གཤིན་རྗེ་གཤེད་ཀྱི་ལས་བྱང་བསྡུས་པ་དུས་དགྲའི་དཔུང་འཇོམས།

ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གཤིན་རྗེ་གཤེད་ཀྱི་ལས་བྱང་བསྡུས་པ་དུས་དགྲའི་དཔུང་འཇོམས་བཞུགས་སོ༔

ན་མོ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་བསྐྱེད་བསླབ་བྱ་བསྒྲུབ༔ ཧཱུྃ༔ འཁོར་འདས་སྟོང་ཉིད་ཆེན་པོར་ཞིག༔ སྤྲོས་བྲལ་དོན་གྱི་ཧེ་རུ་ཀའི༔ སྙིང་རྗེ་རྔམ་པའི་བརྟུལ་ཞུགས་གཟུགས༔ དུར་ཁྲོད་འབར་བའི་ཕོ་བྲང་དབུས༔ ཆུ་གླང་གཤིན་རྗེ་བརྗིས་པའི་སྟེང་༔ བདག་ཉིད་སྐད་གཅིག་དྲན་རྫོགས་སུ༔ རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་ཞི་ཞིང་གཡོན་དམར་རྔམ༔ དབུས་མཐིང་ཤིན་ཏུ་ཁྲོས་པའི་ཉམས༔ བེ་ཅོན་རལ་གྲི་དགྲ་སྟྭ་གཡས༔ སྡིགས་མཛུབ་མདུང་རིང་ཐོད་ཁྲག་གཡོན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ བཱེ་ཏ་ཟ་བྱེད་ནག་མོ་ཡུམ༔ ཕྱག་གཡས་དགྲ་སྟྭ་གཡོན་བྷན་ཁྲག༔ ཡབ་ཀྱི་ཞལ་དུ་སྟོབས་པར་བྱེད༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊི་གཡོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྲས་མཆོག་ཡ་མ་ར་ཛ་དང་༔ མྱོས་བྱེད་འབར་བ་མ་རུ་ཙེ༔ རལ་པ་ཚལ་དགུ་གཤེད་བཅུ་གཉིས༔ སྒོ་མ་བཞི་དང་ཡང་སྤྲུལ་འཁོར༔ ཀིང་བཞི་གསོད་པའི་ཕོ་ཉ་བཞི༔ བདུད་ཤན་མོན་པ་རྩིས་འདེབས་སོགས༔ བདུན་བརྒྱ་ཉི་ཤུའི་འཁོར་བཅས་གསལ༔ གཙོ་ཆེན་འབར་བ་ཆེན་པོ་ཡི༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ འཁོར་འདས་རང་བཞིན་ཨེ་ཀློང་ནས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ གདན་གསུམ་དཀྱིལ་འཁོར་ཆེན་པོར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་མཆོད་པ་རྒྱ་མཚོའི་མཆོད༔ མཐོང་བའི་ངོ་མཚར་འཇིགས་པའི་གཟུགས༔ ཐོས་པའི་རྣམ་གྲོལ་ཚངས་དབྱངས་དང་༔ ཐུགས་རྗེ་ཐབས་ཚུལ་མཁྱེན་པའི་དབྱིངས༔ ཡབ་ཡུམ་འཁོར་དང་བཅས་ལ་བསྟོད༔ གཤེད་པོ་ཁྲོ་བོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔ ཐུགས་ཀར་ཉི་དཀྱིལ་འཁོར་ལོའི་དབུས༔ ཐུགས་སྲོག་ཧཱུྃ༔མཐར་སྔགས་ཀྱིས་བསྐོར༔ ཨཱོཾ་ཀ་ལ་རཱུ་པ་ཡ་ཧཱུྃ་ཕཊ༔ ཡ་མ་མཱནྟ་ཀ་ཨ་ཧཱུྃ་ཕཊ༔ ཧྲིཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ༔ ཡང་ན་སྤྱི་དྲིལ་སྔགས་ཀྱིས་མཆོག༔ ས་མ་ཡཱ༔ ཡང་ཅིག་ཚོགས་མཆོད་བསྡུས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་ཚོགས་མཆོད་ལ༔ སྐུ་གསུམ་རྩ་གསུམ་རིག་འཛིན་ལྷ་ཚོགས་དང་༔ འཇམ་དཔལ་ཞི་དྲག་དཀྱིལ་འཁོར་སྤྱན་འདྲེན་གཤེགས༔ ཟག་མེད་བདེ་ཆེན་དམ་རྫས་མཉེས་མཆོད་འབུལ༔ སྡིག་ལྟུང་དམ་ཚིག་ཉམས་ཆགས་མཐོལ་ལོ་གཤགས༔ འཁོར་འདས་དཔལ་ཡོན་རྒྱ་མཚོའི་ཐུགས་དམ་བསྐང་༔ དགྲ་བགེགས་གནོད་བྱེད་བར་ཆད་དབྱིངས་སུ་སྒྲོལ༔ རྣམ་སྨིན་ཕུང་ཁམས་ཡེ་ཤེས་ཀློང་དུ་སྟོབས༔ ལྷག་སྐྱོངས་ཕོ་མོའི་ལྷག་རོལ་ཕྲིན་ལས་སྒྲུབ༔ ཚངས་པ་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་གྷཱ་ཎ་ཙཀྲ་ས་མ་ཡཱ་ཁཱ་ཧི༔ དཔལ་མགོན་དྲེགས་ཆེན་བསྟན་མ་བཅུ་གཉིས་ཀྱི༔ ཆད་དོན་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་པའི་ཕྲིན་ལས་སྒྲུབ་མཛོད་ས་མ་ཡཱ༔ ལོག་འདྲེན་དམ་སྲི་རྒབ་འདྲེ་བསྒྲལ་འདྲེན་ནོན༔ བིག་ནན་མ་ར་ཡ་ནན་ནན༔ ཧཱུྃ༔ དངོས་གྲུབ་ཀུན་བདག་བླ་མ་གཤིན་རྗེ་གཤེད༔ སྐུ་གསུང་ཐུགས་ཀྱི་སིདྡྷི་སྩལ་དུ་གསོལ༔ བསྲུང་ཉམས་བཤགས་པའི་འཁོར་གསུམ་ཉོན་ཤེས་སྒྲིབ༔ ཡང་དག་དོན་མཐོང་སྐད་ཅིག་རྫོགས་སངས་རྒྱས༔ ཡིག་བརྒྱ་མཆོད་བསྟོད་མཐར༔ འདིའི་མཚོན་དགེ་ཚོགས་མ་གྱུར་སེམས་ཅན་ཀུན༔ འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་ཕྱིར་བསྔོ༔ སྤྲོས་བྲལ་རང་མདངས་ཕྱག་རྒྱ་ཆེན་པོ་ནི༔ གདོད་ནས་བསྐྱེད་རྫོགས་དབྱེར་མེད་ངང་དུ་འབྱམས༔ དྷཱི༔ རྒྱལ་ཀུན་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས༔ མ་རིག་རྨོངས་པའི་མུན་སེལ་ཧེ་རུ་ཀ༔ འཆི་བདག་བདུད་འཇོམས་མགོན་པོ་ཚེ་ཡི་བདག༔ བཀྲ་ཤིས་དེས་ཀྱང་གོ་འཕང་མཆོག་སྦྱིན་མཛོད༔ ཅེས་ཀྱང་ག་གཱས་སོ། །ཧཱུྃ༔ ཆོས་ཉིད་ངང་གིས་ཁྲོ་བོ་ཆེན་པོ་ནི༔ དུས་དགྲ་ལ་སོགས་བགེགས་རིགས་འཇོམས་པའི་གཤེད༔ མཚན་མ་རྟགས་ཀྱི་ཕྱག་རྒྱར་ཡོངས་བཞེངས་བ༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་ཡེ་ཤེས་ལ༔ མཚན་མའི་རྣམ་རྟོག་མེད་པས་འཇམ༔ སྤང་རྟོགས་ཡོངས་སུ་རྫོགས་པའི་དཔལ༔ གཞོན་ནུ་བུམ་པའི་སྐུ་རུ་ཤར༔ ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨ་མོ་གྷ་ཤི་ལ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་༔ ཧྲཱིཥྚི་སོགས་གང་ལྟར་བཟླས་ཀྱང་ཆོག་གོ༔ མཇུག་ཀྱང་དགེ་བ་འདི་ཡིས་སོགས་གོ༔ བརྡ་ཡིག །འཇམ་དཔལ་ཡེ་ཤེས་གྲུབ་པ་ཞེས་བྱ་བ་རྫོགས་སོ༔ ག་གཱས་སོ། །