བདེ་མཆོག་ལཱུ་ཧི་པའི་བུམ་བསྐྱེད་མདུན་བསྐྱེད་ལག་མཆོད་དང་བཅས་པ།བདེ་མཆོག་ལཱུ་ཧི་པའི་བུམ་བསྐྱེད་མདུན་བསྐྱེད་ལག་མཆོད་དང་བཅས་པ་བཞུགས། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །འདིར་འཁོར་ལོ་བདེ་མཆོག་གི་བུམ་བསྐྱེད་དང་མདུན་བསྐྱེད་གཉིས་ཕྱི་རོལ་ལག་མཆོད་དང་བཅས་པ་ཇི་ལྟར་བྱ་བའི་རིམ་པ་འཇུག་པ་བདེ་བར་དགོད་པ་ལ། བདག་བསྐྱེད་སྔོན་དུ་བཏང་ནས་དང་པོ་བུམ་པ་བསྒྲུབ་པ་ནི། བུམ་པ་ཕྱག་ལེན་བཞིན་བསམ། ཁཎྜ་རོ་ཧིས་བསངས་སྭ་བྷཱ་ཝ་འམ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བུམ་པ་གཉིས་ཡོད་ན། བུམ་པ་རྣམས་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་བཾ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་བོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་འགྱུར། ༀ་ཏ་བྟེ་ཏ་བྟེ་མ་ཧཱ་ཏ་བྟེ་སྭཱཧཱ། ལྷའི་ཆུ་བོ་གང་གཱ་དང་བུམ་པའི་ཆུ་དབྱེར་མེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་བརྒྱད་པའི་དབུས་སུ། མཚན་སོ་གཉིས་ཀྱི་ངོ་བོ་ཨ་ཨཱ། ཞེས་པ་ནས། ཨཾ་ཨཿསྟེ་དབྱངས་དཀར་བོ་བཅུ་དྲུག་པ་ཕྲག་གཅིག་གཡས་སྐོར་དང་། སླར་ཡང་ཨ་ཨཱ་ནས་ཨཾ་ཨཿསྟེ་དབྱངས་དཀར་བོ་བཅུ་དྲུག་པ་ཕྲག་གཅིག་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་ཏུ་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཀ་ཁ་ཞེས་པ་ནས། ས་ཧ་ཀྵ་སྟེ་གསལ་བྱེད་དམར་བོ་བཞི་བཅུ་བ་ཕྲག་གཅིག་གཡས་སྐོར་དང་། སླར་ཡང་ཀ་ཁ་ནས་ཧ་ཀྵ་སྟེ་གསལ་བྱེད་དམར་བོ་བཞི་བཅུ་བ་ཕྲག་གཅིག་གཡོན་སྐོར་དུ་རིམ་པ་གཅིག་གིས་འཁོད། དེ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀའ་ལ་དམར་བའི་མདངས་ཅན་ལ་དབྱངས་སོ་གཉིས་དང་གསལ་བྱེད་བརྒྱད་ཅུ་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཨཱ་ལི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་བའི་དབུས་སུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་སོ་སོར་རྟོག་པའི་ཡེ་ཤེས། ཧཱུཾ་ཡིག་ལས་ཁ་དོག་སྣ་ལྔ་བའི་འོད་ཟེར་འཕྲོ་བའི་རྩེ་མོ་ལས་འཁོར་ལོ་ལྔའི་ལྷ་ཚོགས་རྣམས་ཐོན་ཏེ། འགྲོ་བ་རྣམས་འཁོར་ལོ་ལྔའི་གོ་འཕང་ལ་བཀོད་པ་དང་སྔོན་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པ་རྣམས་ལྷན་ཅིག་སྤྱན་དྲངས་ཏེ་མཉམ་པར་སྦྱོར་བ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ཏེ། ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་པས་ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས། ༀ་ཨཱཿཧཱུཾ། ༀ་སརྦ་བཱི་ར་ནས་བཛྲ་ཤུངྔྷོ྅ཧཾཿཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་གདན་རྣམས་དང་ལྷ་དྲུག་ཅུ་རྩ་གཉིས་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཡང་། བུམ་པའི་ནང་གི་རིམ་པ་ཕྱི་མའི་ཕྱོགས་མཚམས་བརྒྱད་དུ་རོའི་གདན། དེའི་ནང་དུ་སྐུའི་འཁོར་ལོ་དཀར་བོ་རྩིབས་བརྒྱད་པའི་མུ་ཁྱུད་ལ་འཁོར་ལོའི་ཕྲེང་བ་དང་།དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་བོ་རྩིབས་བརྒྱད་པའི་མུ་ཁྱུད་ལ་པདྨའི་འཕྲེང་བ་དང་། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་བ་དང་། དེའི་ལྟེར་བ་བདེ་ཆེན་གྱི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་གདན་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཞེས་པ་ནས། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་ནས་མི་མགོ་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །པདྨའི་འདབ་མ་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། ནས་འཁོར་གྱི་ལྷ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་འཕྲེང་བ་འཛིན་པའོ། །རྣམ་རྒྱལ་བུམ་པའི་མཚན་མ་ལྔའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། བཾ་ལས་རྡོ་རྗེ་བཾ་གྱིས༴ བྷྲུཾ་ལས་འཁོར་ལོ་བྷྲུཾ༴ ཨཾ་ལས་རིན་པོ་ཆེ་ཨཾ༴ ཛིཾ་ལས་པདྨ་ཛིཿ༴ ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཤར་དུ་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡས་རྡོ་རྗེ་དང་བཅས་པའི་སྡིག་མཛུབ་མཛད་པ། དེའི་འོག་གི་ཤར་དུ་རྣམ་སྣང་དཀར་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པ། ལྷོར་རིན་འབྱུང་སེར་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་༴ ནུབ་ཏུ་འོད་དཔག་མེད་དམར་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་༴ བྱང་དུ་དོན་གྲུབ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་༴ ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། དེ་གཉིས་ཀྱི་སྟེང་དུ་བཾ་བཾ་ལས་གྲི་གུག་བཾ་གྱིས་མཚན་པ་གཉིས་ཡོངས་སུ་གྱུར་པ་ལས་དུམ་སྐྱེས་མ་གཉིས་སུ་གྱུར་པ་ནི། སྐུ་མདོག་དམར་བོ་ཞག་གཅིག་ཕྱག་བཞིའི་གཡས་གཉིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱངས་ཀྱིས་བཞུགས་པ། ལྷ་ཐམས་ཅད་ཀྱི་དཔྲལ་བར་བྷྲུཾ་དཀར་བོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་བོ། ཞེས་སོགས་མངོན་རྟོགས་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་གསལ་གདབ། དེ་ནས་གཙོ་བོའི་ཐུགས་ཀར་ཟླ་གདན་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་བོ། ཞེས་པ་ནས། དཔྲལ་བར་ཉི་གདན་ལ་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར། ཕེཾ་ཡེ་ཤེས་པའི་འཁོར་ལོའི་ལྷ་དྲུག་ཅུ་རྩ་གསུམ་དང་མཚན་མའི་ལྷའི་ཡེ་ཤེས་པ་རྣམས་དབང་གི་ལྷ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་ལ། ༀ་བཛྲ་ཨཾ་ཀུ་ཤ་ཛཿནས་ༀ་བཛྲ་གྷཎྜ་ཧོ། །ཡེ་ཤེས་པའི་འཁོར་ལོའི་ལྷ་དྲུག་ཅུ་རྩ་གསུམ་དང་མཚན་མའི་ལྷའི་ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་པ་ནས། དམ་ཚིག་འཁོར་ལོའི་ལྷ་རྣམས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང་། ལས་བུམ་གྱི་དུམ་སྐྱེས་མ་གཉིས་ལ་རིན་འབྱུང་གིས་དབུ་བརྒྱན་པ་དང་། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། མཆོད་པ་བསངས་སྦྱངས་བསྐྱེད་ནས། ༀ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏིཙྪ་ནས་ཤཔྟའི་བར་གྱིས་མཆོད། དེ་ནས་ལྷ་རྣམས་ལ་ཡབ་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད་པའི་མཇུག་ཏུ། ལས་བུམ་ལ། གོས་དཀར་མོ་སྟེ་མེ་ཡི་ཁམས། །ཆོས་རྗེ་དྲན་བའི་ངོ་བོ་ཉིད། །པདྨའི་རིགས་ཀྱི་མཁའ་འགྲོ་མ། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དུང་ཆོས་ཀྱི་ཆུ་ལ། ༀ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཞེས་པ་ཉེར་གཅིག་གམ་བདུན། ༀ་ཨཱཿཧཱུཾ། ལན་བདུན་བཟླས་ཏེ། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། ལྷ་སོ་སོའི་བཟླས་བྱའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར་བར་བསམས་ལ། གཙོ་བོ་ཡབ་ཡུམ་གྱི་སྙིང་བོ་ཉེ་སྙིང་བརྒྱ་རྩ་བརྒྱད། ལྷ་གཞན་ལ་དེ་ལྟར་རམ་ཉེར་གཅིག་རེའམ་བདུན་རེ། བུམ་པའི་ཆུ་ལ་ཨུ་ད་ཀ་བརྒྱ་རྩ་བརྒྱད། ལས་བུམ་ལ་ཞལ་བཞི་བའི་སྔགས་དང་དུམ་སྐྱེས་མའི་སྔགས་བཟླ་ཞིང་། ཐུན་མོང་དུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷེ་ཥི་ག་ཏ་མ་ཡེ་ཤྲཱི་ཧཱུཾ། ཅི་འགྲུབ་དེ་ནས། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། དང་ཧཱུཾ་ལན་བདུན་གྱིས། བུམ་པའི་ལྷ་ལ་དུང་ཆོས་ཀྱི་མཆོད་ཡོན་འབུལ། དེ་ནས་ༀ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་དེ་བུམ་ལྷ་ལ་མེ་ཏོག་འབུལ། དེ་ནས་གསང་ཆུ་གཏོར་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པར་དེ་སྲིད་དུ་བགེགས་རྣམས་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་འཕྲིན་ལས་བཅོལ། གཏོར་མ་འབུལ་ན་གཞུང་ལྟར་བྱིན་གྱིས་རླབས་ནས་ཕུལ་ཏེ་བསྟོད། མ་གྲུབ་ནའང་ཡབ་ཀྱི་རྐང་བརྒྱད་དང་དུ་མ་སྐྱེས་མ་ལ་སྔར་ལྟར་བསྟོད་ནས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། མཚན་མའི་ལྷ་རྣམས་ཀྱང་འོད་དུ་ཞུ་ནས་ལྷ་རང་རང་གི་ཕྱག་མཚན་གྱི་རྣམ་པར་གྱུར་བར་བསམ་མོ།། །།གཉིས་པ་མདུན་བསྐྱེད་བསྒྲུབ་པ་ནི། རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གྱི་མདུན་དུ་མཆོད་པ་མདུན་བསྐྱེད་ཀྱི་གཡོན་ནས་བརྩམས་ཏེ་བཤམས་ལ། ཀུ་ཤ་དགོད་པ་དང་། སྦྱང་བ་དང་། ཁྲུས་བྱ་བར་འདོད་ན་གཞན་ནས་འབྱུང་བ་ལྟར་བྱ་ཕྱག་རྒྱའི་སྐོར་རྣམས་ཀྱང་ཇི་ལྟར་བྱ་བ་གཞན་དུ་ཤེས་པར་བྱ་ཞིང་། འདིར་བློ་འཛིན་སོགས་ལ་བདེ་བའི་ཕྱིར་འདོན་ཆ་ཙམ་གཙོ་བོར་བྱས་ཏེ་དགོད་པར་བྱའོ། །དེ་ཡང་ལས་བུམ་མམ་ནང་མཆོད་ཀྱིས་བསངས་ཏེ། ༀ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཧེ་དཀར་བོ། རུ་དམར་བོ། ཀ་མཐིང་ཀ །དེ་གསུམ་གྱི་དོན་རང་བཞིན་གྱིས་གྲུབ་པའི་རྒྱུད་དང་། བརྗོད་པ་དང་བྲལ་བ་དང་། གང་དུ་ཡང་མི་གནས་པ་ཉིད་དོ། །ༀ་སྭ་བྷཱ་ཝ་ཤུངྔྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུངྔྷོ྅ཧཾ། དཀྱིལ་འཁོར་རང་བཞིན་གྱིས་རྣམ་པར་དག་པ་གཟུང་བ་དང་འཛིན་པས་སྟོང་བའི་སྟོང་བ་ཉིད་དུ་གྱུར། ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་ཡོངས་སུ་གྱུར་བ་ལས། ༀ་དཀར་བོ། ཨཱཿདམར་བོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་བར་གྱུར། དེ་གསུམ་ལས་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་སྤྲོས། འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སུ་གྱུར་ཏེ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། ༀ་ཨཱཿཧཱུཾ་ལ་ཐིམ་ཞིང་། ༀ་ཡང་ཨཱཿལ། ཨཱཿཡང་ཧཱུཾ་ལ་རིམ་པ་བཞིན་དུ་ཐིམ། ཧཱུཾ་གི་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་ནི་ཧའི་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་ཇེ་ཕྲ་ཇེ་ཕྲ་ལ་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཙམ་དུ་གནས་པར་གྱུར། ༀ་ཤཱུ་ནྱ་ཏ་ནས་ཀོ྅ཧཾ། ནཱ་ད་ཡང་མི་དམིགས་པའི་ཕྱིར་ཐམས་ཅད་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཡམ་སྔོན་པོ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་སྔོན་པོ། ཞེས་པ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་བའི་དབུས་སུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་སོ་སོར་རྟོག་པའི་ཡེ་ཤེས། ཧཱུཾ་ཡིག་ཁ་དོག་སྣ་ལྔ་བའི་འོད་ཟེར་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་ཡང་ཁང་བ་བརྩིགས་པའི་ནས་ལུས་ཐམས་ཅད་ལ་བྱུགས་པའོ། །དག་བ་བཞག་ཆོག །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་ནས་མི་མགོ་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །འདིར་གསང་གནས་བྱིན་གྱིས་བརླབ་པ་དང་སྙོམས་འཇུག་གི་སྐོར་མངོན་རྟོགས་ལྟར་བྱས་ན་ལེགས་པར་སེམས་ཡང་། དེ་ལྟར་མི་བྱེད་པ་མང་བས་བརྟག །པདྨའི་འདབ་མ་ལ་ནས་དཔྲལ་བར་རྡོ་རྗེའི་འཕྲེང་བ་འཛིན་པ། ལྷ་རྣམས་ཀྱི་དཔྲལ་བར་བྷྲུཾ་དཀར་བོ་ནས་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར། ཅེས་པའི་བར་སྔར་ལྟར་བྱས་ནས། ཕེཾ་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྦྱན་དྲངས། ཁཎྜ་རོ་ཧིས་བགེགས་བསྐྲད། ༀ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཡེ་ཤེས་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རང་དང་གཅོ་བོ་ཐ་མི་དད་པའི་སྤྱི་གཙུགས་ནས་ཞུགས། སྙིང་ཁར་ཆགས་པ་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཡོངས་སུ་གྱུར་པ་ལས། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་ནས། ཡུམ་གྱི་པདྨ་ནས་འཕྲོས། ༀ་བཛྲ་ཨཾ་ཀུ་ཤ་ཛཿ་སོགས་དང་། རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཕེཾ་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་མདུན་གྱི་ནམ་མཁའ་སྤྱན་དྲངས། སྔར་ལྟར་མཆོད་དེ། དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ནས་དོན་གྲུབ་ཀྱིས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར་བར་བསམ། འདིར་བདེ་མཆོག་ལ་བདག་མདུན་འཇུག་པ་ཐ་དད་ཡིན་ཀྱང་བདག་མདུན་ཐ་མི་དད་དུ་བསྒྲུབ་པའི་ལུགས་ལྟར་ན། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱེ་ནས་དཀྱིལ་འཁོར་གྱིས་ཕྱི་རོལ་ཏུ་གནས་པར་གྱུར། ཅེས་བརྗོད་ཅིང་བསམ། འོན་ཀྱང་སྔགས་རིམ་དུ་ས་ར་ཧ་དང་དཱ་རི་ཀ་བས་བདེ་མཆོག་ལ་བདག་མདུན་ཐ་དད་དུ་མཛད་པར་བཤད་དེ་དཔྱད། དེ་ནས་དཀྱིལ་འཁོར་མཆོད་པ་ནི། མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ནས། རང་གི་ཐུགས་ཁའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་འགྱུར་བར་བསམས་ལ། འབུལ་བ་ནི། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །སོ་སོའི་ཕྱག་རྒྱ་གཞུང་ལྟར་བྱས་ནས། ༀ་ཨཱཿཧྲི་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཚིགས་བཅད་དང་སྔགས་གཞན་རྣམས་སྔར་བཞིན་ལ། མཆོད་ཡོན་དང་ཨརྒྷཾ་གྱི་གནས་སུ་གཞན་གསུམ་པ་རིམ་པ་བཞིན། ཞབས་བསིལ་དང་། པཱ་ཧྱཾ། ཞལ་བསིལ་དང་། ཨཉྫ་མ་ཎཾ། བསང་གཏོར་དང་། པྲོ་ཀྵ་ཎཾ། ཞེས་པ་བཅུག་སྟེ་འབུལ། དེ་ནས། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང་། །བཞིན་རས་རྒྱས་པས་ཟླ་བའི་མཛེས་པ་འཕྲོག །ཨུ ཏྤལ་སྔོན་པོའི་མིག་ཅན་མཆུ་སྒྲོས་དམར། །སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། །འདོད་པའི་བདེ་ལ་ཆགས་པ་མང་སྤྲུལ་ཏེ། །དཀྱིལ་འཁོར་བ་རྣམས་དགྱེས་པ་བསྐྱེད་པའི་ཕྱིར། །ཉེར་སྤྱོད་ལྷ་མོའི་བདེ་བས་མཆོད་པར་བྱ། །ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ། དེ་བཞིན་དུ་བདུག་སྤོས་ནས་ཞལ་ཟས་ཀྱི་བར་ལ་ཚིགས་བཅད་དང་སྔགས་སྔ་མ་བཞིན་དུ་བརྗོད་ལ། ཁྱད་པར་ནི། སྤེལ་ལེགས་མེ་ཏོག་ཕྲེང་བ་འཛིན་མཛད་མ། ཞེས་པ་དང་། པུཥྤེ་ཞེས་པའི་གནས་སུ་རིམ་པ་བཞིན་དུ། དྲི་ཞིམ་བདུག་པའི་སྤོས་སྣོད་འཛིན་མཛད་མ། ཞེས་དང་། དྷུ་པེ། རིན་ཆེན་འོད་འབར་སྣང་གསལ་འཛིན་མཛད་མ། །ཞེས་དང་། དཱི་བེ། སྟོང་གསུམ་ངད་ལྡང་དྲི་མཆོག་འཛིན་མཛད་མ། །ཞེས་དང་། གནྡྷེ། རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན་མཛད་མ། །ཞེས་དང་། ནཻ་ཝི་ཧྱ་ཞེས་པ་རྣམས་བཅུག་སྟེ་འབུལ་ཞིང་། རོལ་མོ་ལ། ཡིད་འོང་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་བའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། །ༀ་བཛྲ་ཤ པྟ་པྲ་ཧཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཞེས་འབུལ། ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་བོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་བསྐྱེད་མཆོད་པའི་ལྷ་མོ་ནི། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མས། །གདངས་སྙན་སྒྲ་ཡིས་རྣ་བའི་དགའ་སྟོན་འགྱེད། །རབ་འབྱམས་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་དུ་གསོལ། ༀ་བཛྲ་ཝི་ཎཾ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་བཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་མྲི་ཏཾ་གེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། པི་ཝང་ཞེས་པ་ནས་དགའ་སྟོན་འགྱེད་ཅེས་པའི་ཚིག་རྐང་གཉིས་ཀྱི་གནས་སུ། བཞིན་མཛེས་འཛུམ་དང་ལྡེམ་པའི་འགྱིང་བག་ཅན། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་མ། །ཞེས་བཅུག་ནས་གཞན་སྔ་མ་བཞིན་སྦྱར་ཏེ། ༀ་བཛྲ་ཧཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ལཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་གཱིརྟི་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་ནྲྀ་ཏྱེ་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ་འོག་མ་གཉིས་ལའང་སྦྱར་ཏེ། མེ་ཏོག་སྐོན་བུ་དྲི་ཞིམ་བདུག་སྦོས་དང་། །མར་མེའི་སྡོང་བུ་དྲི་ཡི་དུང་ཆོས་འཛིན། སྔར་གྱི་མེ་ཏོག་གི་ནས་དྲིའི་བར་གྱི་ཕྱག་རྒྱ་བཞི་རིམ་པ་བཞིན་བྱས་ལ། ༀ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དྷཱུ་བེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ༀ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། དྲི་མེད་མེ་ལོང་སྦྲང་ཆང་སྣོད་དང་ནི། །སྣ་ཚོགས་གོས་དང་ཆོས་ཀྱི་འབྱུང་གནས་འཛིན། །ༀ་རཱུ་བ་བཛྲི་ཧཱུཾ་ཧཱུཾ་ཕཊ། ༀ་རས་བཛྲི་ཧཱུཾ་ཧཱུཾ་ཕཊ། ༀ་སྤཪྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། ༀ་དྷརྨཱཿདྷ་ཏུ་བཛྲི་ཧཱུྃ་ཧཱུྃ་ཕཊ། ཅེས་རིག་མ་བཅུ་དྲུག་གི་མཆོད། རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡི་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་སྩལ་ཏེ། བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །ༀ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། གཟུགས་ཞེས་པའི་གནས་སུ། སྒྲ་དྲི་རོ་རེག་བྱ་ཞེས་སྦྱར་ཞིང་། བཞིན་རས་འཛུམ་ཞིང་སྐུ་ཡི་མཛེས་པ་སྟོན། ཞེས་པར། སྙན་པའི་པི་ཝང་བརྡུང་ཞིང་གླུ་ལེན་མ། །ཞེས་དང་། སྔགས་ལ། ༀ་ཤཔྟ་བཛྲི་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ་བཟང་བོའི་དྲི་ཡིས་ཕྱོགས་ཀུན་རབ་འགེངས་མ། །ༀ་གནྡྷེ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་དང་། བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། ༀ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། འཇམ་མཉེན་རེག་བྱ་མཆོག་གིས་ཡིད་འཕྲོག་མ། །ༀ་སྤཪྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་འདོད་ཡོན་ལྔ་འབུལ། དྲི་མེད་གསེར་གྱི་རྩིབས་སྟོང་འོད་འབར་བ། །རིན་ཆེན་ཨིནྡྲ་ནཱི་ལའི་ཏོག་གིས་མཛེས། །སྣ་ཚོགས་ཕྲ་བཀོད་མུ་ཏིག་ཆུན་འཕྱང་གིས། །ཁོར་ཡུག་བརྒྱན་པའི་གདུགས་ཀྱིས་མཆོད་པར་བྱ། །ༀ་བཛྲ་ཙྪ་ཏྲཾ་ག་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དྲང་ཞིང་ལྡེམ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོག་ཅིང་། །སུམ་ཁུག་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང་། རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། །ༀ་བཛྲ་ཀེ་ཏུ་པྲ་ཏངྐི་པྲ་ཏཱིཙྪ་ཧཱུྃ་སྭཱཧཱ། ནམ་མཁའི་རྒྱན་གྱུར་རིན་ཐང་མེད་པའི་གོས། །སྣ་ཚོགས་དར་གྱི་ཤམ་བུ་གཡོ་བ་ཅན། །ཙན་དན་སྤྲུལ་གྱི་སྙིང་བོའི་དྲིས་བསྒོས་པ། །རབ་འབྱམས་བླ་རེའི་སྤྲིན་གྱིས་མཆོད་པར་བྱ། །ༀ་བཛྲ་བི་ཏཱ་ན་པྲ་ཧཱིཙྪ་ཧཱུྃ་སྭཱཧཱ། ཞེས་གདུགས་རྒྱལ་མཚན་པ་དན་བླ་རེ་རྣམས་འབུལ། འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་བ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། དེའི་མཐུས་ནམ་མཁའི་ལམ་ནས་དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཐོབ་པར་ཤོག ། ༀ་བཛྲ་ཙཀྲ་རཏྣ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། རིན་ཆེན་བཻ་ཌཱུ ཪྱ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང་། །ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམས་ཕལ་ཆེར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །སྔགས་ཀྱི་ཐོག་མཐའ་གཉིས་འདྲ་བ་ལ། མ་ཎི་རཏྣ། ཡིད་འོད་བལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང་། །གང་གིས་རེག་ན་བདེ་བའི་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །སྟྲི་རཏྣ། གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྔངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །པ་རི་ནཱ་ཡ་ཀ་རཏྣ། ཡན་ལག་བདུན་གནས་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་བོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་དཀྲི་བར་ནུས། །གཞན་ལ་མིག་ནོང་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་བོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བར་ཤོག །ག་ཛ་རཏྣ། མེ་ཏོག་ཀུ་མུ་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་བརྒྱན་ནོར་བུ་སོགས་གྱིས་བརྒྱན། །མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །ཨ་ཤྭ་རཏྣ། རྡོ་རྗེ་རིན་ཆེན་མཐོན་ཀ་མར་གད་དང་། །གསེར་དང་དངུལ་དང་སྦུག་ལ་སོགས་པ་ནི། །ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་པ་ཤིན་ཏུ་བརྟན་པ་སྟེ། །གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །གྲྀ་ཧ་པ་ཏི་རཏྣ། ཞེས་རྒྱལ་སྲིད་སྣ་བདུན་འབུལ། དེ་ནས་ནང་མཆོད་ནི། རྒྱས་པར་ན་མངོན་རྟོགས་ལྟར། མགྲོན་རྣམས་ཀྱི་ལྗགས་ཧཱུྃ་དཀར་བོ་ཞེས་པ་ནས་གུ་ཧྱ་བཛྲི་ཎི་སྭཱ་ཧཱའི་བར་དང་། བསྡུ་ན་ལྗགས་བྱིན་ཀྱིས་བརླབས་ཏེ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། ལྷ་རྣམས་ཀྱི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ནས་འབུལ་ཞིང་། དེ་མན་སྔར་བཞིན་བྱའོ། །དེ་ལས་བསྡུ་ན་དཀྱིལ་འཁོར་གྱི་ལྷ་ཙམ་ལ་ཕུལ་ཡང་རུང་། མཐར་མཉེས་ཤིང་ཚིམ་སྟེ་ལྷ་ཐམས་ཅད་ཀྱི་ཞལ་ནས། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་གསུངས་བར་བསམ། སྔར་གཙོ་བོ་ལས་བྱེ་བ་ཡིན་ན། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ་གཙོ་བོ་དང་ཐ་མི་དད་པར་གྱུར། ཅེས་བརྗོད། གནས་གསང་བྱིན་རླབས་སྔར་བྱས་ན་ནི། གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་པའི་ཡབ་ཡུམ་སྙོམས་པར་ཞུགས་པའི་ཞེས་སོགས་ལྟར་བྱ་ལ། མ་བྱས་ན་ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། ཅེས་པའི་བར་བྱ་དགོས་སོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་བོ་ཉེ་སྙིང་དང་འཁོར་གྱི་ལྷ་རྣམས་ཀྱི་སྔགས། རྐང་བརྒྱད་ཀྱི་སྔགས་དང་བཅས་པ་བརྗོད་དེ་མཆོད། བསྟོད་པ་གཞན་ནམ། །དཔལ་ལྡན་དངོས་གྲུབ་མཆོག་གིས་རིན་ཆེན་གཏེར། །གང་གི་དྲིན་གྱི་བདེ་བླག་ཐོབ་འགྱུར་བའི། །སྐུ་གསུམ་མངོན་གྱུར་ཁྱབ་བདག་ཧེ་རུ་ཀ །དབྱེར་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་འོད་གསལ་བདེ་བ་ཆེན་པོའི་ཐུགས། །འཇའ་ཚོན་ལྟར་བཀྲ་སྒྱུ་འཕྲུལ་དྲ་བའི་གར། །མཚན་དཔེའི་དཔལ་འབར་རིགས་རྣམས་ཀུན་གྱི་རྗེ། །དཔལ་ལྡན་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ། །ཉིད་བྱེད་འབུམ་གྱི་མདངས་ལྡན་ཨིནྡྲ་རྙིལ། །ཤིན་ཏུ་དག་པའི་རི་དབང་ལྟ་བུའི་སྐུ། །རྣམ་ཐར་བཞི་ཡི་ཞལ་ལྡན་ཉི་མའི་སྤྱན། ཁྲོ་ཆགས་སྒེག་པའི་ཉམས་ཀྱིས་མཛེས་ལ་འདུད། །རྟེན་འབྲེལ་དག་པའི་ཕྱག་གི་ཡལ་འདབ་ངོས། །ཡེ་ཤེས་མེ་ཏོག་མཚན་མ་རབ་འབར་ཡང་། དངོས་གྲུབ་འབྲས་བུའི་གཡུར་གྱི་རྣམ་པར་དུད། །འདོད་དགུའི་དཔག་བསམ་མཆོག་ལ་ཕྱག་འཚལ་ལོ། ཁྲག་གིས་བགོས་པའི་གཉིས་འཐུང་སྟོད་གཡོག་དང་། །སྟག་གི་པགས་པའི་ཤམ་ཐམས་གྲོལ་བ་འཕྱང་། །དུས་མཚན་དང་བཅས་མི་བཟད་བདུད་ཀྱི་མགོར། །གཡས་བརྐྱངས་ཞབས་ཀྱིས་གར་མཛད་ཁྱོད་ལ་འདུད། །ཨིནྡྲ་ནི་ལའི་ལྷུན་པོར་ཐུན་འཚམས་སྤྲིན། །གཞོན་ནུའི་འཁྱུད་པའི་རྗེས་འགྲོ་བཅོམ་ལྡན་མ། །རྡོ་རྗེ་ཕག་མོས་རབ་འཁྱུད་ཙུམྦྷ་ནས། །རབ་དགྱེས་བདེ་བའི་གཏེར་ལ་ཕྱག་འཚལ་ལོ། །གཙོ་བོའི་ཞལ་བཟང་འོད་ཀྱིས་བྲིས་བ་བཞིན། །མཁའ་འགྲོ་ལཱ་མ་དུང་སྐྱེས་གཟུགས་ཅན་མ། །རྒྱས་པའི་ལས་མཛད་མཉམ་ཉིད་ཡེ་ཤེས་དངོས། །བདེ་ཆེན་འཁོར་ལོར་བཅས་ལ་ཕྱག་འཚལ་ལོ། །གནས་དང་ཉེ་གནས་རྣམ་དག་རྡོ་རྗེའི་རིགས། །ཆར་སྤྲིན་ལྟར་སྔོ་དྲག་པོའི་ལས་མཛད་པའི། །མཁའ་ལ་སྤྱོད་པའི་དཔའ་བོ་དཔའ་མོར་བཅས། །ཐུགས་ཀྱི་འཁོར་ལོ་མཆོད་ལ་ཕྱག་འཚལ་ལོ། །ཞིང་དང་ཉེ་བའི་ཞིང་དང་འདུན་རྟོག་དང་། །ཉེ་བའི་འདུན་རྟོག་རྣམ་དག་པདྨའི་རིགས། །ས་ལ་སྤྱོད་པའི་དཔའ་བོ་ཡབ་ཡུམ་ནི། །རབ་དམར་དབང་གི་ལས་མཛེས་རྣམས་ལ་འདུད། །འདུ་དང་ཉེ་བའི་འདུ་བ་དུར་ཁྲོད་དང་། །ཉེ་བའི་དུར་ཁྲོད་དག་པའི་དཔའ་བོ་དང་། །དཔའ་མོའི་དབང་ཕྱུག་ཞི་བ་མཆོག་ཏུ་དཀར། །ས་འོག་སྤྱོད་པ་རྣམས་ལ་ཕྱག་འཚལ་ལོ། །འཐུང་གཅོད་རྣམ་དག་རལ་གྲི་འཛིན་པའི་རིགས། །ཕྱོགས་དང་འཚམས་ན་མིག་ཟུམ་སྐྱེ་བོའི་མགོར། ཁྲོས་པའི་གར་མཛད་སྣ་ཚོགས་ལས་སྒྲུབ་པའི། །དམ་ཚིག་འཁོར་ལོའི་ལྷ་ལ་ཕྱག་འཚལ་ལོ། །ཉེ་བའི་འཐུང་གཅོད་རྣམ་དག་རྡོ་རྗེ་འཛིན། །བདེ་བའི་མཆོག་གྱུར་ལྷན་སྐྱེས་གཅིག་བུ་ཉིད། །དམ་ཚིག་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རྟེན་དང་བརྟེན་པར་ཤར་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དྲི་མེད་དགེ་བའི་ཚོགས། །རབ་ཏུ་དཀར་བ་གང་ཞིག་ཐོབ་པ་དེས། །འགྲོ་བ་མ་ལུས་རྡོ་རྗེ་ཐེག་པའི་གྲུས། །དངོས་གྲུབ་མཆོག་གི་དཔལ་ལ་ལོངས་སྤྱོད་ཤོག །ཅེས་པ་དང་། གང་གི་དྲིན་གྱིས་སྐུ་གསུམ་གོ་འཕང་མཆོག །སྐད་ཅིག་ཉིད་ལ་སྩོལ་མཛད་སྐུ་བཞིའི་བདག །དངོས་གྲུབ་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །སྒྲིབ་བྲལ་ལྷན་སྐྱེས་བདེ་བ་ཆེན་པོའི་ངོར། །སྡོམ་མཛད་དཔའ་བོ་མཁའ་འགྲོ་ཡོངས་ཀྱི་གཙོ། །དཔལ་ལྡན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཉི་འོད་འབུམ་གྱི་རྩེ་དགས་རབ་འཁྱུད་པའི། །བྱུ་རུའི་ལྷུན་པོའི་དབང་ལྟར་བརྗིད་ཆགས་ཤིང་། །མཛེས་སྡུག་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། །རྡོ་རྗེ་ཕག་མོའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་ཡུམ་གྱུར་སྤྱན་སོགས་ལྷ་མོ་བཞི། །གང་འདུལ་སྐུར་བསྟན་རྣམ་བཞིའི་ལས་མཛད་པའི། །རྣལ་འབྱོར་མ་གཙོ་མཁའ་འགྲོ་ལཱ་མ་སོགས། །བདེ་ཆེན་ལྷ་མོ་བཞི་ལ་ཕྱག་འཚལ་ལོ། །ཕྱི་ནང་པཱུ་ལླི་ར་མ་ཡ་ལ་སོགས། །ཉེར་བཞིའི་ཡུལ་དང་གནས་ན་རབ་བཞུགས་ཏེ། །འགྲོ་བའི་དོན་མཛད་འཁོར་ལོ་རྣམ་གསུམ་གྱི། །དཔའ་བོ་དཔའ་མོའི་ཚོགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་རྒྱལ་ལ་སོགས་ཁྲོ་བོའི་ཚོགས། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ནས། །དུར་ཁྲོད་བརྒྱད་གནས་དམ་ཚིག་འཁོར་ལོ་ཡི། །སྒོ་མཚམས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པས་ཚེ་རབས་ཀུན་དུ་ཡང་། ཧེ་རུ་ཀ་དང་རྗེ་བཙུན་རྣལ་འབྱོར་མས། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པ་དང་། །ཟུང་འཇུག་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག །ཅེས་བསྟོད། །འདིར་བྱིན་རླབས་དྲུག་སྐོར་བྱ་འདོད་ན། དང་པོ་ནི་ལྷ་རྣམས་ཀྱི་སྔགས་དང་ཐོད་པ་བཞི་ལ་ཡི་གེ་གསུམ་ལན་བཞི། གཉིས་པ་ནི་སངས་རྒྱས་མཁའ་འགྲོ་མའི་སྔགས་དང་། གསུམ་པ་ནི་སྒོ་མ་བཞིའི་སྔགས། བཞི་བ་ནི་ཐོག་མཐར་ༀ་དང་ཨཱཿསྭཱ་ཧཱ་སྦྱར་བའི་དབྱངས། ལྔ་བ་ནི་ཐོག་མཐར་ༀ་དང་ཀྵ་སྭཱ་ཧཱ་སྦྱར་བའི་གསལ་བྱེད། དྲུག་པ་ནི་ཡིག་བརྒྱ་བརྗོད་དེ་བྱིན་བརླབ་བྱའོ། །དེ་ནས་སྤྲོ་ན་བྷུ་རི་བས་མཛད་བའི། བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །ཞེས་པ་ནས། འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་གྱུར། ཅེས་པའི་བར་གྱི་རྒྱུན་བཤགས་དང་། དེ་ཙམ་མི་ནུས་ན། ཐོག་མ་མེད་ནས་འཁོར་བ་ན། །ཆགས་སོགས་རྟོག་པའི་རང་བཞིན་གྱིས། །སྡིག་བགྱིས་མགོན་པོའི་སྤྱན་སྔ་རུ། །མ་ལུས་སོ་སོར་བཤགས་པར་བགྱི། །རྒྱུ་དང་ལམ་དང་འབྲས་བུ་ཡིན། །ཉེར་བསྡུས་འགྲོ་བ་ཐམས་ཅད་ཀྱི། །བསོད་ནམས་ཚོགས་ནི་མ་ལུས་ལ། །རྟག་པར་བདག་ནི་ཡི་རང་ངོ་། །རྡོ་རྗེ་ཡེ་ཤེས་ཐུགས་ཆུང་ནས། །ཤིང་དབང་དྲུང་ན་བཞུགས་གྱུར་པའི། །འགྲོ་ལ་ཉེར་བརྩེ་ཐུབ་དབང་རྣམས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །རྒྱལ་བའི་མཛད་པ་རྫོགས་གྱུར་ཏེ། །མགོན་པོ་དབྱིངས་སུ་གཤེགས་བཞེད་ལ། །སེམས་ཅན་སྡུག་བསྔལ་བྲལ་བར་དུ། །མྱ་ངན་མི་འདའ་བདག་གསོལ་འདེབས། །བདག་ནི་ཐུབ་དབང་མ་གྱུར་བར། །སངས་རྒྱས་ལ་སོགས་ཆོས་རྣམས་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་བསྒྲུབ་པར་བགྱི། །བསྟེན་སོགས་དགེ་བ་དེ་དག་གིས། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །ཅེས་སྡིག་བཤགས་བྱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་པའི་བར་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་གྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་གཟུང་བྱ། དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ་བ་ལ། འབུལ་ཡུལ་མངོན་རྟོགས་ཀྱི་སྐབས་ལྟར་སྤྱན་དྲངས་ནས་འབུལ་བའང་རུང་མོད། འདིར་མདུན་བསྐྱེད་ཉིད་ལ་འབུལ་བའི་དབང་དུ་བྱས་ན། འདས་གཏོར་གཞུང་བཞིན་ཕུལ་ཏེ་བསྟོད་གསོལ་བྱས་པའི་རྗེས་སུ། འཇིག་རྟེན་པ་ལ་འབུལ་བའི་ཚེ་སྤྱན་འདྲེན་མི་འདྲེན་གཉིས་སྣང་བ་ལས། མི་འདྲེན་ན་ཕྱོགས་སྐྱོང་དང་ཞིང་སྐྱོང་སོགས་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་ཞེས་སོགས་ལྟར་བྱ་ཞིང་། འདི་ལ་གཤེགས་གསོལ་མི་དགོས། སྤྱན་འདྲེན་ན། རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུྃ་ཡིག་ལས་འོད་འཕྲོས་པའི་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་གླུ་ལ་སོགས་པ་ཐམས་ཅད་སྤྱན་དྲངས། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་ཁོད་པ་སྐད་ཅིག་གིས་འོད་གསལ་དུ་ནས་འདོད་པ་ཀུན་འགྲུབ་ཤོག །ཡིག་བརྒྱ་བརྗོད་དེ། །ༀ་ཡོ་ག་ཤུངྔྷོ༴ ཧཾ། ༀ་བཛྲ་མུཿའཇིག་རྟེན་པ་རང་གནས་སུ་གཤེགས་པར་གྱུར། །ཅེས་བརྗོད་དེ་གཤེགས། ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་ནི་སྐབས་འདི་འམ། དངོས་གྲུབ་ཞུ་བའི་མཇུག་ཏུ་འང་རུང་ངོ་། །དེ་ནས་དཀྱིལ་འཁོར་ཀྱི་ལྷ་རྣམས་གཟུགས་བརྙན་བཞིན་གསལ་བར་དམིགས་ལ། ལྷ་ཐམས་ཅད་ཀྱི་སྔགས་དང་། ཁྱད་པར་ཡབ་ཡུམ་གཉིས་ཀྱི་རྩ་སྔགས་སྙིང་བོ་ཉེ་སྙིང་གོ་ཆའི་སྔགས་རྣམས་བཟླ་ཞིང་མཐར་དངོས་གྲུབ་ཞི་བའི་ཆེད་དུ་གསོལ་བ་གདབ་པ་ནི། ཧཱུྃ་དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་ལ་བདག་ནི་གསོལ་བ་འདེབས། །བདེ་བ་ཆེ་ལ་དགྱེས་པའི་ཧེ་རུ་ཀས། །བདེ་བས་རབ་མྱོས་མ་ལ་བསྙེན་བྱས་ནས། །ཆོ་ག་བཞིན་དུ་ལོངས་སྤྱད་པ་ཡིས་ནི། །ལྷན་སྐྱེས་བདེ་བའི་སྦྱོར་བ་ལ་ཞུགས་སོ། །ཨ་ལ་ལ་ལ་ལ་ཧོ། །ཨ་ཨི་ཨ་ཨར་ལི་ཧོཿ དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། །ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། །ཕྱག་རྒྱའི་པདྨར་རོལ་པའི་བདེ་བ་ཆེས། །རྣལ་འབྱོར་མ་མཆོག་རྣམས་ལ་མཆོད་པར་མཛོད། །ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་པ། །རབ་དགྱེས་མགོན་པོ་ཁྱོད་དང་མཁའ་འགྲོའི་ཚོགས། །བདག་གི་མདུན་དུ་བཞུགས་ཏེ་བྱིན་རློབས་ལ། །ལྷན་སྐྱེས་བདེ་ཆེན་བདག་ལ་སྩལ་དུ་གསོལ། །བདེ་ཆེན་ཐར་བའི་མཚན་ཉིད་ལྡན་པ་ཁྱོད། །བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། །ཚེ་གཅིག་གྲོལ་བར་མི་བཞེད་བདེ་ཆེན་ཀྱང་། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། །འདབ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །རྣལ་འབྱོར་མ་མཆོག་པདྨའི་བདེ་བ་ཡིས། །སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། །སྦྲང་རྩིའི་འབྱུང་གནས་རྣམས་ཀྱི་སྤྲང་རྩིའི་བཅུད། །བུང་བའི་ཚོགས་ཀྱིས་ཀུན་ནས་འཐུངས་པ་ལྟར། །མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡི། །བཅུད་བཅིངས་པ་ཡི་རོ་ཡིས་ཚིམ་པར་མཛོད། །ཅེས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་བྱའོ། །དེ་ཡང་འོག་མ་རྣམས་ཀྱི་ཤོ་ལོ་ཀ་རེའི་ཐོག་མར། ཧཱུྃ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ནས་ཀུན་ལ་བདག་ནི་གསོལ་བ་འདེབས། ཞེས་པའི་བར་དང་། ཤོ་ལོ་ཀ་རེ་རྫོགས་པའི་མཐར། ཨ་ལ་ལ་ནས་བརྩེ་བས་གཟིགས་ལ་ལས་ཀུན་མཛོད། ཅེས་པའི་བར་སྦྱར་ལ་གདོན་པར་བྱའོ། །སྐབས་འདིར་ཡིག་བརྒྱ་བརྗོད་དེ་བཟོད་གསོལ་བྱེད་པ་འམ། ཡང་ན་སྨོན་ལམ་རྒྱས་བསྡུས་ཅི་རིགས་གདབ་བའི་མཇུག་ཏུ། ཡིག་བརྒྱ་ཅི་འགྲུབ་བཟླས་ནས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་པ་ནས། བཟོད་མཛོད་རིགས། ཞེས་བཟོད་གསོལ་བྱ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས་ཞེས་སོགས་ཀྱིས་འདོད་དོན་གསོལ་བ་སྤྱི་ལྟར་བྱས་ནས། བདག་དང་འགྲོ་ལ་ཞེས་སོགས་སམ། འདིར་ནི་གཟུགས་དང་ཞེས་སོགས་ཀྱི་མཇུག་ཏུ། སུ་པྲ་ཏིཥྛ་བརྗོད་དེ་བསྟན་བཞུགས་དང་ཤིས་བརྗོད་རྒྱས་པའམ། མ་གྲུབ་ན་བསྡུས་པ་འདི་བཞིན་བྱས་ཀྱང་ཤིན་དུའང་རུང་སྟེ། དེ་ཡང་གཙོ་བོའི་བཀྲ་ཤིས་གང་ཞིག་མའི་འཕྲོར། བཀྲ་ཤིས་གང་ཞིག་བདེ་ཆེན་འཁོར་ལོ་ལ་གནས་པའི། །མཁའ་འགྲོ་ལཱ་མ་དུང་སྐྱེས་མ་དང་གཟུགས་ཅན་མ། །བདུད་རྩི་རྣམ་ལྔའི་བཅུད་ཀྱིས་གང་བའི་ཐོད་པ་ཡི། །བདེན་པ་དེས་ཀྱང་དེ་རིང་ཁྱེད་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ལེགས་པར་གནས་པའི་དཔའ་བོ་དཔའ་མོའི་དབང་ཕྱུག་དང་། ཁྭ་གདོང་ལ་སོགས་དམ་ཚིག་འཁོར་ལོའི་ལྷ་ཚོགས་ཀྱི། །བདེན་པ་དེས་ཀྱང་དེ་རིང་ཁྱེད་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་རང་བཞིན་གཞལ་མེད་ཁང་། །ཕ་གུ་དྲ་བ་རིན་ཆེན་ཚོགས་ཀྱིས་རྣམ་པར་མཛེས། །རྡོ་རྗེ་རྭ་གུར་མེ་རི་དུར་ཁྲོད་དང་བཅས་པའི། །བཀྲ་ཤིས་དེས་ཀྱང་དེ་རིང་ཁྱེད་ལ་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་ཞེས་སོགས་ཀྱང་བརྗོད་པར་བྱའོ། །ཤིས་བརྗོད་འདིའི་རྐང་བ་ཐ་མ་ནི་དབང་ཆོག་གི་སྐབས་སུ་བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ཅེས་བསྒྱུར་ནས་འགྲུབ་པོ།། །།གཉིས་པ་ཕྱི་རོལ་ལག་མཆོད་དང་བཅས་བཤད་པ་ལ་གཉིས་ལས། ཕྱི་རོལ་མཆོད་པ་ནི་ལག་པས་མཆོད་པའི་སྒོ་ནས་དང་། ལག་མཆོད་ནི་ལག་པ་ལ་མཆོད་པའི་སྒོ་ནས་བཞག་པར་འདོད་འཇོ་ལས་བཤད་ཅིང་། དང་པོ་ཕྱི་རོལ་མཆོད་པ་བྱེད་ཚུལ་དངོས་ནི། །མདུན་བསྐྱེད་ལ་མཆོད་པ་ཡིན་ཡང་དཀྱིལ་འཁོར་སྒེར་དུ་སྒྲུབ་པ་མ་གཏོགས། རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་བསྒྲུབས་ནས་མཆོད་པར་གཞུང་ནས་མི་གསལ་ཡང་ད་ལྟ་ལག་ལེན་དུ་མཛད་པ་ལྟར་ཁྱད་པར་འོག་ཏུ་འཆད་པར་འགྱུར་ལ། ཐོག་མར་གཞུང་ནས་བཤད་པའི་ཚུལ་བཀོད་ན། མངོན་རྟོགས་རྒྱས་པ་བསྒོམ་པའི་འཇུག་ཡིན་རང་གཙོ་བོ་ཡབ་ཡུམ་གསལ་གདབ་བས་ཆོག་ཅིང་། དེ་ལྟ་བུ་མིན་ན་སྐྱབས་སེམས་བྱས་ཏེ། ཤྲཱི་ཧེ་རུ་ཀ །ཞེས་པ་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ཅེས་པའི་བར་དག་པ་གསུམ་གྱིས་བདག་བསྐྱེད་བསྡུས་པ་བྱས་ཏེ། ནང་མཆོད་བྱིན་གྱིས་བརླབས་ལ། མཐེབ་སྲིན་གྱིས་བླངས་ནས། ༀ་སུམ་བྷ་ནི་སུམ་བྷ་ཞེས་སོགས་ཞལ་བཞི་བའི་སྔགས་བརྗོད་ཅིང་། ཕྱོགས་བཞི་དང་རང་ལ་གཏོར་ནས་སེལ་གོལ་གཡོན་སྐོར་གྱིས་གདབ་སྟེ། སྔགས་ཚན་བཞི་བོ་ཤར་ལ་སོགས་པའི་ཕྱོགས་བཞིར་རོ་མ་བཞིན་བརྗོད་པའི་རྗེས་སུ། འོག་ཐམས་ཅད་རྡོ་རྗེའི་གཞི་ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་འཇིག་དུས་ཀྱི་མེ་ལྟ་བུས་བསྐོར་བར་གྱུར། རང་གི་སྙིང་གར་ཟླ་གདན་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་བོ་ཞེས་སོགས་གོ་ཆ་དྲུག་བཀོད་ནས། ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད། ༀ་ཨཱཿཧཱུཾ། ཞེས་བརྗོད་ཅིང་གཡོན་པ་ལ་གསང་གཏོར་བྱས་ལ་ལག་པ་མཉེ་བར་བྱའོ། །དེ་ནས་གཡོན་པའི་སོར་མོ་ལྔ་ལ་མེ་ཏོག་བཞག་པ་འམ། ཡང་ན་ནང་མཆོད་ཀྱི་ཐིག་ལེ་རེ་བྱས་ལ། གཡོན་པའི་སོར་མོ་རྣམས་བསྡུས་པའི་མཐེ་བོང་ལ་ཟླ་གདན། གཞན་བཞི་དང་སོར་མོ་ལྔ་བསྡུས་པའི་སེན་མོ་རྣམས་ལ་ཉི་མའི་གདན་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་མཐེ་བོང་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་བོ། །མཛུབ་མོ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་བོ། །གུང་མོ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་བོ། །སྲིན་ལག་ལ་དཔལ་ཧེ་རུ་ཀའི་ངོ་བོ་བོ་ཥ་ཊ་ཧེ་ནག་པོ། །མཐེའུ་ཆུང་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། སེན་མོ་རྣམས་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་ཀུ་རྣམས་བསམས་ལ། གཡོན་པའི་མཐིལ་དུ་པདྨ་དམར་བ་འདབ་མ་ལྔ་བའི་ལྟེ་བར། ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ༀ་བཾ་དམར་བོ། །ཤར་གྱི་འདབ་མར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། དབང་ལྡན་དུ་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མོཾ་དཀར་བོ། བྱང་དུ་ཉི་མ་ལ་བསྐྱོད་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་བོ། ནུབ་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་ཀུ། ལྷོའི་འདབ་མར་ཉི་མ་ལ་གཏུམ་བྱེད་མའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར་བར་བསམ་པ་འམ། ཡང་ན་སྔགས་དེ་རྣམས་ལས་ལྷ་སོ་སོར་བསྒོམ་པའམ། སྔགས་དེ་རྣམས་ལས་རྡོ་རྗེ་སོགས་ཕྱག་མཚན་བཅུ་གཉིས་ཡོངས་སུ་གྱུར་པ་ལས་ལྷ་རྣམས་ཆོ་ག་གསུམ་གྱིས་བསྐྱེད་པའམ། ཡང་ན་གནས་སོ་སོར་ལྷ་རྣམས་དཀྲོང་བསྐྱེད་བྱའོ། །དེ་ཡང་ཡབ་རྣམས་ལ་ཡུམ་གྱིས་འཁྱུད་པ་དང་། ཡུམ་རྣམས་པར་རང་རང་གི་ཡབ་ཀྱིས་འཁྱུད་པ་འམ། ཡང་ན་ཡབ་ཡུམ་རྐྱང་བ་བསྐྱེད་པ་རྣམས་གང་རུང་བྱའོ། །གོ་ཆ་དགོད་པ་ལ་ཡང་དེ་བཞིན་དུ་བྱའོ། །ལག་པའི་པོལ་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར། གོ་ཆའི་སྔགས་སམ་ལྷ་བཅུ་གཉིས་གསལ་བར་གྱུར། ཡང་ན་འཁོར་ལོ་གསུམ་གྱི་ལྷ་ཚོགས་བསམ་མོ། །ལག་པའི་སའི་ཁམས་ནི་ལྟུང་བྱེད་མ། ཆུའི་ཁམས་ནི་གསོད་བྱེད་མ། མེའི་ཁམས་ནི་འགུགས་བྱེད་མ། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མ། ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་གྱི་ངོ་བོར་གྱུར་པར་བསམས་ནས། ལག་པར་གནས་པའི་ས་བོན་གྱི་ཡི་གེ་རྣམས་ལ་ལག་པ་གཡས་པས་ཁུ་བའི་རྫས་བྱིན་གྱིས་བརླབས་པ་བླངས་ནས་ལག་པ་གཡོན་པའི་ཕྱིན་ནང་ཀུན་ཏུ། ༀ་ཨཱཿཧཱུཾ། བརྗོད་ཅིང་ལ ན་གསུམ་དུ་བྱུག་ལ། དེ་བཞིན་དུ་ཆང་གིས་ཀྱང་བྱུག་སྟེ། ལག་པ་དཔའ་བོ་དང་རྣལ་འབྱོར་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ངོ་བོར་གྱུར་བར་བསམ་པ་འམ། ཡང་ན་འཁོར་ལོ་ལྔའི་ལྷ་ཚོགས་སུ་མོས་པར་བྱའོ། །དེ་ནས་ཕྱོགས་གཙང་མ་ཁྲུ་གང་ལ་སོགས་ཇི་ཙམ་འཚམ་པའི་རྒྱབ་ཕྱི་དོར་ལེགས་པར་བྱས་ལ། དེར་ལག་པ་གཡོན་པ་གཏད་པ་འམ་བཞག་ལ། ཞལ་བཞི་བའི་སྔགས་བརྗོད། དེ་ནས་བདུད་རྩི་རིལ་བུ་དྲི་ཞིམ་པོ་དང་སྦྱར་བའམ། བདུད་རྩི་ལྔ་གང་རྙེད་པ་རྣམས་ན་མཆོད་དང་བ་བྱུང་ལྔ་དང་སྦྱར་ལ་གཡོན་སྐོར་དུ་ཁྱོ་མ་མེད་པར་གྲུ་བཞིའི་རྣམ་པར་བྱུགས་ལ། དེའི་དབུས་སུ་ལག་པ་གཡོན་པ་བཞག་སྟེ། པུ་ཛ། ཨོ་ཨ། གོ་ར། དེ་མ། ཀཱ་ཨོ། ཏྲི་ཀོ ཀ་ལ། ཀ་ཧི། པྲེ་གྲྀ། སཽ་སུ། ན་སི། མ་ཀུ ༀ་པཱིཐཱ། ཨུ་བ་པཱི་ཐཱ། ཀྵེ་ཏྲ། ཨུ་པ་ཀྵེ་ཏྲ། ཙྪན་དོ་ཧ། ཨུ་པ་ཙྪན་དོ་ཧ། མེ་ལ་ཀ །ཨུ་པ་མེ་ལ་ཀ །ཤྨ་ཤཱ་ནི། ཨུ་པ་ཤྨ་ཤཱ་ནེ། ཞེས་བརྗོད་ནས། ས་གཞི་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་པའི་གནས་དང་། ཉེ་བའི་གནས་ལ་སོགས་པ་ས་དང་པོ་ལ་སོགས་པའི་རང་ཞིན་དུ་གྱུར་པར་མོས་ལ། དེ་ནས་ལྷ་ག ནས་མི་འཆོལ་ཁའི་ཕྱིར་དུ། རྩ་ཐིག་ཚུན་ཆད་ཇི་ཙམ་འཚམ་པའི་ཐིག་བཏབ་ལ། གཙོ་བོ་ཡབ་ཡུམ་དང་སྙིང་བོའི་རྣལ་འབྱོར་མ་བཞིའི་གནས་སུ། དྲི་བཟང་བོས་ཐིག་ལེ་གྲུ་བཞི་བ་རེ་དང་། ལྷ་གཞན་རྣམས་ཀྱི་གནས་སུ་ཟླུམ་པོ་རེ་བྱ་སྟེ། ༀ་ཨཱཿཧཱུྃ། བརྗོད་ཅིང་། མེ་ཏོག་གི་ཚོམ་བུ་རེ་དགོད་དོ། །ཚོམ་བུ་དེ་དག་ལྟར་བསྒོམ་པ་མ་ཡིན་གྱི། ཕྱིས་ལྷ་ལ་མེ་ཏོག་འབུལ་བའི་ཚེ་གནས་ངེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ནས་ཐོད་པ་ལ་སོགས་པའི་ནང་དུ། ནས་དང་། འོ་མ་དང་། མེ་ཏོག་དཀར་བོ་དང་། རྩྭ་ཀུ་ཤ་དང་། ཏིལ་དང་། བདུད་རྩི་ལྔ་དང་། འབྲས་ཡོས་དང་། དྲི་བཟང་བཏབ་པའི་ཆུ་བཞི་དང་། ཉེར་སྤྱོད་མོ་དང་བཅས་པ་ལ་སོགས་པའི་མཆོད་རྫས་རྣམས། འབྲུ་གསུམ་དང་། ཡི་གེ་བདུན་པ་དང་ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་དམ། ལན་བདུན་གྱིས་སྔགས་ལ། རང་གི་གཡོན་ངོས་སྣོད་གསུམ་དུ་ཆུ་བཞི། དེའི་མདུན་དུ་བཟེད་ཞལ་གསུམ་དང་བཅས་པ་བཞག །མེ་ཏོག་ལ་སོགས་པ་མདུན་བསྐྱེད་ཀྱི་གཡོན་ནས་འབུལ་བའི་རིམ་པ་བཞིན་དུ་བཤམ། རང་གིས་མདུན་དུ་རྡོར་དྲིལ། གཡས་སུ་ཅང་ཏེའུ། གཡོན་དུ་ཐོད་པ་ཆང་གིས་བཀང་བ་རྣམས་བཤམ་མོ། །གཏོར་མ་འབྱོར་ན། ཤ་དང་ཉ་ཤ་དང་སྒོག་པ་དང་། བཙོང་ལ་སོགས་པ་དང་བཅས་པའམ། མ་འབྱོར་ཇི་ལྟར་རྙེད་པ་བཤམ་མོ། །དེ་ནས་འབྲུ་གསུམ་དང་། ༀ་སུམྦྷ་ནི་ཞེས་སོགས་བརྗོད་ཅིང་ནང་མཆོད་གཏོར་མ་མཆོད་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། དེ་ནས་མདུན་བསྐྱེེད་སྒྲུབ་པ་ནི། སྔར་བཞིན་བསངས་སྦྱངས་སྟོང་བའི་ངང་ལས་སྐད་ཅིག་གིས་རླུང་གི་དཀྱིལ་འཁོར་སྔོན་པོ་ག ཞུ་ལྟ་བུ་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་མེའི་དཀྱིལ་འཁོར་ཁ་དོག་དམར་བོ་དབྱིབས་གྲུ་གསུམ་པ་ཞེས་པ་ནས་ལྕོགས་བརྒྱད་ཀྱི་ཉེ་བར་མཛེས་པ། ཞེས་ས་བོན་མེད་པར་སྐད་ཅིག་གིས་བསྐྱེད། དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་གི་ལྟེ་བར་ལྟེ་བ་དང་། ཚད་མཉམ་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་ནས་གེ་སར་སེར་བ། དེའི་སྟེང་དུ་དབྱངས་གསལ་གྱི་ཡི་གེ་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་ཅན། རང་གི་སྙིང་ཀ་ནས་ཧཱུྃ་ཡིག་དཀར་ལ་དམར་བའི་མདངས་ཅན་འཕྲོས་བ་སྣ་བུག་གཡས་པ་ནས་འཐོན་ཏེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་གྱུར་པར་བསམས་ལ། ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་དཔལ་འཁོར་ལོ་བདེ་མཆོག་གི་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྦྱན་དྲངས། ཧཱུྃ་ལ་ཐིམ། ༀ་ཨཱཿཧཱུྃ། ༀ་སརྦ་བཱི་ར་ཡོ་གི་ནཱི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་བཛྲ་ཤུངྔྷཿསརྦ་དྷ རྨཱ་བཛྲ་ཤུངྔྷོ྅ཧཾ། ཞེས་སྐད་ཅིག་མའི་སྔགས་གསུམ་བརྗོད་ནས། ཧཱུྃ་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དཔལ་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུས་གཅིག་ཏུ་གྲུབ་པ་ནི། མངོན་བྱང་ལྔ་བསྐྱེད་བསྡུས་པའོ། །དེ་ཡང་ཁང་བ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་བ་སྒོ་བཞི་བ་ཞེས་པ་ནས་འཁོར་གྱི་ལྷ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་འཕྲེང་བ་འཛིན་པ་ཞེས་སྒྲུབ་ཐབས་ལྟར་གསལ་གདབ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་བོ་ཞེས་པ་ནས་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར་ཅེས་གོ་ཆ་བགོ། ཕཻཾ་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། ཁཎྜ་རོ་ཧི་ཞེས་པ་ནས་དོན་གྲུབ་ཀྱིས་དབུ་བརྒྱན་བར་གྱུར་ཅེས་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་རྒྱས་གདབ་རྣམས་མདུན་བསྐྱེད་ལྟར་བྱ། བསྡུ་ན་གོ་ཆ་དང་དབུ་རྒྱན་རང་ཆས་སུ་གྲུབ་པར་བསམ་དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་བར་བསམས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །ཞེས་སོགས་མདུན་བསྐྱེད་ཀྱིས་སྐབས་ལྟར། ཆུ་བཞི་ཉེར་སྤྱོད་རོལ་མོ་རིག་མ་བཅུ་དྲུག་གདུགས་རྒྱལ་མཚན་བླ་རེ་རྒྱལ་སྲིད་སྣ་བདུན་དང་། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡང་དབུལ། དེ་ནས་ལག་པ་གཡོན་པས་དཀྱིལ་འཁོར་གྱི་དབུས་སུ། ༀ་ཨཱཿཧཱུྃ། ཞེས་གཙོ་བོ་ཡབ་ཡུམ་གཉིས་ལ་མེ་ཏོག་དབུལ། ཁ་ཅིག་སྤྱིར་མེ་ཏོག་དབུལ་ཞེས་གསུང་ངོ་། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྙིང་བོ་དང་། ཉེ་སྙིང་གིས་མེ་ཏོག་དབུལ་ལོ། །དེ་ནས་མཁའ་འགྲོ་མ་ནས་བཟུང་སྟེ། གཤིན་རྗེ་འཇོམས་མའི་བར་ལ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱིས་ལྷ་རང་རང་གི་གནས་སུ། ༀ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཞེས་པ་ནས། ༀ་ཡ་མ་མ་ཐཱ་ནེ་ཧུཾ་ཧཱུྃ་ཕཊ། ཞེས་པའི་བར་ལྷ་རང་རང་གི་སྔགས་ཀྱིས་མེ་ཏོག་དབུལ་ལོ། །དེ་ནས་ལག་པ་ལ་བཀོད་པའི་ལྷ་རྣམས་ལ། ༀ་ཧ་ཞེས་སོགས་བརྗོད་ཅིང་ལྷ་རང་རང་གི་གནས་སུ་ལག་པ་གཡས་པས་མེ་ཏོག་དབུལ་ལོ། །ལག་པའི་བོལ་ལ་ལྷ་རྫོགས་པར་བཀོད་པ་ཡིན་ན། ༀ་ཧཱུྃ་བཾ་རྀཾ་རཱྀཾ་ལྀཾ་ལཱྀཾ་ཀཾ་ཁཾ་ཞེས་པ་ནས་ཤཾ་ཥཾ་སཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པའི་བར་གྱི་མ་ཡིག་དོར་བ་རྣམས་བརྗོད་ལ་མེ་ཏོག་དབུལ། དེ་ནས་ལག་པ་གཡོན་པས་མེ་ཏོག་བཟུང་རྐང་བརྒྱད་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་དོར་ལ། གཡོན་པའི་དགུར་ཕྱག་རྒྱ་བཅས་ནས་གཡས་གཡོན་གྱི་དཔུང་མགོར་པད་ཀོར་བྱས་ཏེ། མགོ་བོར་ཐལ་མོ་སྦྱར་ནས་འདུད་པའི་ཚུལ་བྱས་པས། ལག་པའི་ལྷའི་འཁོར་ལོ་བདག་ཉིད་ལག་གཞུག་པར་བྱའོ། །དེ་ནས་སྔགས་མཆོད། བསྟོད་པ། རྒྱུན་བཤགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་བཟུང་། གཏོར་འབུལ། བཟླས་པ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། ཡིག་བརྒྱ། བཟོད་གསོལ། འདོད་གསོལ། སྨོན་ལམ་རྣམས་བྱའོ། །དེ་ནས་གཤེགས་སུ་གསོལ་བ་ནི། ༀ་ཡོ་ག་ཤུངྔྷཿསརྦ་དྷརྨཱ་ཡོ་ག་ཤུངྔྷོ྅ཧཾ། ཞེས་བརྗོད་ཅིང་རྣམ་ལྔ་འདོད་པའི་ཕྱོགས་སུ་བསྐོར་བ་བྱས་ལ། མཐར་འཁྱུད་པའི་ཚུལ་བྱས་ནས། ༀ་བཛྲ་མུཿཞེས་སེ་གོལ་གདབ་ཅིང་། སྲིན་ལག་གིས་མཎྜལ་གྱི་ཚོམ་བུ་ལ་རེག་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཞུ་ནས་ཧཱུྃ་དུ་གྱུར་ཏེ། རང་གི་སྣ་བུག་གཡོན་ནས་ཞུགས། སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་གྱུར་བར་བསམ། དེ་ནས་དཀྱིལ་འཁོར་གྱི་ཚོམ་བུ་རྣམས་དབུས་སུ་བསྡུས་ནས། ༀ་ཨཱཿཧཱུྃ། ཞེས་བཟླས་པའི་ཆུ་གཙང་མས་རི་མོ་རྣམས་བསུབས་ལ་རྗེས་མི་མངོན་པར་བྱའོ། །དེ་ནས་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་བྱས་ཏེ་མེ་ཏོག་གི་ཆར་དབབ་བར་བྱའོ། །གཉིས་པ་ལག་མཆོད་ནི། ཟས་ལ་ལོངས་སྤྱོད་བའི་ཚེ་སྤྱི་དང་། ཁྱད་པར་དུ་ཚོགས་ཀྱི་འཁོར་ལོ་སོགས་དང་། ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་ལག་མཆོད་བྱེད་པར་གསུངས་བས་དེའི་ཚུལ་ནི། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་ལ་སོགས་པའི་ཕྱི་མཆོད་དང་། ཤ་ཆང་སོགས་གོང་བུ་དང་། ཁུ་བའི་རྫས་ཅི་འབྱོར་བ་རྣམས་བྱིན་གྱིས་བརླབ། ཁྱད་པར་ཤ་ཆང་སོགས་ཀྱི་བཟའ་བཏུང་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ་མདུན་དུ་བཞག་ལ། ལག་པ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད། ༀ་ཨཱཿ་ཧཱུྃ། ཞེས་བརྗོད་ཅིང་། གཡོན་པ་ལ་བསང་གཏོར་བྱས་ལ། ལག་པ་མཉེ་པར་བྱའོ་ཞེས་པ་ནས། ལག་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་གྱུར་བར་བསམ། ཡང་ན་འཁོར་ལོ་ལྔའི་ལྷ་ཚོགས་སུ་མོས་པར་བྱའོ། །ཞེས་པའི་བར་སྔར་ལག་པ་སྦྱང་བའི་སྐབས་ལྟར་བྱས་པའི་རྗེས་སུ། ༀ་ཨཱཿཧཱུྃ། ཞེས་དང་། རྐང་བརྒྱད་ཀྱི་སྔགས་བརྗོད་ཅིང་། ཁུ་བའི་རྫས་ཐུག་པ་དང་། ཞོ་ལ་སོགས་པ་ལག་པ་གཡས་པས་གཡོན་པའི་སྟེང་དུ་བཞག་ལ་དབུལ། དེ་བཞིན་དུ་ཤ་དང་ཟན་ལ་སོགས་པ་གོང་བུའི་རྫས་རྣམས་ཀྱང་། ལག་པའི་ལྷ་ཡང་དབུལ། དེ་ནས། ༀ་ཧ་ༀ་ཨཱཿཧཱུྃ། ཞེས་སོགས་གོ་ཆའི་སྔགས་ལ་འབྲུ་གསུམ་བཏགས་པ་བརྗོད་ལ་ཆང་གིས་ཀྱང་མཆོད་དོ། །དེ་ནས་ཡབ་ཀྱི་གོ་ཆ་ལ་གཡས་སྐོར་དང་། ཡུམ་གྱི་གོ་ཆ་ལ་གཡོན་སྐོར་དང་། འཁོར་ལོའི་ལྷ་ལ་ཕྱོགས་གཡོན་དང་། མཚམས་གཡས་སྐོར་གྱིས་ཕུལ་ནས། ཉེར་སྤྱོད་དང་རིག་མ་བཅུ་དྲུག་གིས་ཀྱང་མཆོད་ལ། རྐང་བ་བརྒྱད་པ་སོགས་ཀྱིས་བསྟོད་ནས་ལྷག་ཆད་ཀྱི་ཉེས་པ་ཞི་བའི་ཕྱིར་དུ་ཧེ་རུ་ཀའི་ཡིག་བརྒྱ་བརྗོད་ལ། ཚོགས་དང་འབྲེལ་ན་དེ་བྱིན་གྱིས་བརླབ་པའི་དོན་དང་། སྐབས་གཞན་ཡིན་ན་སྐབས་དང་མཐུན་པར། འདོད་དོན་ལ་གསོལ་བ་གདབ་བོ། །ལག་པ་ལ་མཆོད་པའི་རྫས་དེ་རྣམས་ཕྱེད་ནི་ཚོགས་ཀྱི་བཟའ་བཏུང་ངམ། རང་ཟ་བའི་བཟའ་བཏུང་ལ་བསྲེ་ཞིང་། ཕྱེད་ནི་སྣོད་གཞན་ཞིག་ཏུ་བཅུག་སྟེ་བཞག་པར་བྱའོ། །ཕྱི་མ་ལྟར་བྱས་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད་པར་བླ་མ་ཁ་ཅིག་བཞེད་དོ། །དེ་ནས་ལག་པ་གཡོན་པ་ལ་གོས་པའི་རྫས་རྣམས་གཡས་པས་བསྡུས་ཏེ་གཡོན་པའི་ལག་མཐིལ་དུ་བཞག །དེ་ནས་གཡོན་པའི་མཐེབ་སྲིན་གྱིས་བཟུང་ནས། ༀ་ཨཱཿཧཱུྃ། ཞེས་རིམ་པ་བཞིན་སྙིང་ཀ་དང་། ལྕེ་དང་། མགོ་བོར་བྱུགས་ཏེ་པད་ཀོར་བྱས་ནས་མགོ་བོར་བཞག་ལ། ༀ་ཡོ་ག་ཤུད་དྷཱཿཞེས་སོགས་བརྗོད་པས་ལག་པའི་ལྷ་རྣམས་སྤྱི་བོ་ནས་ཞུགས་ཏེ། བདག་ཉིད་ལ་གཞུག་པར་བྱའོ། །ལག་པ་ལ་གོས་པའི་རྫས་ལྷག་མ་རྣམས་ལག་པ་ཕན་ཚུན་མཉེས་ལ་མགོ་དང་། ཡན་ལག་རྣམས་ལ་བྱུགས་ནས་སྲུང་བའི་མཆོག་ཏུ་འགྱུར་རོ་ཞེས་གསུང་ངོ་། །དེ་རྣམས་ནི་གཞུང་ནས་བཤད་པ་ལྟར་ཕྱི་རོལ་མཆོད་པ་སྒེར་དུ་བྱེད་པའི་དབང་དུ་བཏང་ལ། ལག་མཆོད་དང་སྦྲེལ་ན་གོང་གི་ལག་པའི་འཁོར་ལོ་བདག་ཉིད་ལ་གཞུག་པར་བྱའོ། །ཞེས་པའི་སྐབས་དེར་ལྷ་གཞུག་ཏུ་མི་རུང་བས་ཁྱད་པར་ཤེས་པར་བྱའོ། །ད་ལྟ་མདུན་བསྐྱེད་སྒྲུབ་ཚུལ་སྤྱི་ལྟར་བྱས་ནས། ཕྱི་རོལ་ལག་མཆོད་དང་བཅས་པ་མཛད་པའི་སྲོལ་འདུག་པ་ལྟར་བྱས་ན། གོང་གི་ལྷ་གནས་མི་འཆོལ་བའི་ཕྱིར་དུ་ཐིག་བཏབ་སྟེ་ཐིག་ལེ་དང་། དེར་ཚོམ་བུ་འགོད་པའི་སྐོར་རྣམས་ཅུང་མི་འབྲེལ་ཡང་། འབུལ་རྒྱུའི་མེ་ཏོག་གི་ཚོམ་བུ་རྣམས་སྟེགས་ཀྱི་ཁར་ལྷ་གནས་སོ་སོ་དང་མཐུན་པར་འགོད་དུ་རུང་སྙམ་སྟེ་བརྟག །ཕྱི་མཆོད་ཀྱི་དཀྱིལ་འཁོར་ཟུར་དུ་བསྒྲུབས་པ་མིན་པར་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་མཆོད་པའི་སྐབས་ལྷ་གཤེགས་གསོལ་བྱེད་དུ་མི་རུང་བས་ཡོ་ག་ཤུངྔྷཿ་ཞེས་སོགས་བརྗོད་མི་དགོས་ཏེ་ཁྱད་པར་ཤེས་པར་བྱའོ།། །།ཞེས་བདེ་མཆོག་ལཱུ་ཧི་བའི་བུམ་བསྐྱེད་མདུན་བསྐྱེད་ལག་མཆོད་དང་བཅས་པ་ལ་བསྟོད་པ་དང་ཤིས་བརྗོད་མདོར་བསྡུས་པ་གཉིས་རང་གི་བསྣན་ཏེ་བྲིས་པ་འདི་ནི། དད་དང་རྣམ་དཔྱོད་ལྡན་པའི་གོང་སོའི་དགེ་སློང་བློ་བཟང་བརྩོན་འགྲུས་ཀྱིས་དད་པས་འདི་རྣམས་པར་དུ་བསྒྲུབས་པའི་ཚེ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་བསྒྲིགས་པའོ།། །།ཀྲ་ཤིས།། །། |