དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་གོང་མའི་གསུང་གི་རྗེས་འབྲང་།
དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་གོང་མའི་གསུང་གི་རྗེས་འབྲང་བཞུགས། བི་རཱུ་པའི་ལུགས།
ཨོཾ་སྭཱ་སྟི། དཔལ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་གོང་མའི་གསུང་གི་རྗེས་འབྲང་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །དགྱེས་པ་རྡོ་རྗེ་ཧེ་རུ་ཀ །རྗེ་བཙུན་དེ་ལ་གུས་བཏུད་ནས། །སྒྲུབ་ཐབས་མདོར་བསྡུས་ཟབ་མོ་ནི། །གཞན་འགའ་རྗེས་སུ་བཟུང་ཕྱིར་བཤད། །དེ་ལ་འདིར་རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་ལམ་བསྐོར་དུ་གྲགས་པ་དང་འབྲེལ་བའི་དབང་དུ་བྱས་ནས། རེ་ཞིག་ཡན་ལག་དྲུག་པའི་སྒྲུབ་ཐབས་བཤད་པར་བྱ་བ་ལ། མཉམ་པར་བཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་རོ། །མཉམ་པར་བཞག་པའི་རྣལ་འབྱོར་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམས་པའོ། །བསྐྱེད་པའི་རིམ་པ་གཉིས། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་
ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ཅི་རིགས་པར་བརྗོད། མཇུག་ཏུ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་བྱ། དེ་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་
སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ། ཞལ་གཅིག་པ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཧཱུཾ་ལས་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་བཛྲ་ཧེ་རུ་ཀ །མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། ཅེས་ཅི་ནུས་བཟླས་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱོབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །
སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས། སྤྱི་བོ་ནས་རང་ལ་ཐིམ། རང་སྐད་ཅིག་གིས་ཀྱཻ་རྡོ་རྗེར་གསལ་བའི་ཐུགས་ཀར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སེམས་གཟུང་འཛིན་གཉིས་དང་བྲལ་བའི་ངོ་བོ་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་བོའི་དབུ་ལ་བརྒྱན་པ། ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཤྲཱི་ཧེ་བཛྲ་མཎྜལ་བྷྱཿ དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག། དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོས་རྗེས་ཆགས་པ། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་བརྗོད་དོ། །དེ་ནས།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ།། བྱང་ཆུབ་
བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་གསུམ་བརྗོད། དེ་ནས། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་བསྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིག་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་
རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་ཀྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་དོ། །དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། སྟོང་པ་ཉིད་བསྒོམས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་བསྲུང་འཁོར་བསྒོམ་པ་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ར་བཅུ་གཉིས་པ། ཤར་དཀར། ལྷོ་སེར། ནུབ་
དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ། ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ། བསྲུང་འཁོར་དངོས་ནི་དེ་ཙམ་གྱིས་ཆོག་ལ། རྒྱས་པར་སྤྲོ་བའམ་ཟློག་པ་བྱེད་དགོས་ན་འདི་ལྟར་བྱ་སྟེ། སྣ་ཚོགས་རྡོ་རྗེའི་ལྟེ་བར་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། བྷྲུཾ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ་ཁོག་པ་སྟོང་པ། ཡངས་ཤིང་རྒྱ་ཆེ་བ། གོ་སྐབས་མེད་པར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུཾ་བྷྲུཾ་ཧཱུཾ། ལན་གསུམ། འཁོར་ལོའི་ནང་གི་དབུས་དང༌། ཕྱོགས་བཅུར་པདྨ་དང༌། ཉི་མའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་ཉི་མའི་སྟེང་དུ་བྷྲུཾ་སེར་པོ། ཕྱོགས་བཅུའི་ཉི་མའི་སྟེང་དུ་ཧཱུཾ་རེ་རེ། དེ་ཡང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། གཞན་ཐམས་ཅད་སྔོན་པོ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་གཙུག་གཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་འཛིན་པ། ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ཐོ་བ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པ། བྱང་དུ་བགེགས་མཐར་བྱེད་སྔོ་སངས་རྡོ་རྗེ་འཛིན་པ། བྱང་ཤར་དུ་མི་གཡོ་བ་སྔོ་སྐྱ་རལ་གྲི་འཛིན་པ། ཤར་ལྷོར་འདོད་པའི་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་
ཏུ་དབྱུག་སྔོན་ཅན་སྔོན་པོ་དབྱུག་པ་འཛིན་པ། ནུབ་བྱང་དུ་སྟོབས་པོ་ཆེ་དུད་ནག་རྩེ་གསུམ་འཛིན་པ། སྟེང་དུ་ཧཱུཾ་མཛད་སྔོན་པོ་རྡོ་རྗེ་དང་དྲིལ་བུ་རང་གི་ཕྱག་རྒྱས་ཐུགས་ཀར་འཛིན་པ། འོག་ཏུ་གནོད་མཛེས་མཐིང་ནག་གཏུན་ཤིང་བསྣམས་པ། ཧཱུཾ་མཛད་མ་ཡིན་པ་གཞན་ཐམས་ཅད་ཕྱག་གཡས་པས་རང་རང་གི་ཕྱག་མཚན་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། ཕྱོགས་བཞིའི་ཁྲོ་བོ་རྣམས་ནི་ཆེར་ཁྲོས་པ་སྟེ། སྐུ་སྦོམ་ཞིང་ཐུང་བ། སྟག་གི་པགས་པའི་ཤམ་ཐབས་དང༌། སྦྲུལ་གྱིས་བརྒྱན་པའོ།། གཞན་རྣམས་ནི་རོལ་པའི་ཁྲོ་བོ་སྟེ། ཅུང་ཟད་འཛུམ་པ། སྐུ་འཁྲང་ཞིང་གྲིམ་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐམས་ཅད་ཀྱང་སྤྱན་གསུམ་དམར་ལ་ཟླུམ་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡོན་བརྐྱང་གི་སྟབས་ཀྱི་བཞུགས་པའོ། །དཔྲལ་བར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཁྲོ་བོ་བཅུ་གཅིག་བསྲུང་བའི་འཁོར་ལོ་དང་བཅས་པ་ལ་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ནི་རི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཨོཾ་བཛྲ་ནཻ་ཝི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་མཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ནས་ཤཔྟའི་བར་གྱིས་
མཆོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་བྷ་ཝ་ཨ་བྷིཉྩ་ཧཱུཾ། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། གཤིན་རྗེ་མཐར་བྱེད་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན། ན་མཿས་མནྟ་བུདྡྷ་ནཱཾ། ན་མཿས་མནྟ་དྷརྨཱ་ཎཱཾ། ན་མཿས་མནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་དྱཾ་གཱི་ར། བཛྲ་ཨུཥྞི་ཥ་ཙཀྲ་བརྟི་སརྦ་ཡནྟྲ་མན་ཏྲ་མཱུ་ལ་ཀརྨ་བནྡྷཱ་ནཱཾ། ཏཱ་ཌ་ནཾ། ཀཱི་ལ་ནཱཾ་བཱ། མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན་ཙི་ཏ་ཀྲི་ཏཾ། ཏང་སརྦན་ཏུ། ཚིནྡ་ཚིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཞེས་པ་ཅི་རིགས་པ་བཟླས་སོ། །དེ་ནས། སུ་གང་དག་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྣམས་དང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། བསམ་པ་དང་སྦྱོར་བ་ངན་པར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན། དེའི་ཚེ་དེ་དག་
ཐམས་ཅད་ཀྱི་ལུས་བཅིངས་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག །དེས་བསྒྲུབས་པའི་ལྷ་འདྲེས་དེའི་ཤ་ལ་ཟ་བར་གྱུར་ཅིག །སྦྱོར་བ་ངན་པ་བྱས་པའི་འབྲས་བུ་བྱེད་པ་པོ་དེ་ཉིད་ལ་འབྱུང་བར་གྱུར་ཅིག །གནོད་བྱེད་ཐམས་ཅད་ནི་ཝཱ་ར་ཡ་ཧཱུཾ་ཕཊ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་བརློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ། བསྲུང་བའི་འཁོར་ལོའོ། །གཉིས་པ་དངོས་གཞི་ལ་ཡན་ལག་དྲུག་དང་ལྡན་པ་སྟེ། དེ་ཡང༌། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་ལ་ནང་ཅུང་ཟད་དམར་བ། གདེངས་ཀ་གྱེན་དུ་བསྟན་པ། དེའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱི་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དཀར་པོ་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལཾ་གྱིས་མཚན་པ། དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་བྷྲུཾ་གྱིས་མཚན་པ། དེའི་སྟེང་གི་བར་སྣང་དུ། ཨོཾ་ཨཱཿཧཱུཾ་ཧོཿདམར་པོ་གཉིས་
ཀྱིས་མཐའ་བརྟེན་པ་ནི་བར་དོའི་རྣམ་པར་ཤེས་པ་རྣམ་པར་དག་པའོ། །འབྱུང་བཞི་འཁོར་ལོ་དང་བཅས་པ་ཡང་རྣམ་པར་ཤེས་པ་དེའི་སྣང་བ་ཙམ་སྟེ། དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། ལྗང་ཁུ། དམར་པོ། སེར་པོ། དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲ་བ་དང་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པོ་ཆེའི་ཟ་ར་ཚགས་དང་པུ་ཤུས་བརྒྱན་པ། རྩིག་པའི་ཕྱི་རོལ་ཏུ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ། མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་ཟླུམ་པོ་དང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབ་བང་རིམ་བཞི་དང་ལྡན་པའི་སྟེང་དུ། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་གོས་དང༌། འཕན་དང༌། མེ་ཏོག་གི་ཕྲེང་བ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ། རྒྱན་དུ་མས་བརྒྱན་པའི། གཞལ་ཡས་ཁང་དུ་གྱུར། དེའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་ཏུ་གཏུམ་དྲག །ལྷོར་འཇིགས་བྱེད་ཐོད་པ་ཅན།
ནུབ་ཏུ་འབར་བའི་ཕྲེང་བ། བྱང་དུ་ཚང་ཚིང་འཁྲིགས་པ། བྱང་ཤར་དུ་དྲག་ཏུ་དགོད་པ། ཤར་ལྷོར་དབང་ཕྱུག་ནགས་ཚལ། ལྷོ་ནུབ་ཏུ་འཇིགས་བྱེད་མུན་པ། ནུབ་བྱང་དུ་ཀི་ལི་ཀི་ལའི་སྒྲ་སྒྲོགས་པའོ། །ཤིང་གི་རྩ་བ་ན་གནས་པའི་ཕྱོགས་སྐྱོང་བ་བརྒྱད་ནི། ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷའོ། །དེ་དག་ཏུ་རོ་མགོ་བོ་བཅད་པ་དང༌། དཔྱངས་པ་དང༌། བསྙལ་བ་དང༌། གསལ་ཤིང་གི་ཕུག་པ་དང༌། མགོ་བོ་དང༌། ཀེང་རུས་དང༌། ལྕེ་སྤྱང་དང༌། ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། རོ་ལངས་རྣམས་ཕེཾ་ཞེས་པའི་སྒྲ་སྒྲོགས་པར་བྱེད་པ། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་དང༌། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་དང༌། གཞན་ཡང་ཞིང་སྐྱོང་བ་དང༌། ཀླུ་དང༌། སྤྲིན་དང༌། ཆུ་དང༌། མེ་དང༌། མཆོད་རྟེན་དང༌། བསྒྲུབ་པ་པོ་རྣམས་དང་བཅས་པའི་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོན་པོའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་
པོ་ནག་པོ་རྣམས་ཉལ་ཐབས་སུ་བཀྲམ་པའི་གདན་དང༌། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉི་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་བཟང་རིགས་དུད་ཁ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་དག་ནི་ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་སྟེ་དང་པོའོ། །དབུས་ཀྱི་གདན་གྱི་སྟེང་དུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་བར་དུ། ཧཱུཾ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེའི་གཡོན་དུ་ཨཾ་ལས་གྲི་གུག་སྔོན་ནག་ཡུ་བ་ལ་ཨཾ་གིས་མཚན་པ་སྟེ་དེ་དག་སོ་སོར་རྟོག་པའི་ཡེ་ཤེས། ཉི་ཟླ་ཕྱག་མཚན་ས་བོན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས།
དེ་ལས་སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ། ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་དཀར་པོ། གཡས་སྔོ། གཡོན་དམར། སྟེང་ཞལ་དུད་ཁ། ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་དམར་པོ་གསུམ་གསུམ་དང་ལྡན་པ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་ཅན། མཆེ་བའི་མྱུ་གུ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཧཱུཾ་གི་སྒྲ་སྒྲོག་ཅིང་འཇིགས་པའང་འཇིགས་པར་མཛད་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་པའི། གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་མོ་སེར་མོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོང་ཐལ་དཀར། དྲུག་པ་ན་སྐྱེས་པ་རང་མདོག།བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་ཁུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་སྦྱིན་སེར་པོ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཐལ་བས་ཉེ་བར་བྱུགས་པ། རུས་པའི་རྒྱན་དྲུག་དང་
ལྡན་པ། ཞབས་མདུན་མ་གཉིས་གཡོན་བསྐུམ་གཡས་བརྐྱང་པ་དང༌། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བདུད་བཞི་མནན་པ། སྒེག་ཅིང་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་ངམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། གཅེར་བུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་བརྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེ་འབྲུ་ལ་ཨཱཿས་མཚན་པ། ཨོཾ་པདྨ་སུ་ཁ་དྷཱ་ར་མཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུར་ཨཱ་ནན་ད་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀརྻཾ་ཀུ་རུ་ཥ་མེ། ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ཨོཾ་བཛྲ་མཧཱ་དྭེ་ཥ་ཙ་ཏུར་ཨཱ་ནན་ད་དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་རཱ་སོ་ན་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀརྻཾ་ཀུ་རུ་ཥ་མེ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་
བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཐིག་ལེ་བརྒྱད་དུ་གྱུར་པ་རྣམས། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་ཞེས་པའི་ས་བོན་བརྒྱད་དུ་གྱུར། དེ་རྣམས་ལྷ་མོ་བརྒྱད་དུ་གྱུར་པ། ཡུམ་གྱི་མཁའ་ནང་ནས་ཕྱིར་སྤྲོས་ཏེ། གདན་སོ་སོའི་སྟེང་དུ་འཁོད་པ་ནི། ཤར་དུ་གཽ་རཱི་ནག་མོ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙཽ་རཱི་དམར་མོ་གཡས་ཌཱ་མ་རུ། གཡོན་ཕག་པ་འཛིན་པ། ནུབ་ཏུ་བཻ་ཏ་ལཱི་སེར་མོ། གཡས་རུས་སྦལ་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། བྱང་དུ་གྷསྨ་རཱི་ལྗང་ཁུ་གཡས་སྦྲུལ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་གཡས་སེང་གེ །གཡོན་དགྲ་སྟ་འཛིན་པ། ཤར་ལྷོར་ཤཱ་བཱ་རཱི་དཀར་མོ་གཡས་ལྕེ་སྤྱང་ངམ། དགེ་སློང༌། གཡོན་འཁར་གསིལ་འཛིན་པ། ལྷོ་ནུབ་ཏུ་གདོལ་པ་མོ་སྔོན་མོ་གཡས་འཁོར་ལོ། གཡོན་ཐོང་གཤོལ་འཛིན་པ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་གཅེར་བུ། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་ཅིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། ཞབས་གཡོན་རྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་བར་སྣང་གི་ཨོཾ་ཨཱཿཧཱུཾ་ཧོཿ དམར་པོ་
གཉིས་ཀྱི་མཐའ་བརྟེན་པ་ཡོངས་སུ་བཀུག །ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པའི་རྐྱེན་གྱིས། ཡབ་ཡུམ་གཉིས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས། བདེ་བ་ཆེན་པོའི་རང་བཞིན་གྱི་ཐིག་ལེར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གླུའི་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། ཁྱོད་མེད་ན་ནི་བདག་འགུམ་པས།། ཀྱཻ་རྡོ་རྗེ་ཁྱེད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །གཡུང་མོ་བདག་ནི་སེམས་སྒྲིམ་པས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཞེས་བསྐུལ་བས། ཐིག་ལེ་དེ་ཉིད་ཧཱུཾ་དང་ཨཾ་སྔོན་པོ། འོད་འབར་ཞིང་འཇིགས་པར་གྱུར། དེ་ཞུ་བ་ལས་བདག་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་སྐུ་མདོག་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་མཐིལ་ནག །གཡས་
དཀར་བ། གཡོན་དམར་བ། སྟེང་ཞལ་དུད་ཁ། ཞལ་ལྷག་མ་གཉིས་གཉིས་ནག་པ། ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོའི་བར་སྔར་བཞིན་བསྐྱེད། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་རེ་རེ་དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཨཾ་གཾ་ཙཾ་བཾ་གྷཾ་པཾ་ཤཱཾ་ལཾ་ཌཾ། དེ་རྣམས་ལས་འོད་འཕྲོས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་ལྷ་དགུའི་ངོ་བོར་གྱུར། དེ་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། མིག་ཏུ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་དཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་པོ། སྣར་པཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ཁར་རཱཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨིཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། ལྟེ་བའམ་སྙིང་གར་ནཾ་ལས་བདག་མེད་རྡོ་རྗེ་མ་ནག་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། ཐུགས་ཀར་ཧཱུཾ་ལས་ཐུགས་རྡོ་རྗེ་མ་ནག་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། མཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང༌། སྤྲོ་ན་འདིར་ཡང་མཆོད་བསྟོད་བྱ་བསྡུ་ན་མི་དགོས་སོ། །
ཨོཾ་བཛྲ་གཽ་རཱི་ཨ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤཱ་ཡ་ཧཱུཾ། ཨོཾ་བཛྲ་བཻ་ཏ་ལཱི་བན་དྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ དེ་དག་ནི་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་སྟེ་གཉིས་པའོ།། །།སླར་ཡང་རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག །ཁྲོ་བོ་བཅུ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་བྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་བདག་ལ་གསོལ། །འདོད་ཆགས་རྡོ་རྗེ་བདག་ལ་སྐྱོབས།། ཡིད་དང་ཕྲག་དོག་ཆེན་པོ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །ཅེས་པས་བསྟོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས།། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲི་བྷཱ་ཝ་ཨ་བྷི་ཥིཉྩ་
ཧཱུཾ། ཞེས་གསུང་ཞིང༌། སངས་རྒྱས་རྣམས་ཀྱིས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེ་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད། དབང་གི་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། དབང་བཞི་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་དང་གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤཱ་བཱ་རཱི་ལ་རྣམ་པར་སྣང་མཛད། བཻ་ཏ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རཱི་དང་ཌོམྦྷིནཱི་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲཱ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྐབས་འདིར་ལུས་དཀྱིལ་གྱིས་དབང་རྒྱས་འབྲིང་བསྡུས་གསུམ་དང་ལུས་དཀྱིལ་དང་མ་འབྲེལ་བའི་དབང་བཞི་ཆུ་རྒྱུན་གཅིག་མ་བྱེད་པར་སྤྲོ་ན་ནི་གོང་མའི་གསུང་དུ་ལྟའོ། །དེ་དག་ནི་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་སྟེ་གསུམ་པའོ།། །།ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས། འབྲུ་གསུམ་གྱིས་མྱང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་སྟེ་བཞི་པའོ།། །།དཀར་མོ་རི་དྭགས་མཚན་མ་འཛིན། །ཞེས་སོགས་ཀྱིས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད། །དེ་ནི་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་སྟེ་ལྔ་པའོ།། །།ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་
མཆོག་བརྙེས་པ། ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཨོཾ་སརྦ་ཏ་ཐཱ་ག་ཏཱསྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་དྲུག་པའོ།། །།གཉིས་པ་རྫོགས་པའི་རིམ་པ་ནི། གཞན་དུ་ཤེས་པར་བྱའོ། །མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་བརྒྱད་ལས། དང་པོ་དག་པ་དྲན་པ་ནི། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ཀྱིས་སྐུ་ལུས་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པར་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །གཟུགས་ཕུང་གཽ་རཱིར་བཤད་པ་སྟེ། །ཚོར་བ་ལ་ནི་ཆོམ་རྐུན་མ། །འདུ་ཤེས་རོ་ལངས་མ་ཡིན་ཏེ། །འདུ་བྱེད་གྷསྨ་རཱི་རབ་གྲགས། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ས་ནི་པུཀྐ་སཱིར་བཤད་དེ། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །
ཡན་ལག་ཀུན་ལ་རྡོར་འཛིན་མགོན། །གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའོ། །དུར་ཁྲོད་བརྒྱད་ནི། རྣམ་པར་ཤེས་པ་བརྒྱད་དག་པའོ། །བསྲུང་བའི་འཁོར་ལོ་ནི་བདུད་བཞི་བཅོམ་པའི་ཡེ་ཤེས་སོ། །ཞེས་བརྗོད་པའོ། །གཉིས་པ་བཟླས་པ་ལ། བཟླས་བྱའི་སྔགས་ནི། ཨོཾ་ཨཥྟ་ན་ནཱ་ཡ། པིཾ་གཽརྡྷ་ཀ་ཤ་བརྟྨ་ནེ། ཙ་ཏུར་བིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛ་ཡ། ཀྲིཥྞ་ཛི་མཱུ་ཏ་བ་པུ་ཥེ། ཀ་པཱ་ལ་མཱ་ལ་ཨ་ནེ་ཀཾ་དྷཱ་རི་ཎི། ཨཱཏྨ་ཏ་གུ་ར་ཙིཏྟ་ཡ། ཨརྡྷེན་དུ་དཾཥྛི་ཎ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སབྟ་ས་ག་རཱ་ན། བན་དྷ་བན་དྷ། ནཱ་ག་ཨཥྟ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲུན་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱཧཱ། ཡབ་ཀྱི་རྩ་སྔགས་སོ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། །ཨོཾ་བཛྲ་ཀརྟཱ་རི་ཧེ་བཛྲ་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿཨཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿནཾ་བཛྲ་ནཻ་རཱཏྨ་ཧཱུཾ་ཕཊ་སྭཱཧཱ། བདག་མེད་མའི་འོ། །ཨོཾ་ཨཱཿགཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཙཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿགྷཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཔཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཤཱཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿལཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཌཾ་ཧཱུཾ་ཕཊ་སྭཱཧཱ། རྒྱས་པ་ནི། ཨོཾ་ཨཱཿགཾ་བཛྲ་གཽ་རཱི་ཧཱུཾ་ཕཊ་སྭཱཧཱ།
ཞེས་པ་ལ་སོགས་པའོ། །དེ་ནས་སྐབས་འདིར་གཏོར་མ་མི་གཏོང་ན། གསུམ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོར་གྱུར། འོད་དུ་ཞུ་བསྲུང་བའི་འཁོར་ལོ་ལ་ཐིམ། དེ་འོད་དུ་ཞུ་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་ལ། དེ་འོད་དུ་ཞུ་ལྷ་མོ་བརྒྱད་ལ་ཐིམ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ། རང་གི་ཞལ་ཕྱག་ལྷག་མ་རྩ་བའི་ཞལ་ཕྱག་ལ་ཐིམ། དེ་ཡང་འོད་གསལ་དུ་ཞུགས། ཅུང་ཟད་མཉམ་པར་བཞག །སླར་ཡང་རང་ཉིད་ཕྱག་གཉིས་པར་གྱུར། མིག་ཏུ་གཏི་མུག་རྡོ་རྗེ་ནས། བདག་མེད་རྣལ་འབྱོར་མ། འགྲོ་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་གོ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འཁོད་པར་ཤོག །ཅེས་སོགས། སྨོན་ལམ་བཏབ་སྟེ། སྤྱོད་ལམ་ལ་འཇུག་པར་བྱའོ།། །།བཞི་པ་གཏོར་མའི་རྣལ་འབྱོར་ནི། གཏོར་མ་རྣམས་ཆུ་ཆང་ནང་མཆོད་ཀྱིས་སྦྱངས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གཾ་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཨཱཿལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། དེའི་ནང་དུ་ཨ་ལས་ཟླ་བའི་
དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །ཤ་དེ་རྣམས་རེ་རེའི་སྟེང་དུ། བར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མཱ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་མུ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷྲུཾ་བྷྲུཾ་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཾ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྲིཾ་སོ་སོར་རྟོག་པའི་ཡེ་ཤེས། བྱང་དུ་ཁཾ་བྱ་བ་སྒྲུབ་པའི་ཡེ་ཤེས། དབུས་སུ་ཧཱུཾ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་བའི་མཐར་གཡོན་བསྐོར་གྱིས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཡས་བསྐོར་གྱིས། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ། ཨོཾ་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གི་བ་དན་ལ་ཕོག།རླུང་གཡོས་མེ་སྦར་བས། ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་བ། འོད་དུ་ཞུ་བའི་རླངས་པ་གྱེན་ལ་སོང་
བ། ཨོཾ་དང་རྡོ་རྗེའི་ལྟེ་བའི་ཧཱུཾ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛགས། ཡང་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བྱོན་ནས་རྡོ་རྗེའི་ཧཱུཾ་ལ་ཐིམ་པས། རྡོ་རྗེ་བརྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས། སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ། ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཏོར་མའི་སྟེང་གི་ནམ་མཁར་ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ། པཾ་པཾ་པཾ་ལས་པདྨ་འདབ་བརྒྱད་རེ་རེ། སྟེང་གི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ། ཨོཾ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་སྐུ་རྡོ་རྗེ། ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་ལྷའི་དབང་པོ། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག །ཤར་ལྷོར་འདོད་པའི་རྒྱལ་པོ། ལྷོ་ནུབ་ཏུ་ཚོགས་ཀྱི་བདག་པོ། ནུབ་བྱང་དུ་བྷྲིང་གི་ཎི། བྱང་ཤར་དུ་ཀརྟི་ཀ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ། ཞལ་གཅིག་པ་ཕྱག་གཉིས་ཀྱི་འཁོར་ལོ་དང་དྲིལ་བུ་འཛིན་པ། བར་གྱི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ། ཧཱུཾ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། འདབ་མ་བརྒྱད་ལ་ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན།
ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་ཏེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། འོག་གི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་པ་ལས། དབུས་སུ་གསུང་རྡོ་རྗེ། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་ནོར་རྒྱས། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ། པདྨ་དང་དྲིལ་བུ་འཛིན་པ། འབྱུང་པོ་ཉེར་བཞི་པོ་འདི་དག་ཐམས་ཅད་ཀྱང་པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་པའི་སྟབས་ཀྱིས་བཞུགས་པ། རང་འདྲའི་ཡུམ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། རུས་པའི་རྒྱན་གྱིས་བརྒྱན་པའོ། །རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། སྟེང་གི་ལྷ་ཐམས་ཅད་ལྷ་ཆེན་བརྒྱད་ལ་འདྲེས། ས་སྟེང་ན་གནས་པའི་སེམས་ཅན་ཐམས་ཅད་ཕྱོགས་སྐྱོང་བརྒྱད་ལ་འདྲེས། ས་འོག་ན་གནས་པའི་སེམས་ཅན་ཐམས་ཅད་ཀླུ་ཆེན་བརྒྱད་ལ་འདྲེས་ཏེ་གཉིས་སུ་མེད་པར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡང་རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱཻ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེ་དང་བཅས་པས་རྣམ་པར། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཀ་ཧེ་
བཛྲ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གཽ་རཱི་ཨ་ཀར་ཥཱ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་བཻ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བཻ་ཏ་ལཱི་བན་དྷ་བཾ། ཨོཾ་བཛྲ་གསྨ་རཱི་བ་ཤཾ་ཀུ་རུ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། ཁྱོད་ཀྱིས་འདི་ལ་དབང་བསྐུར་པ་སྩོལ། །ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། ཁམས་གསུམ་ཀུན་ཀྱིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས། སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། གཙོ་བོ་ཡབ་ཡུམ་གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤཱ་ཝཱ་རཱི་ལ་རྣམ་པར་སྣང་མཛད། བཻ་ཏ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རཱི་དང་ཌོཾ་བྷི་ནཱི་ལ་འོད་དཔག་མེད། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ཞེས་བརྗོད།
ཨོཾ་བྷ་ག་ཝཱན་མཧཱ་ཀ་རུ་ཎི་ཀ །ཞེས་པ་ནས། ཀ་ཡ་ཝཱཀ་ཙིཏྟ། ཨོཾ་བཛྲ་ནི་རི་ཏེ་ཧཱུཾ་ཁཾ་སྭཱཧཱ། ཞེས་སོགས་ཀྱི་ཆུ་བཞི་ཕུལ། དེ་ནས་པད་བསྐོར་བྱ་ཞིང་ངག་ཏུ། ཨོཾ་བྷ་ག་ཝཱན་མཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨིནྡ་ཛ་མ། ཛ་ལ། ཛཀྑ། བྷུ་ད། བཧྣི་བཱ་ཨུ་རཀྑ། ཙནྡ། སུཛྫ། མཱ་ཏ། བཱསྤ། ཏ་ལ། ས་ཏཱ་ལཾ་ཨཊྚ་སརྦ་སྭཱཧཱ། ཞེས་བརྗོད། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨི་དཾ་བ་ལིཾ་བྷུཉྫ་ཛི་གྷ་ཕུལླ་དྷུ་པ། མཾ་ས་བིཾ་གྷ་ཨམྥ། ས་བ་ཀཛྫ་སཱ་དྷཱ་ཁནྟི་ཁུ་ཎི་ཕེ་ཌ་ག་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུརྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་མམ་ལྔའམ་བདུན་ལ་སོགས་པས་འབུལ་ལོ། །དེ་ནས་ཨོཾ་བྷ་ག་ཝཱན་ཞེས་པ་ནས། ཀཱ་ཡ་ཝཱཀ་ཙིཏྟ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བེ་ཏྱེ། ཤབྟ་ཨཱཿཧཱུཾ། ཞེས་པས་ཕྱི་མཆོད་དང༌། ཨོཾ་ཨཱཿཧཱུཾ། ཞེས་པས་ནང་བདུད་རྩིས་མཆོད། དེ་ནས་དྲིལ་བུ་བསིལ་ཞིང༌། དཀར་མོ་རི་དྭགས་ཞེས་སོགས་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད། ཁྱོད་ནི་རྣལ་འབྱོར་མ་ཞེས་སོགས་དང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད།། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་
མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས༴ །ཤ་ཟའི་ཚོགས་རྣམས༴ །སྨྱོ་བྱེད་ཚོགས་རྣམས༴ །བརྗེད་བྱེད་ཚོགས་རྣམས༴ ། མཁའ་འགྲོའི་ཚོགས་རྣམས༴ །མ་མོས་ཚོགས་རྣམས༴ །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་
ཀུན་ཀྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་གཞོལ། འཇིག་རྟེན་འདས་པ་དང་འཇིག་རྟེན་པའི་གཏོར་ཆོག་གཞན་བྱེད་ནའང་སྐབས་འདིར་བྱེད་པར་འདོད་དོ། །དེ་ནས་དྲིལ་བུ་རྒྱུན་དཀྲོལ་དང་བཅས་ཏེ། ཀོལླ་ཨི་རི་ཌ་ཋི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལ། གྷ་ཎེ་ཀྲི་པི་ཊ་ཧོ་བཛྫ་ཨི། ཀ་རུ་ཎེ་ཀ་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བ་ལ། ཁཛྫ་ཨཱི། གཱ་ཌེཾ་མ་ཨ་ཎ་བི་ཛ་ཨ་ཨི། ཧ་ལ་ཀ་ལིཉྫ་ར་ག་ཎི་ཨ་ཨི། དུུ་དྷུ་ར་བཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རི་སིཧླ། ཀ་པུ་ར་ལ་ཨི་ཨ་ཨི། མ་ལ་ཨིནྡྷ་ཎ་སཱ་ལིཾ་ཛ། ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི། ཕྲཻཾ་ཁ་ཎ་ཁ་ཊ་ཀ་རནྟེ། ཤུད་དྷ་ཨ་ཤུད་དྷ་ཎ་མ་ཎི་ཨ་ཨི། ནི་རཾ་སུ་ཨཾ་ག་ཙ་ཌ་ཝི། ཏ་ཧིཾ་ཛ་ས་ར་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཙེ་ཀུན་དྷུ་རུ་བཱ་ཌ་ཨི། ཌིཎྜཾ་མ་ཏ་ཧི་ཎྞ་བཛྫི་ཨ་ཨི། ཞེས་རྡོ་རྗེའི་གླུ་བླངས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨོ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་
བར་བསྟན་པའི་མཆོག་རབ་མི་གཡོ་བ།། འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་སོགས་བཀྲ་ཤིས་བརྗོད། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོན་མེད་ཀྱཻ་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་བཏབ་བོ། །དེ་ནས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ གཏོར་མའི་མགྲོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་ཛཿཧཱུཾ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། ཞེས་བརྗོད་དོ། །ལྔ་པ་ཁ་ཟས་ཀྱི་རྣལ་འབྱོར་དང༌། དྲུག་པ་ཉལ་བའི་རྣལ་འབྱོར་དང༌། བདུན་པ་ལྡང་བའི་རྣལ་འབྱོར་དང༌། བརྒྱད་པ་ཁྲུས་ཀྱི་རྣལ་འབྱོར་རྣམས་ཕལ་ཆེར་སྤྱི་དང་འདྲའོ། །ཡང་སྒྲུབ་འབྲས་ཡན་ལག་
བཞི་པ་མཎྜལ་མཆོད་ཆོག་དང་བཅས་པ་ཤེས་པར་འདོད་ན་ནི། སློབ་དཔོན་རྩེ་མོ་དང་འཕགས་པའི་གསུང་ལས་ཤེས་པར་བྱ་ལ། འདི་དག་གི་རྒྱབ་བརྟེན་དུ་མི་ཐུབ་ཟླ་བ་དང༌། མཚོ་སྐྱེས་ཀྱི་གཞུང་ལའང་བསླབ་པར་བྱའོ། །འདི་བརྩམས་དགེ་བ་གང་ཡོད་པ། །མཐའ་ཡས་འགྲོ་བའི་དོན་དུ་བསྔོ། །དེ་ལས་ནམ་མཁའི་མཐས་ཀླས་པར། །བདེ་ཆེན་བླ་ན་མེད་པ་ཐོབ། །ཅེས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་གཞན་འགའ་ལ་ཕན་པའི་དོན་དུ་སྦྱར་བའོ། །དགེ་ལེགས་འཕེལ། མངྒ་ལཾ།།
ཤོག་སྟོང་།