་པའི་རིགས་པ༷་བཞིན་ནོ།།
གསུམ་པ་དེས་ན་སྔགས་བྱེད་སྐྱེས་བུ་གྲུབ་པ་ནི།
ཤེས་མཐུ་དག་གིས་སྔགས་ཞེས་པའི། །གོ་རིམ་བྱེད་ཚུལ་ཅན་སྐྱེས་བུ།།ཐུན་མོང་མིན་པ་ཉིད་གྲུབ་སྟེ། །གཞན་ལ་དེ་དག་མེད་ཕྱིར་རོ།།གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་འགའ་ཞིག་བྱེད་འགྱུར་བ།།དེ་དག་གིས་དེ་གཙོ་བོའི་མཐུ། །དེ་བཤད་རིགས་པ་འཇུག་ཕྱིར་རོ།།སྔགས་སྦྱོར་བ་དང་ཆོ་གའི་ཚུལ་སོགས་ཤེས་པའི་ཤེས་རབ་དང་སྔགས་བྱིན་གྱིས་རློབ་པ་བདེན་པའི་མཐུ༷་གྲུབ་པ་ད༷ག་གིས་སྔ༷གས་ཞེས་པ༷འི་མིང་ཅན་གྱི་ཡི་གེའི་གོ་རིམ་བྱེད་པའི་ངང་ཚུ༷ལ་ཅ༷ན་གྱི་སྐྱེས་བུ༷་དེ་ནི་སྐྱེས་བུ་གཞན་ལས་ཐུ༷ན་མོང་མིན་པ༷་ཉིད་ཙམ་དུ་ནི་གྲུ༷བ་སྟེ། གཞ༷ན་ཕལ་པ་ལ༷་ཚིག་ཙམ་སྦྱོར་ནུས་ཀྱང་དེ་འདྲའི་ཤེས་མཐུ་དེ་ད༷ག་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་ཀུན་གྱིས་ཀྱང་སྔགས་སྦྱོར་བར་འགྱུར་ཏེ་ཉེ་བར་མཁོ་བའི་ཕྱིར་རོ། །གོ་རིམ་དེ་སྐྱེས་བུས་བྱས་པ་མིན་ཡང་དེ་ལ་དེ་འདྲའི་ནུས་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་དུ་ཆུག་ནའང་ཕལ་པས་ནི་གོ་རིམ་འདི་ལ་ནུས་པ་འདི་ཡོད་དོ་སྙམ་དུ་ཤེས་པར་མི་འགྱུར་ཏེ་སྨན་དང་སྔགས་ཀྱི་ནུས་པ་ནི་གཞན་གྱིས་མ་བསྟན་པར་རང་གིས་ཇི་བཞིན་ངེས་མི་ནུས་པས་དེ་ལྟར་ཤེས་པ་ཡོད་ནའང་ཕལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་ཡོད་པར་འགྱུར་རོ། །ངོ་བོ་ཉིད་ཀྱི་གོ་རིམ་གྱིས་ལས་བྱེད་པའང་མིན་ཏེ་འགའ་ཞིག་གིས་མྱུར་དུ་གྲུབ་པ་དང༌། འགའ་ཞིག་འབད་ཀྱང་འབྲས་བུ་མྱུར་དུ་མི་བྱེད་པ་མཐོང་བས་ན་ངོ་བོས་གྲུབ་པ་ལ་ནི་དེ་འདྲའི་ཁྱད་པར་ཡོད་མི་རིགས་ཏེ་རྒྱུ་གཞན་ལ་ལྟོས་པ་མེད་པར་འབྱུང་དགོས་པས་སོ། །གལ་ཏེ་ཆོས་དང་ཆོས་མིན་འཕེལ་བའི་ཁྱད་པར་ལས་འབྲས་བུ་དེ་ལྟར་འབྱུང་ངོ་སྙམ་ན། དེ་ཁོ་ནར་མ་ངེས་ཏེ་མཁའ་འགྲོ་མའི་རྒྱུད་ལས་སྲོག་ཆགས་བསད་ནས་ཟོས་པ་ན་སྔགས་འགྲུབ་ཅེས་དང༌། དེ་བཞིན་དུ་སྲིང་མོའི་རྒྱུད་ལས་འཁྲིག་པ་སྤྱད་པ་དང༌། དུང་ཅན་མའི་རྒྱུད་ལས་རྐུ་བའི་སྤྱོད་པ་ལ་ཞུགས་ན་སྔགས་འགྲུབ་ཅེས་དམ་ཚིག་རྣམ་པར་གཞག་པའང་ཡོད་ལ། ཆོས་དང་འགལ་བ་དེ་དག་སྔགས་འགྲུབ་པའི་རྒྱུར་མི་འགྱུར་ནའང་དེ་དག་དེ་ལྟར་བྱམས་སོགས་ལས་བཟློག་སྟེ་རང་གི་དམ་ཚིག་གིས་གྲུབ་པ་ནི་སྔགས་བྱེད་པ་པོ་གཙོ་བོ་དེ་དང་སྐལ་བ་མཉམ་པའི་སྤྱོད་པ་ལ་ཞུགས་པའི་སྒྲུབ་པོ་ལ་དེས་རྗེས་སུ་འཛིན་པའི་དབང་གིས་གང་གི་དོན་དུ་སྔགས་སྦྱར་ཞིང་བརྡ་བྱས་པ་ལྟར་འབྲས་བུ་འབྱིན་པ་ཡིན་ནོ། །ཇི་ལྟར་ན་ཆོས་མ་ཡིན་པ་ལས་མངོན་པར་འདོད་པའི་འབྲས་བུ་འཐོབ་ཅེ་ན། འབྲས་བུ་ཐོབ་པ་དེ་ནི་ཆོས་མིན་དེའི་རྣམ་སྨིན་མ་ཡིན་ཏེ་མངོན་འདོད་ཀྱི་དོན་ཐོབ་པ་དེ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྔགས་དེ་ཡི་རྐྱེན་ལས་རྙེད་པ་སྟེ། དཔེར་ན་བྲམ་ཟེ་འདི་སོད་དང་ཁོ་བོས་ཡུལ་སྦྱིན་ནོ་ཞེས་སྨྲས་པའི་ལུང་དམ་ཚིག་དེ་ལ་ནན་ཏན་བྱས་ཏེ་བྲམ་ཟེ་བསད་པ་ན་དེའི་གྲོང་རྙེད་ཀྱང་དེ་བྲམ་ཟེ་བསད་པའི་རྣམ་སྨིན་གྱི་འབྲས་བུ་མིན་གྱི་ཕ་རོལ་པོའི་ངག་སྒྲུབ་པ་དེའི་ལྷན་ཅིག་བྱེད་པ་དང་རང་གི་ལས་ཀྱིས་ཡིན་པ་བཞིན་ནོ། །ཆོས་མིན་གྱི་སྔགས་ཀྱིས་གཞན་ལ་གནོད་པ་བྱས་པ་དང་བྲམ་ཟེ་བསད་པའི་རྣམ་སྨིན་ནི་མ་འོངས་པ་ན་དམྱལ་བ་ལ་སོགས་པ་མི་འདོད་པ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དངོས་པོ་རྣམས་ཀྱི་ཕན་འདོགས་པའི་ལྷན་ཅིག་བྱེད་པ་ནི་སྣ་ཚོགས་པར་གྱུར་པ་ཡིན་ནོ། །སྔགས་བྱས་ནའང་སྐྱེས་བུ་ཁྱད་པར་ཅན་ཡིན་པའི་ངེས་པ་མེད་དེ་ཤེས་མཐུ་དང་མི་ལྡན་པ་སྐྱེས་བུ་ཕལ་པ་འགའ་ཞིག་གིས་གསར་དུ་རང་གིས་བྱས་པའི་སྔགས་ཀྱིས་ཀྱང་ལས་བྱེད་པར་མཐོང་ངོ་སྙམ་དུ་ཁ་ཅིག་གིས་རྟོག་ན། ག༷ང་ཡ༷ང་ཐ་མལ་པ་ནམ་མཁའ་ལྡིང་ལ་སོགས་པའི་རྒྱུད༷་རིག་པའམ་ཤེས་པ་འག༷འ་ཞིག་གིས་སྔར་མེད་པའི་གས༷ང་སྔ༷གས་དུག་ཞི་བ་སོགས་འག༷འ་ཞིག་ད་ལྟ་ཡང་བྱེད་པར་འགྱུ༷ར་བ༷་ཡོད་ནའང༌། དེ་ད༷ག་གིས་བྱས་པའི་སྔགས་དེ་ནི་ནམ་མཁའ་ལྡིང་ལ་སོགས་པའི་ལྷ་ཁོ་རང་གིས་བསྒྲུབ་བྱའམ་བརྟེན་པ་གཙོ་བོའི་མཐུ༷་ཡིན་ཏེ། རྒྱུ་མཚན་གཙོ་བོ་དེས་བཤ༷ད་པའི་རིགས་པ༷་སྟེ་དམ་ཚིག་དང་མན་ངག་ལ་འཇུ༷ག་པར་བྱས་པ་ལས་གཙོ་བོ་དེའི་བྱིན་གྱི་རླབས་ལས་སྐྱེས་བུ་དེ་ཡང་སྔགས་བྱེད་པའི་ནུས་ལྡན་དུ་གྲུབ་པའི་ཕྱིར་རོ། །དེ་ལ་དམ་ཚིག་ནི་དཀྱིལ་འཁོར་དུ་འཇུག་པ་སོགས་གཞུང་དེར་བླང་དོར་དུ་བསྟན་པ་ལས་མི་འདའ་བ་ཡིན་ལ། མན་ངག་ནི་དེ་སྒྲུབ་པའི་ཐབས་ཀྱི་རིམ་པ་རྣམས་སོ། །དེ་དག་ལྷ་དེ་འགྲུབ་པ་ལ་འོས་ཤིང་འཐད་པ་ཡིན་པས་རིགས་པ་ཞེས་བྱ་སྟེ་བླང་བར་བྱ་བའི་མིང་ངོ༌། །དེས་ན་སྔགས་གསར་དུ་བྱེད་པ་པོ་དེའི་སྔགས་ལ་ནུས་པ་གྲུབ་ཕན་ཆད་ནུས་པ་ཇི་ཙམ་གྲུབ་པ་དེ་ཙམ་གྱིས་ཤེས་མཐུ་གྲུབ་པར་སོང་བས་ན། རྒྱུ་མཚན་དེ་ཙམ་ཁོ་ནས་ཕལ་པ་དང་འདྲ་བར་ཡང་མི་འགྱུར་བས་གོང་གི་གཏན་ཚིགས་མ་ངེས་པ་མིན་ནོ།།
གསུམ་པ་དེ་ཕྱིར་སྔགས་རྣམས་བྱས་པར་མཇུག་བསྡུ་བ།
འབྲས་བུ་འདོད་པས་སྔགས་རྣམས་ནི། །བྱས་དང་སྐྱེས་བུས་བྱས་བརྗོད་བྱ།།སྔགས་བསྒྲུབས་པ་ལས་འབྲ༷ས་བུ༷་ཡོད་པར་འདོད་པ༷ས་སྔ༷གས་རྣ༷མས་ནི་རྟག་པ་མིན་པར་རྐྱེན་གྱིས་བྱ༷ས་པ་ད༷ང༌། དེ་ཡང་སུས་བྱས་ན་ཤེས་མཐུ་ལྡན་པའི་སྐྱེས་བུ༷ས་བྱ༷ས་ཞེས་བརྗོད་པར་བྱ༷་སྟེ། གཞན་དུ་ན་སྔགས་ལས་འབྲས་བུ་འབྱུང་བ་མི་སྲིད་པར་འགྱུར་རོ།།
གཉིས་པ་རིགས་པ་དེས་སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་པར་འདོད་པ་བསལ་བར་བསྟན་པ་ལ། སེལ་ཚུལ་མདོར་བསྟན་རིགས་པ་གཞན་རྒྱས་བཤད། །དང་པོ་ནི།
སྐྱེས་བུ་ནུས་མེད་སྒྲུབ་བྱེད་ནི། །འདི་ཉིད་ཀྱིས་ནི་བསལ་བ་ཡིན།།རིག་བྱེད་པ་ལ་སོགས་པ་དག་གིས་སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་དེ་ལམ་པོ་ཆེའི་སྐྱེས་བུ་བཞིན་ནོ། །དེ་ཡང་སྔགས་སོ་སོའི་ནུས་པ་ནི་དབང་པོའི་ཡུལ་ལས་འདས་པ་ཡིན་པས་དེ་དག་མཐོང་ནུས་པའི་སྐྱེས་བུ་མེད་པའི་ཕྱིར་སྐྱེས་བུ༷་ལ་སྔགས་བྱེད་པའི་ནུ༷ས་པ་མེད་པར་སྒྲུ༷བ་པར་བྱེད་པ་ནི་སྔགས་རྣམས་སྐྱེས་བུ་ཁྱད་པར་བས་བྱས་པར་སྒྲུབ་པའི་རིགས་པ་འདི་ཉིད་ཀྱིས་ནི་བས༷ལ་བ༷་ཡིན་ནོ།།
གཉིས་པ་རིགས་པ་གཞན་རྒྱས་བཤད་ལ། ཕུལ་བྱུང་སྐྱེས་བུ་མེད་པའི་སྒྲུབ་བྱེད་མེད། །དེ་འདོད་གང་ལ་ཁས་ལེན་གནོད་པ་བརྗོད། །དང་པོ།
བློ་དབང་སྨྲ་དང་སྐྱེས་བུ་ཉིད། །ལ་སོགས་སྒྲུབ་བྱེད་གང་བརྗོད་པ།།ཚད་ལྟར་སྣང་ཡིན་ལྷག་ལྡན་པས། །ཇི་བཞིན་དོན་རྟོགས་ཡོད་མ་ཡིན།།བློ་དང་ལྡན་པའམ་དབ༷ང་པོ་དང་ལྡན་པ་དང༌། སྨྲ༷་བར་བྱེད་པ་ད༷ང༌། སྐྱེས་བུ༷་ཉིད་ཡིན་པ་དང༌། ལ༷་སོགས་པའི་སྒྲས་ལག་པ་དང་ལྡན་པ་སོགས་སྐྱེས་བུ་གཞན་ལ་ཡོད་པའི་ཆོས་རྟགས་སུ་བཀོད་ནས་སྐྱེས་བུ་དེ་ཕུལ་བྱུང་མིན་ཏེ་ལམ་པོ་ཆེའི་སྐྱེས་བུ་བཞིན་ཞེས་སྒྲུ༷བ་བྱེད་ག༷ང་བརྗོད་པ༷་ནི། གཏན་ཚིགས་མ་ངེས་པ་ཚ༷ད་མ་ལྟ༷ར་སྣ༷ང་བ་ཡིན་ཏེ་ལྡོག་ཁྱབ་ལ་ཐེ་ཚོམ་གྱི་ལྷ༷ག་མ་དང་ལྡ༷ན་པ༷ས་བསྒྲུབ་བྱ་ཇི་ལྟ་བ་བཞིན་གྱི་དོན་རྟོགས་པའམ་འགྲུབ་པ་ཡོད་པ་མ༷་ཡིན་ཏེ། བློ་དང་ལྡན་ཡང་ཕུལ་བྱུང་ཡིན་པར་དོགས་པ་མི་ཁེགས་སོ། །དེ་བཞིན་དུ་དབང་པོ་སོགས་ལའང་སྦྱར་རོ།།
གཉིས་པ་དེ་འདོད་གང་ལ་ཁས་ལེན་གནོད་པ་བརྗོད་པ་ལ། རིག་བྱེད་དོན་ངེས་གང་ཟག་མི་འཐད་དང༌། །རིག་བྱེད་དོན་དེ་གཅིག་ཏུ་ངེས་མེད་པ། །དེས་ན་ངེས་པ་མེད་པའི་མཇུག་བསྡུ་བའོ། །དང་པོ་ལ།
དངོས་དང་དེ་ཡི་སྒྲུབ་བྱེད་དགག་པའོ། །དང་པོ།སྒྲ་ནི་ཁོ་བོ་འདི་དོན་དང༌། །འདི་དོན་མིན་ཞེས་རྗོད་མི་བྱེད།།སྐྱེས་བུས་དོན་འདི་བརྟགས་པ་སྟེ། །དེ་ཡང་འདོད་ཆགས་ལ་སོགས་ལྡན།།དེ་གཅིག་དེ་ཉིད་རིག་གཞན་མིན། །ཁྱད་པར་ཡང་ནི་སུ་ཡིས་བྱས།།དེ་བཞིན་སྐྱེས་ཉིད་རྣམ་འགས་ཀྱང༌། །ཁྱེད་ཅི་ཤེས་ལྡན་འགའ་མི་འདོད།།རིག་བྱེད་ཀྱི་སྒྲ༷་ནི་ཁོ་བོ་61བརྗོད་བྱ་འདི་ཡི་དོན་ཡིན་པ་ད༷ང་འདི་ཡི་དོན་མིན་ནོ་ཞེས་རྗོད་པར་མི་བྱེད་ལ། རྒྱལ་དཔོགས་པ་སོགས་སྐྱེས་བུ༷ས་འདི་ཡི་དོན་འདི་ཡིན་ནོ་ཞེས་བརྟ༷གས་པ༷་སྟེ། དེ་ལྟ་ན་རྒྱལ་དཔོགས་པ་དེ་ཡ༷ང་འདོད་ཆ༷གས་ལ༷་སོགས་པ་དང་ལྡ༷ན་པ་ཡིན་གྱི་ཕུལ་བྱུང་མིན་ཏེ་སྐྱེས་བུར་འདྲ་བས་སོ། །དེས་ན་རྒྱལ་དཔོགས་པ་དེ་གཅིག་པུ་རིག་བྱེད་ཀྱི་དེ་ཉིད་རིག་པ་ཡིན་ལ་གཞ༷ན་མིན་པའི་ཁྱ༷ད་པ༷ར་ཡ༷ང་ནི་རྒྱུ་མཚན་སུ༷་ཡིས་བྱ༷ས་ཏེ་ཁྱད་མེད་དོ། །གལ་ཏེ་རྒྱལ་དཔོགས་པས་ཤེས་ནུས་ན་དེ་བཞིན་དུ་གཞན་གྱིས་ཀྱང་ཤེས་སྲིད་པ་ལ་སྐྱེས་བུ་ཉིད་ཡིན་པ་དང་སྨྲ་བ་ལ་སོགས་པའི་རྒྱུ་མཚན་འདྲ་བའི་རྣ༷མ་པ་འག༷ས་ཀྱ༷ང་ཁྱེད་ཀྱིས་ཅི་ཞིག་གིས་ན་སྐྱེས་བུ་ཡིན་ཚད་ལ་དབང་འདས་ཀྱི་དོན་ཤེས་པ་དང་ལྡ༷ན་པ་འག༷འ་མི་འདོད་པ་ཡིན་ཏེ་དེ་དག་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ།།
གཉིས་པ་རིག་བྱེད་དོན་ངེས་གང་ཟག་མི་འཐད་པའི་སྒྲུབ་བྱེད་དགག་པ་།
གལ་ཏེ་གང་ཚིག་ཚད་མ་ཡིས། །མི་སླུ་དེ་དོན་རིག་ཡིན་ན།།ཤིན་ཏུ་ལྐོག་ཏུ་གྱུར་རྣམས་ལ། །ཚད་མ་ཡོད་པ་སྲིད་མ་ཡིན།།གང་གི་ཚིག་ནི་ཚད་མ་ཡིས། །མི་སླུ་དེ་ཡིས་བྱས་པའི་ཚིག།62དེ་ལུང་ཞེས་ཐོབ་དེ་ཡི་ཕྱིར། །སྐྱེས་བུས་བྱས་མིན་དོན་མེད་ཡིན།།གལ་ཏེ་ཤིན་ཏུ་ལྐོག་གྱུར་དོན། །ལུང་མེད་པར་ནི་ཤེས་སྲིད་ན།།དབང་པོ་ལས་འདས་དོན་རིག་འགའ། །ཡོད་དོ་ཞེས་ནི་མངོན་འདོད་འགྱུར།།ཕ་རོལ་པོ་ན་རེ། ག༷ལ་ཏེ་རིག་བྱེད་འཆད་པ་མང་ཡང་རྒྱལ་དཔོགས་པ་ལྟ་བུ་ག༷ང་གི་ཚིག་མངོན་རྗེས་ཀྱི་ཚ༷ད་མ༷་ཡིས་མི་སླུ༷་བར་མཐོང་བ་དེ་རིག་བྱེད་ཀྱི་དོན་མ་ནོར་བར་རིག་པ་ཡིན་ནོ་ཞེ་ན༷། རིགས་པས་གཅོད་ནུས་པ་ལ་ཡིན་དུ་ཆུག་ཀྱང་ཆོས་ལས་མཐོ་རིས་ཐོབ་པ་ལྟ་བུ་ཤིན་ཏུ༷་ལྐོག་ཏུ༷་གྱུ༷ར་པའི་དོན་རྣ༷མས་ལ༷་དེའི་ངག་མི་སླུ་བར་ངེས་བྱེད་ཀྱི་ཚ༷ད་མ༷་ཡོད་པ༷་སྲིད་པ་མ༷་ཡིན་ན་རྒྱལ་དཔོགས་པ་ལ་སོགས་པ་དེས་རིག་བྱེད་ཀྱི་དོན་མ་ནོར་བར་བཤད་ཅེས་གང་གིས་ངེས་ཏེ། དབང་པོ་ལས་འདས་པའི་དོན་ལ་ནི་རང་གིས་ཀྱང་གཅོད་མི་ནུས་རྒྱལ་དཔོགས་པས་ཀྱང་མི་ནུས་པར་འདྲ་བའི་ཕྱིར། གཞན་ཡང་སྐྱེས་བུ་ག༷ང་གི་ཚིག་ནི་ཚ༷ད་མ༷་ཡིས་མི་སླུ༷་བར་གྲུབ་པ་དེ་ཡིས་བྱ༷ས་པ༷འི་ཚིག་དེ་ནི་ལུ༷ང་ཡིན་ནོ་ཞེས་དོན་གྱིས་ཐོབ་པ་དེ་ཡི་ཕྱིར་སྐྱེས་བུ༷ས་བྱ༷ས་པ་མིན་པའི་ངག་ལུང་ཚད་མར་འདོད་པ་དོན་མེད་པ་ཡིན་ནོ། །ག༷ལ་ཏེ་ཤིན་ཏུ༷་ལྐོག་གྱུ༷ར་གྱི་དོན་ལུ༷ང་ལ་བརྟེན་པ་མེད་པ༷ར་ནི་རང་ཉིད་ཀྱིས་ཤེས་པའི་སྐྱེས་བུ་ཡོད་སྲིད་ན༷། ཐ་མལ་གྱི་དབ༷ང་པོ་ལ༷ས་འད༷ས་པའི་དོན་རིག་པའི་སྐྱེས་བུ་འག༷འ་ཡོད་དོ་ཞེས་ནི་མངོན་པར་འདོད་དགོས་པར་འགྱུ༷ར་རོ།།
གཉིས་པ་རིག་བྱེད་ཀྱི་དོན་གཅིག་ཏུ་མ་ངེས་པར་སྟོན་པ་ལ། དངོས་དང་དེ་ཡི་སྒྲུབ་བྱེད་དགག་པ་གཉིས། །དང་པོ།
བདག་ཉིད་འདོད་ཆགས་སོགས་ལྡན་པའམ། །གཞན་ལས་རིག་བྱེད་དོན་རིག་མིན།།རིག་བྱེད་རིག་པར་63བྱེད་མིན་ན། །རིག་བྱེད་དོན་ནི་གང་ལས་རྟོགས།།དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལས།།64ཁྱི་ཤ་ཟ་ཞེས་བྱ་བ་དེ། །དོན་མིན་ཞེས་འདི་ཚད་མ་གང༌།།རིག་བྱེད་ཀྱི་བསྟན་དོན་ནི་འདིའོ་ཞེས་ནམ་ཡང་ངེས་པ་མི་སྲིད་པར་ཐལ་ཏེ། རྒྱལ་དཔོགས་པ་སོགས་བད༷ག་ཉིད་ནི་འདོད་ཆ༷གས་དང་དབང་པོ་སོགས་དང་ལྡ༷ན་པ༷་ཡིན་པས་དོན་མཐའ་དག་མི་ཤེས་པའ༷མ། སྐྱེས་བུ་གཞན་ཡང་དེ་དང་འདྲ་བས་ན་གཞ༷ན་ལ༷ས་ཀྱང་རིག་བྱེད་ཀྱི་དོན་ཚུལ་བཞིན་རིག་པ་ཉིད་འགྱུར་བ་མིན་ལ། རིག་བྱེད་རང་གིས་ཀྱང་ཀྱེ་ཚུར་ཤོག་ཁོ་བོའི་དོན་འདི་ཡིན་ནོ་ཞེས་རིག་པ༷ར་བྱེད་པ་མིན་ན༷། རིག་བྱེད་ཀྱི་དོན་ནི་མཐའ་གཅིག་ཏུ་འདི་ཡིན་ཞེས་རྒྱུ་ག༷ང་ལ༷ས་རྟོགས་ཏེ་རྟོགས་པར་མི་སྲིད་དོ། །རྒྱུ་མཚན་དེས་ན༷་རིག་བྱེད་ན་ཨགྣི་ཧོ་དྲ་ཛྷེ་ཧོ་ཡ་ཞེས་པའི་སྒྲ་དེ་མཐོ་རིས་འདོད་པས་མེ་ལ༷་སྦྱིན་སྲེག་སྦྱིན་ཞེས་པའི་དོན་ཅན་ཡིན་པར་རིག་བྱེད་པས་ཐོས་པ༷་ལ༷ས་གཞན་ཁྱི་ཤ༷་ཟ༷་བར་བྱའོ་ཞེས་བྱ༷་བ༷་དེ་རིག་བྱེད་ཀྱི་དོན་མིན་ཞེས་པ་འདི་ལ་དེ་ལྟར་ངེས་པའི་ཚ༷ད་མ༷་ག༷ང་ཡོད་དེ་ཅི་ཡང་མེད་པ་འགྱུར་ཏེ། ཨགྣི་མེ་དང་ཧོ་དྲ་སྦྱིན་སྲེག་དང་ཛྷེ་ཧོ་ཡ་མཆོད་སྦྱིན་གྱི་དོན་ཡིན་ཞེས་རིག་བྱེད་པས་བརྟགས་ཀྱང༌། སྐད་ཀྱི་བྱིངས་ཨགེ་ག་ཏེ་ཞེས་པ་མེ་དང་ཁྱི་ལའང་འཇུག་ཅིང༌། ཧོ་ཡི་སྒྲ་ལས་དྲངས་ན་བཟའ་བ་ལའང་འཇུག་པས་ཁྱི་ཤ་སྦྱིན་པ་ཟ་ཞེས་པ་ལའང་འཇུག་མི་རུང་བ་མེད་ཅིང༌། ཡུལ་འདི་ན་མེ་ཡི་མིང་དུ་གྲགས་པ་གང་ཡིན་པ་ཡུལ་གཞན་དང་གཞན་ན་གཞན་གྱི་མིང་དུ་གྲགས་པའང་ཡོད་པས་ན་རིག་བྱེད་ཀྱི་མིང་དེ་འདི་ཁོ་ན་ལ་ངེས་
སོ་ཞེས་པ་ལ་ཚད་མ་གང་ཡང་མེད་དོ།།
གཉིས་པ་རིག་བྱེད་ཀྱི་དོན་གཅིག་ཏུ་མ་ངེས་པའི་སྒྲུབ་བྱེད་དགག་པ་ལ། རིག་བྱེད་དོན་ནི་གྲགས་པས་ངེས་པ་དགག །རིག་བྱེད་རང་གིས་སྨྲས་པས་ངེས་པ་དགག །རང་བཞིན་གྱིས་ནི་ངེས་པ་དགག་པ་འོ། །དང་པོ་ལ། རང་གི་ཁས་ལེན་རྣམས་དང་འགལ་བའི་ཚུལ། །གྲགས་པས་མཐའ་གཅིག་ངེས་པ་མི་འགྲུབ་པའོ། །དང་པོ་ལ། འགལ་བ་སྟོན་དང་དེ་ཡི་ལན་དགག་པའོ། །དང་པོ།
འཇིག་རྟེན་ཚིག་རབ་གྲགས་ཤེ་ན། །དེ་ལ་སྣ་ཚོགས་དོན་ཅན་སྒྲ།།65གང་གི་66དོན་འདི་རྣམ་དབྱེ་བ། །དབང་པོ་ལས་འདས་དོན་མཐོང་གང༌།།གྲགས་མིན་དོན་བརྗོད་མཐོ་རིས་གང༌། །ལྷ་མོ་ལ་སོགས་སྒྲ་མཐོང་ངོ༌།།དེ་འདྲའི་སྒྲ་གཞན་དག་ལ་ནི། །དེ་འདྲའི་རྣམ་རྟོག་ཉིད་དུ་འགྱུར།།གྲགས་པ་དག་ཀྱང་མི་རྣམས་ཚིག །དེ་ཡང་ཚད་མར་མི་འདོད་ན།།སླར་ཡང་དེ་ལས་དོན་རྟོགས་པ། །སྡང་འདོད་འདི་ནི་ཅི་ཞིག་ཡིན།།རིག་བྱེད་ཀྱི་དོན་མེ་ལ་སྦྱིན་སྲེག་བྱ་བ་ལ་སོགས་པ་དེ་ལྟར་ངེས་ཏེ་འཇིག་རྟེན་ན་ཚིག་དེ་ལྟར་ར༷བ་ཏུ་གྲ༷གས་པས་སོ་ཤེ་ན༷། འཇིག་རྟེན་གྱི་གྲགས་པ་དེ་ལ༷་ཡང་མཐའ་གཅིག་ཏུ་ངེས་པ་མེད་པར་སྣ་ཚོགས་པའི་དོན་ཅ༷ན་གྱི་སྒྲ༷་ཡོད་པ་ཡིན་ཏེ། ཡུལ་ཐ་དད་ཀྱི་སྐད་ཀྱི་དབང་གིས་མེ་ལྟ་བུ་གཅིག་གི་སྒྲ་ཡང་དོན་སྣ་ཚོགས་ལ་འཇུག་པར་མཐོང་ན་དེ་ཐམས་ཅད་འཇིག་རྟེན་ན་གྲགས་པ་ལ་ཁྱད་མེད་པའི་ཕྱིར་གྲགས་པ་གཅིག་ཁོ་ན་ཚད་མར་མི་འགྲུབ་ལ། ཡུལ་གཅིག་ལ་གྲགས་པའི་དབང་དུ་བྱས་ཀྱང་གོཿ ལ་སོགས་པ་བཞིན་དུ་སྒྲ་གཅིག་དོན་མང་དང༌། མེ་དང་སེངྒེ་ལྟ་བུ་ཡང་སྐྱེས་བུའི་མིང་དུ་འཇུག་པ་སོགས་མཐའ་གཅིག་ཏུ་ངེས་པ་མེད་དོ། །དེས་ན་དེ་ལྟར་མིང་གཅིག་ལའང་བརྗོད་དོན་སྣ་ཚོགས་སུ་ཡོད་པ་ལས། རིག་བྱེད་དུ་བསྟན་པའི་མིང་ག༷ང་གི་དོན་ནི་འདི་ཁོ་ནའོ་ཞེས་རྣ༷མ་པར་དབྱེ་བ༷་ཐ་དད་དུ་བྱེད་ནུས་པ་དབ༷ང་པོ་ལ༷ས་འད༷ས་པའི་དོན་མཐོང་བའི་སྐྱེས་བུ་ག༷ང་ཡིན་ཏེ་ཁྱོད་ཀྱི་ལུགས་ལ་དེ་མི་འདོད་པའི་ཕྱིར་རོ།།གཞན་ཡང་ཡོངས་སུ་གྲ༷གས་པ་མིན་པའི་དོན་བརྗོད་པ་འཁྲིག་པ་ལ་མཐོ་རིས་ཞེས་པ་ག༷ང་དང༌། ལྷ་མོ་ཞེས་པ་གཙུབ་ཤིང་ངམ་སྣོད་ཀྱི་མིང་དུ་བརྗོད་པ་དང༌། ལ༷་སོགས་པའི་སྒྲས་མཆོད་སྦྱིན་བྱ་བའི་མཆོད་སྡོང་ལ་བྷ་ར་ཏ་ཞེས་དང༌། གཞན་ཡང་དགའ་བའི་ཚལ་ལ་སོགས་པའང་གཞན་གྱི་དོན་ཅན་དུ་བཤད་པའི་སྒྲ༷་དུ་མ་མཐོང་ངོ༌། །དེ་དག་འཇིག་རྟེན་ན་ཡོངས་སུ་གྲགས་པ་མ་ཡིན་ཏེ། འཇིག་རྟེན་ན་ལེགས་བྱས་ཀྱི་ལས་ཀྱིས་བསྒྲུབས་པའི་ལུས་དང་གནས་དང་ཡོ་བྱད་མངོན་པར་མཐོ་བ་ལ་མཐོ་རིས་ཞེས་དང༌། ལྷ་རྣམས་ཀྱི་རིགས་ལས་བྱུང་བའི་མོ་ཡི་རྟགས་དང་ལྡན་པ་ལ་ལྷ་མོ་ལ་སོགས་པར་གྲགས་པ་ཡིན་ནོ།།དེས་ན་ཡོངས་སུ་གྲགས་པ་སྦྱིན་སྲེག་དང་མཐོ་རིས་སོགས་དེ་འདྲ༷འི་སྒྲ༷་གཞ༷ན་ད༷ག་ལ༷་ནི་ཁྱི་ཤ་ཟ་བ་དང་འཁྲིག་པ་ལ་སོགས་དེ་འདྲ༷འི་རྣ༷མ་རྟོག་གཞན་སྐྱེ་བ་ཉིད་དུ༷་འགྱུ༷ར་རོ། །གཞན་ཡང་འཇིག་རྟེན་ན་གྲ༷གས་པ༷་ཞེས་བྱ་བ་ད༷ག་ཀྱ༷ང་མི་རྣ༷མས་ཀྱི་ཚིག་ཡིན་པས་དེ་ཡ༷ང་ཁྱོད་ལྟར་ན་ཚ༷ད་མ༷ར་མི་འདོད་པ་ཡིན་ན༷། སླ༷ར་ཡ༷ང་གྲགས་པ་དེ་ལ༷ས་རིག་བྱེད་ཀྱི་དོན་རྟོགས་པར་འདོད་པ༷་མཚར་ཏེ། རེས་སྐྱེས་བུའི་ཚིག་ལ་སྐྱོན་དུ་བལྟས་ནས་སྡང༷་བ་དང༌། རེས་ཡོན་ཏན་དུ་བལྟས་ནས་འདོད་པ་འདི་ནི་ཅི་ཞིག་ཡིན་ཏེ་མཚར་རོ།།
གཉིས་པ་རང་གི་ཁས་ལེན་རྣམས་དང་འགལ་བའི་ཚུལ་དགག་པ་ནི།
གལ་ཏེ་གྲགས་པ་ལས་འགལ་བའི། །རྟོགས་ལ་རྒྱུ་ཅི་ཡོད་ཅེ་ན།།རབ་གྲགས་ཚད་མ་ཉིད་མིན་ཕྱིར། །དེར་འཛིན་པ་ལ་རྒྱུ་ཅི་ཡོད།།ག༷ལ་ཏེ་འཇིག་རྟེན་ན་གྲ༷གས་པ༷་ལྟར་ཨགྣི་སོགས་ཀྱི་དོན་མེ་ལ་སྦྱིན་སྲེག་བྱ་བ་སོགས་ལ༷ས་འག༷ལ་བ༷འི་དོན་ཁྱི་ཤ་ཟ་བ་སོགས་སུ་རྟོགས་པ་ལ༷་རྒྱུ༷་མཚན་ཅི་ཡོད་དེ། དེས་ན་དེ་ལྟར་རྟོགས་པར་མི་བྱ་བ་འདོད་དོ་ཅེ་ན༷།འཇིག་རྟེན་ན་ར༷བ་ཏུ་གྲ༷གས་པ་ཡང་སྐྱེས་བུའི་ཚིག་ཡིན་པས་ན་ཚ༷ད་མ༷་ཉིད་མིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་གྲགས་པ་ལྟར་དོན་དེར་ངེས་པར་འཛིན་པ༷་ལ༷་ཡང་བདེན་པའམ་ངེས་པའི་རྒྱུ༷་ཅི་ཞིག་ཡོད་དེ་མེད་པར་འགྱུར་རོ།།
གཉིས་པ་གྲགས་པས་མཐའ་གཅིག་ཏུ་ངེས་པ་མི་འགྲུབ་
པའི་ཚུལ་ནི།གྲགས་པ་ཉིད་ཀྱི་སྒྲ་དོན་གྱི། །ངེས་ལ་དོགས་པ་བསྐྱེད་པ་ནི།།གང་ཕྱིར་དེ་ལ་སྒྲ་རྣམས་དོན། །སྣ་ཚོགས་འཇུག་པ་ཅན་ཉིད་མཐོང༌།།
ངེས་བྱེད་མ་མཐོང་བ་དག་གིས། །སྣ་ཚོགས་ནུས་ཅན་སྒྲ་རང་ཉིད།།ངེས་པར་དོགས་པ་འགྱུར་བ་སྟེ། །གཞན་དུ་མི་སྲིད་མེད་ཕྱིར་རོ།།དེ་ལྟར་འཇིག་རྟེན་ན་གྲགས་སོ་ཞེས་བསྒྲུབ་ཀྱང་མཐའ་གཅིག་ཏུ་དེ་ལྟར་ངེས་པར་སྒྲུབ་མི་ནུས་ཏེ། འཇིག་རྟེན་རང་ལ་གྲ༷གས་པ༷་ཉིད་ཀྱི་ཨགྣི་སོགས་ཀྱི་སྒྲ༷་འདི་མེ་ལ་སོགས་པའི་དོན་གྱི་རྗོད་བྱེད་དུ་ངེས་པ་ལ༷་མཐའ་གཞན་དུ་དོགས་པ༷་བསྐྱེད་པ༷་ནི། གྲགས་པ་རང་ལས་མཐོང་སྟེ་རྒྱུ་མཚན་ག༷ང་གི་ཕྱིར་ཞེ་ན། འཇིག་རྟེན་རང་གི་གྲགས་པ་དེ་ལ༷་ཡང་ཨགྣི་ལ་སོགས་པའི་སྒྲ༷་རྣ༷མས་མེ་ལ་སོགས་པ་ལས་གཞན་དུ་གྱུར་པའི་དོན་རྣམ་པ་སྣ་ཚོགས་ལ་འཇུ༷ག་པ༷་ཅ༷ན་ཉིད་དུ་མཐོང་སྟེ་བློ་རྣོ་བ་དང་གཟི་བརྗིད་ཆེ་བ་སོགས་ལའང་མེ་ཞེས་གྲགས་པ་སོགས་སྣ་ཚོགས་ཡོད་པའི་ཕྱིར་རོ། །དེས་ན་སྒྲ་གཅིག་དོན་གཅིག་གི་རྗོད་བྱེད་དུ་ངེས་པར་བྱེད་པའི་ཚད་མ་མ༷་མཐོང་བ༷་ད༷ག་གིས་དོན་སྣ་ཚོགས་སྟོན་པའི་ནུ༷ས་པ་ཅ༷ན་གྱི་སྒྲ༷་ཨགྣི་ལྟ་བུ་ལ་སོགས་པ་ར༷ང་ཉིད་མེ་ཁོ་ནའི་དོན་སྟོན་བྱེད་དུ་ངེས་པ༷ར་གྱུར་པ་ལ་དོགས་པ༷འམ་ཐེ་ཚོམ་སྐྱེ་བར་འགྱུ༷ར་བ༷་སྟེ། རྒྱུ་མཚན་གང་གིས་ན། རང་གིས་ཇི་ལྟར་བཅད་པའི་དོན་དེ་ལས་གཞན་དུ་མིང་དེ་མི་སྲིད་པར་སྒྲུབ་ནུས་ཀྱི་ཚད་མ་མེད་པས་གཞ༷ན་ལ༷་མི་སྲིད་པ་མེད་པའམ་སྲིད་པར་འགྱུར་བའི་ཕྱིར་རོ།།
གཉིས་པ་རིག་བྱེད་རང་སྨྲས་དགག་པ་ལ། རིག་བྱེད་རང་གིས་སྨྲས་པ་མི་སྲིད་ལ། །སྐྱེས་བུས་སྨྲས་ཀྱང་དོན་ངེས་མེད་པ་འོ། །དང་པོ།
འགའ་ཞིག་ལམ་ནི་འདི་ཡིན་ཞེས། །སྡོང་དུམ་འདི་ནི་སྨྲ་འགྱུར་ཞེས།།གཞན་ནི་བདག་ཉིད་སྨྲ་དེ་ལྟར། །དེ་དག་བྱེ་བྲག་བརྟག་པར་གྱིས།།གལ་ཏེ་རྒྱལ་དཔོགས་པ་ལ་རིག་བྱེད་རང་གིས་སྨྲས་སོ་ཞེ་ན་མི་སྲིད་དེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་དྲིས་པ་ན་མི་གཡོ་ཅན་རྫུན་པ་འག༷འ་ཞིག་ན་རེ། ཁོ་བོས་མི་ཤེས་ཀྱི་ལ༷མ་ནི་འདི་ཡིན་ཞེས་སྡོང་དུ༷མ་འདི་ནི་དེ་སྐད་དུ་སྨྲ༷་བར་འགྱུ༷ར་རོ་ཞེས་བརྗོད་པ་དང༌། སྐྱེས་བུ་རྫུན་མེད་པ་གཞ༷ན་དག་ནི་ལམ་འདི་ཡིན་པར་བད༷ག་ཉིད་སྨྲའོ་ཞེས་བརྗོད་པ་ན་མི་བློ་གྲོས་ཅན་རྣམས་ཀྱིས་སྔ་མ་དེ་ནི་རྫུན་པོ་ཆེ་སྟེ་སྨྲ༷་བའི་དོན་བྱེད་པས་སྟོང་པ་སྡོང་དུམ་ལ་སྙད་བཏགས་པ་ཙམ་དུ་ཟད་དོ་ཞེས་ཤེས་པ་དེ་ལྟ༷ར་རྒྱལ་དཔོགས་པ་རང་ལ་རིག་བྱེད་འདིས་དེ་ལྟར་སྨྲ་བའམ་བསྟན་ཏོ་ཞེས་དང༌། རྒྱལ་དཔོགས་པ་རང་གིས་འདི་ལྟར་སྨྲས་པ་ཡིན་ནོ་ཞེས་བརྗོད་པ་དེ་ད༷ག་གི་བྱེ་བྲ༷ག་ཀྱང་བརྟ༷ག་པ༷ར་གྱིས་དང༌། རིག་བྱེད་རང་གིས་སྨྲ་ན་རྒྱལ་དཔོགས་པར་མ་ཟད་སུ་ལའང་སྨྲ་དགོས་ན་དེ་རྣམ་པ་ཀུན་ཏུ་མི་སྲིད་པས་ན་ཚིག་དེས་བློ་གྲོས་ཅན་དྲང་བར་མི་ནུས་ཀྱང་བླུན་པོ་ཁ་ཅིག་སྡོང་དུམ་ལམ་སྟོན་པ་པོར་འཛིན་པ་ལྟར། རྒྱལ་དཔོགས་པ་ལ་རིག་བྱེད་རང་གིས་སྨྲས་སོ་ཞེས་འཛིན་པའང་དེ་དང་འདྲའོ།།
གཉིས་པ་སྐྱེས་བུས་སྨྲས་ཀྱང་དོན་ངེས་མེད་པ་།
ཐམས་ཅད་ལ་རུང་དོན་གཅིག་གི །གསལ་བྱེད་ངེས་པ་གང་ལས་ཡིན།།བརྗོད་འདོད་ངེས་པ་མ་གཏོགས་པ། །གང་གིས་དབང་པོ་ལས་འདས་ཤེས།།བརྗོད་འདོད་ངེས་པའི་རྒྱུ་ཡིན་ཞིང༌། །བརྡ་ནི་དེ་ཡི་གསལ་བྱེད་ཡིན།།དེ་ནི་སྐྱེས་མིན་ལ་མེད་ན། །དེ་དོན་གཅིག་ཅན་དེ་གང་ལས།།རིག་བྱེད་རང་ལས་ངེས་པ་མི་སྲིད་པས་སྐྱེས་བུས་ངེས་སོ་ཞེ་ནའང༌། དོན་ཐ༷མས་ཅ༷ད་ལ༷་རྗོད་བྱེད་དུ་རུ༷ང་བའི་སྒྲ་དེ་དག་རིག་བྱེད་པ་རང་གིས་འདོད་པའི་དོན་གཅིག་གི་གས༷ལ་བྱེད་དུ་ངེས་པ༷་རྒྱུ་མཚན་ག༷ང་ལ༷ས་ཡིན་ཏེ། སྒྲ་རྣམས་ནི་སྐྱེས་བུའི་བརྗོད་འདོད་ཀྱི་དབང་གིས་དོན་དེ་ངེས་པ༷་ལྟར་བྱས་པ་འདི་མ༷་གཏོགས་པ༷་སྐྱེས་བུས་མ་བྱས་པའི་སྒྲ་དོན་གྱི་ངེས་པ་ནི་དབང་པོ་ལས་འདས་པས་སམ། སྒྲ་ལ་དོན་དུ་མ་ཡོད་པའི་ནང་ནས་འདི་ཁོ་ནའོ་ཞེས་ག༷ང་ཟག་གིས་དབ༷ང་པོ་ལ༷ས་འད༷ས་པའི་དོན་དེ་ཤེས་ནས་འདི་ཁོ་ནར་ངེས་ཞེས་སྟོན་པ་ག་ལ་ཡོད་དེ། ཁྱོད་ཀྱིས་དབང་འདས་ཀྱི་དོན་མཐོང་བའི་སྐྱེས་བུ་མེད་པར་ཁས་བླངས་པས་སོ། །སྐྱེས་བུས་དོན་འདི་ལ་མིང་འདི་གདགས་སོ་སྙམ་དུ་བརྗོད་འདོད་ནི་མིང་དེ་དོན་དེ་ཉིད་ཀྱི་རྗོད་བྱེད་དུ་ངེས་པ༷འི་རྒྱུ༷་ཡིན་ཞིང༌། མིང་དུ་བྱས་པའི་བརྡ་དེ་ནི་བརྡ་ལ་བྱང་བ་རྣམས་ཀྱི་བློ་ངོར་བརྗོད་འདོད་ཀྱི་དོན་དེ་ཡི་གས༷ལ་བྱེད་ཡིན་ཏེ། མིང་དེ་བརྗོད་ཙམ་གྱིས་དོན་དེ་ཡིད་ཡུལ་དུ་གསལ་བར་བྱེད་པ་ཡིན་ནོ། །བརྗོད་འདོད་ཀྱི་བརྡ་བརྗོད་པ་དེ་ནི་སྐྱེས་བུ་མིན་པ་ལ༷་མེད་ན༷་སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་མིང་དེ་དོན་གཅིག་ཅ༷ན་དུ་ངེས་པ་དེ་རྒྱུ་མཚན་ག༷ང་ལ༷ས་འགྲུབ་སྟེ་རྣམ་པ་ཀུན་ཏུ་མི་འགྲུབ་བོ།།
གསུམ་པ་རང་བཞིན་གྱིས་ནི་ངེས་པ་དགག་པ་ནི།
རང་བཞིན་གྱིས་ནི་ངེས་ཡིན་ན། །གཞན་ལ་དེས་ཀྱང་མི་རུང་ངོ༌།།བརྡ་ཡང་དོན་མེད་ཅན་ཉིད་འགྱུར། །བརྡ་ལས་རང་བཞིན་ཁྱད་པར་གྱི།།
གསལ་བའི་ངེས་པ་གང་ལས་ཡིན།།བརྡ་ལ་མི་ལྟོས་པར་རིག་བྱེད་ཀྱི་སྒྲ་རྣམས་རང་གི་བརྗོད་བྱའི་དོན་དང་རང་བཞིན་གྱིས་འབྲེལ་བའི་ཕྱིར། རིག་བྱེད་ཉིད་ལས་སྐྱེས་བུ་གཞན་ལ་ལྟོས་མེད་དུ་ར༷ང་བཞིན་གྱིས་ནི་ངེས་པ་ཡིན་ན༷། ཨགྣི་ལྟ་བུའང་དོན་མེ་གཅིག་པུ་དེ་ལས་གཞ༷ན་ལ༷་སྐྱེས་བུའི་བརྗོད་འདོད་དེས་ཀྱ༷ང་སྦྱར་དུ་མི་རུ༷ང་བའམ་མི་བཏུབ་པ་ཞིག་ཡིན་དགོས་ཀྱང་དེ་ནི་མངོན་སུམ་དང་རྗེས་སུ་དཔག་པས་བསལ་ལ་གྲགས་པ་དང་རིག་བྱེད་ནི་ཁས་བླངས་པས་ཀྱང་གནོད་པས་མི་རུང་ངོ༌།།གཞན་ཡང་རང་བཞིན་གྱིས་ངེས་ན་སྒྲོན་མེ་སྣང་ཙམ་གྱིས་དངོས་པོ་གསལ་བ་ལྟར་རིག་བྱེད་ཀྱི་སྒྲ་སྣང་ཙམ་ནས་དོན་གོ་བ་ལས་སྐྱེས་བུས་ཚིག་འདི་ནི་འདིའི་དོན་ཅན་ནོ་ཞེས་བརྡ་སྦྱར་བ་ཡ༷ང་དོན་མེད་པ་ཅ༷ན་ཉིད་དུ་འགྱུ༷ར་རོ། །གལ་ཏེ་རང་བཞིན་གྱིས་ངེས་ཀྱང་བརྡ་ལ༷ས་ངེས་པ་དེ་སླར་ཡང་གསལ་ཞེས་པའང་འཐད་པ་མིན་ཏེ། ར༷ང་བཞིན་གྱི་ངེས་པ་ལ་སླར་ཡང་ཁྱ༷ད་པ༷ར་གྱི་གས༷ལ་བ༷འི་ངེས་པ༷་ཞེས་པ་རྒྱུ་མཚན་ག༷ང་ལ༷ས་ཡིན་ཏེ་མི་སྲིད་དོ། །ཇི་ལྟར་ན། རང་བཞིན་ངེས་ན་སླར་ཡང་བརྡ་ལས་ངེས་པར་བྱར་མེད་དེ། བུམ་པར་ཤེས་ཟིན་པ་སླར་ཡང་བུམ་པར་ཤེས་པ་གཉིས་པ་མེད་པ་བཞིན་ནོ།།གལ་ཏེ་ཡོད་ན་ནི་ཤེས་པ་ཐུག་པ་མེད་པའི་ཕྱིར་ཤེས་པ་སྔ་མ་སྔ་མས་དེ་ཤེས་པ་མིན་པར་འགྱུར་རོ། །བརྡ་ལས་གསར་དུ་ཤེས་པ་ཡོད་ན་ནི་སྔར་རང་བཞིན་གྱིས་ཤེས་པའམ་ངེས་པ་མ་ཡིན་པར་འགྱུར་རོ།།
གསུམ་པ་དེས་ན་ངེས་པ་མེད་པའི་མཇུག་བསྡུ་བ་ནི།
གང་ལ་འདོད་པ་རང་རྒྱུད་པ། །དེ་ལ་ངེས་པ་ཞེས་བྱ་གང༌།།དེས་ན་བརྡ་ནི་རུང་བ་ཉིད། །འདོད་པ་ཁོ་ན་གསལ་མི་འགྱུར།།བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ།བརྡ་ག༷ང་ལ༷་སྐྱེས་བུའི་འདོད་པ༷་ར༷ང་རྒྱུ༷ད་པ༷་སྟེ་རང་དབང་ཅན་ཁོ་ན་ཡིན་པ་དེ་ལ༷་བརྡ་འདི་དོན་གཅིག་ལ་ངེས་པ༷་ཞེས་བྱ༷་དེ་ལ་རྒྱུ་མཚན་ག༷ང་ཡོད་དེ། རྟ་དང་གླང་པོ་ལ་སོགས་པའི་རྣམ་པར་འགོད་པའི་རྡེའུ་འགྲིམ་པ་སྐྱེས་བུའི་ཞེ་འདོད་ལ་རག་ལས་པ་ལྟར་དོན་གང་ལའང་བརྡ་གང་བྱས་ཀྱང་བརྗོད་འདོད་ཀྱིས་ཇི་ལྟར་བྱས་པ་བཞིན་རང་དབང་ཆེ་བ་དེ་ལ་འདི་ནི་འདི་ཁོ་ནའི་བརྡའོ་ཞེས་གཏན་དུ་ངེས་པ་བྱར་མེད་པས་སོ། །དེས་ན༷་བརྡ་རྣམས་ནི་དོན་ལ་ཇི་ལྟར་སྦྱར་ཀྱང་རུ༷ང་བ༷་ཉིད་དེ་སྦྱར་མི་བཏུབ་པ་མེད་པས་ན། སྐབས་ཀྱི་རང་གི་འདོད་པའི་དོན་གང་ཡིན་པ༷་དེ་ཁོ་ན༷་གས༷ལ་བའི་རྗོད་བྱེད་དུ་ངེས་པར་མི་འགྱུ༷ར་རོ། །དེ་ལྟར་བརྡ་སྐྱེས་བུས་འདོད་པས་བཏགས་ཤིང་བཏགས་པ་ལྟར་མིང་དོན་བསྲེ་བའི་རྟོག་པ་གོམས་པ་ལས་སྐབས་ཀྱི་བརྗོད་བྱའི་དོན་གསལ་ཞིང་གཞལ་བྱའི་གནས་གསུམ་ཆར་སྟོན་པའི་ལུང་ཡང་སྲིད་དེ། ཕལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་ན་བརྡ་ཇི་ལྟར་གྲགས་པ་དང་མཐུན་པར་དོན་སྟོན་པས་ན་སྒྲ་སྐྱེས་བུས་བྱས་པར་འདོད་པ་ལ་ལུང་དོན་ཡང་མི་སླུ་བ་སྲིད་ཀྱི། གཞན་སྐྱེས་བུས་མ་བྱས་པར་འདོད་པ་ལ་ནི་མི་སླུ་བའི་ལུང་རྡུལ་ཙམ་གྲུབ་པར་མི་འགྱུར་རོ།།
གཉིས་པ་རིག་བྱེད་ཀྱི་ཕྱོགས་གཅིག་བདེན་པས་ཀུན་བདེན་པར་སྒྲུབ་པ་དགག་
པ་ལ། ཕྱོགས་སྔ་བརྗོད་དང་དེ་དག་དགག་པའོ། །དང་པོ།
གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །གཞན་ཡང་དེ་འདྲ་ཡིན་ཏེ་དཔེར།།མེས་གྲང་བཟློག་ངག་བདེན་པ་བཞིན། །དེ་སྐད་གཞན་དག་ཟེར་རོ་ལོ།།ག༷ང་གི་ཕྱིར་རིག་བྱེད་ཀྱི་ཕྱོགས་གཅིག་བདེན་པ་ཡིན་པའི་ཕྱིར། ཕྱོགས་གཞ༷ན་སྦྱིན་སྲེག་ལས་མཐོ་རིས་ཐོབ་པ་དང་ཁྲུས་ལས་སྡིག་པ་དག་པ་ལ་སོགས་པ་ཡ༷ང་དེ་དང་འདྲ༷་བར་བདེན་པ་ཡིན་ཏེ། དེ་ཡང་རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་རིག་བྱེད་ལས་མེས་གྲ༷ང་བ་བཟློག་པརཤད་པའི་ང༷ག་ནི་བདེན་པ༷་བཞིན་ནོ་ཞེས་དེ་སྐ༷ད་དུ་གཞ༷ན་དཔྱོད་པ་པ་ད༷ག་ཟེར་རོ་ལོ།།
གཉིས་པ་དེ་དག་དགག་པ་ལ།སྒྲུབ་བྱེད་མ་ངེས་བསྒྲུབ་བྱ་མི་འགྲུབ་དང༌། །ཧ་ཅང་ཐལ་བ་བརྗོད་པ་རྣམ་པ་གསུམ། །དང་པོ།
རོ་འདྲ་ངོ་བོ་མཚུངས་ཉིད་ཕྱིར། །སྣོད་གཅིག་ལ་ཡང་ཚོས་པ་བཞིན།།ལྷག་ལྡན་འཁྲུལ་པ་ཅན་ཉིད་ཕྱིར། །རིགས་པ་ཤེས་པས་འདི་འདྲ་བཀག།ཤིང་ཏོག་འདི་རྣམས་རོ་འདྲ༷་བ་ཡིན་ཏེ་ཁ་དོག་གི་ངོ་བོ་མཚུ༷ངས་པ་ཉིད་ཀྱི་ཕྱིར་ཞེས་དང༌། སྣོད་གཅིག་ཏུ་ཚུད་པ་ལ༷་ཡ༷ང་ཚོས་པར་རྗེས་སུ་དཔོག་པ༷་བཞིན། ཕྱོགས་གཅིག་བདེན་པས་ཕྱོགས་གཞན་བདེན་པར་དཔོག་པ་དེའང་ལྷ༷ག་མ་དང་ལྡ༷ན་པས་འཁྲུ༷ལ་པ༷་ཅ༷ན་ཉིད་ཀྱི་ཕྱིར། རིགས་པ༷་ཤེས་པ༷་ཕྱོགས་ཀྱི་གླང་པོ་ཞེས་པས་སྒྲུབ་བྱེད་ལྟར་སྣང་བ་འདི་འདྲ༷་བཀ༷ག་པ་ཡིན ནོ།།
གཉིས་པ་བསྒྲུབ་བྱ་མི་འགྲུབ་པ་ནི།
སྐྱེས་བུ་རྟག་པ་བྱེད་པོ་ཉིད། །དངོས་རྣམས་རྟག་དང་དབང་པོ་འདས།།དབང་པོས་67གཟུང་བྱ་དང་དངོས་རྣམས། །རྒྱུ་དང་གནས་འཇིག་མི་མཉམ་དང༌།།གཞན་ཡང་ཚད་མ་རྣམ་གཉིས་ཀྱིས། །རྣམ་པར་བསལ་བའི་སྤྱོད་ཡུལ་ལམ།།ལུང་ལ་ལྟོས་པ་རྗེས་དཔག་དང༌། །འགལ་བ་དག་ནི་རྗོད་བྱེད་པ།།འགལ་བ་ཀུན་ཏུ་མ་བསལ་ཅིང༌། །བསྟན་བཅོས་དོན་ཡང་མ་བསྟན་ལ།།དེ་བདེན་དོན་བཅས་ཁས་ལེན་པ། །གཡེམ་མ་མུ་ཅོར་གྱིས་རྒྱལ་ལོ།།རིག་བྱེད་ཀྱི་བསྟན་དོན་བདེན་པར་མ་ངེས་ཏེ། རྒྱུ་མཚན་གང་ཞེ་ན། སྐྱེས་བུ༷་རྟ༷ག་པ༷་ཡིན་ལ་དེ་འབྲས་བུའི་བྱེད་པ་པོ་ཉིད་དུ་འདོད་པ་དང༌། འབྲས་བུ་སྒྲ་སོགས་དངོས་པོ་རྣ༷མས་རྟ༷ག་པར་འདོད་པ་ད༷ང༌། དབ༷ང་པོ་ལས་འད༷ས་པ་སྤྱི་ལ་སོགས་པ་དབ༷ང་པོས་གཟུ༷ང་བྱ༷་དག་ཏུ་འདོད་པ་ད༷ང༌། དངོས་པོ་རྣ༷མས་ཀྱི་རྒྱུ༷་མི་མཉམ་པ་རྟག་པའང་རྐྱེན་ལ་ལྟོས་ནས་སྐྱེད་བྱེད་དུ་འདོད་པ་ད༷ང༌། གནས་པ་མི་མཉམ་པ་རང་གྲུབ་ཟིན་མི་ཕན་བཞིན་རྟེན་གྱིས་གན༷ས་པར་ཁས་ལེན་པ་དང༌། འཇིག་པ་མི་མཉ༷མ་པ་རང་ལས་ཕྱིས་འབྱུང་གི་འཇིག་རྒྱུས་རང་འཇིག་པར་འདོད་པ་སྟེ་དེ་དག་སྔ་ཕྱིའི་ཁས་ལེན་མི་མཚུངས་པའམ་མི་མཉམ་པའི་འགལ་བ་ཡིན་ནོ། །དེ་ད༷ང་གཞ༷ན་ཡ༷ང་མངོན་སུམ་དང་རྗེས་དཔག་གི་ཚ༷ད་མ༷་རྣ༷མ་པ་གཉིས་ཀྱིས་རྣ༷མ་པ༷ར་བས༷ལ་བ༷འི་སྤྱོད་ཡུ༷ལ་ཏེ་གོང་དུ་དཔྱད་པ་གསུམ་གྱི་སྐབས་སུ་བརྗོད་པའི་སྐྱོན་ཡོད་པ་དང༌། ལ༷མ་གྱི་སྒྲ་ནི་སྡུད་ཚིག་གོ །ལུ༷ང་རང་ལ༷་ལྟོས་པ༷་ཡི་རྗེས་དཔ༷ག་ད༷ང་འག༷ལ་བ༷་ཡོད་པ་ཁྲུས་ལས་ཆོས་འདོད་པ་ལ་སོགས་པ་ད༷ག་ནི་རྗོད་པར་བྱེད་པ༷་དེ་དག་ལ་འག༷ལ་བ༷་ཡོད་པ་དེ་རྣམས་ཚད་མས་ཀུ༷ན་ཏུ༷་མ༷་བས༷ལ་ཅིང་སྟེ་བསལ་མ་ནུས་བཞིན་དུ་སྐྱེས་བུའི་དོན་བརྗོད་པ་སོགས་བསྟ༷ན་བཅོས་ཀྱི་དོན་ཁྱད་པར་བ་ཡ༷ང་གྲུབ་ངེས་པའི་འབད་པ་རིགས་པའི་ལམ་ནས་མ༷་བསྟ༷ན་ལ༷། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་བསྟན་བཅོས་དེ་བདེན་པའི་དོན་བཅ༷ས་སུ་ཁ༷ས་ལེན་པ༷་དག་ནི་དཔྱད་ན་ཚད་མས་མ་གྲུབ་ཀྱང་མ་དཔྱད་པར་རང་གིས་བདེན་པར་རློམ་པ་ནི་དཔེར་ན་གཡེམ་མ༷་མུ༷་ཅོར་གྱིས་རང་གི་བདག་པོ་བླུན་པོ་ལས་རྒྱ༷ལ་བ་དང་འདྲ་སྟེ། དེ་བླུན་པོ་དེའི་ངོར་རྒྱལ་བ་ལྟར་སྣང་ཡང་མཁས་པས་དཔྱད་ན་རྒྱལ་བའི་རྒྱུ་མཚན་གང་ཡང་མེད་པ་ལྟར་རིག་བྱེད་བདེན་པར་ཁས་ལེན་པའང་བླུན་པོ་དེའི་ངོར་བདེན་པ་ལྟར་སྣང་ཡང་དཔྱད་ན་བདེན་པའི་རྒྱུ་མཚན་གང་ཡང་མེད་པར་གསལ་ལོ།།ཇི་ལྟར་ན་སྐྱེས་པ་གཞན་ལ་ལོག་པར་གཡེམ་མ་དེ་སྐྱེས་པ་གཞན་དང་འགྲོགས་པ་རང་གི་བདག་པོས་མངོན་སུམ་མཐོང་ནས་སྤྱོས་པ་ན་དེས་ཉེས་པ་དེ་མེད་ཅེས་ཟེར་བ་ལ་བདག་པོས་ངས་མངོན་སུམ་མཐོང་ངོ་ཞེས་སྨྲས་པ་ན། གཡེམ་མ་དེ་ན་རེ། ཀྱེ་བདག་པོ་ཕྱིན་ཅི་ལོག་སྨྲ་བ་འདི་ལ་ལྟོས། ཆོས་བཞིན་སྤྱོད་པའི་ཆུང་མ་སྙིང་ལྟ་བུའི་ཚིག་ལ་ཡིད་མི་ཆེས་པར་ཁྱོད་རང་གི་མིག་ཆུ་ཡི་ཆུ་བུར་ལྟ་བུ་ལ་ཡིད་ཆེས་པ་ནི་མི་རིགས་སོ།།བདག་ནི་གྲོང་པ་རྒན་པོ་ལོང་བ་ཤིང་ཚོང་བར་བྱེད་པ་དེས་དོན་དུ་གཉེར་ཟིན་ཀྱང་འབྲེལ་བ་མ་བྱས་ན། གཟུགས་དང་ཡོན་ཏན་མངའ་བ་བློན་པོ་མཆོག་གི་ཁྱེའུ་དང་འདོད་པ་སྤྱོད་པར་བྱེད་དམ་ཞེས་མི་རིགས་པ་མུ་ཅོར་གྱི་ཚིག་དེ་སྐད་སྨྲས་པ་ན་བདག་པོ་བླུན་པོས་ལན་མ་ཐེབས་པ་ལ་གཡེམ་མ་རྒྱལ་ཞེས་བརྗོད་པ་ལྟ་བུའོ། །གྲོང་པ་ཞེས་པས་སྒྱུ་རྩོལ་མི་ཤེས་པ། རྒན་པོ་ན་ཚོད་དམན་པ། ལོང་བས་གཟུགས་ངན་པ། ཤིང་ཚོང་གིས་རིགས་ངན་ཞིང་དབུལ་བ་བསྟན། ཕྱི་མས་བཟློག་སྟེ་བསྟན་པས་ཚིག་དེ་ལ་དཔྱད་ན་མི་རིགས་པ་འབའ་ཞིག་སྟེ། ལོང་བ་དང་མ་འབྲེལ་དུ་ཟིན་ཀྱང་དེས་བློན་པོའི་ཁྱེའུ་དང་མི་འབྲེལ་བའི་སྒྲུབ་བྱེད་གང་ཡང་མི་འོང་ཞིང༌། མངོན་སུམ་མཐོང་བས་གཡེམ་མ་རྫུན་པར་མི་འགྲུབ་ལ། ཚིག་འབྲེལ་མེད་སྨྲ་བས་བདེན་པར་གྲུབ་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །གཡེམ་མ་མུ་ཅོར་སྨྲ་བ་འདྲ་བ་རིག་བྱེད། དེ་གཞན་ལ་བསྟེན་པ་འདྲ་བ་འགལ་སྐྱོན། རྒན་པོའི་མིག་གཉིས་འདྲ་བ་ཚད་མ་གཉིས། སྐྱེས་པ་གཞན་མི་བསྟེན་པའི་རྒྱུ་མཚན་དུ་བཀོད་པའི་ཚིག་དང་འདྲ་བ་ནི་རིག་བྱེད་ཚད་མར་འཇོག་པའི་སྒྲུབ་བྱེད་དུ་བཀོད་པ་རྣམས་ཡིན་ལ། རྒན་པོ་འདྲ་བ་འཇིག་རྟེན་རྨོངས་པ་རྣམས་སོ།།
གསུམ་པ་ཧ་ཅང་ཐལ་བ་བརྗོད་པ་རྣམ་པ་གསུམ།
གལ་ཏེ་དེ་ལྟར་ཚད་གྲུབ་ན། །འོ་ན་འདི་ལ་ཚད་མིན་ཅི།།སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན།།ག༷ལ་ཏེ་དོན་གཅིག་ཙམ་བདེན་པས་ངག་དེའི་ཕྱོགས་ཐམས་ཅད་དེ་ལྟ༷ར་ཚ༷ད་མར་གྲུ༷བ་ན༷། འོ་ན༷་ངག་སྨྲ་བའི་སྐྱེས་བུའམ་སྐྱེས་བུས་སྨྲས་པའི་ངག་འདི་ཀུན་ལ༷་ཚ༷ད་མ་མིན་པའི་ཚིག་ཅི་ཞིག་ཡོད་དེ། སྐྱེས་བུ༷་ཚིག་སྣ་ཚོགས་མ༷ང་དུ༷་སྨྲ༷་བ༷་ལ༷་ཡང་བདེན་པ༷འི་དོན་གཅིག་སྲིད་པ་མེད་པ༷་མིན་པས་སོ།།
གཉིས་པ་དེ་ལྟར་བསྟན་པའི་མཇུག་བསྡུ་ལ། ལུང་དང་དངོས་པོ་འབྲེལ་བ་མེད་པར་བསྟན། །དེ་ཕྱིར་ལུང་ལོག་བསྐལ་དོན་མི་ལྡོག་པའོ། །དང་པོ།
རྗོད་པ་པོ་ལ་སྒྲ་གནས་པས། །འདི་དངོས་རང་བཞིན་ནམ་འབྲས་མིན།།འདི་ལས་རྣམ་པར་བཟློག་པས་ཀྱང༌། །འཁྲུལ་པ་མེད་པ་ཡོད་མ་ཡིན།།རྗོད་བྱེད་རྣམས་ཀྱིས་འཇུག་པ་ནི། །བརྗོད་བྱ་མཐོང་བས་བྱེད་ཅེ་ན།།ཕན་ཚུན་དག་ནི་འགལ་བའི་དོན། །དེ་ནི་གཅིག་ལ་ཇི་ལྟར་འགྱུར།།དེས་ན་ལུང་དང་དངོས་པོ་རྣམས། །རྟོགས་པ་པོ་ཡི་རྣམ་འགའ་ཡང༌།།མེད་ན་མི་འབྱུང་མི་འགྲུབ་ན། །དེ་ལས་དོན་གང་ངེས་པ་ཡིན།།རྗོད་པ༷་པོ་ཡི་ཞེ་འདོད་ཙམ་ལ༷་རྗོད་བྱེད་ཀྱི་སྒྲ༷་གན༷ས་པ་སྟེ་རག་ལས་པ༷ས་ན། སྨྲས་པའི་སྒྲ་ཙམ་འདི་བརྗོད་བྱའི་དངོས་པོ་དེ་ཡི་ར༷ང་བཞིན་དུ་གྱུར་པ་བདག་གཅིག་གི་འབྲེལ་བ་ཡིན་ན༷མ། ཡང་ན་བརྗོད་བྱ་མེད་ན་དེ་རྗོད་ཀྱི་སྒྲ་དེ་འབྱུང་མི་ཤེས་པའི་དེ་ལས་བྱུང་བའི་འབྲ༷ས་བུ་ཡིན་ན་སྒྲ་ཙམ་གྱིས་བསྟན་དོན་ངེས་ཀྱང་དེ་གཉིས་གང་ཡང་མིན་ལ། འབྲེལ་བ་གཉིས་པོ་འདི་ལ༷ས་རྣམ༷་པ༷ར་བཟློག་པ༷ས་ཀྱ༷ང་སྒྲ་གང་ཡིན་བརྗོད་དོན་དེ་ལ་འཁྲུ༷ལ་པ༷་མེད་པ༷་ཉིད་དུ་ངེས་པ་ཡོད་པ་མ༷་ཡིན་ནོ། །གལ་ཏེ་དོན་གང་གི་རྗོད་བྱེད་སྒྲ་རྣ༷མས་ཀྱིས་འཇུ༷ག་པ༷འམ་བརྗོད་པ་འབྱུང་བ་ནི་དང་པོར་བརྗོད་བྱ༷་དོན་གང་ཡིན་དེ་མཐོང་བ༷ས་བྱེད་པའི་ཕྱིར་དོན་ལ་རག་ལས་པ་ཅན་དུ་འདོད་དོ་ཅེ་ན༷། ཕ༷ན་ཚུ༷ན་ད༷ག་ནི་འག༷ལ་བ༷འི་དོན་ཅན་གྱི་སྒྲ་རྟག་མི་རྟག་ལྟ་བུ་དེ་ནི་བུམ་པ་ལྟ་བུའི་དོན་གཅིག་ལ༷་ཇི་ལྟ༷ར་འཇུག་པར་འགྱུ༷ར་ཏེ་དོན་ལ་དེ་གང་རུང་ལས་གཉིས་ཀ་ཡོད་མི་ཤེས་པས་སོ།།དེས་ན༷་རྗོད་བྱེད་ལུ༷ང་ད༷ང་བརྗོད་བྱ་དོན་གྱི་དངོས་པོ་རྣ༷མས་དཔྱོད་པ་པོའམ་རྟོག་པ༷་པོ་ཡི་རིགས་པའི་རྣ༷མ་པ་འག༷འ་ཡི་ཡ༷ང་མེད་ན༷་མི་འབྱུ༷ང་གི་འབྲེལ་བ་མི་འགྲུ༷བ་ན༷། ལུང་དེ་ལ༷ས་དོན་ག༷ང་ཞིག་དེ་ན་ཇི་ལྟར་བསྟན་པ་དེ་ཁོ་ན་ལྟར་ངེས་པ༷་ཡིན་ཏེ་ཅུང་ཟད་ཀྱང་ངེས་མི་ནུས་སོ།།
གཉིས་པ་དེ་ཕྱིར་ལུང་ལོག་བསྐལ་དོན་མི་ལྡོག་པ།
དེ་ཕྱིར་དེ་ནི་ལོག་ན་ཡང༌། །དངོས་པོ་མེད་པར་འགྲུབ་མི་འགྱུར།།དེས་ན་མེད་ངེས་འབྲས་བུ་ཅན། །མི་དམིགས་པས་ནི་མི་འགྲུབ་བོ།།དེ་ཕྱིར་བསྐལ་དོན་དེ་སྟོན་པའ་ིལུང་ལྟ་བུ་དེ་ནི་ལོག་ན༷་སྟེ་མེད་ན་ཡ༷ང་དེ་ན་མ་བཤད་པ་ཙམ་གྱིས་དངོས་པོ་དེ་མེད་པ༷ར་འགྲུ༷བ་པར་མི་འགྱུ༷ར་ལ། དེས་ན༷་བསྐལ་དོན་མེད་པར་ངེས་པའི་འབྲ༷ས་བུ༷་ཅ༷ན་དུ་ནི་གང་ཟག་དེས་དེ་སྒྲུབ་ཀྱི་ཚད་མ་གསུམ་ལོག་པའམ་ཚད་མ་གསུམ་གྱིས་མི་དམིགས་པ་ཙམ་ཡོད་པ༷ས་ནི་མི་འགྲུ༷བ་བོ།།
གཉིས་པ་འགལ་བ་ཅན་གྱི་བསྟན་བཅོས་དེ་ཁས་ལེན་པ་བླུན་པོའི་རྟགས་སུ་བསྟན་པནི།
རིག་བྱེད་ཚད་མ་དང་ནི་/འགའ་68བྱེད་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིག་སྨྲས་དྲེགས།།སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན།།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོ འོ།།འགལ་བ་ཅན་གྱི་རིག་བྱེད་ནི་རྟག་པ་རང་བྱུང་གི་ཚ༷ད་མ༷འོ་ཞེས་པ་ད༷ང་ནི་བདག་ལ་སོགས་པ་རྟག་པ་འག༷འ་ཞིག་འབྲས་བུའི་བྱེད་པ་པོར་སྨྲ༷་བ་དང༌། གངྒཱ་སོགས་ཀྱི་ཁྲུ༷ས་ལ༷ས་དཀར་པོའི་ཆོས་འཕེལ་བར་འདོད་པ་ད༷ང་ནི་ཚུལ་ཁྲིམས་སོགས་ཡོན་ཏན་མེད་ཀྱང་འདི་ནི་བྲམ་ཟེ་སོགས་ཀྱི་རིགས་ཡིན་ནོ་ཞེས་སྨྲ༷ས་པ་ཙམ་ལས་དྲེགས་པ་སྐྱེ་བ་དང༌། ལུས་ཅན་གྱི་ནང་གི་སྡིག་པ༷་གཞོམ་པའི་ཕྱིར་མེ་ལྔ་སོགས་ལུས་གདུ༷ང་བ༷་རྩོམ་པར་བྱའོ་ཞེས་པ༷་དཔྱོད་པ་པ་སོགས་བླུ༷ན་པོ་གང་ཞིག་དངོས་སྟོབས་ཀྱི་རིགས་པ་ཚད་མའི་སྟོབས་ལས་སྐྱེས་པའི་ཤེས་ར༷བ་དང་མི་ལྡན་པར་བསྟན་བཅོས་ངན་པ་ལ་ཞེན་པས་ཡང་དག་པའི་ཤེས་རབ་དེའི་བཟློག་ཕྱོགས་སུ་འཆ༷ལ་བ༷འི་ནང་གི་རྟ༷གས་ཕྱི་རོལ་ལུས་ངག་ལ་འཕོས་པ་ལྔ༷་ཡིན་ཏེ་དེ་ཀུན་ལ་རིགས་པས་དཔྱད་ན་མི་བདེན་པར་གནས་པས་སོ། །ལྔ་པོ་དེ་ནི་བླུན་པོའི་རྟགས་གཙོ་བོ་འགའ་ཞིག་སྨྲོས་པ་སྟེ་ཞིབ་ཏུ་ན་བླུན་པོའི་རྟགས་ཚད་མེད་དོ། །ཚ༷ད་མ༷་རྣ༷མ་འགྲེལ་གྱི་ཚིག་ལེའུ༷ར་བྱ༷ས་པ༷་ལ༷ས་ར༷ང་དོན་རྗེས་སུ༷་དཔ༷ག་པ༷་སྟེ་ལེའུ༷་ད༷ང་ པོའི་འགྲེལ་བཤ༷ད་ལེགས་པ༷ར་གྲུ༷བ་པ༷འོ།། །།