འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ།― DKG080_Page_0059 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱརྱ་ཌཱ་ཀི་ནཱི་བཛྲ་པཉྫ་ར་མ་ཧཱ་ཏནྟྲ་རཱ་ཛཱ་ཀལྤ་ནཱ་མ། བོད་སྐད་དུ། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ། ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནམ་མཁའ་བེམས་བཅས་དང་བ་དང་། །གོ་སྐབས་མེད་དང་འབྱེད་པ་དང་། །སྣ་ཚོགས་རྡོ་རྗེའི་གཞི་གནས་ཁང་། །སེམས་ཅན་ཁམས་དང་ཡིད་འོང་དང་། །སེམས་ཅན་སྣོད་དང་འཇིག་རྟེན་དང་། །ས་དང་ས་འོག་བར་སྣང་དང་། །ཡིད་དང་ལུས་དང་ངག་དང་ནི། །གཅིག་དང་གཉིས་དང་མཁའ་བདེ་དང་། །དྲུག་དང་ལྔ་དང་དྲུག་གཉིས་དང་། །སྐྱེ་འགྲོ་རྣམས་ནི་བཞི་པོ་དང་། །གཅིག་གིས་ཉི་ཤུར་མ་ཚང་དང་། །ཁམས་གསུམ་མ་ལུས་པ་དང་ནི། །ཕ་དང་བུ་དང་མ་མོ་དང་། །ཕྱི་རོལ་དང་ནི་ནང་དང་ངམ། །བཙུན་མོ་ཀུན་དང་ཆོས་དང་ནི། །ཐམས་ཅད་ལས་དང་བདག་མེད་དང་། །འབྲས་བུ་རྒྱུ་དང་བྱ་བ་ཞེས། །བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་དང་། །དེ་བཞིན་ཀུན་གཞི་རྣམ་ཤེས་དང་། །ཆོས་ཀྱི་དབྱིངས་དང་མ་བྱུང་དང་། །མཁའ་ཡི་ཁམས་དང་རང་དབྱིངས་དང་། །བདག་མེད་པ་དང་བདག་ཅེས་དང་། །དངོས་པོ་མེད་དང་དངོས་མེད་མིན། །བདེ་བ་ཅན་དང་གྲུ་གསུམ་དང་། །ཨ་སྐྱེས་དང་ནི་སྐྱོན་བྲལ་དང་། །རྡུལ་བྲལ་དང་ནི་སྡིག་བཅོམ་དང་། །དབའ་རླབས་མེད་པའི་རང་བཞིན་དང་། །མཐར་ ― DKG080_Page_0060 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་ཞི་བའི་བདེ་རིག་དང་། །གསང་དང་མཆོག་དང་དགྱེས་པ་ལ། །སངས་རྒྱས་ཀུན་ཁྱབ་སེམས་དཔའ་ནི། །མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷ་ཡི་བདག་པོ་གཅིག་པུ་ཉིད། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འབུམ་ཕྲག་ལྔ་བདག་ཀྱེའི་རྡོ་རྗེ། །ལས་ནི་དཀྱིལ་འཁོར་ལྔར་གསུངས་པ། །རྡོ་རྗེ་ཅན་དང་ཕན་པ་དང་། །དེ་བཞིན་རྡོ་རྗེ་གཟི་བརྗིད་ཉིད། །པདྨ་གར་གྱི་དབང་ཕྱུག་དང་། །རྟ་བདུན་རྒྱལ་པོ་ལྔ་པོའོ། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དུ། །དཀར་མོ་རྐུན་མ་རོ་ལངས་མ། །གྷསྨ་རཱི་དང་པུཀྐ་སཱི། །རི་ཁྲོད་གདོལ་པ་གཡུང་མོའོ། །རྡོ་རྗེ་ཕན་པའི་དཀྱིལ་འཁོར་དུ། །སྐམ་པ་ཞགས་པ་ཉི་མ་དང་། །དོལ་ཟླུམ་མ་དང་ལྕགས་ཀྱུ་འཛིན། །མེ་ཏོག་མ་སོགས་མཚམས་ཀྱི་ཆར། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ། །ཉི་ལག་མ་དང་མར་མེ་མ། །རིན་ཆེན་སྒྲོན་མ་གློག་ལག་མ། །ལཱ་སྱ་ལ་སོགས་མཚམས་ཆར་རོ། །པདྨ་ཆོས་འབྱུང་ལྕགས་སྒྲོག་དང་། །འཁྱུད་མ་གར་གྱི་དཀྱིལ་འཁོར་དུ། །གླིང་བུ་མ་སོགས་མཚམས་ཀྱི་ཆར། །བདག་ཉིད་ཆ་བྱད་སྦྱོར་བས་སོ། །རྟ་ཡི་རྒྱལ་པོའི་དཀྱིལ་འཁོར་དུ། །རྡོ་རྗེ་སྒོ་ལྕགས་ལྡེ་ཀྱོག་མ། །སྒོ་མ་དང་ནི་གོས་འཛིན་མ། །དེ་བཞིན་མཚམས་སུ་སྤྱན་ལ་སོགས། །རྡོ་རྗེ་མཁའ་འགྲོ་དེ་རྣམས་ཀུན། །རྐང་པ་གཡོན་པ་བརྐྱང་བས་གནས། །སྙིང་གར་གཡོན་བཅངས་སྡིགས་མཛུབ་སྟེ། །ཁ་དོག་སྣ་ཚོགས་ཆེར་འབར་བའོ། །ཤིན་ཏུ་ཞེ་སྡང་ཞེ་སྡང་ཆེ། །གཽ་རཱི་ལ་སོགས་རབ་ཏུ་གྲགས། །ཤིན་ཏུ་གཏི་མུག་རྨོངས་ཆེན་ལས། །སྐམ་པ་མ་སོགས་ཆེར་བཟུང་ངོ་། །ཤིན་ཏུ་གཟི་བརྗིད་ཆེར་གསལ་བ། །ཉི་ལག་མ་སོགས་རབ་ཏུ་གྲགས། །ཤིན་ཏུ་འདོད་ཆགས་ཆགས་ཆེན་ལས། །པད་སོགས་ཆོས་ཀྱི་དཀྱིལ་འཁོར་དུའོ། །ཕྲག་དོག་ཆེན་པོ་སྒྲིབ་ཆེན་ལས། །སྒོ་ལྕགས་མ་སོགས་མྱུར་འགྲོ་བདག། རྒྱལ་བ་མགོན་པོ་ཕན་པ་ནི། །གཏི་མུག་ཐམས་ཅད་ཟད་པར་མཛད། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །རྣམ་པར་རྟོག་པའི་རབ་རིབ་འཕྲོག། རྟ་མགྲིན་འདོད་པ་ཆེན་པོ་ནི། །འདོད་ཆགས་ཅན་གྱི་བྱང་ཆུབ་སྟེར། །རྡོ་རྗེ་མགྱོགས་འགྲོ་ཕྲག་དོག་ཆེ། །ཐེག་པ་གཞན་ནི་རྣམ་པར་སྤངས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མི་བསྐྱོད་ཡེ་ཤེས་འབྱུང་བའི་གནས། །སྐྱེ་འགྲོ་མི་བཟད་མགྲོན་གཉེར་ཕྱིར། ། ― DKG080_Page_0061 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲིབ་པ་ལྔ་ནི་འཇོམས་པ་པོ། །དེ་བཞིན་གཤེགས་པའི་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེ་སྡང་གཏི་མུག་ང་རྒྱལ་དང་། །འདོད་ཆགས་སེར་སྣ་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེ་གཟུགས་ནི་དུ་མ་འཛིན། །ཤིན་ཏུ་སྡུག་པ་དྲག་པོ་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །འདི་མཁྱེན་རྡོ་རྗེ་ཅན་ཆེན་ནི། །རང་གིས་ཀྱེ་ཡི་རྡོ་རྗེར་འགྱུར། །ཤིན་ཏུ་སྟོང་པར་ཞེན་རྣམས་ཀྱི། །ཡོད་མིན་བརྟུལ་ཞུགས་འཛིན་རྣམས་ཀྱི། །སངས་རྒྱས་གཏི་མུག་སྤྱོད་དོན་དུ། །རྡོ་རྗེ་རྫོགས་པའི་སངས་རྒྱས་འགྱུར། །ཤིན་ཏུ་ང་རྒྱལ་གདུག་རྣམས་ཀྱི། །སྐྱེ་འགྲོའི་ང་རྒྱལ་ཟད་པར་མཛད། །རྡོ་རྗེ་ཉི་མ་བདག་ཉིད་རྒྱལ། །ང་རྒྱལ་ཆེན་པོའི་མུན་པ་འཇོམས། །བྱང་ཆུབ་ཆགས་བྲལ་ལས་སྐྱེས་སྤངས། །སེམས་ཅན་གང་ཞིག་བདེ་བྱེད་པ། །ཆགས་པས་བྱང་ཆུབ་རབ་གྲུབ་ཕྱིར། །པདྨ་གར་གྱི་དབང་ཕྱུག་གྱུར། །ཐམས་ཅད་མཁྱེན་པའི་ལམ་གནས་ཤིང་། །གང་ཞིག་ལམ་གཞན་ནས་འགྲོ་བ། །དེ་རྣམས་བྱང་ཆུབ་རབ་སྦྱིན་ཕྱིར། །རྡོ་རྗེ་མགྱོགས་འགྲོ་རང་གཙོ་བོ། །དབང་པོ་གང་དང་གང་ལམ་ཉིད། །དེ་དང་དེ་ཡི་ངོ་བོར་འགྲོ། །མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་འགྱུར། །གང་དང་གང་གི་དངོས་པོ་ཡིས། །སྐྱེས་པ་རྣམས་ཀྱིས་ཡིད་སྦྱོར་ལ། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་གཟུགས་ནོར་ཇི་བཞིན་ནོ། །གང་དང་གང་གིས་འདུལ་བ་ཡི། །སེམས་ཅན་འདུལ་བར་འགྱུར་བ་སྟེ། །དེ་དང་དེ་ཡི་རྣམ་པ་ཡིས། །ཆོས་ཀྱི་བཤད་པ་བྱ་བའོ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གིས། །སྐྱེ་བོའི་དྲི་མས་ནག་པོར་བྱས། །དེ་བས་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལ་ལོག་རྣམས་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱིས། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པར་རྒྱལ་བ་རྣམས་ཀྱིས་གསུངས། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་ ― DKG080_Page_0062 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་མྱུར་བར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་ཀྱིས་བསྒྲུབ་བྱ་དང་། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཐམས་ཅད་ཀྱི་རྣམ་པ་མཆོག་ཏུ་ཞི་བ་སེམས་ཅན་འཇུག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་ཁམས་གསུམ་ཐོབ། །རྣལ་འབྱོར་མ་ནི་རྡོ་རྗེ་གུར། །དམ་ཚིག་མཆོད་པ་ཡིད་འོང་བ། །འཁོར་ལ་རབ་ཏུ་བཀའ་སྩལ་པ། །གླུ་ནི་རྡོ་རྗེ་ཅན་ལ་འབུལ། །གར་ནི་སངས་རྒྱས་རྣམས་ལ་འབུལ། །ཧི་རཱ་མཆོག་ལ་དེ་བཞིན་དྲི། །འཇིག་རྟེན་རྗེ་ལ་བཟའ་དང་བཏུང་། །གོས་ཀྱིས་མཆོད་པ་རྟ་མཆོག་ལ། །འདི་རྣམས་དམ་ཚིག་དམ་པ་སྟེ། །རྡོ་རྗེ་མཆོད་པ་བྱས་པ་ཡི། །རྡོ་རྗེ་ཅན་ཀུན་མཉེས་པར་བྱེད། །ཨ་ཀ་རུ་ནག་ཀྱེ་རྡོ་རྗེ། །ཕན་པ་ལ་ནི་ཙནྡན་དཀར། །དམར་པོ་འཇིག་རྟེན་རྗེ་ལ་དབུལ། །ཁ་ཆེ་རྡོ་རྗེ་སྣང་བ་ལ། །བདུན་གྱི་རྒྱལ་པོ་ཐམས་ཅད་དེ། །ཧཱུྃ་རྡོ་རྗེ་ལས་བྱུང་བའི་དྲི། །འདི་རྣམས་དྲི་ཡི་རབ་སྦྱོར་བས། །དམ་པའི་སངས་རྒྱས་ཉིད་ཐོབ་བོ། །ཚ་བ་ཁ་བ་རྡོ་རྗེར་འབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་རབ་ཏུ་བརྟག་པར་བྱ། །ཀྱེ་ཡི་རྡོ་རྗེ་རྡོར་ཅན་གྱིས། །མེ་ཏོག་མདོག་གནག་རྐང་འཐུང་བྱུང་། །མལླི་ཀཱ་དང་མཱ་ལ་ཏི། །ཀུན་ད་རྟག་ཏུ་སངས་རྒྱས་འབུལ། །ཤིང་གི་དབང་མཆོག་དྲི་མེད་མདོག། སྣང་བྱེད་ལ་ནི་སྦྱར་བར་བྱ། །དབང་མཆོག་དམར་པོ་ཆུ་སྐྱེས་དང་། །བན་དྷུ་དམར་པོ་པ་ཏ་ལར། །པདྨ་གར་གྱི་དབང་ལ་འབུལ། །རྟ་མཆོག་རྡོ་རྗེ་ཅན་ལ་ཀུན། །རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །སྣང་བྱེད་ལ་ནི་ཁྲུ་ལྔ་ཉིད། །པདྨ་གར་དབང་དྲུག་པ་སྟེ། །ལྕགས་ཀྱི་རྒྱལ་པོ་དེ་བཞིན་བདུན། །བཟའ་ལ་རྡོ་རྗེ་ཉི་མ་ཡི། །ལམ་དུ་ལྕགས་ཀྱུ་མཆོག་གི་དང་། །གཉིད་ལ་སངས་རྒྱས་མགོན་པོ་ཡི། །ཤིན་ཏུ་བདེ་ལ་གར་དབང་གི། །གླུ་གར་དེ་བཞིན་རོལ་མོའི་སྒྲ། །ས་གཞི་ཡོངས་གཟུང་དུས་སུ་ནི། །རྡོ་རྗེའི་གཟུགས་སུ་བཞག་ནས་ནི། །བདག་གིས་རྣལ་འབྱོར་རབ་ཏུ་བསྒྲུབ། །རྡོ་རྗེའི་དབང་པོ་སྔོན་པོ་སྟེ། །ཟླ་བ་ཆུ་ཤེལ་ཐུབ་ཆེན་གྱི། །མཁར་ཕྱིན་སྐྱེས་པའི་མེ་ཏོག་དམར། །ནོར་བུ་དམར་རྒྱལ་མཁའ་ ― DKG080_Page_0063 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཛོད་ཀྱི། །པདྨ་རཱ་ག་སྤྱན་རས་གཟིགས། །རྟ་ཡིའང་མ་ར་ཀ་ཏ་སྟེ། །རིན་ཆེན་ལྔ་ཡི་རྡུལ་མཚོན་མཆོག། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་མཁའ་འགྲོ་མའི་རྡོ་རྗེ་གུར་འབྱུང་པོ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དམ་ཚིག་ཡང་དག་རབ་ཕྱེ་བ། །ཀུན་ཏུ་བཟང་པོའི་ས་བོན་བདག། དབང་པོ་སྔོན་པོ་ལྟ་བུའི་འོད། །ཕྱག་བཞི་འཇིགས་བྱེད་ཆེན་པོ་སྟེ། །མཛེས་པའི་ཁྲོ་བོ་ཡི་ནི་ལུས། །དབང་ལྡན་འབྱུང་པོ་མནན་པ་སྟེ། །གཡས་པས་རིགས་ཀྱི་བདག་པོ་ཉིད། །ལག་པ་གཡོན་པས་མི་ལྤགས་ཉིད། །གཉིས་པོ་དག་གིས་ཕྱག་རྒྱར་སྦྱོར། །ཞབས་གཡོན་བརྐྱང་བས་ཡང་དག་གནས། །ཅུང་ཟད་མཆེ་བས་འཇིགས་པར་བྱེད། །མགོ་བོའི་ཕྲེང་བའི་རྒྱན་མཆོག་སྟེ། །མགོ་འཛིངས་ཕྱེད་དུ་བཅིངས་པར་ནི། །རི་ཡི་རྩེ་མོར་བསྒོམ་པར་བྱ། །འབྱུང་པོ་འདུལ་བར་འགྲུབ་པར་འགྱུར། །གནོད་སྦྱིན་དུ་མ་འབྱུང་པོ་དང་། །གནོད་སྦྱིན་མོ་དང་ཀླུ་མོ་དང་། །མི་མོ་ལྷ་ཡི་མཛེས་མ་ནི། །སྒྲུབ་པ་པོ་ཡིས་ངེས་པར་འགྲུབ། །སྔགས་ནི། ཨོཾ་བྷཱུ་ཏ་ཌཱ་མ་ར་བྷཱུ་ཏཱ་དྷི་པ་ཏི་ཨཀྵོ་བྷྱ་ཀི་རཱི་ཊི་ན་སརྦྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙཱི་ན་སཱ་དྷ་ཡ་ཧཱུྃ་ཕཊ། དེ་ནས་རྡོ་རྗེ་ཆེན་པོ་རྡོ་རྗེ་ཅན་མཁའ་འགྲོ་མའི་རྡོ་རྗེ་གུར་སྟོབས་པོ་ཆེའི་ཏིང་ངེ་འཛིན་ལ་བཞུགས་སོ། །ཆར་ཆེན་རབ་ཏུ་དབབ་བྱ་སྟེ། །པདྨ་འདབ་མ་བརྒྱད་པ་བསམ། །དེར་ནི་ཀླུ་བརྒྱད་དགོད་པར་བྱ། །སྟོབས་པོ་ཆེ་ནི་རབ་སྦྱོར་བས། །དེ་རྣམས་རྔ་མ་ཡང་དག་མནན། །ཆར་མེད་སྟོབས་པོ་ཆེ་ལས་ནི། །ཆུ་ཡི་ཚོགས་ནི་དབབ་པར་བྱ། །ཁ་དོག་ནག་ཅིང་ཆེར་གསལ་བ། །འཇིགས་པ་ཡང་ནི་འཇིགས་པར་མཛད། །ཕྱག་བརྒྱད་ཞལ་ནི་བཞི་པ་སྟེ། །སྐར་ཉི་རྡོ་རྗེ་གདན་མཛད་པ། །ཕྱག་རྣམས་ཀྱིས་ནི་ཀླུ་བདག་རྣམས། །ཕུཿཞེས་བྱ་བའི་སྔགས་ཟློས་ཞིང་། །ཧཱུྃ་དག་ནང་དུ་ཆུད་བྱས་ཏེ། །ཕཊ་ནི་མཐའ་རུ་སྦྱར་བར་བྱ། །དང་པོའི་ཞལ་ནི་ནག་པོ་སྟེ། །གཉིས་པ་ཟླ་འོད་བཟང་པོ་ཉིད། །གསུམ་པ་སེར་པོའི་མདོག་ལྟ་བུ། །བཞི་པ་དམར་པོ་ཉིད་དུ་བརྗོད། །སྦྲུལ་གྱི་རྒྱན་གྱིས་ཡན་ལག་བརྒྱན། །རྡོ་རྗེ་སེམས་དཔས་རྣམ་པར་བརྒྱན། །ཀླུ་རྣམས་ཀྱིས་ནི་ཆར་དབབ་ཕྱིར། །སྟོབས་པོ་ཆེ་ནི་རབ་བསྒྲུབ་བྱ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་འཛིན་པ་རྡོ་རྗེ་གུར་སྨྲ་བ་པོས་ ― DKG080_Page_0064 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ཀྱི་དེ་ཁོ་ན་དབྱེ་བར་བྱའོ། །རྡོ་རྗེ་པདྨ་འོ་བྱས་དང་། །རི་དགས་བརྒྱན་པ་ཟོས་པ་དང་། །རྡོ་རྗེ་ཆུ་འཐུང་ནོར་ལྡན་པ། །སངས་རྒྱས་དེ་ཉིད་འདི་རིག་པ། །དག་པའི་གནས་ནི་གནས་ཆེན་པོ། །སངས་རྒྱས་ཀུན་གྱིས་རབ་གང་བ། །རྡོ་རྗེ་རིན་ཆེན་ཀུན་ཁྱབ་པ། །གང་གྱུར་ང་ཡིས་བཤད་པར་བྱ། །ཕན་པའི་གྲོང་ཁྱེར་ཡིད་འོང་བར། །མཁའ་འགྲོ་རྡོ་རྗེ་ལུ་གུ་རྒྱུད། །ཞེན་པ་ཆེན་པོ་སངས་རྒྱས་ཀུན། །ལྕགས་སྒྲོག་རྡོ་རྗེས་བཅིང་བར་བྱ། །དགའ་ལྡན་དུ་ནི་ལྡེག་པར་འགྱུར། །སངས་རྒྱས་རྣམས་ཀྱི་འདོད་པ་ཐོབ། །རྒྱལ་བ་མགོན་པོ་བྱམས་པ་ནི། །ཡེ་ཤེས་སྤྱན་གྱིས་རྣམ་པར་གཟིགས། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྒྱལ་པོའི་ཚོགས་རྣམས་བཅིང་བར་བྱ། །གང་ཞིག་དངོས་གྲུབ་མི་སྟེར་ན། །སྒྲོག་གིས་བཅིངས་ནས་དགུག་པར་བྱ། །རྡོ་རྗེ་ཀྱོ་བ་དཀར་མོ་ཆེ། །རྡོ་རྗེ་ཞགས་པ་ཆོམ་རྐུན་མ། །རྡོ་རྗེ་ལྕགས་སྒྲོག་རོ་ལངས་མ། །རྡོ་རྗེ་དྲིལ་བུ་གྷསྨ་རཱི། །སངས་རྒྱས་རྣམས་ནི་དབང་དུ་བྱེད། །བཟླས་དང་བསྒོམ་པ་མངོན་དགའ་བའི། །དངོས་གྲུབ་གལ་ཏེ་མི་སྟེར་ན། །དེ་ཚེ་མཁའ་འགྲོ་མ་བཞི་ཡིས། །སངས་རྒྱས་རྣམས་ནི་དྲག་ཤུལ་བསྒྲུབ། །དེ་ནས་རྡོ་རྗེ་འཛིན་གྱི་རྒྱལ་པོ་མཁའ་འགྲོ་མའི་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ནང་དུ་འབུམ་ཕྲག་ལྔ་བྲིས་པ་ཡང་དག་པར་བཤད་པར་བྱའོ། །སངས་རྒྱས་ཀྱི་ནི་དཀྱིལ་འཁོར་འབུམ། །རྡོ་རྗེ་ཅན་གྱི་དེ་བཞིན་འབུམ། །འབུམ་གྱིས་རྡོ་རྗེ་ཉི་མ་ཡི། །འབུམ་གྱིས་རྡོ་རྗེ་ཆོས་ཀྱིའོ། །འབུམ་ཕྲག་ཕྱེད་ཀྱིས་རྡོ་རྗེ་སྟེ། །འབྱུང་པོ་འདུལ་བ་སྟོང་ཕྲག་ལྔས། །ལྔ་ཡིས་ལས་ནི་རབ་རྒྱས་པ། །ལྔ་ཡིས་སངས་རྒྱས་གར་མཁན་ཉིད། །སྟོང་ཕྲག་སུམ་ཅུ་དག་གིས་ནི། །ཀུ་རུ་ཀུལླེ་བརྟག་པའོ། །ལྷག་མ་སྟོང་ཕྲག་ལྔ་ཡིས་ནི། ཆོ་གའི་རིམ་བརྒྱུད་ཀུན་གྱིའོ། །རྡོ་རྗེ་མཁའ་འགྲོ་ཀྱེ་རྡོ་རྗེ་ཡི། །འབུམ་ཕྲག་ལྔ་ནི་བྲིས་པའོ། །དེ་ནས་རྡོ་རྗེ་འཛིན་པ་བློ་དང་ལྡན་པ་མཁའ་འགྲོ་མ་རྡོ་རྗེ་གུར་སངས་རྒྱས་ཀྱི་གར་གྱི་ཏིང་ངེ་འཛིན་ལ་ཞུགས་སོ། །གར་དང་གླུ་ལ་རབ་ཞེན་པའི། །སེམས་ཅན་རྣམས་ནི་བསྡུ་བའི་ཕྱིར། །སངས་རྒྱས་གར་མཁན་རོལ་པ་མཛད། །སངས་རྒྱས་གར་མཁན་རྡོ་རྗེ་ཡིས། །འདོད་ཆགས་ཅན་གྱི་བྱང་ཆུབ་སྒྲུབ། །དེ་ནས་རྡོ་རྗེ་ཅན་འབྱུང་སྟེ། །མེ་ཏོག་སྙིམ་པས་རབ་སྦྱོར་བས། །སེམས་ཅན་ཀུན་ལ་ཕན་ལྡན་པའི། །དམ་ཚིག་དེར་ནི་ ― DKG080_Page_0065 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤད་པར་བྱ། །སེམས་ཅན་ཇི་སྙེད་པ་རྣམས་སེམས་ཅན་དུ་བསྡུ་བས་བསྡུས་པ་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། གཟུགས་ཅན་རྣམས་སམ། གཟུགས་མེད་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་མེད་པ་ཅན་ཉིད་རྣམས་སམ། འདུ་ཤེས་མེད་པ་པ་རྣམས་སམ། སེམས་ཅན་དེ་རྣམས་ཐམས་ཅད་བདག་གིས་ཀྱང་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་དགོད་པར་བྱའོ། །དམ་ཚིག་ཆེ་བཤད་དེ་ནས་ནི། །ཟུར་མིག་མི་གཡོ་མངོན་བྱུང་སྟེ། །མི་བསྐྱོད་ཡེ་ཤེས་བརྙེས་ལྡན་པའི། །སྟོན་པ་ལ་ནི་རྣམ་པར་སྨོད། །ཅི་ཁྱོད་དམ་ཚིག་ཧཱུྃ་ཞེས་བྱ། །ཐུབ་པ་ཆེན་པོ་གཞུ་ཅན་ཡིན། །ང་མིན་སྙིང་རྗེའི་སྟོབས་དཔལ་ལྡན། །བདག་སྟོབས་བཅོམ་པ་མིན་ནམ་ཅི། །ཅི་ཁྱོད་དམ་ཚིག་ཨོཾ་ཞེས་བྱ། །ཁྱོད་ནི་ཚངས་པ་ཐུབ་པ་རྣམས། །ང་མིན་རྣམ་པར་སྣང་མཛད་དཔལ། །ཁྱོད་ནི་མེ་བཅོམ་འདོད་པ་བྲལ། །ཅི་ཁྱོད་དམ་ཚིག་ཨཱཿཞེས་བྱ། །མངའ་བདག་མཁའ་ལྡིང་མཁྱེན་ནམ་ཅི། །ང་མིན་པདྨ་གར་དབང་དཔལ། །ཁྱོད་ནི་གར་མཁན་ཉེར་བཞད་མཁན། །ཅི་ཁྱོད་དམ་ཚིག་ཏྲཱྃ་ཞེས་བྱ། །ཁྱོད་ནི་གདུགས་ཏེ་ཚ་བ་འཕྲོག། ང་མིན་རྡོ་རྗེ་ཉི་མ་དཔལ། །གདུགས་ཀྱི་རྣམ་ཁྱོད་ཇི་ལྟར་མིན། །ཅི་ཁྱོད་དམ་ཚིག་ཁྃ་ཞེས་བྱ། །ཁྱོད་ནི་མཁའ་སྟོང་རང་བཞིན་ནོ། །ང་མིན་རྡོ་རྗེ་མགྱོགས་འགྲོ་ཡིན། །ཁྱོད་ནི་རྟ་སྟེ་ཕ་རོལ་འགྲོ། །ཅི་ཁྱོད་དམ་ཚིག་སྙིང་རྗེ་འཆང་། །ཨེ་མ་ཆང་འཚོང་མཛེས་མའོ། །མི་གཡོ་བདག་མིང་མཱ་མ་ཀཱི། །ཞང་པོའི་གྲོང་ཁྱེར་འཛིན་ནམ་ཅི། །ཅི་ཁྱོད་དམ་ཚིག་ཞི་བ་ཉིད། །བུད་མེད་གཡོ་སྒྱུ་འཛིན་ནམ་ཅི། །བདག་ནི་མ་ཡིན་ལྷ་མོ་སྤྱན། །སྤྱན་ཡིན་ན་ནི་གཡོ་དང་བཅས། །ཅི་ཁྱོད་དམ་ཚིག་འདོད་ཆགས་ཆེ། །སྨད་འཚོང་མ་ལ་སྨྲར་ཅི་ཡོད། །བདག་མིང་ལྷ་མོ་དཀར་མོའོ། །ཇི་ལྟར་དྲི་མ་དཀར་བ་ཡིན། །ཅི་ཁྱོད་དམ་ཚིག་དབང་བྱེད་ཚེ། །བཙུན་མོའི་ཕོ་ཉ་མིན་ནམ་ཅི། །བདག་མིང་ཟུར་མིག་སྒྲོལ་མའོ། །སྒྲོལ་མ་མིག་ནི་བཅོམ་པ་ཡིན། །མིག་གཡོན་བདག་ནི་ནོར་ལྡན་དཔལ། །དེ་ལྟར་ངོ་ཚ་མེད་པས་ལེགས། །ངོ་ཚ་མེད་པས་སངས་རྒྱས་མིན། །མཐོང་དང་མི་མཐུན་མྱུར་དུ་སྨྲོས། །དེ་ནས་རྡོ་རྗེ་མིག་ཡོན་པོ། །སྨོད་པ་ ― DKG080_Page_0066 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོས་ནི་རབ་གསུངས་པ། །རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །ཐུབ་པ་རྣམ་པར་སྣང་མཛད་རྨོངས། འདོད་ལ་ཞེན་པ་འཇིག་རྟེན་བདག། སེར་སྣ་རྡོ་རྗེ་སྣང་བྱེད་དེ། །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །སྒོང་སྐྱེས་མངལ་ནས་སྐྱེས་པ་འམ། །དྲོད་གཤེར་སྐྱེས་དང་མཐའ་འཁོབ་བཞིན། །གཟུགས་ཅན་རྣམས་སམ་གཟུགས་མེད་དམ། །རྫུས་ནས་སྐྱེས་པ་ཉིད་དང་ནི། །ཐམས་ཅད་སངས་རྒྱས་བྱའོ་ཞེས། །ཁྱོད་ཀྱིས་དང་པོ་གསུངས་པ་ལ། །ཁྱོད་ཉིད་སངས་རྒྱས་གྱུར་ནས་ནི། །དེ་རྣམས་ཇི་ལྟར་རྒྱལ་མ་མཛད། །དེ་ཉིད་ཕྱིར་ན་བརྫུན་གསུངས་པ། །མངའ་བདག་ཇི་ལྟར་འདི་མ་གསུངས། །སེམས་ཅན་བསླུས་ན་ཁྱོད་ཀྱི་གང་། །སངས་རྒྱས་ཉིད་དེ་ངོ་མཚར་རྨད། །འཆི་བདུད་ཚེ་འམ་མུ་གེ་འམ། །ཕས་ཀྱི་འཁོར་ལོའི་གནོད་པ་དང་། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །ཆར་མེད་པ་དང་ཞི་བ་ལ། །སྔགས་དང་བསྒོམ་པར་ལྡན་པར་ནི། །གང་ཞིག་བདག་ནི་རྟག་རོལ་པ། །དེ་ཡི་མདུན་དུ་བདག་འདུག་སྟེ། །དེར་ནི་བརྫུན་དུ་མི་འགྱུར་རོ། །སློབ་དཔོན་ལྔ་དང་ལྷ་མོ་བཞི། །མི་གཡོ་བདག་ཉིད་སྨོད་པའོ། །དཀྱིལ་འཁོར་ཁང་པའི་གནས་ཉིད་དུ། །སངས་རྒྱས་གར་མཁན་རོལ་པ་མཛད། །ཁམས་གསུམ་དེ་བཞིན་རྩ་བ་འམ། །མ་དག་པའི་ཡང་རྒྱན་རྣམས་ཀྱིས། །སངས་རྒྱས་རྣམས་ཀྱི་གར་མཁན་གར། །བདེ་བ་དགའ་བར་བྱེད་དང་བཅས། །ཆོས་འབྱུང་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་དམ་ཚིག་གླུ་ཡིས་དང་། །རྡོ་རྗེ་རྐང་པའི་གོམ་པས་གར། །མཐར་ནི་རྫ་རྔ་ལཱ་སྱ་སོགས། །ཕྱག་རྒྱ་ཆེན་པོ་རབ་སྟེར་བའི། །འདི་ཉིད་འདིར་ནི་ཆེར་གསང་ངོ་། །རྡོ་རྗེ་སེམས་དཔའི་བཀའ་ཇི་བཞིན། །རབ་ཏུ་འབད་པས་བསྲུང་བར་བྱ། །གླུ་སྣ་ཚོགས་དང་རོལ་མོའི་སྒྲ་དང་གར་དང་འདུལ་བར་འཇུག་པ་དང་ཆར་དབབ་པ་དང་མི་གཡོ་བའི་བདག་ཉིད་ཆེ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ། འབྱུང་པོའི་གཏོར་མ་གསུངས་པ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོར་ནི་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་དུ་ ― DKG080_Page_0067 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནོར་སྦྱིན་དགོད་པར་བྱ། །མེར་ནི་བྱིན་ཟ་ཆེན་པོ་ཉིད། །བདེན་བྲལ་མཚམས་སྐྱོང་དེ་བཞིན་ནོ། །རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཟླ་ཉི་ཚངས་པ་ལ་སོགས་དང་། །ཚངས་པའི་རིས་ནི་དམ་པ་དང་། །ཚངས་པའི་མདུན་ན་འདོན་ཉིད་དང་། །དགའ་ལྡན་འཐབ་བྲལ་གནས་པ་དང་། །རྒྱལ་པོ་ཆེན་པོར་གྱུར་པ་དང་། །གཞན་འཕྲུལ་དབང་སྒྱུར་ཉིད་དང་ནི། །གང་ཞིག་འཕྲུལ་དགའི་གནས་རྣམས་དང་། །གཙང་མའི་གནས་སུ་གང་གནས་དང་། །བདེ་བ་ཅན་དུ་འདུག་པ་དང་། །འོག་མིན་དུ་ནི་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་དང་། །དེ་ཀུན་སྟེང་དུ་གནས་པར་བྱ། །ཆོས་འབྱུང་ནང་དུ་སོན་པ་ནི། །སྟོབས་ཀྱིས་རྒྱུ་དང་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མིན་དམྱལ་བ་སེམས་ཅན་རྣམས། །ཆོས་ཀྱི་འབྱུང་གནས་འོག་ཏུའོ། །ཨོཾ་ལས་ཚངས་པ་ལ་སོགས་ལྷ། །ཧཱུཾ་ལས་མ་ཆགས་པ་ལ་སོགས། །ཨཱཿལས་སྟོབས་ཀྱིས་རྒྱུ་ལ་སོགས། །ལག་གཉིས་གདོང་གཅིག་ལྡན་པ་སྟེ། །སྟེང་གི་ལྷ་རྣམས་དཀར་པོ་ཆེ། །དབང་པོ་ལ་སོགས་ནག་པོར་མཚུངས། །སྟོབས་ཀྱིས་རྒྱུ་སོགས་དམར་པོ་ཆེ། །རང་མཚུངས་རིག་མ་ལུས་སྤྲད་ལྡན། །རྡོ་རྗེ་དྲིལ་བུས་ལག་པ་བྲེལ། །གཡས་བརྐྱང་བས་ནི་སྟན་ལ་གནས། །ཚངས་སོགས་རྟག་པས་ཕྱག་རྒྱས་གདབ། །མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཡིས། །སྟོབས་ཀྱིས་རྒྱུ་སོགས་གར་དབང་གིས། །ཐམས་ཅད་རིགས་གསུམ་ལས་སྐྱེས་པའོ། །དཀར་མོས་དགུག་པར་བྱས་ནས་ནི། །ཆོམ་རྐུན་མས་ནི་ཞགས་པས་བཅིངས། །རོ་ལངས་མས་ནི་སྒྲོག་བཅིངས་ལ། །གྷསྨ་རཱིས་ནི་དྲིལ་བུས་དབབ། །དེ་ནས་མཆོད་ཡོན་ཞབས་བསིལ་དབུལ། །སྔགས་ནི་འདི་ཡིས་བསང་གཏོར་བྱ། །ཨོཾ་ཨཱཿཧཱུཾ། ཕྱི་ནས་འཐོར་འཐུང་དབུལ་བར་བྱ། །སྔགས་ནི་འདི་ཡིས་གཤེགས་སུ་གསོལ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། ཧྲྀ་ད་ཡམྨེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་ ― DKG080_Page_0068 ―
[མ་དཔེ་གཟིགས་ན་འདིར་གནོན།]
པྲ་ཡཙྪ། སརྦ་ཀཱརྻེཥུ་མེ་ཙིཏྟཾ་ཤྲི་ཡ༔ ཀཱཀུ་རུ་ཧཱུྃ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱྃ་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿམུཿདེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་རྡོ་རྗེ་མིང་གི་ཏིང་ངེ་འཛིན་ལ་བཞུགས་ཏེ་རྡོ་རྗེ་མིང་ཕྱེ་བའོ། །མིང་གི་དབང་གི་དུས་སུ་ནི། །སློབ་མ་བདག་ཉིད་དབང་བསྐུར་བྱ། །རྡོ་རྗེ་མིང་གིས་དབང་བསྐུར་བ། །སྐྱེས་པ་འདིར་ནི་སངས་རྒྱས་ཉིད། །བཞད་པའི་རྡོ་རྗེ་དང་། སྒེག་པའི་རྡོ་རྗེ་དང་། མཛེས་པའི་རྡོ་རྗེ་དང་། རོལ་པའི་རྡོ་རྗེ་དང་། ཤིན་ཏུ་དགའ་བའི་རྡོ་རྗེ་དང་། ཤིན་ཏུ་དགའ་བའི་མྱུ་གུའི་རྡོ་རྗེ་དང་། པདྨ་རྡོ་རྗེ་དང་། པདྨ་མྱུ་གུ་རྡོ་རྗེ་དང་། ཨ་ལ་ལ་རྡོ་རྗེ་དང་། པདྨ་ལྕགས་ཀྱུ་རྡོ་རྗེ་དང་། ཡེ་ཤེས་རྡོ་རྗེ་དང་། ཡིད་བཞིན་ནོར་བུ་རྡོ་རྗེ་དང་། ཡན་ལག་མེད་པའི་རྡོ་རྗེ་དང་། ཤེས་རབ་མྱུ་གུའི་རྡོ་རྗེ་དང་། སྙིང་རྗེ་མྱུ་གུའི་རྡོ་རྗེ་དང་། དམ་པར་དགའ་བའི་རྡོ་རྗེ་དང་། ཤིན་ཏུ་བདེ་བར་དགའ་བའི་རྡོ་རྗེ་དང་། སྤྱན་རས་གཟིགས་ཀྱི་རྡོ་རྗེ་དང་། འབེབས་པའི་རྡོ་རྗེ་དང་། ནམ་མཁའི་རྡོ་རྗེ་དང་། ཤེས་རབ་རྡོ་རྗེ་དང་། ཕ་རོལ་ཕྱིན་པའི་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་ནི་དག་པའི་གནས་སུ་ཕྱག་རྒྱ་ཆེན་པོ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མིང་འདི་རྣམས་ཡིན་ནོ། །བུད་མེད་རྣམས་ཀྱི་འབྱུང་སྟེ། རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་མཚོན་ཆ་མ་དང་། རྡོ་རྗེ་ཨེ་མའོ་བདེ་མ་དང་། རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་འཁྲིས་ཤིང་དང་། རྡོ་རྗེ་མགྱོགས་མ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་བསྐོར་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་ལཱ་སྱ་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་འཁྱུད་མ་དང་། རྡོ་རྗེ་ཕྱེ་མ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་འབྱུང་མ་དང་། རྡོ་རྗེ་ཆེན་མོ་དང་། རྡོ་རྗེ་འདོད་ཆགས་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཀོང་ཀ་ཎཱ་དང་། རྡོ་རྗེ་ལཱ་མཱ་དང་། རྡོ་རྗེ་དབུགས་དབྱུང་མ་དང་། རྡོ་རྗེ་རྣམ་པ་མ་ནི་མཁའ་འགྲོ་མ་རྣམས་ཀྱིའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་དུ་གྱུར་པ། ཀྱེ་ཡི་རྡོ་རྗེ་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་ཆེན་པོ་དང་ནི་རང་བྱུང་དང་། །རྡོ་རྗེ་ཨརླི་སྐེམས་པའི་ཁྲོ་བོ་དང་། །དེ་བཞིན་དུ་ཡང་རྡོ་རྗེའི་ ― DKG080_Page_0069 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྲོ་བོ་ཉིད། །རྡོ་རྗེ་བདུད་རྩི་བདུད་རྩི་ཐབ་སྦྱོར་དང་། །ཧེ་རུ་ཀ་དང་སྙིང་རྗེའི་སྟོབས་ཉིད་དོ། །རྟག་པ་དང་ནི་གཏི་མུག་རྡོ་རྗེ་དང་། །རྣམ་པར་སྣང་མཛད་དང་ནི་ཐམས་ཅད་སྐྱོབ། །སྒྱུ་འཕྲུལ་དང་ནི་དེ་ནས་ཨོཾ་མཛད་དང་། །སྐུ་ཡི་རྡོ་རྗེ་རབ་ཏུ་གྲགས་པ་དང་། །ས་སྙིང་དང་ནི་གཏི་མུག་ཆེན་པོ་དང་། །གཤིན་རྗེའི་གཤེད་དང་ཐོ་བའི་དབང་ཕྱུག་དང་། །དེ་བཞིན་གཤེགས་དང་ཤཱཀྱ་ཐུབ་པ་དང་། །སངས་རྒྱས་ཞེས་བྱར་རབ་ཏུ་གྲགས་པའོ། །རྡོ་རྗེ་ཉི་མ་དེ་ནས་རིན་ཆེན་བདག། དེ་བཞིན་དུ་ཡང་རིན་ཆེན་རྒྱལ་པོ་ཉིད། །རྡོ་རྗེ་གཟི་བརྗིད་དང་ནི་རྒྱལ་པོ་ཆེ། །རྡོ་རྗེ་བདུད་ཟིལ་གནོན་དང་སྣང་བྱེད་དོ། །རྟ་མགྲིན་དང་ནི་འཇིག་རྟེན་བདག་པོ་དང་། །རྡོ་རྗེ་ཆོས་དང་སྤྱན་རས་གཟིགས་དང་ནི། །པདྨ་གར་དབང་དང་ནི་འདོད་ཆགས་དང་། །འཇིག་རྟེན་མགོན་པོར་རབ་ཏུ་གྲགས་པའོ། །དམ་པའི་རྟ་དང་རྟ་ཡི་རྒྱལ་པོ་དང་། །བདུན་གྱི་རྒྱལ་པོ་དེ་ནས་ལྕགས་རྒྱལ་དང་། །དམ་ཚིག་རྡོ་རྗེ་དང་ནི་རྟ་མཆོག་དང་། །དེ་བཞིན་དུ་ཡང་ལས་ཀྱི་རྡོ་རྗེ་ཉིད། །དོན་ཡོད་དང་ནི་དོན་གྲུབ་རྒྱལ་པོ་དང་། །རྡོ་རྗེ་མགྱོགས་འགྲོར་རབ་ཏུ་གྲགས་པའོ། །རྡོ་རྗེ་སེམས་དཔའ་དེ་ནས་རྡོ་རྗེ་ཅན། །རྣམ་པར་རྒྱལ་བ་ཕྱག་ན་རྡོ་རྗེ་དང་། །དཔེ་མེད་རོ་མཉམ་ཤིན་ཏུ་དགའ་བ་དང་། །དམ་པ་དང་པོ་བདེ་བ་ཆེན་པོའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དམ་ཚིག་སེམས་དཔའ་ནོར་བུ་ནི། །འདི་རྣམས་རིགས་ནི་དྲུག་ཏུ་བརྗོད། །འདོད་པའི་ཐར་པ་རབ་སྒྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གྱི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཉིད། །སྒྱུ་མའི་བརྟག་པ་གཉིས་པ་སྟེ། །རྡོ་རྗེ་གར་ནི་གསུམ་པའོ། །བཞི་པ་སྣ་ཚོགས་བརྟག་པ་སྟེ། །རྡོ་རྗེ་བརྟག་པ་ལྔ་པའོ། །བརྟག་པ་དྲུག་པ་སྟོབས་པོ་ཆེ། །བརྟག་པ་བདུན་པ་མི་གཡོ་མགོན། །བརྒྱད་པ་གཟུངས་ཀྱི་བརྟག་པ་སྟེ། །མཁའ་འགྲོ་ཀུ་རུ་ཀུལླེ་དགུ། །བཅུ་པ་འདུལ་བའི་བརྟག་པ་སྟེ། །རྣམ་པར་སྣང་མཛད་བཅུ་གཅིག་ལ། །དངོས་གྲུབ་བརྟག་པ་བཅུ་གཉིས་པ། །སྒྲོལ་མའི་བརྟག་པ་བཅུ་གསུམ་པ། །རྡོ་རྗེ་ཕག་མོ་བཅུ་བཞི་པ། །བཅྭ་ལྔ་པ་ནི་གཟི་བརྗིད་ཆེ། །བདག་མེད་བརྟག་པ་བཅུ་ ― DKG080_Page_0070 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲུག་པ། །གཤིན་རྗེ་གཤེད་ཀྱི་བཅུ་བདུན་པ། །ཧཱུྃ་མཛད་ཀྱི་ནི་བཅྭ་བརྒྱད་པ། །དབྱངས་ཅན་གྱི་ནི་བཅུ་དགུ་པ། །སྦྱིན་སྲེག་བརྟག་པ་ཉི་ཤུ་པ། །རབ་གནས་ཉི་ཤུ་རྩ་གཅིག་པ། །དཀྱིལ་འཁོར་ཆེན་པོའི་བརྟག་པ་ནི། །ཉི་ཤུ་རྩ་ནི་གཉིས་སུ་འདོད། །གཏོར་མའི་བརྟག་པ་ཉི་ཤུ་གསུམ། །ཉི་ཤུ་བཞི་པ་སྟ་གོན་གནས། །མངོན་པར་རྟོགས་པ་ཉི་ཤུ་ལྔ། །དེ་བཞིན་ཕྱག་རྒྱ་ཉི་ཤུ་དྲུག། བྱེད་པ་ཉི་ཤུ་རྩ་བདུན་པ། །གླུ་ནི་ཉི་ཤུ་རྩ་བརྒྱད་པ། །གར་གྱི་དབང་ཕྱུག་བརྟག་པ་ནི། །སུམ་ཅུར་གཅིག་མེད་སུམ་ཅུ་པ། །བརྟག་པ་སུམ་ཅུ་པར་ནི་བཤད། །སྟོང་ཕྲག་སུམ་ཅུའི་གྲངས་ཀྱིས་ནི། །མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །འབུམ་ཕྲག་ལྔ་ཡི་རྒྱ་མཚོ་ཆེ། །ཀྱེ་ཡི་རྡོ་རྗེ་འཆང་གི་ནི། །རྒྱུད་ནི་ཨེ་མ་རྒྱས་བསྟན་པ། །འབུམ་ཕྲག་ལྔ་བདག་ཀྱེ་རྡོ་རྗེ། །དག་པའི་སྙིང་པོ་ཡོངས་སུ་བཟུང་། །རྡོ་རྗེ་མཁའ་འགྲོས་གསུངས་པ་སྟེ། །འདི་ནི་རྒྱུད་ཀྱི་དེས་པའོ། །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོར་རྒྱལ་བ་རྣམས་ཀྱིས་བཤད། །ཕྱི་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་བཟུང་ཕྱིར་རོ། །བཅོམ་ལྡན་འདས་ཇི་ལྟར་ན་སྤྲོས་པ་ལས་བསྡུས་པ་ལགས། བསྐལ་པ་བཟང་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་དང་། སོ་སོའི་སྐྱེ་བོ་རྣམས་ཚེ་ཐུང་བར་འགྱུར་ན། ཇི་ལྟར་ན་དེ་རྣམས་འཛིན་པར་འགྱུར། ཇི་ལྟར་ན་དེ་རྣམས་ཐོས་པར་འགྱུར། ཇི་ལྟར་ན་དེ་རྣམས་སེམས་པར་འགྱུར། བཅོམ་ལྡན་འདས་ཇི་ལྟར་ན་སྐྱེ་བོ་ཕལ་པ་ཚེ་ཐུང་བར་འགྱུར། རྡོ་རྗེ་འཛིན་པས་བཀའ་སྩལ་པ། རེ་ཞིག་གང་དག་སློབ་དཔོན་རྣམས་སུ་འགྱུར་བ་དེ་རྣམས་རྩ་བའི་ལྟུང་བ་འབྱུང་བར་འགྱུར་བ་དང་། གང་དག་སྤྱོད་པ་པོ་དེ་རྣམས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པར་འགྱུར་བ་དང་། གང་དག་སོ་སོའི་སྐྱེ་བོ་དེ་རྣམས་སྲོག་ཆགས་གསོད་པར་འགྱུར་བ་དང་། གང་དག་བུད་མེད་ཀྱི་ཚོགས་རྣམས་གཅིག་ཏུ་འདོད་པ་ལ་ཞེན་པར་འགྱུར་བ་སྟེ། དེའི་ཕྱིར་རྒྱུད་རྣམས་ཐམས་ཅད་རྒྱས་པར་བསྟན་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་པའི་རྡོ་རྗེ་གསུང་ཐོས་ནས་མཉེས་པར་འགྱུར་ཞིང་དགྱེས་པ་བརྙེས་ནས་ཚིག་འདི་གསུངས་པ། སྙིང་རྗེ་ཆེན་པོ་ཀྱེའི་རྡོ་རྗེ། །ད་ནི་དུར་ཁྲོད་ཆུ་འགྲམ་ ― DKG080_Page_0071 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། །ནགས་ཚལ་སྐྱེ་བོ་མེད་གྲོང་དུ། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །མཚོ་སྐྱེས་རྣམ་པའི་འགྲམ་ཡིད་འོང་། །སྐུ་གདུང་ཟབ་མོའི་མཆོད་རྟེན་དང་། །རྐང་འཐུང་རློན་པའི་འོག་ཏུ་ནི། །ང་ནི་སངས་རྒྱས་དངོས་གྲུབ་སྟེར། །ཚོང་དུས་ཚོང་རྡལ་ཉིད་དང་ནི། །ཚོང་དུས་རྣམ་པའི་ཁྱིམ་དུ་ནི། །རྡོ་རྗེ་ཉི་མ་བསྟན་པ་ང་། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །གླུ་གར་རབ་ཏུ་འཆིང་བ་དང་། །ཆང་འཚོང་མ་ཡི་ཁྱིམ་དུ་ནི། །འདི་ལྟར་པདྨ་གར་མཁན་ང་། །བསྙེན་བཀུར་ཅན་ལ་དངོས་གྲུབ་སྟེར། །རྟག་ཏུ་འགྲོ་མགྱོགས་ཞོན་འགྱུར་དང་། །རེས་འགའ་ལམ་དུ་འགྲོ་བ་ན། །རྟ་ནི་དོན་ཡོད་བསྟན་པ་ང་། །དངོས་གྲུབ་རྡོ་རྗེ་རྣམ་སྟེར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཆེན་པོ་མཁའ་འགྲོ་མ་རྡོ་རྗེ་གུར་ཕྱག་རྒྱ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕྱག་རྒྱ་དང་ཕྱག་མཚན་ཡང་དག་པར་བཤད་པ། སྐུ་གསུང་ཐུགས་ཀྱི་བརྟག་པ་ལས། །ཕྱག་རྒྱ་རྣམ་གསུམ་ཤེས་པར་བྱ། །སྐུ་ལ་ལག་པའི་ཕྱག་རྒྱ་ཡིན། །སྔགས་བཟླས་པ་ལས་ངག་ཕྱག་རྒྱ། །སེམས་ལ་མཚན་མའི་ཕྱག་རྒྱ་ཡིན། །དེ་ཉིད་བསམ་གཏན་དཀྱིལ་འཁོར་ལའོ། །ལག་པའི་གཡས་ན་སྐམ་པ་སྟེ། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །མཁའ་འགྲོ་སྐམ་པ་མ་འཇིགས་མ། །གདུག་པ་རྣམས་ཀྱི་འཁོར་བ་འདོན། །གཡས་པའི་ལག་ན་ཞགས་པ་སྟེ། །གདུག་པ་རྣམ་བཅིངས་རྣམ་པར་དགུག། དེ་འདི་ཞགས་པ་མ་ཞེས་བྱ། །གཡོན་པས་གདུག་པ་སྡིགས་མཛུབ་མ། །གཡས་ན་ཉ་རྒྱ་ཟླུམ་པོ་སྟེ། །གདུག་པ་རྣམས་ནི་དཀྲི་བར་འདོད། །འདི་ནི་རྟག་ཏུ་དོལ་ཟླུམ་བཤད། །གཡོན་པས་གདུག་པ་སྡིགས་མཛུབ་མཛད། །ལག་པ་གཡས་པར་ལྕགས་ཀྱུ་སྟེ། །གདུག་པ་རྣམས་ནི་དགུག་པར་འདོད། །འདི་དེ་རྡོ་རྗེ་ཀྱོ་མར་བཤད། །གཡོན་པས་བདུད་ལ་སྡིགས་མཛུབ་མ། །ལག་པ་གཡས་པས་ཉི་མ་སྟེ། །གཏི་མུག་མུན་པ་རྣམ་པར་དྲལ། །གཡོན་པས་སྡིགས་མཛུབ་མར་ནི་བཤད། །དེ་ནི་རྡོ་རྗེ་ཉི་མར་བརྗོད། །ལག་གཡས་མར་མེའི་སྡོང་སྣོད་དེ། །དེ་བཞིན་གཡོན་པར་སྡིགས་མཛུབ་བོ། །འདི་དེ་རྡོ་རྗེ་མར་མེར་བཤད། །རྣམ་པར་རྟོག་པའི་རབ་རིབ་འཇོམས། ། ― DKG080_Page_0072 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལག་པ་གཡས་ན་རིན་པོ་ཆེ། །སེམས་ཅན་རྣམས་ལ་སྦྱིན་པ་སྟེར། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །རིན་ཆེན་སྒྲོན་མ་འདི་རབ་བརྗོད། །གློག་ནི་ལག་པ་གཡས་པ་སྟེ། །རྣམ་པར་རྟོག་པའི་ཆུ་འཛིན་འཇོམས། །དེ་འདི་གློག་ལག་མར་ཤེས་བྱ། །དེ་བཞིན་གཡོན་པས་སྡིགས་མཛུབ་མ། །ལག་པ་གཡས་པར་པདྨ་སྟེ། །པདྨའི་འདོད་ཆགས་བརྗོད་པར་བྱ། །གཡོན་པས་སྡིགས་མཛུབ་མ་ཉིད་དེ། །འདི་ནི་མཁའ་འགྲོའི་པདྨར་བརྗོད། །གཡས་པར་བྷ་གའི་པདྨ་སྟེ། །བདེ་བ་ཆེན་པོ་རྣམ་པར་འཕེལ། །གཡོན་ན་སྡིགས་མཛུབ་མཛད་མ་སྟེ། །འདི་ནི་ཆོས་འབྱུང་མར་ནི་བརྗོད། །གཡས་པའི་ལག་ན་ལྕགས་སྒྲོག་སྟེ། །བྱང་ཆུབ་ཞེན་པས་ཀུན་འཆིང་བ། །གཡོན་ན་སྡིགས་མཛུབ་འཛིན་མ་སྟེ། །འདི་ནི་རྡོ་རྗེ་སྒྲོག་མར་བརྗོད། །སངས་རྒྱས་རྗེས་ཆགས་འཆིང་བ་ཡིས། །བདག་ཉིད་འཁྱུད་པར་འདོད་པ་སྟེ། །བྱང་ཆུབ་ཆགས་པས་རབ་སྒྲུབ་མ། །དེ་འདི་རྡོ་རྗེ་འཁྱུད་མར་བཤད། །གཡས་པའི་ལག་ན་སྒོ་ལྕགས་ཏེ། །ཡེ་ཤེས་ཀུན་གྱི་སྲུང་བ་མོ། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །འདི་དེ་རྡོ་རྗེ་སྒོ་ལྕགས་བརྗོད། །གཡས་པའི་ལག་ཏུ་ལྡེ་ཀྱོག་སྟེ། །ཡེ་ཤེས་བླངས་ནས་གཅོད་པ་མོ། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །འདི་དེ་རྡོ་རྗེ་ལྡེ་ཀྱོག་བརྗོད། །གཡས་པའི་ལག་ཏུ་སྒོ་མོ་ནི། །ཡེ་ཤེས་སྐྱེས་པ་མ་སྤངས་པ། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །འདི་ནི་རྡོ་རྗེ་སྒོ་མར་བརྗོད། །ལག་པ་གཡས་པར་ཡོལ་བ་ནི། །རང་མཚུངས་བཙུན་མོ་སྲུང་བ་ཉིད། །གཡོན་ན་སྡིགས་མཛུབ་འཛིན་པ་མོ། །རྡོ་རྗེ་ཡོལ་བ་མར་ནི་བརྗོད། །དེ་འདི་སངས་རྒྱས་ཐམས་ཅད་ཀྱི། །མཁའ་འགྲོ་མ་ནི་དམ་པའི་ཚོགས། །མཁའ་འགྲོ་ལྔ་ནི་རབ་བསྒྲུབ་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་མཁའ་འགྲོ་མའི་རྡོ་རྗེའི་གསུང་ཐོས་ནས་ངོ་མཚར་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་ཕྱག་རྒྱ་འཕྲོག་པ་འདི་ཅི་ཉི་ཚེ་བའི་དམ་ཚིག་ཕྱག་རྒྱ་འཕྲོག་པ་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས། འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ན་རྡོ་རྗེ་ ― DKG080_Page_0073 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངེས་པར་བརྗོད་པ་ཞེས་བྱ་བའི་ལུང་བསྟན་པ་ཡོད་དེ་འདི་ནི་དེའི་ཡིན་ཏེ། ཌཻ་བཻ་ཧ་ཡ་ས་ག་མ་ནེའི་སྐད་ཀྱི་དབྱིངས་འདིར་རྣམ་པར་བརྟགས་པ་སྟེ། ཐམས་ཅད་ཀུན་ཏུ་ནམ་མཁའ་སྤྱོད་པར་གྲུབ་པས་འདི་ནི་མཁའ་འགྲོ་མར་རབ་ཏུ་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་ཚིག་འདི་ཐོས་ནས་དགའ་བ་དང་མགུ་བ་ཉེ་བར་སྐྱེས་པར་འགྱུར་བ་དང་ཚིག་འདི་གསོལ་པ། ཨེ་མ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་ཀུན་ལས་ནི་ཕྱི་མ་དང་། །རྟོགས་སླ་རྟོགས་པར་དཀའ་བ་དང་། །རིག་དང་མི་རིག་པ་ཉིད་པའོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐུལ་བའི་ཕྱིར་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་ལ་རྡོ་རྗེ་གུར་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར་ཇི་ལྟར་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མ་རྣམས་ཀྱིས་བསྡུ་བ་ཡིན། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་མཐའ་ཡས་པ་ངས་སྲིད་པ་ལས་བསྒྲལ་བར་བྱའོ་ཞེས་སྨོན་ལམ་སྔོན་དུ་འགྲོ་བའི་བྱང་ཆུབ་གང་དུ་རྡོ་རྗེ་འཛིན་པས་གསུངས་ན། ཅིའི་ཕྱིར་ན་སྲོག་ཆགས་རྣམས་གསད་པ་དང་། གཅིག་ཏུ་འདོད་པའི་བཙུན་མོ་རྣམས་སྤངས་ལགས། ལྟ་བ་རྣམས་ལས་ལོག་རྣམས་དང་། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །མཁའ་འགྲོ་མ་ཡི་རྒྱུད་བཤད་དོ། །བདེ་བའི་ཐབས་ནི་མདོར་བསྡུས་པ། །གཞུང་ཉུང་དོན་ནི་རྒྱས་པ་སྟེ། །བློ་དམན་རབ་ཏུ་སད་བྱེད་པ། །རྒྱུད་ཀུན་གྱི་ནི་སྙིང་པོར་ངེས། །སྔགས་རྣམས་ཀྱི་ནི་ཁྱད་པར་དུའོ། །རྡོ་རྗེ་ངེས་པར་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འདི་ནི་བཤད་པ་ཙམ་གྱིས་ནི། །བདག་མེད་རྣལ་འབྱོར་མ་ཉིད་ཀྱིས། །སྔོན་དུ་གར་གྱིས་མཆོད་བྱས་ནས། །རང་གི་འཁོར་ལོ་འདི་གསུངས་པ། །སངས་རྒྱས་རྡོ་རྗེ་སེམས་དཔའ་དང་། །གལ་ཏེ་རྡོ་རྗེ་ཆོས་དང་ནི། །རྟ་མཆོག་རྡོ་རྗེ་ཉི་མ་ཡང་། །བདག་གིས་སྤངས་ན་མི་འགྲུབ་སྟེ། །ང་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱི་གཟུགས་ཀྱིས་སྐྱེད་པར་བྱེད། །དེ་རྣམས་ཀྱི་ནི་མཛེས་མ་ང་། །དེ་ལ་ང་ནི་དངོས་གྲུབ་སྟེར། །མིག་སྨན་དང་ནི་རྐང་བྱུག་ ― DKG080_Page_0074 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། །རལ་གྲི་ས་འོག་བསྒྲུབ་པ་དང་། །རིལ་བུ་མཁའ་ལ་སྤྱོད་པ་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །རིག་འཛིན་འཁོར་ལོས་སྒྱུར་ཉིད་དང་། །བུ་མོ་དམ་པ་དགུག་པ་ནི། །བདག་མཉེས་པས་ནི་སྒྲུབ་པ་པོས། །དངོས་གྲུབ་རྡོ་རྗེ་རྣམས་འཐོབ་བོ། །སྤྲོས་པ་རྣམ་པ་མང་པོར་ནི། །སྨྲས་པས་འདིར་ནི་ཅི་ཞིག་བྱ། །བདག་སྤངས་ངེས་པར་མི་འགྲུབ་ཅིང་། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །གང་ཞིག་རྟག་ཏུ་བདག་དྲན་ཞིང་། །རྟག་ཏུ་ཀློག་ཅིང་སེམས་པ་དང་། །སྔགས་ཀྱི་ཕྲེང་བ་བཟླས་པ་དང་། །ང་ཡི་སྐུ་ནི་སྒོམ་བྱེད་པ། །གལ་ཏེ་སྒྱུ་མའི་ཚུལ་གྱིས་སམ། །གལ་ཏེ་རྨི་ལམ་འདྲ་བར་བལྟ། །ཤིན་ཏུ་བསྒོམ་པའི་རིམ་པ་ལས། །མངོན་སུམ་དུ་ནི་མཐོང་བར་འགྱུར། །གཟུགས་བརྙན་རབ་ཏུ་སྦྱོར་བ་ལས། །དེ་ཡི་དངོས་གྲུབ་སྦྱིན་པར་བྱ། །རྡོ་རྗེ་པདྨ་རབ་སྦྱོར་བས། །ཤིན་ཏུ་བདེ་ཆེན་སྦྱོར་བ་ལས། །གང་ཞིག་བདག་ལ་འདོད་སྟེར་བ། །ལུས་ཅན་དེ་ལ་སྨོས་ཅི་དགོས། །གང་ཞིག་ཉི་མ་གཅིག་བསྒོམ་པ། །རྡོ་རྗེའི་མཆོད་པའི་སྦྱོར་བ་ལས། །ཤེས་རབ་ཕ་རོལ་ཕྱིན་དངོས་གྲུབ། །སྟེར་དེ་འདི་ལ་ཐེ་ཚོམ་མེད། །བདག་ཉིད་ཧེ་རུ་ཀར་བྱས་ཤིང་། །རང་གི་བཙུན་མོ་རང་བསྒོམས་ནས། །གང་ཞིག་རྣལ་འབྱོར་ཆེར་འདོད་པ། །དེ་རྣམས་ལ་ནི་ང་མཉེས་འགྱུར། །འདོད་པའི་ཡོན་ཏན་ལྔ་ལྡན་ཞིང་། །སྤྲོ་བ་དགའ་བར་ལྡན་པ་དང་། །གླུ་གར་རོལ་སྒྲའི་རྣམ་པ་དང་། །འདོད་ཀུན་བདེ་བ་སྤྲོ་བ་དང་། །སྣ་ཚོགས་སྒེག་པར་ལྡན་པ་དང་། །སྣ་ཚོགས་རོ་ཡི་བཏུང་བ་དང་། །སྣ་ཚོགས་གོས་ནི་རི་མོ་ཅན། །སྣ་ཚོགས་དྲི་ཡི་བྱུག་པ་ཡིས། །གང་ཞིག་བདག་དང་རྟག་ཉལ་བ། །དེ་ཡི་དངོས་གྲུབ་སྟེར་བ་ང་། །ཕྱག་རྒྱ་ཆེན་པོའི་གནས་ན་འདུག། དེ་ཡི་འདོད་པ་མ་གྱུར་ཏོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། གང་ཞིག་འདིས་ང་སྐུལ་བར་བྱེད་པའི་རྒྱལ་བའི་སྲས་དེ་རྣམས་ཀྱི་ལག་ཏུ་བུད་མེད་ཀྱི་སྒྱུ་མའི་བདེ་བ་ཡང་དག་པར་གནས་ཀྱིས་འདུག་གོ། །རྡོ་རྗེ་མ་ནི་ཤར་དུ་སྦྱིན་པར་བྱའོ། །ལྷོ་ཕྱོགས་སུ་ནི་དཀར་མོའི་གཟུགས་ཅན་མའོ། །ནུབ་ཕྱོགས་སུ་ནི་ཆུའི་མཁའ་འགྲོ་མའོ། །བྱང་དུ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ང་དབུས་སུ་བཞག་སྟེ་སྙིང་པོ་དང་བཅས་པའི་དཀྱིལ་འཁོར་དུ་གང་ཞིག་བསམ་པར་ ― DKG080_Page_0075 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་པ་དེའི་བདག་མཛེས་མ་སྟེ། ཕྱག་གཉིས་མ་ཞལ་གཅིག་མའོ། །གྲི་གུག་དང་སྐྱེས་པའི་ཐོད་པས་བྲེལ་བ། སྟག་གི་པགས་པ་བགོས་པ། སྤྱན་གསུམ་པ། སྐྲ་གྱེན་དུ་བརྫེས་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཤར་གྱི་སྒོར་ནི་དཀར་མོ་ཆེན་མོའོ། །ལྷོར་ནི་ཆོམ་རྐུན་མའོ། །ནུབ་ཕྱོགས་ཀྱི་སྒོར་ནི་ཆུ་མའོ། །དེ་བཞིན་དུ་བྱང་དུ་ནི་གྷསྨ་རཱིའོ། །དབང་ལྡན་དུ་ནི་པུཀྐ་སཱིའོ། །འཚེད་པའི་མཚམས་སུ་ནི་རི་ཁྲོད་མའོ། །སྲིན་པོའི་ཕྱོགས་སུ་ནི་གདོལ་པ་མོའོ། །རྟག་ཏུ་འགྲོ་བར་ནི་གཡུང་མོའོ། །འདི་རྣམས་ནི་མཚམས་དང་མཚམས་བྲལ་དུ་སྦྱིན་ནོ། །གང་ཞིག་བདག་རབ་ཏུ་སྒོམ་པར་བྱེད་པ་དེའི་ལག་མཐིལ་དུ་ཕྱིན་པའི་དཔལ་སུས་ཀྱང་དབྲོག་པར་མི་ནུས་སོ། །ཐམས་ཅད་ཀྱང་ཁ་དོག་ནག་པོར་མཚུངས་པ་རབ་ཏུ་སོན་པའི་སྟེང་དུ་གར་དང་བཅས་པ་ཁྲོ་མོ་ཆེན་མོ་དཔའ་མོ། གཡོན་ཁ་ཊྭཱྃ་ག་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཅན་མཁའ་འགྲོ་མའི་རྡོ་རྗེ་གུར་མཆོག་ཏུ་དགའ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རིག་མའི་དབང་ཡང་དག་པར་བཤད་པ། རང་གི་རིག་མ་སྐྱེས་བུའི་ཆུས། །བུམ་པ་བརྒྱད་པོ་ཐམས་ཅད་ཀྱིས། །རྡོ་རྗེ་ཐུགས་ནི་རབ་བསྒོམས་པས། །རྡོ་རྗེ་ཅན་བསམ་དབང་བསྐུར་བྱ། །རྡོ་རྗེ་ཉི་མ་རབ་བསྒོམས་པ། །དེར་ནི་དབུ་རྒྱན་སྦྱིན་པར་བྱ། །ཐམས་ཅད་སྔོན་སྦྱིན་དེས་བསམས་རྣམས། །རྡོ་རྗེའི་ཚིགས་བཅད་སྦྱོར་བ་ལས། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །སྙིང་གར་རང་གི་ལག་པས་བྱ། །སློབ་མ་འཇིག་རྟེན་དབང་ཕྱུག་བྱས། །རྡོ་རྗེ་སེམས་དཔས་དབང་བསྐུར་བྱ། །སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ནི་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །བཟང་བསྒྲུབ་ཕྱིར་ནི་རྡོ་རྗེ་བཟུང་། །སློབ་མ་ལྕགས་མཆོག་ལྷ་མོ་ནི། །སྒྲོལ་མས་འཁྱུད་པར་བསམ་པར་བྱ། །ལག་པས་རྡོ་རྗེ་དྲིལ་འཁྲོལ་ཞིང་། །རྡོ་རྗེ་བདག་པོས་དབང་བསྐུར་བྱ། །ཨོཾ་བཛྲཱ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སློབ་མ་རྣམ་སྣང་བྱས་ནས་ནི། །མིང་གིས་ཀྱང་ནི་དབང་བསྐུར་བྱ། །ཨོཾ་བཛྲ་སཏྭ་ཏྭམ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ། ཀྱེ་ཆེ་གེ་མོ་རྡོ་རྗེ། གང་གང་ཀུན་གྱི་རང་གཙོར་གྱུར། །དེ་དེ་བདག་ཉིད་ཧེ་རུ་ཀ། སངས་རྒྱས་ཡེ་ཤེས་འབྱུང་བའི་ཕྱིར། །ཆོས་ཀྱི་རང་བཞིན་དག་པའོ། ། ― DKG080_Page_0076 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྡོ་རྗེ་སྙིང་པོ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ས་མ་ཡ་སྟྭཾ་ཨེ་ཥོ་ཧྃ་ཏྭ་དྷ་ར་ཡཱ་མི་ཧཱི་ཧི་ཧི་ཧི་ཧི་ཧི་ཧཱུྃ། ཀུན་ཀྱང་ཆོ་ག་གཅིག་པ་ཡིས། །རྟག་ཏུ་བླ་མེད་མཆོད་པས་ནི། །སློབ་མ་རྡོ་རྗེ་བརྟུལ་ཞུགས་སྦྱིན། །ཕྱིས་ནི་རྡོ་རྗེ་ལག་ནས་ལག། སེམས་དཔའ་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་ཆེན་པོ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག། རྡོ་རྗེ་སྙིང་པོའི་བདག་པོའི་བདག། ཡང་ན་དེ་རིང་དྲིལ་བུ་སྦྱིན། །ཤེས་རབ་ཕ་རོལ་ཕྱིན་སྐྱེས་པའི། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །རྒྱལ་བས་བྱང་ཆུབ་མཆོག་བརྗོད་པ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །དབུགས་འབྱིན་ཐམས་ཅད་བྱིན་ནས་ནི། །ཤཱཀྱ་ཐུབ་པར་རང་གྱུར་པས། །སློབ་མ་ཆེན་པོ་ལུང་བསྟན་ཏེ། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཁྱོད་ནི་འཆི་འཇིགས་མྱ་ངན་མེད། །དེ་བཞིན་ནད་དང་ཚ་བ་མེད། །བདེ་ཆེན་ཐེག་པ་ཆེན་པོ་ནི། །འདི་ལས་ང་ཡིས་ལུང་བསྟན་བུ། །ཨོཾ་ཨེ་ཥོ་ཧྃ་བྱཱ་ཀ་རོ་མི་ཏྭྃ་བཛྲ་སཏྭ་ཏ་ཐཱ་ག་ཏ། སྲིད་པའི་ངན་འགྲོ་ལས་བསྒྲལ་ཏེ། །ཤིན་ཏུ་སྲིད་པའི་དངོས་གྲུབ་ཕྱིར། །ཀྱེ་འགྲུབ་འགྱུར་དེ་བཞིན་གཤེགས་པ་ཡི། །མིང་ནི་རྡོ་རྗེ་ཞེས་བྱར་འགྱུར། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རིག་མ་ཆེན་མོའི་དབང་གི་དམ་ཚིག་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེ་སྟོན་པ་པོས། དམ་ཚིག་རྡོ་རྗེ་ཞེས་བྱ་བ་བཏོན་ཏེ། ཚིག་འདི་སྐད་བཀའ་སྩལ་པ། བླ་མ་རྡོ་རྗེ་རྣམས་མཆོད་ཅིང་། །བདུན་པོ་རྣམ་པར་དག་པར་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། །ཆོས་ཀྱི་འབྱུང་གནས་རྣམ་པར་བསྒོམ། །དེ་ལ་སངས་རྒྱས་གནས་བསམས་ནས། །རྣམ་པ་ལྔ་ནི་བསྒོམ་པར་བྱ། །དང་པོ་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་པར་ཞུགས་པ་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། །མིག་ལ་སོགས་པ་གཏི་མུག་སོགས། །རྡོ་རྗེ་གསུམ་ ― DKG080_Page_0077 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་གནས་གསུམ་དགོད། །ཕྱི་ནས་རྗེས་ཆགས་རྡོ་རྗེ་སྟེ། །ཡེ་ཤེས་རྣམ་པར་གཞུག་པ་དང་། །དབང་ནི་རིག་མ་བརྒྱད་རྣམས་ཀྱི། །ཡང་ནི་བདུད་རྩི་མྱང་བ་དང་། །ལྷ་མོ་བརྒྱད་ཀྱིས་མཆོད་པ་ཉིད། །འཁོར་ལོའི་འདྲེན་པ་བསྟོད་པའོ། །རང་བྱིན་རླབས་པས་བྱིན་བརླབས་ཏེ། །དེ་ལ་ཡན་ལག་དྲུག་བསྒོམ་བྱ། །ཕྱི་ནས་ཡང་ནི་དམ་ཚིག་གི། །ཆོ་གའི་གོ་རིམས་རིམ་པ་ཡིས། །མཚན་མ་ཡང་དག་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་ཡིན། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་འགྱུར་བ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །མ་ལུས་ལུས་པ་མེད་པ་འགྲུབ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ཅན་རྣམས། །ཡེ་ཤེས་ཕུང་པོའི་བློ་ལྡན་པ། །དེ་ཡི་རྗེས་སུ་ཐམས་ཅད་འབྲང་། །ཇི་སྲིད་སྐྱེ་གནས་ལས་བྱུང་བ། །ཁམས་གསུམ་ལམ་ནི་ཉམས་དགའ་བར། །ཕྱག་རྒྱ་ཆེན་པོ་རབ་སྦྱར་བས། །དེ་རྣམས་ཐམས་ཅད་བཟའ་བར་བྱ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །ཚིག་གི་རྡོ་རྗེ་རྣམ་ཐོས་ནས། །དགའ་ཞིང་རངས་པར་གྱུར་ནས་ནི། །སྨྲ་བའི་རྡོ་རྗེ་མཛད་པར་ལྡན། །རིག་མ་ཆེན་མོ་བདག་མེད་དང་། །རྡོ་རྗེ་རྣམ་སྣང་མངའ་བདག་དང་། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་དང་། །རྟ་མཆོག་ཐུབ་པ་ཆེན་པོ་དང་། །རྡོ་རྗེ་ཉི་མ་གཟི་བརྗིད་ཆེ། །རྟ་མགྲིན་མངའ་བདག་ཆེན་པོ་ནི། །སྐུ་གསུང་ཐུགས་ནི་ཉིད་དང་ཡང་། །ལུས་ཀྱི་གོང་བུ་འགུལ་བར་འགྱུར། །ལན་ཅིག་རྒྱལ་པོ་སྟོན་པ་ཡིས། །འཕྲལ་དུ་མངོན་སུམ་བྱེད་པ་པོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་སྐུ་གསུམ་མཆོག་གི་རྡོ་རྗེ་འཛིན་པ་ཆེན་པོ་མཉམ་པ་ཉིད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཚིག་འདི་སྐད་གསུངས་སོ། །མ་མོའི་དཀྱིལ་འཁོར་ལ་བཞུགས་པ། །ཞལ་བརྒྱད་པ་ལ་སྟོབས་པོ་ཆེ། །ཕྱག་ནི་བཅུ་དྲུག་རྣམས་དང་ལྡན། །དབང་པོ་སྔོན་པོ་མཚུངས་པའི་འོད། །གཟི་བརྗིད་ཆེན་ ― DKG080_Page_0078 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་ཞབས་བཞི་པ། །སྒེག་ཅིང་ཁྲོ་བའི་གཟུགས་ཅན་ཏེ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན། །དང་པོའི་ཞལ་ནི་ནག་པོ་སྟེ། །དཀར་པོ་དམར་པོས་རྣམ་པར་བརྒྱན། །ལྷག་མའི་ཞལ་ནི་བུང་བ་བཞིན། །བདུད་བཞི་མཉམ་པར་མནན་པ་སྟེ། །སྤྱི་བོར་རྡོ་རྗེ་འཛིན་པ་མཆོག། དེར་ནི་རྡོ་རྗེ་མདོག་ནག་པོ། །འོད་ཟེར་ཆེན་པོའང་བསྒོམ་པར་བྱ། །དབང་བསྐུར་བ་ཡི་གནས་ཉིད་དུ། །སངས་རྒྱས་ལྔས་ནི་རྣམ་པར་བརྒྱན། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ས་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་དུ་ནི། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །དྲོད་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྐྱེས་བུ་ཆེན་པོ་བཞེངས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཏི་མུག་རྡོ་རྗེ་མིག་ལ་དགོད། །ཞེ་སྡང་རྡོ་རྗེ་རྣ་བ་ལ། །སེར་སྣ་འདོད་ཆགས་དེ་བཞིན་དུ། །རེག་དང་བདག་མེད་བསྒོམ་པར་བྱ། །ཕྱག་གཉིས་ཞལ་ནི་གཅིག་པ་ཡིན། །སྣ་ཚོགས་གཟུགས་མ་བཙུན་མོ་ཉིད། །ལག་པ་གྲི་གུག་ཐོད་པས་བྲེལ། །སྲོག་སོང་དུ་ནི་ཡང་དག་གནས། །ས་སྤྱོད་མཁའ་སྤྱོད་མ་ཉིད་དང་། །དེ་བཞིན་རྐང་འོག་གནས་པ་མོ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །གནས་གསུམ་དུ་ནི་གནས་པར་བསྒོམ། །ཨོཾ་མཛད་རྒྱལ་པོ་ཆེན་པོ་ནི། །སྐུ་ཡི་རྡོ་རྗེ་རྣམ་པར་བརྒྱན། །ཐུགས་ཀྱི་རྡོ་རྗེ་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའི་གནས་ན་བཞུགས། །ཨ་ནི་མཆོག་གི་དེ་ཉིད་དེ། །ངག་གི་ལམ་ནི་གསལ་བྱེད་བརྗོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིན། །ཆོས་ཅན་ལས་ནི་རིགས་གསུམ་འབྱུང་། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །དཀར་མོ་གཟུགས་ཅན་བསྒོམ་པར་བྱ། །ལྕགས་ཀྱུ་སྡིགས་མཛུབ་འཛིན་པ་མོ། །ཁ་དོག་དཀར་མོ་འོད་ཆེན་མོ། །དཀར་མོ་རྡོ་རྗེ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དམར་པོའི་དཀྱིལ་འཁོར་དབུས་གནས་པར། །ཆོམ་རྐུན་མ་ཡི་གཟུགས་ཅན་བསྒོམ། །བཙོ་མ་གསེར་གྱི་མདོག་འདྲ་བ། །རྡོ་རྗེ་ཞགས་པ་མཚོན་ཆེན་མོ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །རོ་ལངས་མ་ནི་ཁྲག་དང་མཚུངས། །རྡོ་རྗེ་ལྕགས་ ― DKG080_Page_0079 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲོག་ང་རྒྱལ་བྱེད། །བྱང་ཆུབ་འཆིང་བར་མཛད་པ་མོ། །འོད་ཀྱི་དཀྱིལ་འཁོར་དབུས་གནས་པར། །དེ་ནས་གྷསྨ་རཱི་བསྒོམ་བྱ། །རྡོ་རྗེ་དྲིལ་བུས་ལག་པ་བྲེལ། །མརྒད་ཨུཏྤལ་འདྲ་བའོ། །རྡོ་རྗེ་སྒོ་སྐྱོང་མ་རྡོ་རྗེ་བརྩོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མཚམས་སུ་ལྷ་མོ་བཞི་རྣམས་ནི། །ཆོ་གའི་སྦྱོར་བས་བསྒོམ་པར་བྱ། །བྱང་སེམས་བུམ་པ་རི་རབ་དང་། །མེ་ཡི་ཐབ་ཁུང་རྒྱལ་མཚན་ཆེ། །ཕྱི་བཅས་གཉིས་མེད་རྣལ་འབྱོར་པས། །མགོན་པོ་དེ་ལྟར་བསྒོམ་པར་བྱ། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །དབའ་རླབས་མེད་པའི་བདེ་བ་འཐོབ། །འབྱུང་བ་བཞིའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་ཐེག་པ་གསུམ་གྱི་དམ་པ་སྟོན་པ་པོ། ཐམས་ཅད་ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། དབྱངས་འདི་གསུངས་པ། ཧཱུྃ་ལས་བྱུང་བའི་ཁྲོ་བོ་ནི། །རྟག་ཏུ་ཞེ་སྡང་ལྡན་པའོ། །ནང་དུ་མ་རུངས་སེམས་ཀྱིས་ནི། །རབ་ཏུ་འབད་པས་བསྒྲུབ་པར་བྱ། །ན་མཿས་མནྟ་བུཌྜྷོ་བྷྱོ། ན་མོ་བཛྲ་མུངྒ་ར་ཧསྟཱ་ཡ་ཙཎྜ་ལཱ་ཀྵེ་པ་ཀ་རཱ་ཡ་ཧཱུྃ་ཕཊ། དེ་ནས་འདིར་ཁྲོ་བོ་ཆེན་པོ་བཤད་པ་ཙམ་གྱིས་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་འཇིགས་ཤིང་འདར་བར་གྱུར་ནས་མངའ་བདག་རྡོ་རྗེ་འཛིན་པ་དྲན་པར་བྱེད་དོ། །སྐྱེས་པའི་པདྨ་གས་ཆག་མེད། །སྲུབས་གཅིག་པ་དང་སྲུབས་གཉིས་པ། །རིག་མ་བཞི་ཡི་རབ་སྦྱོར་བས། །སངས་རྒྱས་ཀུན་གྱིས་རབ་ཏུ་དགང་། །རྐང་རྗེས་རྡུལ་གྱི་སྦྱོར་བ་ཡིས། །རྐང་པས་མནན་ཅིང་བསྡིགས་པར་བྱ། །སྐུ་གསུམ་བསྐྱེད་པའི་བསྒོམ་པ་ཡིས། །བུ་མོ་ཆེན་མོ་དགུག་པར་བྱ། །གཤིན་རྗེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿས་མནྟ་བུཌྜྷོ་བྷྱོ། མ་ཧཱ་དཎྜ་དྷ་ར་བི་བི་དྷ་སུ་རཱ་སུ་ར་མརྡྷ་ན་བྷཱུ་ཏ་ནྣིརྨྨ་ཐ་ཧཱུྃ་ཕཊ། དེ་ནས་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྟོབས་པོ་ཆེ་བཤད་པ་ལས་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་དུ་གཞན་རྣམས་ཀྱང་འདར་བར་གྱུར་ཅིང་དེ་དྲན་པར་བྱེད་དོ། །འབྱུང་པོ་ཡི་དགས་ཤ་ཟ་ཉིད། །མཁའ་འགྲོ་གྲུལ་བུམ་ཟིན་པ་ལ། །ཧཱུྃ་གིས་དྲེགས་བྱས་ཕྱག་རྒྱས་གདབ། །རྡོ་རྗེ་བཙིར་བས་བདེ་བ་ཉིད། །གཞན་གྱིས་མི་ཐུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། ། ― DKG080_Page_0080 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་མཿས་མནྟ་བུཌྜྷོ་བྷྱོ། ཧུ་ལུ་ཧུ་ལུ། མ་ཧཱ་པདྨ་ཨ་མྲྀ་ཏཱི་ཀུ་རུ་མ་ཧཱ་བི་ཥཱ་ན་ཨཱཿབཙན་དུག་ཆེན་པོ་དགུག་པར་བྱའོ། །བརྒྱལ་བ་བསླང་བ་དེ་བཞིན་ནོ། །པདྨའི་དྲེགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿ་ས་མནྟ་བུཌྜྷོ་བྷྱོ། ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དྃ་ཥྲྀཏྐ་ཊ་བྷཻ་ར་ཝཱ་ཡ། བཛྲ་སནྡོ་ཧ་དརྤཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། དེ་ནས་ཁྲོ་བོ་ཆེན་པོ་བགེགས་འཇོམས་རྡོ་རྗེ་བཤད་པས་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་དགའ་བར་གྱུར་ཏོ། །རླུང་གིས་བཏེག་པ་པོ་དང་། རྐང་རྗེས་ཀྱི་རྡུལ་བླངས་ནས་བསྒྲུབ་བྱ་དེའི་མིང་བྱང་བཟུང་སྟེ། ཚོགས་ཀྱི་བདག་པོའི་རྐང་པའི་འོག་ཏུ་དགོད་ཅིང་ཧཱུྃ་ཕཊ་ཅེས་བྱ་སྟེ། ཧཱུྃ་གི་ང་རྒྱལ་བྱས་ནས་རྡོ་རྗེ་བདུད་རྩིའི་ཏིང་ངེ་འཛིན་ལས་སྐྱེས་པ། ཁྲོ་བོའི་སྔགས་ཀྱིས་རབ་ཏུ་སྦྱོར་བས་སངས་རྒྱས་རྣམས་ཀྱང་སྐྲོད་པར་བྱེད་དོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཤིན་ཏུ་ལེགས་པར་གསང་བར་ནི། །བྱ་བ་འདི་ནི་རབ་བསྐུལ་བར། །ཡེ་ཤེས་རྡོ་རྗེས་བྱ་བ་སྟེ། །ཉི་མ་བདུན་གྱིས་འགྲུབ་པར་འགྱུར། །ན་མཿས་མནྟ་བུཌྜྷོ་བྷྱོ། ཨོཾ་ཡ་མ་དཎྜཱ་ཡ་ནཱི་ལཱ་ཡ། ནཱི་ལ་དཎྜཱ་ཡ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། སརྦྦ་དུཥྚཱ་ན་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་སྐྱེས་བུ་ཆེན་པོ་བཤད་པས་སེམས་ཅན་ཐམས་ཅད་དང་། སངས་རྒྱས་རྣམས་སྲོག་ལ་ཐེ་ཚོམ་དུ་གྱུར་ཏོ། །བརྒྱ་ཕྲག་བརྒྱད་བཟླས་པ་ཙམ་གྱིས་ཀྱང་ཤིན་ཏུ་བསྒོམ་པར་སྦྱོར་བའི་ཆོ་གས་བསྐུལ་བ་ལས་གདུག་པ་ཐམས་ཅད་འཆིང་བར་འགྱུར་རོ། །དབྱིག་པས་མནན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿས་མནྟ་བུཌྜྷོ་བྷྱོ། ན་མོ་མ་ཧཱ་བ་ལཱ་ཡ། ཨུ་ཙྪུཤྨ་ཀྲོ་དྷ་རཱ་ཛཱ་ཡ་སརྦཱ་ནཱ་གཱ་ནཱཾ་ཧྲྀ་ད་ཡྃ་ཏཱ་ཌ་ཡ་ཧཱུྃ་ཕཊ། དེ་ནས་གཏུམ་པོ་ཆེན་པོ་བཤད་པས་དུག་གིས་གདོང་འཇིགས་ཤིང་སྟོབས་དང་བྲལ་བ་དང་། སྐྲག་ཅིང་འདར་བར་གྱུར་ཏེ། སྟོབས་པོ་ཆེ་དྲན་པར་འགྱུར་རོ། །རྡོ་རྗེ་སྟོབས་ཀྱི་སྤྱན་རས་གཟིགས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ན་མཿ་ས་མནྟ་བུཌྜྷོ་བྷྱོ། ན་མོ་ཨ་ཙ་ལ་ཀ་ཎ་ཙེཊྚ་ཙེཊྚ་མོཊྚ་མོཊྚ་ཏུཊྚ་ཏུཊྚ། གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུྃ་ཕཊ། དེ་ནས་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐྱེས་བུ་ཆེན་པོ་བཤད་པས་ལྷ་དང་ཀླུ་དང་གནོད་སྦྱིན་ཆེན་པོ་ ― DKG080_Page_0081 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྒྱལ་ཏེ་ས་ལ་འགྱེལ་ཏོ། །འདིས་ནི་ཁྲོ་བོའི་རྒྱལ་པོ་ཡིས། །སེང་གེ་ཞོན་པའི་ཆོ་ག་ཡིས། །རྡོ་རྗེ་དཀྱིལ་འཁོར་རྣལ་འབྱོར་ལས། །སྐྱེས་པ་དང་ནི་ལྷ་རྣམས་ཁུག། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ། རྡོ་རྗེ་ས་འོག་གནས་པ་ཡིས། །ཁྲོ་བོ་ཆེན་པོ་བཤད་པ་ཡིས། །ལྷ་མིན་བུ་མོ་ཀླུ་མོར་བཅས། །ནུ་མ་འདར་ཞིང་ནར་བ་འམ། །རྡོ་རྗེ་ཞགས་པས་ངེས་བཅིངས་ཏེ། །ལྕགས་ཀྱུ་ཡིས་ནི་དྲལ་ནས་ནི། །སྐུ་གསུང་ཐུགས་ནི་བསྒོམས་པ་ཡིས། །བུ་མོ་ཐམས་ཅད་དགུག་པར་བྱའོ། །འཇིག་རྟེན་གསུམ་དགུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ཆོས་ནི་ཆར་སྤྲིན་ཆེ། །རྡོ་རྗེ་སེམས་དཔའ་ཆར་མཆོག་སྟེ། །རྡོ་རྗེ་ཉི་མ་དགེ་འདུན་ཆེ། །རྟ་མཆོག་ཚོགས་ནི་ཆེན་པོ་དང་། །ཕན་པའི་ཡང་ནི་ཆར་སྤྲིན་གྱི། །ཞགས་པ་ལྕགས་ཀྱུའི་བསྒོམ་པ་ཡིས། །སངས་རྒྱས་རྣམས་ཀྱང་འགུགས་བརྗོད་ན། །སོ་སོ་སྐྱེ་བོ་སྨོས་ཅི་དགོས། །རང་གི་རིག་མ་སྐྱེས་བུ་བསམས། །སྐུ་གསུམ་རྡོ་རྗེས་རྣམ་པར་བརྒྱན། །ལྕགས་ཀྱུ་ལ་སོགས་སྦྱོར་བ་ཡིས། །བུ་མོ་བཀུག་ལ་བཟའ་བར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆེན་པོས་དགུག་པའི་དམ་ཚིག་བཀའ་སྩལ་ཏོ། །ནམཿས་མནྟ་བུཌྜྷོ་བྷྱོ། ཨོཾ་ཊཀྐི་ཧཱུྃ་ཛཿ། ཁ་ཏི་དང་ནི་བཙག་ལ་ཡང་། །རྡོ་རྗེ་ལྕགས་ཀྱུའི་སྦྱོར་བ་ལས། །ཟླ་བ་ཉེ་བར་ཆགས་དུས་སུ། །ཁར་བཅུག་ནས་ནི་བསྒྲུབ་པར་བྱ། །མིང་ནི་བྲིས་པ་ཙམ་གྱིས་ཀྱང་། །བརྒྱ་ནི་གསལ་བར་བཟླས་པ་ཡིས། །སྒྲ་ལྡན་གནས་མེད་དབང་པོ་དྲག། ཆུང་མར་བཅས་པ་དགུག་པར་བྱ། །དམ་ཚིག་ལྕགས་ཀྱུའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བསམ་གཏན་སྔགས་དང་ཏིང་འཛིན་གནས། །རང་གི་རིག་མ་སྐྱེས་བུ་བདག། དགུག་པའི་གནས་སུ་གཟུང་བར་བྱ། །ཐུབ་པ་གཞན་དུ་མི་འགྱུར་རོ། །ན་མཿས་མནྟ་བུདྡྷཱ་། ན་མཿས་མནྟ་དྷརྨྨཱ་སྨཱ། ན་མཿས་མནྟཱ་སཾ་གྷཱ་། ཨོཾ་སི་ཏཱ་ཏ་པ་ཏྲ། ཨོཾ་བི་མ་ལ། ཨོཾ་ཤྃ་ཀ་ར། ཨོཾ་བྲ་ཏྱཾ་གི་ར། ཨོཾ་བཛྲ་ཨུཥྞི་ཥ་ཙཀྲ་ཝ་སརྦྦ་ཡནྟྲ་མནྟྲ་མཱུ་ལ་ཀརྨྨ་བནྡྷ་ནྃ་ཏཱ་ཌ་ནྃ་ཀཱི་ལ་ནྃ་བཱ་མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙིཏ་ཀྲྀ་ཏཾ་ཏ་ཏ་ཏ་ ― DKG080_Page_0082 ―
[མ་དཔེ་གཟིགས་ན་འདིར་གནོན།]
སརྦྦནྟུ་ཙྪིནྡ་ཙྪིནྡ་བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། བདག་ཉིད་བསྲུང་བའི་སྦྱོར་བ་ལ། །སྦྱོར་བ་རྒྱུད་སོགས་གཞིག་པ་ལ། །དཔུང་པར་རིག་པ་གདགས་བྱས་ན། །འཇིག་རྟེན་གསུམ་གྱིས་འདའ་མི་ནུས། །ཁྲོ་བོ་ཆེན་པོ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དབེན་པའི་ནགས་ཚལ་ཉིད་དུ་ཡང་། །ཡིད་གཉིས་ཐམས་ཅད་རྣམ་སྤངས་ལ། །རྣལ་འབྱོར་མཆོག་ནི་འདི་བསྒྲུབས་ན། །ཐུབ་པ་གཞན་དུ་མི་འགྱུར་རོ། །ཁྲོ་བོ་ཆེན་པོ་འཁོར་ལོའི་སྙིང་པོའི་སྔགས་ལ་འཇུག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་བ། །ཡང་དག་ངེས་པར་རབ་ཏུ་དབྱེ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ཏེ། །རྡོ་རྗེ་སེམས་དཔའ་རབ་བསྒོམ་བྱ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ནས། །རྡོ་རྗེ་རྣམ་སྣང་དྲན་པར་བྱ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ཏེ། །རྡོ་རྗེ་ཉི་མ་རབ་བསྒོམ་བྱ། །སངས་རྒྱས་གཟུགས་བརྙན་རབ་བསྒོམས་ནས། །འདོད་ཆགས་རྡོ་རྗེ་རྣམ་པར་བསྒོམ། །སངས་རྒྱས་གཟུགས་བརྙན་རྣམ་བསྒོམས་ཏེ། །རྟ་ཡི་དོན་ཡོད་རབ་བསྒོམ་བྱ། །སངས་རྒྱས་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་རྣམས་ནི་རྟག་བསྒོམ་བྱ། །ཐམས་ཅད་རྣམས་ཀྱི་སྔགས་འདི་ཡིས། །སྙིང་གར་ཡེ་ཤེས་གནས་སུ་དགོད། །ཡེ་ཤེས་སེམས་དཔར་རབ་སྦྱོར་བས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །རང་སྔགས་ཡི་གེ་རྫོགས་པ་དང་། །ཕྱག་རྒྱ་དང་ནི་ཕྱག་མཚན་བརྟག། སྤྲོ་དང་བསྡུ་བ་བྱས་པ་ནི། །དཀྱིལ་འཁོར་རྣམས་ཀྱི་འབྱུང་གནས་ཉིད། །སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ཡང་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་པོ་ནི། །རྡོ་རྗེ་རྣམ་སྣང་མངའ་བདག་ཉིད། །དྲི་ལ་རྣམ་གསུམ་རྣམ་ཤེས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་ ― DKG080_Page_0083 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ནི། །རིན་ཆེན་ཕུང་པོ་རབ་ཏུ་གྲགས། །རོ་ལ་རྣམ་གསུམ་རྣམ་ཤེས་ནས། །ལྷ་རྣམས་ལ་ཡང་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་འདོད་ཆགས་ཉིད། །རྡོ་རྗེ་ཆོས་ནི་དེ་བཞིན་གཤེགས། །རེག་ལ་རྣམ་གསུམ་རྣམ་ཤེས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །དོན་ཡོད་འབྲས་བུ་སྟེར་བ་པོ། །བསྲུང་བའི་དམ་ཚིག་དབུས་གནས་པའི། །དཀྱིལ་འཁོར་ལྔ་ནི་བསྒོམ་པར་བྱ། །ལྔ་ལྔའི་བདག་ཉིད་རྫོགས་སངས་རྒྱས། །ཡེ་ཤེས་ལྔ་ནི་རྣམ་པར་བསྒོམ། །འདོད་པའི་ཡོན་ཏན་ལྔ་དང་ལྡན། །འོད་ཟེར་སྣ་ཚོགས་ཀུན་ཏུ་ཁྱབ། །སྣ་ཚོགས་ལས་ནི་བྱེད་པར་བརྗོད། །ཐམས་ཅད་བསྡུས་པའི་དཀྱིལ་འཁོར་ནི། །ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །རྡུལ་ཚོན་གྱིས་ཀྱང་བྲི་བར་བྱ། །སངས་རྒྱས་ལྔ་ཡི་རང་བཞིན་གྱིས། །ཕུང་པོ་ལྔར་ནི་རབ་ཏུ་གྲགས། །སངས་རྒྱས་མགོན་པོའི་དཀྱིལ་འཁོར་ནི། །ཤར་གྱི་ཆར་ནི་རབ་ཏུ་གྲགས། །གཡས་སུ་རྡོ་རྗེ་ཉི་མ་ཡི། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ཡི། །བྱང་དུ་རྟ་ཡི་རྒྱལ་པོ་ཡི། །དབུས་སུ་རྡོ་རྗེ་སེམས་དཔའ་ཡི། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །དམར་པོ་ནུབ་ཀྱི་ཆ་ཉིད་དུ། །བཙོད་ནི་བྱང་དུ་ཡང་དག་ལྡན། །མཚམས་ཀྱི་ཆར་ནི་ཐམས་ཅད་དང་། །སྒོ་ཡི་ལོགས་དང་ཡ་ཕུབས་སུ། །རྡོ་རྗེ་ཆེན་པོ་རྣམས་ཀྱིས་བརྒྱན། །སྣ་ཚོགས་སྣང་བ་རྣམས་ཀྱིས་མཛེས། །སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་དབུས་སུ་འགྱུར་བ་ནི། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བརྗོད། །སྙིང་པོ་ཡོངས་བཟུང་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་རེ་རེ་བསྒོམ་པ་འམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །བརྒྱད་བརྒྱད་དབུས་སུ་གནས་པ་འམ། །ཡང་ན་ཉི་ཤུ་རྩ་ལྔ་རུ། །གང་ཚེ་དཀྱིལ་འཁོར་བསྡུས་པ་ཡི། །སྒོར་ནི་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དེ་བཞིན་རྡོ་རྗེ་ཉིད། །འཇུག་པའི་སྒོ་སྲུང་དགོད་པར་བྱ། །བཅོམ་ལྡན་འདས་ཀྱིས་བསྡུས་པ་ཆེན་པོའི་དམ་ཚིག་འདི་སྐད་ཅེས་བཀའ་སྩལ་ཏོ། །དོམ་དང་བྱ་རྒོད་དེ་བཞིན་བསེ། །སྙུག་གླང་དང་ནི་སྟག་ཉིད་དང་། །སྤྲེའུ་དང་སྣ་འཐུང་བ་གླང་འཚེ། །རྡོ་རྗེ་ཆོས་ཀྱི་གཡས་ནའོ། །ཁྭ་འུག་ཆུ་སྐྱར་སེང་གེ་དང་། །མཚོར་ ― DKG080_Page_0084 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་དེ་བཞིན་ར་དང་ནི། །རི་དགས་ཕག་དང་ཡང་དག་ལྡན། །གཡས་མིན་པར་ནི་རྟག་ཏུ་གནས། །རྨ་བྱ་མ་ཧེ་ཆུ་སྲིན་དང་། །ཉ་ཡི་རྒྱལ་པོ་རུས་སྦལ་དང་། །འོག་གི་རླུང་དང་ངང་སྐྱ་དང་། །རི་བོང་ཕན་པའི་གཡས་པ་ནའོ། །སྦལ་བ་ཐུ་བོ་སྤྲིན་ཤུགས་ཀྱི། །ཁ་ཆུ་མིག་སྨན་མཚུངས་བྱི་ལ། །གཡག་དང་དྲི་ལྡན་དེ་བཞིན་བཞད། །གཡོན་པའི་ཐོད་པ་བརྒྱད་ནའོ། །ཀཱ་རཎྜ་དང་འཁོར་ལོ་དག། ལུག་དང་ཙ་ཀོ་ར་དང་ནི། །བྱེ་ཁྲ་ཧོར་མོ་འོལ་བ་དང་། །ཀུ་རར་ཉི་མའི་གཡས་ནའོ། །སྟོབས་ཀྱིས་རྒྱུ་དང་དུང་སྐྱོང་དང་། །རིགས་ལྡན་པདྨ་པད་བཟང་དང་། །འཇོག་པོ་ནོར་རྒྱས་མཐའ་ཡས་ནི། །རིན་ཆེན་རྒྱལ་པོའི་གཡོན་ནའོ། །གཟའ་ལག་ཕུར་བུ་མཇུག་རིངས་དང་། །སྒྲ་གཅན་མིག་དམར་པ་བ་སངས། །སྤེན་པ་ཁྱབ་འཇུག་རྟ་རྒྱལ་ཉིད། །གཡས་པ་ཉིད་དུ་རབ་ཏུ་གྲགས། །དབང་པོ་ཚངས་པ་དེ་བཞིན་དྲག། འདོད་ལྷ་དེ་བཞིན་ཐོད་པ་ཅན། །གཅེར་བུ་དང་ནི་ཐགས་བཟངས་རིས། །སྟོབས་ལྡན་ཞེས་བྱ་གཡོན་ནའོ། །གློ་དང་དབུགས་དང་དེ་བཞིན་འབོག། ཁོང་སྐེམ་མཛེ་དང་རྐང་ཤུ་དང་། །མཆིན་པ་མཆེར་པའི་རང་བཞིན་ཡང་། །གླང་པོ་ལ་སོགས་རབ་ཏུ་གྲགས། །ལྕགས་སྟེགས་དང་ནི་བརྗེད་བྱེད་དང་། །ཁྲག་རྡོ་གཅོང་ནད་རྒྱལ་པོ་དང་། །གཞང་འབྲུམ་སྐྲན་དང་བཀྲེས་ནད་དང་། །མིག་སེར་དོན་ལ་སོགས་པའོ། །རྫི་མ་བྱི་དང་སོ་ནད་དང་། །མཁྲིས་པ་ཁྲག་དང་དེ་བཞིན་རླུང་། །བད་ཀན་འཛག་དང་ལུས་སྐམ་དང་། །སྐྱ་རྦབ་འབྲས་ནི་རྨ་བྱ་སོགས། །རྐང་བམ་ཚིལ་ནད་རླིག་སྐྲངས་དང་། །རྒྱུ་མ་འཕེལ་དང་གསུད་པ་དང་། །ཚད་པ་རིམས་དང་རབ་གས་ནི། ཀཱ་རཎྜ་སོགས་རབ་ཏུ་གྲགས། །རླུང་མཁྲིས་དེ་བཞིན་མ་ཞུ་བ། །སྒྲིབ་གཡོགས་རབ་རིབ་གཅིན་སྲི་བ། །གཞོགས་ཕྱེད་ན་དང་ལྐོག་འབྲས་དང་། །རླུང་རྒྱས་གཟའ་ལག་ལ་སོགས་པའོ། །མི་ཡི་འགྲོ་བ་དམ་པ་ནི། །རབ་མཆོག་དེ་ལྟ་བུ་འགྲོ་བ། །ཐམས་ཅད་ནད་ཀྱིས་ཁབ་མཐོང་ནས། །སངས་རྒྱས་ལྔར་ནི་ཆེར་གྲགས་པ། །བདག་གི་ལུས་ལ་གཞུག་པར་བྱ། །སེམས་ཅན་རྣམས་ལ་གདུངས་མ་གྱུར། །ནད་རྣམས་ཞི་ཕྱིར་སངས་རྒྱས་ནི། །གླང་པོ་ལ་སོགས་ནད་འཛིན་ཏོ། །དེ་ལྟར་བསྒོམ་པར་གྱུར་པ་ལ། །ནད་མེད་རུ་ཛ་ཏྲང་གྲུམ་མེད། ། ― DKG080_Page_0085 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཆི་མེད་ངེས་པར་བྱ་དྷི་མེད། །ང་རྒྱལ་མེད་ཅིང་གཏི་མུག་མེད། །བཀྲེས་པ་མེད་ཅིང་སྐོམ་པ་མེད། །སྡུག་བསྔལ་ངན་འགྲོ་དེ་བཞིན་མེད། །ལྷ་དང་ལྷ་མིན་མི་རྣམས་སམ། །གང་གིས་ཀྱང་ནི་ནད་བྱེད་མིན། །ནད་ཐམས་ཅད་རབ་ཏུ་ཞི་བ་དབུགས་དབྱུང་བ་རྡོ་རྗེ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་ལུས་ཐམས་ཅད་འཛིན་པ་པོ་མཁའ་འགྲོ་མའི་ཡིད་འཕྲོག་པས་ཚིག་འདི་བཀའ་སྩལ་པ། སེམས་ཀྱི་རྗེས་དྲན་དམིགས་ནས་ནི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །སེམས་ཀྱི་རིན་ཆེན་བསམས་ནས་ནི། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ལས་རྗེས་དྲན་པའི་རྣལ་འབྱོར་པས། །འཁོར་ལོ་ཆེན་པོ་རབ་བསྒོམ་བྱ། །རྣལ་འབྱོར་འདི་ནི་མཆོག་རབ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྡོ་རྗེ་སེམས་དཔའ་རྣམ་བསྒོམས་ནས། །ཕྱག་རྒྱ་བཞི་ཡིས་ཕྱག་རྒྱས་གདབ། །རྡོ་རྗེ་རྣམ་སྣང་བསམས་ནས་ནི། །ཕྱག་རྒྱ་བསྒོམས་པས་ཕྱག་རྒྱས་གདབ། །རྡོ་རྗེའི་ཕྱག་རྒྱའི་སྦྱོར་བ་ཡིས། །རིན་ཆེན་ཕུང་པོ་རབ་བསྒོམ་བྱ། །ཆོས་ཀྱི་ཕྱག་རྒྱ་རབ་སྦྱོར་བས། །ལས་ཀྱི་རྡོ་རྗེ་ཕྱག་རྒྱས་གདབ། །ཞེ་སྡང་རྒྱལ་པོ་རྒྱལ་པོ་ཆེ། །སྐྱོན་རྣམས་ཐམས་ཅད་ཟད་པར་མཛད། །སྤྲོ་ཞིང་བསྡུ་བར་བསྒོམ་པར་བྱ། །བསྡུ་བ་ཡང་ནི་ཡང་དག་བཤད། །སངས་རྒྱས་མགོན་པོ་རབ་བསྒོམས་ན། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་ཁྱབ། །སྤྲོ་དང་བསྡུ་བའི་རྣལ་འབྱོར་གྱིས། །སངས་རྒྱས་བྱང་ཆུབ་རབ་བསྒོམ་བྱ། །སེམས་ནི་རིན་ཆེན་རིན་པོ་ཆེས། །བདུད་ཀྱི་སྐྱོན་རྣམས་ཟད་པར་མཛད། །སེམས་ཀྱི་ཆར་སྤྲིན་སྦྱོར་བ་ཡིས། །ཡང་ནི་བསྡུ་བ་བསྟན་པར་བྱ། །ཆོས་ཀྱི་རྒྱལ་པོ་གཏི་མུག་ཆེ། །སྤྲོ་དང་བསྡུ་བའི་གཟུགས་ཅན་དེ། །ཐུན་ཚོད་བཞིར་ནི་བྱིན་བརླབས་པ། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །སེམས་ནི་འགྲོ་མགྱོགས་ལྟར་བསམས་ནས། །གཞལ་མེད་འབྲས་བུ་སྩོལ་བའོ། །རྟ་མཆོག་ཆར་སྤྲིན་ཆེན་པོ་ཡིས། །བསྡུ་བ་ཡང་ནི་བསྒོམ་པར་བྱ། །བཅོམ་ལྡན་འདས་ཀྱིས་སྤྲོ་བ་དང་བསྡུ་བའི་དམ་ཚིག་ཆེན་པོ་དེ་སྐད་ཅེས་བཀའ་སྩལ་ཏོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱིས་རྣམ་པར་བསྒོམ་པར་བྱ། །རྙོག་མེད་དཀྱིལ་འཁོར་དབུས་གནས་ ― DKG080_Page_0086 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར། །སྐུ་ཡི་ཡི་གེ་རྣམ་པར་བསྒོམ། །ཁྲག་གི་དཀྱིལ་འཁོར་དབུས་གནས་པར། །སེམས་ཀྱི་རིན་ཆེན་ཡི་གེ་དགོད། །ཆོས་ཀྱི་འཁོར་ལོ་དབུས་གནས་པར། །གསུང་གི་ཡི་གེ་རྣམ་པར་བསྒོམ། །ལས་ཀྱི་དཀྱིལ་འཁོར་དབུས་གནས་པར། །དོན་ཡོད་ཡི་གེའི་གཟུགས་ཅན་ཏེ། །སྐུ་གསུམ་མི་ཕྱེད་བསྒོམ་པ་ཡིས། །ཡེ་ཤེས་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་མི་ཕྱེད་པའི། །ཆོས་ཀྱི་འཁོར་ལོ་རྣམ་སྣང་ལ། །རིན་ཆེན་སེམས་ཀྱི་རིན་པོ་ཆེ། །པད་མ་བཟང་པོ་འདབ་མ་དམར། །ཤེས་རབ་རལ་གྲི་དོན་ཡོད་ཀྱི། །ཤེས་རབ་རྣོན་པོའི་རང་བཞིན་གྱི། །རྣམ་རྟོག་རི་བོ་བཅད་ནས་ནི། །ཕྱག་རྒྱ་ཆེན་པོ་ལྡན་པར་འགྱུར། །དཔག་ཚད་བྱེ་བ་བརྒྱ་པར་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཕན་པའི་དཀྱིལ་འཁོར་ཉིད་དང་ཡང་། །རིན་ཆེན་ཕུང་པོ་འོད་ཆེན་དང་། །ཆོས་ཀྱི་ཕུང་པོ་མགོན་ཆེན་དང་། །དེ་བཞིན་གཤེགས་པ་རྡོ་རྗེ་ལས། །སྣ་ཚོགས་འོད་ཟེར་ཆེར་འབར་བ། །སངས་རྒྱས་སྤྲིན་གྱིས་རྣམ་པར་བརྒྱན། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཡེ་ཤེས་དཀྱིལ་འཁོར་བསྒོམ་པར་བྱ། །འདོད་པའི་ཡོན་ཏན་ལྔ་ཡིས་གང་། །ཐམས་ཅད་དུ་ནི་སྣ་ཚོགས་གཟུགས། །མཆོད་པ་ཀུན་གྱིས་མཆོད་པར་བྱ། །མཚམས་ཀྱི་ལྷ་མོའི་སྦྱོར་བ་ཡིས། །ཡེ་ཤེས་རྒྱ་མཚོ་རབ་བསྒྲུབ་བྱ། །དམ་ཚིག་འཁོར་ལོ་བཅུག་པ་ཡི། །ཡེ་ཤེས་རྡོ་རྗེ་ཆེན་པོ་འབར། །སངས་རྒྱས་ཀུན་མཉམ་རྣལ་འབྱོར་པས། །སྐད་ཅིག་ལ་ནི་གཉིས་མེད་འགྱུར། །རུ་དྲཱ་ཀྴ་དང་དུང་བསེ་རུ། །བུ་ཡི་འཚོ་བ་པད་འབྲས་དང་། །མུ་ཏིག་ལ་སོགས་བྱི་རུ་སོགས། །བསམ་གཏན་ལྡན་པས་སྔགས་བཟླས་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་ཆེན་ལ་ལ་ཞིག། སྐད་ཀྱི་ང་རོས་བོས་པ་ན། །ཐོས་པ་ཙམ་གྱིས་འོངས་གྱུར་པ། །དེ་ལྟར་སྐད་ཅིག་སངས་རྒྱས་གཤེགས། །འཇིག་རྟེན་ཁམས་ནི་སྟོང་ཕྲག་དང་། །ནམ་མཁའི་ཁམས་ཀྱི་མཁའ་གྲོང་དུ། །ཕྱག་རྒྱ་ཆེན་པོའི་བདེ་གནས་ཀྱི། །མཁའ་དང་མཉམ་པའི་སངས་རྒྱས་བཞུགས། །དེ་རྣམས་སྔགས་རིག་དྲུང་ན་གཤེགས། །རྡོ་རྗེ་སྤྱན་གྱིས་རྣམ་པར་གཟིགས། ། ― DKG080_Page_0087 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་གིས་སྔགས་ཀྱི་རིམ་ཐོབ་པ། །ཨེ་མ་དེ་ཡིས་བྱང་ཆུབ་འཐོབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །སྔགས་ཀྱི་སྤྱོད་པ་དང་པོར་འཛིན། །རྡོ་རྗེ་སྔགས་ནི་རབ་སྦྱོར་བས། །མཚུངས་པ་མེད་པའི་ཡེ་ཤེས་འཐོབ། །དེ་ལྟར་ཤེས་པའི་སངས་རྒྱས་ཏེ། །སྔགས་ཀྱི་སྤྱོད་པའི་རིམ་གནས་པ། །འབྲས་བུ་ཉིད་ལ་མི་གཟིགས་ཏེ། །དེ་ནི་སངས་རྒྱས་མཉམ་པར་བརྗོད། །སངས་རྒྱས་ང་རྒྱལ་དམིགས་ནས་ནི། །ཆོས་ཀྱི་དབྱིངས་ནི་འོད་གསལ་བ། །གང་ཞིག་བསྒོམ་པ་དེ་བས་ན། །སེམས་ཅན་སངས་རྒྱས་མཉམ་པར་གྱུར། །འཇིག་རྟེན་ཇི་ལྟར་སངས་རྒྱས་ཏེ། །ཇི་ལྟར་ཆོས་ནི་རྙོག་མེད་པ། །སེམས་ཅན་ཁམས་ནི་དེ་ལྟར་བཤད། །ནམ་མཁའ་ལྟ་བུར་དྲི་མ་མེད། །ངན་པར་བརྟགས་པའི་རྣམ་རྟོག་གིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །སེམས་དག་པས་ནི་དག་པར་འགྱུར། །ཇི་ལྟར་ནམ་མཁའ་མི་འཇིག་པ། །ནམ་མཁའ་ཇི་བཞིན་དེ་བཞིན་སེམས། །སེམས་ཀྱི་རིན་ཆེན་བསྐུལ་བ་ལས། །སེམས་ཉིད་བསྒོམ་པ་སངས་རྒྱས་ཏེ། །སྐྱེ་བར་སངས་རྒྱས་དམ་པ་ཉིད། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་ནམ། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཡིད་ཀྱིས་སངས་རྒྱས་ཐམས་ཅད་ཉིད། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཇིག་རྟེན་གསུམ་གྱི་རྒྱལ་པོ་ཆེ། །སེམས་གཅིག་གིས་ནི་ཐོབ་པར་འགྱུར། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱའི་རང་བཞིན་ཏེ། །ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །འདི་ནི་རིན་ཆེན་མཆོག་ཏུ་བརྗོད། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་ཤེས་ཉིད། །འདི་དག་ཐམས་ཅད་སེམས་ལས་སྐྱེས། །ཐུབ་པ་འདི་ནི་གཞན་མི་འགྱུར། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །འདོད་ཡོན་འབྲས་བུ་རབ་སྟེར་བ། །སེམས་ཀྱི་དེ་ཉིད་རང་བཞིན་དག། སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །དེ་ཉིད་ཕྱིར་ན་སངས་རྒྱས་ཀྱིས། །སེམས་ཀྱི་རྡོ་རྗེ་བསྐུལ་བ་ཡི། །ཟབ་མོའི་རྣམ་པ་ངེས་ལྡན་པའི། །ཕྱེད་པར་དགའ་བའི་དངོས་གྲུབ་སྟེར། །རྡོ་རྗེ་སེམས་དཔའི་སྙིང་པོ་སྣང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་ཆེན་པོ་རྡོ་ ― DKG080_Page_0088 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེ་ཅན་མཁའ་འགྲོ་མའི་གུར་བསྐྱེད་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ། བདག་ཉིད་ཀྱི་རྣལ་འབྱོར་གསུངས་པ། སངས་རྒྱས་གནས་ནི་རབ་རྫོགས་དང་། །རྣམ་པ་ལྔ་པོ་བསྒོམ་པ་དང་། །ཀུན་ཏུ་བཟང་པོའི་རང་བཞིན་དང་། །རང་གི་ལྷག་པའི་ལྷར་བསྒྲུབ་དང་། །དཀྱིལ་འཁོར་རྣམས་ཀྱི་དགོད་པ་དང་། །མཆོད་བསྟོད་བདུད་རྩི་ལ་སོགས་པ། །རིམ་པས་རྗེས་སུ་བསྒོམ་པར་བྱ། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྟ་མཆོག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྤྲོས་པ་དང་ནི་བསྡུས་པའི་སྐུ། །རྒྱལ་ཆེན་རྣམ་པར་སྣང་མཛད་ཆེ། །ཆོས་དབྱིངས་ཡི་གེ་ལས་བསྐྱེད་པ། །དེ་ནི་སངས་རྒྱས་གནས་དགོད་བྱ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །འབྱུང་བཞིའི་བདག་ཉིད་དཀྱིལ་འཁོར་ཉིད། །དེ་ཡི་སྟེང་དུ་སངས་རྒྱས་བསམ། །སྤྲོས་ནས་གཞལ་ཡས་གནས་དགོད་བྱ། །རྡོ་རྗེ་ལྟ་བུ་མི་ཕྱེད་ཕྱིར། །དེས་ན་མི་བསྐྱོད་བསྒོམ་པར་བྱ། །མ་སྐྱེས་རྗེས་སུ་དྲན་པ་ལས། །རྣམ་པར་སྣང་མཛད་ཕན་པ་ཉིད། །རིན་ཆེན་རྣམས་ཀྱི་མཆོག་གི་མཆོག། འདི་ནི་རིན་ཆེན་སེམས་སུ་བཤད། །རྡོ་རྗེ་ཆོས་ནི་རྒྱལ་པོ་ཆེ། །འདོད་ཆགས་མཚན་ཉིད་འཛིན་པ་ལས། །རྡོ་རྗེ་སེམས་དཔའི་གནས་འདུག་པའི། །སེམས་ནི་འདོད་ཆགས་ ― DKG080_Page_0089 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་བྱར་བཤད། །གང་ཕྱིར་འབྲས་བྲལ་མི་འགྲུབ་སྟེ། །དེ་ཕྱིར་དོན་ཡོད་རབ་ཏུ་གྲགས། །རིག་མ་མཛེས་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཇི་ལྟར་ལུས་ནི་དེ་བཞིན་གཤེགས། །དཀྱིལ་འཁོར་དམ་པ་བྲིས་ནས་ནི། །དམ་ཚིག་ཁུ་བའི་ཆོ་ག་ཡིས། །ཧྃ་དང་བསམ་གཏན་བསྐྱེད་བྱས་ནས། །དེ་ཚེ་དབུགས་དབྱུང་སྦྱིན་པར་བྱ། །མཁའ་འགྲོ་ལྔ་དང་ལྡན་པ་དང་། །དམ་ཚིག་ལྔ་ཡིས་བཀང་བ་དང་། །མཁའ་འགྲོ་མ་ཡི་ཚོགས་ལྡན་པས། །རྡོ་རྗེ་ས་བོན་རབ་སྦྱོར་བས། །རང་གི་ལྷག་པའི་ལྷར་བྱས་ནས། །སློབ་མ་རྟག་པར་ངེས་བསམས་ཏེ། །རྒྱུན་གྱི་རིགས་ཀྱི་མིང་གིས་ནི། །སློབ་མ་རྡོ་རྗེ་ཅན་དབང་བསྐུར། །སྤྱན་དང་བདག་མོ་སྒྲོལ་མ་དང་། །དཀར་མོ་ལ་སོགས་བདག་གཟུགས་ཀྱི། །རྡོ་རྗེ་བཙུན་མོ་རབ་སྦྱོར་བས། །རྡོ་རྗེ་བླ་མེད་བཤད་པར་བྱ། །བླ་ན་མེད་པའི་དེ་ཉིད་འདི། །གཉིས་སུ་མེད་ཅིང་ཡི་གེ་མེད། །ཆོས་ཀྱི་དབྱིངས་ནི་འོད་གསལ་བྱེད། །བདེ་བ་བཟང་པོའི་རོ་མྱང་གིས། །སྒྲིབ་པ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ག་དང་ཧ་ཞེས་བྱ་བ་དང་། །དང་པོ་མཐར་ཡང་ཤྭ་ལྡན་པའི། །རབ་ཏུ་གསལ་བ་དམ་པ་ཉིད། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཆོ་གས་རྡོ་རྗེ་བདུད་རྩི་མྱང་། །འདི་དག་ཟོས་པ་ཙམ་གྱིས་ནི། །སངས་རྒྱས་ཀུན་མཉམ་རྣལ་འབྱོར་པ། །རྡོ་རྗེ་དང་ནི་མཉམ་པར་འགྱུར། །ནད་རྣམས་ཐམས་ཅད་རབ་ཏུ་ཞི། །དེ་ནི་གཟི་བརྗིད་ལུས་ཆེན་པོ། །འཇིག་རྟེན་ཀུན་གྱི་ཡིད་འཕྲོག་པ། །ཕས་ཀྱི་རྒོལ་བ་ཀུན་ལས་རྒྱལ། །འཇིག་རྟེན་ཀུན་གྱི་བདག་པོས་བརྒྱན། །ལྷ་རྣམས་ཀྱིས་ནི་འདྲེན་པར་བརྗོད། །མཁའ་འགྲོ་ལྔ་ཡི་བདག་ཉིད་འགྱུར། །ཆོས་ཀྱི་ཟས་ནི་ཟ་བ་པོ། །དམ་ཚིག་ཆེན་པོའི་བསམ་གཏན་ཟོས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མི་བསྐྱོད་བརྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཐམས་ཅད་རྣམ་པར་སྤངས། །རྟག་པས་མདངས་ནི་ཆེན་པོར་ལྡན། །རྡོ་རྗེ་ཉི་མས་རྒས་པ་མེད། །རྡོ་རྗེ་ཆོས་ནི་བསྟེན་པ་ཡིས། །བུད་མེད་ཀུན་ལ་ལོངས་སྤྱོད་དོ། །དོན་ཡོད་རྒྱལ་པོ་ཆེན་པོ་ནི། །རྡོ་རྗེ་སྲོག་གི་ཡན་ལག་ ― DKG080_Page_0090 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྱུང་། །དོན་ཀུན་སྒྲུབ་ཅིང་དཔལ་དང་ལྡན། །དེས་ནི་རྣལ་འབྱོར་པར་ནི་བརྗོད། །མི་བསྐྱོད་བཏུང་བའི་སྦྱོར་བ་ལས། །སྟོང་ཕྲག་ལྔས་ནི་འཚོ་བར་འགྱུར། །ཕན་པ་ཡིས་ནི་ཁྲི་རུ་བརྗོད། །རྡོ་རྗེ་ཉི་མས་རྡོ་རྗེའི་འབུམ། །ཚེ་དཔག་མེད་ཀྱིས་དཔག་མེད་དང་། །བདུན་གྱིས་ནམ་མཁའ་ཇི་སྲིད་བཤད། །རྡོ་རྗེ་ཉི་མ་དཔག་མེད་དག། འཁོར་བའི་སྒྲུབ་ཐབས་རྩ་བ་ཉིད། །འདི་དག་བསྟེན་པས་རྣལ་འབྱོར་པ། །ཀུན་ཏུ་བཟང་པོ་འདྲ་བར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །འདི་ནི་རྡོ་རྗེ་ཉི་མར་བརྗོད། །ཆོས་རྣམས་ཐམས་ཅད་ཀྱི་ནི་གནས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སངས་རྒྱས་རྡོ་རྗེ་ཅན་ཉིད་དོ། །ཐབས་དང་ཤེས་རབ་འཕེལ་མཛད་པ། །ཁམས་གསུམ་དག་ནི་ཐམས་ཅད་དུ། །ས་དང་ས་འོག་བར་སྣང་ལ། །ཁྲག་དང་ཁུ་བས་ཁྱབ་པའི་ལུས། །རིགས་ཀྱི་དབང་ཕྱུག་གིས་འདི་གསུངས། །སེན་མོ་བ་སྤུ་དེ་བཞིན་གཤེགས། །ཁམས་དང་ཁུ་བ་སྣང་མཐའ་ཡས། །ལྤགས་དང་ཁྲག་ལ་གཟི་བརྗིད་ཆེ། །ཚིལ་དང་རྐང་ལ་རྡོ་རྗེ་འཛིན། །ཐམས་ཅད་མགོན་པོ་རྣམ་སྣང་མཛད། །རྩ་དང་ཤ་ལ་བདུན་རྒྱལ་པོ། །འདི་རྣམས་ལ་ནི་སངས་རྒྱས་ལྔར། །རྡོ་རྗེ་མཁའ་འགྲོས་རྣམ་པར་བཤད། །ས་ཡི་ཁམས་ནི་རྣམ་དག་པ། །སྤྱན་ནི་འཁོར་ལོ་མཛེས་མ་ཉིད། །རྡོ་རྗེ་བཙུན་མོ་དང་བ་སྟེ། །པད་མའི་བུ་མོ་ཚ་བ་ཉིད། །སྒྲོལ་མ་རླུང་ནི་རྣམ་དག་པ། །རྡོ་རྗེ་བཙུན་མོ་བཞི་རྣམས་ནི། །རྡོ་རྗེ་མཁའ་འགྲོ་ཞེས་བྱའོ། །གུར་གྱིས་དེ་རྣམས་བཀའ་སྩལ་ཏོ། །སྔགས་ཐམས་ཅད་རྣམ་པར་དག་པ་བདུད་རྩི་ལྔ་མཆོག་ཏུ་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་ལེའུ་བདུན་པའོ།། །།ཁྱོད་ནི་ཞེ་སྡང་རྡོ་རྗེ་ཡོངས་སྐྱོང་བ། །ཐུགས་དང་ཆོས་ནི་ཤིན་ཏུ་རྣམ་དག་པས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །པུཀྐ་སཱི་ནི་བདག་ལ་མྱུར་དུ་གཟིགས། །རྣམ་པར་འདྲེན་པ་འཇིག་རྟེན་དོན་གྱི་ཕྱིར། །སྟོང་པ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཁྱོད་ནི་གཏི་མུག་རྡོ་རྗེ་ཡོངས་སྐྱོང་བ། །སྐུ་ཡི་བདག་པོ་ཆོས་ཀྱི་གཟུགས་བརྙན་གྱིས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །མགོན་པོ་ ― DKG080_Page_0091 ―
[མ་དཔེ་གཟིགས་ན་འདིར་གནོན།]
རི་ཁྲོད་མ་ལ་མྱུར་དུ་གཟིགས། །རྣམ་པར་འདྲེན་པ་འཇིག་རྟེན་སྨན་སླད་དུ། །སྟོང་པ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཁྱོད་ནི་འདོད་ཆགས་རྡོ་རྗེ་ཡོངས་སྐྱོང་བ། །གསུང་དག་ལེགས་པར་སོ་སོར་རྟོགས་པ་ཡིས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །གཏུམ་པར་ལྡན་པ་བདག་ལ་གཟིགས་པར་མཛོད། །རྣམ་པར་འདྲེན་པ་འཇིག་རྟེན་སྨན་སླད་དུ། །སྟོང་པ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཡོངས་སྐྱོང་བ། །གཟུགས་ཀུན་ནན་ཏན་ཐམས་ཅད་མཉམ་ཉིད་ཀྱིས། །ལྷ་ཡི་ལུས་ནི་ཡང་དག་བརྒྱན་མཛད་པ། །ཌོམ་བི་བདག་ལ་མགོན་པོས་མྱུར་དུ་གཟིགས། །རྣམ་པར་འདྲེན་པ་འཇིག་རྟེན་སྨན་སླད་དུ། །སྟོང་པ་ཉིད་སྤངས་སྐྱེ་བ་བཞེས་པར་མཛོད། །ཐམས་ཅད་བཞེངས་པར་མཛད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །འཁོར་ལོ་ཅན་རྣམས་ཐམས་ཅད་ཀྱི། །འདིས་ནི་བསྐྱེད་པར་འགྱུར་བར་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །དཀྱིལ་འཁོར་བདག་པོ་འདི་སྐད་གསུངས། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཁེ་ཙ་རཱི་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ཏཱ་ལ་ཝཱ་སི་ནཱི་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧྃ། སྐུ་གསུང་ཐུགས་ཀྱི་ཆོས་རྣམས་ཀྱི། །བྱིན་བརླབས་གནས་སུ་བརྟག་པར་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །སྐུ་ཡི་རིན་ཆེན་སྦྱང་བར་བྱ། །བསམ་གཏན་རྡོ་རྗེ་བསམས་ནས་ནི། །སེམས་ཀྱི་རིན་ཆེན་རབ་སྒྲུབ་བྱེད། །རྡོ་རྗེ་བཟླས་པའི་ཁྱད་པར་གྱིས། །ངག་གི་རྡོ་རྗེ་དྲི་མ་མེད། །གཏི་མུག་རྡོ་རྗེ་རབ་སྦྱོར་བས། །མིག་གི་རྣམ་པར་ཤེས་པ་སྦྱང་། །ཞེ་སྡང་རྡོ་རྗེ་བསམ་པ་ཡིས། །སྒྲ་ཡི་སྒོ་ཡི་བསམ་པའོ། །སྣ་ནི་སེར་སྣ་རྡོ་རྗེ་ཡིས། །རོ་དྲུག་འདོད་ཆགས་རྡོ་རྗེ་ཡིས། །ལུས་ནི་ཕྲག་དོག་རྡོ་རྗེ་ཡིས། །ཡིད་ནི་ཀུན་དུ་བཟང་པོ་ཡིས། །དེ་ཉིད་མཁའ་འགྲོ་བདག་མེད་མ། །འདི་རྣམས་ཀྱིས་ནི་རྣམ་པར་སྦྱང་། །གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང་། །དེ་ཚེ་རྒྱལ་བའི་དངོས་པོ་སྦྱོང་ ― DKG080_Page_0092 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཡོད། །ཀུན་རྫོབ་བདེན་པར་ཡང་དག་གནས་ནས་ནི། །འཁོར་ལོ་གཟུགས་ཀྱི་ཆོས་ཙམ་རྣམ་པར་བསྒོམ། །ཆོས་ཀྱི་དངོས་པོ་མ་བྱུང་སྤྱད་པ་ལས། །གང་ཟག་ཐམས་ཅད་རྣམ་སྤངས་འཇིག་རྟེན་པ། །འཇིག་རྟེན་འགྲོ་བར་བསམ་པར་མི་ནུས་ཏེ། །ཆོས་ཀྱི་ཚུལ་གྱིས་ཐམས་ཅད་རྣམ་པར་དག། ཚིག་པ་རྣམས་ཀྱི་གདུང་དང་དུག་ཁྱབ་པའི། །ལུས་ཀྱི་སྨན་ནི་གཞན་གྱི་དུག་ཉིད་དེ། །ཇི་ལྟར་ཆུ་ནི་རྣ་བར་ཞུགས་པ་ལ། །ཡང་ནི་ཆུ་ནི་ཐབས་སུ་འགྱུར་བ་ཉིད། །ཇི་ལྟར་རླུང་གིས་དཀྲུགས་པའི་སེམས་རྣམས་ཀྱི། །དེ་བཞིན་མཁས་པས་མོན་སྲན་གྲེའུ་བཞིན། །འདོད་ཆགས་ཀྱིས་ཀྱང་རྨོངས་པ་ཡི། །སྐྱེ་བོ་འདོད་ཆགས་མེ་ཡིས་གདུང་། །འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། །འདོད་ཆགས་མེད་པས་ཟད་པར་འགྱུར། །འདོད་ཆགས་རྡོ་རྗེ་ཡོངས་ཤེས་པས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །འདོད་ཆགས་ཞགས་པས་འཆིང་བ་ཡིས། །འཇིག་རྟེན་ཆགས་པས་ཁྱབ་པར་བརྗོད། །འདོད་ཆགས་བྲལ་བའི་མངོན་བྱང་ཆུབ། །འདོད་ཆགས་མཐར་ཕྱིན་རྣམས་མི་འདོད། །དེ་ནས་རྡོ་རྗེ་སྒྲོལ་མ་ཡི། །སྒྲུབ་ཐབས་སྦྱིན་སྲེག་ལས་ཀྱི་ནི། །ཆོ་གས་འདོད་དོན་ཐམས་ཅད་ནི། །སྒྲུབ་ཐབས་ཡང་དག་རབ་བཤད་བྱ། །དེ་ལ་འདི་རྣམས་ནི་སྔགས་ཀྱི་རྐང་པ་ཡིན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱནྨ་མ་ཀྲྀ་ཏེ་ཛཾ་བྷ་ཡ་སྟམྦྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་དུཥྚཱཾ་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། མ་མོ་དཀྱིལ་འཁོར་དབུས་གནས་པར། །ལྷ་མོ་སྒྲོལ་མ་བསྒོམ་པར་བྱ། །ཕྱག་བརྒྱད་ཞལ་ནི་བཞི་པ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །གསེར་གྱི་ཁ་དོག་འདྲ་བར་བསྒོམ། །གཞོན་ནུ་མ་ཡི་མཚན་ཉིད་འབར། །རྡོ་རྗེ་ཉི་མས་དབང་བསྐུར་མ། །སངས་རྒྱས་བཞི་ཡི་དབུ་རྒྱན་ཅན། །ལང་ཚོ་ལ་ནི་བབ་པའི་ལུས། །གཡོ་བ་གསེར་གྱི་རྣ་ཆ་མ། །སྣ་ཚོགས་པདྨའི་གདན་ལ་བཞུགས། །འོད་ཟེར་དམར་པོས་རྣམ་པར་བརྒྱན། །རྡོ་རྗེ་ཞགས་པ་དེ་བཞིན་དུང་། །གཡས་པས་མདའ་ནི་འགེངས་པའོ། །རྡོ་རྗེ་ལྕགས་ཀྱུ་ཨུཏྤ་ལ། །སྡིགས་མཛུབ་གཡོན་ ― DKG080_Page_0093 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་འཛིན་པ་མོ། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །གནས་གསུམ་པ་ནི་བསྒྲུབ་པར་བྱ། །ཤར་དུ་མེ་ཏོག་སྒྲོལ་མ་སྟེ། །ཁ་དོག་དཀར་ཞིང་ཡིད་འོང་མ། །ཡི་གེ་ཨོཾ་ལས་སྐྱེས་པའོ། །མེ་ཏོག་ཕྲེང་བས་ལག་པ་ཁྱབ། །ཕྱག་གཉིས་ཞལ་ནི་གཅིག་མ་ཉིད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །གཡས་སུ་བདུག་སྤོས་སྒྲོལ་མ་སྟེ། །མདོག་གནག་མཛེས་པའི་གཟུགས་ཅན་མ། །སྤོས་དང་དུང་གིས་ལག་པ་བྲེལ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནུབ་ཏུ་མར་མེ་སྒྲོལ་མ་སྟེ། །མར་མེ་སྡོང་བུས་ལག་པ་ཁྱབ། །མདོག་སེར་རྣམ་པར་རྒྱན་ཆེན་མོ། །གཡོ་བ་གསེར་གྱི་རྣ་ཆ་མ། །བྱང་དུ་དྲི་ཡི་སྒྲོལ་མ་སྟེ། །དྲི་ཡི་དུང་གིས་ལག་ཁྱབ་པ། །ཁྲག་གི་མདོག་ལྟར་ལྷ་མོ་ནི། །དཀྱིལ་འཁོར་སྙིང་པོ་བསྒོམ་པར་བྱ། །ལྕགས་ཀྱུ་ལ་སོགས་རབ་དབྱེ་བས། །དེར་ནི་སྒོ་ཡི་སྲུང་མ་བསམ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །འོག་ཏུ་གནོད་མཛེས་མ་རབ་བསྒོམ། །འཁོར་ལོ་ཀླུ་ཞགས་བསྣམས་ནས་ནི། །སྤྲོ་ཞིང་སྔགས་ནི་བཟླ་བར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་ཡིས་ལྷ་མོ་བཅུ། །ཕ་རོལ་ཕྱིན་བཅུ་ལ་གནས་མ། །འབྲས་བུ་ཐམས་ཅད་རབ་བསྒྲུབ་ཕྱིར། །རབ་ཏུ་འབད་པས་བསྒོམ་པར་བྱ། །སྔགས་ནི་མཆོག་དང་ཕུལ་དུ་ཕྱིན། །སངས་རྒྱས་ཀུན་གྱིས་ཕྱག་མཛད་མ། །བཀླགས་པས་འགྱུར་བྱེད་དྲག་པོ་སྟེ། །རྡོ་རྗེ་གུར་གྱིས་བཤད་པའོ། །སྔགས་འདིས་གོས་ཀྱི་ཐུ་བར་བདུན། །མངོན་པར་བསྔགས་པ་བྱ་བ་སྟེ། །མདུད་པས་བཅིངས་ཏེ་ནགས་ཚལ་དུ། །འགྲོ་ནའང་སུས་ཀྱང་མི་འཁྱེར་ཏེ། །སྟག་དང་ཆོམ་རྐུན་དང་ཆུ་སྲིན་སྣ་འཐུང་དང་སེང་གེ་དང་སྦྲུལ་དང་མཆེ་བ་ཅན་དང་མ་ཧེ་དང་། དོམ་དང་སྙུག་གླང་ལ་སོགས་དྲན་པ་ཙམ་གྱིས་ཉམས་ཤིང་ཡིབ་བོ། །སྔགས་འདིས་ཨུཏྤ་ལ་ལ་སྦྱིན་སྲེག་ཇི་སྲིད་དུ། ལན་བརྒྱ་རྩ་བརྒྱད་ཇི་ཙམ་གྱིས་བསྐུ་བར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་ཝ་ཤ་མཱ་ནཱ་ཡ་སྭཱ་ཧཱ། ཡང་སྔགས་དེ་ཉིད་ཀྱིས་ཁྭའི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་ཡོངས་སུ་བཟླས་ཏེ། དགྲའི་ཁྱིམ་དུ་སྦས་ན། ཉི་མ་བདུན་གྱིས་སྐྲོད་པར་བྱེད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་གཱ་མི་ནི་དེ་ཝ་དཏྟཾ་ཨུཙྪཱ་ཊ་ཡ་ཧཱུཾ་ཕཊ། དེ་ནས་ ― DKG080_Page_0094 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞན་ཡང་སྦྱོར་བར་འགྱུར་བ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཱཾ་ཀུ་མཱ་རཱི་མ་ཧྱ་མུ་ཧི་ན་ཏ་སྱཱཿཔི་ཏཱ་པྲ་ཡཙྪ་ཏུ་མེ་སྭཱ་ཧཱ། སྤྲ་ཚིལ་དང་གཏུམ་པའི་ས་བོན་དང་། མྱོས་བྱེད་དང་ཨ་ཤོ་ཀའི་ལོ་མ་དང་། མེ་ཏོག་སྲེག་བླུགས་བྱ་ཞིང་། མར་དང་སྦྲང་རྩི་བུ་རམ་དུ་བཅས་པ་སྟོང་ཕྲག་ལྔའི་སྦྱིན་སྲེག་ནི་བུ་མོའི་དངོས་གྲུབ་ལ་རབ་ཏུ་བསྔགས་ཏེ། ཉི་མ་བདུན་གྱིས་དེའི་ཚེ་རྣལ་འབྱོར་པས་རང་འདོད་པའི་བུ་མོ་ཐོབ་བོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་བ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཱཾ་སྭསྠཱ་ནཱ་ཏ་ཨཱ་ཀར་ཥ་ཡ་མནྟི་ཀེ་ཛཿསྔགས་འདིས་བ་ད་རའི་ཚེར་མ་སྟོང་ཕྲག་ལྔ་རང་བྱུང་གི་མེ་ཏོག་དང་སྦྲགས་ཏེ་སྲེག་བླུགས་བྱ་བར་བརྗོད་པ་འདི་བྱས་པས་སྐྱེས་བུ་སྐྱོང་བ་རྣམས་ཀྱི་བུ་མོ་ཡང་འགུགས་པར་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་ཟླ་མཚན་འཛག་པའི་རས་ལ་བཅོམ་ལྡན་འདས་མ་ཕྱག་གཉིས་མ། ཞལ་གཅིག་ལག་པ་ལྕགས་ཀྱུ་དང་། ཨུཏྤ་ལ་དང་ཞགས་པར་བཅས་པ་རྣམ་པར་བྲིས་ཏེ། དེའི་མདུན་དུ་མཆོད་པ་བྱས་ཏེ། མེ་ཏོག་འདི་རྣམས་བཟང་ཞིང་དགེ་ཞེས་བྱ་བ་ལ་སོགས་པས་མཆོད་ནས་ཕྱི་ནས་བསྒོམ་པ་དང་ལྡན་པར་སྔགས་བཟླས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱི་མ་མེ་པ་སི་ཏཾ་སྭ་སྲཱྀ་ཀ་ཐ་ཡ་ཧཱུྃ་ཕཊ། སྟོང་ཕྲག་ལྔས་འོང་བར་འགྱུར་རོ། །ཞགས་པས་མགྲིན་པར་བཅིངས་ཏེ། ལྕགས་ཀྱུས་དྲངས་ནས་བསྒྲུབ་བྱ་རྐང་པའི་འོག་ཏུ་བསམས་ཏེ། ཁོལ་མོའི་ཚུལ་གྱིས་སྤྱད་པར་བྱའོ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་སྒྲོལ་མའི་གཟུངས་བདུན་མངོན་པར་བསྔགས་པར་བྱ་སྟེ། བདག་གི་མིག་གཉིས་མིག་སྨན་གྱིས་བསྐུ་བར་བྱ་ཞིང་རྒྱལ་པོའི་རིགས་ཀྱི་དྲུང་དུ་འཇུག་པར་བྱའོ། །དེ་ནས་རྒྱལ་པོ་སློབ་མ་དང་འདྲ་བར་གུས་པར་བྱེད་ཅིང་འགལ་བར་མི་བྱེད་པ་དང་། བཀའ་དྲིན་སྩོལ་ཞིང་སྙན་པར་རྗོད་པར་བྱེད་པ་དང་། བྲན་དུ་ཡང་དག་པར་འགྲོ་ཞིང་ཁྲོས་པ་ཡང་དབང་དུ་འགྱུར་བ་སྟེ། འདི་ནི་མངོན་སུམ་དུ་མཐོང་བ་དང་ངོ་མཚར་དང་བཅས་པའོ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་སྒྲོལ་མའི་གཟུངས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། ཁ་གཉིས་པའི་སོ་དུག་ཐལ་བར་བྱས་ལ། བ་ཁ་དོག་དམར་མོའི་མར་དང་། ཨརྐའི་ཤིང་བལ་ལས་སྡོང་བུ་རབ་ཏུ་སྦར་ལ་མིག་སྨན་ ― DKG080_Page_0095 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྡུ་བར་བྱའོ། །མིག་སྨན་རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཆོས་དག་མཉེས་ལ་རྡོ་རྗེ་རྟ་མཆོག་གིས་བདུག་པར་བྱའོ། །ཐལ་བ་དང་ལྷན་ཅིག་མིག་ལ་བསྐུ་བར་བྱ་སྟེ། རྡོ་རྗེ་མིག་གིས་གང་བལྟས་པ་དེ། གལ་ཏེ་པད་མ་གར་གྱི་དབང་ཕྱུག་མི་འབབ་ན་དེའི་ཚེ་བདག་སྒྲོལ་མ་མ་ལགས་ཏེ། བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བཀྲོངས་པ་ལགས་སོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་བ་བྱིས་པ་སོ་མེད་པའི་ལྕེ་བླངས་ལ། སྒྲོལ་མའི་གཟུངས་བདུན་མངོན་པར་བསྔགས་པར་བྱས་ནས་བུང་བའི་རྒྱལ་པོའི་རྩ་བ་དང་། བ་ལང་གི་གི་ཝང་ལྷན་ཅིག་བྱས་པས་དཔྲལ་བར་ཐིག་ལེ་ཡོངས་སུ་བཟུང་སྟེ། གང་བལྟས་པ་དེ་དབང་དུ་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་ལྟོ་བའི་སྲིན་བུ་ལ་གཟུངས་བདུན་མངོན་པར་བསྔགས་པ་བྱ་སྟེ། རྡོ་རྗེ་དང་ལྷན་ཅིག་སོ་རྩིས་བྱས་ལ་བྱིན་ཏེ། སྦྱོར་བ་མཆོག་ཟོས་པ་ན་མི་སྤོང་བ་དང་། གཞན་དུ་མི་དགའ་བ་དང་། གཞན་དུ་མི་འགྲོ་བ་དང་། རང་གི་བདག་པོ་ཡང་སྤོང་ངོ་། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་མར་ཁུ་ཆེན་པོས་ཉེ་བར་བྱུགས་ལ། སྒྲོལ་མའི་གཟུངས་བཟླས་ལ་དེ་བསྒོམ་པར་བྱའོ། །བཟླས་པའི་མཐར་སཱ་ལུ་བཏགས་པས་འདག་གུའི་དྲི་མ་ལ་ཁུ་བ་བྱས་ཏེ། གང་ལ་བྱིན་པ་དེ་ལྔ་པོར་ཡང་མི་སྤོང་ངོ་། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་ཟླ་བ་ལ་ཉེ་བར་ཆགས་པའི་དུས་སུ་སྒྲོལ་མའི་གཟུངས་ཟློས་ཤིང་བསྙེན་པ་བྱས་ལ་དེ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་བླངས་ཏེ། དུང་གི་ཐལ་བ་དང་མཉེ་བར་བྱ་ཞིང་རབ་ཏུ་དྲེགས་མ་ཉིད་ལ་སྦྱིན་ཏེ། ཇི་སྲིད་དུ་ལྔ་པོར་ཡང་རྗེས་སུ་འབྲང་ངོ་། །དེ་ནས་གཞན་ཡང་སྦྱོར་བར་འགྱུར་བ་སྒྲོལ་མའི་གཟུངས་ཀྱིས་མ་ད་ན་ཕ་ལ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། འདོད་པའི་འབྲས་བུ་དེས་རྟ་མགྲིན་དང་ལྷན་ཅིག་པས་བསྐུས་ན་དབང་དུ་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་སྱ་བནྡྷ་ན་མུཀྟི་ཀུ་རུ་མུཿསྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་ཨརྐའི་ལོ་མ་ལ་བསྒྲུབ་བྱའི་མིང་ནང་དུ་བཅུག་པར་བྲིས་ལ་ནེའུ་ལེའི་ཁུང་བུར་སྦས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ། །དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་གནས་ཡང་དག་པར་རབ་ཏུ་བཤད་པར་བྱའོ། །གང་ ― DKG080_Page_0096 ―
[མ་དཔེ་གཟིགས་ན་འདིར་གནོན།]
གིས་བསྒོམས་པ་ཙམ་གྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ལྷ་མོ་ཕྱག་གཉིས་མ། ཞལ་གཅིག་མ། སྐུ་མདོག་དཀར་བ་ཡིད་འཕྲོག་མ། སྐྲ་ཕྱེད་དུ་ལི་བ། ཆུ་སྐྱེས་ཤིན་ཏུ་དཀར་བ་ལ་ཡང་དག་པར་གནས་མ། ལག་པ་གཡས་པར་པད་མ་མདོག་དཀར་བ་ཡང་དག་པར་བསྒོམས་ཤིང་། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལྟེ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ཨོཾ་ལས་སྐྱེས་མ། མཆོག་ཏུ་དགའ་བར་བྱེད་མ། དམ་ཚིག་སེམས་དཔའ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་ཞིང་རྣལ་འབྱོར་ཟླ་བ་དྲུག་ཏུ་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །མཚན་མོ་བདུན་དུ་སྦྱོར་བས་བསྟན་བཅོས་ཐམས་ཅད་ཤེས་པར་བྱེད་དོ། །འབུམ་བཟླས་པའི་སྦྱོར་བས་ཉི་མ་རེ་རེ་ལ་ཚིགས་བཅད་བརྒྱ་བརྒྱ་བྱེད་པར་འགྱུར་རོ། །རབ་ཏུ་འབད་པ་མེད་པར་གཞུང་བརྒྱ་ཡང་འཛིན་པར་བྱེད་དོ། །དེ་ལ་སྔགས་ཀྱི་རྐང་པར་གྱུར་པ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བ་ནི། ་ཛྭ་ལ་ཛྭ་ལ་མེ་དྷཱ་བ་ནི། དྷི་རི་དྷི་རི་བུདྡྷི་བ་ནི་སྭཱ་ཧཱ། ཁྭ་མི་ཟེར་བ་ན། སྔགས་འདིས་བདུན་དུ་མངོན་པར་བསྔགས་པར་བྱས་ཏེ། མ་བསླངས་པའི་སིངས་པོ་སྐྱུར་པོ་ལ་ལན་བདུན་དུ་སྔགས་ཀྱིས་བཏབ་པར་བྱ་ཞིང་། ཇི་སྲིད་ཟླ་བ་དྲུག་ཏུ་གང་འཐུང་བ་དེ་ཤེས་རབ་ཆེན་པོར་འགྱུར་རོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི། །མཚན་ཉིད་ཡང་དག་རབ་བཤད་བྱ། །དེ་ཡིས་ཉེ་བར་བསྟེན་པའི་སྔགས། །སྒྲུབ་པ་པོ་ཡིས་ངེས་པར་འགྲུབ། །དལ་ཞིང་ཟབ་མོའི་ཆོས་དང་ལྡན། །རིག་པ་ཀུན་ལ་མཁས་དང་བཅས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་ནི་རྣམ་པར་རིག། ཉན་ཐོས་སྤྱོད་པ་སྲུང་བ་པོ། །སྔགས་སྤྱོད་རིམ་པ་གུས་པ་དང་། །གཟུགས་ལྡན་མཐོང་ན་དགའ་བ་དང་། །དཀྱིལ་འཁོར་འདྲི་ཞིང་བཟླས་པར་ལྡན། །རྩ་བའི་ལྟུང་བ་འཇོམས་པ་པོ། །སྔགས་དང་ལུས་སྐྱོབ་སྦྱོར་བ་ཡིས། །འཇིག་རྟེན་རྣམས་ནི་བདེ་བར་བྱེད། །དེ་ལྡན་བླ་མས་བཅས་ནས་ནི། །གང་གིས་ཀྱང་ནི་སྨད་མི་བྱ། །སྐྱེ་བོ་བླ་མ་སྨོད་པ་གང་། །དམྱལ་བ་ཆེན་པོར་འཚེད་པར་འགྱུར། ། ― DKG080_Page_0097 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཇི་ལྟར་རྡོ་རྗེ་འཛིན་རྒྱལ་ནི། །སངས་རྒྱས་ཀུན་གྱིས་དང་པོར་མཆོད། །རྡོ་རྗེ་གུར་གྱིས་འགྲོ་བ་ཡིས། །དེ་ལྟར་བླ་མའི་ནན་ཏན་བྱ། །བླ་མའི་གྲིབ་མ་བུད་མེད་དང་། །ལྷམ་དང་སྟན་དང་མལ་སྟན་རྣམས། །རྨོངས་ཆེན་གང་ཞིག་འགོང་བྱེད་ན། །སྐྱེས་པ་དེ་ནི་སྤུ་གྲིར་ལྟུང་། །ལེགས་པར་དབང་བསྐུར་སློབ་མ་གང་། །བླ་མའི་བཀའ་ལས་འདའ་བྱེད་པ། །འཇིག་རྟེན་འདིར་ནི་འོན་པར་འགྱུར། །འཇིག་རྟེན་ཕ་རོལ་དམྱལ་བར་གནས། །གཡོ་དང་སྒྱུ་ཡི་སྦྱོར་བ་ཡིས། །བརྫུན་གྱིས་མི་ནུས་སྨྲ་བ་ལས། །ཁོང་སྐེམ་མཛེ་ནད་ཆེན་པོ་ཅན། །དམྱལ་བ་ལ་སོགས་སྐྱེ་བར་འགྱུར། །དེ་ལྟར་ཤེས་པའི་སློབ་མ་ཡིས། །བླ་མའི་བསྙེན་བཀུར་ཕ་རོལ་ཕྱིན། །བླ་མའི་བཀའ་ནི་རབ་བསྲུངས་ན། །དངོས་གྲུབ་རྒྱས་པ་འགྲུབ་པར་འགྱུར། །ཚོགས་ཀྱི་ཟས་ནི་རྟག་ཏུ་བྱ། །ཞི་བ་ལ་སོགས་རབ་ཏུ་བསྐུལ། །སྔ་བར་དགེ་འདུན་ཆོས་སྟོན་བྱ། །བླ་མ་སངས་རྒྱས་ཡང་མཉེས་བྱ། །བླ་མ་ལ་ནི་ཡོན་དབུལ་ཞིང་། །དེ་ཡི་རྗེས་སུ་ཚོགས་ཀུན་ལའོ། །བདག་གི་ལས་ནི་བརྩམས་ནས་ནི། །ཆོ་ག་འདིས་ནི་བསྒྲུབ་པར་བྱ། །ཡན་ལག་རྒྱན་རྣམས་ཀུན་གྱིས་བརྒྱན། །རྡོ་རྗེ་རྒྱན་གྱིས་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུ་བླངས་ནས་ནི། །ལམ་གྱི་བཞི་མདོར་གཏོར་མ་དང་། །མེ་ཏོག་བདུག་སྤོས་མར་མེ་དང་། །དེ་བཞིན་དྲི་ཡི་དུང་སོགས་གཡས། །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་བཟེད་སྣོད་གཞག་པར་བྱ། །ཞབས་བསིལ་གོང་མའི་ཆོ་ག་ཡིས། །མེ་ཏོག་སྤོས་སོགས་རིམ་པ་བཞིན། །ལཱ་སྱ་ལ་སོགས་མཆོད་པ་ཡིས། །མཆོད་པར་བྱས་ན་བཟང་པོར་སྦྱིན། །མེ་ཏོག་སྒྱུར་བའི་ཚུལ་གྱིས་དང་། །དྲི་ནི་འཐོར་བའི་ཚུལ་ལས་དང་། །སྡོང་པོས་མར་མེའི་མཆོད་པ་དང་། །བྱུག་པའི་ལུས་ཀྱིས་རྗེས་སུ་དྲིས། །ལཱ་སྱའི་ལག་པ་ལཱ་སྱ་སྟེ། །ཕྲེང་བས་ཕྲེང་བའི་མཁའ་འགྲོ་མ། །གླུ་ཡིས་ཧཱུཾ་གི་དམ་ཚིག་གླུ། །བརླ་བསྐུམས་པས་ནི་གར་ཉིད་དེ། །མཆོད་པ་འདི་རྣམས་བླ་ན་མེད། །སངས་རྒྱས་ཐམས་ཅད་མཉེས་པར་བྱེད། །སངས་རྒྱས་རྣམས་ནི་མཆོད་པས་མཆོད། །འདོད་པའི་དངོས་གྲུབ་བྱེད་པར་འགྱུར། །བཟླས་དང་བསྒོམ་ ― DKG080_Page_0098 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མངོན་དགའ་ཞིང་། །རྟག་ཏུ་འཁོར་བའི་ཕ་རོལ་འགྲོ། །རྡོ་རྗེ་མཁའ་འགྲོའི་བཀའ་ཇི་བཞིན། །འདི་རྣམས་བླ་མེད་མཆོད་པའོ། །མེ་ཏོག་སྤོས་སོགས་མངོན་སུམ་དུ། །འཇིག་རྟེན་སྤྱོད་པར་གནས་པ་ཡིས། །སྣ་ཚོགས་མཆོད་པ་མཆོག་ཉིད་མིན། །དེ་ཉིད་བྱང་ཆུབ་ཡན་ལག་མིན། །དཀར་པོ་ཞི་བར་བྱེད་པར་བརྗོད། །སེར་པོ་རྒྱས་པའི་སྒྲུབ་ཐབས་ལ། །དབང་དང་དགུག་པར་དམར་པོ་སྟེ། །ཐ་མའི་ལས་ལ་ནག་པོའོ། །ཞི་བ་ལ་ནི་མེ་ཏོག་དཀར། །སེར་པོ་རྒྱས་པའི་རྡོ་རྗེ་ལ། །མེ་ཏོག་ནག་པོ་ཐ་མ་ལ། །དབང་དང་དགུག་ལ་དམར་པོ་བཟང་། །རྣལ་འབྱོར་པ་གང་དབང་བསྐུར་མེད། །དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །གང་ཞིག་རབ་གནས་མ་མཐོང་དང་། །གང་ཞིག་སྦྱིན་སྲེག་མ་བྱས་པ། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་ཡི་དངོས་གྲུབ་མཆོག་ཉིད་མེད། །གང་གིས་སློབ་དཔོན་གསོལ་མ་བཏབ། །འདིར་ནི་རིགས་སུ་སྐྱེ་བ་མེད། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །གང་གིས་བྱང་ཆུབ་མ་ཐོབ་ནའང་། །འཁོར་ལོས་སྒྱུར་བའི་གནས་སུ་དེའི། །སྐྱེ་ཞིང་སྐྱེ་བར་སྐྱེ་བར་འགྱུར། །ཡང་ན་ས་ཡི་བདག་པོ་ཉིད། །དག་པའི་གནས་སུ་མངོན་པར་འགྲོ། །བདེ་བ་ཅན་དང་མཁའ་འགྲོ་དང་། །དགའ་ལྡན་དུ་ནི་བློ་ལྡན་སྐྱེ། །འཇིག་རྟེན་འདིར་ནི་གང་འགྲུབ་པ། །སངས་རྒྱས་དེ་ནི་ཅི་ཞིག་སྨོས། །ཁམས་གསུམ་བདག་པོ་ཆེན་པོ་ཉིད། །འཆི་མེད་རྒས་པས་ཁྱབ་པ་མེད། །ཚངས་པ་བརྒྱ་བྱིན་དེ་བཞིན་དྲག། སྒྲ་གཅན་མེ་དང་རླུང་དང་ནི། །འདོད་པའི་ལྷ་དང་ཐོང་ལྡན་ཉིད། །འདི་རྣམས་དེ་ཡི་འཁོར་དུ་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། །དྲི་ཟ་ལྷ་མ་ཡིན་དང་མི། །མི་འམ་ཅི་དང་མཁའ་སྤྱོད་གང་། །དེ་རྣམས་འཁོར་འགྱུར་ཐེ་ཙོམ་མེད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འཁྲུངས་དང་བྱང་ཆུབ་བྱེད་པ་དང་། །དེ་བཞིན་དུ་ནི་ལྷར་གཤེགས་དང་། །ཁྱིམ་ནས་འབྱུང་བར་བྱེད་པ་དང་། །རབ་ཏུ་བྱུང་བ་འཛིན་པ་དང་། །སྐྱེ་བ་ཡོངས་སུ་ལེན་པ་དང་། །ཡོངས་སུ་མྱ་ངན་འདས་པ་སྟོན། །འདུལ་བའི་འཇིག་རྟེན་མཐོང་ནས་ནི། །འདི་ནི་གཟུགས་ནི་དུ་མ་བྱེད། །སངས་རྒྱས་སེམས་ཅན་སྐྱབས་བཞེད་པས། །སངས་རྒྱས་གར་ནི་རོལ་པ་མཛད། །རི་བོང་ ― DKG080_Page_0099 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟག་དང་སེང་གེ་དང་། །གླང་པོ་རྣམས་ཀྱི་རིགས་སུ་ཡང་། །སྙིང་རྗེས་ཕན་པའི་སེམས་ཀྱིས་ནི། །ཕྱག་རྒྱས་གྲུབ་པ་སྐྱེ་བར་འགྱུར། །བུད་མེད་སྒྱུ་མའི་སྤྲོས་པ་ཡིས། །འདོད་ཆགས་ཅན་ལ་ཆོས་གསུང་ངོ་། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །སྒྱུ་མ་ཐམས་ཅད་སེལ་བར་བྱེད། །ཤེས་རབ་ཕ་རོལ་ཕྱིན་གཟུགས་སུ། །བུད་མེད་རྟག་ཏུ་ཡང་དག་གནས། །སྒྱུ་མ་ཆེན་མོ་གནས་འདུག་ནས། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟེར། །གཡོ་ཞིང་དད་ཆེ་ངོ་ཚ་མེད། །རྟག་ཏུ་འདོད་ཆགས་ཕ་རོལ་འགྲོ། །དངོས་གྲུབ་ཀྱང་ནི་རབ་ཏུ་སྟེར། །གཟུགས་དང་ཡོན་ཏན་ནོར་ལ་ཡང་། །འདོད་པ་གང་ཡང་བཙུན་མོ་མེད། །རྡོ་རྗེ་འདོད་ཆགས་ཡིད་འདོད་པས། །རང་གི་བདེ་བ་མྱང་བར་ལྡན། །སྐྱེས་བུ་ཚུལ་ཁྲིམས་ལྡན་པ་དང་། །བདེ་གཤེགས་བཀའ་ལས་མི་འདའ་ཞིང་། །བླ་མ་བསྙེན་བཀུར་སྙིང་རྗེ་ཅན། །ཀྱེ་ཡི་རྡོ་རྗེ་རབ་ཕྱེ་བའོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་གཙོ་མོ་དང་། མཁའ་འགྲོ་མ་རྣམས་ཀྱིས་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ། ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེས་བདག་ལ་སྩོལ། །ཡིད་དང་ཕྲག་དོག་ཆེན་པོ་དང་། །རྡོ་རྗེ་ཀུན་གྱིས་དམ་ཚིག་མགོན། །ལས་རྣམས་ཐམས་ཅད་སྒྲུབ་པ་པོ། །རྡོ་རྗེ་ཅན་ཀུན་དགྱེས་པར་མཛོད། །དེ་ནས་བཅོམ་ལྡན་འདས་མཁའ་འགྲོ་མ་ཐམས་ཅད་ཀྱི་དམ་ཚིག་ལ་གནས་ཏེ། དབྱངས་འདི་གསུངས་པ། ཐིག་སྐུད་སར་པ་མཛེས་པར་ལྡན། །ཤིན་ཏུ་ཚད་མ་གཙང་མ་ཡིས། །ཧེ་ཞེས་བྱ་བའི་དཀྱིལ་འཁོར་གྱི། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །དེ་ལ་འདི་ནི་སློབ་མ་ཆེན་པོའི་གསོལ་བ་གདབ་པའི་དམ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དཀྱིལ་འཁོར་འདྲེན་པས་བཤད་དུ་གསོལ། །དཀྱིལ་འཁོར་གྱི་རྡོ་རྗེ་ལ་གསོལ་བ་གདབ་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ང་ནི་སྙིང་རྗེ་སྟོབས་དཔལ་ལྡན། །བསྲུང་བའི་འཁོར་ལོ་སྦྱར་བ་པོ། །རྡོ་རྗེ་ཡིས་ནི་གསལ་བའི་ལུས། །སྐུ་གསུམ་ལས་ནི་སྐྱེས་པ་སྤྲོ། །གལ་ ― DKG080_Page_0100 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏེ་ལ་ལ་འདའ་བྱེད་ན། །འཇིག་པར་འདི་ལ་ཐེ་ཙོམ་མེད། །ལུས་སྲུལ་པོ་དང་ཁ་ཅིག་གང་། །བདེ་ཆེན་ཡེ་ཤེས་འབྱུང་བ་དང་། །རྡོ་རྗེ་སེམས་དཔའི་རང་བཞིན་སྐྱེས། །ཟུར་གཅིག་བགེགས་ནི་ཆེན་པོ་རྣམས། །འཁོར་ལོ་ཡི་ནི་བརྒྱད་ཉིད་ཀྱི། །ཆ་ཡིས་སྒོ་ནི་རབ་ཏུ་གྲགས། །སྒོ་ཁང་ལྷ་ཡི་སྣམ་བུ་ནི། །སྒོ་ཡི་ཚད་ཀྱི་ཚད་དུ་བྱ། །སྒོ་ཡི་ཕྱེད་ཀྱི་ཆ་རུ་ནི། །ཡ་ཕུབས་དང་ནི་འགྲམ་ཉིད་དོ། །རིག་བྱེད་ཉིད་ཀྱང་དེ་བཞིན་བྱ། །དྲ་བའི་སྣམ་བུ་རིག་བྱེད་ཕྱེད། །དང་པོར་ཚངས་པའི་ཐིག་དང་ནི། །གཉིས་པར་མཚམས་ཀྱི་ཐིག་དང་ཡང་། །གསུམ་པར་ངོས་བཞི་ཡི་ནི་བཞི། །ཐིག་ནི་རབ་ཏུ་གདབ་པར་བྱ། །ཚངས་ཐིག་ཆ་གཉིས་བོར་ནས་ནི། །ཆ་དྲུག་ཏུ་ནི་གདབ་པར་བྱ། །དེ་ནས་སྒོ་ཡི་ཚད་བོར་ནས། །དགུ་ཡི་ཆར་ནི་རབ་ཏུ་གདབ། །དེ་ལ་འདི་ནི་ས་སྦྱང་བའི་དམ་ཚིག་གོ། །ཨྃ་ཁྃ་ཧཱུྃ་དྲཱུྃ། དེ་ལ་འདི་ནི་ཡེ་ཤེས་སྤྱན་དྲང་བ་སྟེ། ཨོཾ་མེ་དི་ནི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུྃ། དེ་ལ་འདི་ནི་ཐིག་གདབ་པའི་དམ་ཚིག་སྟེ། ཨོཾ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། དེ་ལ་འདི་ནི་རྡུལ་ཚོན་བྲི་བའི་དམ་ཚིག་སྟེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ཐར་བར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་པོ་ཆེས། །དཀྱིལ་འཁོར་དམ་པ་བཞེངས་པར་བྱ། །དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །ཆོས་ཀྱི་འཁོར་ལོ་བདེན་བྲལ་དུ། །རླུང་དུ་རྡོ་རྗེ་བྲི་བར་བྱ། །ལྕགས་ཀྱུ་ཤར་དུ་བྲི་བར་བྱ། །ལྷོ་ཡི་སྒོར་ནི་ཞགས་པ་ཉིད། །ནུབ་སྒོར་དེ་བཞིན་ལྕགས་སྒྲོག་སྟེ། །བྱང་དུ་རྡོ་རྗེ་དྲིལ་བུའོ། །དབུས་སུ་ཐོད་པ་དཀར་པོ་ནི། །སྣ་ཚོགས་རྡོ་རྗེས་མཚན་པ་བྲིས། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོས་སྦྱིན་སྲེག་གི་གྲོང་ཁྱེར་རབ་ཏུ་ཕྱེ་བ། རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡིས། །རྡོ་རྗེའི་བསྲེག་རྫས་སྦྱོར་བ་ལས། །ཟླུམ་པོ་ཞི་བར་བྱེད་པར་བརྗོད། །རྒྱས་པར་ར་བའི་རྫིང་བུའི་གཟུགས། །དབང་ནི་ཟླ་བ་ཕྱེད་པ་འདྲ། །དགུག་པ་ལ་ནི་ལྕགས་ཀྱུའི་དབྱིབས། །གསད་དང་ཞེ་སྡང་ལས་ལ་ནི། །ནམ་མཁའི་ཁམས་དང་མཚུངས་པའོ། །དེ་བཞིན་སྐྲོད་བྱེད་སྐལ་ངན་དང་། །ཡན་ལག་ཉམས་པའི་སྦྱོར་བ་ཡིས། །ཙནྡན་ཨ་ཀ་རུ་ཤིང་དང་། །གཞན་ཡང་དྲི་ཡི་རྐང་འཐུང་གིས། །སྦྱིན་སྲེག་ ― DKG080_Page_0101 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡན་ལག་མེ་སྦར་ནས། །ཕྱིས་ནི་ཡང་ནི་དགུག་པར་བྱ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྟ་མ་གྲྀ་ཧཱི་ཏྭཱ་ཨཱ་ཧུ་ཏིཾ་ཨཱ་ཧཱ་རཾ་ཨ་སྨིན་སནྣི་ཧི་ཏོ་བྷ་ཝ། ལྕགས་ཀྱུ་ཉིད་ཀྱིས་དགུག་པར་བྱ། །ཞགས་པ་ཉིད་ཀྱིས་གཞུག་བྱ་ཞིང་། །ལྕགས་སྒྲོག་གིས་ནི་ཞབས་དག་བཅིང་། །དྲིལ་བུ་འཁྲོལ་བས་དབང་དུ་བྱ། །ལཱ་སྱ་ལ་སོགས་མཆོད་པ་བརྒྱད། །མཆོད་ཡོན་ཆོ་ག་བྱས་ནས་ནི། །མར་ལ་སོགས་པའི་སྦྱོར་བ་ལས། །ཡང་ནི་མེ་ནི་མཉེས་པར་བྱ། །དེ་ལ་འདི་ནི་རྡོ་རྗེ་མཆོད་ཡོན་གྱི་དམ་ཚིག་སྟེ། ཨོཾ་པྲ་ཝ་ར་སཏྐྲཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། དེ་ལ་འདི་ནི་ཞབས་བསིལ་གྱི་དམ་ཚིག་སྟེ། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། དེ་ལ་འདི་ནི་བསྲེག་རྫས་ཐམས་ཅད་འཆུ་བའི་དམ་ཚིག་གི་སྔགས་ཏེ། ཨོཾ་བཛྲཱ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ། སརྦྦ་བྷསྨཱིཾ་ཀུ་རུ་སརྦ་དུཥྚཱ་ན་ཧཱུཾ་ཕཊ། དྲྀ་ཤྱ། ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ་ཨ་ཧྃ། ཕྱི་ནས་རང་འདོད་པའི་ལྷ་སྤྱན་དྲངས་ཏེ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱནྣི་ཧ་བྷཀྟྱ་ནུ་ས་མ་ཡེ་ན་ཙ་ཨརྒྷནྟུ་སཾ་པྲ་ཏཱིཙྪེ་དཾ་པཱུ་ཛཱཾ་ཙཱ་དྱ་པྲ་སིདྡྷ་མེ། དེ་ལ་འདི་ནི་དགྱེས་པའི་དམ་ཚིག་སྟེ། ཨོཾ་ཀྲྀ་ཏོ་པཿསརྦྦ་ས་ཏྭཱསིདྡྷི་གཱ་གཙྪ་ཏྲཱུྃ་བུདྡྷ་བི་ཥ་ཡཾ་པུ་ན་རཱ་ག་མ་ནཱ་ཡ་མུཿབཞེངས་པ་དང་ལས་སྣ་ཚོགས་ཀྱི་སྦྱོར་བ་དང་སྦྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །རྡོ་རྗེ་སེམས་དཔའི་རབ་གནས་ནི། །འཇིག་རྟེན་ཐ་སྙད་ལ་གནས་ཏེ། །མདོར་བསྡུས་ནས་ནི་བསྟན་པར་བྱ། །དང་པོར་རེ་ཞིག་རིག་མ་འཛིན། །དྲིལ་བུ་འཁྲོལ་བར་འདོད་པ་དང་། །རྐང་གཡས་བརྐྱང་བའི་སྦྱོར་བ་ལས། །གཡས་པར་རྡོ་རྗེ་གསོར་བ་དང་། །སྲོད་ཐུན་སྐད་ནི་ཆག་པ་ན། །གོས་ཀྱིས་མགྲིན་པ་བཅིངས་པ་དང་། །རིན་ཆེན་སྨན་གྱིས་ཡོངས་གང་བའི། །བུམ་པ་སྟ་གོན་གནས་པར་བྱ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཨ་དྷི་ཏིཥྛ། ཨོཾ་མོ་ཧ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་དྭེ་ཥ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་རཱ་ག་ར་ཏི་ཨ་དྷི་ཏིཥྛ། ཨོཾ་བཛྲ་ར་ཏི་ཨ་དྷི་ཏིཥྛ། ཨོཾ་བཛྲ་གཽ་རཱི་ཨཱ་ཀཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེཏྟཱ་ལཱི་བནྡྷ་བྃ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ། འདི་ནི་ཡེ་ཤེས་དགུག་པའི་ཆོ་གའོ། །ཤུན་པ་ལྔ་དང་བ་བྱུང་ལྔ། །ཁྱད་པར་དུ་ཡང་དྲི་ལྔ་དང་། །ལུས་བཤལ་ཆེད་དུ་བླུག་པར་ ― DKG080_Page_0102 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ། །མཆོད་ཡོན་ལ་སོགས་སྔར་བཞིན་བྱ། །ཡང་ན་དེ་ཉིད་སྦྱོར་བར་བྱ། །སྔ་བར་བླུགས་ཤིང་བྱིན་གྱིས་བརླབ། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །དབང་ནི་རང་གི་རིགས་ཉིད་ཀྱིས། །མཆོད་པ་ལ་སོགས་རིམ་པས་བརྩམ། །རང་གི་སྙིང་ནས་ཡེ་ཤེས་བསམ། །སངས་རྒྱས་བཞུགས་པར་བསང་གཏོར་བྱ། །ཡེ་ཤེས་བདུད་རྩིའི་སྦྱོར་བ་ཡིས། །རིམ་པས་མཆོད་པའི་ལྷ་མོ་སྤྲོ། །བྱང་ཆུབ་སེམས་མཆོག་བསམས་ནས་ནི། །སངས་རྒྱས་བསྟོད་པ་ཡང་དག་བརྩམ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །སྟོང་པ་སྙིང་རྗེ་ཐ་དད་མེད། །ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བསྒྲུབས་ཤིང་། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་འཕེན་མཛད་པ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །རྡོ་རྗེ་སྒོམ་པས་བསྒོམ་པར་བྱ། །རྡོ་རྗེ་ཡི་གེ་བླངས་ནས་ནི། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཕུང་པོ་རྣམ་པར་བསྒོམ། །དེ་ནས་རྡོ་རྗེ་འཚེད་པ་བསམ། །རྡོ་རྗེ་ལྕེ་ཡི་སྦྱོར་བ་ལས། །སངས་རྒྱས་རྡོ་རྗེའི་རྗེས་བཅུག་ཉིད། །རྡོ་རྗེའི་སྔགས་ཀྱིས་བསང་གཏོར་བ། །བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་བདུད་རྩིའི་རོ་མྱང་བའི་རྡོ་རྗེ་དེ་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་ཁམས་ཀྱི་དབུས་སོན་པར། །རྩེ་མོ་ལྔ་པ་བྲིས་པ་ཡིས། །སངས་རྒྱས་དངོས་གྲུབ་འདོད་པ་ཡིས། །སྟོབས་ཀྱིས་སངས་རྒྱས་ཕུར་བུས་གདབ། །ཆོས་འབྱུང་གྲོང་ཁྱེར་ཡིད་འོང་བར། །རྡོ་རྗེ་མཛུབ་མོའི་སྦྱོར་བ་ལས། །གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་གསད་པར་བྱ། །ཨོཾ་དུ་རུ་དུ་རུ། ཙྪིནྡ་ཙྪིནྡ། ཧཱུྃ་ཧཱུྃ། བཅོམ་ལྡན་འདས་ཀྱིས་ཕུར་བུས་གདབ་པ་ཆེན་པོ་རྡོ་རྗེ་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྟ་མགྲིན་རྣམ་པར་བསྒོམ་པར་བྱ། །དབུ་རྒྱན་ལ་ནི་རྡོ་རྗེ་ཆོས། །ཕྱག་རྒྱ་ཆེན་པོར་སྦྱོར་བ་ལས། །པད་མ་དམར་པོ་སྤྱི་བོར་འཛིན། །སྐུ་མདོག་དམར་པོ་སྟོབས་པོ་ཆེ། །གོས་དཀར་གཉིས་མེད་སྦྱོར་བ་ལས། །བཅུ་དྲུག་ཕྱག་གིས་རྣམ་པར་བརྒྱན། །གཡས་པའི་ཞལ་ནི་ནག་པོ་སྟེ། །གཡོན་ ― DKG080_Page_0103 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཟླ་མཛེས་དྲི་མ་མེད། །དང་པོ་དམར་པོ་ཤེས་པར་བྱ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །རྡོ་རྗེ་ཆོས་ནི་གཟི་བརྗིད་ཆེ། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །བདུད་བཞི་མཉམ་པར་མནན་པའོ། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་རྣམ་སྣང་དྲན་པར་བྱ། །དབུ་རྒྱན་རྡོ་རྗེ་འཛིན་པ་བསམ། །སྐུ་མདོག་དཀར་པོ་གཟི་བརྗིད་ཆེ། །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་སྟེ་འཇིགས་པ་པོ། །ཆོས་ཀྱི་འཁོར་ལོ་སྤྱི་བོར་འཛིན། །འདོད་ཆགས་ཆེན་པོའི་རྗེས་ཆགས་པ། །སྤྱན་དང་གཉིས་མེད་སྦྱོར་བ་ཡིས། །འཇིགས་པ་ཡང་ནི་འཇིགས་པར་མཛད། །དང་པོའི་ཞལ་ནི་དཀར་པོ་སྟེ། །ནག་པོ་དམར་པོས་རྣམ་པར་བརྒྱན། །ལྷག་མའི་ཞལ་ནི་བུང་བ་མཚུངས། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་རྣམ་པར་བསྒོམ། །ཅོད་པན་རིན་ཆེན་འཛིན་པར་བསམ། །རྡོ་རྗེ་གཟི་བརྗིད་འོད་པོ་ཆེ། །ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་སྟེ་འཇིགས་པ་པོ། །སེམས་ཀྱི་རིན་ཆེན་སྤྱི་བོར་འཛིན། །བཙོ་མ་གསེར་ལྟར་གཟི་བརྗིད་ཆེ། །དང་པོའི་ཞལ་ནི་སེར་པོ་སྟེ། །གཡས་པ་སྔོན་པོ་འདྲ་བའོ། །གཡོན་པ་ཟླ་འོད་བཟང་པོ་སྟེ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །མ་མོའི་དཀྱིལ་འཁོར་དབུས་གནས་པར། །རྟ་མཆོག་རྣམ་པར་བསྒོམ་པར་བྱ། །དབུ་རྒྱན་རལ་གྲི་འཛིན་པར་བསམ། །མརྒད་ཨུཏྤལ་མཚུངས་པའོ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །བཅུ་དྲུག་ཕྱག་གིས་རྣམ་པར་བརྒྱན། །དང་པོའི་ཞལ་ནི་སྔོ་བསངས་ཏེ། །རྟ་ཡི་གཟུགས་ཏེ་འཇིགས་པ་པོ། །གཡས་པ་ཁ་དོག་ནག་པོ་སྟེ། །གཡོན་པ་ཟླ་མཛེས་དྲི་མ་མེད། །རལ་གྲི་དངོས་གྲུབ་སྤྱི་བོར་འཛིན། །ལྷག་མའི་ཞལ་ནི་བུང་བ་མཚུངས། །རྡོ་རྗེ་ཉི་མ་རྟ་ཉིད་ཀྱི། །ཕྱག་རྒྱ་འདི་ནི་སྒྲོལ་མའི་གཟུགས། །ལྷ་མོ་རྣམས་ཀྱི་ཕྱག་གཉིས་བརྗོད། །གྲི་གུག་དང་ནི་ཐོད་པ་འཛིན། །ཀྱེ་རྡོ་རྗེ་ལ་དཀྱིལ་འཁོར་མཆོག། རལ་གྲི་དག་ནི་རྟག་པ་ཉིད། །ཕན་པར་མེ་ལོང་དེ་བཞིན་ནོ། །རྟ་མགྲིན་ལ་ནི་གོས་བཟང་སྟེ། །རྡོ་རྗེ་ཉི་མ་ལ་ནི་གསེར། །རྟ་མཆོག་ལ་ནི་འགྲོ་མགྱོགས་ཏེ། །མཆོག་ཏུ་ཕན་པ་ཉིད་ཀྱི་ཡོན། །སངས་རྒྱས་འབྲས་བུ་ ― DKG080_Page_0104 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདོད་པ་ཡིས། །བླ་མ་ལ་རྟག་རྒྱུན་དུ་འབུལ། །སྐལ་བཟང་རྡོ་རྗེ་སེམས་དཔའ་བདག། སྐལ་བཟང་ཐུབ་པ་རྣམ་སྣང་མཛད། །སྐལ་བཟང་དཔལ་ལྡན་འཇིག་རྟེན་དབང་། །སྐལ་བཟང་ཉི་མ་བདུན་རྒྱལ་པོ། །དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོ་སྐུ་གསུམ་མཆོག་གི་རྡོ་རྗེ་འཛིན་པ་པོས་མངའ་བདག་རྡོ་རྗེ་འཛིན་པའི་དམ་ཚིག་མཆོག་གསུངས་པ། །ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མབཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། དེ་ནས་སྔགས་ཆེན་བཤད་པ་ན། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །འཇིགས་ཤིང་སྐྲག་པར་གྱུར་ནས་ནི། །རྡོ་རྗེའི་དངོས་གྲུབ་རབ་ཏུ་སྩོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྟ་མགྲིན་གྱི་སྔགས་འདི་གསུངས་པ། ཨོཾ་བཛྲ་དྷརྨྨ་ས་མ་ཡ་སྟྭཾ། ཧུ་ལུ་ཧུ་ལུ། ཨོཾ་ཨཱ་རོ་ལིཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་ན། །རྡོ་རྗེ་ཆོས་ནི་གྲགས་ཆེན་པོ། །འཇིགས་ཤིང་སྐྲག་པར་གྱུར་ནས་ནི། །ཆོས་ཀྱི་དངོས་གྲུབ་རབ་ཏུ་སྩོལ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕན་པའི་སྔགས་འདི་གསུངས་པ། ཨོཾ་ཤཱ་ཤྭ་ཏཾ་པ་ར་མ་ཤཱ་ཤྭ་ཏ་ཨེ་ཧྱི་ཧི་ཛི་ན་ཛིཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས། །སངས་རྒྱས་ཀུན་དང་དེ་བཞིན་གཤེགས། །བརྒྱལ་ཞིང་འཇིགས་པར་གྱུར་ནས་ནི། །དེ་རྣམས་སངས་རྒྱས་དངོས་གྲུབ་སྩོལ། །དེ་ནས་བཅོམ་ལྡན་འདས་རིན་ཆེན་ཉི་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་གཟི་བརྗིད་ཀྱི་སྔགས་འདི་གསུངས་པ། ཨོཾ་བཛྲ་སཱུརྱ་ཏ་མོ་བི་དྷ་མ་ན་ས་མ་ཡང་མ་ཧཾ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས། །རྡོ་རྗེ་གཟི་བརྗིད་འོད་པོ་ཆེ། །འཇིགས་ཤིང་བརྒྱལ་བར་གྱུར་ནས་ནི། །ཉི་མའི་དངོས་གྲུབ་རབ་ཏུ་སྩོལ། །དེ་ནས་བཅོམ་ལྡན་འདས་དོན་ཡོད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། རྟ་མཆོག་རྡོ་རྗེའི་སྔགས་འདི་གསུངས་སོ། །ཕུཿཕུཿཕུཿཧི་ཧི་ཧི་པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ། དེ་ནས་འདི་ནི་བཤད་ཙམ་གྱིས། །རྡོ་རྗེ་དོན་ཡོད་རིགས་བྱུང་བ། །འཇིགས་ཤིང་བརྒྱལ་བར་གྱུར་ནས་ནི། །དེ་རྣམས་དོན་ཡོད་དངོས་གྲུབ་སྩོལ། །སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་སྟེ། །རྡོ་རྗེ་ཅན་གྱི་ཟླ་ཕྱེད་མཚུངས། །རྡོ་རྗེ་ཆོས་ཀྱི་པདྨ་འདྲ། །ཉི་མའི་ཡིད་བཞིན་ནོར་བུ་ ― DKG080_Page_0105 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན། །རྟ་མཆོག་ཅེས་བྱ་དེ་ཡི་ནི། །ཐམས་ཅད་དུ་ནི་གྲུ་གསུམ་མོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །ཕན་པའི་ཕྱག་རྒྱ་ཉིད་དང་ནི། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེ། །རིན་ཆེན་ཏོག་གི་འོད་བྱེད་མ། །དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེ། །རུས་པའི་རྒྱན་གྱིས་བརྒྱན་པར་ལྡན། །སྟག་གི་པགས་པ་མནབས་པ་དང་། །དབུ་སྐྲ་ཐོད་པ་ཕྱེད་པ་སྟེ། །མཆོད་པར་བརྩོན་པའི་སེམས་དཔའ་ཡིས། །ཆགས་པས་མིག་དམར་མཐོང་ནས་ནི། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ལས། །ཆགས་པའི་སྦྱོར་བས་བསྒོམ་པར་བྱ། །ལས་སྣ་ཚོགས་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །སྤྱོད་པའི་མཚན་ཉིད་བཤད་པར་བྱ། །རྡོ་རྗེ་སྤྱོད་པའི་སྦྱོར་བ་ཡིས། །རྡོ་རྗེ་ཕྱག་རྒྱ་ཡང་དག་བརྩམ། །མེ་ཏོག་འབྲས་སོགས་ཀྱིས་བརྒྱན་པ། །ནགས་ཆེན་པོ་ཡི་མཐའ་ཉིད་དུ། །སེམས་དཔའ་ཆེན་པོ་འགྲོ་བར་བྱ། །ནགས་ཚལ་དུ་ནི་སློངས་མོས་རྒྱུ། །ཟས་ནི་བཟང་པོས་བརྒྱན་པ་ཉིད། །དེ་རྣམས་འཇིགས་ཤིང་སྐྲག་ནས་སྟེར། །ནགས་ཚལ་བདག་པོའི་རིགས་ཀུན་ནི། །རྡོ་རྗེ་ཅན་ཏེ་འཁོར་དུ་འགྱུར། །སྐྱེས་པ་དང་ནི་སྐྱེ་བ་ཀུན། །སྐྱེ་བོ་གང་ཞིག་སྐྱེ་འགྱུར་བ། །གཏི་མུག་རྡོ་རྗེའི་སྦྱོར་བ་ལས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཁམས་གསུམ་ལ་ནི་ཉམས་དགའ་བར། །སྒྲ་ནི་གང་ཞིག་རབ་གྲགས་པ། །རྣ་བའི་དྲུང་དུ་གནས་པ་བཞིན། །ཞེ་སྡང་རྡོ་རྗེའི་སྦྱོར་བ་ལས། །དྲང་སྲོང་མངོན་པར་ཤེས་པས་ཐོས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །མཚོན་ཀ་ལྟ་བུའི་མཚན་ཉིད་ནི། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེའི་སེམས་ཀྱིས་ཤེས་པར་འགྱུར། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །རང་གི་རིགས་ནི་སྟོང་ཕྲག་གཅིག། རྡོ་རྗེ་སྦྱོར་བས་དྲན་འགྱུར་ཏེ། །ཉི་གསུམ་ལོན་བཞིན་དྲན་པར་འགྱུར། །སྒྱུ་འཕྲུལ་དྲ་བ་དུ་མ་ཡིས། །འདིས་ནི་སྣང་བར་བྱེད་པར་འགྱུར། །མངོན་ཤེས་ལྔ་ཡི་སྦྱོར་བ་ཡིས། །སངས་རྒྱས་མངོན་ཤེས་ཐོབ་པར་འགྱུར། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དག་པའི་ལེའུ་སྟེ་བཅུ་པའོ།། །།ཕན་པ་ཉིད་ཀྱིས་ཞི་བ་སྟེ། །རྡོ་རྗེ་ཉི་མས་རྒྱས་པའོ། །རྡོ་རྗེ་ཆོས་ཀྱིས་དབང་ཞེས་བྱ། །རྡོ་རྗེ་སེམས་དཔས་གསད་པར་བྱ། །ཞི་བའི་སེམས་ཀྱིས་ཞི་བ་སྟེ། །དབང་ནི་ཡང་དག་བརྩམ་པར་བྱ། །རྒྱས་ ― DKG080_Page_0106 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་སེམས་ཀྱིས་རྒྱས་པ་སྟེ། །རིན་ཆེན་ཆར་སྤྲིན་རབ་བསྒོམ་བྱ། །རྗེས་སུ་ཆགས་པའི་སེམས་ཀྱིས་ནི། །བུ་མོ་བཀུག་ནས་སྤྱད་པར་བྱ། །མེ་ཡི་ཆར་སྤྲིན་འབབ་པ་དང་། །གདུག་པའི་སེམས་ཀྱིས་གསད་པར་བྱ། །འཕྲོག་པ་ལས་ནི་དཀར་མོ་སྟེ། །སྐྱེ་གཉིས་པ་ལས་ཚངས་མ་ཉིད། །དཔལ་མོ་སྲེད་མེད་བུ་ལས་ཀྱང་། །མ་བཅག་པ་ལས་རམྦྷ་ཉིད། །དགའ་མ་ཆུ་སྲིན་རྒྱལ་མཚན་ལས། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །དེ་རྣམས་ཐམས་ཅད་ཉེ་བར་སྤྱད། །ཤིན་ཏུ་དགའ་བའི་སེམས་ཀྱིས་རྩེ། །འདོད་པས་གོས་པར་མི་འགྱུར་རོ། །མཐར་ནི་སྭཱ་ཧཱས་ཞི་བ་སྟེ། །རྒྱས་པའི་དུས་སུ་བཽ་ཥཊ། །མཐར་ནི་ཧཱུྃ་ཕཊ་བསད་པ་ལ། །དབང་དང་དགུག་ལ་ཛཿདང་ཧྲཱྀཿ། ལས་ཐམས་ཅད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །རྡོ་རྗེ་མཁའ་འགྲོ་རབ་བསྒྲུབ་ཕྱིར། །ཐུབ་པས་ཚིག་འདི་བཀའ་སྩལ་ཏོ། །མེ་ཏོག་འབྲས་བུས་བརྒྱན་བྱས་པའི། །རི་ཁྲོད་དང་ནི་སྨན་ལྗོངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བླ་མ་སངས་རྒྱས་མཆོད་པར་བྱ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ཀྱི་ངལ་ནི་བསོ་བར་བྱ། །ཕྱིན་ནས་བྱང་ཆུབ་སེམས་གནས་ཏེ། །རྡོ་རྗེ་བསྲུང་བའི་དམ་ཚིག་གོ། །བདེན་དང་བརྫུན་པར་སྤྱད་པ་ཡི། །བརྟག་པས་ཉེ་བར་མི་གོས་ཏེ། །མ་སྐྱེས་པ་ཡི་སྦྱོར་བ་ཡིས། །སྐྱེ་བ་འདིར་ནི་རབ་ཏུ་བརྗོད། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུྃ་ནི་བཅུ་ཡི་སྦྱོར་བ་ཡིས། །ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་ ― DKG080_Page_0107 ―
[མ་དཔེ་གཟིགས་ན་འདིར་གནོན།]
བགེགས་མཐར་བྱེད། །ཊཀྐི་ཁྲོ་བོ་དབྱུག་པ་སྔོན། །མི་གཡོ་བ་དང་སྟོབས་ཆེན་དང་། །གཙུག་ཏོར་གདུགས་ནི་དཀར་པོ་དང་། །རྡོ་རྗེ་ཞབས་འོག་གནས་པ་ནི། །བདུད་རྩི་སྦྱོར་བས་ཐམས་ཅད་དུ། །ཁྲོ་བོའི་སྒོམ་པས་བསྒོམ་པར་བྱ། །དཔག་ཚད་བརྒྱར་ནི་ཁྱབ་པ་རུ། །བསམས་ནས་བགེགས་ནི་བསྐྲད་པར་བྱ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པར། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་གནས་པར། །ཡང་ནི་ཆུ་ནི་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །བྷཱུྃ་ལས་གནས་ནི་བསམས་ནས་སུ། །རྡོ་རྗེ་དཀྱིལ་འཁོར་དེ་བརྟག་བྱ། །རྣམ་པ་ལྔ་ནི་རབ་བརྟག་བྱ། །ཡེ་ཤེས་ལྔ་ལས་བྱུང་བ་ཡི། །སེམས་དཔའི་གཟུག་བརྙན་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །རིག་མའི་སྐྱེས་བུ་བསྒོམ་པར་བྱ། །ཨོཾ་དྷརྨྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱདྨ་ཀོ྅ཧཾ། རྡོ་རྗེ་བཞེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །ཐུགས་ཀྱི་རྡོ་རྗེ་མཁའ་སྤྱོད་མ། །གསུང་གི་རྡོ་རྗེ་ས་སྤྱོད་མ། །སྐུ་ལ་ཞབས་འོག་གནས་མ་སྟེ། །ཧཱུྃ་ཨཱཿཨོཾ་ལས་བྱུང་བའོ། །བཅོམ་ལྡན་འདས་ཀྱི་སྙིང་པོར་བྱ། །རྡོ་རྗེ་དཀར་མོ་ཆུ་བདག་མ། །རྡོ་རྗེ་མཁའ་འགྲོ་བདག་མེད་མ། །ཞེ་སྡང་རྡོ་རྗེའི་གནས་མནན་ཅིང་། །དཀྱིལ་འཁོར་སྙིང་པོར་བསྒོམ་པར་བྱ། །དཀར་མོ་ཆོམ་རྐུན་རོ་ལངས་མ། །གྷསྨ་རཱི་ནི་སྒོ་སྲུངས་མ། །པུཀྐ་སཱི་དང་རི་ཁྲོད་མ། །གདོལ་པ་གཡུང་མོ་མཚམས་སུ་དགོད། །སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། །འོག་ཏུ་དེ་བཞིན་ས་སྤྱོད་མ། །དབུས་སུ་བདག་མེད་མཁའ་འགྲོ་མ། །མཁའ་འགྲོ་དཀྱིལ་འཁོར་ཉིད་དུ་བསྒོམ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་པ་ཆེ་སྩལ་བ། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྩོལ་བར་མཛད། །ཡེ་ཤེས་ཀྱི་དབང་ ― DKG080_Page_0108 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་གསོལ་བ་གདབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རིག་མའི་སྐྱེས་བུ་དབང་ཆེན་ལ། །ཅོད་པན་རང་གི་ལྷག་པའི་ལྷ། །དེས་ནི་དཀྱིལ་འཁོར་དབང་དང་ནི། །བསྟོད་དང་མཆོད་པ་ལ་སོགས་བྱ། །ཡེ་ཤེས་གཞུག་པ་དེ་བཞིན་ཡང་། །ལྕེ་ཡིས་རྡོ་རྗེ་བདུད་རྩི་མྱང་། །ནང་དུ་བརྗོད་པའི་སྦྱོར་བ་ལས། །བརྟུལ་ཞུགས་ཅན་གྱིས་སྔགས་བཟླས་བྱ། །རྣལ་འབྱོར་མ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རང་གི་རྣམ་པར་རྟོག་པ་སྐྱེས་པར་གྱུར་ཏེ། བཅོམ་ལྡན་འདས་ཇི་ལྟར་ན་རྣལ་འབྱོར་མའི་རྒྱུད་ཅེས་སྤྱད་པར་བགྱི། རྡོ་རྗེ་འཛིན་པས་བཀའ་སྩལ་པ། །ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །རྣལ་འབྱོར་མ་ཞེས་མངོན་པར་བརྗོད། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ལས། །གང་ཕྱིར་དེ་ཉིད་བསྟེན་པ་ཡི། །རྣལ་འབྱོར་མ་ཡི་རྡོ་རྗེ་གུར། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བཤད། །ཕ་རོལ་ཕྱིན་པ་ཀུན་གྱི་ཐབས། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །དགའ་མཛེས་མཁའ་འགྲོ་བདེ་བའི་མཚོ། །མཁའ་དང་གསེར་གྱི་ཆར་པ་དང་། །དགའ་ཆེན་མ་དང་གྷསྨ་རཱི། །ཤིན་ཏུ་དགྱེས་རོལ་གསང་ཡིད་འཕྲོག། རྡོ་རྗེ་མཁའ་འགྲོ་ཕན་རྒྱུད་བརྒྱད། །ཀྱེ་ཡི་རྡོ་རྗེ་དཀྱིལ་འཁོར་སངས་རྒྱས་ཀུན། །གསང་མཛོད་རྡོ་རྗེ་བདུད་རྩི་འབྱུང་བ་དང་། །འཁོར་ལོ་སྡོམ་པ་གུར་དང་འབྱུང་གནས་ནི། །རྣལ་འབྱོར་མ་རྒྱུད་དྲུག་ཏུ་རབ་ཏུ་གྲགས། །སྐྱེས་བུ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག། རྣལ་འབྱོར་གོང་མེད་དེ་ལྷག་ལ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། རེ་ཞིག་བདག་ཅག་གིས་སྤྱོད་ཡུལ་རྣམས་ནི་འཚལ་ནའང་། སེམས་ཅན་གཞན་རྣམས་ཀྱིས་ཇི་ལྟར་སངས་རྒྱས་ཀྱིས་གསུངས་པ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རབ་བསྒོམས་པ། །འདི་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་ ― DKG080_Page_0109 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་ཡང་བསྟན་པའོ། །མུ་སྟེགས་ཅན་སུན་དབྱུང་བ་དང་། །རྒོལ་བ་རྣམས་ཚར་གཅོད་པ་དང་། །རང་གི་སྡེའི་གཞུང་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བདག་གི་བྱང་ཆུབ་ཐོབ་ཕྱིར་དང་། །གང་ཕྱིར་གཞན་དག་བསྒྲལ་བའི་ཕྱིར། །དེས་ན་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །བདག་འཛིན་ཞེན་པ་བཟློག་པའི་ཕྱིར། །ཆོས་དབྱིངས་བདག་ཉིད་སྒྲུབ་ཐབས་ནི། །ཐབས་དང་ཤེས་རབ་འདུས་པ་ཡིས། །དེས་ནི་སངས་རྒྱས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་རྣམས་དང་། རྒྱལ་བའི་སྲས་པོ་རྣམས་བཅོམ་ལྡན་འདས་ཀྱི་གསུང་འདི་ཐོས་ནས་དགའ་བར་གྱུར་ཏེ། ཚིག་འདི་སྐད་སྨྲས་པ། ཨེ་མ་ཀུན་ཏུ་བཟང་པོ་ཡི། །བསྟན་པ་ནམ་མཁའ་ལས་བྱུང་བ། །ནམ་མཁའི་དབུས་སུ་སྦྱོར་བ་ཡིས། །ཡེ་ཤེས་རྒྱ་མཚོ་ཉན་པར་འགྱུར། །དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། །བདེ་བ་ཆེན་པོ་རྣམ་འཕེལ་བས། །དམ་ཚིག་ཐམས་ཅད་བཤད་པར་བྱ། །སངས་རྒྱས་འབྲས་བུ་འདོད་པ་ཡིས། །བདེ་དང་རངས་ཤིང་གར་དང་ནི། །གླུ་དང་རོལ་མོའི་སྒྲ་བྱེད་པས། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རིག་པའི་རྒྱལ་པོ་རབ་ཏུ་འགྲུབ། །ཇི་ལྟར་བདེ་བར་བདེ་བཟུང་ནས། །ཇི་ལྟར་འདོད་པར་སྤྱད་པར་བྱ། །ཇི་ལྟར་གནས་སུ་གནས་ནས་ཀྱང་། །ཡི་གེ་དམ་པ་འགྲུབ་པར་འགྱུར། །བཟའ་དང་བཏུང་བའི་སྦྱོར་བ་དང་། །བཟང་པོའི་རྒྱན་གྱིས་བརྒྱན་པ་ཡིས། །ཉི་མ་གཅིག་ཏུ་བསྐུལ་བ་ཡིས། །དམ་པའི་དེ་ཉིད་འགྲུབ་པར་འགྱུར། །རྟག་ཏུ་རང་གི་དམ་ཚིག་མྱང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཇི་ལྟར་མགོན་པོ་རྣམ་སྣང་མཛད། །རྡོ་རྗེ་འཛིན་བཞིན་བླ་མ་ཉིད། །ཇི་ལྟར་ནམ་མཁའ་མཛོད་ཆེན་པོ། །ཇི་ལྟར་ཐུབ་པ་རྡོ་རྗེ་ཆོས། །ཇི་ལྟར་མགོན་པོ་བདུན་རྒྱལ་པོ། །དེ་ལྟར་རྡོ་རྗེ་སློབ་དཔོན་བརྗོད། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་མཆོག་ཏུ་གསལ་བ་པོ། །ནམ་ཡང་སྨད་པར་མི་བྱའོ། །རྡོ་རྗེ་སྡོམ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་རྡོ་རྗེ་གསོར་བར་བཞེད་པའོ། །མཁའ་འགྲོ་མ་བདག་མེད་མས་འཁྱུད་པས་ ― DKG080_Page_0110 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟང་པོ་སྤྱོད་པ་དབྱེ་བར་བྱའོ། །རྡོ་རྗེའི་གཟུགས་སུ་བཞག་ནས་ནི། །ཇི་ལྟར་འདོད་པར་འདོད་པ་ཡིས། །རིག་འཛིན་འཁོར་ལོས་སྒྱུར་བ་ཉིད། །དོགས་པ་མེད་པར་འགྲུབ་པར་འགྱུར། །དྲི་ལྔ་ཡང་དག་བླངས་ནས་སུ། །རྫས་ལྔ་དང་ནི་བསྲེ་བར་བྱ། །ལྕགས་གསུམ་གྱིས་ནི་དཀྲིས་ནས་ནི། །རིལ་བུའི་རིག་པ་འཛིན་པར་འགྱུར། །གུར་གུམ་ཨ་ཀ་རུ་ལྡན་པ། །ཉི་མ་འཆར་ཀའི་མདོག་འདྲ་བའི། །རིལ་བུ་ཁ་རུ་བཅུག་བྱས་ནས། །ཉི་མའི་རིག་པ་འཛིན་པར་འགྱུར། །ཤ་ལྔ་དང་ནི་ལྡན་པ་རུ། །ལྕགས་གསུམ་གྱིས་ནི་དཀྲིས་ནས་ནི། །རྡོ་རྗེ་ཉི་མ་རབ་སྦྱོར་བས། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཙནྡན་དམར་པོ་ཁ་ཆེ་དང་། །དགའ་བ་སྦས་པར་སྦྱར་བ་ནི། །ལྕགས་གསུམ་གྱིས་ནི་དཀྲི་བྱས་པ། །རྟ་ཡི་རིག་པ་འཛིན་པར་འགྱུར། །འཇིག་རྟེན་མགོན་པོ་རྣམ་བསྒོམས་ནས། །ཙ་ནའི་རུས་པའི་ཚད་ཙམ་ལས། །གུ་གུལ་ལྕགས་ཀྱིས་དཀྲིས་པ་ནི། །མགོན་པོའི་རིག་པ་འཛིན་པར་འགྱུར། །རིལ་བུ་སྒྲུབ་ཐབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཀླུ་ཡི་རྒྱལ་པོའི་མགོ་བསྲེགས་ནས། །རང་བྱུང་ཁྲག་གིས་བསྒོ་བར་བྱ། །རྡོ་རྗེ་ཕན་པའི་རྣལ་འབྱོར་གྱིས། །མིག་སྨན་རིག་པ་འཛིན་པར་འགྱུར། །བླ་མའི་ས་བོན་ལྡན་པ་དང་། །སྟག་གི་པགས་པའི་ཚིལ་བུས་མཉེ། །སྐུ་ཡི་རྡོ་རྗེའི་རྣལ་འབྱོར་གྱིས། །རྐང་པའི་བྱུག་པ་འགྲུབ་པར་འགྱུར། །ཡན་ལག་མེད་པའི་དཀྱིལ་འཁོར་དབུས། །དབང་པོའི་བྲག་ཕུག་འགྲམ་དུ་ནི། །རྡོ་རྗེ་རྐང་འོག་རྣལ་འབྱོར་གྱིས། །ལྷ་ཡི་བུ་མོ་རབ་བསྒྲུབ་བྱ། །ཨོ་དྱན་ཡུལ་དུ་ཉེ་བ་ན། །ཨ་མྲ་འབྲས་ཆེན་པོ་ཡི་ནི། །རྡོ་རྗེ་གནོད་མཛེས་སྦྱོར་བ་ཡིས། །རྐང་འོག་རིག་པ་འཛིན་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་ནས་ཡང་དུ་བསྐུལ་བར་བྱ། །དེ་ཉིད་དངོས་གྲུབ་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུ་ལྟ་བུར་མཚུངས། །རྡོ་རྗེ་གནོད་མཛེས་སྐུ་ཆེན་པོ། །ཕྱག་གཉིས་ཞལ་ནི་གཅིག་པ་ཉིད། །སྡིགས་མཛུབ་ཀླུ་ཡི་ཞགས་པ་དང་། །ཁ་དོག་ནག་པོར་བསྒོམ་པར་བྱ། །རྡོ་རྗེ་ཧཱུྃ་མཛད་བླངས་ནས་ནི། །རྣམ་པ་ཐམས་ཅད་བསྒོམ་པར་བྱ། །མི་བསྐྱོད་པ་ཡི་ཡང་དག་མནན། །ཕུཿཞེས་བྱ་བའི་སྔགས་བརྗོད་དོ། །རབ་ཏུ་བྱུག་པ་དང་མིག་སྨན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་ ― DKG080_Page_0111 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གཤེགས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་གསུང་ཐོས་ནས། དགའ་ཞིང་མགུ་བ་སྐྱེས་པར་གྱུར་ཏེ་ཚིག་འདི་སྐད་སྨྲས་སོ། །ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མ་རྡོ་རྗེའི་བསྟན་པ་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་ལ། །གང་ཕྱིར་དངོས་གྲུབ་རབ་གནས་པ། །སྙིང་པོ་མེད་པའི་ཆུ་ཤིང་ལ། །ཇི་ལྟར་སྙིང་པོའི་འབྲས་ཞིམ་པ། །དེ་ལྟར་སྙིང་པོ་མེད་ལུས་ལ། །དངོས་གྲུབ་འབྲས་ཞིམ་དེ་བཞིན་ནོ། །ནམ་མཁའ་འབྱུང་པོ་ཐམས་ཅད་དང་། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །སེམས་ནི་ནམ་མཁའ་ལྟ་བུར་དག། དག་པའི་སེམས་ནི་མཆོག་ཏུ་བདེ། །དོན་དམ་དབང་པོའི་རང་བཞིན་གྱིས། །སེམས་ལས་ཕྱི་རོལ་གྱུར་པ་མེད། །གཟུགས་སོགས་སོ་སོར་འདོད་པ་ཡིས། །སེམས་ཉིད་དུ་ནི་འདོད་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་སེམས་སྟོང་ལ། སེམས་ལས་ཕྱི་རོལ་གྱི་དོན་སེམས་མི་སྟོང་པ་རབ་ཏུ་འབྱུང་ཞེས་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། །ཐོག་མེད་སྲིད་པའི་བག་ཆགས་ཀྱིས། །ཕྱི་རོལ་དོན་ནི་རྣམ་པར་བརྟགས། །སེམས་ཀྱིས་ཐམས་ཅད་རྣམ་པར་བརྟགས། །སེམས་ནི་ཀུན་ཏུ་འགྲོ་བར་བརྗོད། །བྱང་ཆུབ་སེམས་རབ་ཏུ་འབྱུང་བ་བསྟན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཤིན་ཏུ་བཞིན་མཛེས་མིག་ཡངས་མ། །སི་ཧླ་ག་བུར་འབྱུང་བའི་གནས། །པང་དུ་བཞག་པར་བྱས་ནས་ནི། །སྐྲ་ནས་གཟུང་བར་ཡང་དག་བརྩམ། །རྡོ་རྗེ་འོ་ཡིས་འོ་བྱས་ཤིང་། །རྡོ་རྗེ་ཉེད་པས་མཉེ་བར་བྱ། །རྡོ་རྗེ་འཁྱུད་པས་ཡང་དག་བླང་། །རྡོ་རྗེ་མ་མཆུ་རབ་བཙིར་བྱ། །རྡོ་རྗེ་མཛུབ་མོའི་སྦྱོར་བ་ཡིས། །རྡོ་རྗེ་གནས་ནི་རབ་བསྐུལ་བྱ། །རྡོ་རྗེ་སེམས་ནི་ཕྱུང་བ་ཡིས། །རྡོ་རྗེ་ལྕེ་ཡིས་ཡང་དག་བཟའ། །ཕྱིན་ནས་དེ་ཡི་བདེ་ཅན་དུ། །རྡོ་རྗེ་སེམས་དཔའ་གཞུག་པར་བྱ། །རྡོ་རྗེ་འཆི་བའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་སེམས་དཔའ་འབྱུང་བ་ལ། །སེམས་ནི་བརྟུལ་ཞུགས་ཅན་གྱི་དབྲོག། པདྨ་མེ་ཏོག་ལྡན་པ་ཡི། །པདྨ་དམར་པོས་མཆོད་པར་བྱ། །པདྨས་མཉེས་པའི་རྡོ་རྗེ་ཅན། །པདྨ་དམར་པོས་ཁྱད་པར་དུའོ། །དྲི་ལྔའི་རབ་ཏུ་སྦྱོར་བ་ཡིས། །རྒྱལ་མཚན་ག་བུར་མཆོད་པ་ནི། །འདི་ནི་བརྩོན་ ― DKG080_Page_0112 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྲུས་བདེ་ཆེན་དང་། །སྟོབས་དང་རྒྱས་པར་འགྱུར་བ་དང་། །མཐོང་བ་ཉིད་ཀྱིས་བསྐུལ་བ་ཡིས། །འཇིག་རྟེན་འདི་ནི་དབང་དུ་བྱེད། །གང་གིས་དཀོན་མཆོག་གསུམ་བསད་དང་། །གང་གིས་སེམས་ཅན་བསད་བྱས་དང་། །གང་གིས་སློབ་དཔོན་སྨོད་པ་དང་། །སངས་རྒྱས་ལམ་ལ་འཕྱ་བ་རྣམས། །ལྕགས་ཀྱུ་ཡིས་ནི་ཡང་དག་དགུག། ལྕགས་སྒྲོག་གིས་ནི་རྐང་པ་བཅིང་། །ཞགས་པས་མགྲིན་པ་དམ་པར་བཅིང་། །རྡོ་རྗེ་བདག་གིས་དགུག་པར་བྱ། །མཁའ་འགྲོ་སངས་རྒྱས་བསམས་ནས་ནི། །དེ་རྣམས་དབང་པོར་གསོལ་བར་བྱ། །འདིས་ནི་སངས་རྒྱས་དཔའ་བོ་དང་། །རྡོ་རྗེ་སེམས་དཔའ་བཀྲོངས་པ་སྟེ། །འདི་དེ་སྡིག་པ་ཆེན་པོ་ཅན། །མནར་མེད་འགྲོ་བའི་བདག་ཉིད་དེ། །འདི་ནི་དམྱལ་བ་ཆེན་པོར་ལྟུང་། །དེ་ལྟར་བསམས་ནས་གསད་པར་བྱ། །རྡོ་རྗེའི་གཟུགས་ནི་བསམས་ནས་སུ། །ནམ་མཁའི་དབྱིངས་ནི་བསྒོམ་པར་བྱ། །རྡོ་རྗེ་དབྱུག་པས་བརྡུངས་བྱས་ནས། །རྡོ་རྗེ་ཅན་གྱི་གནས་སུ་སྐྱེ། །ལྕགས་ཀྱུ་ལ་སོགས་མི་ནུས་ན། །ཟན་གྱིས་ཀྱང་ནི་འདུ་བྱ་ཞིང་། །དེ་ཉིད་ཀྱིས་ནི་གཟུགས་བསམས་ནས། །རྡོ་རྗེ་དཀྱིལ་འཁོར་ཉིད་དུ་གཞག། ཊཀྐིའི་རྒྱལ་པོ་ལྕགས་ཀྱུ་སྟེ། །དབྱུག་སྔོན་ཅན་ལ་རང་གི་མིང་། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་གྲི་རྩེའི་དཀྱིལ་འཁོར་ཅན། །རྣམ་པར་རྟོག་པ་ཆེན་པོ་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་འཛིན་རྒྱལ་གྱིས། །ཐམས་ཅད་དབུགས་དབྱུང་རབ་གསོལ་བས། །དམ་ཚིག་རྡོ་རྗེ་བསྲུང་དོན་དུ། །སྦས་པའི་སྤྱོད་ཡུལ་འདི་གསུངས་པ། །རྡོ་རྗེ་ཁྲོ་བོའི་སྐྱེས་བུ་ཆེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །སྙིང་གར་གཡོན་པའི་ཁུ་ཚུར་འཛུག། གཡས་ན་རང་གི་མཚོན་ཆ་འཕྱར། །གཤིན་རྗེ་གསོད་པའི་དབྱུག་ཏོ་ཅན། །གཞན་གྱིས་མི་ཐུབ་རྡོ་རྗེ་དབྱུག། རྟ་མགྲིན་ལ་ནི་དབང་མཆོག་དམར། །མི་ཕྱེད་བདུད་རྩིའི་ཐབ་སྦྱོར་ལས། །ཊཀྐིའི་རྒྱལ་པོ་ལྕགས་ཀྱུ་སྟེ། །དབྱུག་སྔོན་ཅན་ལ་རང་གི་མིང་། །སྟོབས་ཀྱི་རྒྱལ་པོ་རྩེ་གསུམ་པ། །མི་གཡོ་ཡི་གེའི་དཀྱིལ་འཁོར་རྩེ། །ཚ་སྐྱབས་དཀར་པོ་རྒྱལ་པོ་ལ། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྒོམ། །གཏུན་ཤིང་རྡོ་རྗེ་རྐང་འོག་ལ། །ཞབས་གཡོན་བརྐྱང་བས་གནས་པའོ། །དབང་པོ་སྔོན་པོའི་རྣམ་པ་ལྟར། །མཐར་བྱེད་རྣམ་པར་བསྒོམ་པར་བྱ། །གཞན་གྱིས་ ― DKG080_Page_0113 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་ཐུབ་རྡོ་རྗེ་ནི། །འཇིགས་བྱེད་ཟླ་བའི་ནོར་བུ་འདྲ། །པདྨའི་ཁྲོ་བོ་དམར་པོ་ཆེ། །རྡོ་རྗེ་བདུད་རྩིའི་བདག་ཉིད་ནག། མཚམས་ཀྱི་ཁྲོ་བོ་ཆེར་ནག་ཅིང་། །སྤྱི་བོར་རྡོ་རྗེ་འཛིན་པ་མཚན། །གཤིན་རྗེ་རྣམ་སྣང་ཉིད་ཀྱིས་ཏེ། །རྡོ་རྗེ་སེམས་དཔའ་དབྱུག་པ་ཅན། །པདྨའི་ཁྲོ་བོ་རྣམ་གཟིགས་རྗེས། །རྡོ་རྗེ་སེམས་དཔའ་ཐབས་སྦྱོར་ལ། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་ཉི་མ་བསྒོམ་པར་བྱ། །འོག་ཏུ་པདྨའི་གདན་བསམས་ནས། །ཁྲོ་བོ་བཅུ་རྣམས་རབ་བསྒོམ་བྱ། །ཡེ་ཤེས་རྡོ་རྗེ་རང་དངོས་སུ། །བཅུ་ཕྱེད་དཀྱིལ་འཁོར་བདག་ཉིད་དེ། །བདུད་རྣམས་ཞབས་ཀྱི་འོག་བསམས་ནས། །དཀྱིལ་འཁོར་ལྔ་པོ་བསྒོམ་པར་བྱ། །བསྲུང་བའི་འཁོར་ལོ་གཟི་བརྗིད་ཆེ། །བསྐལ་པའི་མེ་ལྟར་འབར་བ་སྟེ། །འཁོར་ཞིང་རབ་ཏུ་མི་གཡོ་བར། །དཔག་ཚད་ལྔ་བརྒྱའི་ཚད་ཙམ་མོ། །བསྲུང་བའི་དམ་ཚིག་སྟོབས་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་དཔའ་ཆེན་པོ། །རང་གིས་བྱིན་བརླབས་རིམ་གནས་ཏེ། །རང་གིས་བྱིན་བརླབས་རྣལ་འབྱོར་གྱིས། །དེ་ཉིད་ལས་ནི་བཤད་པར་བྱ། །སྙིང་གི་དབུས་སུ་ཟླ་བར་འགྱུར། །གཟུགས་བརྙན་ཟླ་བར་མ་བཅོས་པ། །སྣ་ཚོགས་འོད་ཀྱིས་ཡང་དག་ཁྱབ། །དེ་ལས་རྡོ་རྗེ་བསྒོམ་པར་བྱ། །རྡོ་རྗེ་བདག་མེད་མཁའ་འགྲོ་མ། །ཆོ་གས་བསྐུལ་བས་བསྒོམ་པར་བྱ། །མཁའ་འགྲོ་སྣ་ཡི་མཐར་གནས་པ། །ཡུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཡུངས་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟར་སྒོམ་པར་བྱེད་པ་ཡི། །རང་གི་བྱིན་རླབས་རབ་ཏུ་འགྲུབ། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་རེག་བྱ་མངོན་འདོད་པ། །དེར་ནི་རྣལ་འབྱོར་ཉིད་ཀྱིས་ནི། །མི་འཛིན་དེ་ཕྱིར་བདག་གཞན་མེད། །ཇི་ལྟར་རྡོར་པད་ལས་བྱུང་བ། །ཞི་བའི་བདེ་བའི་རྣམ་པར་འདོད། །དབའ་རླབས་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །མྱོས་བྱེད་ཅུང་ཟད་རབ་འཐུངས་པའི། །བདག་གིས་བདག་ཉིད་མི་རིག་གོ། །དགའ་བྲལ་དགའ་བ་དག་གི་མཐར། །རྟོག་པའི་དྲ་བ་རྣམ་པར་སྤངས། །འགྱུར་མེད་འཁྲུལ་པ་ལས་འདས་ཤིང་། །ཀྱེ་ཡི་རྡོ་རྗེ་རྣམ་པར་གསལ། །བེམས་མིན་རྣམ་པ་ཧེ་རུ་ཀ། རྣམ་པ་རྣམས་ཀྱིས་ཡོངས་སུ་བསྐོར། །རང་ཉིད་མགོན་པོ་ཧེ་རུ་ཀ། དེ་ཡིས་བདག་ ― DKG080_Page_0114 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་མི་རིག་ཅིང་། །དེ་ཡི་དུས་ན་ཐམས་ཅད་རིག། འབྱུང་པོ་འགྲོ་དང་འོང་བ་ནི། །རང་གིས་ཀུན་མཁྱེན་ལྟ་བུར་གཟིགས། །སངས་རྒྱས་སངས་རྒྱས་སྲས་པོ་དང་། །ཡན་ལག་ཀུན་དང་བུ་ག་ཀུན། །མགོ་བོ་དྲ་བའི་སྐུད་པར་བཅས། །ལུས་ནི་ཡོད་མིན་ལྟར་གཟིགས་ཤིང་། །སྐད་ཅིག་ཀྱེའི་རྡོ་རྗེའི་གཟུགས་འཛིན། །ཇི་ལྟར་ནམ་མཁའ་མི་དམིགས་ཤིང་། །མཚན་མ་མེད་ཅིང་མ་བྱུང་དང་། །གོས་པ་མེད་ཅིང་འཁྲུལ་པ་མེད། །སྒྲིབ་པ་ལྔ་ནི་རྣམ་པར་སྤངས། །ཇི་ལྟར་མེ་ལོང་གཟུགས་བརྙན་ནི། །རྟོགས་ནས་བདེ་བ་རྣམ་སྤངས་པ། །དེ་བཞིན་བདག་ཉིད་ཧེ་རུ་ཀའི། །རྣམ་པ་ལྟ་བུར་གསལ་བར་མཐོང་། །དེ་ཉིད་དོན་དང་དབང་པོ་དང་། །ཕུང་པོ་ནམ་མཁའ་ལྟ་བུར་ཡོད། །ལུས་ནི་བདེ་བ་ཉིད་བརྗོད་ཅིང་། །འདུ་བྱེད་རྣམས་ཀྱིས་ཟིལ་མི་གནོན། །གཟུགས་ནི་མིག་གིས་མི་འཛིན་ཏེ། །སྒྲ་ནི་ཐོས་པ་པོ་ཡིས་མིན། །ལྕེ་ཡིས་རོ་ནི་མི་ཚོར་ཏེ། །དྲི་ནི་སྣ་ཡིས་ཀྱང་མ་ཡིན། །རེག་བྱ་ལུས་ཀྱི་གོང་བུས་མིན། །འོན་ཀྱང་བདེ་ཆེན་ཚུལ་ལས་ནི། །བུད་མེད་བཟང་མོ་མཐོང་བས་བདེ། །རྣ་བས་གླུ་ཡི་བདེ་བས་བཟང་། །སྣོམ་པས་དྲི་ཡི་བདེ་བ་ཆེ། །སྐྱེ་གནས་རེག་པའི་བདེ་ཆེན་དང་། །རོ་ཡི་བཏུང་བའི་སྦྱོར་བ་ལས། །གང་གིས་བདེ་བ་འགོག་པར་བྱེད། །བདེ་བ་ཆེན་པོས་འགྲོ་བ་ཁྱབ། །བདེ་བ་མ་གཏོགས་མི་ཤེས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །མཁའ་འགྲོ་མ་དང་བཙུན་མོ་བཟང་། །སངས་རྒྱས་ལྔ་དང་དུ་མ་ནི། །བདེ་བར་ཕྱིན་ཅིང་རྣམ་པར་སད། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོའི་ཚིག་ཐོས་ནས་ཚིག་འདི་སྐད་སྨྲས་པ། ཕལ་པའི་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ཏུ་གྲགས། །ཕལ་པའི་གནས་སྐབས་གཞོམ་པའི་ཕྱིར། །བསྒོམ་པ་ཡང་ནི་སྒོམ་པ་མིན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་པ་དེ་བཞིན་ཏེ། འོན་ཀྱང་མི་གཙང་བའི་ཚད་མཉམ་པར་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་བསྒོམ་པར་བྱའོ། །ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལུས་ཅན་བསྒོམ་པའི་ཐབས་ཀྱི་དགོས་པ་ཉིད་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་དགོས་པ་ཡོད་དོ། །བཅོམ་ལྡན་འདས་མིང་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་ ― DKG080_Page_0115 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྩལ་པ། སངས་རྒྱས་ཉིད་དོ། །སངས་རྒྱས་ཉིད་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅི་ལགས། ལུས་ཅན་འདི་ནི་བདེན་པའོ། །དེ་ཅིའི་སླད་དུ་ཞེ་ན། རྡོ་རྗེ་འཛིན་པས་བཀའ་སྩལ་པ། འདི་ལྟར་ང་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །དེ་ཅིའི་སླད་དུ་ཞེ་ན། མི་འདྲ་བའི་ཕྱིར་བསྒྲུབ་པ་ཡིན་ནོ། །ཕྱག་ན་རྡོ་རྗེས་གསོལ་པ། ཅི་བཅོམ་ལྡན་འདས་བེམས་པོ་ལགས་སམ། རྡོ་རྗེ་འཛིན་པས་བཀའ་སྩལ་པ། ང་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཅི་ལགས། རྡོ་རྗེ་འཛིན་པས་བཀའ་སྩལ་པ། བདེན་པ་མ་ཡིན་པ་དང་། བརྫུན་པ་མ་ཡིན་པ་དང་། རྒྱུ་མ་ཡིན་པ་དང་། སྐྱེ་བ་མ་ཡིན་པ་སྟེ། དེ་ལྟར་ང་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ང་ཉིད་སོ་སོར་རྟོག་པའི་ཡེ་ཤེས་དང་། ང་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་དང་བྲལ་བའི་བྱང་ཆུབ་དེ་སྐད་མ་སྨྲ་ཤིག། ང་ཉིད་དངོས་དང་དངོས་མེད་ང་། །དང་པོའི་དེ་བཞིན་གཤེགས་པར་བརྗོད། །གཟུགས་དང་གཟུགས་མེད་ལྡན་པའི་མཆོག། ཟབ་མོ་ཞི་བའི་ཆོས་དང་ལྡན། །སེམས་དཔའ་ཆེན་པོ་ཧེ་རུ་ཀ། བདག་མེད་ལྷན་ཅིག་མཉམ་སྦྱོར་ང་། །བདེ་ཆེན་ལས་ནི་བེམས་མིན་ང་། །འཇིག་རྟེན་ཀུན་རྫོབ་བེམས་པོ་ང་། །སྐྱེས་པ་བུད་མེད་མ་ནིང་དང་། །འགྲོ་བ་ང་ཡིས་ཡང་དག་ཁྱབ། །དེ་ཕྱིར་འདུས་པ་ཞེས་བྱ་ཉིད། །རྒྱལ་བ་རྒྱ་མཚོ་བདག་གིས་བཤད། །རྡོ་རྗེ་ཅན་དང་བྱང་སེམས་རྣམས། །མ་ནིང་གནས་སུ་ཡང་དག་འགྲུབ། །གང་ཞིག་ལྷ་མོ་བདག་མེད་དེ། །རང་བཞིན་གྱི་ནི་བཙུན་མོ་ཡིན། །སངས་རྒྱས་ཧེ་རུ་ཀ་ང་ཡིན། །དེ་ཉིད་ཕྱིར་ན་མ་ནིང་སྟེ། །འགྲོ་བའི་དངོས་པོ་གཉིས་མཐོང་ནས། །ཐབས་དང་ཤེས་རབ་བདག་ཉིད་དང་། །ཤིན་ཏུ་མཉམ་སྦྱོར་རྣལ་འབྱོར་གྱིས། །མི་བསྐྱོད་མེད་ཅིང་བདག་མངའ་མེད། །དམ་པའི་རང་བཞིན་བདེ་བ་ཆེན་པོའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དཔའ་བོ་ཆེན་པོ་རྡོ་རྗེ་འདོད་པ་བདེ་བ་ཆེན་པོ་རྡོ་རྗེ་ཡན་ལག་མེད་པ་ཤིན་ཏུ་དགའ་བ་ཆེན་པོས་ཚིག་འདི་དག་བཀའ་སྩལ་པ། ཕྱག་དྲུག་པ་དང་སྒེག་པར་བཅས། །ཞལ་གཅིག་ ― DKG080_Page_0116 ―
[མ་དཔེ་གཟིགས་ན་འདིར་གནོན།]
རལ་པ་འཛིན་པ་དང་། །བརྒྱད་གཉིས་ལོ་ལོན་སོར་མོ་ནི། །རྡོ་རྗེ་ཡན་ལག་མེད་པ་འགྲུབ། །དཔའ་བོའི་གཡས་པར་མདའ་ཉིད་དེ། །ལག་པ་གཉིས་པར་རལ་གྲི་ཉིད། །གསུམ་པར་མེ་ལོང་རིག་པར་བྱ། །ལག་པ་གཡོན་པར་གཞུ་ཉིད་དེ། །གཉིས་པ་ལ་ནི་དབང་མཆོག་ཉིད། །ཀྃ་ཀེ་ལླ་ཡི་ཡལ་ག་སྟེ། །ཕྱག་དྲུག་ཉིད་དུ་བསྒོམ་པར་བྱ། །ཞབས་གཡོན་བརྐྱང་བས་གནས་པར་ནི། །བུ་མོའི་སྙིང་གར་བསམས་ནས་ནི། །རྡོ་རྗེ་བཙུན་མོ་འགྲུབ་པར་འགྱུར། །མདའ་ཡིས་འོ་མ་འཛིན་པ་འབིགས། །ཨ་ཤོ་ཀ་ཡིས་སྙིང་གར་བྲབ། །རལ་གྲིས་སྐྱེས་མ་བསྡིགས་པར་བྱ། །དེ་ནས་མེ་ལོང་བསྟན་པར་བྱ། །གཞུ་ཡིས་རྐང་པ་བཅིངས་ནས་ནི། །ཨུཏྤལ་ཞགས་པས་དགུག་པར་བྱ། །སྐྲ་གྲོལ་འོང་བར་འདོད་པ་དང་། །སྙན་པའི་སྐད་ནི་རབ་ཏུ་སྨྲ། །ཧ་དང་སི་ནི་བྱེད་པ་མོ། །རངས་ཤིང་ཡན་ལག་ཚད་མས་བརྒྱན། །ཁ་ནི་སོ་རྩིས་གང་བ་དང་། །འདོད་པ་སྟོབས་དང་བྲལ་བ་བསམ། །རྡོ་རྗེ་མཆོད་པའི་སྦྱོར་བ་ཡིས། །མི་འགྱུར་སེམས་ཀྱིས་རྗེས་ཆགས་བྱ། །འདོད་པའི་སྔགས་ནི་མ་བཅོས་པས། །དེ་ཡི་སྙིང་ནི་བསྐུལ་བར་བྱ། །ཨོཾ་ཨ་མུ་ཀཱ་མཱ་ཀར་ཥ་ཡ་མཉྫུ་གྷོ་ཥ་ཧྲཱྀཿཛཿདེ་ལྟར་བསྒོམ་པར་བྱས་པ་ཡིས། །འཇམ་པའི་མགོན་པོའི་བཙུན་མོ་ནི། །སྒྲུབ་པ་པོ་ལ་འདོད་པ་དང་། །དབང་དུ་བྱེད་ཅིང་འོང་བར་འགྱུར། །ཟླ་བ་ཕྱེད་ཀྱི་སྦྱོར་བ་ཡིས། །བཟླས་པ་ཁྲི་ཡི་སྦྱོར་བ་ལས། །གཡོ་བ་གསེར་གྱི་རྣ་ཆ་མ། །ཤིན་ཏུ་དགའ་བའི་སེམས་ཀྱིས་བསྒྲུབ། །ཧྃ་གི་ས་བོན་ལས་སྐྱེས་པ། །ཐམས་ཅད་རྒྱན་གྱིས་རྣམ་པར་བརྒྱན། །ཆང་གི་བཏུང་བའི་རབ་སྦྱོར་བས། །རྡོ་རྗེ་ཡན་ལག་མེད་པ་བསྒྲུབ། །མ་བཅོས་མཆོག་གི་ས་བོན་ནི། །བདེ་དང་སྡུག་བསྔལ་རང་བཞིན་ཅན། །བདེ་བ་ཆེན་པོ་མཆོག་ཏུ་ཞི། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །འདི་ནི་སྲོག་ནི་ཆེན་པོ་སྟེ། །མཆོག་ཏུ་དགའ་བ་མཛེས་མ་ཉིད། །བདེ་དང་སྡུག་བསྔལ་རྟག་ཏུ་དེའི། །དྲན་པ་དེ་ལྟར་རབ་ཏུ་གྲགས། །མྱ་ངན་འདོད་ཆགས་དེ་བཞིན་གདུངས། །དགའ་དང་དགའ་བྲལ་དེ་བཞིན་ནོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དེ་ཉིད་དབྱངས་ཡིག་དྲུག་པར་བརྗོད། །ཟླ་བ་ཕྱེད་པས་ཡང་དག་ལྡན། །ཐིག་ལེས་མགོ་བོ་ཉིད་དུ་མཆོད། །སེམས་ཅན་གྱི་ནི་ཀུན་གཞི་སྟེ། །རྒྱུད་ ― DKG080_Page_0117 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་ཀྱི་ནི་ཁྱད་པར་དུའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་ཆེན་པོའི་རྡོ་རྗེ་ས་བོན་གྱི་ཡི་གེ་ཐོས་ནས་སེམས་བསྒྲུབ་པ་གསལ་བ་ཉེ་བར་གྱུར་ནས་ཚིག་འདི་དག་གསུངས་པ། སེམས་དཔའ་མེད་ཅིང་སྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །བསོད་ནམས་མེད་ཅིང་སྡིག་པའང་མེད། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །ཡེ་ཤེས་ལྔ་ནི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་བརྟན་པའོ། །བཅོམ་ལྡན་འདས་འཁོར་ལོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔགས་མེད་བཟླས་པའང་ཡོད་མ་ཡིན། །འགྲོ་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །བསྒོམ་པ་དང་ནི་བསྒོམ་པ་མེད། །བཅོམ་ལྡན་འདས་རིན་པོ་ཆེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཀུན་རྫོབ་འཇིག་རྟེན་པ་ཡང་ཡོད། །དཔྱད་ན་གང་དུ་འཇིག་རྟེན་པ། །རྟག་ཏུ་འཇིག་རྟེན་པ་ཉིད་འཁོར། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་པདྨའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་ནི། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་རལ་གྲིའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྒྱུ་མ་ཇི་ལྟར་མེ་ལོང་ལྟར། །ནམ་མཁའ་ཇི་ལྟར་བདེ་ཇི་ལྟར། །ཇི་ལྟར་དངོས་པོ་ཡོངས་ཤེས་པ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་མཁའ་འགྲོ་མ་བདག་མེད་མས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྟོང་ཉིད་དྲི་མེད་དམ་པའི་གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་བསྒོམ་པར་གྱིས། །མཱ་མ་ཀཱིའོ། །སྲིད་མེད་མྱ་ངན་འདས་པ་མེད། །འདི་དེ་བདེ་ཆེན་རྡོ་རྗེ་སྟེ། །གང་ཞིག་ཡིད་ཀྱི་སྒོམ་པས་བསྒོམ། །དེ་ནི་མཆོག་གི་སྒོམ་པས་བསྒོམ། །སྤྱན་གྱིའོ། །སྔགས་དང་ཡི་གེ་རྣམ་པར་སྤངས། །འདི་ནི་སེམས་མེད་ཐིག་པ་མེད། །འདི་དེ་དམ་པའི་བདེ་ཆེན་ཏེ། །བྲི་བ་མེད་ཅིང་གང་བ་མེད། །གོས་ ― DKG080_Page_0118 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཀར་མོའིའོ། །གཟུགས་བརྙན་རང་བཞིན་ཇི་ལྟ་བར། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེ་ནི་བསོད་ནམས་སྡིག་པ་མེད། །སྒྲོལ་མའིའོ། །ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་བརྫུན་པ་མིན་པ་ལྟར། །དེ་ལྟར་དཀྱིལ་འཁོར་འཁོར་ལོ་ཡི། །ལུས་ཀྱི་རང་བཞིན་རྙོག་པ་མེད། །འཁོར་ཐམས་ཅད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་སྣ་ཚོགས་བྱེད་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མདའ་གཞུ་ཆར་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །མུཿཙྪ་ཌི་དང་སེར་རྣ་ཡིས། །ཆང་གཟུང་ཁུ་ཚུར་བཟུང་བ་ཡིས། །གཡོན་ནི་འདོད་པའི་ཁུ་ཚུར་གྱིས། །བསྡམས་པས་དགྲ་རྣམས་བསྡིགས་པར་བྱ། །ཡན་ལག་ཀོས་ཀོར་བཟུང་ནས་ནི། །མཚོན་པའི་ཁུ་ཚུར་བཟུང་ནས་ནི། །ཧཱུྃ་གིས་མདའ་ནི་གཏང་བྱ་ཞིང་། །བདུད་ཀྱི་དཀྱིལ་འཁོར་བསྡིགས་པར་བྱ། །བརླ་ནི་བསྐུམ་པར་བྱས་ན་ནི། །ལུས་ནི་དབུགས་ཀྱིས་དགང་བར་བྱ། །ལུས་ལ་ཁུ་ཚུར་བཟུང་ནས་ནི། །བྲང་ནི་རྒྱས་པ་ཉིད་དུ་བྱ། །སེམས་དང་དམིགས་ནི་འབེན་ལ་བྱ། །ཧཱུྃ་གིས་ཁ་ནི་དགང་བ་དང་། །གཡས་བརྐྱང་ལ་སོགས་སྦྱོར་བ་ཡིས། །གཤིན་རྗེ་སྲིན་པོ་གསད་པར་བྱ། །འདིར་མང་བརྗོད་པས་ཅི་ཞིག་བྱ། །ཀུན་རྫོབ་ཏུ་ནི་བསྡུས་པ་ཙམ། །གཞུ་ཡི་རིག་བྱེད་རྩ་བ་གང་། །དེ་ནི་རྡོ་རྗེ་འཛིན་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རོལ་མོའི་སྒྲ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རོལ་མོའི་སྒྲའི་སྒེག་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཐ་ཧྀཾ་ཐཾ་ཧྀཾ། ཐ་ཀ་ཐ་ཀ། ཐུ་ཀ་ཐུ་ཀ། ཐོ་ཧོ་ཐོ་ཧོ། བ་ཧི་བ་ཧི། དི་ཌྷཾ་དི་ཌྷཾ། ཀྲ་ཀ་ཀྲ་ཀ། ཐ་ཀ་ཐ་ཀ། ཌི་ཧི་ཌི་ཧི། ཏ་ཌ་ཝ་ཏ་ཌ་ཝ། ཆ་ལང་དང་ནི་རྔ་དང་ཡང་། །རྫ་རྔ་ཁ་ཅིག་པི་ཝང་རྒྱས། །མངར་བ་ཅན་དང་གླིང་བུ་དང་། །རྒྱུད་གསུམ་ཀ་ར་ཏ་ཀ་ནི། །རྣམ་གསུམ་རྡུང་བས་བརྡུང་བར་བྱ། །ཆུང་ངུར་བརྡུངས་པས་རྒྱལ་བ་སྟེ། །དཀྱིལ་འཁོར་གསོལ་གདབ་ལ་སོགས་པ། །མཆོད་པ་འདི་ནི་བླ་ན་མེད། །རང་གི་ཚིགས་བཅད་མང་པོ་ནི། །བསྟན་པ་འདིས་ནི་ཅི་ཞིག་བྱ། །ཇི་སྙེད་རོལ་མོའི་བསྟན་བཅོས་སུ། །དེ་ནི་རྡོ་རྗེ་རོལ་མོའི་སྒྲ། །དེ་ནས་བཅོམ་ལྡན་འདས་ ― DKG080_Page_0119 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲི་བཟང་པོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདུག་སྤོས་ཀྱི་མཆོད་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཙནྡན་ཉིད་དང་གུར་གུམ་དང་། །བྲག་ཞུན་དེ་བཞིན་འདོད་མ་ནི། །འདི་རྣམས་རྫས་ནི་བདུག་སྤོས་ཆེ། །ཧེ་རུ་ཀ་ལ་རབ་ཏུ་དབུལ། །ཀ་ཙོ་ར་དང་ཀུ་མ་ཉིད། །དེ་བཞིན་དུ་ཡང་སྐྲ་སྒྲ་ཉིད། །གདུག་བྱེད་སྙིང་པོ་འདི་རྣམས་ནི། །ཕན་པ་ལ་ནི་སྦྱོར་བར་བྱ། །ཀུན་ཏུ་རུ་དང་བོ་ལ་ཀ། རི་དགས་ལྟེ་བ་སེན་མོ་ནི། །རིན་ཆེན་རྒྱལ་པོའི་བདུག་པ་འདི། །ཀུན་ལ་མི་འཇིགས་གུར་གུམ་དང་། །ཤ་ཏྲཱི་ཡི་ནི་ཤ་ཐཱི་དང་། །ཤ་ལི་ཛི་དང་ཤ་ལི་ཀ། འཇིག་རྟེན་མགོན་གྱི་བདུག་པ་འདི། །རྟག་ཏུ་རྡོ་རྗེ་འཛིན་པས་གསུངས། །སྣ་ཚོགས་དྲི་ནི་ཁྱད་པར་དུ། །སྣ་ཚོགས་རྡོ་རྗེ་མཆོད་པ་ལས། །བདུན་གྱི་རྒྱལ་པོ་མཆོད་པ་འདི། །ཀུན་ཏུ་སྟོབས་ཀྱིས་བསྒྲུབས་པ་སྟེ། །ཇི་སྙེད་དྲི་ཡི་བསྟན་བཅོས་སུ། །གོང་བུའི་དུམ་བུའི་བདུག་པ་མཆོག། དེ་ཀུན་ཕྱག་ན་རྡོ་རྗེ་ཡི། །རྡོ་རྗེའི་མཆོད་པར་རབ་ཏུ་གྲགས། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གོམ་པ་རྣམ་པར་དགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་གར་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གུས་བཅས་དང་པོར་སྒེག་པར་ལྡན། །དང་པོ་བརྩེ་བཅས་རྗེས་རྒྱུ་བས། །རྐང་སྟབས་བརྒྱད་དུ་ཆོ་ག་ཡིས། །རྡོ་རྗེ་གོམ་པས་རོལ་པ་བྱ། །མེ་ཏོག་སྙིམ་པའི་སྦྱོར་བ་དང་། །སྤོས་ཀྱི་ཡལ་གའི་སྦྱོར་བ་དང་། །མར་མེ་སྡོང་བུའི་ལག་ཚུལ་དང་། །ཡར་ནི་བྱུག་པའི་ལུས་དང་ནི། །མིག་ལག་དེ་བཞིན་བརླ་ནང་དང་། །རྐང་པའི་ངོས་སུ་བསྐོར་བ་ནི། །བརྡུང་བའི་སྦྱོར་བས་རོལ་པ་བྱ། །དེ་བཞིན་དུ་ཡང་གཡོན་པས་སོ། །དེ་ནས་རྒྱུན་གྱི་གར་བྱས་ནས། །གཡོན་པས་ཡང་ནི་གར་བྱ་ཞིང་། །མྱུར་དུ་བརྡུངས་པས་དེ་བཞིན་གར། །བྱས་ནས་འཁོར་ལོ་ལྟ་བུར་བསྐོར། །ཕྱི་ནས་གྲུ་བཞི་དགང་བར་བྱ། །ཕྱི་ནས་འདོད་པའི་ལག་པས་བསྐོར། །ས་ལ་པུས་ནི་གཉིས་བཙུགས་ནས། །ལག་པས་མཆོད་རྟེན་ལེགས་པར་བྱ། །ཇི་སྙེད་གར་གྱི་བསྟན་བཅོས་སུ། །བྱེད་པའི་ཆ་ལུགས་བརྗོད་པ་ནི། །དེ་སྙེད་རྡོ་རྗེ་སེམས་དཔའ་ཡི། །སྒེག་པས་བྱང་ཆུབ་སྒྲུབ་པའི་ཐབས། །དེ་ནས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་མཉེས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ ― DKG080_Page_0120 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྙོམས་པར་ཞུགས་ཏེ། ཚོགས་ཀྱི་འཁོར་ལོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །རང་གི་ལྷག་པའི་ལྷར་དམིགས་ནས། །བཟང་པོའི་རྒྱན་གྱིས་རྣམ་པར་བརྒྱན། །ཐམས་ཅད་འབྱོར་པའམ་དམིགས་ནས་ནི། །བེམས་པོའི་གནས་སུ་སྲེག་བླུགས་བྱ། །ཤར་ལྷོ་བྱང་དང་ནུབ་ཕྱོགས་སུ། །ཕྱོགས་གནས་རྣམས་ནི་དགའ་བར་བྱ། །ཕྱོགས་བྲལ་རྣམས་སུ་ལྷ་མོ་རྣམས། །དམ་པའི་ཚེ་ཡིས་མཆོད་པར་བྱ། །ཡིད་ཀྱིས་མར་ཁུ་བསམས་པ་དང་། །འབྲས་སོ་ཆག་མེད་འབྲས་དང་ནི། །འབྲུ་དང་ཞོ་ཡི་ཟན་དང་ནི། །ཏིལ་དང་དེ་བཞིན་མཉམ་པའི་ཤིང་། །དཱུར་བ་རབ་ཏུ་གཞོན་པ་ཉིད། །བསམ་གཏན་རྡོ་རྗེ་སྦྱིན་སྲེག་བྱ། །དེ་ལ་འདི་ནི་སྔགས་ཀྱི་རྐང་པ་ཡིན་ཏེ། ཨོཾ་ཨག་ན་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་ས་ཏྭ་སྱ་སརྦྦ་པཱ་པཾ་ད་ཧ་ནཱ་ཡ་སྭཱ་ཧཱ། ཏིལ་ནག་པོའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཆག་པའིའོ། །ཨོཾ་སརྦྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟན་དམ་པའིའོ། །ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བའིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུའིའོ། །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། གྲོའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་གཞོན་ནུའིའོ། །ཨོཾ་བཛྲཱ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམ་བཱ་རའིའོ། །ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་གིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པ་ལ་ཀྴའིའོ། །ཨོཾ་བཛྲ་ཀུ་བེ་རཱ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཙམ་པ་ཨ་ཤོ་ཀཱ་ཡ་ཀླུ། །ཀ་དམྤ་དང་སྲིད་སྒྲུབ་ཉིད། །ཇི་ལྟར་རྙེད་པ་བཟླས་བྱས་ནས། །མེ་ཏོག་འདིས་ནི་སྦྱིན་སྲེག་བྱ། །རྒུན་འབྲུམ་ཨ་མྲ་སྦྲུལ་འཇིག་དང་། །ཁ་འཛག་སྐྱེས་མ་བརྩེ་མ་ནི། །འཁོར་ལོ་ལྔ་ཡི་མཆོག་རིམ་པས། །འབྲས་བུ་རྣམས་ཀྱི་སྦྱིན་སྲེག་བྱ། །ཤ་ལྔ་དང་ནི་བདུད་རྩི་ཉིད། །དཀྱིལ་འཁོར་ལྔ་ཡི་བསྒོམས་པ་ཡིས། །འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ནི་རབ་དགྱེས་བྱ། །རྒྱལ་བ་ཕན་པ་མཉེས་པ་དང་། །གསེར་གྱི་མངའ་བདག་མཉེས་པ་དང་། །པདྨ་གར་དབང་མཉེས་པ་དང་། །ལྕགས་སྒྲོག་བདག་པོ་མཉེས་པ་དང་། །ཚངས་པ་བརྒྱ་བྱིན་དབང་ཆེན་ ― DKG080_Page_0121 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། །ཁྱབ་འཇུག་རླུང་དང་མེ་ཆེན་དང་། །ཐོང་ལྡན་ཉིད་དང་འདོད་ལྷ་དང་། །ཟླ་བ་ཉི་མ་གདོན་གཞན་དང་། །ས་ནི་ཞགས་པ་འཛིན་པ་དང་། །ལུས་ངན་དེ་བཞིན་མཚམས་སྐྱོང་དང་། །ཆོས་རྒྱལ་དང་ནི་ཀླུ་དང་ནི། །དྲི་ཟ་ལྷ་མིན་མི་འམ་ཅི། །སུམ་ཅུ་རྩ་གསུམ་གནས་པའི་ལྷ། །འོག་མིན་དུ་ནི་གནས་པ་དང་། །གང་ཞིག་རྒྱལ་ཆེན་གནས་པ་དང་། །གཞན་འཕྲུལ་དབང་སྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང་། །གང་ཞིག་དག་པའི་གནས་སོན་དང་། །འོད་ཟེར་འཇིག་རྟེན་ཁམས་གནས་དང་། །མི་མཇེད་ཁམས་སུ་གནས་པ་དང་། །གླིང་བཞིར་གནས་པའི་སེམས་ཅན་དང་། །གང་ཞིག་ཁམས་གསུམ་གནས་པ་དང་། །སྣོད་ལྡན་སེམས་ཅན་འཇིག་རྟེན་དང་། །ལྕུག་མའི་ཚོགས་དང་རྩྭ་སོགས་དང་། །གང་ཞིག་རབ་དགའི་སར་གནས་དང་། །ཕ་རོལ་དྲི་མེད་གང་ཕྱིན་དང་། །འོད་འཕྲོ་ཅན་དུ་གནས་པ་དང་། །མི་གཡོའི་གནས་སུ་བྱས་པ་དང་། །གང་ཞིག་ཆོས་སྤྲིན་རྗེས་སོང་དང་། །གང་ཞིག་སྦྱང་དཀར་སོན་པ་དང་། །གང་ཞིག་རིང་སོང་ཐོབ་པ་དང་། །འོད་བྱེད་དུ་ནི་གནས་པ་སྟེ། །ས་བཅུའི་དབང་ཕྱུག་མགོན་པོ་དང་། །འཕགས་པའི་གང་ཟག་བརྒྱད་པོ་དང་། །རྫོགས་སངས་རྒྱས་དང་ཉན་ཐོས་ཉན། །རྭ་ནི་རལ་གྲིའི་གཟུགས་ཅན་དང་། །རང་གི་ལྷག་པའི་ལྷར་སྦྱོར་བདག། ཤཱཀྱ་སེང་གེ་མཉེས་བྱས་ནས། །དམྱལ་བ་ཡི་དགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་སྲེག་ཆོ་གས་དགྱེས་པ་ཉིད། །དེ་ཉིད་ཚོགས་ཀྱི་དཀྱིལ་འཁོར་རོ། །བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྒྱ་མཚོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དམ་ཚིག་ལ་གསོལ་བ་གདབ་པ་འདི་གསུངས་སོ། །རྡོ་རྗེ་སེམས་དཔའ་བསྐྱེད་པ་ནི། །རྡོ་རྗེ་པདྨའི་བསྒོམ་པ་སྟེ། །དེ་ཡི་མགོ་བོའི་སྣ་རྩེ་ལ། །ཕྱག་འཚལ་ཡིད་བཞིན་ནོར་བུ་སྟེ། །སྦུ་གུའི་ནང་དུ་ཕཊ་ཀྱིས་ནི། །ཡེ་ཤེས་མ་ལྷུང་ཡང་དག་གནས། །རྫོགས་སངས་རྒྱས་ཀྱིས་དགྱེས་པར་མཛོད། །འདི་ནི་ཕྱག་རྒྱའི་ཆོ་ག་ལས། །རང་གི་ལྷག་པའི་ལྷར་སྦྱོར་བས། །རྡོ་རྗེ་སེམས་དཔའ་སྙེམས་བྱས་ནས། །གནས་ནི་ ― DKG080_Page_0122 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་བསྒྲུབ་པར་བྱ། །ཕྱག་རྒྱ་ཆེན་པོའི་གནས་འདུག་ནས། །རང་གི་ལྷག་པའི་ལྷར་སྦྱོར་བདག། ཤཱཀྱ་སེང་གེ་སྙེམས་བྱས་ནས། །རྒྱལ་པོ་ཐམས་ཅད་ཐོབ་པར་འགྱུར། །ལས་ཀྱི་ཕྱག་རྒྱའི་གནས་འདུག་ནས། །རང་གི་ལྷག་པའི་ལྷར་སྦྱོར་བདག། ཀུན་གྱི་རྒྱལ་པོ་ཐོབ་པར་འགྱུར། །རྡོ་རྗེ་གཟི་བརྗིད་ཏིང་འཛིན་ལྡན། །དམ་ཚིག་ཕྱག་རྒྱ་སྦྱོར་བ་ཡིས། །གནས་གསུམ་པོ་ཡང་བསྒྲུབ་པར་བྱ། །རང་གི་ལྷག་པའི་ལྷར་སྦྱོར་བས། །པདྨ་གར་གྱི་དབང་ཕྱུག་བདག། ཆོས་ཀྱི་ཕྱག་རྒྱའི་ཏིང་འཛིན་གནས། །རྡོ་རྗེ་ཆོས་ནི་བསྒོམ་པར་བྱ། །རང་གི་ལྷག་པའི་ལྷར་སྦྱོར་བས། །རྟ་མཆོག་རིམ་པས་གནས་ནས་ནི། །དམ་ཚིག་ཕྱག་རྒྱར་སྦྱོར་བ་ཡིས། །སྒྲོལ་མའི་དངོས་གྲུབ་རབ་བསྒྲུབ་བྱ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གར་གྱི་འདོད་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་གར་མཛད་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །གཡོན་པ་བརྐྱང་བ་དང་གཡས་པ་བརྐྱང་བ་དང་། མཉམ་པའི་རྐང་སྟབས་དང་། རྡོ་རྗེའི་རྐང་སྟབས་དང་། དཀྱིལ་འཁོར་དང་། སྣ་ཚོགས་ཐམས་ཅད་དང་། རུས་སྦལ་གྱི་རྐང་སྟབས་དང་། བུང་བའི་དྲ་བ་དང་། རྒྱ་མཚོའི་བསྐྱོད་པ་དང་། རི་བོའི་མཆོག་དང་། མཛེས་པའི་གོམ་པ་དང་། ཁྲོ་བོའི་གོམ་པ་སྟེ། རྐང་སྟབས་ཀྱི་དགོད་པའོ། །རལ་གྲིའི་ལུགས་དང་། འཁོར་ལོའི་ཚུལ་དང་། རིན་པོ་ཆེའི་ཚུལ་དང་། པདྨའི་ལག་པ་དང་། རལ་གྲིའི་ཚུལ་དང་། མདུང་གི་ཚུལ་དང་། གཞུའི་ཚུལ་དང་། དབྱུག་པའི་ཚུལ་དང་། དབྱུག་ཏོའི་ཚུལ་དང་། གཏུན་ཤིང་གི་ཚུལ་དང་། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང་། ཁ་བཅུ་པའི་ཚུལ་དང་། རལ་གྲི་བུ་མོའི་ཚུལ་དང་། སྣ་ཚོགས་དབྱུག་པའི་ཚུལ་དང་། མདུང་ཐུང་གི་ཚུལ་དང་། གོང་བུ་སྐྱོང་བའི་ཚུལ་དང་། འཕན་གཉིས་པ་དང་། འཕན་ལྕེ་གསུམ་པ་དང་། མེ་ཏོག་གི་ཚུལ་དང་། བདུག་སྤོས་ཀྱི་ཚུལ་དང་། མར་མེའི་ཚུལ་དང་། དྲིའི་ཚུལ་དང་། ལཱ་སྱའི་ལག་པ་དང་། ཕྲེང་བའི་ལག་པ་དང་། གླུའི་ལག་པ་དང་། གར་གྱི་ལག་པ་དང་། གླིང་བུའི་ལག་པ་དང་། པི་ཝང་གི་ལག་པ་དང་། རྫ་རྔའི་ལག་པ་དང་། ཀུ་མུཎྜའི་ལག་པ་སྟེ། ལག་པའི་དགོད་པའོ། །རྡོ་རྗེ་སྐྱིལ་ཀྲུང་དང་། པདྨའི་སྐྱིལ་ཀྲུང་དང་། པདྨའི་འདུག་སྟངས་དང་། བཟང་ ― DKG080_Page_0123 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོའི་འདུག་སྟངས་དང་། སྐྱིལ་ཀྲུང་ཕྱེད་པ་དང་། བཀྲ་ཤིས་ཀྱི་འདུག་སྟངས་ཏེ་འདུག་སྟངས་ཀྱི་དགོད་པའོ། །སྒེག་པའི་ང་རོ་དང་། དཔའ་བོའི་ང་རོ་དང་། མི་སྡུག་པའི་ང་རོ་དང་། དགོད་པའི་ང་རོ་དང་། དྲག་པོའི་ང་རོ་དང་། འཇིགས་སུ་རུང་བའི་ང་རོ་དང་། ཞི་བའི་ང་རོ་དང་། རྔམ་པའི་ང་རོ་དང་། སྙིང་རྗེའི་ང་རོ་དང་། དྲུག་གི་རྗེས་སུ་སྐྱེས་པའི་གླུ་དང་། དྲང་སྲོང་གི་རྗེས་ཀྱི་གླུ་དང་། དྲི་ཟའི་རྗེས་ཀྱི་གླུ་དང་། བར་མའི་རྗེས་ཀྱི་གླུ་དང་། ལྔ་པའི་རྗེས་ཀྱི་གླུ་དང་། བློ་གསལ་གྱི་རྗེས་ཀྱི་གླུ་དང་། འཁོར་ཉན་པའི་གླུའོ། །ཉུང་ངུའི་དབྱེ་བ་དང་། སྒྲོལ་མའི་དབྱེ་བ་དང་། འཇིགས་པའི་དབྱེ་བ་དང་། གང་བ་དང་། ཕྱེད་ཕྱི་བ་དང་། རྣམ་པར་འདྲེ་བ་དང་། འདོད་ཆགས་གཉིས་མཚུངས་པར་བྱེད་པ་དང་། འདོད་ཆགས་གསུམ་མཚུངས་པར་བྱེད་པ་དང་། ལྐོག་མ་ཉེད་པ་དང་། རྐན་ཉེད་པ་དང་། ལྕེ་ཉེད་པ་དང་། སོ་ཉེད་པ་སྟེ་གླུ་དགོད་པའོ། །ས་གཞི་ཡོངས་བཟུང་དུས་སུ་ནི། །དམ་ཚིག་འདི་ནི་རབ་བསྐུལ་བ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །འདི་ནི་དམ་ཚིག་རིམ་པའི་མཆོག། མེ་ཏོག་འདི་རྣམས་བཟང་ཞིང་དགེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཚལ་དག་རོ་ཡི་ཕན་པ་དང་། །གང་ཞིག་དྲི་དང་བདུག་སྤོས་མཆོག། བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་གྷཎྜ་ཨཿདྲིལ་བུ་བླང་བའི་སྔགས་སོ། །ཨོཾ་མ་ཧཱ་བཛྲེ་ཧཱུྃ། རྡོ་རྗེ་གཟུང་བའི་སྔགས་སོ། །དངོས་པོ་སྣ་ཚོགས་རྣམ་པར་ཕྱེ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་རྒྱལ་པོ། །རྣལ་འབྱོར་མ་ཡི་རྡོ་རྗེའི་གུར། །སངས་རྒྱས་ཀུན་དང་སངས་རྒྱས་ལ། །ཚིག་ནི་འདི་དག་བཀའ་སྩལ་པ། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །རྡོ་རྗེ་ལས་སྐྱེས་རང་བཞིན་ཅན། །ལག་པར་ཐོད་པ་ཁ་ཊྭཱཾ་ག། བསམས་ནས་སྤྲོ་ ― DKG080_Page_0124 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞིང་བཟླས་པའོ། །ཕྱག་བཞི་པ་ནི་ཉིད་དང་ཡང་། །ཞལ་གསུམ་རྡོ་རྗེ་ལས་བྱུང་བ། །དཀར་པོ་དམར་པོ་དེ་བཞིན་སྔོ། །ཕག་མོ་ལྷན་ཅིག་མཉམ་སྦྱོར་བའོ། །ཕྱག་དྲུག་པ་ལ་ཁ་དོག་གནག། ལྕགས་སྒྲོག་མ་དང་ལྷན་ཅིག་སྦྱོར། །སངས་རྒྱས་ལྔ་ཡི་ཐོད་པ་ཅན། །ཞལ་གསུམ་ཉིད་དུ་སྦྱོར་བར་བྱ། །མདོག་དམར་ཕྱག་ནི་བཞི་པ་དང་། །ཞལ་གཅིག་མ་དང་དབང་བྱེད་མ། །རྡོ་རྗེ་ཆོས་ཀྱི་གནས་མནན་མ། །འདི་ནི་ཀུ་རུ་ཀུལླེར་བརྗོད། །འདི་ནི་སྔགས་བརྗོད་པའོ། །བཙུན་མོ་ཆོས་ལ་གནས་པ་ནི། །ཁྱོད་ཀྱི་སྤྱན་སྔར་བདག་གིས་ནི། །དུས་གཅིག་པ་ཡི་དུས་སུ་ནི། །བདག་ཉིད་ཀྱིས་ནི་འདི་ཐོས་ནས། །རྒྱས་པ་ཉིད་དུ་རབ་ཏུ་དབྱེ། །འདི་སྐད་བདག་གིས་ཐོས་པ་སྟེ། །དུས་གཅིག་དུས་ནི་གཅིག་ནའོ། །བདག་གིས་བཅོམ་ལྡན་སྤྱན་སྔར་ཏེ། །བཙུན་མོའི་ཆོས་སུ་རྣམ་རྒྱས་པས། །ལྟ་སྟངས་དགུག་དང་བརྡ་ཆེན་དང་། །དོན་བྱེད་དུས་དང་ཆར་སོགས་དང་། །ལམ་གྱི་དེ་ཉིད་ལས་སྐྱེས་པ། །ཐུབ་པ་ཆེན་པོ་འཇིག་རྟེན་མགོན། །ཕྱག་གཉིས་པ་ལ་ཞལ་གཅིག་པ། །མཆོག་སྦྱིན་དང་ནི་པདྨས་བརྒྱན། །པདྨའི་གདན་ལ་ཡང་དག་གནས། །དབུ་རྒྱན་རྡོ་རྗེ་ཆོས་དང་ལྡན། །མྃ་གྱི་དེ་ཉིད་ལས་སྐྱེས་པ། །འཇམ་པའི་དབྱངས་ནི་སེར་པོ་སྟེ། །ཡན་ལག་མཆོག་སྦྱིན་ཨུཏྤལ་བརྒྱན། །མི་བསྐྱོད་རྡོ་རྗེ་སྤྱི་བོར་འཛིན། །ཧཱུྃ་གི་ཡེ་ཤེས་ལས་བྱུང་བ། །ལག་པ་རལ་གྲི་སྡིགས་མཛུབ་ཉིད། །མ་ཧེ་ཆེན་པོའི་རྒྱབ་ཏུ་ནི། །དཔའ་བོ་གཡོན་བརྐྱང་བ་ཡིས་གནས། །ཁྲོ་བོའི་གཟུགས་ཅན་འཇིགས་བྱེད་པ། །ཁ་སྦྱར་མདུན་དུ་མི་བསྐྱོད་འཛིན། །ཧཱུྃ་གི་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་ཧཱུྃ་མཛད་རྡོ་རྗེ་ཅན། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིང་། །རྐང་པ་གཡོན་ཉིད་བརྐྱང་བ་ཡིས། །འཇིགས་བྱེད་མནན་པ་ཡི་ནི་ལུས། །སྤྱི་བོར་རྡོ་རྗེའི་རིགས་བསམས་ནས། །འཇིག་རྟེན་གསུམ་རྒྱལ་དྲན་པར་བྱ། །་གི་ཡི་གེ་ལས་བྱུང་བ། །མཆོག་སྦྱིན་དབང་མཆོག་མཚོན་ཆ་སྟེ། །ལྷ་མོ་ལྗང་གུ་ལྟ་བུ་ཉིད། །རྟག་ཏུ་བཟང་པོའི་འདུག་སྟངས་གནས། །སྣ་ཚོགས་པདྨར་ཡང་དག་བཞུགས། །སྤྱི་བོར་དོན་ཡོད་འཛིན་པ་པོ། །སྒེག་མོ་ཆེན་མོ་སྐལ་བཟང་མ། །སྒྲོལ་མའི་གཟུགས་ཅན་བསྒོམ་པར་བྱ། །མྃ་གྱི་ཡི་གེ་ལས་བྱུང་བ། །མཆོག་སྦྱིན་ཨ་ཤོ་ཀ་འཛིན་མ། །ཉི་མ་ཤར་བ་ལྟ་བུ་སྟེ། ། ― DKG080_Page_0125 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་སྣང་དཔལ་ནི་སྤྱི་བོར་སྐྱེས། །གཡོན་བརྐྱང་བ་ཡི་སྦྱོར་བ་ཡིས། །འགྲོ་མགྱོགས་བདུན་གྱི་ཤིང་རྟ་མནན། །ཡན་ལག་སྒེག་པའི་རོ་ཡིས་བརྒྱན། །འོད་ཟེར་ཅན་ནི་བསྒོམ་པར་བྱ། །་གྱི་ཡི་གེ་ལས་བྱུང་བའི། །སྟོན་ཀའི་ཟླ་བ་ལྟ་བུའི་འོད། །སྙིང་གར་རིན་ཆེན་སྙིམ་པར་གནས། །མཛེས་པའི་ཚུལ་གྱིས་ཡང་དག་བཞུགས། །ལྷ་མོ་སྣ་ཚོགས་པད་གདན་ཅན། །ཕན་པས་མགོ་བོ་མནན་པ་སྟེ། །བྱང་ཆུབ་སེམས་ནི་འཛག་འབབ་པའི། །ལྷ་མོ་སྟོབས་དང་བྲལ་བ་བསྒོམ། །བཾ་གྱི་ཡི་གེ་ལས་བྱུང་བ། །ནོར་འཛིན་ཤིན་ཏུ་ཁ་དོག་སེར། །ལག་པ་མཆོག་སྦྱིན་འབྲས་སྙེ་མ། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ལས། །ཡན་ལག་རིན་ཆེན་འབྱུང་གནས་བརྒྱན། །སྤྱན་ནི་ཤིན་ཏུ་སྒེག་པར་ནི། །གནོད་སྦྱིན་རྒྱལ་མོ་བསྒོམ་པར་བྱ། །ནོར་གྱི་བདག་པོ་མཚུངས་པར་འགྱུར། །ཛྃ་གི་ཡི་གེ་ལས་བྱུང་བ། །ནམ་མཁའ་མཛོད་ཅེས་བྱ་བ་བསྒོམ། །ཁ་དོག་སེར་ཞིང་གཡས་པ་ན། །མཆོག་སྦྱིན་རིན་ཆེན་ནེའུ་ལེ་སྟེ། །རིན་ཆེན་འབྱུང་གནས་རྡོ་རྗེ་ཡིས། །སྤྱི་བོར་དཀྱིལ་འཁོར་རྣམ་པར་བརྒྱན། །རིན་ཆེན་ཆར་ནི་བསམ་པར་བྱ། །སྐྱོར་གང་རྡོ་རྗེ་ཆུར་གཞུག་བྱ། །པྲྃ་གྱི་ཡི་གེ་ལས་སྐྱེས་པ། །ལུས་ནི་དཀར་ཞིང་ཡིད་འོང་མ། །ལྷ་མོ་རལ་གྲིའི་འཁོར་ལོ་འཛིན། །སྤྱི་བོར་ཕན་པས་མནན་པའོ། །རང་གི་མིང་པོའི་དུས་ལྟ་བུར། །དཀྱིལ་འཁོར་གནས་སུ་ཡང་དག་འདུག། ནམ་མཁའི་གནས་ནས་འཇམ་པའི་དབྱངས། །འབྱུང་བར་རྣམ་པར་བསམ་པར་བྱ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་སྔགས་སྣ་ཚོགས་ནང་དུ་ཆུད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྔགས་ཀྱི་ཚིག་འདི་དག་གསལ་བར་མཛད་པ། ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མཉྫུ་བཛྲཱ་ཡ་མུཿསྭཱ་ཧཱ། ཨོཾ་ཧྲཱྀཿཥྚྲཱྀ་ཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་མཱ་རི་ཙྱཻ་མྃ་སྭཱ་ཧཱ། ཨོཾ་ཙ་ལེ་ཙུ་ལེ་ཙུན་དེ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རེ་མ་ཧཱ་བཱ་སུ་བྲྀཥྚི་པཱ་ཧ་ནི་བཱ་སུ་སྭཱ་ཧཱ། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཇིག་རྟེན་མགོན་གྱིས་ནད་རྣམས་ཞི། །འཇམ་པའི་དབྱངས་ཀྱིས་བློ་གྲོས་བཟང་། །གཤིན་རྗེ་གཤེད་ཀྱིས་ཡི་དགས་བསྲུང་། །ལྷ་དང་ལྷ་མིན་ཧཱུཾ་མཛད་ ― DKG080_Page_0126 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱིས། །སྒྲོལ་མས་འཇིག་རྟེན་དབང་དུ་བྱེད། །འོད་ཟེར་ཅན་གྱིས་ཆོམ་རྐུན་འཇིག། ཙུནྡཱ་སེམས་ཅན་ཐམས་ཅད་ནི། །དགུག་པ་ཡི་ནི་ཆོ་གར་བརྗོད། །ཛམྦྷ་ལ་དང་ནོར་སྦྱིན་བདག། ནོར་གྱི་སྒྲུབ་པའི་ཐབས་སུ་འདོད། །བུད་མེད་གང་ཞིག་བུ་ཤི་བས། །སོ་སོར་འབྲང་མ་རྟག་དྲན་བྱ། །རྡོ་རྗེ་མཁའ་འགྲོས་གསུངས་པའོ། །སྔགས་ཀྱི་རྐང་པས་ཐམས་ཅད་འགྲུབ། །བཟླས་པ་འབུམ་གྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་རབ་ཏུ་འགྲུབ། །སྙིང་གི་བདེ་བ་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནག་པོ་ཆེན་པོའི་སྒྲུབ་ཐབས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཧཱུྃ་གི་ཡི་གེ་ལས་སྐྱེས་པ། །ཕྱག་གཉིས་པ་དང་ཞལ་གཅིག་ལྡན། །ཁ་དོག་ནག་ཅིང་ཆེར་འབར་བ། །གྲི་གུག་ཐོད་པ་འཛིན་པའོ། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་ཆེན་པོས་འཇིགས་པར་བྱེད། །གཟུགས་ཐུང་གཟི་བརྗིད་ཆེན་པོ་ཉིད། །ཁ་ནས་ཁྲག་ནི་འཛག་པ་སྟེ། །སློབ་དཔོན་ལ་རྟག་གང་སྡང་དང་། །གང་ཞིག་དཀོན་མཆོག་གསུམ་ཁྲོ་དང་། །སེམས་ཅན་དུ་མ་གསོད་བྱེད་པ། །ནག་པོ་ཆེན་པོས་ཟ་བར་བྱེད། །རང་གི་ལག་གཡས་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ནི་འཐུང་བར་བྱེད། །དེ་ནས་སྤྱི་བོར་འདི་འདུག་ནས། །དེ་ནི་ཏིལ་ཙམ་གཅོད་པར་བྱེད། །མོན་སྲན་གྲེ་དང་ཛྃ་བུ་ཊི། །མེ་ཏོག་བདུག་པ་བྱུག་པ་ཆང་། །ཤ་ལྔ་ཉིད་དང་བདུད་རྩི་ཡིས། །ནག་པོ་ཆེ་ལ་གཏོར་མ་སྦྱིན། །སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ནོ་པ་ཧཱ་རི་ཎེ་ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡ་མི་དྃ་རཏྣ་ཏྲ་ཡཱ་པ་ཀཱ་རི་ཎ་ཡ་དི་པྲ་ཏི་ངྔྷཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ཚ་བ་གསུམ་གྱིས་གཟུགས་བརྙན་ནི། །བྱས་ནས་ལུས་ལ་ཚེར་མས་དགང་། །དུག་དང་སྐེ་ཚེ་ཡིས་བྲིས་ནས། །དེ་ནི་གང་གི་མིང་གིས་ནི། །དེ་ནས་མེ་ལ་གདུང་བར་བྱ། །དེ་ཡི་དུས་ན་མི་སྣང་འགྱུར། །དེ་ནས་གཞན་ཡང་རབ་བཤད་པ། །ཕྱག་རྒྱའི་དངོས་གྲུབ་བསྒོམ་པ་ཉིད། །ཕྱག་རྒྱའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་ཀུན་གྱི་སྤྱོད་ཡུལ་མིན། །དེ་དུས་དེ་ཡི་ལུས་འཐོབ་ཅིང་། །སྐད་ཅིག་ན་ནི་བདེ་ཆེན་ཚུལ། །སྐད་ཅིག་ན་ནི་དེ་འཁོར་ལྡན། ། ― DKG080_Page_0127 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྒོམ་པ་དང་ནི་སྔགས་ཉིད་དང་། །སྐད་ཅིག་སངས་རྒྱས་རྣམ་སྣང་མཛད། །སྤྱན་གྱིས་འཕྲག་ནས་འཁྱུད་པའོ། །སྐད་ཅིག་ལ་ནི་གཉིས་མེད་ལྡན། །དགའ་བ་ཆེན་པོ་མཆོག་ཏུ་དགའ། །རྡོ་རྗེ་འཛིན་རྒྱལ་སྐད་ཅིག་གིས། །མཱ་མ་ཀཱི་དང་བདེ་བ་སྡོམ། །རྡོ་རྗེ་པདྨའི་རྩེ་མཆོད་པས། །སྐད་ཅིག་གིས་ནི་གཉིས་མེད་ལྡན། །རྡོ་རྗེ་པདྨ་རབ་སྦྱར་བས། །རྡོ་རྗེ་གུས་པའི་ཕ་རོལ་སོན། །རྡོ་རྗེ་པདྨ་མཆོད་བྱ་ཞིང་། །པདྨའི་འདོད་པ་སྤང་བར་བྱ། །བདག་ཉིད་རང་བདག་བསམས་ནས་ནི། །རྡོ་རྗེ་པདྨ་རབ་སྦྱོར་བས། །རྡོ་རྗེ་བུ་མོ་ཆེར་གྲགས་པ། །རྡོ་རྗེ་ནག་པོ་ལྟ་བུ་མཆོད། །རང་རིག་སྐྱེས་བུ་བསམས་ནས་ནི། །རྡོ་རྗེ་པདྨའི་རྩེ་མཆོད་པས། །བུ་མོ་དེ་བཞིན་གཤེགས་མ་མཆོག། ཕྱག་རྒྱའི་དངོས་གྲུབ་དོན་དུ་མཆོད། །རང་གི་རིག་མ་སྐྱེས་བུ་བསམ། །རྡོ་རྗེ་པདྨའི་རྩེ་མཆོད་པས། །གདོལ་པ་ཆེན་པོ་ལས་བྱུང་བ། །ཕྱག་རྒྱའི་དངོས་གྲུབ་དོན་དུ་མཆོད། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་པ། །རྣམ་པར་རྒྱལ་བའི་སྟོབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །ཉི་མ་གཉིས་ཀྱི་ཆོ་ག་དང་། །ཉི་མ་གསུམ་གྱི་སྦྱོར་བ་དང་། །དེ་བཞིན་དུ་ནི་ཉི་མ་བཞི། །ཉི་མ་ལྔ་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མེ་ཏོག་ལ་སོགས་མཆོད་བྱས་ནས། །བསམ་གཏན་གནས་སུ་འདུག་པ་དང་། །ཕྱག་རྒྱ་ལྷན་ཅིག་ཞུགས་ནས་ནི། །རྡོ་རྗེ་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་འདི་ནི་ཡང་དག་བརྩམ། །ཉི་མ་ཤར་བའི་དུས་སུ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་ཆེན་པོས་རྗེས་ཆགས་པས། །འདོད་ཆགས་ཆེན་པོའི་རང་བཞིན་ལས། །ཆགས་ཆེན་ཏིང་འཛིན་གནས་ནས་ནི། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཤིན་ཏུ་དགའ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །པདྨར་རྡོ་རྗེ་ཅན་བཅུག་ནས། །རང་གི་རིག་མ་བདག་མར་བྱས། །དེ་དང་ལྷན་ཅིག་འགྲུབ་པར་འགྱུར། །འདི་ནི་ཕྱག་རྒྱ་ཆེན་པོར་བརྗོད། །མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་འཁོར་ལོ་རབ་ཏུ་དབྱེ། །དྲི་དང་མེ་ཏོག་མཐུན་བྱས་ནས། །འཁོར་ལོ་གོམས་པར་ཡང་དག་བརྩམ། །སྤྱན་དང་བདག་མ་སྒྲོལ་མ་དང་། །དཀར་མོ་ཤིན་ཏུ་ཡིད་འཕྲོག་མ། །མེ་ཏོག་དྲི་ཡིས་མཐུན་བྱས་ནས། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །སྔགས་པས་ཕན་པ་འགྲུབ་འགྱུར་ཞིང་། །ཕྱག་ན་རྡོ་ ― DKG080_Page_0128 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེ་འགྲུབ་པ་དང་། །རྡོ་རྗེ་ཉི་མ་འགྲུབ་པ་དང་། །དམ་པའི་ཡི་གེ་འགྲུབ་པ་དང་། །བདུན་པའི་རྒྱལ་པོ་འགྲུབ་པ་དང་། །ཐམས་ཅད་འདྲེན་པ་འགྲུབ་པར་འགྱུར། །ཆུ་ཡི་དབང་ནི་དང་པོ་སྟེ། །ཅོད་པན་དབང་ལ་གཉིས་པའོ། །རྡོ་རྗེ་དབང་གིས་གསུམ་པ་སྟེ། །རང་གི་བདག་པོ་བཞི་པ་ཉིད། །མིང་གི་དབང་བསྐུར་ལྔ་པ་སྟེ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བདུན་པ་བུམ་པའི་དབང་གིས་ཏེ། །གསང་བའི་དབང་གིས་བརྒྱད་པའོ། །ཤེས་རབ་དབང་ལས་དགུ་པ་སྟེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་གྱི་དེ་ཉིད་བརྟུལ་ཞུགས་བརྗོད། །སྟོན་པ་རང་གིས་ལུང་བསྟན་ཏེ། །དེ་འདིར་དབང་གི་ཆོ་གའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྨད་མི་བྱ། །བདག་གི་ལུས་ལའང་སྨད་མི་བྱ། །ཆོས་ལ་ཡིད་གཉིས་མི་བྱ་ཞིང་། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་བཟུང་མི་བྱ། །དམ་ཚིག་རྟག་ཏུ་བསྐྱང་བ་དང་། །གཞན་གྱི་ཆོས་ལ་སྨད་མི་བྱ། །བུད་མེད་ཉིད་ལའང་སྨད་མི་བྱ། །རྩ་བའི་ལྟུང་བ་རབ་ཏུ་སྤང་བ་མདོར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུའང་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་གཟུང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང་། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱ་ཞིང་། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང་། །བསམ་གཏན་ཉིད་ཀྱང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམ་བྷ་ལ་ལ་ཆུ་སྦྱིན་ཞིང་། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་མཆོད་རྟེན་ལས་ལ་ཡང་། ། ― DKG080_Page_0129 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཁས་པས་ཆོ་ག་བཞིན་དུ་བྱ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཕོ་ཉ་མོ་ཐམས་ཅད་དང་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ངེས་པར་བརྗོད་པ་འདི་ཐོས་ནས་ཚིག་འདི་དག་གསུངས་པ། སེམས་ཅན་ཀུན་གྱི་ཐམས་ཅད་ཁྱོད། །སྡིག་པ་ཐམས་ཅད་རྣམ་སྦྱོང་བ། །ཆོས་རྣམས་ཐམས་ཅད་ཡོངས་སུ་རྟོགས། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །སྡང་བས་མནན་པའི་འགྲོ་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་བྱའི་ཕྱིར། །རྒྱལ་བ་མགོན་པོ་རྣམ་སྣང་མཛད། །གཏི་མུག་རྡོ་རྗེ་ཕྱག་འཚལ་བསྟོད། །འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མར་གྱུར་གང་། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད། །གཏི་མུག་མནན་པའི་འགྲོ་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེ་སྡང་རྡོ་རྗེ་ཕྱག་འཚལ་བསྟོད། །ང་རྒྱལ་མནན་པའི་འགྲོ་གཟིགས་ནས། །ང་རྒྱལ་ཐམས་ཅད་ཟད་མཛད་པའི། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །འདོད་ཆགས་རྡོ་རྗེ་ཕྱག་འཚལ་བསྟོད། །ཆགས་པས་མནན་པའི་འགྲོ་གཟིགས་ནས། །འདོད་ཆགས་ཐམས་ཅད་ཟད་མཛད་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །སེར་སྣ་རྡོ་རྗེ་ཕྱག་འཚལ་བསྟོད། །འགྲོ་བ་ཕྲག་དོག་མནན་གཟིགས་ནས། །ཕྲག་དོག་ཐམས་ཅད་ཟད་མཛད་པ། །བདུན་གྱི་རྒྱལ་པོ་རྒྱལ་པོ་ཆེ། །ཐམས་ཅད་གཟིགས་ལ་ཕྱག་འཚལ་བསྟོད། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཀྱེའི་རྡོ་རྗེའི་དབང་བསྐུར་བའི་སློབ་དཔོན་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པས་བཀའ་སྩལ་པ། །སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་སངས་རྒྱས་དང་། །རྡོ་རྗེ་ཆོས་དང་གཟི་བརྗིད་དང་། །བདུན་གྱི་རྒྱལ་པོའི་དངོས་གྲུབ་རྣམས། །གང་ཕྱིར་དེ་ཡིས་དཀའ་བ་མེད། །མིག་སྨན་དང་ནི་རྐང་བྱུག་དང་། ། ― DKG080_Page_0130 ―
[མ་དཔེ་གཟིགས་ན་འདིར་གནོན།]
རལ་གྲི་རྐང་འོག་བསྒྲུབ་པ་དང་། །རིལ་བུ་དང་ནི་མཁའ་སྤྱོད་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །མཉེས་པས་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །རྡོ་རྗེ་སེམས་དཔའ་ཇི་ལྟ་བ། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏོ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །སློབ་དཔོན་གྱིས་ནི་མཐར་དུས་སུ། །ཤི་བ་འཇིག་རྟེན་མི་གནས་པ། །སྐྱེས་པ་གླེན་ཞིང་རྨོངས་པ་གང་། །དེ་འདི་ཤི་ཞེས་སྨྲ་བར་བྱེད། །འཆི་བ་ཞེས་བྱའི་རྣམ་རྟོག་གིས། །དག་པའི་གནས་སུ་ཁྱེར་བར་བྱེད། །ཡང་ན་བདེ་བ་ཅན་དུ་ངེས། །འདོད་པའི་རིགས་སུ་སྐྱེ་བར་འགྱུར། །མེ་ཏོག་སྣ་ཚོགས་ལག་ཐོགས་ཤིང་། །སྣ་ཚོགས་རྒྱལ་མཚན་བྱུག་པ་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །སངས་རྒྱས་སྲས་དང་རྡོ་རྗེར་བཅས། །སྣ་ཚོགས་སྒྲ་དང་སིལ་སྙན་ཆེ། །བཀྲ་ཤིས་ཚིགས་བཅད་སྣ་ཚོགས་དང་། །དབང་གི་གནས་རྣམས་ཉིད་ཀྱིས་ནི། །ལུས་ལས་ལུས་གཞན་འགྲོ་བར་འགྱུར། །རྡོ་རྗེ་དྲིལ་བུ་ལག་བྱིན་ཏེ། །མགོ་བོའི་གཙུག་ཏོར་མནན་ནས་ནི། །རྡོ་རྗེའི་སྡོམ་པ་བྱིན་ནས་སུ། །བུམ་པའི་དབང་ནི་བསྐུར་ནས་ནི། །མིག་ལ་སོགས་པར་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །རྡོ་རྗེ་ཐབ་ཁུང་རབ་སྦྱོར་བས། །སྦྱང་བར་ཡང་དག་བསྟན་པའོ། །ཉི་མ་དག་ནི་གསུམ་ལ་ནི། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་བསང་གཏོར་ནས། །དེ་ཡི་མཆོད་རྟེན་ཡང་དག་བརྩམ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ།། །།འཕགས་པ་མཁའ་འགྲོ་མ་དྲ་བའི་རྡོ་རྗེ་གུར་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། |