བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།― GTD001_Page_0008 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄༅། །ཤིཥྚསྱཏཏྭཱལོཀནམམཉྫུནཱཐཛཡདྭིཏཱིཡཾཤཱསནསྱམཎྜདིཔཀརྻྻཏོནཡཱ་ཏྲམྦྷཡསྟོཏྲཱརྠཤྩབཏེཥྚིཀྐཏེབིཧརཏིསྨ།༄༅། །འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་ཞེས་བྱ་བ་བཞུགས་སོ། ། ― GTD001_Page_0009 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲིབ་གཉིཾས་གཉིཾས་སྣང་དྲི་མ་ཀུན་སྤངས་ཤིང་། །མཁྱེན་རཾབ་རཾབ་གསལ་ཆོས་ཀུན་དེ་ཉིད་གཟིགས། །གཞན་ཕཾན་ཕཾན་བདེའི་ལམ་བཟང་གསལ་མཛད་པ། །ཐུབ་དབཾང་དབཾང་པོའི་ཏོག་གྱུར་དེ་ལ་འདུད། །མཁའ་ལ་སྣང་བྱེད་ནམ་མཁའི་ནོར་བུ་དང་། །རི་བོའི་འཕྲེང་བའི་དབུས་ན་རི་དབང་བཞིན། །རྒྱལ་བའི་མདུན་ན་ཟླ་བྲལ་རྒྱལ་བའི་སྲས། །སྙིང་སྟོབས་ཆེན་པོའི་ཞབས་ལ་སྙིང་ནས་འདུད། །གང་ཚེ་གང་གིས་ཇི་ལྟར་དམ་བཅས་བཞིན། །མདོ་སྔགས་བསྟན་པའི་སྙིང་པོ་མ་ལུས་པ། །ཉི་ལྟར་གསལ་མཛད་འཇམ་མགོན་བླ་མ་ལ། །བཀའ་དྲིན་དྲན་པས་དད་པས་ཕྱག་བགྱི་འོ། །རབ་འབྱམས་ཐུབ་པ་ཀུན་གྱི་མཛད་པའི་ཁུར། །གཅིག་ཏུ་བསྣམས་ནས་འགྲོ་བའི་མགོན་མཛད་པ། །དེ་ཡི་ཡོན་ཏན་རང་བཞིན་བརྗོད་པའི་གཏམ། །དོན་ལྡན་སྙིང་པོ་མདོ་ཙམ་དབྱེ་བར་བྱ། ། ― GTD001_Page_0010 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཀུན་ལས་རབ་དང་རྩེ་མོར་གྱུར་པ་ཟབ་མོའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་འཁོར་བ་ཇི་སྲིད་བར་འཇིག་རྟེན་ཀུན་ཏུ་གསལ་བར་བྱེད་པའི་ཐུགས་བསྐྱེད་ཀྱི་གོ་ཆ་བགོས་པ་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་མགྲིན་དབྱངས་གཅིག་གི་སྒོ་ནས་སྙིང་སྟོབས་ཆེན་པོ་ཞེས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ་རང་ཅག་རྣམས་ཀྱི་འདྲེན་པ་གཅིག་པུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནི་ངེས་པའི་དོན་དུ་མགོན་པོ་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པས། གཤིན་རྗེའི་གཤེད་དམར་པོ་སོགས་ཀྱི་རྒྱུད་དང་ཟླ་བའི་འཇུག་འགྲེལ་ལས་འབྱུང་བ་ལྟར་རྒྱལ་བ་མ་ལུས་པ་སྐྱེད་པའི་ཡབ་གཅིག་ཏུ་གྱུར་ཅིང་། རྒྱལ་བ་ཀུན་གྱི་མདུན་ན་གསུང་གི་གསང་བ་འཛིན་པའི་སྲས་ཀྱི་ཐུ་བོའི་ཚུལ་དུའང་བཞུགས་པ་སོགས་སློབ་པ་དང་མི་སློབ་པའི་རྣམ་པ་ཅིར་ཡང་སྟོན་ཏེ། ལ་ལར་བལྟམ་ཞིང་ཞིང་གཞན་དུ་ཡང་བྱང་ཆུབ་ཚུལ་སྟོན་སྟོན་པ་ཁྱོད་ཀྱི་སྐུ་ཡི་ནི། །བཀོད་པ་མཆོག་འདི་འདི་དང་གཞན་དུ་མ་ལུས་འགྲོ་ཀུན་ཀུན་མཁྱེན་གྱུར་ཀྱང་བརྗོད་མི་ནུས། །གསུངས་པ་ལྟར་བསམ་བརྗོད་ཀྱི་ཡུལ་ལས་འདས་ནའང་ཕྱོགས་གཅིག་ཙམ་ཞིག་བརྗོད་པར་བྱ་བ་ལ་མདོ་སྡེ་རྒྱན་ལས། གང་ཕྱིར་དང་པོར་ངེས་པར་བྱ་བ་འདི་དཀའ་སྟེ། །འདི་ནི་བསྐལ་པ་སྟོང་ཕྲག་དུ་མར་བསྒྲུབ་པར་དཀའ། །གང་ཞིག་གྲུབ་ན་སེམས་ཅན་ཕན་བྱེད་དོན་ཆེན་དེ། །ཞེས་གསུངས་པ་བཞིན་ཐོག་མཐའ་བར་གསུམ་གྱི་རྣམ་པར་ཐར་པ་ཆེ་ལོང་བསྡུས་ན། དང་པོར་ཐུགས་བསྐྱེད་ཚུལ། བར་དུ་སྤྱོད་པ་ལ་བསླབ་ཚུལ། མཐར་སངས་རྒྱས་ཚུལ་གསུམ་དུ་འདུས་ཤིང་། ཐུགས་བསྐྱེད་ཚུལ་བདག་ཅག་གི་སྟོན་པ་ལྟ་བུ་ལ་མདོ་སྡེ་བསྐལ་བཟང་། དྲིན་ལན་བསབ་པ། མདོ་མྱང་འདས། གསང་བ་བསམ་གྱིས་མི་ཁྱབ་པ་སོགས་ལས་ཐུགས་བསྐྱེད་ཚུལ་དུ་མ་ཞིག་གསུངས་པ་དང་། སངས་རྒྱས་ཚུལ་ཡང་ཕྱོགས་མཚམས་ཀྱི་ཞིང་ཐ་དད་པ་དང་། འདས་དུས་བསྐལ་པ་དཔག་མེད་ནས་སངས་རྒྱས་ཚུལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་དང་ཡབ་སྲས་མཇལ་བ་སོགས་ནས་འབྱུང་བ་མི་འདྲ་བ་སྣ་ཚོགས་ཡོད་པ་ལྟར། རྗེ་བླ་མ་ལའང་རྒྱལ་པོ་ནམ་མཁར་གྱུར་པའི་ཚེ་ཐུགས་བསྐྱེད་ཚུལ་སོགས་དང་། མཐར་རྒྱལ་བ་ཀུན་གཟིགས། སངས་རྒྱས་སྤྱན་ལེགས། སངས་རྒྱས་ཡེ་ཤེས་དབང་པོ། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་སོགས་སུ་འཚང་རྒྱ་བའི་བཤད་ཚུལ་མང་ངོ་། །འོན་ཀྱང་འདིར་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་གི་རབ་དང་རྩེ་མོར་གྱུར་པ་བསྟན་པའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་དང་། གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་འདི་ཉིད་འཛིན་སྐྱོང་སྤེལ་བ་ཁུར་དུ་བཞེས་པའི་ཁྱད་པར་གྱི་སེམས་བསྐྱེད་འདིའི་དབང་དུ་བྱས་ནས་འཆད་ལ། ཚུལ་དེས་དང་པོར་ཐུགས་ཇི་ལྟར་བསྐྱེད་པ་དང་། མཐར་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་རྒྱལ་བ་སེང་གེའི་ང་རོར་སངས་རྒྱས་ཏེ་ཕྱི་མའི་བསྐལ་པ་མུ་མཐའ་ཡས་པར་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོས་ཀྱི་དགའ་སྟོན་འགྱེད་པར་འགྱུར་བའི་ཚུལ་གཉིས་ཀྱང་རྣམ་དག་གངས་རི་མ་ཞེས་རྗེ་བླ་མ་གང་དུ་མངོན་པར་འཚང་རྒྱ་ཚུལ་ལས་བརྩམས་པའི་བསྟོད་པ་མཁས་གྲུབ་སྨྲ་བའི་ཉི་མས་མཛད་པ་དང་། དེའི་རྣམ་བཤད་ཁོ་བོས་བྲིས་པ་སོགས་ལས་ཤེས་པར་བྱ་ལ། འདིར་ནི་བར་དུ་སྤྱོད་པ་ལ་བསླབ་ཚུལ་གཙོ་བོར་བྱས་ཏེ་བཤད་པར་བྱའོ། །དེའང་ལྷ་མོ་དཔལ་འཕྲེང་གིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་གངྒཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་དག་ཐམས་ཅད་ཀྱང་འདི་ལྟར་དམ་པའི་ཆོས་ཡོངས་སུ་གཟུང་བའི་སྨོན་ལམ་ཆེན་པོ་གཅིག་གི་ཁོངས་སུ་འདུས་ཤིང་ཁོངས་སུ་ཆུད་དེ། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་གཟུང་བ་ནི་དེ་ལྟར་ཡུལ་ཆེ་བ་ལགས་སོ། །ཞེས་དང་། བཟང་སྤྱོད་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་གསུངས་པ་ལྟར། བར་དུ་གང་ལ་བསླབ་པའི་ཡུལ་གྱི་སྤྱོད་པའི་གཙོ་བོ་ནི་དམ་པའི་ཆོས་འཛིན་པ་དང་། དེའི་ནང་ནས་ཀྱང་ཆོས་ཀྱི་ཉིང་ཁུ་ཟབ་མོའི་ལྟ་བ་དང་གསང་སྔགས་ཟུང་འབྲེལ་དུ་བྱས་ནས་འཛིན་པ་འདི་ཉིད་ཡིན་ནོ། །དེའང་རྒྱལ་བ་དབང་པོའི་ཏོག་འཇིག་རྟེན་དུ་བྱོན་ཕྱིན་ཆད་དུ་བསྐལ་པ་བགྲང་ལས་འདས་ཤིང་བརྗོད་དུ་མེད་པ་ཞིག་སོང་ཚུལ་ཡབ་སྲས་མཇལ་བའི་མདོ་ཀླུ་སྒྲུབ་ཀྱིས་མདོ་ཀུན་བཏུས་སུ་དྲངས་པ་ལྟར་ཡིན་པས་དེ་ཐམས་ཅད་ཀྱི་སྐབས་སུ་ལམ་བཟང་འདི་ཉིད་སྤེལ་བ་ཡིན་ལ། བསྟན་པ་འདི་ཙམ་གྱི་དབང་དུ་བྱས་ནའང་འཁྲུངས་རབས་དུ་མར་བསྟན་པའི་སྲོག་ཤིང་མཛད་ཚུལ་རྣམ་ཐར་གྱི་ཡི་གེ་རྣམས་དང་། ཀློང་རྡོལ་གྲུབ་དབང་རིན་པོ་ཆེས་རྗེའི་སྐུ་འཕྲེང་གི་གྲངས་འདྲེན་གསུངས་པ་རྣམས་སུ་འབྱུང་བ་ལྟར་དང་། མདོར་ན་བཀའ་གདམས་གླེགས་བམ་ལས། འདི་ཡི་སྤྲུལ་པ་དམ་པ་ཞིག །བསྟན་གནས་བར་དུ་ཡང་ཡང་འོང་། །ཞེས་པ་ལྟར་ཡིན་པས་བསམ་གྱིས་མི་ཁྱབ་བོ། ། ― GTD001_Page_0011 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེས་ན་འདིར་སྐུ་ཚེ་འདི་ཉིད་གཅིག་པུའི་དབང་དུ་བྱས་ཏེ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་འཆད་པ་ལ་གཉིས། དངོས་ཀྱི་དོན་དང། དེའི་རྗེས་སུ་སློབ་པའི་ཕྱིར་སྨོན་པས་མཚམས་སྦྱོར་བའོ། །དང་པོ་ལའང་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། གང་ཞིག་བཤད་དང་སྒྲུབ་པ་ཡིས། །རྒྱལ་བའི་དགོངས་པ་བླ་ན་མེད། །སྨྲ་དང་གཟིགས་པའི་མཆོག་གྱུར་པ། །རྟེན་འབྱུང་གསལ་མཛད་དེ་ལ་འདུད། །ཅེས་གང་ཞིག་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་སྟེ་བཤད་པ་དང་། སྒོམ་པས་ཉམས་སུ་བླངས་ཏེ་ཚུལ་བཞིན་སྒྲུབ་པའི་སྒོ་ནས་རྒྱལ་བའི་དགོངས་པ་དང་བསྟན་པའི་སྙིང་པོ་བླ་ན་མེད་པ་ཕྱིན་ཅི་མ་ལོག་པར་སྨྲ་བ་དང་། ཇི་ལྟ་བ་བཞིན་གཟིགས་པའི་མཆོག་ཏུ་གྱུར་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་པའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་གུས་པ་སྐྱེད་པའོ། །འདིར་རྟེན་འབྱུང་ཞེས་པ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཙམ་ལ་མི་བྱ་བར་མཐའ་བྲལ་སྟོང་པ་ཉིད་ཀྱི་དོན་དུ་བྱ་དགོས་ཏེ། རྩ་ཤེས་རབ་བྱེད་ཉེར་བཞི་པར། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང་། རྩོད་ཟློག་ལས་ཀྱང་། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །ཞེས་དེ་གསུམ་རྣམ་གྲངས་སུ་གསུངས་སོ། །དེས་ན་འདིར་མདོ་སྡེ་ཀུན་གྱི་བླ་མར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་གཞག་གསལ་བར་མཛད་ཚུལ་དངོས་སུ་མདོར་བསྟན་པའི་ཤུགས་ཀྱིས་སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་དམ་བཅས་པ་བཞིན་ཟབ་མོའི་ལྟ་བ་དང་ཉེ་བར་འབྲེལ་བའི་གསང་སྔགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ་ཡང་མདོར་བསྟན་པ་ཡིན་ཏེ། རྡོ་རྗེ་ཐེག་པའི་དོན་གསང་སྔགས་སྤྱིའི་དབང་དུ་བྱས་ན་སྙིམ་ཏོག་ལས། རྡོ་རྗེ་ཐེག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་། དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ། དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །ཞེས་ཐུན་མོང་ལམ་སྦྱང་གི་ཡང་དག་པའི་ལྟ་བ་དེ་ཉིད་གཞིར་བྱས་ཏེ་དེའི་གཟུང་རྣམ་ལྷའི་སྐུར་ཤར་བའི་ཐབས་ཤེས་དབྱེར་མེད་དམ་ཟབ་གསལ་གཉིས་སུ་མི་ཕྱེད་པ་རྡོ་རྗེའི་དོན་ཡིན་ཞིང་། བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་རྒྱུའི་ཐེག་པའི་སྐབས་ཀྱི་ཡུལ་སྟོང་པ་ཉིད་དེ་འབྲས་བུ་སྔགས་ཀྱི་ཐེག་པ་ནས་བཤད་པའི་ཡུལ་ཅན་ཁྱད་པར་བ་ལྷན་སྐྱེས་ཀྱི་བདེ་བས་མངོན་དུ་བྱས་ཏེ་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་རྡོ་རྗེ་ཐེག་པའི་དོན་དུ་གསུངས་པས། འདིར་ཡང་ཡུལ་དངོས་སུ་བསྟན་པའི་ཤུགས་ཀྱིས་དེ་དང་རོ་གཅིག་ཏུ་ཞུགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་སྟོན་པ་ཡུལ་གྱིས་ཡུལ་ཅན་མཚོན་ཚུལ་ཡིན་པའི་ཕྱིར་དང་། མདོ་སྡེ་ལས། བཀའ་ཐམས་ཅད་སྟོང་པ་ཉིད་ལ་གཞོལ་བར་གསུངས་པ་དང་། རྒྱུད་ལས་དེ་ཐམས་ཅད་འོད་གསལ་གྱི་ཡེ་ཤེས་ལ་གཞོལ་བར་གསུངས་པ་གནད་གཅིག་ཚུལ་ཡང་འདི་ཡིན་པས་སོ། །གལ་ཏེ་རྗེ་བླ་མའི་ལེགས་བཤད་སྙིང་པོར། གང་ཞིག་གཟིགས་ཤིང་གསུངས་པ་ཞེས་གསུངས་ལ། འདིར་སྨྲ་དང་གཟིགས་པ་ཞེས་གོ་རིམ་དེ་ལས་བཟློག་པ་ཅི་ཡིན་སྙམ་ན། སྔ་མ་ནི་རིགས་པ་དྲུག་ཅུ་པ་དང་། མཛོད་ཚད་མ་མདོ་སོགས་ལས་འབྱུང་བ་ལྟར་སྐྱེ་ཤིའི་སྡུག་བསྔལ་གྱི་རྩ་བ་ཀུན་ཏུ་རྨོངས་པའི་མུན་པ་ཟད་པར་སྤངས་པས་བླང་དོར་གྱི་གནས་ཀུན་མངོན་དུ་གཟིགས་ཏེ་ཚད་མའི་སྐྱེས་བུར་གྱུར་པ་རང་དོན་ཕུན་སུམ་ཚོགས་པའི་ཚུལ་དང་། དེ་ནས་འཁོར་བའི་འདམ་དུ་བྱིང་བའི་འགྲོ་བ་རྣམས་ལ་ཕན་པར་བཞེད་པ་ཐུགས་རྗེའི་གཞན་དབང་དུ་གྱུར་ཏེ་བདེན་བཞིའི་འཇུག་ལྡོག་གི་རྟེན་འབྲེལ་ཟབ་མོ་ཇི་ལྟ་བ་བཞིན་བསྟན་ནས་དེ་ལས་སྐྱོབ་པའི་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་ཚུལ་བསྟན་པའི་བདག་པོ་དང་སྟོན་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར་ལུང་གི་བསྟན་པ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་བཤད་པའི་སྒོ་ནས་འཛིན་པ་དང་། རྟོགས་པའི་བསྟན་པ་སྒོམ་པས་ཉམས་སུ་བླངས་ཏེ་སྒྲུབ་པའི་སྒོ་ནས་འཛིན་པ་བསྟན་འཛིན་གྱི་སྐྱེས་བུའི་དབང་དུ་བྱས་པའི་བསྟོད་ཚུལ་ཡིན་ནོ། །འདི་ནི། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །ཞེས་སོགས་ལྟར་རྗེ་བླ་མའི་སྣང་ཚོད་ཀྱི་སྐུ་ཚེ་འདིའི་རྟོགས་པ་བརྗོད་པའི་དོན་བསྡུས་པ་ཡིན་ཞིང་། རྗེས་འཇུག་ཐར་འདོད་ཀུན་ཀྱང་རྒྱལ་བའི་བསྟན་པ་ལ་སློབ་ཚུལ་གྱི་གནད་ཚང་ལ་མ་ནོར་བའི་ལམ་གྱི་སྤྱི་སྡོམ་ལྟ་བུར་ཡང་གོ་དགོས་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་རོ། །འདི་ནི་རྒྱལ་བའི་བསྟན་པ་སྤྱི་ལ་སློབ་ཚུལ་ཡིན་པས་བྱེ་བྲག་མདོ་སྔགས་གང་ལ་སློབ་ཀྱང་ཚུལ་དེ་ལྟར་སྦྱོར་དགོས་ཏེ། ཐར་འདོད་ཀྱིས་ཉམས་སུ་བླང་བྱའི་སྤྱོད་པ་མཐའ་དག་བསྡུས་ན་འཕགས་པ་ལྷས་སྤྱོད་བསྡུས་སུ་གསུངས་པ་བཞིན་གསུམ་དུ་ངེས་པས། དང་པོ་དམན་པ་ལ་མོས་པ་ཆགས་བྲལ་གྱི་སྤྱོད་པར་སློབ་པ་ལ་སོ་སོར་ཐར་པའི་སྡོམ་པ་གཞིར་བྱས་ཏེ་ཐེག་པ་འོག་མ་དང་ཐུན་མོང་བའི་སྡེ་སྣོད་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་དགོས། རྒྱ་ཆེན་པོ་ལ་མོས་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པར་སློབ་པ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གཞིར་བྱས་ཏེ་ཐེག་ཆེན་ཐུན་མོང་བའི་སྡེ་སྣོད་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་དགོས། ཟབ་མོ་ལ་མོས་པ་ཆགས་བཅས་ཀྱི་སྤྱོད་པར་སློབ་པ་ལ་རིག་འཛིན་གྱི་སྡོམ་པ་གཞིར་བྱས་ཏེ་རྡོ་རྗེ་ཐེག་པའི་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་དགོས་པའི་ཕྱིར་རོ། ། ― GTD001_Page_0012 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱས་ན་གཅིག་གི་གེགས་གཅིག་གིས་བསལ། གཅིག་གི་གྲོགས་སུ་གཅིག་འགྲོ་བས་ཡོན་ཏན་མཐའ་དག་མཚོ་ནང་གི་པདྨ་བཞིན་དུ་རྒྱས་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་གསུངས་པ་བཞིན་ཕན་ཚུན་རྟེན་དང་བརྟེན་པ་མེད་དུ་མི་རུང་བའི་འབྲེལ་བ་ཅན་ཡིན་གྱི། འགའ་ཞིག་རྣམ་གྲོལ་སྒྲུབ་བྱེད་ཀྱི་ཐབས་དངོས་གཞི་སྒོམ་སྒྲུབ་ཡིན་གྱི། ཐོས་བསམ་ལ་མི་ལྟོས་སོ་སྙམ་པ་ནི་ཐར་པའི་རྩ་བ་གཅོད་པའི་ལོག་རྟོག་ཆེན་པོ་ཡིན་ཏེ། དཔལ་ལྡན་དཔའ་བོས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །ཞེས་པ་ལྟར་ཐོས་པ་མེད་ན་སྒོམ་བྱེད་ཚུལ་མི་ཤེས་པས་བསྒོམ་འདོད་ཀྱང་འདོད་པ་ཙམ་དུ་ཟད་པའི་ཕྱིར་རོ། །འདི་ལྟ་བུ་ཐོས་བསམ་སྒོམ་པ་ཕན་ཚུན་གཅིག་གིས་གཅིག་གོ་འགོག་པ་ལྟ་བུར་འབྱུང་བ་ནི་བྱེད་ཚུལ་མ་མཁས་པའི་སྐྱོན་ཡིན་ཏེ། བཀའ་གདམས་གླེགས་བམ་ལས། ང་ཐོས་དུས་ཙ་ན་བསམ་སྒོམ་བསྡོ། །བསམ་དུས་ཙ་ན་ཐོས་སྒོམ་བསྡོ། །སྒོམ་དུས་ཙ་ན་ཐོས་བསམ་བསྡོ། །གསུངས་པ་ལྟར་བྱེད་ཚུལ་གྱི་གནད་ལ་མཁས་ན་གདན་ཐོག་གཅིག་ཏུ་འགྲུབ་པ་ཞིག་ཡིན་ནོ། །ལ་ལ་མདོ་ཕྱོགས་ལ་དེ་ལྟར་ཡིན་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཞིང་གསང་སྔགས་མོས་པ་ལམ་བྱེད་ཅེས་འབྱུང་བས་ཐོས་བསམ་རྒྱ་མི་སྐྱེད་པར་མོས་གུས་དང་ཡིད་ཆེས་ཀྱིས་ཉམས་སུ་བླངས་ན་དེས་ཆོག་སྙམ་པའང་ཤིན་ཏུ་མི་རིགས་པ་བརྟག་གཉིས་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས། བློ་གྲོས་མེད་ལ་ཐོས་མེད་མ་ཐོས་པ་ལ་བསམ་པ་མེད། །གཉིས་བྲལ་རྣལ་འབྱོར་མེད་ཅིང་རྣལ་འབྱོར་བྲལ་ལ་དངོས་གྲུབ་མེད། །གསུངས་པ་བཞིན་ཡིན་པས་རྡོ་རྗེ་ཐེག་པར་སློབ་འདོད་ནའང་། དང་པོ་ཉན་པའི་ཤེས་རབ་ཀྱིས། །ཚིག་གི་རྒྱུད་ལ་ཐོས་པ་སྐྱེད། །དེ་ནས་བསམ་པའི་ཤེས་རབ་ཀྱིས། །ཚིག་དང་དོན་དུ་འབྲེལ་བ་བསླབ། །ཅེས་རྒྱན་བདུན་དགྲོལ་བ་ལས་གསུངས་པ་བཞིན་དུ་བྱེད་དགོས་སོ། །འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ནི་ཀ་རཱི་ཀ་ལྔ་བཅུ་པ་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་མདོ་སྔགས་ཀྱི་གསུང་རབ་མཐའ་དག་ཡི་གེ་ན་གཅིག་ཀྱང་འདོར་རྒྱུ་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ། རུང་ཆུ་འདེབས་པ་ཚུན་ཆད་ཀྱི་འདུལ་བའི་བཅས་རྐྱང་ཕྲ་མོ་ནས་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་བར་རྟོགས་པའི་བསྟན་པ་མཐའ་དག་སྒྲུབ་པས་ཉམས་སུ་བཞེས་ནས་ཐོས་བསམ་སྒོམ་གསུམ་མཉམ་དུ་མཐར་ཕྱིན་པར་མཛད་པ་ཡིན་ཏེ། མཁས་པའི་དབང་པོ་སྟག་ཚང་པས་ཀྱང་། བྱང་ཕྱོགས་འདི་ན་ཚིག་ལ་བྱང་བ་དཀོན། །དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། །བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། །དེ་གསུམ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད། །ཅེས་ཐུགས་གཟུ་བོར་གནས་པའི་སྒོ་ནས་བསྔགས་པ་བརྗོད་པ་བཞིན་ནོ། ། ― GTD001_Page_0013 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསྟོད་པའི་སྒོ་མཆོག་ཏུ་གྱུར་པ་ངོས་བཟུང་བ་དང་། སྒོ་དེ་ཉིད་ནས་བསྟོད་པའོ། །དང་པོ་ལ་ཡུལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡུལ་ཅན་འོད་གསལ་གྱི་ཡེ་ཤེས་དང་བཅས་པ་བསྟན་པའི་སྙིང་པོར་བསྒྲུབ་པ། དེའི་སྒོ་ནས་རྗེ་བླ་མ་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་བསྟན་པ། དེས་ན་བསྔགས་པ་བརྗོད་པའི་སྒོའང་འདི་ཉིད་མཆོག་ཏུ་བསྟན་པ་དང་གསུམ། དང་པོ་ནི། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །ཇི་སྙེད་རྒྱལ་བས་གསུངས་པ་ཀུན། །གང་དུ་གཞོལ་ཞིང་འབབ་པའི་གནས། །རྟེན་ཅིང་འབྲེལ་འབྱུང་འདི་ཁོ་ན། །ཅི་ཕྱིར་ཞེ་ན་འགྲོ་ཀུན་གྱི། །རྒུད་པའི་སྐྱོན་མང་དྲུངས་འབྱིན་པའི། །སྨན་དང་རིག་སྔགས་རྒྱལ་པོ་ཡང་། །ཆོས་ཚུལ་འདི་ལས་གཞན་ན་གང་། །ཞེས་བྱུང་། དེའང་སྟོན་པ་ཐུབ་པའི་དབང་པོས་འགྲོ་བ་རྣམས་ཉོན་མོངས་ལ་སྤྱོད་པའི་སྒོ་ཇི་སྙེད་པ་དེ་དང་མཐུན་པར་ཆོས་ཀྱི་ཕུང་པོའམ་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་ནའང་། དེ་ཐམས་ཅད་གང་དུ་གཞོལ་ཞིང་འབབ་པའི་གནས་ནི་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་བདག་མེད་པའི་དེ་ཁོ་ན་ཉིད་གཅིག་པུ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་ཆོས་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་སྒོམ་གྱུར་ཏེ། །སངས་རྒྱས་ཀུན་གྱིས་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །ཞེས་གསུངས་ཤིང་། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སྣང་བ་རྟེན་འབྲེལ་དང་སྟོང་པ་རྟེན་འབྲེལ་གཉིས་ཅི་རིགས་སྟོན་པ་ལས་མ་འདས་པར་གསུངས་པ་དང་། ཀ་མ་ལ་ཤཱི་ལས། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་དུའམ་བརྒྱུད་པས་དེ་ཁོ་ན་མངོན་དུ་གསལ་བར་བྱེད་པ་དང་། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །ཞེས་གསུངས་ཤིང་། དེ་དང་མཐུན་པར་ཇོ་བོ་ཆེན་པོས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ནི། །ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། །ཅེས་གསུངས་ཏེ། རྗེ་བླ་མས་ཀྱང་། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །ཅེས་གསུངས་སོ། །དེ་ཉིད་གཏན་ལ་འབེབས་པའི་ཡུལ་ཅན་མཐར་ཐུག་པ་ནི་དོན་དམ་འོད་གསལ་གྱི་ཡེ་ཤེས་ཡིན་པས། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་འོ། །ཞེས་དང་། རིམ་ལྔ་ལས། སྣ་ཚོགས་མདོ་དང་རྒྱུད་རྣམས་སུ། །དེ་ཉིད་གང་ཞིག་ཉེར་བསྟན་པ། །ཐམས་ཅད་སྟོང་པ་འདི་ཉིད་ལས། །དེར་ནི་གཞན་དག་མ་གསུངས་སོ། །ཞེས་ཆོས་ཀྱི་ཕུང་པོ་ཐམས་ཅད་འདི་ལ་གཞོལ་བར་གསུངས་ཏེ་སྔ་མ་དང་གནད་གཅིག་ཏུ་འབབ་བོ། །དེ་གཉིས་མདོ་སྔགས་ཀྱི་བསྟན་པའི་སྙིང་པོར་འགྲོ་བའི་རྒྱུ་མཚན་ཡང་སངས་རྒྱས་ཀྱི་ཆོས་བསྟན་པ་མཐའ་དག་སྲིད་པའི་འགྲོ་བ་རྣམས་ཀྱི་རྒུད་པ་སེལ་བའི་ཆེད་ཁོ་ན་ཡིན་ཞིང་། རྒུད་པ་མ་ལུས་པའི་རྩ་བ་བདེན་འཛིན་གྱི་མ་རིག་པ་བག་ཆགས་དང་བཅས་པ་ཡིན་ལ། དེ་དྲུངས་འབྱིན་བྱེད་ནི་དེ་དང་འཛིན་སྟངས་དངོས་སུ་འགལ་བ་བདག་མེད་རྟོགས་པའི་ཡེ་ཤེས་འབའ་ཞིག་ཡིན་པའི་ཕྱིར། རྩ་ཤེས་ལས། རྒ་ཤི་དང་ནི་མྱ་ངན་དང་། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང་། །ཡིད་མི་བདེ་དང་འཁྲུག་པ་རྣམས། །དེ་དག་སྐྱེ་ལས་རབ་ཏུ་བྱུང་། །ཞེས་སྡུག་བསྔལ་གཞན་རྣམས་ཀྱི་འབྱུང་ཁུངས་ལས་ཉོན་གྱི་སྐྱེ་བ་དང་། མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་ཉེ་བར་འགྲོ །ཞེས་དེའི་རྒྱུ་འཕེན་བྱེད་ལས་ལ་རག་ལས་ཤིང་། མ་རིག་འགག་པར་གྱུར་ན་ནི། །འདུ་བྱེད་རྣམ་ཀུན་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་ལས་ཀྱི་རྩ་བའང་མ་རིག་པ་ལ་ཐུག་པས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་རིག་པ་རྩད་ནས་ཕྱུང་ན་རྒུད་པ་གཞན་ཐམས་ཅད་འབྱུང་བའི་གནས་མེད་པར་གསུངས་ལ། དེ་བཞིན་དུ་བཞི་བརྒྱ་པར། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་ཤིང། འདི་ལ་དགོངས་ནས་རྗེ་བླ་མས་ཀྱང་། རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཞེས་གསུངས་སོ། །དེས་ན་སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །གསུངས་པ་ལྟར་བསྟན་པའི་ཆ་ཤས་རེ་རེ་བཞིན་འགྲོ་བའི་སྡུག་བསྔལ་གྱི་ནད་སེལ་བའི་སྨན་དུ་གྱུར་པ་ཤ་སྟག་ཡིན་ཀྱང་། སྲིད་པའི་ནད་བརྒྱ་དྲུངས་འབྱིན་པའི་སྨན་མཆོག་ཏུ་གྱུར་པ་རྟེན་འབྱུང་གི་དེ་ཉིད་རྟོགས་པའི་ཤེས་རབ་ཁོ་ན་ཡིན་པས། རྗེ་བླ་མས། མཐར་འཛིན་ནད་ཀུན་སེལ་བའི་སྨན་གཅིག་པུ། །ཟབ་མོ་རྟེན་འབྲེལ་མཐའ་དང་བྲལ་བའི་དོན། །ཞེས་གསུངས་ཤིང་། མཐའ་བྲལ་གྱི་ཤེས་རབ་དེ་ལ་རིག་པ་ཆེན་པོའི་སྔགས་ཞེས་ཀྱང་གསུངས་ཏེ། སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མ་ན་ཡིད་དང་ཏྲ་སོ་སོར་ཕྲལ་ན་ཏ་ར་ཞེས་པ་སྐྱོབ་པ་ལ་འཇུག་པས། སྲིད་པ་ཕྲ་རགས་ཀྱི་འཇིགས་པ་མཐའ་དག་ལས་ཡིད་སྐྱོབ་བྱེད་ཀྱི་མཆོག་ཏུ་གྱུར་པ་ཤེས་རབ་དེ་ཉིད་ཡིན་པས་སོ། །དེ་ལྟར་མདོ་ལུགས་ཀྱི་འཁོར་བའི་གཞི་རྩ་མཐར་ཐུག་བདེན་འཛིན་ཏུ་གསུངས་པས་དེ་དྲུངས་འབྱིན་བྱེད་བདེན་སྟོང་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་ལ། སྔགས་ལས་བདེན་འཛིན་ཏུ་མ་ཟད་དེའི་བཞོན་པའི་རླུང་ཡང་སྲིད་པའི་རྩ་བར་གསུངས་པས། དེ་དྲུངས་འབྱིན་པ་ལ་བདེན་མེད་མངོན་སུམ་དུ་རྟོགས་པའི་སེམས་རགས་པ་ཙམ་གྱིས་མི་ཆོག་པར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བའི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དགོས་ཏེ། རིམ་ལྔ་གསལ་སྒྲོན་ལས། བདག་མེད་རྟོགས་པའི་ཤེས་རབ་བཙལ་ནས་དེ་བསྒོམ་པས་སྒྲིབ་གཉིས་རྩད་ནས་འཇོམས་པ་ལ་མཁས་པའི་མཆོག་རྣམས་མཐུན་མོད་ཀྱང་། དེ་ལྟར་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ཟིན་ནས་ཟབ་མོ་སྟོང་པ་ཉིད་བསྒོམ་པ་ལ་ཐེག་པ་འདི་ནས་བཤད་པའི་ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོ་དགོས་པ་ནི་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ནས་མི་སྟོན་པས་ཐེག་པ་བླ་ན་མེད་པའི་ཁྱད་ཆོས་སོ། །ཞེས་དང་། སྔར་བཤད་པ་ལྟར་ཐེག་པ་གཉིས་ཐུན་མོང་བའི་འཁོར་བའི་འཇུག་རིམ་ཤེས་ན་དེའི་རྩ་བ་བདག་འཛིན་ལྡོག་དགོས་པར་ཤེས་ནས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་ཚོལ་བ་གཅིག་འོང་ལ། ཐུན་མོང་མ་ཡིན་པའི་རླུང་གི་དབང་གིས་འཁོར་བར་འཇུག་རིམ་ཤེས་ན་ཀུན་རྟོག་གཡོ་བའི་ལས་རླུང་ལྡོག་དགོས་པར་མཐོང་ནས་དེ་འགོག་པའི་ཐབས་ལུས་ལ་གནད་དུ་བསྣུན་པའི་གདམས་པ་ཕུ་ཐག་ཆོད་པ་ཞིག་འོང་ཞིང་། ཐབས་དེས་དྲངས་པའི་བདེ་བ་ཆེན་པོས་བདག་མེད་པའི་དོན་ངེས་པར་བྱས་པའི་བདེ་སྟོང་སྦྱོར་བའི་ལམ་ལ་སྙིང་པོར་བྱས་ནས་སྐྱོང་བ་འོང་བས་གདམས་ངག་གི་གནད་མི་འཕྱུག་གོ །ཞེས་གསུངས་སོ། །དེ་ལྟར་སྟོང་ཉིད་ཀྱི་ལྟ་བ་དང་། དེ་མངོན་དུ་བྱེད་པའི་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གཉིས་ཀ་འཁོར་བའི་རྩ་བ་གཅོད་བྱེད་ཀྱི་གཙོ་བོར་གྲུབ་ན། དེ་གཉིས་བསྟན་པའི་སྙིང་པོར་ཡང་བདེ་བླག་ཏུ་འགྲུབ་པར་འགྱུར་ཞིང་། སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ལམ་གྱི་དབྱེ་བ་ཇི་སྙེད་ཅིག་ཡོད་པའི་ནང་ནས་དེ་གཉིས་དམིགས་ཀྱིས་བཀར་ཏེ་སྤེལ་བའི་དམ་བཅའ་མཛད་པའི་རྒྱུ་མཚན་ཡང་ཤེས་པར་འགྱུར་རོ། ། ― GTD001_Page_0014 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་དེའི་སྒོ་ནས་རྗེ་བླ་མ་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་བསྟན་པ་ནི། དེ་ཕྱིར་རྒྱལ་བ་སྟོན་པ་ཡི། །བསྟན་ལ་འོད་བྱེད་ཉི་མ་དང་། །འགྲོ་བའི་དབུགས་འབྱིན་ཟླ་བ་ཡང་། །མཚུངས་པ་མེད་པ་ཁྱོད་དུ་ངེས། །ཞེས་བྱུང། དེའང་མར་མེས་རང་ཁྱིམ་ཙམ་ཞིག་གསལ་བར་བྱེད་ལ་ཉི་མའི་འོད་ཀྱིས་འཛམ་གླིང་སྣང་བར་བྱེད་པ་བཞིན། གཞུང་ཁོལ་འདོན་རེ་དང་ཉམས་ལེན་ཐན་ཐུན་རེའི་གནད་ཕྱེ་བ་ཙམ་གྱིས་བསྟན་པ་སྤྱི་ལ་མི་ཕན་ཡང་། སྔར་སྨོས་པའི་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་དེ་གཉིས་གསལ་བར་བྱས་པས་བསྟན་པ་མཐའ་དག་གི་གནད་ལ་རྨོངས་པའི་མུན་པ་བསལ་ནས་ངེས་པ་བདེ་བླག་ཏུ་སྟེར་བར་བྱེད་དོ། །དེ་ལྟར་བྱེད་ཚུལ་ཡང་ལུང་རྟོགས་ཀྱི་ཆོས་ཐམས་ཅད་བསྡུས་ན་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། རིན་ཆེན་འཕྲེང་བ་ལྟར་མངོན་མཐོ་ངེས་ལེགས་ཀྱི་ཆོས་སྐོར་གཉིས་སུ་འདུ་ལ། ཆུང་འབྲིང་གི་སྐོར་རྣམས་ཆེན་པོའི་སྔོན་འགྲོ་སྦྱོར་བ་ཡིན་ཞིང་། ཆེན་པོའི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་ནའང་གཞན་ལྔས་རང་སྟོབས་ཀྱིས་འཁོར་བའི་ཕ་རོལ་ཏུ་ཕྱིན་མི་ནུས་པས། དེ་དག་ཕ་རོལ་ཏུ་ཕྱིན་པར་འཇོག་བྱེད་ཟབ་མོ་རྟེན་འབྲེལ་རྟོགས་པའི་ཤེས་རབ་ལ་རག་ལས་པའི་ཕྱིར། སྡུད་པ་ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོ། །དཔལ་ལྡན་དཔའ་བོས་ཀྱང་། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར། །ཞེས་སོགས་དང་། ཤེས་རབ་མིག་གསལ་རྣམ་པར་ཕྱེ་གྱུར་ན། །བྱང་ཆུབ་སེམས་དཔའ་རང་གི་ཤ་བྱིན་ཡང་། །སྨན་གྱི་ཤིང་ལྟར་རྣམ་པར་མི་རྟོག་པར། །མཐོའམ་དམའ་བར་འགྱུར་བ་དེ་ལ་མེད། །ཅེས་སོགས་ཀྱིས་སྦྱིན་སོགས་ལྔ་ཡོངས་སུ་དག་པར་བྱེད་པ་ཤེས་རབ་ལ་ལྟོས་པ་དང་། དད་ལ་སོགས་པའི་དབང་པོའི་རྣམ་པ་ཡང་། །དབང་པོ་གཞན་ལ་བློ་བཞིན་ཤེས་རབ་གཙོ། །ཞེས་དད་སོགས་དབང་པོ་ལྔའི་ནང་ནས་གཙོ་བོར་གྱུར་པ་ཤེས་རབ་ཡིན་པར་བཤད་ལ། གཞན་ལ་ཕན་བྱེད་རོ་གཅིག་བྱམས་པ་ལ། །འདོད་ཆགས་འགོ་བ་ཡོངས་སུ་སྤངས་པ་དང་། །སོགས་ཀྱིས་ཚད་མེད་བཞི་དག་པའང་ཤེས་རབ་ཀྱི་མཐུ་ཡིན་པར་གསུངས་སོ། །འདི་དག་གིས་བསྟན་པའི་ཤེས་རབ་ཀྱང་འཁོར་གསུམ་མི་དམིགས་པ་རྟེན་འབྱུང་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་ཡིན་ཏེ། དེས་མ་ཟིན་པའི་སྦྱིན་སོགས་ལ་དམིགས་པ་དང་བཅས་པ་དུག་དང་འདྲེས་པའི་ཁ་ཟས་ལྟ་བུར་སྡུད་པ་ལས་གསུངས་ཤིང་། འཇུག་པ་རྩ་འགྲེལ་ལས་སྦྱིན་སོགས་ལ་དེས་ཟིན་མ་ཟིན་གྱི་སྒོ་ནས་འཇིག་རྟེན་ལས་འདས་མ་འདས་སུ་བཤད་དོ། །རིན་ཆེན་འཕྲེང་བའི་དོན་ཡང་འདི་དང་འདྲ་སྟེ། སྐྱེས་བུའི་འདོད་བྱ་མངོན་མཐོ་ངེས་ལེགས་གཉིས་སུ་ངེས་པས་ལུང་ཐམས་ཅད་དེ་གཉིས་ཀྱི་ཆོས་སྐོར་དང་། རྟོགས་པའི་བསྟན་པ་དད་ཤེས་གཉིས་སུ་འདུ་ལ། དེ་གཉིས་ལས་ཀྱང་། འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་གཙོ་བོ་ཤེས་རབ་ཏུ་གསུངས་པའི་ཤེས་རབ་ཀྱང་འདི་ཡིན་ནོ། །མདོར་ན་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར། རགས་པའི་མི་རྟག་སྡུག་བསྔལ་སོགས་རྟོགས་པའི་བློ་དང་། བྱམས་སྙིང་རྗེ་སོགས་ཐབས་ཀྱི་ཆ་ཐམས་ཅད་ཀྱང་རྟེན་འབྲེལ་ཟབ་མོའི་ཤེས་རབ་འདིའི་ཡན་ལག་ཏུ་འདུ་དགོས་ཏེ། སངས་རྒྱས་ཀྱིས་ཆོས་བསྟན་པ་ཐམས་ཅད་གདུལ་བྱ་ཐར་པར་འཁྲིད་པའི་ཆེད་ཡིན་ལ། ཐར་པ་ནི་རྒྱལ་དཔོག་པའི་འཇིག་རྟེན་འདུས་པ་ལྟ་བུ་ལོགས་ཤིག་ན་ཡོད་པ་མ་ཡིན་པར་སེམས་ཀྱི་དྲི་མ་སྦྱངས་པའི་ཆ་ལ་འཇོག་དགོས་ཤིང་། དེའང་གཟུངས་རྒྱལ་གྱི་མདོ་ལས་ནོར་བུ་སྦྱོང་བའི་དཔེས་གསུངས་པ་ལྟར་དྲི་མ་རགས་པ་སྔོན་དུ་མ་སྦྱངས་པར་ཕྲ་བ་སྦྱོང་ཚུལ་མེད་པའི་གནད་ཀྱིས་ཡིན་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། མི་རྟག་སྟོང་པ་སྡུག་བསྔལ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་གསུངས་ཏེ། བཞི་བརྒྱ་པར་རབ་བྱེད་དང་པོ་བརྒྱད་ཀྱིས་གཙང་བདེ་རྟག་བདག་ཏུ་འཛིན་པའི་དྲི་མ་བསལ་ནས། ཕྱི་མ་བརྒྱད་ཀྱིས་དེ་ཁོ་ན་ཉིད་ལ་འཁྲིད་པར་མཛད་པའང་རིམ་པ་འདིའི་དབང་དུ་བྱས་པ་ཡིན་ནོ། །དེས་ན་ངེས་ལེགས་ཐར་པ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ལམ་གྱི་གཙོ་བོ་རྟེན་འབྱུང་གི་དེ་ཉིད་རྟོགས་པ་ཡིན་པར་ཚིག་གསལ་དང་འཇུག་འགྲེལ་ལས་ལུང་བདུན་དང་རིགས་པ་གསུམ་སོགས་ཀྱིས་བསྒྲུབས་པ་ལྟར་ཡིན་མོད། ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་གྱི་གཙོ་བོ་དེ་ཇི་ལྟར་ཡིན་སྙམ་ན། ཐེག་ཆེན་གྱི་ལམ་ལ་ཐབས་ཤེས་ཡ་མ་བྲལ་བ་དགོས་ཀྱང་ཐམས་ཅད་མཁྱེན་པ་འཐོབ་པའི་གེགས་ཀྱི་གཙོ་བོ་ཤེས་སྒྲིབ་ཀྱི་གཉེན་པོ་དངོས་ནི་ཤེས་རབ་འདི་ཉིད་ཡིན་གྱི་ཐབས་ཀྱི་ཆ་རྣམས་མིན་ནོ། །འོན་ཀྱང་འདིས་ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པ་ལ་ཐབས་ཁྱད་པར་ཅན་རྣམས་ཡན་ལག་ཏུ་དགོས་ཏེ། དཔེར་ན་ཤིང་གཅོད་བྱེད་དངོས་མཚོན་ཆ་ཡིན་ཀྱང་དེ་ལ་ཐབས་གཞན་གྱིས་ངར་བླུད་དགོས་པ་ལྟར། ཤེས་རབ་དེ་ཉིད་སྙིང་རྗེ་དང་སེམས་བསྐྱེད་སོགས་ཀྱིས་ཤེས་སྒྲིབ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་སྐྱེད་དགོས་སོ། །དེའི་རྒྱུ་མཚན་གྱིས་སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པར་བྱས་རྣམས་ཀྱིས། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་འགྱུར། །ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་མཐོང་སྒོམ་གྱི་ལམ་དང་ས་བཅུ་སོགས་དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་འཇོག་ཅིང་། དེ་དག་གི་སྐབས་ཀྱི་ཐབས་ཀྱི་ཆ་རྣམས་ལ་སོ་སོའི་ཡོངས་སྦྱོང་དུ་བཤད་པའི་གནད་ཀྱང་འདིའི་སྒོ་ནས་ཤེས་དགོས་པར་ཡོད་དོ། ། ― GTD001_Page_0015 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ན་སྟོང་པ་ཉིད་ཀྱི་ལྟ་བ་གཞིར་བྱས་ཏེ་མི་རྟག་སྡུག་བསྔལ་སོགས་རྟོགས་པའི་ཤེས་རབ་ཀྱི་ཆ་གཞན་རྣམས་དེའི་སྦྱོར་བའི་ཚུལ་གྱིས་བསྡུས་པ་དང་། ཐབས་ཀྱི་ཆ་རྣམས་གྲོགས་ཀྱི་ཚུལ་དུ་བསྡུས་པས་མདོ་ཕྱོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ཐམས་ཅད་འདིའི་ཡན་ལག་ཏུ་འདུའོ། །སྔགས་བླ་མེད་ཀྱི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་བདེ་ཆེན་དེར་ཐབས་ཀྱི་ཆ་རྣམས་འདུ་ཚུལ་སམྦུ་ཊར། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་པའི་དགོངས་པ་རྗེ་བླ་མས། ཕར་ཕྱིན་ཐེག་པའི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོའི་དོད་ཐུབ་པའི་ལམ་གཅིག་གཉུག་སེམས་བདེ་བ་ཆེན་པོའི་ངོ་བོར་སྐྱེས་པས་སྟོང་ཉིད་ལ་རྩེ་གཅིག་ཏུ་བཞག་པའི་མཉམ་གཞག་གི་གནས་སྐབས་ན་ཡོད་པར་གོ་ནུས་སོ། །ཞེས་གསལ་བར་མཛད་པ་བཞིན་བྱེད་ལས་ཚང་བའི་སྒོ་ནས་བསྡུས་པ་ཡིན་ལ། སྒྱུ་འོད་གཉིས་ལས་སྒྱུ་ལུས་ཀྱིས་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་དོད་ཐུབ་ཚུལ་ཡང་འདི་ལ་ཐུག་གོ །དེའི་ཡ་གྱལ་གྱི་འོད་གསལ་དང་། སྔ་མའི་སྟོང་པའི་ཆ་ལ་ཤེས་རབ་ཀྱི་རྟོགས་རིགས་རྣམས་འདུ་ཚུལ་ཕར་ཕྱིན་ཐེག་པ་དང་འདྲའོ། །དེས་ན་གནད་ཀྱི་སྙིང་པོ་དེ་གཉིས་གསལ་བར་བྱས་པས་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཉིན་མོ་བཞིན་དུ་གསལ་བར་བྱས་པར་འགྲོ་ལ། དེའི་སྟོབས་ཀྱིས་སྲིད་པའི་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས་དབུགས་འབྱིན་པའི་སྐྱོབ་པ་བླ་ན་མེད་པར་འགྱུར་ཚུལ་གོང་དུ་བཤད་པ་རྣམས་ཀྱིས་འགྲུབ་བོ། །དེ་ལྟ་བུའི་བསྟན་འགྲོའི་དོན་གྱི་མཛད་པ་རླབས་ཆེ་བ་རྗེ་བླ་མ་དང་མཚུངས་པ་ཞིག་གངས་ཅན་གྱི་ལྗོངས་འདིར་མཐུན་སྣང་དུ་སུའང་མ་བྱུང་བས་བློ་གཟུ་བོས་བརྟགས་ན་རྗེ་བླ་མ་ཉག་གཅིག་བསྟན་འཛིན་མཁས་པ་ཀུན་གྱི་གཙུག་གི་རྒྱན་དུ་ངེས་པ་རྙེད་པར་འགྱུར་རོ། ། ― GTD001_Page_0016 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་པ་དེས་ན་བསྔགས་པ་བརྗོད་པའི་སྒོའང་འདི་ཉིད་མཆོག་ཏུ་བསྟན་པ་ནི། ཞི་ལམ་དེ་བཞིན་ཉིད་སྟོན་པའི། །ས་མཁན་རང་བཞིན་བརྗོད་པ་ནི། །ཆོས་ཀྱི་རྗེས་འགྲོ་དད་པའི་སྒོ། །མི་མཉམ་ཆེ་བའི་གཏེར་དུ་ངེས། །ཞེས་བྱུང་། ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་རྒྱལ་བའི་དགོངས་པ་བཞིན་དུ་བསྟན་ཏེ། འགྲོ་བ་ལོང་བ་མགོན་མེད་པ་རྣམས་རྟག་ཆད་གཉི་གའི་གཡང་དུ་མི་ལྟུང་བར་ལམ་བདེ་བ་ནས་བདེ་བར་འཁྲིད་པའི་ས་མཁན་རྗེ་བླ་མ་ལ་སྙན་ངག་མཁན་པོས་ཟོལ་བསྟོད་ལྟ་བུ་མ་ཡིན་པར་རྗེ་རང་ཉིད་ཀྱི་མཛད་པ་རྨད་དུ་བྱུང་བ་དེའི་རང་བཞིན་དྲང་བོར་བརྗོད་པའི་སྒོ་ནས་བསྟོད་པ་འདི་མཁས་པ་རྣམ་དཔྱོད་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་མི་ལྡོག་པའི་དད་པ་ཤུགས་དྲག་པོ་སྐྱེས་པའི་སྒོ་གཅིག་པུར་འགྱུར་ཏེ། མཆོག་ཏུ་ཟབ་པའི་གནས་འདི་ས་འོག་གི་གཏེར་བཞིན་སྔོན་ཆད་གངས་རིའི་ལྗོངས་འདིར་སུས་ཀྱང་གསལ་བར་མ་ནུས་པ་རྗེ་བླ་མ་འབའ་ཞིག་གིས་མགོན་པོའི་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་ལུང་དང་རིགས་པ་བརྒྱ་ཕྲག་གིས་ཆེས་ཤིན་ཏུ་གསལ་བར་བཀྲོལ་ཏེ་སྐལ་ལྡན་ཐར་འདོད་ཡོངས་ཀྱི་སྤྱི་ནོར་དུ་སྩལ་བ་ནི་སྔ་མ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་སྒོས་ཆོས་བླ་ན་མེད་པ་ཡིན་ཞིང་། ལྟ་སྒོམ་སྤྱོད་པའི་གནད་དང་གཞི་ལམ་འབྲས་བུའི་རྣམ་གཞག་ཕྲ་མོ་ཚུན་ཆད་ལའང་འཁྲུལ་བ་མེད་པའི་ཡོན་ཏན་མཐའ་དག་གང་ལས་འབྱུང་བའི་གཏེར་ལྟ་བུའང་སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་གཟིགས་པ་འདི་ཉིད་ཡིན་ན། དེ་སྐད་དུའང་ལེགས་བཤད་སྙིང་པོ་ལས། རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་གསུངས་པ་འདི་ཉིད་རང་གི་སྟོན་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པར་གཟིགས་ནས་སློབ་དཔོན་གྱིས་གཞུང་མང་པོར་བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དེ། ཞེས་གསུངས་པ་བཞིན། རྗེ་བླ་མ་བསྟན་འཛིན་ཀུན་གྱི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་ཁྱད་པར་དུ་འཕགས་པའང་ཟབ་མོའི་གནས་འདི་ཉིད་གཟིགས་ཤིང་འདོམས་པའི་སྒོ་ནས་ཡིན་པ་ནི་རྟོགས་ལྡན་པས་འཇམ་དབྱངས་ལ་རྗེའི་རྣམ་ཐར་ཞུས་པའི་ལན་དུ། རྗེའི་རྣམ་ཐར་བསམ་གྱིས་མི་ཁྱབ། རྣམ་ཐར་གྱི་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་ཆོས་ཟབ་མོ་ཐམས་ཅད་ཐུགས་སུ་ཆུད་ཅིང་དངོས་སྟོབས་རིགས་པས་གཞི་ལམ་འབྲས་གསུམ་ཐམས་ཅད་ཐུགས་སུ་ཆུད་པ་འདི་ཡིན། ཞེས་གསུངས་པ་ལྟར་ཏེ། འདིས་ནི་རྒྱལ་བ་ཀུན་གྱི་ཡེ་ཤེས་བཞིན་ལག་གི་རྣམ་པར་ཤར་བའང་དོན་གྱིས་བསྟན་ནམ་སྙམ་མོ། །གནད་འདི་ལ་དགོངས་ཏེ་རྗེ་ཉིད་ཀྱིས་ཀྱང་། འདི་ལས་ངོ་མཚར་གྱུར་པ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱི་གཞན་དུ་མིན། ཞེས་མངོན་ཤེས་རྫུ་འཕྲུལ་བྱང་ཕྱོགས་མཚན་དཔེ་སོགས་ཀྱི་སྒོ་ནས་བསྟོད་ཀྱང་བསྟོད་ཚུལ་མཆོག་ཏུ་མི་འགྱུར་ལ། རྟེན་འབྱུང་རང་དབང་དུ་འདོམས་པ་ཁོ་ན་སངས་རྒྱས་བཅོམ་ལྡན་འདས་དང་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་གསུངས་པ་བཞིན། ཚུལ་འདིས་བསྟོད་ན་ཐུན་མོང་མ་ཡིན་པའི་བསྔགས་བརྗོད་དུ་འགྲོ་བར་གསུངས་ཏེ། འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་པའི་དགོངས་པ་བླ་ན་མེད་པའོ། །དེ་ལྟར་བསྟོད་པའི་སྒོ་མཆོག་ཏུ་གྱུར་པ་ངོས་བཟུང་སྟེ། ― GTD001_Page_0017 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་སྒོ་དེ་ཉིད་ནས་བསྟོད་པ་ལ་གསུམ། མདོ་ལུགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ། གསང་སྔགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ། དེ་ལྟར་མཛད་པའི་དོན་བསྡུ་བའོ། །དང་པོ་ལའང་ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་གནད་གསལ་བར་མཛད་ཚུལ་གསུམ་ལས། དང་པོ་ལྟ་བའི་གནད་ལ་ལྟར་སྣང་གི་ལུགས་དགག་པ་དང་། རང་ལུགས་འཐད་ལྡན་བཞག་པ་གཉིས། དང་པོ་ལའང་ཀླུ་སྒྲུབ་ཀྱི་ལུགས་འཛིན་པར་འདོད་ཀྱང་དགག་བྱའི་མཚམས་མ་ཟིན་པས་རྟག་ཆད་ཀྱི་མཐར་ལྷུང་བ་དགག་པ་དང་། གཞན་གྱི་མན་ངག་ཅི་རིགས་ལ་བརྟེན་ནས་བཞག་པའི་ལྟར་སྣང་གི་ལྟ་བ་རྣམས་དགག་པ་གཉིས། དང་པོ་ལ་དགག་བྱ་ཁྱབ་ཆེ་བས་ཆད་མཐར་ལྷུང་བ་དགག་པ། ཁྱབ་ཆུང་བས་རྟག་མཐར་ལྷུང་བ་དགག་པ། བློས་བྱས་ཀྱི་ལྟ་བ་གཞན་དགག་པ་དང་གསུམ། དང་པོ་ནི། འཕགས་ཡུལ་མཁས་རྣམས་གཟུར་གནས་པས། །རང་བློའི་སྟོབས་བཞིན་གྲུབ་མཐའ་འཛིན། །འདི་ན་ཐམས་ཅད་དབུ་མའི་གྲལ། །བསྙེགས་ཀྱང་བློ་ཡིས་མ་ལྕིགས་པས། །སྐྱེ་ན་མཐའ་བཞིར་ངེས་ཀྱང་དེ། །ཁེགས་ཕྱིར་སྐྱེ་བ་ཡོད་མིན་ལ། །ཐ་སྙད་བློ་ཡི་སྣང་བ་ནི། །འཁྲུལ་ཕྱིར་དོན་དུ་མི་འགྱུར་ཞེས། །རང་བཞིན་མེད་ལ་བདེན་བཞི་དང་། །སྐྱབས་གསུམ་ལས་འབྲས་ལ་སོགས་པ། །མེད་པར་ཐལ་བ་དངོས་སྨྲའི་གཏམ། །དང་དུ་ལེན་བཞིན་དབུ་མར་སྨྲ། །དངོས་སྨྲ་རིགས་པའི་ལུགས་འཛིན་པས། །བདེན་སྟོང་རིགས་པས་བཀག་ནས་དོར། །འདི་ན་རིགས་པས་འགོག་བཞིན་དུ། །འཐད་པར་སྒྲུབ་པ་ཀྱེ་མ་ཧོ། །ཞེས་བྱུང་། དེའང་བརྟག་དཔྱད་སྔོན་དུ་བཏང་སྟེ་རང་ལུགས་ཀྱི་གྲུབ་མཐའ་འཇོག་ཚུལ་ནི། དེའི་སྒྲ་དོན་སཾ་དང་ཨ་ཡ་ཞེས་པ་མཚམས་སྦྱར་བས་ས་མ་ཡ་ཞེས་པ་ཡང་དག་པར་རྟོགས་པ་སྟེ་གནས་ཚུལ་དེ་ཁོ་ན་ལས་གཞན་དུ་མི་འདའ་བའི་དོན་དང་། སིདྡྷི་དང་ཨནྟ་ཞེས་པ་མཚམས་སྦྱར་བས་སིདྡྷྱིནྟ་ཞེས་རང་གི་བློ་ངོར་གྲུབ་པའི་གནས་ཚུལ་མཐར་ཐུག་པ་ལ་བཤད་པ་དང་། ཀྲྀ་ཏ་དང་ཨནྟ་ཞེས་པ་མཚམས་སྦྱར་བས་ཀྲྀ་ཏ་ན་ཞེས་པ་མཛད་པའི་མཐའ་འམ་བྱ་བའི་མཐའ་སྟེ། རྣམ་པ་གཞན་དུ་སྒྲོ་བཏགས་པ་བཟློག་ནས་ཟད་པའི་མཐས་གཏུགས་པ་ལ་བཤད་པ་སྟེ། མདོར་ན་ལང་གཤེགས་ལས། གྲུབ་པའི་མཐའི་ཚུལ་གང་ཞེ་ན་འདི་ལྟ་སྟེ། གང་གི་རྣལ་འབྱོར་ཅན་རྣམས་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་ཟློག་པར་བྱེད་པའོ། །ཞེས་དང་། གྲུབ་མཐའ་ཆེན་མོ་ལས། རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་གཞན་བཟློག་ནས་རང་གི་བློ་ངོར་ཡང་དག་པར་གྲུབ་པ་དེ་གྲུབ་མཐའི་དོན་ཡིན། ཞེས་གསུངས་པ་ལྟར། སྔོན་འཕགས་པའི་ཡུལ་དུ་བྱུང་བའི་རང་གི་སྡེ་བ་གོང་འོག་གང་ཡིན་ཀྱང་གཞན་ཟེར་ཙམ་གྱི་རྗེས་སུ་འབྲངས་ནས་གྱ་ཚོམ་དུ་གྲུབ་མཐའ་མི་འཇོག་པར་ཆོས་ཀྱི་གནས་ལུགས་རྣམས་རང་བློའི་རྩལ་གྱིས་ཞིབ་མོར་དཔྱད་དེ་དགག་སྒྲུབ་ཀྱི་མཚམས་འདི་ལྟ་བུ་ཞིག་ཏུ་བྱས་ན་རྟག་ཆད་ཀྱི་མཐའ་གང་དུའང་མ་གོལ་བའི་གནས་ལུགས་དཔྱིས་ཕྱིན་པའི་སྟེང་དུ་འབབ་པར་འདུག་སྙམ་དུ་རང་གི་བློ་ངོར་ངེས་པ་བརྟན་པོ་རྙེད་པ་ན་དེ་ལྟར་དམ་བཅས་ཤིང་གྲུབ་མཐའ་འཛིན་པར་བྱེད་དོ། །བོད་འདིར་གྲུབ་མཐའ་དང་ཐེག་པ་གང་ལའང་མཐོ་སྙེགས་འབའ་ཞིག་བྱེད་པ་ཤས་ཆེ་བས། སྤྱིར་གསུང་རབ་ཀྱི་དོན་ལ་ཁ་ཚོན་གཅོད་གང་སྔ་བྱེད་ཅིང་། ཁྱད་པར་དུ་རང་བཞིན་མེད་པའི་དོན་ལ་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་བསྙོན་མེད་དུ་འགྲུབ་པའི་ཚུལ་བློ་ངོར་བདེ་ཆམ་གྱིས་འགྲོ་བའི་ངེས་པ་བརྟན་པོ་མ་རྙེད་བཞིན་དུ་དབུ་མ་པའི་གྲར་བསྙེགས་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་གི་རྗེས་ཟློས་བྱས་ནས་ཆོས་ཐམས་ཅད་བདེན་པར་མེད་དོ་ཞེས་ཟེར་ཞིང་། ཆོས་ཐམས་ཅད་བདེན་པར་མེད་པ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་མི་རུང་ཚུལ་དངོས་སྨྲ་བས་འགལ་བ་བརྗོད་པ་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་དུ་འདོད་པས་ཁས་བླངས་ཐམས་ཅད་འགལ་བ་ལྟག་སྤྲོད་འབའ་ཞིག་ཏུ་གྱུར་ཏེ། ལྷག་མཐོང་ཆེན་མོ་ལས། ད་ལྟ་དབུ་མའི་དོན་སྨྲ་བར་འདོད་པ་རྣམས་རང་བཞིན་མེད་པ་ལ་བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་མི་རུང་བས་ཁྱབ་པར་སྨྲ་བ་ནི་དངོས་པོར་སྨྲ་བའི་ལུགས་ཡིན་པས། ཞེས་སོགས་ཀྱིས་དེ་དག་གི་འདོད་ཚུལ་དེ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པའི་ཕྱོགས་ཙམ་དུའང་མ་སོང་བར་དབུ་མའི་གྲུབ་མཐའ་གཟོད་བཙལ་དགོས་པར་གསུངས་སོ། །དེ་རྣམས་ཀྱི་ལུགས་ལའང་དོན་དམ་པར་མེད་ཕྱིན་བསྐྱེད་བྱ་སྐྱེད་བྱེད་སོགས་མི་རུང་བའི་རྒྱུ་མཚན་ནི་འདི་སྐད་ཅེས་སྨྲ་སྟེ། དོན་དམ་པར་སྐྱེ་ན་མུ་བཞི་གང་རུང་ལས་སྐྱེ་དགོས་པ་དང་། སྐྱེས་པའི་དངོས་པོ་དེ་ཉིད་དོན་དམ་པར་ཡོད་ན་མཐའ་བཞི་གང་རུང་དུ་ཡོད་དགོས་པར་དབུ་མའི་གཞུང་རྣམས་སུ་གསུངས་པས། ཁྱབ་པ་སྒྲུབ་ཚུལ་དེ་ཉིད་ཀྱིས་ཐ་སྙད་དུ་སྐྱེ་ནའང་ཐ་སྙད་དུ་མུ་བཞི་གང་རུང་ལས་སྐྱེ་དགོས་པར་འགྲུབ་ལ། མུ་གཞན་གསུམ་ནི་རང་སྡེ་སུའང་མི་འདོད་པས་གཞན་ལས་སྐྱེ་དགོས་ནའང་། དབུ་མ་འཇུག་པར། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གཞན་སྐྱེས་ཐ་སྙད་དུའང་མེད་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དོན་དམ་པར་ཡོད་ན་དོན་དམ་པར་མཐའ་བཞི་གང་རུང་དུ་ཡོད་པས་ཁྱབ་པ་སྒྲུབ་པ་ལ། ཡོད་ན་མཐའ་བཞི་གང་རུང་དུ་ཡོད་པའི་སྤྱི་ཁྱབ་གྲུབ་དགོས་ཏེ། སྤྱིའི་ཁྱབ་པ་མ་གྲུབ་ན་བྱེ་བྲག་དོན་དམ་ལ་སྦྱར་བའི་ཚེའང་མི་འགྲུབ་པའི་ཕྱིར། ཐ་སྙད་དུའང་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་གྱི་མཐའ་བཞི་པོ་གང་དུ་བཞག་མི་རུང་སྟེ། དཀོན་བརྩེགས་ལས། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །ཞེས་སོགས་དང་། དེའི་དགོངས་པ་དཔལ་མགོན་ཀླུ་སྒྲུབ་ཀྱིས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་དང་། ཡོད་མིན་མེད་མིན་གཉི་ག་མིན། །གཉི་གའི་བདག་ཉིད་མིན་པ་མིན། །ཞེས་གསུངས་པའི་ཕྱིར་དང་། ཐ་སྙད་དུ་ཡོད་ན་རིགས་ཤེས་ཀྱིས་རྙེད་དགོས་པ་ལ་དེས་བཙལ་ཡང་མ་རྙེད་པའི་དོན་གྱིས་ཁེགས་པར་འགྱུར་བའི་ཕྱིར་དང་། ཐ་སྙད་པའི་བློ་ལྷན་སྐྱེས་ཀྱི་ངོར་གྲུབ་ཀྱང་དེ་ནི་ཏིང་ངེ་འཛིན་རྒྱལ་པོར། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་པའི་དོན་བཞིན་ཟླ་བས་ཀྱང་། རྣམ་ཀུན་འཇིག་རྟེན་ཚད་མིན། ཞེས་དང་། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་གཏི་མུག་ཏུ་བཤད་པས་དེའི་ངོར་ཡོད་པས་ཡོད་གོ་མི་ཆོད་པའི་ཕྱིར་དང་། དེའི་ངོར་ཡོད་པས་ཡོད་གོ་ཆོད་ལ། འཕགས་པའི་མཉམ་གཞག་གི་ངོར་མེད་པས་མེད་གོ་མི་ཆོད་ན་ཡེ་ཤེས་ལ་མི་རྟོན་རྣམ་ཤེས་ལ་རྟོན་པར་འགྱུར་ཞིང་། དོན་དམ་དུ་མེད་པས་མེད་གོ་མི་ཆོད་ལ། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་ན་ངེས་དོན་ལ་མི་རྟོན་དྲང་དོན་ལ་རྟོན་པར་འགྱུར་བ་སོགས་རྟོན་པ་བཞི་གོ་ཟློག་པར་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར། དེས་ན་འཆིང་གྲོལ་སོགས་ཀྱི་རྣམ་གཞག་ཐམས་ཅད་ནི་གནས་ལུགས་ཀྱི་དོན་མ་རྟོགས་པའི་སྐབས་སུ་འཁྲུལ་བའི་གཞན་ངོ་ཙམ་དུ་ཡོད་པ་ཡིན་གྱི། གནས་ལུགས་མཐོང་བའི་སྐབས་དང་དབུ་མ་པ་རང་ལུགས་ལ་ཡོད་མེད་གང་དུའང་བཞག་ཏུ་མི་རུང་བས་ཁས་བླངས་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་ཟེར་རོ། །འདི་དག་ཀྱང་སྔོན་གྱི་མཁས་པ་རིག་པའི་གནས་དང་གཞུང་ལུགས་རབ་འབྱམས་ལ་སྦྱངས་ཤིང་ཟབ་མོའི་ལྟ་བ་ཚོལ་བར་འདོད་པས་ངལ་བ་བརྒྱ་ཕྲག་བསྟེན་པ་རྣམས་ཀྱི་བཤད་ཚུལ་ཡིན་པས་བདག་ཅག་ལྟ་བུས་རང་སྟོབས་ཀྱིས་འགོག་པར་དཀའ་མོད། རྗེ་བླ་མས་མུན་ཁུང་དུ་མར་མེ་སྦར་བ་བཞིན་ལམ་དང་ལམ་མ་ཡིན་པ་ཐམས་ཅད་གསལ་བར་བསྟན་པའི་བཀའ་དྲིན་ལ་བརྟེན་ནས་མདོར་བསྡུས་ཙམ་བརྗོད་ན། དོན་དམ་པར་གྲུབ་ན་རིགས་པས་དཔྱད་བཟོད་དགོས་ལ། མུ་བཞི་གང་ལས་སྐྱེ་ཞེས་པའམ་མཐའ་བཞི་གང་དུ་ཡོད་ཅེས་བཙལ་བ་ན་རྙེད་རྒྱུ་མི་འབྱུང་བ་དཔྱད་མི་བཟོད་པའི་དོན་ཡིན་པས། དོན་དམ་པར་སྐྱེ་བ་ལ་དེ་བཞི་གང་རུང་དུ་ངེས་པར་རྙེད་དགོས་ཀྱང་། རྫུན་པ་ཐ་སྙད་པའི་རྣམ་གཞག་ལ་ཕྱོགས་དེ་བཞི་གང་རུང་དུ་རྙེད་མི་དགོས་པའི་ཕྱིར་ཏེ། ཚིག་གསལ་ལས། རྐྱེན་ཉིད་འདི་བ་ཙམ་གྱི་ཀུན་རྫོབ་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དཔེར་ན་མེ་ཡོད་ན་ཚ་སྲེག་གི་ངོ་བོར་ཡོད་དགོས་ཀྱང་ཆུ་ཡོད་ན་ཚ་སྲེག་གི་ངོ་བོར་ཡོད་མི་དགོས་པ་བཞིན་ཏེ་འདི་ཙམ་ཞིག་སྤྱིའི་ཁྱབ་པས་བྱེ་བྲག་བསྒྲུབ་ལུགས་མ་ཡིན་པའི་ཕྱིར། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཐ་སྙད་པ་མ་གཟིགས་ཀྱང་དེ་བཀག་པ་མིན་ཏེ། དེས་མ་གཟིགས་པའི་རྒྱུ་མཚན་ཐ་སྙད་པའི་དོན་དེ་མེད་ནས་མ་གཟིགས་པ་མིན་གྱི། ཁོ་རང་གིས་གཞལ་རྒྱུའི་ཡུལ་མིན་ནས་མ་གཟིགས་པ་ཡིན་པའི་ཕྱིར། དཔེར་ན་མིག་ཤེས་ཀྱིས་སྒྲ་མ་ཐོས་པ་དེ་སྒྲ་མེད་ནས་མ་ཐོས་པ་མིན་གྱི། ཁོ་རང་གི་ཡུལ་མིན་པས་མ་ཐོས་པ་བཞིན་ནོ། །ཏིང་ངེ་འཛིན་རྒྱལ་པོའི་ལུང་གིས་ཀྱང་ཐ་སྙད་པའི་བློ་ལ་ཚད་མ་མེད་པར་མི་འགྲུབ་སྟེ། ལུང་དེའི་འཕྲོར། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །དེ་སྟེ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །ཞེས་འཕགས་པའི་མཉམ་གཞག་ཡེ་ཤེས་མི་དགོས་པར་ཐལ་བ་འཕེན་ལུགས་ཀྱིས་ཐ་སྙད་པའི་ཤེས་པ་ཚད་མར་མི་འགྲོ་ཚུལ་གནས་ལུགས་ཀྱི་དོན་ལ་ཚད་མར་མ་སོང་བ་ལ་བྱེད་དགོས་ཏེ། དེ་དག་ཐ་སྙད་པའི་དོན་ལ་ཚད་མར་སོང་ཚེ། གནས་ལུགས་ཀྱི་དོན་རྟོགས་པ་ལ་འཕགས་པའི་མཉམ་གཞག་ཡེ་ཤེས་མི་དགོས་པར་འགྱུར་རོ་བྱས་ན་འབྲེལ་མེད་དུ་འགྱུར་བའི་ཕྱིར། དཔེར་ན་མིག་ཤེས་ཀྱིས་གཟུགས་མཐོང་ན་སྒྲ་ཉན་པ་ལ་རྣམ་ཤེས་མི་དགོས་པར་འགྱུར་རོ་བྱས་ཚེ་འབྲེལ་མེད་པ་བཞིན་ནོ། །རྟོན་པ་བཞི་མི་འཐད་པའི་སྐྱོན་འཕེན་པའང་ཁས་སྔ་ཕྱི་ཙམ་ལས་རྒོལ་བ་རང་ཉིད་ལ་ཉེས་པ་དེ་འབབ་སྟེ། ཁྱོད་ཀྱིས་ཆོས་ཉིད་ཀྱང་ཡོད་པ་མ་ཡིན་པ་དང་། འཕགས་པའི་མཉམ་གཞག་ཀྱང་ཚད་མ་མ་ཡིན་པར་འདོད་ན། ངེས་དོན་དང་ཡེ་ཤེས་ལ་རྟོན་པའི་གཞི་མི་སྣང་བའི་ཕྱིར་རོ། །དབུ་མ་འཇུག་པར། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བར་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་པས་ཀྱང་དོན་དམ་པར་སྐྱེ་ན་དོན་དམ་པར་མུ་བཞི་གང་རུང་ལས་སྐྱེ་དགོས་པ་བཞིན་ཐ་སྙད་དུ་སྐྱེ་ནའང་ཐ་སྙད་དུ་མུ་བཞི་གང་རུང་ལས་སྐྱེ་དགོས་ཞེས་བཤད་པ་མིན་གྱི། འདིའི་དོན་ལེགས་པར་གོ་བ་ལ་ཐོག་མར་ཕྱོགས་སྔ་མའི་འདོད་ཚུལ་ངོས་ཟིན་དགོས་སོ། །དེའང་འདིའི་ཕྱོགས་སྔ་སྨྲ་བ་པོ་རང་རྒྱུད་པ་ཡིན་ལ། རང་རྒྱུད་པ་རྣམས་ཆོས་ཐམས་ཅད་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་ཟེར་བའི་ཟེར་ལུགས་ཙམ་ཞིག་ཐལ་འགྱུར་པ་དང་ཁྱད་མེད་ཀྱང་། དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་དམ་རང་གི་ངོ་བོས་གྲུབ་པར་འདོད་པས། ཐལ་འགྱུར་བས་གཞལ་ན་ཁས་བླངས་དང་ཞེ་འདོད་ནང་འགལ་དུ་སོང་ཡོད་དེ། ཕར་བཏགས་ཙམ་མིན་པར་གདགས་གཞིའི་ངོས་ནས་ཡོད་ན་བཏགས་དོན་འཚོལ་ལུགས་གདགས་གཞིའི་ངོས་ནས་ཇི་ལྟར་འདུག་བཙལ་བ་ཡིན་པས་དེའི་ཚེ་རྙེད་རྒྱུ་ཞིག་ངེས་པར་ཡོད་དགོས། དེ་ཡོད་ན་སྣང་དུས་ཀྱང་གདགས་གཞིའི་ངོས་ནས་གྲུབ་པར་སྣང་། དོན་དངོས་གནས་ལའང་གདགས་གཞིའི་ངོས་ནས་རྙེད་རྒྱུ་ཡོད་སོང་ཚེ་རྫུན་པར་འཇོག་བྱེད་མེད་པས་དཔྱད་བཟོད་དང་བདེན་གྲུབ་ཏུ་འགྱུར་རོ། ། ― GTD001_Page_0018 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ནའང་རང་རྒྱུད་པ་ཁྱོད་ཀྱིས་ཐ་སྙད་པའི་སྐྱེ་བར་བཏགས་པའི་མྱུག་སོགས་ཀྱི་སྐྱེ་བ་དེ་མཐའ་བཞི་གང་ལས་ཡིན་ཞེས་དཔྱད་དགོས་ཤིང་། དེ་ལྟར་དཔྱད་ན་རྙེད་ཀྱང་དགོས་ཞེས་པའི་དོན་ཡིན་ནོ། །རང་རྒྱུད་པས་བདེན་པར་མེད་ཀྱང་རང་མཚན་གྱིས་གྲུབ་ཅེས་པ་ལ། དཔལ་ལྡན་ཟླ་བས་ཐུན་མོང་མ་ཡིན་པའི་སྐྱོན་བརྗོད་ཚུལ། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་སོགས་ཀྱིས་ཆོས་རྣམས་སྣང་ཚུལ་དང་གནས་ཚུལ་མཐུན་པས་བདེན་པར་གནས་པ་ལ་མཉམ་གཞག་ཡེ་ཤེས་ཀྱིས་བདེན་མེད་དུ་བཟུང་སྟེ་འཕགས་པའི་མཉམ་བཞག་དངོས་པོ་འཇིག་པའི་རྒྱུར་ཐལ་བ་དང་། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །ཞེས་སོགས་ཀྱིས་ཆོས་རྣམས་སྒྲ་རྟོག་གིས་ཕར་བཏགས་པ་ཙམ་མིན་པར་ཁོ་རང་གི་ངོས་ནས་ཚུར་གྲུབ་རྒྱུ་ཡོད་པས་ཐ་སྙད་ཙམ་གྱི་དོན་མི་ཚང་ཞིང་བདེན་པའི་དོན་ཅན་དུ་སོང་སྟེ་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང་། གོང་དུ་དྲངས་པའི་དེ་ཉིད་སྐབས་སུ་ཞེས་སོགས་ཀྱིས་དོན་དམ་པར་སྐྱེ་བ་མེད་པར་བཤད་པའི་ཤུལ་ནའང་དཔྱད་བཟོད་ཀྱི་སྐྱེ་བ་ཞིག་ཁས་བླངས་མ་དོར་བར་ཡོད་པས། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ་གསུམ་རྩ་བ་ལས་གསུངས་ཤིང་། དེའི་སྟེང་དུ་འཇུག་འགྲེལ་ལས་རང་ངོས་ནས་ངོ་བོ་ཉིད་ཀྱིས་ཡོད་པ་མ་བཀག་པར་དགག་བྱ་གཞན་ཞིག་གིས་སྟོང་བའི་སྒོ་ནས་སྟོང་པ་ཉིད་དུ་བཞག་པ་ལ་རང་གི་ངོ་བོས་སྟོང་བའི་རང་སྟོང་གི་དོན་མི་ཚང་བས། ཆོས་རྣམས་རང་བཞིན་གྱིས་སྟོང་པར་གསུངས་པ་མི་འཐད་པར་ཐལ་བ་བསྣན་ཏེ་རིགས་པ་བཞིའི་སྒོ་ནས་འགོག་པར་མཛད་དོ། །དཀའ་བའི་གནད་འདི་མ་ཤེས་ན་ཐལ་རང་གཉིས་མཆོག་དམན་ཡོད་པ་སྐད་དུ་སྨྲས་ཀྱང་ཁྱད་པར་འབྱེད་བྱེད་ཀྱི་རྩ་བ་ངོས་མི་ཟིན་ཏེ། སྔ་མ་མང་པོ་ཞིག་འཕགས་པའི་མཉམ་གཞག་གིས་སྣང་སྟོང་གཉིས་ཚོགས་ཡུལ་དུ་བྱེད་པར་འདོད་པའི་སྒྱུ་མ་རིགས་སྒྲུབ་པའམ་རང་རྒྱུད་པ་དང་། དགག་བྱ་བཅད་ཙམ་གྱི་སྟོང་པ་ཡུལ་དུ་བྱེད་པར་འདོད་པའི་ཐལ་འགྱུར་པ་ཟེར་ཡང་། འཕགས་པའི་མཉམ་བཞག་གི་ཡུལ་ལ་མེད་དགག་དགོས་པ་རང་གི་གྲུབ་མཐའ་ཡིན་པར་ལེགས་ལྡན་ཡབ་སྲས་ཀྱིས་གསུངས་པས། དེའི་སྒོ་ནས་ཐལ་འགྱུར་པ་ལས་ཁྱད་འབྱེད་མི་ནུས་ལ། དགག་བྱའི་ཕྲ་རགས་ཀྱི་སྒོ་ནས་ཁྱད་འབྱེད་ཚུལ་འདི་ཤེས་མཁན་མ་བྱུང་བའི་དབང་གིས་ཟླ་བས་རང་རྒྱུད་པ་ལ་དམིགས་ཕུག་པའི་དགག་པ་འདི་སྙེད་ཅིག་མཛད་པའང་མགོན་པོ་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྗེ་བླ་མས་གསལ་བར་མ་བཀྲོལ་གྱི་བར་དུ་གཞན་སུས་ཀྱང་ངོས་མ་ཟིན་སྣང་སྟེ། ལེགས་བཤད་སྙིང་པོ་ལས། འདི་ནི་དབུ་མ་པ་དོན་དམ་པར་མི་སྐྱེའང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་པར་འདོད་པ་ལ་སྒྲུབ་ཀྱི། དངོས་པོར་སྨྲ་བ་ལ་མིན་པས་དབུ་མ་པ་གཉིས་ལ་དགག་བྱའི་ཁྱད་པར་དེ་ཙམ་ཡོད་ན་ཟླ་བ་གྲགས་པས་དེ་ལ་དམིགས་བསལ་ཅན་གྱི་དགག་པ་ཅིའི་ཕྱིར་མི་མཛད་ཅེས་སྨྲ་བར་མི་རིགས་སོ། །ཞེས་གསུངས་པ་ལྟར་རོ། །དེའང་དགག་བྱ་ཁྱབ་ཆེ་བ་ནི་དེའི་འགོག་མཚམས་མ་ཟིན་པར་ཐལ་ཆེས་པ་ཡིན་ལ། དེ་ལྟར་འགྲོ་བའི་རྒྱུ་མཚན་ཡུལ་དེ་རྣམ་བཅད་ལ་ཁེགས་པ་དང་། ཡོངས་གཅོད་ལ་གྲུབ་པ་ཐམས་ཅད་ཡུལ་ཅན་ལ་ལྟོས་པར་མཐོང་སྟེ་དེའི་ཚུལ་ལ་དཔྱད་པ་ན། རིགས་ཤེས་ཀྱིས་རྙེད་པ་དང་དེས་དཔྱད་བཟོད་དུ་གྲུབ་པ་དོན་གཅིག་ཏུ་གོ །རིགས་ཤེས་ཀྱིས་མ་རྙེད་པ་དང་དེས་བཀག་པ་གཉིས་ཀྱང་དོན་གཅིག་ཏུ་གོ་བས་ལན་པ་ཡིན་ནོ། །དེའི་སྟོབས་ཀྱིས་རིགས་པའི་དབང་ཕྱུག་ཆ་པས་དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་འདོད། འཇིག་རྟེན་གྱི་མིག་གཅིག་པུ་རྔོག་ལོ་ཆེན་པོས་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་གསུངས་པ་དང་། གྲོ་ལུང་པའི་བསྟན་རིམ་སོགས་སུ་བློ་གཅིག་དེར་ལྡོག་ཆ་ནས་ཕྱེ་སྟེ་རིགས་ཤེས་སུ་སོང་བའི་ཡུལ་མེད་ལ་རྗེས་དཔག་ཏུ་སོང་བའི་ཡུལ་ཡོད་པར་བཤད་པ་སོགས་བྱུང་བའི་ཕྱིར། ལེགས་བཤད་སྙིང་པོ་ལས། རིགས་ཤེས་ལ་གཞལ་བྱ་ཡོད་ན་བདེན་གྲུབ་ཏུ་སོང་ནས་སྔོན་གྱི་མཁས་པ་དག་ཀྱང་ཁ་ཅིག་དེ་ཉིད་འདོད་ལ། ལ་ལ་རིགས་ཤེས་ཡུལ་མེད་དང་། གཞན་དག་རིགས་པ་དང་རྗེས་དཔག་གི་ལྡོག་པ་ཕྱེ་ནས་ཡུལ་ཡོད་མེད་དུ་འཇོག་གོ །ཞེས་གསུངས་པའི་ཕྱིར། བོད་སྔ་རབས་ཀྱི་གྲུབ་མཐའ་སོ་སོའི་མཁས་པ་ཕལ་མོ་ཆེས་ལྟ་བ་བཤད་དུས་མིང་འདོགས་སྣ་ཚོགས་པ་ཞིག་བྱས་ཀྱང་བློ་རྩེའི་གཏད་སོ་མཐར་ཐུག་པ་ཡུལ་དོན་དམ་པར་ཡོད་མེད་སོགས་གང་དུའང་མ་གྲུབ་པས་བློས་དེ་གང་དུའང་འཛིན་མི་རུང་བ་དང་། དེས་ན་འཕགས་པའི་མཉམ་བཞག་ཀྱང་ཡུལ་མེད་དུ་འདོད་པ་འདི་ལ་འབབ་པར་སྣང་སྟེ། སྟོང་ཐུན་ལས། འཆད་པའི་ཚེ་གྲུབ་མཐའ་མི་མཐུན་པ་ཆེས་ཆེར་ཆེ་བ། རང་སྟོང་དང་གཞན་སྟོང་དང་། ཆོས་ཉིད་བདེན་པར་གྲུབ་མ་གྲུབ་ལ་སོགས་པ་ཇི་འདྲ་བའི་རྩོད་པ་ཆེན་པོ་བྱེད་པ་ཐམས་ཅད་ཀྱང་ཟབ་དོན་ཉམས་སུ་ལེན་པའི་ཚེ་མི་འདྲ་བ་ཅུང་ཟད་ཀྱང་མེད་པར། མ་གི་ཅིའང་མ་བསླབ་པའི་བླུན་སྒོམ་ཉམས་སུ་ལེན་པ་དང་། མཁས་པ་སྡེ་སྣོད་འཛིན་པ་ཆེན་པོའི་ཉམས་ལེན་དང་། སྔགས་བླ་མེད་ཀྱི་རྫོགས་རིམ་ཟབ་མོ་ཉམས་སུ་ལེན་པར་འདོད་པ་ཕྱིན་ཆད་ཐམས་ཅད་ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པར་འཇོག་ཟེར་བ་འདིར་ཁ་འཆམ་ནས་འོང་བ་འདི་དབང་པོ་རྣོན་པོས་བལྟས་ན་ཤིན་ཏུ་མཚང་ཆེ་བ་ཡིན། ཞེས་གསུངས་པའི་ཕྱིར། རྗེ་བླ་མས་ཀྱང་ཐུན་མོང་གི་སྣང་ངོར་ལྟ་བའི་དཔྱད་པ་མ་རྫོགས་པའི་སྐབས་ཚུལ་དེ་ཉིད་ཞལ་གྱིས་བཞེས་སྣང་སྟེ། གསེར་འཕྲེང་ལས། ཆོས་ཉིད་ལ་མཐའ་བཞི་ལ་སོགས་པའི་སྤྲོས་པ་གང་དུའང་མི་འཛིན་ཞིང་དེ་མཐའ་དག་ཉེ་བར་ཞི་བ་ཙམ་ལ་སྤྲོས་བྲལ་ལམ་གཤིས་ལུགས་མཐོང་ཞེས་བཏགས་པ་ཙམ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །ཞེས་སོགས་དྲངས་པ་དང་། ཡང་དེ་ཉིད་ལས། མཉམ་བཞག་གིས་ཆོས་ཉིད་མཐའ་གང་དུའང་མི་གནས་པ་དང་རྗེས་སུ་མཐུན་པར་མཐའ་གང་དུའང་མི་འཛིན་པ་ན་དེ་དང་དེ་རྟོགས་པར་ཐ་སྙད་བྱས་པ་སྟེ། ཞེས་གསུངས་ནས། གང་ཚེ་སྐྱེ་མེད་ཅེས་སོགས་འཇུག་པའི་ལུང་གིས་བསྒྲུབས་པ་དང་། རྟག་ངུའི་རྟོགས་བརྗོད་དུའང་། ཆོས་རྣམས་རྡུལ་ཙམ་དམིགས་པ་མེད་ན་ཡང་། །མངོན་པར་ཞེན་རྣམས་སྐྲག་པ་སྤངས་པའི་ཕྱིར། །གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ། །ཞེས་རང་ལུགས་ཁས་བླང་དང་བྲལ་བའི་ཕྱོགས་ཞལ་གྱིས་བཞེས་ཤིང་། ལྟ་བ་དེ་ཉིད་ལ་མྱོང་བ་ཁྱད་པར་ཅན་ཡང་འཁྲུངས་ཏེ་དགེ་འདུན་གྱི་ཚོགས་སུ་ཤེས་རབ་སྙིང་པོ་གསུངས་པའི་ཚེ་ཐུགས་སྔ་མའི་ལྟ་བ་དེ་གའི་ངང་ལ་ཏིང་ངེ་འཛིན་དུ་འབྱམས་ནས་ཚོགས་གྲོལ་བའང་མི་གསན་པར་གཞན་གྱིས་སློང་དགོས་པ་བྱུང་ཚུལ་དད་པའི་འཇུག་ངོགས་ལས། ཤེར་ཕྱིན་ཞལ་འདོན་དུ་མཛད་ཅིང་ཆོས་ཐམས་ཅད་སྣང་ལ་ངོས་གཟུང་མེད་པའི་དོན་ལ་མཉམ་པར་བཞག་པས། དགེ་འདུན་གྱི་ཆོས་སྤྱོད་དང་བདུད་ཟློག་སོགས་ཀྱི་ཚིག་འབྲུ་ཙམ་ཡང་ཐུགས་ཀྱིས་མི་ངེས་པར། རྣམ་རྟོག་གི་རྒྱུ་བ་རགས་པ་ཐམས་ཅད་ལོག་ནས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཐུགས་རྩེ་གཅིག་ཏུ་གནས་པ་མང་ཇའི་མགོ་མཇུག་འཁྱོངས་པ་འབད་རྩོལ་མེད་པར་འཇུག་པར་བྱུང་། བོད་ཀྱིས་གྲུབ་ཐོབ་ཏུ་བྱེད་པའི་རྟོགས་པ་བཟང་ཤོས་མཐར་ཐུག་པ་དེ་ཐུགས་ལ་འཁྲུངས་འདུག །ཅེས་གསུངས་པ་བཞིན་ནོ། །དཔེར་ན་བདག་ཅག་གི་སྟོན་པས་དང་པོར་རིང་འཕུར་དང་ལྷག་སྤྱོད་སོགས་ལ་བརྟེན་ཏེ། དེ་དག་གིས་ལམ་མཐར་ཐུག་ཏུ་སྒྲོགས་པ་ཅི་ཡང་མེད་དང་སྲིད་རྩེའི་སྙོམས་འཇུག་སོགས་བསྒྲུབས་ཤིང་། ཕྱིས་དེ་དག་ལམ་མ་ཡིན་པར་གཟིགས་ནས་ཡང་དག་པའི་དེ་ཁོ་ན་ཉིད་བསྒོམ་པ་ལྟར། རྗེ་བླ་མས་ཀྱང་དང་པོར་སྔ་རབས་ཀྱི་ལྟ་བ་དེ་ཉིད་མཐིལ་ཕྱིན་པར་ཐུགས་ལ་འཁྲུངས་ཚུལ་དང་། ཕྱིས་མཁྱེན་རབ་ཀྱི་རྩལ་ལྷག་པར་རྒྱས་པ་ན་རང་ཉིད་ཀྱང་ཚུལ་དེས་ཅུང་ཟད་ཐུགས་མ་ཚིམ་ཞིང་ལྷག་པར་མགོན་པོ་འཇམ་པའི་དབྱངས་ལ་འདི་ཐལ་རང་གང་གི་ལྟ་བ་ཡིན་ཞུས་པར་གང་ཡང་མིན་གསུངས་ནས་ནན་ཏུར་ཆེ་བར་མཛད་པའི་རྐྱེན་གྱིས་གཟོད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུ་ཚོགས་མང་པོ་དང་བཅས་དབུ་མའི་ལྟ་བ་བཙལ་ཏེ་གསར་དུ་རྙེད་ནས་ཐུགས་ཕྲོགས་པའི་དབང་གིས་ཐུབ་པའི་དབང་པོ་ལ་བསྟོད་པ་སོགས་མཛད་པའི་ཚུལ་འདི་ལེགས་པར་བསམ་ཞིང་གོ་ན་ལྟ་བ་གཞན་ལ་འགྲམ་ཆུ་མི་ལྡང་ཞིང་། རང་ལུགས་ཀྱི་ལྟ་བ་འདི་ལ་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་རྙེད་པར་འགྱུར་རོ། ། ― GTD001_Page_0019 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསེར་འཕྲེང་དུ་དྲངས་པའི་ལུང་དེ་རྣམས་ཀྱི་དོན་ཕྱིས་ལྟ་བའི་དཔྱད་པ་རྫོགས་ནས་རྩ་ཤེས་ཊཱིཀ་ཆེན་སོགས་སུ་བཀྲལ་ཚུལ་སྔ་མ་དང་ཆེས་མི་འདྲ་བ་འོག་ཏུ་འཆད་དོ། །དེ་ལྟར་སྔ་རབས་པ་རྣམས་དོན་དེ་ཡོད་པར་འཇོག་ཕྱིན་རིགས་ཤེས་ཀྱིས་རྙེད་དགོས་ཤིང་། རྙེད་ན་དེས་དཔྱད་བཟོད་དུ་འགྱུར་དགོས་ལ། དཔྱད་བཟོད་པ་དབུ་མའི་གཞུང་དུ་བཀག་པར་མཐོང་ནས་རང་ལུགས་ལ་ཆོས་གང་ཡང་ཡོད་པར་མི་འཇོག་ཅེས་ཟེར་བ་ནི་རྩ་ཤེས་ལས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་པ་ནས། ཀུན་ལའང་གནོད་པ་བྱེད་པ་ཡིན། །ཞེས་སོགས་དངོས་སྨྲས་རྩོད་ཚུལ་བཀོད་པ་ལྟར་གྱི་དངོས་སྨྲས་འཕངས་པའི་སྐྱོན་རྣམས་ལ་ལན་དུ་གནོད་པ་མེད་ཚུལ་གྱི་སྐྱོན་སྤོང་ཚུལ། དེ་ལ་བཤད་པ་ཁྱོད་ཀྱི་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །ཞེས་སོགས་རབ་བྱེད་ཉེར་བཞི་པའི་གཞུང་ལྷག་མ་རིལ་གྱིས་འགལ་བ་ཐམས་ཅད་དངོས་སྨྲ་ཁོ་རང་ལ་ཕྱིར་བཟློག་ནས་འཕངས་པའི་རྗེས་ཟློས་ཙམ་ཡང་བྱེད་རྒྱུ་མེད་པར་མ་ཟད་ཕ་རོལ་པོ་ལ་བདེན་ཁ་བྱིན་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ལ་རྣམ་གཞག་གང་ཡང་མི་འཐད་པར་ཁས་ལེན་པ་དབུ་མའི་གྲར་འཚང་བཞིན་དུ་དབུ་མའི་གྲུབ་མཐའི་ཁུངས་བརྟོལ་བའི་མི་འཚམ་པ་ཆེན་པོ་ཡིན་ནོ། །དེ་སྐད་དུའང་རྩ་ཤེས་ཊཱིཀ་ཆེན་ལས། དངོས་པོར་སྨྲ་བ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་གཞག་གང་ཡང་ཁྱོད་ཀྱི་ལུགས་འདི་ལ་བྱར་མི་རུང་ངོ་ཞེས་ནན་གྱིས་འཕུལ་བ་ལ། ཁོ་བོ་ཅག་གི་ལྟར་གང་ལའང་འདི་ཡིན་དང་འདི་མ་ཡིན་གྱི་ངེས་གཟུང་གི་རྣམ་གཞག་བྱར་མི་རུང་ངོ་ཞེས་གཞན་གྱིས་འཕུལ་མི་དགོས་པར་དང་པོ་ནས་རང་ཉིད་དེའི་གསེབ་ཏུ་འཇུག་པར་མི་བྱའོ། །ཞེས་གསུངས་ཏེ། འཕགས་པའི་ཡུལ་ན་གྲུབ་མཐའ་གཞན་གྱིས་བཞག་པའི་བདེན་གཉིས་ཀྱི་རྣམ་གཞག་ལ་གྲུབ་མཐའ་གཞན་གྱིས་འགལ་བ་བརྗོད་པ་ཡོད་ཀྱང་། རང་གིས་བཞག་པའི་བདེན་གཉིས་ལ་རང་གིས་འགལ་བ་བརྗོད་དེ་དོན་དམ་གྱིས་ཀུན་རྫོབ་འགོག་གོ་ཞེས་སྨྲ་བ་འདི་འདྲ་བོད་གངས་ཅན་མ་གཏོགས་མ་བྱུང་ཞེས་མཁས་གྲུབ་སྨྲ་བའི་ཉི་མས་གསུངས་སོ། །དེ་ལྟར་ན་དངོས་སྨྲ་བས་རང་བཞིན་གྱིས་མ་གྲུབ་ན་བདེན་བཞི་སོགས་མི་འཐད་པར་ཁས་བླངས་པ་ལས་ཀྱང་། དབུ་མ་པར་ཁས་འཆེ་བའི་བོད་སྔ་མ་དེ་དག་གིས་རང་བཞིན་གྱིས་མ་གྲུབ་ན་བདེན་བཞི་སོགས་མི་འཐད་པར་ཁས་བླངས་པ་སྐྱོན་ཆེ་སྟེ། སྔ་མས་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་མེད་པ་འགོག་པ་མ་གཏོགས་བདེན་བཞི་ལས་འབྲས་སོགས་མེད་མི་ཟེར་ཞིང་ཚུལ་དེ་འཁོར་ལོ་དང་པོའི་དགོངས་པ་ཡིན་པའི་ཁུངས་ཀྱང་ཡོད། ཕྱི་མས་དེ་རྒྱུ་མཚན་དུ་བྱས་ནས་བདེན་བཞི་ལས་འབྲས་སོགས་ལ་སྐུར་བ་བཏབ་པས་ཆད་པའི་མཐར་ལྷུང་ཞིང་དབུ་མའི་ཁུངས་གཏུགས་ས་ཐམས་ཅད་དང་རྒྱབ་འགལ་དུ་སོང་བའི་ཕྱིར། སྟོང་ཐུན་ལས། དངོས་སྨྲ་བས་དངོས་པོ་རང་གི་ངོ་བོས་མེད་ན་གཏན་མེད་དུ་འགྲོ་དགོས་པར་གཟུང་བས་རྣམ་པར་འཁྱམས་པར་གསུངས་ལ། དེང་སང་གི་དབུ་མ་པ་མང་པོ་ཞིག་ཀྱང་དངོས་སྨྲ་བ་ལྟར་དངོས་པོ་རང་བཞིན་མེད་ན་མེད་དགོས་པར་འདོད་པར་སྣང་ལ། འོན་ཀྱང་དངོས་སྨྲ་བ་ནི་མཁས་པས་ལས་འབྲས་ལ་སྐུར་བ་མི་འདེབས་པར་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་ལེན་ཅིང་། དེང་སང་གི་དབུ་མ་པ་དེ་དག་ནི་ལས་འབྲས་ཡོད་པ་མ་ཡིན་པར་སྨྲ་ལ། བླུན་པོ་དག་དེ་ཉིད་ལྟ་བ་མཐོ་བར་བྱེད་དེ། རྟེན་འབྲེལ་དང་སྟོང་ཉིད་འགལ་མེད་དུ་འཇོག་མ་ཤེས་པར་མཚུངས་པ་ལ་ལས་འབྲས་ལ་སྐུར་བ་འདེབས་མི་འདེབས་ཀྱི་ཁྱད་པར་དེ་ཙམ་ཞིག་ཡོད་དོ། །ཞེས་གསུངས་སོ། །དེའི་ཕྱིར་འདི་ཉིད་དུའང་། དངོས་སྨྲ་རིགས་པའི་ཚུལ་འཛིན་པར། །བདེན་སྟོང་རིགས་པས་བཀག་ནས་དོར། །འདི་ན་རིགས་པས་འགོག་བཞིན་དུ། །འཐད་པར་སྒྲུབ་པ་ཀྱེ་མ་ཧོ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་རིགས་པ་དྲུག་ཅུ་པ་ལས། གལ་ཏེ་ཡོད་པར་སྨྲ་བ་རྣམས། །དངོས་མཆོག་བཟུང་ནས་གནས་པ་ནི། །ལམ་དེ་ཉིད་ལ་གནས་པ་སྟེ། །དེ་ལ་ཡ་མཚན་ཆུང་ངུའང་མེད། །སངས་རྒྱས་ལམ་ལ་བརྟེན་ནས་ནི། །ཀུན་ལ་མི་རྟག་སྨྲ་བ་རྣམས། །རྩོད་པའི་དངོས་རྣམས་མཆོག་བཟུང་ནས། །གནས་པ་གང་ཡིན་དེ་རྨད་དོ། །ཞེས་དང་། དེའི་དོན་རྗེ་བླ་མས། རྨོངས་པས་བྲན་དུ་ཞེས་སོགས་གསུངས་པ་ལྟར། གཞན་སྡེས་སྟོང་ཉིད་མི་བཟོད་པ་ལས་རང་སྡེ་དངོས་སྨྲ་རྣམས་སངས་རྒྱས་ཀྱི་རྗེས་སུ་འབྲངས་བཞིན་དུ་སྟོང་ཉིད་མི་བཟོད་པ་མི་འོས་པར་གསུངས་ལ། དེ་ལས་ཀྱང་བོད་སྔ་མ་དེ་རྣམས་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་བཞིན་དུ་སྟོང་ཉིད་ཀྱིས་རྟེན་འབྱུང་བཀག་པར་གོ་ནས་མི་བཟོད་པ་འདི་ཆེས་མི་འཚམ་པ་ཡིན་ནོ། ། ― GTD001_Page_0020 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་དང་རང་བཞིན་མེད་པའི་སྟོང་པ་རྒྱབ་སྤྲོད་དུ་འཛིན་པ་འདི་དབུ་མའི་ཁུངས་གཏུགས་ས་ཐམས་ཅད་དང་འགལ་བ་གོང་དུ་སྟོང་པ་དང་རྟེན་འབྱུང་གཉིས་དབུ་མའི་ལམ་དུ་དོན་གཅིག་པ་སོགས་ཀྱི་རྒྱུ་མཚན་འཕགས་པ་ཡབ་སྲས་ཀྱི་གཞུང་དྲངས་པ་དེ་རྣམས་ལ་བརྟེན་ནས་བློ་གྲོས་ཡོད་ན་རྟོགས་པར་ནུས་མོད། ཆེས་ཤིན་ཏུ་གསལ་བར་མཛད་པ་པོ་ནི་དཔལ་ལྡན་ཟླ་བ་ཡིན་པས་དེས་གསུངས་ཚུལ་མདོ་ཙམ་བརྗོད་ན། ཚིག་གསལ་ལས། ཁོ་བོ་ཅག་མེད་པ་པ་མིན་ཏེ། ཞེས་པ་ནས་ཁོ་བོ་ཅག་ནི་ལས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་མེད་དོ་ཞེས་སྨྲ་བ་མིན་ཏེ། འོ་ན་ཅི་ཞེ་ན་འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། །ཞེས་དང་། དེའི་དོན་ཞིབ་ཏུ་བཀྲལ་ཏེ་ཡང་དེ་ཉིད་ལས། དབུ་མ་པ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་སྨྲ་བར་བྱེད་དོ། །མེད་པ་བ་དག་གིས་ནི་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སྒོ་ནས་འཇིག་རྟེན་ཕ་རོལ་ལ་སོགས་པའི་དངོས་པོ་མེད་པར་རྟོགས་པ་མིན་ཏེ། འོ་ན་ཅི་ཞེ་ན། འཇིག་རྟེན་འདིའི་དངོས་པོའི་རྣམ་པར་རང་བཞིན་གྱིས་དམིགས་ནས། དེ་འཇིག་རྟེན་ཕ་རོལ་ནས་འདིར་འོངས་པ་དང་། འདི་ནས་ཕ་རོལ་ཏུ་འགྲོ་བ་མ་མཐོང་ནས། འཇིག་རྟེན་དམིགས་པའི་དངོས་པོ་དང་འདྲ་བའི་དངོས་པོ་གཞན་དག་ལ་སྐུར་བ་འདེབས་པར་བྱེད་པ་ཡིན་ནོ། །ཞེས་སོགས་དང་། བཞི་བརྒྱ་པའི་འགྲེལ་པ་ལས། ཁོ་བོ་ཅག་གི་རྣམ་པར་དཔྱད་པ་ནི་རང་བཞིན་ཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི །མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ །དེའི་ཕྱིར་དེ་ཡོད་པས་གང་ཞིག་གིས་རྣམ་པར་སྨིན་པ་ཉིད་དུ་བསྙད་པའི་མིག་ལ་སོགས་པ་ཡོད་པ་ཉིད་དོ། །ཞེས་རང་བཞིན་གྱིས་གྲུབ་པ་འགོག་པ་མ་གཏོགས་ཡོད་པ་ཙམ་མི་འགོག་པ་གསལ་བར་གསུངས་སོ། །སྤྱིར་ཡོད་པ་དང་སྐྱེ་བ་ཙམ་བཀག་ན་དཔེ་དོན་ཐམས་ཅད་དང་མི་འགྲིག་པའི་ཚུལ་ཡང་དེ་ཉིད་ལས། རྣམ་པར་དཔྱད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས་འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི་དེའི་ཚེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི་མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པར་ཐལ་བར་འགྱུར་བའི་འཇིགས་པས་འདི་དག་དང་བསྟུན་པར་མི་བྱེད་ཀྱི། དེ་དང་མི་འགལ་བ་སྒྱུ་མ་ལ་སོགས་པ་དག་དང་ནི་བྱེད་དོ། །ཞེས་གསུངས་ཏེ། འདི་དག་ལས་ལྷག་གསལ་པོར་གསུང་ཚུལ་མེད་དོ། །འོ་ན་ཟླ་བས་དེ་ཙམ་གསལ་བར་གསུངས་ཡོད་ན་རྗེ་བླ་མས་ཅི་ཞིག་གསལ་བར་མཛད་པ་ཡིན་སྙམ་ན། འདིའང་གོ་དགོས་པ་ཞིག་སྟེ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་ཞེས་སོགས་ཀྱིས་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པ་དེ་རང་བཞིན་གྱིས་མ་བསྐྱེད་པའི་དོན་དང་། རང་བཞིན་གྱིས་མ་སྐྱེས་པ་དེ་རྟེན་འབྱུང་གི་དོན་དུ་གསལ་བར་གསུངས་ལ། ལང་གཤེགས་ལས། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པར་གསུངས་སོ། །ཞེས་དང་། བརྒྱ་ལྔ་བཅུ་པར། ཆོས་རྣམས་ཐམས་ཅད་སྟོང་པ་སྟེ། །རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་གསུངས་པ་ལྟ་བུ་མང་པོ་ཡོད་ཀྱང་དཔལ་མགོན་ཀླུ་སྒྲུབ་མ་བྱོན་བར་དུ་དྲང་ངེས་འབྱེད་མ་ནུས་པ་བཞིན། རྗེ་བླ་མའི་སྔོན་དུ་དཔལ་ལྡན་ཟླ་བས་དཀའ་གནད་དེ་རྣམས་གསལ་བར་མཛད་ཡོད་ཀྱང་། རབ་རིབ་ཅན་ལ་རབ་རིབ་མ་བསལ་གྱི་བར་དུ་མར་མེ་ཇི་ཙམ་གསལ་ཡང་གཟུགས་ལེགས་པར་མཐོང་དུ་འཇུག་མི་ནུས་པ་ལྟར། རྗེ་བླ་མས་སྒྲོ་འདོགས་ཀྱི་སྤྲོས་པ་ཐམས་ཅད་རེ་རེ་བཞིན་མཛུབ་ཚུགས་སུ་བྱས་ཏེ་བཀག །ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་དེ་དང་དེའི་ཐད་ཀར་གནད་ཐོག་ཏུ་མེ་བཙའ་བཞིན་ངོ་འཕྲོད་པར་བྱས་པའི་བཀའ་དྲིན་མ་གཏོགས་སྔོན་ཆད་བོད་འདིར་དེ་དག་གི་བཞེད་པ་ཕྲ་བའི་གནས་རྣམས་ཇི་བཞིན་ངོས་ཟིན་པ་མ་བྱུང་བ་ནི་སྔོན་གྱི་ཡིག་འཇོག་རྣམས་ལ་བལྟས་ན་ཤེས་པས། ཚུལ་འདིས་ལྷག་པར་རྗེ་བླ་མ་ལ་དད་པ་སྐྱེད་ཅིང་བཀའ་དྲིན་དྲན་པར་བྱ་དགོས་སོ། །སྔ་མ་དེ་རྣམས་རང་བཞིན་མེད་པ་ལ་བྱ་བྱེད་སོགས་འཇོག་མ་ཐུབ་པའི་འགལ་སྤོང་དུ་གཞན་ངོར་རྒྱུ་འབྲས་སོགས་ཡོད་པས་ཁོ་བོ་ཅག་ཆད་མཐར་མི་ལྟུང་ཟེར་བ་དང་། ཁས་བླང་ཐམས་ཅད་དང་བྲལ་བ་ཡིན་པས་གཞན་གྱི་ཀླན་ཀ་མི་འཇུག་ཟེར་བ་དང་། ཡོད་པ་མ་ཡིན་པར་ཁས་ལེན་གྱི། མེད་པར་ཁས་མི་ལེན་པ་སོགས་མཐའ་བཞི་ག་ལ་འདྲ་བས་སྐྱོན་མེད་ཟེར་བ་སོགས་ཀྱང་འབྲེལ་མེད་ཁོ་ན་ཡིན་ཏེ། གཞན་ངོར་རྒྱུ་འབྲས་འཐད་པས་ཁོ་རང་ཆད་མཐར་མི་ལྟུང་ན། ནང་པ་སངས་རྒྱས་པའི་ངོར་ལས་འབྲས་ཡོད་པས་རྒྱང་འཕེན་པ་ཆད་མཐར་མི་ལྟུང་བར་འགྱུར་རོ། །ཁས་བླང་ཐམས་ཅད་དང་བྲལ་བའང་མི་འཐད་དེ། རྒྱང་འཕེན་པའི་ལུགས་བཞིན་ཐལ་འགྱུར་པའི་ལུགས་ཀྱང་ཁས་ལེན་མི་རུང་ན། དབུ་མའི་གཞུང་ལ་ཐོས་བསམ་བྱས་པ་ཐམས་ཅད་དོན་མེད་དུ་འགྱུར་རོ། །ཡོད་པ་མ་ཡིན་པར་འདོད་ཀྱི་མེད་པར་མི་འདོད་ཅེས་སོགས་ཀྱང་དངོས་འགལ་གྱི་འཁོར་ལོ་ཡིན་ཏེ། ཡོད་མེད་ཅེས་པ་ཚད་མས་དམིགས་མ་དམིགས་ཡིན་པས། ཡོད་པ་མ་ཡིན་པར་ཁས་བླངས་པ་དེ་ག་མེད་པར་ཁས་བླངས་པ་ཡིན་ལ། མེད་པ་མ་ཡིན་པར་ཁས་བླངས་པ་དེ་ག་ཡོད་པར་ཁས་བླངས་པ་ཡིན་པའི་ཕྱིར། རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། ཞེས་སོ། །འདི་ནི་བཟློག་ཏུ་མེད་པ་མགོན་པོ་ཀླུ་སྒྲུབ་ཀྱི་རིགས་པ་ཡིན་ནོ། །དགག་བྱ་ཁྱབ་ཆེ་བའི་འདོད་ཚུལ་འདི་དག་ནི་རྩ་ཤེས་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པ་ལྟར་གྱི་ཉེས་དམིགས་ཆེ་ཤོས་དང་འཁྲུལ་གཞི་མང་ས་ཡིན་པས་ཅུང་ཟད་སྤྲོས་ཏེ་བཤད་པ་ཡིན་ལ། མཐའ་ཆོད་པར་ཤེས་འདོད་ན་རྗེ་བླ་མ་ཉིད་ཀྱི་གསུང་འབའ་ཞིག་ལ་བརྟེན་ནས་རྟོགས་པར་བྱ་དགོས་ཏེ། དེའི་གསུང་རེ་རེའི་དངོས་ཤུགས་ཀྱི་དོན་ཡང་གཞན་གྱིས་ཇི་ཙམ་འབད་པའི་ཐོན་པར་མི་ནུས་སོ། ། ― GTD001_Page_0021 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་དགག་བྱ་ཁྱབ་ཆུང་བས་རྟག་མཐར་ལྷུང་བ་དགག་པ་ནི། ཁ་ཅིག་ཆད་པར་དོགས་པ་ཡིས། །མ་སྐྱེས་མི་འགྱུར་ལྟོས་མེད་བདག །བཀག་ཙམ་དབུ་མར་འཁྲུལ་བ་ཡིས། །གྲུབ་མཐའ་རྣམ་བཞི་གཅིག་ཏུ་འགྱུར། །ཞེས་བྱུང་། དེའང་ཁྱབ་ཆུང་བ་རྣམས་ནི་རང་བཞིན་གྱིས་གྲུབ་པ་བཀག་ན་ཡེ་མེད་དུ་འགྲོ་བས་ཆད་མཐར་ལྷུང་གིས་དོགས་ཏེ་ཕྲ་བའི་བདག་མེད་ཀྱི་དགག་བྱ་ལའང་རྒྱུ་རྐྱེན་གཞན་ལས་མ་སྐྱེས་པ། ངོ་བོ་གཞན་དུ་མི་འགྱུར་བ། རྣམ་འཇོག་གཞན་ལ་མི་ལྟོས་པ་སྟེ་ཁྱད་པར་གསུམ་ལྡན་ཞིག་དགོས་པར་འདོད་ཅིང་། དེ་ནི་རྩ་ཤེས་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་ན་ནི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་དང་། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་དང་། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པ་རྣམས་ཀྱི་དགོངས་པར་སྨྲའོ། །དེ་འདྲ་བའི་ཁྱད་པར་གསུམ་ལྡན་གྱི་དགག་བྱ་ནི་ལྟ་བ་ཚོལ་བ་ལ་སྔོན་དུ་འགོག་དགོས་པ་ཞིག་ཡིན་མོད་ཀྱང་། དེ་བཀག་པས་འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་པ་དང་དབུ་མའི་ལྟ་བ་རྙེད་པར་འགྲོ་རྒྱུའི་དགག་བྱ་ཕྲ་མོ་ནི་མ་ཡིན་ཏེ། ལྷག་མཐོང་ཆེན་མོ་ལས། འདུས་བྱས་རྣམས་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་གཞན་དུ་འགྱུར་བ་ནི་རང་གི་སྡེ་བ་རྣམས་ཀྱིས་གྲུབ་ཟིན་པ་དེ་དག་ལ་རང་བཞིན་མེད་པ་བསྒྲུབ་མི་དགོས་པར་འགྱུར་བ་དང་། དེ་དག་གིས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པར་རྟོགས་པར་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པས་དེ་ཐུན་མོང་མ་ཡིན་པའི་དགག་བྱ་ག་ལ་ཡིན། ཞེས་གསུངས་པ་བཞིན། གཞི་གང་ཟག་ལྟ་བུ་དགག་བྱ་ཁྱད་པར་གསུམ་ལྡན་དེར་མ་གྲུབ་པ་བྱེ་མདོ་ཚུན་ཆད་ཀྱིས་ཀྱང་གྲུབ་ཟིན་པས་དེ་དག་གིས་ཀྱང་དབུ་མའི་ལྟ་བ་རྙེད་པར་ཐལ་བ་དང་། གྲུབ་མཐའ་བཞི་ལྟ་བའི་སྒོ་ནས་དབྱེ་བ་འབྱེད་ཚུལ་མེད་པའི་སྐྱོན་དུ་འགྱུར་རོ། །དེར་མ་ཟད་ཁྱད་པར་གསུམ་ལྡན་གྱི་འཛིན་ཚུལ་དེ་གྲུབ་མཐས་སྒྲོ་བཏགས་ཀྱི་བློ་ཀུན་བཏགས་ཁོ་ནས་འཛིན་ཚུལ་ཡིན་པས། གྲུབ་མཐའ་ལ་མ་ཞུགས་པའི་གང་ཟག་རང་དགའ་བའི་རྒྱུད་ཀྱི་བློ་ལྷན་སྐྱེས་ལ་འཛིན་ཚུལ་དེ་མེད་པའི་ཕྱིར། དེ་ལྟར་ན་དེ་ཉིད་འཁོར་བའི་རྩ་བར་མི་རིགས་ཤིང་དེའི་ཞེན་ཡུལ་མེད་པར་བསྒོམ་པ་ཙམ་གྱིས་འཁོར་བ་རྩད་ནས་སྤངས་པའི་ཐར་པ་འཐོབ་མི་ནུས་ཏེ། འཇུག་པ་ལས། རང་ཁྱིམ་རྩིག་ཕུགས་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་དང་། གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་སོགས་གསུངས་ཤིང་། སྔ་མའི་མཚམས་སྦྱོར་དུ་རང་འགྲེལ་ལས། ཕན་ཚུལ་འབྲེལ་བ་མེད་པའི་དོན་འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། ཞེས་སྐྲག་པའི་ཡུལ་སྦྲུལ་མཐོང་ནས་འཇིགས་པ་སྐྱེ་བ་ལ། སྐྲག་པ་སེལ་བའི་ཚེ་འདི་ན་གླང་པོ་ཆེ་མེད་ཅེས་དོན་མེད་ཀྱི་ལན་གཞན་བཏབ་པས་སྦྲུལ་གྱི་འཇིགས་པ་སྤོང་འདོད་པ་འབྲེལ་མེད་པ་ལྟར། འཁོར་བའི་འཇིགས་པ་ཐམས་ཅད་ཀྱི་རྩ་བ་ཕྲ་བའི་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་མི་འགོག་པར་དགག་བྱ་རགས་པ་ཞིག་བཀག་པས་འཁོར་བ་རྩ་བ་ནས་སྤོང་བར་འདོད་པ་བཞད་གད་ཀྱི་གནས་སུ་གསུངས་སོ། །ཚུལ་འདི་ནི་དཔལ་མགོན་ཀླུ་སྒྲུབ་དང་འཕགས་པ་ལྷས་ཞི་སྒོ་གཉིས་སུ་མེད་པར་གསུངས་པའི་དགོངས་པ་མཐར་ཐུག་གི་འགྲེལ་ཚུལ་ཡིན་ལ། རང་རྒྱུད་པ་རྣམས་ཐེག་པ་ཆེ་ཆུང་རྟོགས་རིགས་ཐ་དད་དུ་འདོད་པས། དབུ་མ་སྙིང་པོ་ལས། ཇི་ལྟར་འགའ་ཞིག་སྐྲག་པ་ཡིས། །ཐག་པ་ལ་ནི་སྦྲུལ་ཞེས་འཁྲུལ། །འཁྲི་ཤིང་བསྡོགས་པར་ཤེས་པ་ནི། །གཉེན་པོའི་ཕྱོགས་ཀྱིས་ཤེས་པར་འགྱུར། །ཞེས་ཐག་པ་འཁྱིལ་བ་ལ་སྦྲུལ་དུ་མཐོང་ནས་སྐྲག་པ་སྐྱེས་པའི་ཚེ་འདི་ཤིང་གི་ལྕུག་མ་ཕྲ་མོ་འཁྱིལ་བར་འདུག་ཅེས་བཤད་ན་གནས་ཚུལ་དངོས་མིན་ཡང་གནས་སྐབས་ཀྱི་སྐྲག་པ་སེལ་ཐུབ་པ་བཞིན། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་བཀག་ཙམ་དེ་ཕྲ་བའི་གནས་ལུགས་མཐར་ཐུག་ཏུ་མ་སོང་ཡང་འཁོར་བ་སྤོང་ཐུབ་པར་འདོད་དེ། འདིའང་འཕགས་ཡུལ་གྱི་མཁས་པས་རྩོད་ཚུལ་དཔྱད་གཞི་ཆེ་ནའང་སྐབས་མ་ཡིན་པས་མ་སྤྲོས་སོ། །ཁྱབ་ཆུང་བ་རྣམས་ཀྱི་ཁུངས་སུ་དྲངས་པའི་རྩ་ཤེས་ཀྱི་ལུང་དོན་ཡང་དེ་ལྟར་མིན་ཏེ། རྒྱུ་རྐྱེན་ལས་མ་སྐྱེས་པ་དང་ལྟོས་མེད་དུ་བཤད་པའི་ལུང་གཉིས་ཀྱིས་འཆད་རྒྱུའི་རང་བཞིན་ནི་དགག་བྱའི་རང་བཞིན་མ་ཡིན་པར་ཆོས་ཉིད་ལ་རང་བཞིན་དུ་བཤད་པ་དེ་ཡིན་ཞིང་། བཅོས་མིན་དང་ལྟོས་མེད་ཀྱི་དོན་ཡང་དཔེར་ན་མེའི་ཚ་བ་དེ་ཆུའི་ཚ་བ་ལ་ལྟོས་ཏེ་མེའི་རང་བཞིན་དང་། མེ་བདེན་མེད་ལ་ལྟོས་ཏེ་མེའི་རང་བཞིན་མ་ཡིན་པར་འགྲོ་བ་ལྟ་བུ་ལྟོས་ས་ལྟོས་འཇོག་ཙམ་མ་ཡིན་པར། མེའི་གནས་ལུགས་མཐར་ཐུག་པ་དེ་ལས་འདར་མེད་པའི་དོན་དུ་ཚིག་གསལ་ལས་གསུངས་སོ། །རང་བཞིན་གཞན་དུ་འགྱུར་བ་ཞེས་སོགས་ཀྱི་རང་བཞིན་དེ་དགག་བྱ་ལ་བྱེད་ཀྱང་རང་བཞིན་གྱིས་གྲུབ་ན་གཞན་དུ་འགྱུར་མི་སྲིད་པ་དང་སྐྱེ་བ་སྔ་ཕྱི་མི་འཐད་པ། ལས་མ་བྱས་པ་དང་ཕྲད་པ། བྱས་པ་ཆུད་ཟ་བ་སོགས་སུ་ཐལ་བ་ནི་རིགས་པའི་འཕུལ་མཚམས་ཡིན་གྱི། དེ་རེ་རེ་ནས་དགག་བྱ་ཕྲ་མོར་འཇོག་པ་གནས་མེད་དོ། ། ― GTD001_Page_0022 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་པ་བློས་བྱས་ཀྱི་ལྟ་བ་གཞན་དགག་པ་ལ། དངོས་དང་། བཀག་པ་རྣམས་ཀྱི་དོན་བསྡུ་བ་གཉིས། དང་པོ་ནི། ལ་ལ་དགག་བྱའི་མཚམས་ཀྱི་འབེན། །གཏད་མེད་ཕྱོགས་ཆར་གཅོད་པ་ཡིས། །སྟོང་པར་འཁྲུལ་ཡང་འཆར་སླ་ལ། །རྟེན་འབྲེལ་བཤིག་པ་སྨད་པའི་གནས། །ཞེས་བྱུང་། དེའང་ཁ་ཅིག་བཞི་བརྒྱ་པར། ཀུན་ཀྱང་ཡན་ལག་ཏུ་གྱུར་ནས། །སླར་ཡང་ཡན་ལག་ཅན་དུ་འགྱུར། །ཞེས་དང་། དེའི་འགྲེལ་པར་དཔལ་ལྡན་ཟླ་བས། བུམ་པ་དེ་གྱོ་མོ་སོགས་རང་གི་ཆ་ཤས་ལ་བརྟེན་ནས་ཡན་ལག་ཅན་དང་བུམ་པ་ཞེས་བློས་བཏགས་པ་ཙམ་ཡིན་ལ། དེ་བཞིན་དུ་གྱོ་མོ་ནས་རྡུལ་ཕྲ་རབ་ཀྱི་བར་དུ་སྦྱར་ཏེ་གསུངས་པ་སོགས་ཀྱི་ལུང་ཙམ་མཐོང་ཡང་དགོངས་པ་མ་ལོན་པ་དང་། མི་མཁས་པའི་སྐྱེ་བོ་རྣམས་ཀྱི་བཤད་ཚུལ་ལ་བརྟེན་ནས་བུམ་པའི་གནས་ལུགས་ལ་དཔྱོད་ཚུལ། བུམ་པའི་ལྟོ་བ་བུམ་པ་མིན། དེའི་ཁའང་བུམ་པ་མིན། མཆུའང་བུམ་པ་མིན་པས་བུམ་པ་མི་འདུག་སྙམ་དུ་བསྒོམས་པ་ནི་རྟེན་འབྲེལ་བཤིག་པའི་སྟོང་པ་ཞེས་བླུན་པོས་སྒོམ་ཚུལ་ཐ་ཤལ་ཡིན་ཏེ། ལྷག་མཐོང་ཆེན་མོ་ལས། བུམ་པ་ལ་སོགས་པ་རྣམས་མཆུ་དང་མགྲིན་པ་ལ་སོགས་པ་རང་གི་ཡན་ལག་གང་ཡིན་དཔྱད་པ་ན། དེ་དག་གང་དུའང་མ་རྙེད་པ་ན་བུམ་པ་མི་འདུག་གོ་སྙམ་དུ་ངེས་པ་འདྲེན་ལ། ཞེས་པ་ནས། ངེས་པ་ཕྱིན་ཅི་ལོག་ཏུ་དྲངས་པ་ལ་ལྟ་བ་རྙེད་པར་འཇོག་ན་འདི་སླ་ཤོས་ཤིག་ཏུ་སྣང་ངོ་། །ཞེས་དང་། རྗེ་བདག་ཉིད་ཆེན་པོས་བཤེས་གཉེན་དཀོན་མཆོག་ཚུལ་ཁྲིམས་པར་གནང་བའི་བསླབ་བྱ་ལས། ཡུལ་དང་དུས་ཆས་བསིལ་ན་གང་དུའང་གཟུང་ས་མི་འདུག་སྙམ་པའི་གོ་བ་སྐྱེས་པ་ཙམ་ལ་སྟོང་པ་ཉིད་ཀྱི་ལྟ་བ་རྙེད་པར་འཇོག་ན། སྦྱང་བ་ཙམ་མ་བྱས་པའི་དབང་པོ་ཤིན་ཏུ་བརྟུལ་བས་ཀྱང་རྟོགས་པར་ནུས་པས་དཀའ་བའི་དོན་མེད་ཀྱང་དེ་ཙམ་གྱིས་མི་ཆོག་གི །ཞེས་གསུངས་པ་ལྟར། འདི་ནི་འཆར་སླ་བའི་དབང་གིས་ད་ལྟའི་སྐྱེ་བོ་བློའི་མཐུ་ཞན་པ་རྣམས་ཀྱི་སེམས་ངོར་འཆར་བདེ་ཞིང་། དེ་ཡུན་རིང་དུ་གོམས་པའི་སྟོབས་ཀྱིས་ཕྱི་རོལ་རི་ར་བ་ཁང་ཁྱིམ་སོགས་ལ་བལྟས་པ་ན་སྣང་བ་བན་བུན་ངོས་གཟུང་མེད་པར་སོང་བ་ལ་རྗེས་ཐོབ་སྒྱུ་མ་ལྟ་བུའི་རྣལ་འབྱོར་དུ་རློམ་པ་འབྱུང་ཡང་དེའི་ཕྱོགས་ཙམ་དུའང་མི་འགྲོ་བའི་ཕྱིར། ལྷག་མཐོང་ཆེན་མོ་ལས། ཡུལ་དཔྱད་དེ་རིགས་པས་བསིལ་བ་ན་མི་འདུག་སྙམ་པ་དང་པོར་འབྱུང་ཞིང་། ཞེས་པ་ནས། རྟེན་འབྲེལ་བཤིག་པའི་སྟོང་པ་ཡིན་ལ། དེས་ན་དེ་རྟོགས་པས་དྲངས་པའི་སྣང་བ་བན་བུན་དུ་ཤར་བའང་སྒྱུ་མ་ལྟ་བུའི་དོན་གཏན་མིན་ནོ། །ཞེས་གསུངས་ཤིང་། རྗེ་བཙུན་རེད་མདའ་བའི་འཕྲིན་ཡིག་ཏུའང་། བཅོམ་གཞིག་ལྟ་བུའི་ཆད་པའི་སྟོང་པ་དང་། ཞེས་བུམ་པ་ཐོ་བས་བསིལ་བ་ལྟ་བུའི་སྟོང་ཚུལ་འདི་སྟོང་ཚུལ་བཞིའི་ཐ་ཤལ་དུ་གསུངས་སོ། ། ― GTD001_Page_0023 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་བཀག་པ་རྣམས་ཀྱི་དོན་བསྡུ་བ་ནི། རྟག་ཆད་གཉིས་ཀའི་གཡང་ས་ལ། །འཇིགས་ཕྱིར་དབུ་མར་འཇུག་དཀའ་ཡི། །དགག་པའི་ཕྱོགས་གཅིག་ཙམ་ཉིད་ན། །དེ་ནི་གང་ལས་དབུ་མར་བརྗོད། །དེ་ཕྱིར་མཁྱེན་པའི་གཏེར་གྱིས་ཀྱང་། །སྣང་སྟོང་ཉེ་རིང་མི་བྱ་ཞེས། །ཡོད་དང་མེད་པའི་མཐའ་གཉིས་ལས། །ཁྱོད་ཀྱི་ཐུགས་ནི་ཡོངས་སུ་བཟུང་། །ཞེས་བྱུང་། དེའང་དབུ་མ་ཞེས་པའི་དོན་ནི་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་མོ། །ཞེས་དང་། ཤེས་རབ་སྒྲོན་མེར་ཡང་། མཐའ་གཉིས་རྣམ་པར་སྤངས་པའི་དབུས་དང་འདྲ་བས་ན་དབུ་མ་སྟེ། དབུས་ཉིད་དབུ་མའོ་ཞེས་རང་གི་དོན་དེ་ལ་ཕན་པ་བརྗོད་པའོ། །ཞེས་པ་ལྟར་དབུ་མར་འགྲོ་བ་ལ་རྟག་ཆད་གཉི་གའི་མཐའ་ཁེགས་པ་ཞིག་དགོས་ཀྱི། སྔ་མའི་དགག་བྱ་ཁྱབ་ཆེ་ཆུང་ལྟ་བུ་མཐའ་རེ་རེ་འགོག་པའི་ཕྱིར་མཐའ་གཅིག་ཤོས་ལ་ཞེན་ན་མཐའ་དེར་ལྷུང་སྟེ་དབུ་མར་མི་ཚུད་པའི་ཕྱིར། དཔེར་ན་གཡས་གཡོན་གཉི་གར་གཡང་ས་ཡོད་པའི་ལམ་དུ་འགྲོ་བ་ཕྱོགས་གཉི་གར་ཟོན་བྱེད་དགོས་ཀྱི། གཅིག་ཁོ་ན་ལ་འཛེམ་ན་གཅིག་ཤོས་སུ་ལྷུང་སྟེ་སྐྱོན་འབྱུང་བའི་ཕྱིར། ཕྱོགས་གཉི་ག་ལ་མཐའི་མིང་གིས་བསྟན་པའི་རྒྱུ་མཚན་ཡང་དེ་ཡིན་ལ། དཔལ་ལྡན་ཟླ་བས་ཀྱང་། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་མཐའ་དེ་དག་གང་དུ་ལྷུང་ནའང་ཐར་པ་འཐོབ་མི་ནུས་པ་དང་། དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པའི་ཚུལ་ལ་ངེས་པ་རྙེད་ནས་བདེན་གཉིས་ཟུང་འཇུག་ཏུ་སོང་ན་ཐར་པའི་གྲོང་ཁྱེར་དུ་བགྲོད་ནུས་ཚུལ་ཡང་ཚིག་གསལ་ལས། ཡོད་དང་མེད་པ་གཉིས་སུ་སྨྲ་བ་བཀག་ནས་གཉིས་སུ་མེད་པའི་ལམ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་གསལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །མཐའ་གཉིས་གང་དུ་བཟུང་ཡང་གྲོལ་བ་འཐོབ་མི་ནུས་པར་མ་ཟད། དེའི་ནང་ནས་བདེན་གྲུབ་ཏུ་བཟུང་ཡང་ལས་འབྲས་ལ་རྩིས་སུ་བྱས་ན་བདེ་འགྲོའི་རྒྱུར་འགྲོ་བ་ཙམ་ཡོད་ལ། ད་ལྟ་ལྟ་བ་སྙིགས་མར་སོང་བའི་དབང་གིས་ཆད་ལྟ་ལ་དགའ་བ་མང་དུ་འོང་བས་དེའི་མཐར་ལྷུང་སྟེ་ལས་འབྲས་ལ་སྐུར་བ་བཏབ་ན་ངན་སོང་དུ་འགྲོ་བའི་ཚུལ་རིན་ཆེན་འཕྲེང་བ་ལས། འཇིག་རྟེན་ཡོད་ཅེའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཞེས་གསུངས་སོ། །རྟག་མཐར་ཞེན་པ་ལའང་སྟོང་ཉིད་བློར་མ་ཤོང་བས་ཤེར་ཕྱིན་སྤངས་ཏེ་ངན་འགྲོར་འགྲོ་བའི་ཉེས་དམིགས་ཅན་དུ་མ་ཡོད་པ་ནི་རིན་ཆེན་འཕྲེང་བ་ལས། གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བའི་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ། །ཞེས་དང་། ཚིག་གསལ་ལས། སྟོང་པ་ཉིད་སྤོང་བར་འགྱུར་ཏེ། དེ་ལྟར་སྤངས་ནས་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་ཀྱིས་ངེས་པར་ངན་འགྲོར་འགྲོ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་རྩ་བར། བདེན་གཉིས་གང་ལས་ཉམས་ཕུང་མཐར་ལྷུང་ཕྱིར། །འདི་གཉིས་ཉེ་རིང་མི་རིགས་ཟུང་འབྲེལ་གཅེས། །ཞེས་གསུངས་ཏེ། ཕྲ་བའི་དགག་བྱ་མ་ཁེགས་ན་རྟག་མཐར་ལྷུང་སྟེ་དོན་དམ་ལས་ཉམས་ཤིང་ཡེ་ཤེས་ཀྱི་ཚོགས་མི་འགྲུབ་པ་དང་། འགོག་ཆེས་པས་ཅང་མེད་དུ་བཟུང་ན་ཆད་མཐར་ལྷུང་ཞིང་ཀུན་རྫོབ་ཀྱི་བདེན་པ་དང་བསོད་ནམས་ཀྱི་ཚོགས་ལས་ཉམས་པར་འགྱུར་བའི་ཕྱིར། རྒྱུ་མཚན་དེ་ལ་དགོངས་ཏེ་རྗེ་བཙུན་མཁྱེན་པའི་གཏེར་གྱིས་རྗེ་བླ་མ་ལ་གདམས་པའི་ཚེ་ནའང་། སྣང་སྟོང་གཉིས་ལ་ཉེ་རིང་བྱེད་མི་ཉན་ཅིང་། ཁྱད་པར་དུ་སྣང་བ་ལ་རྩིས་སུ་བྱེད་དགོས་གསུངས་པའང་། རྟག་མཐར་ཞེན་ན་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཉམས་ཀྱང་། དེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མི་ཉམས་པས་མངོན་མཐོ་ལ་སྒྲིབ་པར་མ་ངེས་པ་དང་། ཆད་མཐར་ཞེན་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བའང་ཉམས་ནས་མངོན་མཐོ་ལའང་སྒྲིབ་པ་སྟེ་ཉེས་དམིགས་ཤིན་ཏུ་ཆེ་བས་མདོ་ལས། ཚུལ་ཁྲིམས་ཉམས་པ་ནི་སླ་ཡི། ལྟ་བ་ཉམས་པ་ནི་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་ལ། མངོན་པ་མཛོད་དུ། མེད་པར་ལྟ་བས་རྩ་བ་གཅོད། །ཅེས་པ་ལྟར་ལས་འབྲས་མེད་པར་ལྟ་བའི་དབང་གིས་དགེ་རྩ་གཅོད་པར་འདོད་པ་གྲུབ་མཐའ་བཞི་ག་མཐུན་ནོ། ། ― GTD001_Page_0024 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་འབྲས་ཡོད་པར་ཡིད་ཆེས་པའི་ལྟ་བ་འདི་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟེར་བའི་རྒྱུ་མཚན་ཡང་། གནས་ལུགས་མཐོང་བའི་ལྟ་བ་མཐར་ཐུག་གི་སྔོན་དུ་སྐྱེད་དགོས་པ་སྨིན་བྱེད་སྦྱོར་བ་ལྟ་བུ་ཡིན་པའི་ཆ་ནས་ཀྱང་བཤད་མོད། གཙོ་བོ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པའི་ལྟ་བ་ཡིན་པས་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་སྟོང་ཐུན་ལས་གསུངས་པ་ལྟར་རོ། །དེའང་ཐེག་པ་མཆོག་གི་གདུལ་བྱ་རྣམས་མི་གནས་བའི་མྱང་འདས་སུ་འཁྲིད་པ་ལ་ཚོགས་གཉིས་ཡ་མ་བྲལ་བའི་ལམ་གྱིས་སྲིད་ཞི་གཉི་གའི་མཐའ་འགོག་དགོས་ཤིང་། དེ་ལ་དང་པོར་བདེན་གཉིས་ཀྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་བསྟན་ནས་ངེས་པ་སྐྱེད་པ་ནི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་འཛིན་མཛད་ཚུལ་ཡིན་ཏེ། མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་དང་། དེའི་ཐད་ཀྱི་བརྒྱད་སྟོང་འགྲེལ་ཆེན་ལས། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བའི་ཚུལ་དུ་ཕན་པ་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་སྟོན་ཅིང་འདོམས་པ་ཞེས་བདེན་པ་གཉིས་སམ་སྣང་སྟོང་གཉིས་ཡ་མ་བྲལ་བའི་ལམ་ལ་འཁྲིད་ཚུལ་མཁས་དགོས་པར་གསུངས་སོ། །གདུལ་བྱ་རྒྱུད་མ་སྨིན་པ་ལ་དང་པོ་ནས་སྟོང་ཉིད་བསྟན་ཏེ་སྐྲག་པ་སྐྱེད་པ་དང་། ཀུན་རྫོབ་རིས་སུ་བོར་ནས་དོན་དམ་ཁོ་ན་ལ་འཁྲིད་པ་མི་རུང་བའི་ཚུལ་ཡང་དེ་ཉིད་ལས། ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་མ་བྱས་པར་ཐོག་མ་མེད་པའི་དུས་ནས་གོམས་པར་བྱས་པའི་དམིགས་པ་བཀག་སྟེ་མདོ་ཁོ་ནར་ལས་དང་པོ་བ་ལ་སྐྱེ་བ་མེད་པ་ལ་སོགས་པ་སྟོན་པར་བྱེད་པ་ནི་དམྱལ་བ་ལ་སོགས་པའི་འབྲས་བུ་དང་དམ་པའི་ཆོས་སྤོང་བར་བྱེད་པའི་སྡིག་པའི་རྒྱུར་འགྱུར་བ་ཉིད་ཡིན་པའི་ཕྱིར། ཞེས་གསུངས་ཏེ། འདིའི་རྩ་བའི་མདོ་ལས་ཀྱང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བར་གྱུར་ན་ནི། ཞེས་སོགས་ཀྱིས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་སེམས་དེར་སྟོང་ཉིད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་སེམས་འགོང་བ་དང་དངངས་ཤིང་སྐྲག་པ་སྐྱེད་ན་མི་དགེ་བའི་བཤེས་གཉེན་དུ་འགྱུར་བར་གསུངས་སོ། །ཐ་སྙད་ཚད་གྲུབ་སྔོན་དུ་མ་སོང་བར་རང་བཞིན་མེད་པར་བཟུང་བར་རློམ་ཡང་རང་བཞིན་མེད་དོ་ཞེས་པའི་ཚིག་ཙམ་ལ་ཡིད་བཟླས་བྱས་པའམ། ཡེ་མེད་དུ་བཟུང་བར་འགྲོ་ཡི། རང་བཞིན་མེད་རྟོགས་ཀྱི་བློར་མི་འགྱུར་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་དཔྱོད་པ་འཇུག །ཅེས་དང་། དབུ་མ་ལུང་རིགས་གཏེར་མཛོད་ལས། ཐ་སྙད་ཚད་གྲུབ་འཇོག་མི་ཤེས་པར་རང་བཞིན་མེད་པ་རྟོགས་མི་སྲིད་པར་ཐལ། ཚད་གྲུབ་འཇོག་མི་ཤེས་པར་རང་བཞིན་མེད་པར་བཟུང་བས་སྟོང་ཉིད་རྟོགས་མི་ཐུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ཡང་བུདྡྷ་པཱ་ལི་ཏ་ལས། མ་སྐྱེས་པ་དང་མ་འགག་པ་དེ་ཡིན་དུ་ཟིན་ཀྱང་གང་ལ་མངོན་སུམ་གྱི་ཤེས་པ་ཡོད་པ་དེ་ཉིད་ལེགས་པ་དང་ལྡན་ཞིང་བསྔགས་པ་ཡིན་གྱི། གཅིག་ཤོས་ནི་སྟོང་ཉིད་མངོན་སུམ་དུ་མ་གྱུར་པའི་ཕྱིར་ལྟ་བའི་སྐྱོན་གྱིས་གོས་ལ་མཁས་པ་རྣམས་ཀྱིས་སྨད་པར་ཡང་འགྱུར་བས། ཞེས་དབུ་མ་པ་དང་རྒྱང་ཕན་པ་གཉིས་ཀས་སྐྱེ་བ་སྔ་ཕྱི་རང་བཞིན་མེད་པར་བཟུང་བ་འདྲའང་ཞེ་འདོད་མི་འདྲ་བས་གཅིག་ལྟ་བ་རྣམ་དག་དང་། གཅིག་ཆད་ལྟར་འགྲོ་བར་གསུངས་པའི་ཕྱིར། དེས་ན་རྗེ་བླ་མ་ལ་རང་གི་ཡོངས་འཛིན་མགོན་པོ་འཇམ་པའི་དབྱངས་ཀྱིས་སྣང་སྟོང་གཉིས་ལ་ཉེ་རིང་བྱེད་མི་རུང་ཞེས་གདམས་པ་འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་གནད་ཤེས་པ་ཞིག་གིས་བལྟས་ན་དོན་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། ། ― GTD001_Page_0025 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་གཞན་གྱི་མན་ངག་ཅི་རིགས་ལ་བརྟེན་ནས་བཞག་པའི་ལྟར་སྣང་གི་ལྟ་བ་རྣམས་དགག་པ་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ནི། ཕྱག་རྫོགས་གསལ་སྟོང་འཛིན་མེད་ཅེས། །འགྲོ་འོང་གཟུགས་ཅན་ལྟར་མེད་དང་། །འབྱུང་འཇིག་རགས་པའི་མི་རྟག་ཚུལ། །མཐོང་བྱ་མ་མཐོང་བརྒྱལ་འདྲ་འམ། །གཟུགས་སུ་མ་གྲུབ་གསལ་རིག་ཙམ། །མྱོང་ལ་བདེན་མཐོང་རློམ་འཆང་ཞིང་། །ཕྱོགས་གླང་གྲགས་པ་སོགས་ཀྱིས་ཀྱང་། །དེ་ཉིད་མ་མཐོང་སྨྲ་བ་མཚར། །ཁ་ཅིག་མ་བཙལ་སྐྱོང་བར་རློམ། །ལ་ལ་བཙལ་ཡང་སྐྱོང་ཚེ་སྟོར། །བཟུང་ཡང་དཔྱོད་མེད་འཇོག་སྒོམ་ཙམ། །ལྟ་ལ་མཁས་པ་མིན་པར་གསུངས། །ཞེས་བྱུང་། དེའང་བཀའ་བརྒྱུད་པ་རྣམས་ས་ར་ཧ་སོགས་ཀྱི་མན་ངག་ལ་ཁུངས་བཅོས་ཏེ། རྒྱུ་རྐྱེན་གྱིས་གསར་དུ་བསྒྲུབ་པ་མ་ཡིན་པར་གཉུག་མ་ལྷན་ཅིག་སྐྱེས་པའི་གཤིས་སུ་གྲུབ་པ་སོ་མ་མ་བཅོས་པའི་སེམས་ཉིད་འོད་གསལ་ཕྱག་རྒྱ་ཆེན་པོ་གནས་ལུགས་མཐར་ཐུག་ཏུ་འདོད་པ་དང་། རྙིང་མ་པ་རྣམས་སློབ་དཔོན་པདྨའི་མན་ངག་ལ་ཁུངས་བཅོས་ཏེ་སྣང་སྟོང་དབྱེར་མི་ཕྱེད་པ་མཁྱེན་ཆ་ནང་དུ་གསལ་བའི་གཞོན་ནུ་བུམ་སྐུ་ཀ་དག་སྟེ་སྐྱོན་རྣམས་ཡེ་ནས་དག་ཅིང་ཡོན་ཏན་གྱི་ཆོས་ཡེ་ནས་རྫོགས་པའི་ལྷུན་གྲུབ་རང་གི་རིག་པ་ཆོས་སྐུ་ཀུན་ཏུ་བཟང་པོའི་རང་ཞལ་གནས་ལུགས་མཐར་ཐུག་ཏུ་འདོད་པ་དང་། ས་སྐྱ་པ་རྣམས་བིར་ཝ་པའི་མན་ངག་ལ་ཁུངས་བཅོས་ཏེ་སེམས་རང་གི་ངོ་བོར་གྲུབ་ཙམ་ནས་གསལ་བ་མི་འདོར་བས་གསལ་བ་སེམས་ཀྱི་མཚན་ཉིད། གསལ་བ་དེ་དབྱིབས་ཁ་དོག་སོགས་གང་དུ་བཙལ་ཀྱང་མི་རྙེད་པས་སྟོང་པ་སེམས་ཀྱི་རང་བཞིན་དེ་ལྟ་བུའི་གསལ་བའི་དུས་ཉིད་ན་སྟོང་ཞིང་། སྟོང་པའི་དུས་ཉིད་ན་གསལ་བས་གསལ་སྟོང་དབྱེར་མེད་ཟུང་འཇུག་བརྗོད་བྲལ་བཅོས་མ་མ་ཡིན་པའི་སེམས་ཀྱི་ངོ་བོ་གནས་ལུགས་མཐར་ཐུག་ཏུ་འདོད་པ་རྣམས་ཁུངས་གཏུགས་སའི་རྩ་བའི་སློབ་དཔོན་དང་། གང་ལ་བརྟེན་པའི་གཞུང་། བཤད་ཚུལ་གྱི་ཚིག་ཟིན། གཏན་ལ་འབེབས་བྱེད་ཀྱི་ལུང་རིགས། དཔེ་སོགས་མི་མཚུངས་པའི་གྲུབ་མཐའི་ཁྱད་པར་ཆེན་པོ་ཡོད་ཡོད་འདྲ་བ་ཞིག་བྱས་ཀྱང་། གཏན་ལ་ཕབ་ནས་བསྒོམ་རྒྱུའི་གནད་འགག་མཐར་ཐུག་ཏུ་སླེབ་པའི་ཚེ། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན། སེམས་ངོས་གཟུང་ཐམས་ཅད་དང་བྲལ་བའི་དོན་ཅིར་ཡང་མ་གྲུབ་པ་ཡིན་པས། གནས་ཚུལ་དེ་དང་མཐུན་པར་བློས་ཀྱང་ཅིར་ཡང་མི་འཛིན་པ་ཧད་དེ་ཆམ་མེ་འཇོག་དགོས་ཟེར་བ་ལ་ཐམས་ཅད་མགྲིན་གཅིག་ཏུ་འབབ་པ་ནི་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། གྲུབ་མཐའ་མི་མཐུན་པ་ཆེས་ཆེར་ཆེ་བ་རང་སྟོང་དང་། གཞན་སྟོང་དང་། ཆོས་ཉིད་བདེན་པར་གྲུབ་མ་གྲུབ་ལ་སོགས་པ་ཇི་འདྲ་བའི་རྩོད་པ་ཆེན་པོ་བྱེད་པ་ཐམས་ཅད་ཀྱང་ཟབ་དོན་ཉམས་སུ་ལེན་པའི་ཚེ་མི་འདྲ་བ་ཅུང་ཟད་ཀྱང་མེད་པར། ཞེས་པ་ནས། ཡུལ་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པར་འཇོག་ཟེར་བ་འདིར་ཁ་འཆམ་ནས་འོངས། ཞེས་དང་། གྲུབ་མཐའ་མི་མཐུན་པའི་ཁྱད་ཇི་ཙམ་ཕྱེའང་ལྟ་བ་གཏན་ལ་འབེབས་པའི་དུས་ཁྱད་ཕྱེ་བ་ལྟར་མི་སྒོམ་པར་བསྒོམ་དུས་ཅིའང་ཡིད་ལ་མི་བྱེད་པར་སྒོམ་པ་ལ་ཁྱད་པར་མེད་པས། ཞེས་སོགས་གསུངས་པ་བཞིན་གནད་ཀྱི་འབབ་ས་གཅིག་ཏུ་འགྲོ་བས་འདིར་ཡང་དཀྱུས་གཅིག་ཏུ་བྱས་པ་ཡིན་ནོ། །སེམས་ཀྱི་ངོ་བོ་འཚོལ་ཚུལ་ཡང་། སྤྱིར་འགྲོ་འོང་བརྟག་པའི་རབ་བྱེད་ནས་འབྱུང་བ་ལྟར་གནས་ལུགས་གཏན་ལ་འབེབས་ཚུལ་ཞིག་ཡོད་མོད་ཀྱང་། དེ་མ་ཡིན་པར་གཟུགས་ཅན་གྱི་དངོས་པོ་ཕྱོགས་གཞན་ནས་གཞན་དུ་འགྲོ་ཞིང་འོངས་པ་ལྟ་བུའི་ཚུལ་གྱིས་སེམས་འདི་དང་པོ་གང་ནས་འོངས། བར་དུ་གང་དུ་གནས། ཐ་མར་གང་དུ་འགྲོ་ཞེས་ཚོལ་བར་བྱེད་ཀྱང་དེ་ལྟ་བ་གཏན་ལ་འབེབས་དུས་ཀྱི་བཏགས་དོན་འཚོལ་ལུགས་མིན་པས། དེ་གང་དུའང་མ་རྙེད་པ་ཙམ་གྱིས་དགག་བྱ་ཁེགས་པར་མི་འགྱུར་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ལྟ་ཁྲིད་ཆེན་མོ་ལས། སེམས་སྐད་ཅིག་ཕྱི་མ་སྔར་མ་སྐྱེས་ཤིང་སྐྱེ་བ་ལ་མངོན་པར་ཕྱོགས་པ་རྣམས་གནས་འདི་འདྲ་ཞིག་ནས་ཚུལ་འདི་ལྟར་འབྱུང་བ་ཁྱི་ཚང་ནས་འབྱུང་བ་ལྟ་བུ་དང་། སྐྱེས་ནས་མ་འགགས་པ་རྣམས་གང་དུ་གནས་པའི་གནས་ཚུལ་རྒྱལ་པོ་གདན་ཐོག་ཏུ་གནས་པ་ལྟ་བུ་དང་། སེམས་སྐད་ཅིག་སྔ་མ་རྣམས་འགགས་ནས་གང་དུ་འགྲོ་བའི་གནས་དང་འགྲོ་ཚུལ་བྱི་བ་ཁུང་དུ་འཇུག་པ་ལྟ་བུའི་འགྲོ་ཚུལ་ནི་སེམས་ལུས་ཅན་མ་ཡིན་པས་ཐ་སྙད་དུའང་སུ་ཞིག་གིས་རྙེད་པར་འགྱུར། དེ་ལྟ་བུ་མ་རྙེད་པ་ཙམ་གྱིས་སེམས་བརྟག་ན་སྐྱེ་འགག་གནས་གསུམ་དངབྲལ་བར་ངེས་མི་ནུས་ཏེ། དེ་ཙམ་ཞིག་གྲུབ་ཀྱང་སེམས་རང་གྲུབ་དུས་ལས། དུས་གཉིས་པར་མི་སྡོད་པར་ཞིག་ནས་འགྲོ་བ་དང་། རང་དུས་སུ་གནས་པ་དང་། རྒྱུ་རྐྱེན་ཚོགས་པ་ལས་སྔར་མེད་གསར་དུ་འབྱུང་བའི་སྐྱེ་འགག་གནས་གསུམ་རང་བཞིན་གྱིས་གྲུབ་པའི་དོགས་པ་མི་ཆོད་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །ཡང་དོ་ཧ་ལས། ཇི་ལྟར་གཟིངས་ནས་འཕུར་བའི་བྱ་རོག་ནི། །ཕྱོགས་རྣམས་བསྐོར་ནས་སླར་ཡང་དེར་འབབ་བཞིན། །ཞེས་དང་། སྒམ་པོ་པ་ཡབ་སྲས་ཀྱིས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །ཞེས་སོགས་ཀྱིས་རླབས་རྒྱ་མཚོའི་ངང་དུ་ཐིམ་པ་ལྟར་སེམས་ལས་རྣམ་རྟོག་འཕྲོས་པ་ན་དེའི་ངོ་བོ་ལ་བལྟས་པས་རང་སོ་མི་ཟིན་པར་ཡལ་ནས་འགྲོ་བར་མཐོང་བ་ལ་སེམས་ཀྱི་གནས་ལུགས་མཐོང་བ་དང་ཆོས་སྐུ་མཐོང་བ་སོགས་སུ་བྱེད་ཀྱང་འདི་གནས་ལུགས་ཀྱི་ལྟ་བ་མ་ཡིན་ཏེ། དྲི་བ་ལྷག་བསམ་རབ་དཀར་ལས། ཅི་སྟེ་སྐད་ཅིག་དང་པོ་ལ་རྣམ་རྟོག་རིམ་ཤར་བྱུང་དུས་དེ་ག་ལ་ཅེར་བལྟས་པས་སྐད་ཅིག་གཉིས་པའི་ཚེ་རང་ཡལ་ལ་འགྲོ་བ་འདུག་པ་དེ་ག་ལ་ཆོས་སྐུར་ཤར་བ་ཟེར་སྙམ་ན། སྐད་ཅིག་དང་པོ་ལ་ཐོལ་སྐྱེས་པ་སྐད་ཅིག་གཉིས་པར་མི་སྡོད་པར་མཐོང་བ་དེ་ནི་མི་རྟག་པར་ལྟ་བའི་ཚུལ་ཡིན་གྱི། ཀླུ་སྒྲུབ་ལུགས་ཀྱི་སྟོང་པའི་ལྟ་ཚུལ་དང་ཕྱོགས་མི་གཅིག །ཅེས་དང་། མཁས་གྲུབ་རྗེའི་ལྟ་ཁྲིད་ཆེན་མོ་ལས། རྟོག་པ་རང་གྲུབ་དུས་ལས་དུས་གཉིས་པར་མ་བསྡད་པའི་མི་རྟག་པར་རྟོགས་པ་ལ་རྟོག་པའི་སྟོང་ཉིད་རྟོགས་པར་འདོད་པའི་ནོར་བ་རྣམ་པར་མི་འཚམ་པ་སྟེ། ཞེས་སོ། ། ― GTD001_Page_0026 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་རྣམ་རྟོག་གི་འཕྲོ་འདུ་ལ་བལྟས་པས་ངོས་གཟུང་མེད་པར་སྟོང་ཆམ་གྱིས་སོང་བ་ན་བཅས་བཅོས་གང་ཡང་མི་བྱེད་པར་སེམས་ཀྱི་གཉུག་མའི་ངོ་བོ་ངོས་གཟུང་ཅིའང་མེད་པ་སོ་མ་མ་བཅོས་ལྷུག་པ་དེའི་ངང་དུ་ལྷོད་ཀྱིས་གློད་ནས་ཅིར་ཡང་མི་འཛིན་པར་དམིགས་མེད་དུ་ཆམ་གྱིས་འཇོག་པ་དེ་ཆོས་ཉིད་ཀྱི་རང་ཞལ་ལྟ་ཚུལ་ཟབ་ཤོས་སུ་འདོད་དེ། རྗེ་སྒམ་པོ་པས། བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་དགར་ཞོག །ཡིད་ལ་མ་བྱེད་མི་དམིགས་ཞོག །ཅེས་དང་། དེ་ཉིད་ཀྱི་ཚོགས་ཆོས་ལས། རང་གི་སེམས་ལ་བལྟ་ན། སེམས་དེ་གློད་ལ་བཞག །སོ་མར་བཞག །རང་དགར་བཞག །ལྷུག་པར་བཞག །ཅེས་དང་། གློད་པ་རབ་ལ་སྒོམ་པ་རབ། །གློད་པ་འབྲིང་ལ་སྒོམ་པ་འབྲིང་། །ཞེས་སོགས་གསུངས་ཤིང་། ཞང་རིན་པོ་ཆེས། ཤེས་པ་ལྷོད་ཀྱིས་གློད་པའི་དུས། །གསལ་ལ་རྟོག་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་ལྟར་འཆར། །ཞེས་དང་། རྗེ་རྒོད་ཚང་བས། རང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་ངང་ལ་ལྷོད་དེ་བཞག །ཡལ་ལེ་ཆད་དེ་འཛིན་མེད་ཞོག །ཅེས་གསུངས་ཤིང་། དེ་དག་གི་དགོངས་པ་རྗེས་འཇུག་རྣམས་ཀྱིས་འདོད་ལུགས། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་ཕྱག་ཆེན་རྣམ་བཤད་ལས། མདོར་ན་སེམས་ཀྱི་གནས་ལུགས་ཅིའང་བསྒོམ་དུ་མེད་པས་ཅིར་ཡང་མི་སྒོམ་སྟེ། གལ་ཏེ་བསྒོམ་ན་ཇི་འདྲ་ཞིག་བསྒོམས་ཀྱང་ཡིད་ཀྱི་འདུ་བྱེད་དང་། དམིགས་པ་དང་། མཚན་མ་དང་། འཛིན་པ་དང་། ཞེན་པ་སྐྱེད་པ་ཙམ་ཡིན་ལ། དེ་དག་ནི་གནས་ལུགས་ཀྱི་ལྟ་སྒོམ་ཡང་དག་ཏུ་མི་རུང་བའི་ཕྱིར། ཞེས་བཤད་པ་ལྟར་ཚང་མས་མགྲིན་གཅིག་ཏུ་སྨྲའོ། །གནས་ལུགས་མཚན་མ་མེད་པའི་དེ་ཁོ་ན་ཉིད་དུ་འཇུག་པ་ལ། ཡོངས་སུ་དཔྱོད་པའི་སྒོ་ནས་དེ་ཉིད་བཙལ་བ་དགོས་ཀྱི། བརྒྱལ་བའམ་གཉིད་ལོག་པ་ལྟར་ཡིད་བྱེད་ཐམས་ཅད་བཀག་ནས་ཅིའང་མ་མཐོང་བར་སྟོང་ཆམ་མེ་བའི་ངང་ལ་ཧད་ཀྱིས་འཇོག་པ་ཙམ་བྱས་པས་གནས་ལུགས་རྟོགས་པ་མི་སྲིད་དེ། དཀོན་མཆོག་སྤྲིན་ལས། ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །ཞེས་དང་། དེའི་དོན་སྒོམ་རིམ་བར་པ་ལས། འདིས་ནི་ཡོངས་སུ་རྟོགས་པ་སྔོན་དུ་གཏོང་བ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏེ། ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་དང་། ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་མི་དཔྱོད་པར་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པ་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །ཞེས་དང་། ལྷག་མཐོང་ཆེན་མོ་ལས། སེམས་འཕྲོ་བ་བསྡུས་པའི་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་མཚན་མེད་དམ་མི་རྟོག་པར་འཇུག་པ་མི་སྲིད་པར་གསལ་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། འདི་ལ་དགོངས་ཏེ་དྲི་བ་ལྷག་བསམ་རབ་དཀར་དུའང་། གང་ལའང་མི་ལྟ་བ་དེ་ག་ལྟ་བའི་མཆོག་ཡིན། གང་ལའང་མི་སྤྱོད་པ་དེ་ག་སྤྱོད་པའི་མཆོག་ཡིན་སྙམ་ན་ནི། དེ་འདྲ་སྨྲ་བ་དེ་ཉམས་རྟོགས་བཟང་བཟང་འདྲ་བ་ཞིག་འདུག་སྟེ། དེ་ལྟ་ན་དགེ་སྦྱོར་མ་བྱས་པ་དེ་ག་བྱས་པ་དང་། སྒྲིབ་པ་མ་དག་པ་དེ་ག་དག་པར་ཡང་སོང་ཞིང་། ཞེས་སོགས་དགག་གཞག་མང་དུ་མཛད་དོ། །ཡང་ཁ་ཅིག་སློབ་མ་ལ་སེམས་འཚོལ་གྱི་གདམས་ངག་འབོག་པ་ན། ཁྱོད་ཀྱི་སེམས་དེ་ཁ་དོག་དཀར་སེར་སོགས་དང་དབྱིབས་རིང་ཐུང་སོགས་ཇི་འདྲ་ཞིག་ཏུ་འདུག་ཅེས་བལྟར་བཅུག་སྟེ། དེ་གང་དུའང་མ་གྲུབ་པ་གནས་ལུགས་སུ་ངོ་སྤྲོད་པ་དང་། དབྱིབས་དང་ཁ་དོག་སོགས་འདི་ལྟ་བུ་ཞེས་ངོས་འཛིན་རྒྱུ་མེད་པའི་མྱོང་བ་གསལ་རིག་ཙམ་དུ་མཐོང་བ་དེ་སེམས་ཀྱི་གནས་ལུགས་མཐོང་བར་བྱེད་དོ། །དེའང་མི་འཐད་དེ། སེམས་གཟུགས་ཅན་མ་ཡིན་པ་ལ་དབྱིབས་དང་ཁ་དོག་ཅི་འདྲ་ཞིག་ཏུ་འདུག་ཅེས་དཔྱོད་པ་ནི་འབྲེལ་མེད་ཀྱི་དཔྱོད་ལུགས་ཡིན་པས། དེ་ལྟར་དུ་མ་གྲུབ་པ་གནས་ལུགས་དང་། དེ་ལྟར་མ་གྲུབ་པར་མཐོང་བ་གནས་ལུགས་མཐོང་བར་འགྲོ་དོན་གཏན་མེད་པའི་ཕྱིར། དྲི་བ་ལྷག་བསམ་རབ་དཀར་ལས། འགའ་ཞིག་སེམས་འདི་ཁ་དོག་དང་དབྱིབས་གང་དུ་གྲུབ་འདུག་ལེགས་པར་བལྟས་པའི་ཚེ། དེ་གཉིས་གང་དུའང་མ་གྲུབ་པར་མཐོང་བ་དེ་ག་སེམས་མཐོང་བ་ཡིན་སྙམ་པ་དེ་ལྟར་ན་རྭ་རྣོ་ལ་རིང་བ་དེ་བོང་བུའི་མགོ་ལ་གྲུབ་བམ་རྟའི་མགོ་ལ་གྲུབ་འདུག་ལེགས་པར་བལྟས་པའི་ཚེ། དེ་གཉིས་གང་དུའང་མ་གྲུབ་པར་མཐོང་བ་དེ་ག་རྭ་མཐོང་བ་ཡིན་ནམ། ཞེས་སོགས་དང་། ཁྱི་དེ་སེང་གེ་དང་ཝ་གང་དུ་འདུག་བལྟས་པའི་ཚེ་དེ་གཉིས་གང་དུའང་མ་མཐོང་བ་དེ་ཁྱིའི་གནས་ལུགས་སམ་ངོ་བོ་མཐོང་བ་ཡིན་ནམ། ཞེས་སོགས་གསུངས་སོ། །དེར་མ་ཟད་ཞང་རིན་པོ་ཆེས་ཀྱང་། ཀུན་གྱི་ས་བོན་རང་སེམས་གནས་ལུགས་ནི། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དང་ནི། །ཡེ་ནས་ཁྱད་མེད་ཡེ་ཤེས་ཆོས་སྐུར་སྣང་། །བེམ་པོ་མ་ཡིན་རང་གི་ངང་གིས་གསལ། །དངོས་པོར་མ་གྲུབ་ཁ་དོག་ཚད་ཀྱིས་སྟོང་། །ཞེས་གསུངས་མོད་ཀྱང་། སེམས་དེ་མདོག་དབྱིབས་སོགས་ཅིར་ཡང་ངོས་གཟུང་དུ་མེད་པས་མྱོང་ཙམ་གྱིས་ངོ་བོ་སལ་ལེ་ཧྲིག་གེ་བར་མཐོང་བ་ན་སེམས་ཀྱི་དོན་དམ་པའི་གནས་ལུགས་མཐར་ཐུག་མཐོང་བ་མ་ཡིན་པར་ཐལ། མྱོང་བ་གསལ་རིག་ཙམ་ནི་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་ཡིན་པར་ཀུན་ལ་གྲགས་ཤིང་གྲུབ་པའི་ཕྱིར། ལྟ་ཁྲིད་ཆེན་མོ་ལས། ཁ་དོག་དང་དབྱིབས་ལ་སོགས་པ་འདི་ལྟར་འདུག་གི་ངོས་གཟུང་མེད་ཀྱང་། སལ་ལེ་ཧྲིག་གེ་བའི་གསལ་ཆ་མ་འགགས་པ་ལ་བལྟས་པས་དེ་ཉིད་རྗེན་ཆེར་གྱིས་མྱོང་བའི་ཚེ་སེམས་མ་བཅོས་སོ་མའི་རང་ངོ་མཐོང་བ་དང་སེམས་ཀྱི་གནས་ལུགས་མཐོང་བར་བྱེད་པ་ཡོད་དེ། དེ་དག་གིས་ལྟོ་ལྡིར་ཞབས་ཞུམ་པ་མཐོང་བ་བུམ་པའི་གནས་ལུགས་མཐོང་བར་འདོད་པ་དང་ཁྱད་མེད་དེ། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །རང་གིས་ཀྱང་གསལ་བ་སེམས་ཀྱི་མཚན་ཉིད་ཅེས་སྨྲས་པ་དྲན་པར་བྱོས་ཤིག །ཅེས་གསུངས་པའི་ཕྱིར། འདི་དག་ཏུ་སེམས་ཀྱི་གནས་ལུགས་ཚོལ་བ་ན་ཁ་དོག་དང་དབྱིབས་གང་དུ་འདུག་ཅེས་ཚོལ་བ་དཔྱད་ཚུལ་མི་ལེགས་པར་གསུངས་པ་ནི་གདུལ་བྱ་སྤྱི་ཁྱབ་ཀྱི་དབང་དུ་བྱས་པ་ཡིན། དམིགས་བསལ་རེ་གཉིས་ལ་ཁམས་དང་བསམ་པའི་དབང་གིས་དེ་ལྟར་བྱས་ཀྱང་དོན་དུ་འགྱུར་བ་སྲིད་པས། དཀོན་བརྩེགས་དང་རྣམ་སྣང་མངོན་བྱང་ལས་དེ་ལྟར་གསུངས་ཀྱང་སྐྱོན་མེད་དེ། སྤྱིར་ཏིང་ངེ་འཛིན་བསྒོམ་པ་ལ་བྱི་དོར་བྱས་པའི་གནས་ཡིད་མཐུན་དང་སྤྱོད་ལམ་ཚུལ་ལྡན་དགོས་ཀྱང་། བ་ལང་བདག་ལྟ་བུར་དེ་ལས་བཟློག་སྟེ་གསུངས་པ་དམིགས་བསལ་ཡིན་པ་བཞིན་ནོ། ། ― GTD001_Page_0027 ―
[མ་དཔེ་གཟིགས་ན་འདིར་གནོན།]
གོང་དུ་བཤད་པ་ལྟར་སེམས་ཀྱི་ངོ་བོ་ལ་བལྟས་པ་ན། གང་ནས་འོང་བ་དང་གང་དུ་འགྲོ་བའི་གཏད་སོ་མེད་ཅིང་། དབྱིབས་དང་ཁ་དོག་ཅིའང་བསྟན་དུ་མེད་པ་མྱོང་ཙམ་གྱི་ངོ་བོ་སལ་ལེ་ཧྲིག་གེ་བ་དེའི་ངང་ནས་རྣམ་རྟོག་གློ་བུར་བ་ཐོལ་གྱིས་སྐྱེས་པ་ན་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རང་སོ་མི་ཟིན་པར་ཡལ་ཏེ་སྟོང་ཆམ་གྱིས་ཡོད་པ་དེའི་ངོ་བོར་འཛིན་མེད་དུ་ཧད་ཀྱིས་འཇོག་པ་ལ་གནས་འགྱུ་འདྲེས་པ་ཞེས་ལྟ་བའི་མཐར་ཐུག་རྙེད་པར་རྩིའང་། དེ་ཙམ་ནི་གཞུང་ལུགས་ལ་ཆེར་མ་སྦྱངས་པའི་རྟུལ་པོ་ལའང་འཆར་སླ་བས་བོད་འདིར་དེ་ལ་བློ་ཁ་ཕྱོགས་མཁན་དང་། ཉམས་མྱོང་སྐྱེས་མཁན་མང་དུ་བྱུང་བ་ཡིན་སྣང་སྟེ། སྟོང་ཐུན་ལས། ཤེས་པ་ཁ་དོག་དང་དབྱིབས་གང་དུ་གྲུབ་དཔྱོད་པ་ལྟ་བུའི་རིགས་པ་ལྟར་སྣང་འགའ་ཞིག་གིས་བཙལ་བ་ན་ཆོས་གང་ལའང་འདི་ཡིན་མ་རྙེད་པ་ན། དཔྱོད་མཁན་གྱི་བློ་དེ་ལ་བལྟས་པས་དེ་ལའང་ངོས་གཟུང་ཅིའང་མ་རྙེད་པས། ཆོས་གང་ལའང་འདི་ཡིན་འདི་མིན་གྱི་ངོས་གཟུང་ཅིའང་མེད་པའི་ངང་ལ་བློ་གང་དུའང་མི་འཛིན་པར་འཇོག་པ་འདྲ་བ་ནི་ཆེས་ཤིན་ཏུ་སླ་བས་དེ་འདྲ་བ་ལ་སངས་རྒྱས་ཀྱིས་མཆོག་ཏུ་རྟོགས་དཀའ་བར་ག་ལ་གསུངས། ཚུལ་དེ་ཆེས་རྟོགས་སླ་བའི་རྒྱུ་མཚན་གྱིས་གངས་རིའི་ཁྲོད་འདིར་ཡང་དོན་འདི་རྟོགས་པ་ཤིན་ཏུ་མང་བར་བྱུང་། ཞེས་གསུངས། སྒོམ་ཚུལ་དེ་ཙམ་རེ་སྟོན་པའི་མན་ངག་རྣམས་ལ་གནས་ལུགས་སྟོན་པའི་མན་ངག་འཁྲུལ་མེད་དུ་བརྩི་ཞིང་། དེ་འདྲའི་མྱོང་བ་ཐན་ཐུན་ཕྱི་རོལ་པ་དང་ཐུན་མོང་བའི་ཏིང་ངེ་འཛིན་གྱི་སྣེ་ཟིན་ཙམ་རེ་སྐྱེས་པ་ལ་བདེན་པ་མངོན་སུམ་དུ་མཐོང་བའི་རློམ་སེམས་བྱེད་པ་དང་། འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་ཕལ་ཆེར་གནས་ལུགས་ཀྱི་ལྟ་བ་མ་རྙེད་པར་འདོད་པ་ནི་ཕྱོགས་ལྷུང་གི་གཏམ་ཆེས་ཤིན་ཏུ་མི་འོས་པའི་ངོ་མཚར་གྱི་གནས་སུ་གྱུར་པ་ཡིན་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། རྒྱལ་བས་ལུང་བསྟན་ཤིང་རྟ་ཆེ། །དབྱིག་གཉེན་དཔལ་ལྡན་ཆོས་སྐྱོང་དང་། །ཕྱོགས་གླང་ཆོས་གྲགས་དེ་བཞིན་དུ། །ཀླུ་སྒྲུབ་སྲས་པོ་ལེགས་ལྡན་འབྱེད། །ཡེ་ཤེས་སྙིང་པོ་ཞི་བ་འཚོ། །འཕགས་སེང་པདྨའི་ངང་ཚུལ་སོགས། །ཉམས་སྣང་མ་ཡིན་རང་མཚན་པར། །ལྷག་པའི་ལྷ་ཡིས་བཤེས་གཉེན་མཛད། །བོད་ཀྱི་གྲུབ་ཐོབ་ཕལ་ཆེར་གྱིས། །ཆར་མི་ཕོད་པའི་རྟོགས་པ་བརྙེས། །དེ་འདྲའི་ཤིང་རྟ་ཆེ་རྣམས་ཀྱིས། །སྟོང་ཉིད་ཟབ་མོའི་གནས་འདི་ནི། །ཐུགས་སུ་མ་ཆུད་སྤངས་སོ་ཞེས། །གཞུང་ལུགས་འཆད་པར་རློམ་པའི་ཚེ། །ཚམ་ཚོམ་མེད་པར་སྨྲ་བ་ལ། །མགྲིན་པ་བརྐྱངས་ཏེ་ཅི་དགར་འཇུག །གཏམ་དེ་བཟུང་ནས་སླར་ཡང་འདིར། །ཡང་དག་ལྟ་བའི་ཉམས་ལེན་ལ། །ཅུང་ཟད་སྨྲ་བར་ཞུགས་པ་ན། །བོད་འདིར་མཁས་རྨོངས་སོ་སོ་ཡིས། །རྣམ་པར་སྦྱར་བའི་མན་ངག་ནི། །ཞེས་པ་ནས། སེམས་ཉིད་གནས་ལུགས་ཚོལ་བ་ཡིས། །ཡང་དག་ལྟ་བ་ཟབ་མོའི་གནད། །འཁྲུལ་བ་མེད་ཅེས་སྨྲ་བ་ནི། །འདི་ལས་ཡ་མཚན་ཆེ་བ་དང་། །འདི་ལས་ངོ་མཚར་གྱུར་པ་ཅི། །ཞེས་གསུངས་པ་ལྟར་རོ། །རང་རེ་དགེ་ལྡན་པའི་ཁྲོད་ནའང་རྗེ་ཡབ་སྲས་ཀྱི་དགོངས་པ་ལེགས་པར་རྙེད་དེ་ཕ་རྗེས་བུས་ཟིན་པ་ཁ་ཤས་རེ་མ་གཏོགས། ཕལ་མོ་ཆེས་རང་བཞིན་མེད་པ་དང་། བདེན་པར་མེད་ཟེར་ཤེས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། ཟླ་བའི་འཇུག་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པའི་རྗེས་ཟློས་བྱས་ཏེ་མཁས་པ་དེ་དག་གིས་མ་དགོངས་པའི་གནད་རང་གིས་གོ་བའི་ཁུལ་བྱེད་པ་ཧམ་པ་ཆེས་པ་ཡིན་ནོ། །སྔར་བཤད་པ་དེ་དག་ལ་ཁ་ཅིག་འདི་སྙམ་དུ། འོ་ན་འདིའི་ཕྱོགས་སྔ་སྨྲ་བ་པོ་བཀའ་བརྒྱུད་པ་ཁོ་ནར་སྣང་བས། གོང་དུ། ཕྱག་རྫོགས་གསལ་སྟོང་འཛིན་མེད་སོགས། ཞེས་ས་སྐྱ་དང་རྙིང་མའི་ལྟ་བ་གཉིས་ཀྱི་མིང་ཙམ་སྨོས་པ་དོན་མེད་དོ་ཞེ་ན། སྟོང་ཐུན་སྔར་དྲངས་པ་བཞིན་དེ་རྣམས་གྲུབ་མཐའི་གཞུང་བཤད་བྱེད་པའི་ཚེ་མི་འདྲ་བ་ཆེ་ཆེ་ལྟ་བུར་ཡོད་དེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་དང་། ཐུབ་པའི་དགོངས་པ་རབ་ཏུ་གསལ་བ། ཕྱོགས་བཅུའི་སངས་རྒྱས་ལ་འཕྲིན་དུ་གསོལ་བ་སོགས་ལས་བཀའ་བརྒྱུད་པའི་ལུགས་ཀྱི་ཕྱག་ཆེན་ལ་ཧྭ་ཤང་གི་སྒོམ་དང་དབྱེ་བ་མེད་ཚུལ་གྱི་དགག་པ་མང་དུ་མཛད། འབྲུག་པ་པདྨ་དཀར་པོས་ཕྱག་ཆེན་བཤད་སྦྱར་རྒྱལ་བའི་གན་མཛོད་སོགས་སུ་དེ་དང་དྲི་བ་ལྷག་བསམ་རབ་དཀར་ལ་དངོས་ཤུགས་ཚུལ་དུ་ལན་དང་ཟུར་གྱི་དགག་པའང་མང་ཙམ་བྱས། དེར་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱིས་བརྒལ་བ་ལ། འབྲུག་པ་སངས་རྡོར་པས་ཡང་ལན་བྱས་པ་སོགས་མི་མཐུན་པ་མང་དུ་བྱུང་། འོན་ཀྱང་ལྟ་བ་མཐར་ཐུག་གི་ཚེ་དགག་བྱ་རང་བཞིན་གྱིས་གྲུབ་པ་བཅད་ཙམ་གྱི་མེད་དགག་འཛིན་སྟངས་སུ་བྱས་ན་ཆད་སྟོང་ལྟ་བུར་སོང་གིས་དོགས་པས་ཐུགས་ལ་མ་བདེ་བར་སེམས་ཀྱི་ངོ་བོ་ངོས་གཟུང་ཅིའང་མེད་པའི་སྟོང་ཆམ་མེ་བ་དེའི་མིང་ལ་སྤྲོས་བྲལ་དང་འོད་གསལ་དང་འཛིན་མེད་དང་ཀ་དག་རང་གི་རིག་པ་སོགས་མི་འདྲ་བ་རེ་བཏགས་ནས་ལྟ་བ་ཟུར་བ་རེ་ཡིན་རྒྱུའི་ཚུལ་བྱས་པ་ཙམ་དུ་ཟད་དེ། ལམ་འབྲས་པས་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་སྐབས། སྣང་བ་སེམས་སུ་སྒྲུབ། སེམས་སྒྱུ་མར་སྒྲུབ། སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་གསུམ་དུ་བྱས་ཀྱང་། སྒྱུ་མ་རང་བཞིན་མེད་པར་སྒྲུབ་ལུགས་ཀླུ་སྒྲུབ་ཡབ་སྲས་དང་རྗེའི་ལེགས་བཤད་ལྟར་མིན་ཏེ། ས་བཅད་དེ་གསུམ་ནི། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །ཞེས་པའི་ལྟ་རིམ་གསུམ་དང་སྦྱོར་ཞིང་། གསལ་བ། སྟོང་པ། འཛིན་མེད་གསུམ་གྱི་དོན་རིམ་པ་བཞིན་གཏན་ལ་འབེབས་བྱེད་ཡིན་པས། དགག་བྱའི་བདག་དགག་པ་ལྟ་རིམ་གཉིས་པར་བྱས་ཏེ། གསུམ་པ་མཐར་ཐུག་གི་སྐབས་བདག་མེད་དོ་སྙམ་དུ་འཛིན་པའང་མི་རུང་བར་འདོད་དོ། །དེའི་རྒྱུ་མཚན་ཡང་ས་ཆེན་གྱིས། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་དེའི་ཚེ་སྟོང་འཛིན་བྱུང་ནའང་ལྟ་བ་དུག་མེད་དུ་མི་འགྱུར་བར་གསུངས་པས། ཐ་མར་ལྟ་ཞིག་ཀུན་བཟློག་པ། །ཞེས་པའི་དགོངས་པ། གཞོན་ནུ་རྒོད་དང་ལྐུག་པའི་རྨི་ལམ་དང་། །ཞེས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེས་བརྗོད་བྲལ་ཏེ་དགག་སྒྲུབ་གང་ཡང་མི་བྱེད་པར་འཛིན་མེད་ཀྱི་ངང་དུ་ཆམ་མེ་འཇོག་པར་བཞེད་པས་འགག་འདིར་སླེབ་དུས་ཕྱག་རྒྱ་བ་དང་བཀའ་བགྲོས་མཐུན་པ་སྣང་ངོ། །དེར་མ་ཟད་སྐྱེ་འགག་མེད་པ་སོགས་གཏན་ལ་འབེབས་དུས་ཀྱང་། ཁ་ཏོན་མར་མེ་མེ་ལོང་རྒྱ། །ཞེས་སོགས་དཔེ་དོན་དུ་མས་གང་ནས་གང་དུ་འགྲོ་འོང་གནས་གསུམ་བྱེད་རྒྱུ་མེད་པར་སྒྲུབ་ལུགས་ཕྱག་རྒྱ་བ་དང་འདྲའོ། །རྙིང་མའི་ལྟ་བའང་རྫོགས་ཆེན་ཨ་རོའི་མན་ངག་ལས། སྣང་བ་སེམས་སུ་ཐག་བཅད། སེམས་སྟོང་པར་ཐག་བཅད། སྟོང་པ་གཉིས་མེད་ཟུང་འཇུག་ཏུ་ཐག་གཅད། གཉིས་མེད་རང་གྲོལ་བདེ་བ་ཆེན་པོར་ཐག་བཅད་པ་བཞིར་བྱས་ཤིང་། རིག་འཛིན་ཞལ་ལུང་སོགས་ལས་ངོ་སྤྲད་པའི་རིག་པ་གཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེང་ཚད་བཙལ་བ་དང་ལྔར་ཡང་བྱས་ལ། འདིས་ཀྱང་གཉིས་མེད་ཟུང་འཇུག་ནི། སྟོང་བཞིན་དུ་གསལ། གསལ་བཞིན་དུ་སྟོང་པས་བརྗོད་བྲལ་འཛིན་མེད་དུ་ཐལ་ལེ་བ་དེ་ལ་བྱེད་པས། ཕྱག་རྒྱ་བའི་གནས་འགྱུ་འདྲེས་པ་དང་དོན་འདྲའོ། །ཡང་འདིས། འདས་པའི་སེམས་ནི་བར་སྣང་བྱ་རྗེས་འདྲ། །ད་ལྟའི་སེམས་ནི་བར་སྣང་སྟོང་པ་འདྲ། །མ་འོངས་སེམས་ནི་རྩིས་མེད་མུན་པ་འདྲ། །དུས་གསུམ་སྐྱེ་འགག་མེད་པར་ཤེས་པར་བྱ། །ཞེས་སོགས་སྐྱེ་འགག་གནས་གསུམ་གྱི་སྒོ་ནས་སེམས་ཚོལ་ཚུལ་ཡང་ཕྱག་རྒྱ་བ་དང་འདྲ་ལ། རིག་པ་རྩལ་སྦྱང་བའི་སྐབས། རང་གནས་བསམ་གཏན་གྱི་ངང་དུ་སྦྱང་བ། རང་གདངས་ཡེ་ཤེས་ཀྱི་རོལ་པར་སྦྱང་བ་གཉིས་དང་། ཕྱི་མ་ལ། གནས་པ་སེམས་ཀྱི་རྒྱན་དུ་གྱུར་པ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་པ། གཉིས་མེད་མཉམ་པའི་ངང་དུ་གནས་པ་སོགས་ཀྱང་བཀའ་བརྒྱུད་པའི་རིག་པ་རྐྱང་དེད་དང་རྟོག་པ་ཐོལ་སྐྱེས་རྦད་གཅོད་དུ་གཏོང་བ། གནས་འགྱུ་འདྲེ་བ་སོགས་ཀྱི་མིང་བརྗེས་པ་ཙམ་དུ་སྣང་ངོ་། །འོན་ཀྱང་ཁོང་རང་རྣམས་ཀྱི་བཞེད་པ་དེ་ཕྱག་རྒྱ་བ་དང་མི་འདྲ་བའི་རྒྱུ་མཚན་སོ་སོ་ནས་ནན་ཆེར་གསུང་སྣང་སྟེ། འཇམ་མགོན་ས་པཎ་གྱི་ཞལ་ནས། སེམས་རྐྱང་པ་ངོ་སྤྲོད་པ་མུ་སྟེགས་པའི་ལུགས་ཡིན་གསུངས་ཤིང་། འཇམ་དབྱངས་མཁྱེན་བརྩེས་ཀྱང་། སྣང་བ་སེམས་སུ་ངོ་སྤྲོད་པ་འདི་ཁམ་ཆེ་བ་ཡིན། སེམས་རྐྱང་པའི་ངོ་སྤྲད་ན་ཁོ་རང་རྐྱང་དེད་བྱས་དུས་ཡོད་ཡོད་འདྲ་མོ་ལ་ཡུལ་དང་ཕྲད་པའི་ཚེ་རྐྱེན་མི་ཐུབ་པ་མང་། དེང་སང་ལོ་མང་པོར་རི་ལ་བསྡད། དཔེ་མེད་ཀྱི་ཐུགས་དམ་པར་བྱེད་པ་ཚོ། ཞེས་སོགས་ཀྱིས་ཟུར་ཟ་དང་བཅས་པ་མང་པོ་གསུངས་སོ། །རྫོགས་ཆེན་པ་རྣམས། ཕྱག་རྒྱ་བས་ཡུལ་ལ་ཕར་རྒྱས་འདེབས་པས་མི་ཟབ་ཅིང་། ཁོང་རང་རྣམས་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པས་ཟབ་པ་དང་། སྤྲོས་པ་འགོག་ཚུལ་ཡང་མི་འདྲ་བར་འདོད་དེ། རྒྱལ་དབང་གིས་མཛད་པའི་མཁའ་འགྲོ་སྙིང་ཐིག་གི་མཆན་འགྲེལ་སྣང་བཞིའི་འོད་ཟེར་ལས། ཕྱག་རྒྱ་བ་ཚོ་རྣམ་རྟོག་ལ་བྱ་ར་བྱེད་ཅིང་འགོག་པས་འདི་དང་མི་མཐུན། རང་ལུགས་རྣམ་རྟོག་དགག་སྒྲུབ་མེད་པ་བྱ་འཕུར་ཡང་ནམ་མཁའ་ལས་མ་འདས་པ་ལྟ་བུ། ཞེས་གསུངས་ཀྱང་། རྗེ་མི་ལས། ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ནམ་མཁའ་རང་གི་ངང་དུ་ཞོག །གསུངས་པ་ལས་ཟབ་ཏུ་སོང་བ་མེད་འདྲའོ། །མདོར་ན་རྗེ་བླ་མའི་རང་ལུགས་འདི་ལྟ་བུ་གཞན་དང་མ་འདྲེས་པའི་ཁྱད་ཆོས་གཟེངས་ཀྱིས་ཐོན་པ་བྱུང་ན་བློ་གྲོས་ཅན་རྣམས་ཀྱིས་བལྟས་ཙམ་ནས་ཁྱད་པར་མཐོང་འོང་བས། ངེད་གཉིས་མི་འདྲ་ཞེས་སྨྲ་གྱིན་སྡོད་མི་དགོས་ཀྱང་ཁོང་རྣམས་ཕན་ཚུན་གཞོག་འདྲེས་ཆེས་པས། ལྟ་བ་བཤད་པ་ལས་ཟུར་དུ་མི་འདྲ་ཚུལ་བཤད་དགོས་བྱུང་བ་ཡིན་ནོ། །བོད་ཀྱི་གྲུབ་མཐའ་ཕལ་མོ་ཆེ་གཅིག་གིས་གཅིག་ལ་བསྲེ་ལྷད་བྱས་པ་སྣ་ཚོགས་འོངས་པར་སྣང་ཏེ། ཀུན་གཟིགས་ལྔ་པ་ཆེན་པོས་འཁྲུལ་བྲལ་མཁས་པའི་ཡང་རྩེར་བསྔགས་པ་སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་སུ། གཤེན་རབ་མི་བོ་ཞེས་གྲགས་པའི་རྗེས་འབྲང་བོན་ཐེག་པ་རིམ་པ་དགུ་སྟེ། རྒྱུའི་བོན་བཞི། འབྲས་བུའི་བོན་བཞི། ཐེག་པ་བླ་ན་མེད་པའི་བོན་ནོ། །ཞེས་པ་ནས། ཐ་མ་ནི་རྫོགས་རིམ་པ་རྫོགས་ཆེན་པ་དང་མཐུན་པ་སྟེ། དང་པོ་བཞི་བོད་ཀྱི་ལྷ་འདྲེས་བསྟན། བར་པ་བཞི་མཛོད་འདུལ་ཕར་ཕྱིན་རྣམས་འདྲ་མིན་དུ་བསྒྱུར། ཐ་མ་ནི་རྒྱ་ནག་ཧྭ་ཤང་གི་ལུགས་ཀྱི་ལྷག་མ་ལུས་པ་སྟེ། འདིའི་ལྷད་འདྲེས་པ་ནི་ལྟ་བ་མཐོ་མཐོ་མོར་བྱས་ནས་སྤྱོད་པ་ཁྱད་དུ་གསོད་པ་གཞན་ཡང་མང་ངོ་། །ཞེས་གསུངས་སྣང་བས། འདིའང་འཁྲུལ་མེད་ཡིན་ཚེ་བོན་རྫོགས་གཉི་ག་ཐུགས་ནང་ཉེ་བོ་ཡོད་འདྲ་ལ། ཟུར་འཕོགས་གཞན་ཡང་མང་ཚོད་དུ་འདུག་གོ །དེ་དག་ཕལ་ཆེར་མེད་དགག་བྱས་ན་ཅང་མེད་དུ་གོ་སྟེ་སྤྲོས་བྲལ་ཞེས་པའི་མིང་སྙན་པོ་ལ་དགའ་ཞིང་། སྤྲོས་བྲལ་གྱི་དོན་ཡང་དགག་བྱའི་བདག་གི་སྤྲོས་པ་བཀག་ཙམ་ལ་བྱས་ན་མེད་དགག་དང་ཁྱད་མེད་དུ་འགྲོར་དོགས་ནས་རྣམ་རྟོག་གི་སྤྲོས་པ་ཡིད་ངོར་བཅད་ཙམ་གྱི་ཧད་དེ་བ་དེ་ལ་བཞག་པའི་དབང་གིས་འདམ་གྱི་ཕུར་པ་བཞིན་རང་ལུགས་སོ་མི་ཟིན་པ་ཁོ་ན་བྱུང་བ་ཡིན་ཏེ། རྩ་ཤེས་ཊཱིཀ་ཆེན་ལས། སྤྲོས་བྲལ་རྟོགས་སོ་བྱས་ན་ཤིན་ཏུ་རངས་ཤིང་དགའ་ལ། སྤྲོས་པ་མེད་པ་དགག་པ་འཇལ་ལོ་བྱས་ན་མི་བཟོད་པ་ནི། དགག་བྱ་རྣམ་པར་བཅད་ཙམ་ཞིག་མེད་དགག་གི་དོན་ཡིན་པ་མ་རྟོགས་པར་མེད་དགག་ཐམས་ཅད་རི་བོང་གི་རྭ་དང་འདྲ་བའི་ཅང་མེད་དུ་འདོད་པའི་བློ་སྐྱོན་ཡིན་ཏེ། ཞེས་གསུངས་སོ། །འདི་ནི་གནད་ཤིན་ཏུ་ཆེ་སྟེ། མཁས་གྲུབ་རྗེའི་ལྟ་ཁྲིད་ཆེན་མོ་ལས། རྗེ་ཉིད་ཀྱི་དྲང་ངེས་རྣམ་འབྱེད་དང་། རྩ་འཇུག་གི་རྣམ་བཤད་གཉིས་དང་། ལྷག་མཐོང་ཆེན་མོ་རྣམས་སུ་དགག་པའི་རྣམ་གཞག་ཡང་ཡང་མཛད་པ་ནི། ཞེས་པ་ནས། སྟོང་ཉིད་མེད་དགག་ཡིན་ན་ཆད་སྟོང་དུ་འགྱུར་བས་སྟོང་ཉིད་སྒོམ་པའི་ཚེ་ཅིའང་ཡིད་ལ་མི་བྱེད་པར་སྨྲ་བ་དགག་པའི་ཆེད་དང་། ལྟ་བ་སྐྱོང་བའི་ཚེའང་མ་ཡིན་དགག་བསྒོམ་པའི་གོལ་ས་གཅོད་པའི་དོན་དང་། བློ་ཡུལ་དུ་འཆར་ཚུལ་ལ་མི་ལྟ་བར་ཚིག་ཙམ་ལ་འཆེལ་ནས་དོན་དམ་བདེན་པ་དོན་དམ་བདེན་པ་མིན། ཆོས་ཉིད་ཆོས་ཉིད་མིན་ཞེས་སྨྲ་བ་སོགས་ཀྱི་ལོག་རྟོག་དགག་པའི་དོན་དུའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་བཞི་བརྒྱ་པར། བདག་མེད་ཅེས་ནི་བྱ་བར་བརྗོད། །ཆོས་འདི་ཡི་ནི་མིང་ལས་ཀྱང་། །དམ་པ་མིན་ལ་འཇིགས་པ་སྐྱེ། །ཞེས་གསུངས་པ་བཞིན། ཐོག་མ་མེད་པ་ནས་དངོས་པོར་མངོན་པར་ཞེན་པའི་བག་ཆགས་ཀྱི་དབང་གིས་བདེན་དངོས་བཀག་ཙམ་གྱི་སྒྲའང་མི་བཟོད་པ་རྣམས་ལ་རྗེ་བླ་མས་དོན་དེར་གོ་བ་བདེ་བླག་ཏུ་སྐྱེད་པའི་ཚུལ་ཐབས་མཁས་ཀྱིས་འདོམས་པར་མཛད་པ་འདིས་ཐེག་གསུམ་བགྲོད་པ་གཅིག་པའི་ཞི་བའི་སྒོ་ལམ་ཡངས་པོར་བྱས་པ་ཤེས་པར་གྱིས་ལ། རྗེས་འཇུག་བློ་གསལ་རྣམས་བསྡུས་ཚད་ལ་སྦྱོང་དུས་ནས་དགོས་པ་འདི་ངོས་ཟིན་པར་གྱིས་ཤིག ། ― GTD001_Page_0028 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེས་ན་འཕགས་པའི་མཉམ་གཞག་གི་འཛིན་སྟངས་ལ་དགག་བྱ་བཅད་ཙམ་གྱི་མེད་དགག་འོང་བར་བློ་འཚུབ་མི་དགོས་པར་མ་ཟད། རྗེ་བླ་མས་དེ་ལྟར་གསུངས་པ་འདི་མདོ་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་ཤེར་ཕྱིན་བསྒོམ་པའི་ཚེ་རང་བཞིན་མེད་པ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་དགོས་པར་གསུངས་ལ། ཡུལ་ཆོས་ཉིད་དེ་དངོས་པོ་གཞན་སྒྲུབ་པའི་ཆ་ནས་མི་འཇོག་པར་དགག་བྱ་བཀག་ཙམ་གྱི་ལྡོག་པ་ཁོ་ནས་འཇོག་དགོས་པས་མེད་དགག་ལས་མ་འདས་ཚུལ་ཡང་དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་ཞེས་གསུངས་པའི་ཕྱིར་དང་། རྩ་ཤེས་སུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སོགས་ཀྱིས་དོན་དམ་པར་སྐྱེ་འགག་སོགས་བརྒྱད་མེད་པ་མཉམ་གཞག་གི་ཡུལ་དུ་གསུངས་ལ། བཞི་བརྒྱ་པའི་འགྲེལ་པར་ཡང་། གང་ཞིག་ཞི་བའི་སྒོ་གཉིས་སུ་མེད་པ་དེ་ནི་བདག་མེད་པའོ། །གང་ཞིག་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་དེ་ནི་བདག་མེད་པའོ། །གང་ཞིག་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ནི་བདག་མེད་པའོ། །ཞེས་བདག་མེད་པ་ཁོ་ན་གསལ་བར་གསུང་གི །མིང་ནས་སྨོས་ཐུབ་མི་ཐུབ་བྱས་ཏེ་གང་དུའང་མི་འཛིན་པའི་ཆམ་མེ་ཧད་དེ་ཐལ་ལེ་ཞེས་མ་གསུངས་སོ། །དེ་ལྟར་གཏན་ལ་ཕབ་པའི་ལྟ་བའི་ངོ་བོ་ལ་ནོར་བ་བྱུང་བར་མ་ཟད། ཐོག་མར་དེ་སྒོམ་ཚུལ་ལའང་འཁྲུལ་བ་སྣ་ཚོགས་བྱུང་བས། འདིར། ཁ་ཅིག་མ་བཙལ་སྐྱོང་བར་རློམ། །ཞེས་སོགས་སྨྲས་ཏེ། ཁ་ཅིག་ཟབ་མོའི་ལྟ་བ་རྟོག་གེའི་སྤྱོད་ཡུལ་མིན་པས་དཔྱད་པ་མང་པོ་བྱེད་པ་ཁྱི་རྡོ་ཕྱིར་འབྲངས་པ་ལྟར་དོན་མེད་ལ། སྡུག་བསྔལ་གྱི་རྩ་བ་རྣམ་རྟོག་ཡིན་པས་དེ་ཚེར་མ་བཞིན་དུ་བཏོན་ནས་མི་རྟོག་པ་ཁོ་ནར་འཇོག་དགོས། དེ་ལྟར་བཞག་ན་གནས་ལུགས་བསྒོམ་པར་ཡང་འགྲོ་སྟེ། ཆོས་གང་ལའང་འདི་ཡིན་འདི་མིན་སོགས་གང་གིའང་ངོས་གཟུང་བྱས་མེད་པ་དེ་གནས་ལུགས་ཀྱི་གཤིས་ཡིན་པས། དེ་ལ་སེམས་ཀྱིས་ཀྱང་འདི་ཡིན་འདི་མིན་སོགས་གང་དུའང་མི་འཛིན་པར་འཇོག་པ་དེ་གནས་ལུགས་དང་མཐུན་པར་འཇོག་པ་ཡིན་པའི་ཕྱིར་ཞེས་ཟེར། ལ་ལ་དང་པོར་སྟོང་ཉིད་ཀྱི་ལྟ་བ་མ་བཙལ་བར་མི་རྟོག་པར་བསྒོམ་པ་ཙམ་གྱིས་གོ་མི་ཆོད་ཀྱང་། ལྟ་བ་རྙེད་པའི་རྗེས་སུ་མི་རྟོག་པར་བཞག་ཚད་སྟོང་ཉིད་བསྒོམ་པར་འགྲོ་ཟེར། ལ་ལ་སྟོང་ཉིད་རྟོགས་རྗེས་སུའང་མི་རྟོག་པར་བཞག་ཚད་སྟོང་ཉིད་ཀྱི་སྒོམ་རྣམ་དག་ཏུ་མི་འགྲོ་ལ། ལྟ་བའི་དཔྱད་པ་ཚར་རེ་སྔོན་དུ་བཏང་ནས་མི་རྟོག་པར་བཞག་ན་སྟོང་ཉིད་བསྒོམ་པར་འགྲོ་ཟེར། གཞན་དག་སྔ་མ་གསུམ་ལྟར་མི་འདོད་ཀྱི། བསྒོམ་པའི་ཚེའང་སྟོང་ཉིད་ལ་ངེས་པ་དྲངས་པའི་འཛིན་སྟངས་མ་ཤོར་བའི་ངང་དུ་མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་པ་དེ་ལྟ་བའི་སྐྱོང་ཚུལ་རྣམ་དག་ཡིན་ཞེས་ཟེར་རོ། །ལུགས་དང་པོ་མི་འཐད་དེ། ཡིན་མིན་དང་ཡོད་མེད་སོགས་གང་གི་ཕྱོགས་སུའང་འདིའོ་སྙམ་དུ་འཛིན་པ་མེད་པར་གསལ་རིག་ཙམ་དུ་གནས་པས་ལྟ་བ་བསྒོམ་པར་འགྲོ་ན་དབང་ཤེས་རྣམས་ཀྱང་དེར་འགྱུར་ལ། ཧྭ་ཤང་གི་ལྟ་བའི་འདོད་ཚུལ་ཡང་ཅིའང་ཡིད་ལ་མི་བྱེད་པར་ཙོམ་འཇོག་བྱེད་པ་འདི་ཁོ་ན་ཡིན་པས་ཁྱད་པར་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཁོ་བོ་ཅག་སྦྱིན་སོགས་ཐབས་ཀྱི་ཆ་ལ་སྐུར་བ་མི་འདེབས་པས་སྤྱོད་པའི་ཆ་ནས་ཁྱད་པར་ཡོད་ཅེས་ལན་འདེབས་པ་ནི། ལྟ་བར་སྐྱོན་བཏགས་པ་ལ་ལྟ་བའི་ཆ་ནས་སྐྱོན་མེད་ཚུལ་ཤོད་རྒྱུ་མ་རྙེད་པའི་རྟགས་སུ་འདུག་པས། དོན་གྱིས་རང་སྐྱོན་ངོས་བླངས་པ་ཡིན་ཏེ། ལྷག་མཐོང་ཆེན་མོ་ལས། སྤྱོད་པ་ཙམ་གྱི་སྒོ་ནས་ཁྱད་འབྱེད་དགོས་པར་བྱུང་ན་ཁོ་བོ་ཅག་དང་ཧྭ་ཤང་གཉིས་ངེས་དོན་གྱི་ལྟ་སྒོམ་འདྲ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། བདག་ཏུ་འཛིན་པའི་དགྲ་བོ་གཞོམ་པ་ལ་བློ་གྲོས་ཀྱི་མིག་ཕྱེ་སྟེ་ཚུལ་བཞིན་དཔྱོད་པའི་ཤེས་རབ་ཀྱི་མཚོན་ཆས་ཕར་བསྣུན་པ་ཞིག་དགོས་ཀྱི། ཅིའང་ཡིད་ལ་མི་བྱེད་པ་མིག་བཙུམ་ནས་དགྲ་མ་མཐོང་བར་བྱས་པ་ཙམ་གྱིས་ཕ་རོལ་ལ་ཅིའང་མི་གནོད་ཅིང་རང་ཉིད་ཉམས་པར་འགྱུར་བའི་ཕྱིར། སྒོམ་རིམ་ཐ་མ་ལས། རྣལ་འབྱོར་པས་ཡེ་ཤེས་ཀྱི་མིག་ཕྱེ་ལ་ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དགྲ་རྣམས་ཕམ་པར་བྱས་ཏེ་འཇིགས་པ་མེད་པར་གནས་པར་བྱ་ཡི། མི་སྡར་མ་བཞིན་དུ་མིག་བཙུམ་པར་མི་བྱའོ། །ཞེས་དང་། སྒོམ་རིམ་བར་པ་ལས་ཀྱང་། གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་སྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤངས་པ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་ལྡོག་ཅིང་ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་པར་མི་འགྱུར་ཏེ་ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་ལྟ་བ་འཚོལ་མི་དགོས་པར་འདོད་པ་ནི་དམ་པའི་གསུང་དང་རྣམ་ཐར་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་ཏེ། ཚིག་གསལ་ལས། ཤེས་རབ་ཅན་རྣམས་ཀྱིས་སྲོག་དག་ཀྱང་ཡོངས་སུ་བཏང་སྟེ་དེ་ཁོ་ན་ཉིད་ཡོངས་སུ་འཚོལ་བར་འོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བཅོམ་ལྡན་འདས་མ་ཇི་ལྟར་བཙལ་བ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །ལུགས་གཉིས་པ་ལྟ་བ་རྟོགས་རྗེས་མི་རྟོག་པར་གང་བཞག་ལྟ་བ་སྒོམ་པར་འདོད་པའང་མི་འཐད་དེ། དེ་ལྟར་ན་གང་ཟག་དེས་བྱམས་སྙིང་རྗེ་བསྒོམ་པ་སོགས་ཀྱང་ལྟ་བ་བསྒོམ་པར་འགྱུར་རོ། །གང་ཟག་དེས་ལྟ་བ་རྟོགས་ཀྱང་བློ་དེ་ལ་ལྟ་བའི་འཛིན་སྟངས་མེད་པས་ངེས་དོན་གྱི་སྒོམ་དུ་མི་འགྲོ་ཞེས་ཀྱང་སྨྲ་མི་ནུས་ཏེ། མི་རྟོག་པའི་སྒོམ་དེ་ལ་ལྟ་བའི་འཛིན་སྟངས་མེད་ཀྱང་ངེས་དོན་གྱི་སྒོམ་དུ་ཁས་བླངས་པ་དང་དངོས་འགལ་དུ་འགྱུར་བའི་ཕྱིར། ལུགས་གསུམ་པ་སྔར་ལྟ་བ་རྙེད་པ་ཙམ་གྱིས་མི་ཆོག་ཀྱང་སྔོན་དེ་མ་ཐག་ཏུ་ལྟ་བའི་དཔྱད་པ་ཚར་རེ་བྱས་ནས་མི་རྟོག་པར་གང་བཞག་ངེས་དོན་བསྒོམ་པ་ཡིན་ཟེར་བའང་མི་འཐད་དེ། ལྟ་བའི་དཔྱད་པ་བྱས་པའི་འཕྲོར་གཉིད་མཐུག་པོ་ལོག་པའང་ངེས་དོན་བསྒོམ་པར་ཐལ་བའི་ཕྱིར་རོ། །ལུགས་བར་པ་གཉི་གས་ཐོས་བསམ་གྱི་དུས་ལྟ་བ་བཙལ་དགོས་པར་འདོད་ཀྱང་། ལྟ་བ་སྐྱོང་བའི་སྒོམ་དངོས་གཞིའི་དུས་སྔར་བཙལ་བའི་ལྟ་བ་དེ་སྟོར་ནས་གཞན་ཞིག་བསྒོམ་པ་ནི་དཀྱུས་གཞན་དུ་བསྟན་ནས་རྟ་གཞན་དུ་བརྒྱུག་པ་ལྟར་ཐོས་བསམ་སྒོམ་གསུམ་འབྲེལ་མེད་དུ་སོང་བ་ཡིན་ཏེ། བེའུ་བུམ་སྔོན་པོ་ལས། ཁ་ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པར་གཏན་ལ་ཕབ་ལ། །སྒོམ་དུས་མི་རྟོག་འབའ་ཞིག་བསྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམས་ཕྱིར་གཉེན་པོར་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །གུང་རུ་རྒྱན་བཟང་པས་ཀྱང་ཕྱོགས་སྔའི་འདོད་པ་དེ་རང་ལུགས་སུ་བྱས་སྣང་སྟེ། ཁོང་གི་གསུང་ལས། དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པ་ཡོངས་ཀྱིས་སྒྲོག་པར་སྣང་། རྗེ་རིན་པོ་ཆེ་དང་བླ་མ་རྗེ་བཙུན་རེད་མདའ་བ་གཉིས་དགག་བྱ་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་སྐྱོང་ཚུལ་འདྲ། ཞེས་གསུངས་མོད་ཀྱང་། དེ་ནི་མཁས་གྲུབ་རྗེའི་རང་བཟོ་མ་ཡིན་པར་རྗེ་རང་གི་བཞེད་པ་ཡིན་པ་རྩ་ཤེས་ཊཱིཀ་ཆེན་སོགས་གསུང་རབ་རྣམས་ལ་བལྟས་པས་ཤེས་ཤིང་། ཁྱད་པར་དུ་ལྷག་མཐོང་ཆེན་མོ་ལས། འདིར་གལ་ཆེ་བ་ནི་མ་རིག་པས་སྒྲོ་བཏགས་པའི་འཛིན་སྟངས་སུན་ཕྱུང་བའི་སྒོ་ནས་དེའི་ལྡོག་ཕྱོགས་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་སྟེང་དུ་ངེས་པ་ཤུགས་དྲག་བསྐྱེད་ནས་སྟོང་ཉིད་སྒོམ་དགོས་པ་ཡིན་གྱི། བདག་འཛིན་དང་མ་རིག་པའི་འཛིན་སྟངས་སུན་མ་ཕྱུང་བར་སྟོང་ཉིད་ཟུར་བ་ཞིག་ལ་བྱས་ནས་བསྒོམས་ཀྱང་བདག་འཛིན་ལ་ཅིའང་མི་གནོད་པས། འདྲེ་ཤར་སྒོར་གནོད་པ་ལ་གླུད་ནུབ་སྒོར་གཏོང་བ་དང་འདྲའོ་ཞེས་གོང་མ་རྣམས་གསུངས་པ་མད་པར་སྣང་ངོ་། །ཞེས་གསུངས་ཏེ། ལྟ་བ་དངོས་གཞིའི་དུས་བདག་མེད་ཀྱི་འཛིན་སྟངས་ཅན་དུ་བྱེད་དགོས་པ་པོ་ཏོ་བ་སོགས་བཀའ་གདམས་གོང་མ་རྣམས་དང་རྗེ་བླ་མ་དགོངས་པ་གཅིག་ཏུ་འབབ་པར་སྣང་ངོ་། །དྭགས་པོ་བཀྲས་རྣམ་པ་སོགས་ཕྱི་རབས་པ་ཁ་ཅིག་རྗེའི་གསུང་དེ་ལ་དགག་པ་བྱས་ཏེ་རང་ལུགས་ལྟ་བ་གཏན་ལ་ཕབ་ནས་སྒོམ་དུས་མི་རྟོག་པ་ཁོ་ན་སྒོམ་པའི་ཤེས་བྱེད་དུ། སྡུད་པར། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོར། མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རྟག་ཏུ་ཤེས། །ཞེས་དང་། དཀོན་མཆོག་སྤྲིན་ལས། ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །ཞེས་སོགས་རང་བཞིན་གྱིས་སྟོང་པར་ཤེས་ཤིང་རྟོགས་པའི་ཚུལ་གྱི་ལུང་ཁོ་ན་དྲངས་ནས་གང་དུའང་མི་རྟོག་པར་བསྒྲུབས་པ་ནི་རང་གིས་རང་ལ་ཅོ་འདྲི་བར་ཟད་དོ། །ཁྱད་པར་དུ་འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། །ཞེས་གསུངས་པ་འདི་སྔ་མ་རྣམས་གནས་ལུགས་བསྒོམ་པའི་ཚེ་དཔྱད་པ་མི་གཙོ་བར། སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཁོ་ན་ལྷུར་བྱས་ན་ལྟ་བ་རྙེད་འོང་བའི་ཤེས་བྱེད་མཐར་ཐུག་ཏུ་རྩིའང་། དེའི་དགོངས་པ་མ་ནོར་བ་ནི་རྗེ་བླ་མས། སེམས་རྩེ་གཅིག་པ་ལ་འཇོག་པ་ཙམ་ཞིག་གོམས་ན་ཡང་དག་པའི་དོན་རྟོགས་པར་འགྱུར་རོ་ཞེས་པའི་དོན་མ་ཡིན་གྱི། མཉམ་པར་བཞག་པའི་སེམས་ཀྱིས་ཞེས་སྦྱོར་རྒྱུ་ཡིན་ལ་དེའི་དོན་ཡང་མཉམ་པར་བཞག་པའི་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་བྱས་པའི་འོག་ཏུ། ཤེས་རབ་ཀྱིས་དེ་ཁོ་ན་ལ་བརྟགས་ན་ཡང་དག་པའི་དོན་རྟོགས་པའི་ཡེ་ཤེས་སྐྱེ་བ་གསལ་བར་བཤད་པ་ཡིན་ཏེ། སྒོམ་རིམ་དང་པོ་ལས། འདི་ལྟར་གང་གི་ཚེ་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་སྒྲིབ་པ་ཕྱུང་ངོ་། །དེ་གཉིས་ཀའང་མིག་དང་སྣང་བ་བཞིན་དུ་ཡང་དག་པའི་ཡེ་ཤེས་འབྱུང་བ་ལ་ཕན་ཚུན་མཐུན་པར་གནས་པ་ཡིན་གྱི། སྣང་བ་དང་མུན་པ་བཞིན་དུ་མི་མཐུན་པ་མ་ཡིན་ནོ། །ཏིང་ངེ་འཛིན་ནི་མུན་པའི་ངོ་བོ་ཉིད་མ་ཡིན་ཏེ། ཅི་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་དེ་ནི་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེས་བཀའ་སྩལ་པའི་ཕྱིར་ཏེ། ཤེས་རབ་དང་ཤིན་ཏུ་མཐུན་པ་ཡིན་གྱི། མི་མཐུན་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་མཁས་པ་ཀ་མ་ལ་ཤཱི་ལའི་གསུང་ཤིན་ཏུ་གསལ་བར་བཀོད་ཡོད་པ་འདི་ཡིན་པས། སྒོམ་རིམ་ཁས་ལེན་ན་རྗེའི་བཀའ་སྲོལ་འདི་ལས་འདའ་བའི་ཐབས་མེད་དོ། །ལེགས་བཤད་འདིའི་མཚན་ལའང་ཞི་ལྷག་གཉིས་ཀྱི་དཀའ་གནད་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ་ཞེས་འདུག་པའང་རྗེ་ཉིད་ཀྱིས་བཏགས་པར་སྣང་ཞིང་། བཀའ་བརྒྱུད་ཕྱི་མ་རྣམས་མི་རྟོག་པ་ཁོ་ན་ལ་ཙོམ་འཇོག་བྱེད་པ་འགོག་པའི་ཕྱིར་དམིགས་ཕུག་པའི་དགག་པ་གནད་ཆེ་ཤོས་སུ་སྣང་ཡང་། ཤོག་བྱང་ཉུང་བའི་སྐྱོན་གྱིས་རང་ཕྱོགས་པ་རྣམས་ལ་ལེགས་བཤད་ཆེན་པོར་མ་གྲགས་ཤིང་། གཞན་ཕྱོགས་པ་རྣམས་ཀྱིས་ཀྱང་དགག་ལན་སོགས་མ་བྱས་འདུག་གོ ། ― GTD001_Page_0029 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལུགས་བཞི་པ་ལྟ་བའི་སྐྱོང་ཚུལ་དངོས་བཞིའི་སྐབས་སྟོང་ཉིད་ཀྱི་འཛིན་སྟངས་མ་ཤོར་བ་དགོས་ཀྱང་། དེ་ལ་རྩེ་གཅིག་ཏུ་གནས་པ་ཙམ་གྱིས་ཆོག་ཟེར་བའང་མི་འཐད་དེ། སྟོང་ཉིད་ཀྱི་འཛིན་སྟངས་མ་དོར་ཡང་འཇོག་སྒོམ་ཁོ་ནར་བྱས་ན་ཞི་གནས་ཀྱི་སྐྱོང་ཚུལ་རྐྱང་པར་འགྲོ་ཡི། སོ་སོར་རྟོག་པའི་དཔྱད་སྒོམ་ལྷག་མཐོང་གི་སྐྱོང་ཚུལ་མི་ཚང་བའི་ཕྱིར། དྭགས་པོ་བཀྲས་རྣམ་པ་སོགས་ཕྱི་རབས་པ་ཁ་ཅིག་རྗེ་བླ་མས་ལྟ་བ་དངོས་གཞིའི་སྐབས་སུ་འཛིན་སྟངས་བཞག་པ་མི་འཐད་པར་མ་ཟད། དེ་སྐབས་སུའང་དཔྱད་སྒོམ་དགོས་པར་གསུངས་པ་དེ་ལྷག་པར་མངོན་སུམ་གྱི་ནང་དུ་རྗེས་དཔག་བཅུག་པ་ལྟ་བུའི་འགལ་བ་ཞིག་ཏུ་གོ་ནས་འབྲེལ་མེད་ཀྱི་དགག་པ་སྣ་ཚོགས་བྱས་པའི་ཞར་ལ་རང་གི་དེ་ཉིད་གསལ་བར་བསྟན་སྣང་སྟེ། ཇོ་བོའི་དབུ་མའི་མན་ངག་གི་དོན་དུ་བྱས་ནས་དང་པོ་སོ་སོར་རྟོག་པས་དཔྱོད་དགོས་ཀྱང་ལྷག་མཐོང་གི་སྒོམ་དངོས་གཞིའི་ཚེ་སོ་སོར་རྟོག་པའི་བློའང་མེད་དགོས་ཞེས་དེ་ཐོས་བསམ་གྱི་ཤེས་རབ་ལ་བྱེད་རྒྱུ་ལྟ་བུ་དང་། ཡང་སྒོམ་བྱུང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྟོང་ཉིད་མངོན་སུམ་དུ་གཞལ་བ་དེ་ལྟ་བ་འཚོལ་བྱེད་དངོས་མིན་ཞིང་ལྷག་མཐོང་གི་སྒོམ་མཚན་ཉིད་པའི་ས་མཚམས་ཀྱང་དེ་ནས་འཛིན་པ་དང་། ལུང་རིགས་ཀྱིས་དཔྱད་པ་ནི་སྒྲ་དོན་ཅན་གྱི་རྟོག་པ་ལས་མ་འདས་ལ། དེ་མ་རིག་པའི་རྣམ་རྟོག་ཡིན་པས་མི་རྟོག་ཡེ་ཤེས་ཀྱི་སྤང་བྱར་བཤད་པ་དང་། ཡང་པཎྚི་ཏའི་ལུགས་ཀྱི་ལུང་དང་རིགས་པས་དཔྱད་དེ་རྗེས་དཔག་གི་སྒོ་ནས་ལྟ་བ་གཏན་ལ་འབེབས། ཀུ་སུ་ལུའི་ལུགས་ཀྱིས་གཙོ་བོ་མཉམ་པར་བཞག་སྟེ་མངོན་སུམ་གྱི་སྒོ་ནས་ལྟ་བ་གཏན་ལ་འབེབས་པས་ཕྱི་མ་འདི་ལྟར་རྟོགས་པ་མང་ཞིང་། ལུང་རིགས་ཀྱིས་དཔྱད་པའི་སྒོ་ནས་རྟོགས་པ་སྲིད་མཐའ་ཙམ་ཡིན་ཟེར་བ་དང་། ལུང་རིགས་ཀྱིས་དཔྱད་པ་ལ་བརྟེན་ནས་སྐྱེས་པའི་བདེན་སྟོང་གི་འཛིན་སྟངས་དེ་སྟོང་འཛིན་ལས་མ་འདས་པས་ལྟ་བ་ཡང་དག་ཏུ་མི་འགྱུར་ཟེར་བ་སོགས་མེ་ཕར་བུས་པས་སྨ་ར་ཚུར་ཚིག་སྟེ་སྔ་ཕྱི་འགལ་བ་ཁོ་ན་སྨྲས་སོ། །དེ་ལ་འོ་ན་ཀུ་སུ་ལུའི་ལུགས་ལྟར་དཔྱད་པ་དོར་ནས་མཉམ་གཞག་གཙོ་བོར་བྱས་ཏེ་སྟོང་ཉིད་རྟོགས་མ་ཐག་པའི་ཐེག་ཆེན་རིགས་ཅན་དེ་ཆོས་ཅན། འཕགས་པར་ཐལ། སྒྲ་དོན་གྱི་སྤྱི་ལ་མ་བརྟེན་པར་མངོན་སུམ་ཚད་མའི་སྒོ་ནས་སྟོང་ཉིད་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། ཡང་སྦྱོར་ལམ་པར་ཐལ། སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་མ་ཐག་པ་ཡིན་པའི་ཕྱིར། ཡང་ཚོགས་ལམ་པ་མན་ཆད་ཅིག་ཡིན་པར་ཐལ། སྟོང་ཉིད་རྟོགས་མ་ཐག་པ་ཡིན་པའི་ཕྱིར་ཏེ། མངོན་སུམ་གྱི་སྒོ་ནས་རྟོགས་མ་ཐག་པ་གང་ཞིག །འདི་ཐོས་བསམ་གྱི་དཔྱད་སྒོམ་དང་རྗེས་དཔག་སྔོན་དུ་མི་སྒྲུབ་མཁན་དེ་ཡིན་པའི་ཕྱིར། ཐོས་བསམ་གྱི་དཔྱད་པ་ལ་བརྟེན་པའི་རྗེས་དཔག་གིས་སྟོང་ཉིད་རྟོགས་པ་སྲིད་མཐའ་ཙམ་དུའང་མེད་པར་ཐལ། དེ་མ་རིག་པའི་རྣམ་རྟོག་ཡིན་པ་གང་ཞིག །མ་རིག་པར་གྱུར་པའི་རིག་པ་ཡེ་ཤེས་སྲིད་མཐའ་ལའང་མེད་པའི་ཕྱིར། སྒོམ་བྱུང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའང་མེད་པར་ཐལ། དེའི་ཚེ་སོ་སོར་རྟོག་པ་མེད་པའི་ཕྱིར་ཏེ། མེས་བུད་ཤིང་བསྲེགས་ཟིན་ནས་མེ་ཤི་བའི་དུས་སུ་མེ་མེད་པ་བཞིན་ཡིན་པའི་ཕྱིར། རྟགས་རྣམས་རེ་རེ་ནས་ཁས་བླངས་སོ། །འདིའི་འཁྲུལ་གཞི་ནི། སོ་སོར་རྟོག་པའི་ཤེས་རབ་ཅེས་པའི་རྟོག་པ་དང་། སྒྲ་དོན་འདྲེས་རུང་གི་རྟོག་པ་དང་། རྟོག་དཔྱོད་ཀྱི་རྟོག་པ་ཐམས་ཅད་བསྲེས་ཤིང་། མཚན་འཛིན་དང་འཛིན་སྟངས་གཅིག་ཏུ་བྱས། བདེན་ཞེན་དང་ཞེན་ཡུལ་གཅིག་ཏུ་བྱས། མི་རྟོག་པ་ལ་རྩིས་སུ་བྱས་ཀྱང་མི་རྟོག་པའི་དོན་སྐབས་ཐོབ་ཀྱིས་ཅིར་ཡང་མི་རྟོག་པའི་ཡིད་བྱེད་བཀག་ཙམ་དང་། བདེན་པར་མི་རྟོག་པའི་གནས་ལུགས་ཀྱི་ལྟ་བ་དང་། ཆོས་ཉིད་མངོན་སུམ་དུ་གཟིགས་པའི་འཕགས་པའི་མི་རྟོག་པ་ལ་བྱེད་ཚུལ་སོ་སོར་ཡོད་པ་མ་ཤེས་པའི་སྐྱོན་དུ་སྣང་ངོ་། །དེས་ན་རང་ལུགས་སྟོང་ཉིད་ཀྱི་འཛིན་སྟངས་མ་བརྗེད་པར་ཡོད་པ་ཙམ་གྱིས་ལྷག་མཐོང་སྒོམ་ཚུལ་མཚན་ཉིད་པར་མི་འགྲོ་སྟེ། དེ་ཙམ་ཞིག་སྟོང་ཉིད་རྟོགས་པའི་ཞི་གནས་ལའང་ཡོད་ཀྱང་དེས་གོ་མི་ཆོད་པས། ཉོན་མོངས་ཀྱི་བག་ལ་ཉལ་བཅོམ་ནས་མྱང་འདས་ཐོབ་པ་ལ་བདག་མེད་པའི་དོན་དེར་སོ་སོར་རྟོག་པའི་ལྷག་མཐོང་གི་དཔྱད་སྒོམ་གཙོ་བོར་བྱེད་དགོས་པའི་ཕྱིར། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་དང་། སྒོམ་རིམ་བར་པ་ལས། ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི། ཞེས་པ་ནས། ཤེས་རབ་ཀྱི་སྣང་བ་འབྱུང་བ་མེད་པར་བག་ལ་ཉལ་ཆོམ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཉོན་མོངས་སྤོང་བ་ལ་ལྷག་མཐོང་སྒོམ་དགོས་པར་ཁོ་བོས་ཀྱང་འདོད་ལ། འོན་ཀྱང་དཔྱད་སྒོམ་དགོས་པ་མིན་ཏེ། མི་རྟོག་པའི་ལྟ་བ་བསྒོམ་པ་དེ་ལྷག་མཐོང་གི་སྒོམ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་དག་གི་བློ་རྩེ་ནི་ཇི་སྙེད་པའི་སྒོམ་ཐམས་ཅད་ཞི་གནས་ཀྱི་སྒོམ་དང་། ཇི་ལྟ་བའི་སྒོམ་ཐམས་ཅད་ལྷག་མཐོང་གི་སྒོམ་དུ་བྱས་པར་འདུག་ཀྱང་། དེ་གཉིས་དམིགས་ཡུལ་གྱི་སྒོ་ནས་འབྱེད་པ་མིན་གྱི། ཡུལ་དེ་ལ་རྣམ་པར་མི་དཔྱོད་པས་འཇོག་སྒོམ་གཙོ་བོར་གྱུར་པ་དང་། རྣམ་པར་དཔྱོད་པས་དཔྱད་སྒོམ་གཙོ་བོར་གྱུར་པའི་སྒོ་ནས་འཇོག་པའི་ཕྱིར། དགོངས་འགྲེལ་ལས། དུ་ཞིག་ཞི་གནས་ཀྱི་དམིགས་པ་ལགས། བཀའ་སྩལ་པ། གཅིག་སྟེ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ནོ། །དུ་ཞིག་ལྷག་མཐོང་གི་དམིགས་པ་ལགས། བཀའ་སྩལ་པ། གཅིག་ཁོ་ན་སྟེ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །དུ་ཞིག་གཉིས་ཀའི་དམིགས་པ་ལགས། བཀའ་སྩལ་པ། གཉིས་ཏེ་དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར་དང་། འདིའི་རྣམ་རྟོག་དང་བཅས་མ་བཅས་བློས་སྒོམ་ཚུལ་ཡིན་གྱི། རེ་རེ་ལའང་ཇི་ལྟ་ཇི་སྙེད་གཉི་ག་ཡོད་པ་ནི་ཤེར་ཕྱིན་མན་ངག་ལས། དེ་ལ་ཇི་སྙེད་པ་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །ཇི་སྙེད་པ་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །ཞེས་གསུངས་ཤིང་། གཉིས་ཀའི་དམིགས་པར་གསུངས་པའི་དངོས་པོའི་མཐའ་ལའང་ཇི་ལྟ་ཇི་སྙེད་གཉིས་སུ་འབྱེད་པར་ཀུན་བཏུས་ལས་གསུངས་པའི་ཕྱིར། དེ་བཞིན་དུ་མདོ་སྡེ་རྒྱན་ལས་ཀྱང་། ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་ཞི་གནས་ཀྱི་དམིགས་པའི་དོན་དེ་ཉིད་ལྷག་མཐོང་གི་དཔྱད་པ་གཙོ་བོར་གྱུར་པའི་སྒོ་ནས་བསྒོམ་པར་གསུང་གི །གཉི་གའི་བསྒོམ་བྱའི་དོན་སོ་སོ་བར་མ་གསུངས་སོ། །ཞི་གནས་ཀྱིས་རྩེ་གཅིག་ཏུ་བསྒོམས་པའི་དོན་དེ་ལྷག་མཐོང་གིས་དཔྱད་པའི་སྒོ་ནས་གཏིང་ཚུགས་པར་བྱེད་དགོས་པ་གཞུང་སྤྱིའི་ལུགས་ཡིན་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་ཞི་གནས་ཀྱི་མཐུས་གནས་སྐབས་མི་གཡོ་བ་ཙམ་གྱིས་མི་ཆོག་པས་ལྟ་བ་ངན་པ་གཞན་གྱིས་དྲང་དུ་མེད་པའི་ངེས་པ་བརྟན་པོ་ཤེས་རབ་ཀྱིས་དཔྱད་པའི་མཐུ་ལས་འབྱུང་དགོས་པར་གསུངས་ལ། ལྷག་པའི་བསླབ་པ་དང་ཕར་ཕྱིན་ཐ་མ་གཉིས་ཀྱི་གོ་རིམ་སྒྲུབ་ཚུལ་ཡང་འདི་ཡིན་ཞིང་། སྤྱོད་འཇུག་ལས་ཀྱང་བསམ་གཏན་གྱི་སྐབས་ཞི་གནས་སྒྲུབ་ཚུལ་གསུངས་ཏེ། ཤེས་རབ་ཀྱི་ལེའུར་དཔྱད་པས་གཏན་ལ་འབེབས་ཚུལ་རྒྱ་ཆེར་གསུངས་པ་དང་། འཇུག་པར། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་ཞི་ལྷག་ཟུང་འབྲེལ་ཐོབ་པའི་རྣལ་འབྱོར་པ་དེས་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་བདག་འགོག་པར་གསུངས་པའི་ཕྱིར་རོ། །དེས་ན་ད་ལྟ་ལུང་དང་རིགས་པའི་གཏན་ཚིགས་ཀྱི་སྒོ་ནས་དཔྱད་པའི་སྒོམ་དེ་རྟོག་པ་ཡིན་ཀྱང་འདོར་བྱར་བྱེད་མི་རུང་གི །འཕགས་པའི་མི་རྟོག་ཡེ་ཤེས་སྐྱེ་བ་ལ་ངེས་པར་སྒོམ་དགོས་པ་ནི། སྒོམ་རིམ་ཐ་མ་ལས། རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །ཞེས་འཕགས་པའི་ཡེ་ཤེས་ཐོབ་འདོད་ན་དེའི་ཉེར་ལེན་ཞིག་སོ་སྐྱེས་དུས་ནས་སྒྲུབ་དགོས་ལ། དེའང་རྟོག་པ་ལས་གཞན་མི་རྙེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་སོགས་ལས་ཡིད་ལ་མི་བྱེད་པར་གསུངས་པའང་དགག་བྱ་བདེན་གྲུབ་ཏུ་སྣང་ཞིང་ཞེན་པའི་དོན་མི་མཐུན་གྱི་ཡིད་བྱེད་འགོག་པ་ཡིན་གྱི། ཡིད་བྱེད་ཐམས་ཅད་འགོག་པ་མིན་ཏེ། སྒོམ་རིམ་དང་པོ་ལས། ཤེས་རབ་ཀྱིས་བརྟགས་ན་མི་དམིགས་པ་གང་ཡིན་པ་དེ་དེར་ཡིད་ལ་མི་བྱེད་པ་ལ་དགོངས་ཀྱི། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཇོ་བོའི་དབུ་མའི་མན་ངག་ལས་གསུངས་པ་སོགས་ཀྱང་འདི་དང་དོན་འདྲ་བར་ཤེས་དགོས་སོ། །དེ་ལྟར་མ་ཡིན་པར་ཚིག་ཟིན་ལྟར་ཡིད་བྱེད་ཡིན་ཚད་འགོག་དགོས་ན། བློ་གྲོས་རྒྱ་མཚོས་ཞུས་པ་ལས། དྲན་མེད་ཡིད་ལ་བྱར་མེད་པའི། །དྲན་པ་ཉེ་བར་བཞག་པ་སྒོམ། །ཞེས་དང་། འཕགས་པ་སངས་རྒྱས་འགྲོ་བའི་མདོར། དྲན་པ་ཉེ་བར་བཞག་པ་ལ་གནས་པ་ཇི་ལྟ་བུ་ལགས། སྨྲས་པ། ཆོས་ཐམས་ཅད་དྲན་པ་མེད་པ། ཡིད་ལ་བྱེད་པ་མེད་པའོ། །ཞེས་གསུངས་པ་བཞིན་དྲན་པ་ཡིན་ཚད་ཀྱང་འགོག་དགོས་ལ། དེ་འདོད་ན་སྒམ་པོ་པས། དྲན་པའི་རྒྱལ་པོ་མ་ཡེངས་ལྟ་བ་སྒོམ། །ཞེས་དང་། འབྲི་གུང་བས། དུས་གསུམ་སངས་རྒྱས་ཀྱི་གཞུང་ལམ་དེ། །དུས་རྒྱུན་ཆད་མེད་པའི་དྲན་པ་ཡིན། །དྲན་པ་ཡེངས་མེད་མ་ཤེས་ན། །ལུས་ངག་ཏབ་ཏབ་ཀྱི་ཁ་ན་མེད། །ཅེས་སོགས་ཁྱོད་རང་གི་ཁུངས་གཏུགས་ས་རྣམས་ཀྱི་དྲན་པ་སྒོམ་གྱི་དངོས་གཞིར་གསུངས་པ་དང་འགལ་བར་འགྱུར་རོ། །མདོར་ན་ཅིའང་ཡིད་ལ་མི་བྱེད་པ་ལྟ་བའི་སྒོམ་གྱི་ཡང་རྩེར་བཟུང་བ་འདི་རྣམ་གྲོལ་སྒྲུབ་པའི་དོན་དུ་ངལ་བ་བྱས་ཚད་ཆུད་ཟོས་སུ་གཏོང་བའི་ལོག་རྟོག་ཆེན་པོ་ཡིན་ཏེ། སྟོང་ཐུན་ལས། ཅིའང་ཡིད་ལ་མི་བྱེད་པ་གནས་ལུགས་བསྒོམ་པར་བཟུང་བས་ནི། བདག་མེད་པར་ཡང་བསྒོམ་དུ་མི་རུང་བར་འཁྲུལ་བས་འཁོར་བའི་རྩ་བ་བདེན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་ཉམས་སུ་ལེན་པ་བཀག་སྟེ། བདག་འཛིན་གྱི་འཛིན་སྟངས་ལ་ཅིའང་མི་གནོད་པའི་ཉམས་ལེན་འདི་ལྟ་བུ་ལ་འབད་པས། རང་ཅག་བོད་ཀྱི་ཉམས་ལེན་པ་མང་པོ་ཞིག་གིས་ཚེ་རིལ་བོར་འབད་ནས་གནས་ལུགས་བསྒོམ་པར་རློམ་ཀྱང་བདག་འཛིན་ཁ་བྲི་བ་ཙམ་ཡང་མི་འོང་བ་འདི་ཉམས་སུ་ལེན་ཚུལ་ཕྱིན་ཅི་ལོག་ཏུ་སོང་བའི་འབྲས་རྟགས་ཡང་དག་ཡིན་པར་ཤེས་པར་གྱིས་ཤིག །ཅེས་སོགས་དང་། གྲུབ་མཐའ་ཆེན་མོར་དེ་དག་གིས་གདུལ་བྱ་འཁྲིད་ཚུལ་མི་འཐད་པ་སོགས་དོན་ཚན་ལྔ་རེ་རེ་བཞིན་གྲུབ་སྙིང་གི་གཞུང་དང་སྦྱར་ཏེ་བཀག་པ་ལྟར་རོ། །བཀྲས་རྣམ་པའི་ཕྱག་ཆེན་རྣམ་བཤད་འདི་ཕྱག་རྒྱ་པའི་ཁྲོད་ན་གཞུང་བཤད་རྒྱས་ཤོས་དང་རྗེ་བླ་མ་འགོག་མཁན་དུ་སྣང་བས་ཟུར་ཙམ་སྤྲོས་པ་ཡིན་ལ། བློ་གྲོས་ཀྱི་རྩལ་ཡོད་ན་རྗེའི་གསུང་རབ་རྣམས་དང་བསྡུར་ནས་ཞིབ་དཔྱོད་བྱས་ཚེ་ནོར་བུ་དང་མཆིང་བུའི་དབྱེ་བ་ཤེས་པར་འགྱུར་རོ། ། ― GTD001_Page_0030 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་དོན་བསྡུ་བ་ནི། ཉམས་མྱོང་བརྡ་ཡི་ཆིག་ཐང་དེ། །ཕན་འགའ་སྲིད་ཀྱང་གོལ་བ་མང་། །དགག་སྒྲུབ་སྦྱོར་བ་ཀུན་ཚང་བ། །ཁྱོད་གསུང་ཐར་འདོད་ཡོངས་ཀྱི་གསོས། །ཞེས་བྱུང་། དེའང་ས་རྙིང་ཀར་འབྲུག་སོགས་ཐམས་ཅད་ལས་རྗེ་བླ་མའི་ལྟ་བ་ཁྱད་པར་དུ་འཕགས་པ་ཡིན་ན། དེ་དག་གི་ལྟ་བ་རྣམས་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་མ་སོན་པར་ཁས་ལེན་དགོས་ལ། དེ་འདོད་ན་གྲུབ་མཐའ་དེ་དག་ལའང་མཁས་པ་དང་གྲུབ་པའི་དབང་ཕྱུག་བསྟན་འཛིན་གྱི་སྐྱེས་ཆེན་མང་དུ་བྱོན་པ་དེ་དག་ལའང་སྨད་པར་འགྱུར་རོ་སྙམ་ན་སྐྱོན་མེད་དེ། དེ་དག་གི་ཐོག་མའི་ཁུངས་གཏུགས་ས་རྣམས་ཀྱི་ཁྲོད་དུའང་རྒྱལ་བའི་དགོངས་པའི་གནད་རྟོགས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་འགའ་ཞིག་བྱོན་པ་རྣམས་དགོངས་པའི་གཏད་སོ་རྗེ་བླ་མའི་བཞེད་ཚུལ་འདི་དང་ཤིན་ཏུ་མཐུན་ཏེ། དཔེར་ན་མར་པས་ལྟ་བའི་ཁུངས་གཏུགས་ས་མེ་ཏྲི་པ་ཡིན་ཞིང་། དེས་དེ་བཞིན་ཉིད་ཇི་ལྟ་བ་ཟླ་བའི་མན་ངག་ལ་བརྟེན་ནས་རྟོགས་དགོས་པར་གསུངས་པ་དང་། རྗེ་བཙུན་མི་ལས་དོན་དམ་པར་བགེགས་སུ་མ་ཟད་སངས་རྒྱས་ཀྱང་མེད་ལ། ཐ་སྙད་བདེན་པའི་དབང་དུ་བྱས་ནས་ཐམས་ཅད་ཡོད་པར་གསུངས་པ་དང་། རྗེ་བཙུན་གྲགས་པས་ཀྱང་ཆོས་རྣམས་དོན་དམ་པར་མེད་ལ། ཐ་སྙད་དུ་རྟེན་འབྲེལ་བསླུ་བ་མེད་པར་གསུངས་པ་སོགས་རྗེའི་གསུང་དང་མགྲིན་གཅིག་ཏུ་འབབ་པ་རྣམས་ལ་སྨད་པར་འགྱུར་བའི་གནས་མེད་དོ། །འོན་ཀྱང་དཔེར་ན་འཇིག་རྟེན་ན་མི་གཉིས་ལ་གྲོང་ཁྱེར་ཞིག་རྒྱུས་ཡོད་པ་འདྲའང་། དེའི་ལོ་རྒྱུས་གཞན་ལ་བཤད་པའི་ཚེ་བརྗོད་ཚུལ་མཁས་མི་མཁས་ཀྱི་དབང་གིས་གོ་བ་སྐྱེད་ལུགས་སྣ་ཚོགས་འོངས་པ་ལྟར། རང་གིས་ལྟ་བ་རྙེད་ཀྱང་གཞན་ལ་དེའི་གོ་བ་དཔྱིས་ཕྱིན་པ་སྐྱེད་མི་ཐུབ་པའང་ཡོད་ལ། ཡང་དམ་པ་འགའ་ཞིག་གནས་སྐབས་ཀྱི་གདུལ་བྱ་དེའི་རྒྱུད་ཚོད་གཟིགས་ནས་དེའི་ཐད་ཀའི་གདམས་ངག་རེ་ཕོག་པ་གདུལ་བྱ་གཞན་དག་གི་རྒྱུད་ལ་མི་འཚམ་པ་དང་། སྐབས་འགར་རང་རང་གི་ཐུགས་ལ་འཁྲུངས་པའི་རྟོགས་པ་ཁྱད་པར་ཅན་གྱི་ཉམས་མྱོང་དང་རྫོགས་རིམ་མཐོན་པོའི་སྐབས་ཀྱི་ལམ་ཉམས་སུ་ལེན་ཚུལ་དམིགས་བསལ་ཅན་འགའ་ཞིག་གསུངས་པ་རྒྱུད་ཚོད་དེར་མ་ཕྱིན་པ་རྣམས་ཀྱིས་སྒྲས་ཟིན་ལྟར་ཉམས་སུ་བླངས་པས་ཆོས་དང་གང་ཟག་འཛོལ་ནས་འགྲོ་བ་སོགས་ཀྱི་སྐྱོན་བྱུང་བ་མང་བས། རྗེས་འཇུག་མང་ཤོས་དེ་དག་གི་ལྟ་བ་ལ་ས་རྙིང་བཀའ་བརྒྱུད་པ་སོགས་ཀྱི་ལྟ་བར་གྲགས་ཚོད་དང་བསྟུན་ནས་དགག་གཞག་བྱས་པ་ཡིན་གྱི། རྩ་བའི་སློབ་དཔོན་རྣམས་ཀྱི་བཞེད་པའི་དབང་དུ་བྱས་ན་ལྟ་བའི་དབྱེ་བ་ཆེར་མེད་དོ། །དེ་སྐད་དུའང་རིམ་ལྔ་གསལ་སྒྲོན་ལས། བྲམ་ཟེ་ཆེན་པོའི་དོ་ཧ་སོགས་ཀྱང་སྔར་བཤད་པའི་ལམ་མཐོན་པོའི་སྐབས་དེ་དག་ཏུ་སྤྲོས་པ་གཞན་དོར་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་སྐོར་ཉིད་སྙིང་པོར་བྱས་ཏེ་སྐྱོང་དགོས་པའི་ཚུལ་སྟོན་པ་ཡིན་པ་ལ། ལམ་ལ་འཇུག་པའི་ཐོག་མ་ནས་དབང་པོ་རྣོ་ན་དེ་ལྟར་བྱེད་པའི་ཅིག་ཅར་པའི་ལུགས་བསྟན་ཏོ་སྙམ་དུ་འཁྲུལ་འདུག་པས། གྲུབ་སྙིང་གི་སྐོར་རྣམས་ལྷག་པར་ཡང་བློ་ཞིབ་པར་བྱས་ཏེ་དཔྱད་དགོས། ཞེས་གསུངས་སོ། །བུ་སྟོན་སོགས་ཀྱིས་དམངས་དོ་ཧ་ཚད་ལྡན་དང་གཞན་གཉིས་བརྫུས་མར་བཞེད་ལ། རྗེ་བླ་མས་སྒྲས་ཟིན་ལྟར་རུང་མི་རུང་ཅི་རིགས་ཡོད་ཀྱང་གཞུང་ཚད་ལྡན་ཡིན་པའི་ཕྱོགས་མཛད་པ་འདི་ལ་དགོངས་ཏེ། ཕྱག་ཆེན་ཡང་གསལ་སྒྲོན་མེར། དོ་ཧ་སོགས་ནས་གསུངས་པ་ནི་སྔགས་ལམ་མཐོན་པོའི་ཉམས་ལེན་ཡིན་གསུང་བ་བཀའ་གཞན་དུ་མི་འགྱུར་བ་ཡིན་ཏེ། ཞེས་གསུངས་ཤིང་། ཀུན་མཁྱེན་བླ་མའི་གྲུབ་མཐའ་ཆེན་མོར་ཡང་། མར་མི་དག་གི་ཕྱག་ཆེན་ནི་མཚན་ཉིད་པ་ཡིན་མོད། བར་སྐབས་ནས་ཆོས་ལུགས་སྣ་ཚོགས་ཉན་མཁན་མང་པོས་གྲུབ་སྙིང་སྐོར་ནས། ཤིང་རྡོ་ས་ཡི་རང་བཞིན་གྱི། །ལྷ་རྣམས་ལ་ཡང་ཕྱག་མི་བྱ། །ཞེས་སོགས་དང་། བླ་མེད་རྫོགས་རིམ་གྱི་མཉམ་གཞག་ན་རྣམ་རྟོག་བྱ་མི་རུང་བར་བཤད་པ་རྣམས་ལས་དང་པོ་བའི་དབང་རྣོན་གྱིས་ཉམས་སུ་ལེན་ལུགས་ཡིན་པར་བསམས་ཤིང་། ཧྭ་ཤང་གི་ལུགས་དང་མཐུན་པར་གོ་ནས་ཧྭ་ཤང་གི་ཡས་བབ་ལ་ཅིག་ཅར་དང་མས་འཛེག་ལ་རིམ་གྱིས་པ་བཏགས་ནས་གཞི་ལམ་ལྟ་སྤྱོད་དེ་ལྟར་བྱས་ལ། ཞེས་གསུངས་ཏེ། སྡོམ་གསུམ་རབ་དབྱེ་ལས། ཡས་བབ་དང་ནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་བས། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་རྣམ་པར་དབྱེ་བ་མེད། །ཅེས་པའི་མིང་བསྒྱུར་ལུགས་ཀྱང་འདི་བཞིན་ཡིན་པར་སྣང་ངོ་། ། ― GTD001_Page_0031 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་དམ་པ་གོང་མ་འགའ་ཞིག་རང་གི་ཉམས་མྱོང་དང་ས་ལམ་མཐོན་པོའི་སྐབས་ཀྱི་གདམས་པ་ཐད་ཀའི་རྒྱུད་ཚོད་དང་འཚམ་པ་རེ་ཙམ་གསུངས་པ་དེས་གནས་སྐབས་ཀྱི་གདུལ་བྱ་འགའ་ཞིག་ལ་ཕན་ཐོགས་ཀྱང་གཞན་མང་པོ་ལམ་གོལ་བར་འགྲོ་བའི་ཉེན་ཆེ་སྟེ། དཔེར་ན་ནུས་པ་རྐྱང་སེལ་སྐབས་ཀྱི་སྨན་སྣ་རེ་རེ་བའི་ཆིག་ཐང་དེས་ནད་ཁམས་གཞན་མ་འདྲེས་པའི་སྣ་རེ་བ་དང་། ནད་སྟོབས་ཆུང་བ་འགའ་ཞིག་ལ་ཕན་ཐོགས་ཀྱང་འདུས་པའི་ནད་སྟོབས་ཆེ་བ་རྣམས་ལ་བཏང་ན་ནད་གཞན་དང་གཞན་སློང་བའི་སྐྱོན་དུ་འགྱུར་བ་བཞིན་ནོ། །འོ་ན་ཀཱ་དཔེ་ལས་ཀྱང་། ཅིག་ཅར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །རིམ་གྱིས་པ་ཡི་སྨན་ཆེན་དེ། །ཅིག་ཅར་བ་ཡི་དུག་ཆེན་ཡིན། །ཞེས་གདམས་པ་དེ་གདུལ་བྱའི་རྒྱུད་ཚོད་དང་སྦྱོར་དགོས་པ་ཕྱག་རྒྱ་པ་རང་གི་གཞུང་ནས་ཀྱང་གསུངས་པ་མ་ཡིན་ནམ་ཞེ་ན། དེར་དེ་ལྟར་གསུངས་པར་མ་ཟད། དེས་ན་སྦྱངས་པའི་འཕྲོ་ཅན་ལ། །ཅིག་ཅར་པ་ནི་བསྟན་པར་བྱ། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །ཞེས་ཅིག་ཅར་པའི་ངོས་འཛིན་ཡང་སྐྱེ་བ་སྔ་མ་རྣམས་སུ་ལམ་ཐུན་མོང་བ་དང་སྔགས་ལམ་འོག་མ་རྣམས་སྔོན་དུ་སོང་ཟིན་པས་ཚེ་དེར་སྒོམ་སྒྲུབ་བྱས་མ་ཐག་ནས་སྔགས་ཀྱི་རྟོགས་པ་གོང་མ་མངོན་དུ་འགྱུར་མཁན་ཞིག་ལ་གསུངས་ཀྱང་། རྗེས་འཇུག་རྣམས་དེ་ལས་གོ་བཟློག་སྟེ་ལས་དང་པོ་པ་ལ་དབང་པོ་རྣོ་རྟུལ་གཉིས་སུ་བྱས་ནས་དབང་རྣོན་དེས་དང་པོ་ནས་ཅིག་ཅར་པའི་ལུགས་བཞིན་ཉམས་སུ་ལེན་པར་གོ་བའི་ནོར་བ་བྱུང་བ་ཡིན་པའི་ཕྱིར་ཏེ། སྔགས་དང་ཕྱག་རྒྱ་རབ་གནས་སྦྱིན་སྲེག་སོགས་མི་དགོས་པར་གསུངས་པའང་སྔགས་ལམ་མཐོན་པའི་སྐབས་ལ་མ་སྦྱར་བར་དབང་རྣོན་གྱིས་དང་པོར་ཕྱག་ཆེན་སྒོམ་པའི་དུས་ནས་མི་དགོས་པའི་དོན་དུ་བཤད་ཅིང་། དེ་རྒྱུ་མཚན་དུ་བྱས་ཏེ་ཕྱག་རྒྱ་ཆེན་པོའི་ལམ་འདི་མདོ་སྔགས་གཉི་གའི་ལམ་དུ་མི་གཏོགས་པའི་གསེང་ལམ་ཞིག་ཡིན་པར་འདོད་པའི་ཕྱིར། བཀྲས་རྣམ་པའི་ཕྱག་ཆེན་རྣམ་བཤད་ལས། བྲམ་ཟེ་ཆེན་པོ་ཉིད་ཀྱི་གཞུང་ལ་དཔྱད་ན་སྙིང་པོའི་ལམ་ཞེས་གསེང་ལམ་ཞིག་ཏུ་བཞེད་པར་སྣང་སྟེ། དོ་ཧ་ལས། ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་འཁྱེར་བས་གདོད་ནས་འབྲས་བུར་གནས། །ཞེས་དང་། དཀྱིལ་འཁོར་བ་དང་སྦྱིན་སྲེག་པས་སྟོང་ཞིང་། །སྔགས་དང་ཕྱག་རྒྱ་རབ་གནས་ལ་སོགས་རྣམ་བྲལ་བ། །རྒྱུད་དང་བསྟན་བཅོས་ཀུན་གྱིས་སྒྲུབ་པར་མི་ནུས་པའི། །རྡོ་རྗེ་ཡེ་ཤེས་འདི་ནི་རང་བཞིན་གནས་ན་མཛེས། །ཞེས་དང་། རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད། །དེ་ཀུན་རང་ཡིད་འཁྲུལ་བར་བྱེད་པའི་རྒྱུ། །ཞེས་དང་། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟེན་པས་ཅི། །ཞེས་པ་ལ་སོགས་པ་གསུངས་པས་ལམ་རང་གི་ངོ་བོ་གསང་སྔགས་ལ་མ་ལྟོས་པར་བཤད་ཅིང་། ཞེས་བྲིས་འདུག་པས། སྔགས་ལམ་མཐོན་པོའི་ཉམས་ལེན་ལས་དང་པོ་པ་ལ་སྦྱར་བ་མི་འཐད་ཅེས་བཀག་པ་དེ་ཁས་བླངས་མེད་བཞིན་བཙན་ཐབས་སུ་བརྒལ་བ་མ་ཡིན་པར་ཁོ་རང་རྣམས་ཀྱི་རང་ལུགས་སུ་ཁས་བླངས་ཡོད་པ་འདིས་ཤེས་པར་སྣང་ངོ་། །ཚིག་ཟིན་ལ་རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད་ཅེས་གསུངས་པ་ཙམ་རྒྱུ་མཚན་དུ་བྱས་ནས་སྔགས་ཀྱི་ཕྱོགས་མ་ཡིན་པར་བསྒྲུབས་ན། བརྟག་གཉིས་ལས་ཀྱང་། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །ཅེས་དང་། ཀུན་སྤྱོད་ལས། དཀྱིལ་འཁོར་བ་ཡང་མེད་ཅིང་དཀྱིལ་འཁོར་མེད། །སྔགས་བཟླས་མེད་ཅིང་དཀའ་ཐུབ་སྦྱིན་སྲེག་མེད། །ཅེས་གསུངས་ལ། མངོན་བརྗོད་ལས་ཀྱང་དེ་བཞིན་འབྱུང་བས་དེ་དག་ཀྱང་སྔགས་ལ་མ་ལྟོས་པའི་གསེང་ལམ་དུ་སྨྲ་བར་གྱིས་ཤིག །ཡང་དེ་དག་ཕྱག་ཆེན་སྔགས་ལམ་དུ་མི་གཏོགས་ཚུལ་ལ། རྗེས་དཔག་ལམ་དུ་བྱེད་པ་མདོ། བྱིན་རླབས་ལམ་དུ་བྱེད་པ་སྔགས། མངོན་སུམ་ལམ་དུ་བྱེད་པ་ཕྱག་ཆེན། གཞི་སྤོང་བ་མདོ། གཞི་བསྒྱུར་བ་སྔགས། གཞི་ཤེས་པ་ཕྱག་ཆེན། དབང་རྟུལ་ཚོགས་ཀྱི་ལམ་དུ་འཇུག་པ་མདོ། དབང་འབྲིང་ཐབས་ཀྱི་ལམ་དུ་འཇུག་པ་སྔགས། དབང་རྣོན་ཤེས་རབ་ཀྱི་ལམ་དུ་འཇུག་པ་ཕྱག་ཆེན། ཞེས་སོགས་ཟེར་ཡང་། མདོ་རྒྱུད་དང་པཎ་གྲུབ་ཚད་ལྡན་གྱི་ཁུངས་མེད་ཅིང་སྒྲུབ་བྱེད་མེད་པར་དམ་བཅའ་ཙམ་དུ་ཟད་པས། དེ་ལས་སྒྲུབ་བརྒྱུད་རང་གི་གདམས་པའི་ཆུ་མགོ་ལྟ་བུ་རྗེ་བཙུན་མི་ལས། ཕྱག་རྒྱ་ཆེན་པོ་ལྟ་བའི་རྫོང་། །ནཱ་རོ་ཆོས་དྲུག་སྒོམ་པའི་རྫོང་། །ཞེས་སོགས་ཀྱིས་གཏུམ་མོ་དང་འོད་གསལ་ལ་བརྟེན་ནས་ཕྱག་ཆེན་རྟོགས་པ་དང་། འཇུག་སྒོ་དབང་དང་བྱིན་རླབས་བྱ། །ཟབ་མོ་སྙན་བརྒྱུད་ཀྱི་གདམས་ངག་བྱིན། །ཞེས་ཐོག་མར་དབང་མནོས་ཏེ་གསང་སྔགས་ཀྱི་ལུགས་ཚད་ལྡན་དུ་བྱེད་པར་གསུངས་པས། བཀའ་སྲོལ་དེ་མ་ནུབ་པར་བྱས་ན་ལེགས་སོ། །དེའི་རྒྱུ་མཚན་གྱིས་མཁས་གྲུབ་ནོར་བཟང་རྒྱ་མཚོས་བཀའ་དགེ་དགོངས་པ་གཅིག་ཏུ་བསྒྲུབས་པའང་བཀའ་བརྒྱུད་ཀྱི་ཁུངས་གཏུགས་ས་གོང་མ་འཁྲུལ་མེད་ཀྱི་དམ་པ་དེ་རྣམས་རྗེ་བླ་མ་དང་དགོངས་པ་གཅིག་པར་བསྒྲུབས་པ་ཡིན་གྱི། ཕྱི་རབས་པ་སེམས་མི་རྟོག་པའི་ངང་དུ་ཧད་པོར་འཇོག་པ་ཙམ་ལ་ལྟ་བའི་ཡང་རྩེར་བྱེད་པ་རྣམས་ཀྱི་འདོད་ཚུལ་དེ་དང་རྗེ་བླ་མའི་བཞེད་སྲོལ་གཉིས་མཐུན་པར་བསྒྲུབས་པ་མིན་ནོ། །དེ་བཞིན་དུ་རྫོགས་ཆེན་གྱི་ལྟ་བའང་ཐོག་མ་ནས་སྐྱོན་དང་བཅས་པ་མིན་ཡང་བར་སྐབས་སུ་བསྲེ་ལྷད་ཞུགས་པས་དྲི་བཅས་སུ་སོང་ཞིང་། རྗེས་འབྲངས་འདོད་ཡོན་གྱིས་དབྱེན་སྤྱོས་པ་འགའ་ཞིག་ལྟ་བ་མཐོན་པོའི་འུད་ལ་བརྟེན་ནས་སྤྱོད་པ་བག་མེད་དུ་གྱུར་པས་བསྟན་པའི་གཞི་མ་འདུལ་ཁྲིམས་སོགས་ལ་ཤིན་ཏུ་གནོད་པར་བྱུང་། དེའི་དབང་གིས་ལོ་ཆེན་རིན་ཆེན་བཟང་པོ་དང་། ཞི་བ་འོད། ཙ་མི་ལོ་ཙཱ་བ། ཆག་ལོ། རྔོག་ལོ། མགོས་ལོ། ས་པཎ། འབྲི་གུང་དཔལ་འཛིན་སོགས་ཀྱིས་ལུང་རིགས་དུ་མའི་སྒོ་ནས་ཆོས་རྣམ་དག་མ་ཡིན་པར་བསྒྲུབས། མཁས་པ་མང་པོས་ཚད་ལྡན་དུ་བཞེད་པའང་བྱུང་ལ། འོན་ཀྱང་དོན་དངོས་གཞི་གོང་དུ་སྨོས་པ་ལྟར་ཡིན་ཏེ། ཇོ་གདན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་རྗེའི་རྣམ་ཐར་ལས། རྫོགས་ཆེན་གྱི་ལྟ་བ་འདི་རྣམ་དག་ཡིན་མིན་ཞུས་པ་ལ་རྗེའི་ཞལ་ནས། རྣམ་དག་ཡིན་ཀྱང་ཕྱིས་ཀྱི་མི་མཁས་པ་དུ་མས་བློས་བྱས་ཀྱི་ལྷད་པ་ཞུགས་འདུག་ཅེས་གསུངས། འོ་ན་བླ་མ་རིན་པོ་ཆེ་ནས་ལྷད་བསལ་མཛད་པར་ཞུ་ཞེས་གསོལ་བར། དེ་འདྲའི་འདུན་པ་མཆིས་ཀྱང་ད་ལྟ་གསང་འདུས་རྒྱུད་འགྲེལ། སྒྲོན་གསལ་གྱི་མཆན་དང་བསྡུས་དོན། མཐའ་དཔྱོད། བདེ་མཆོག་རྒྱུད་འགྲེལ་སོགས་རྩོམ་པས་ལོང་མི་འདུག་གསུངས། ཞེས་འབྱུང་བ་བཞིན་ཡིན་ཞིང་། དོན་ལ་རྒྱལ་བའི་བསྟན་པ་མཐའ་དག་རྒྱལ་བའི་དགོངས་པ་བཞིན་གསལ་བར་མཛད་པ་ན། དེ་དག་ལ་ཆེད་དུ་དགག་པ་མ་མཛད་ཀྱང་། དཔེར་ན་ཐིག་དྲང་པོར་བཏབ་པའི་ཚེ་ཡ་ཡོ་སོགས་ཀྱི་སྐྱོན་ཤུགས་ལ་ཐོན་འགྲོ་བ་ལྟར་རྣམ་པར་དག་མ་དག་གི་དབྱེ་བ་ངང་གིས་ཕྱེད་པར་འགྱུར་རོ། །རྗེ་བླ་མའི་གསུང་རབ་རྣམས་ནི་སྦྱོར་བ་ཚང་ཞིང་སྦྱོར་ཚད་དམན་ལྷག་ཏུ་མ་སོང་བའི་སྨན་དེ་ངོ་སྐལ་གྱི་ནད་སེལ་སྟོབས་ཆེ་ལ་ནད་གཞན་མི་སློང་བ་ལྟར། མདོ་སྔགས་ཀྱི་གཞུང་དང་ལམ་མཐོ་དམན་གྱི་ཉམས་ལེན་གང་གསུངས་པའི་ཚེའང་ཐད་ཀའི་གདུལ་བྱ་ལ་ངེས་པ་སྟེར་ཕུལ་ཆེ་བར་མ་ཟད། གདུལ་བྱ་སྤྱི་ལ་ཕན་པ་ཁོ་ནར་འགྱུར་བས་གསུངས་ཚུལ་གཞན་ལས་ཆེས་ཁྱད་དུ་འཕགས་སོ། ། ― GTD001_Page_0032 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའང་མདོ་ཙམ་སྨོས་ན། ཉམས་སུ་བླང་བྱའི་ཆོས་དང་ཉམས་སུ་ལེན་མཁན་གྱི་རྒྱུད་ཚོད་མ་འཛོལ་བའི་འཚམ་པ་ཞིག་དགོས་པར་ཡོངས་སུ་གྲགས་ཀྱང་། དེ་དང་འཚམ་མི་འཚམ་རྟོགས་ཚུལ་གོང་མའི་ཉམས་ལེན་དེ་ག་བསྐྱངས་ན་སྐྱེ་སྐྱེ་འདྲ་བ་ཙམ་གྱིས་གོ་མི་ཆོད་དེ། རྟོགས་པ་འོག་མ་མ་སྐྱེས་པར་གོང་མ་སྐྱེ་ཚུལ་མེད་པས་དེའི་ཚེ་འོག་མ་འོག་མའི་རྟོགས་པ་ཉམས་འོག་ཏུ་ཆུད་མ་ཆུད་མས་རིམ་ནས་ལྟ་དགོས་པ་དང་། དེའང་ཉམས་སྣང་དང་རྟོགས་པའི་རྟགས་ལྟར་སྣང་ལ་ཡིད་བརྟན་མི་བྱ་བར། མདོ་རྒྱུད་དང་ཤིང་རྟ་ཆེན་པོའི་དགོངས་པ་ལྟར་གྱི་དེའི་ཚད་དུ་ཕྱིན་མ་ཕྱིན་ཞིབ་མོར་བརྟག་ལུགས་དང་། རྟོགས་པ་འོག་མ་སྐྱེས་པའི་ཚེ་དེས་ཆོག་ཤེས་མི་བྱ་བར་གོང་མ་ལ་སློབ་ཅིང་། ཉམས་ལེན་གོང་འོག་ཐམས་ཅད་འབྲེལ་མེད་དུ་དུམ་བུར་ཆད་པ་མ་ཡིན་པར་སྔ་མ་སྔ་མ་ཕྱི་མའི་སྨིན་བྱེད་དུ་འགྲོ་བས་ལམ་གྱི་ལུས་གཅིག་ཏུ་འདྲིལ་བ་དང་། དེ་ལ་བརྟེན་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ་སྟེ། མདོར་ན་བསྒོམ་བྱའི་ངོ་བོ་མ་ནོར་བ། གྲངས་མ་ཆད་པ། གོ་རིམ་མ་འཁྲུགས་པ། ཚིག་དོན་གྱི་ཆ་ཕྲ་མོ་རེ་ལའང་མདོ་རྒྱུད་ཀྱི་ཁུངས་དང་བཅས་པ། དྲི་མ་མེད་པའི་རིགས་པའི་སྒྲུབ་བྱེད་དང་བཅས་པ། བླ་མ་དམ་པའི་མན་ངག་དང་བཅས་པ། སྒོ་གང་ནས་ཉམས་སུ་བླངས་ཀྱང་བསྟན་པའི་གནད་ཐམས་ཅད་དེའི་སྟེང་དུ་གྲུ་བཞི་ལམ་ལམ་འགྲིག་འོང་བ་ནི། བསགས་སྦྱང་གི་རྒྱབ་རྟེན་དང་བཅས་ཏེ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་པོས་བློ་གྲོས་ཞིབ་མོར་བྱས་ཏེ་ཞལ་སྐྱིན་གྱི་ལེགས་བཤད་རྣམས་ལ་དཔྱད་ན་ཤེས་པར་འགྱུར་རོ། །དེའང་འབྲས་ལེགས་པར་སྨིན་པ་ཞིག་ལ་སྨན་པས་ནད་འདིར་གཞན་ཅིའང་མི་དགོས་བརྟོལ་ན་ལེགས་ཞེས་དེ་བཞིན་བྱས་ཏེ་སོས་པ་ན། ཕྱིས་འབྲས་སྨིན་མ་སྨིན་གྱི་ནད་པ་དུ་མས་དེས་དཔེ་བྱས་ཏེ་བརྟོལ་པས་སྲོག་ལ་གནོད་པ་སོགས་སྐྱོན་སྣ་ཚོགས་འབྱུང་བ་དང་། སྔ་མ་ལ་སྨན་པས་འབྲས་མ་སྨིན་པའི་དུས་ན་རྟགས་འདི་འདྲ་འབྱུང་བས་དེའི་ཚེ་སྨན་སོགས་འདི་ལྟ་བུ་བྱེད་དགོས། ཁྱོད་ཀྱི་འདི་སྨིན་འདུག་པས་བརྟོལ་དགོས་ཞེས་ཞིབ་ཆ་ཕྱེ་ནས་བཤད་ན་གཞན་ལའང་ཕན་པ་ཞིག་བྱུང་བ་ལྟར། སྔ་མ་རྣམས་ལམ་གྱི་གོལ་ས་དེ་ཙམ་དུ་མཐའ་བཅད་ནས་མ་བཀག་ཅིང་། རྗེ་བླ་མས་རྒྱལ་བའི་བསྟན་པ་ལ་འཁྲུལ་བའི་དྲི་མ་ཞུགས་ཚད་ལུང་རིགས་ཀྱིས་ལེགས་པར་བཀག །སླན་ཆད་ཀྱང་ལོག་རྟོག་སྐྱེ་བའི་གནས་ཡོད་པ་རྣམས་དོགས་པ་ཁོང་ནས་བསླངས་ཏེ་སྐྱེ་མི་རུང་དུ་མཛད། ཐ་ན་བརྡ་སྦྱོར་ཚུལ་རེ་ཚུན་ཆད་ཀྱང་ཤིང་རྟ་ཆེན་པོའི་གཞུང་དུ་གྲགས་པ་ཁོ་ན་མ་གཏོགས་གང་བྱུང་མི་མཛད་ཅིང་། མིང་ཙམ་གྱི་སྟེང་ནས་འཁྲུལ་བ་སྐྱེ་ཉེན་ཡོད་པ་ཚུན་ཆད་ཀྱང་བསལ་ནས་གསེར་སྦྱང་བཙོ་མ་ལྟ་བུར་བྱི་དོར་མཛད་པ་ཡིན་ཏེ། དཔེར་ན་བཀའ་བརྒྱུད་གོང་མས་ཅིག་ཅར་བ་ཞེས་པ་སྦྱང་བའི་འཕྲོ་ཅན་ལ་འདོད་པས་དོན་གྱི་ཆ་ནས་འགལ་བ་མེད་དུ་ཆུག་ཀྱང་། རྗེས་འཇུག་རྣམས་མིང་དེ་ལ་བརྟེན་ནས་དབང་རྣོན་ལ་ལམ་གྱི་རྟོགས་པ་གོང་འོག་ཐམས་ཅད་ཅིག་ཅར་སྐྱེ་བ་ལྟ་བུར་འཁྲུལ་ཏེ་དང་པོ་ནས་རྫོགས་རིམ་གྱི་སྤྱོད་པ་བྱས་པས་ཆུད་ཟོས་སུ་སོང་བ་མང་ངོ་། །དེས་ན་དེ་འདྲའི་ཐ་སྙད་ཙམ་ཡང་བྱེད་མི་རུང་སྟེ་ཤིང་རྟ་ཆེན་པོའི་གཞུང་དང་འགལ་ཞིང་རང་གི་ཁས་བླངས་དང་ཡང་འགལ་བའི་ཕྱིར། དང་པོ་ནི་རིམ་ལྔ་ལས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གོ་རིམ་ངེས་ཅན་དུ་གསུངས་ལ། སྤྱོད་བསྡུས་ལས། གོ་རིམ་ཇི་ལྟ་བ་བཞིན་དུ་བསླབ་པར་བགྱིའམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་གྱིས་སོ་སོར་སྣང་བར་བགྱིད། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རིམ་གྱིས་འཇུག་པས་བསླབ་པར་བྱ་ཡི། ཅིག་ཅར་ནི་མ་ཡིན་ནོ། །ཞེས་རིམ་གྱིས་སློབ་པ་མ་གཏོགས་ཅིག་ཅར་འཇུག་པའི་སྒོ་མེད་ཚུལ་ལང་གཤེགས་དང་དཔའ་བར་འགྲོ་བའི་མདོ་གཉིས་དྲངས་ནས་བསྒྲུབས་པ་དང་། ཀ་མ་ལ་ཤཱི་ལས་ཀྱང་དཔེ་དོན་དུ་མའི་སྒོ་ནས་དེ་ལྟར་བསྒྲུབས་པ་བཞིན་ནོ། །རང་གི་ཁས་བླངས་དང་ཡང་འགལ་ཏེ། ཅིག་ཅར་བ་དང་རིམ་གྱིས་པའི་དོན་སྦྱང་བའི་འཕྲོ་ཅན་ཡིན་མིན་ལ་བྱེད་ན་ཅིག་ཅར་བའི་སྔོན་དུ་རིམ་གྱིས་པ་འགྲོ་དགོས་ཤིང་། རིམ་གྱིས་པའང་ཅིག་ཅར་བར་འགྱུར་དགོས་ལ། ཁྱོད་ཀྱིས་དེ་གཉིས་རྒྱུད་ཐ་དད་དུ་བྱས་པའི་ཕྱིར། དེ་སྐད་དུའང་རིམ་ལྔ་གསལ་སྒྲོན་ལས། ལམ་འདིར་འཇུག་པའི་གདུལ་བྱའི་བཟང་ཤོས་རིན་པོ་ཆེ་ལྟ་བུ་ལའང་ལས་དང་པོ་བའི་གནས་སྐབས་ཤིག་མེད་ན་ནི་ལམ་ལ་མ་ལྟོས་པར་དང་པོ་ནས་གྲོལ་བའི་སྐྱོན་དུ་འགྱུར་བས། ལས་དང་པོ་བའི་གནས་སྐབས་འདོད་དགོས་སོ། །ཞེས་དང་། འོན་ཏེ་སྐྱེ་བ་སྔ་མ་མང་པོར་ལམ་འོག་མ་སྦྱངས་པའི་མཐུ་ལྡན་འགའ་ཞིག་ལམ་འོག་མ་རྣམས་ནས་འཁྲིད་མི་དགོས་པར་གོང་མ་ནས་འཁྲིད་པས་ཆོག་པ་ལ་བསམ་ནས་ཅིག་ཅར་བར་སྨྲ་ན་ནི། མཐོང་ལམ་སྐྱེ་བ་ཚོགས་སྦྱོར་གྱི་ལམ་སྔོན་དུ་འགྲོ་དགོས་མི་དགོས་དཔྱོད་པ་ན། ཚོགས་སྦྱོར་སྔོན་དུ་འགྲོ་མི་དགོས་པའི་རྒྱུ་མཚན་དུ་མཐོང་ལམ་ཐོབ་ཟིན་ནས་སྔོན་དུ་འགྲོ་མི་དགོས་ཞེས་སྨྲ་བ་དང་འདྲ་བས་བཞད་གད་ཀྱི་གནས་སོ། །ཞེས་གསུངས་པ་ལྟར་རོ། །ཐ་སྙད་སྦྱོར་ཚུལ་རེ་ཙམ་གྱིས་ཀྱང་གོ་བ་ནོར་བ་སྐྱེད་སྲིད་པས། རྗེ་བཙུན་རོལ་བའི་རྡོ་རྗེས། འོན་ཀྱང་གཞུང་ལུགས་ལ་སྦྱང་བ་ཆུང་རྣམས། །ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད། །ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །ཞེས་གསུངས་པ་བཞིན་ཏེ། རྗེའི་ལེགས་བཤད་རྣམས་ལ་ཟུར་ཕྲ་མོ་དེ་ཙམ་གྱི་སྐྱོན་ཆགས་པའང་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །རྗེ་ཐམས་ཅད་མཁྱེན་པས་ཁྲིད་ལ་སོགས་པའང་གདུལ་བྱ་སྤྱི་ཁྱབ་ཏུ་ཕན་པ་ཁོ་ན་གཙོ་བོར་མཛད་དེ། རྗེ་ཉིད་ཀྱིས་བླ་མ་དབུ་མ་པ་ལ་ཕུལ་བའི་ཞུ་འཕྲིན་ལས། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་མཚན་ཉིད་དང་སྔགས་ཀྱི་ཐེག་པའི་ལམ་གྱི་རིམ་པ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཉིད་ཡ་མཚན་པར་མཐོང་ནས་སློབ་མ་བཀྲི་བའི་རིམ་པ་རྣམས་དེ་ཁོ་ནའི་སྟེང་ནས་བྱེད་ཀྱིན་ཡོད། གདམས་ངག་དེའང་གསུང་རབ་དགོངས་འགྲེལ་གྱི་བསྟན་བཅོས་མན་ངག་མཐའ་དག་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་ནས་སྟོན་པར་སྣང་བས་འཆད་ཤེས་པ་དང་། ཉན་ཤེས་པ་གཉིས་ཀྱིས་བཤད་ཅིང་ཉམས་སུ་བླངས་ན་མན་ངག་ཆུང་ཆུང་དུ་མ་ཟད་གསུང་རབ་མཐའ་དག་གི་གུང་འགྲིག་ནས་འོང་བར་སྣང་བས་ཁྲིད་ཀྱི་རྣམ་གྲངས་མང་པོ་སྟོན་པ་མ་བྱས། ཞེས་དང་། སྤྱིར་ད་ལྟ་བོད་ན་གསང་སྔགས་དང་མཚན་ཉིད་ཀྱི་གདམས་པ་མཐའ་ཡས་པ་ཞིག་སྣང་ཞིང་དེ་རྣམས་ཀྱང་སངས་རྒྱས་བྱང་སེམས་ལ་མ་བརྒྱུད་པ་མི་སྣང་བས་ཡི་དམ་རེས་གསུངས་པ་ཙམ་གྱི་རྒྱུ་མཚན་ལས་གཞན་འགོད་རྒྱུ་མ་རྙེད་ན་ཐད་ཀ་ཐད་ཀའི་བློ་ངོ་འབའ་ཞིག་ཏུ་སོང་ནས་ལམ་གྱི་གནད་མ་འཕྱུགས་པ་ཞིག་ལ་ངེས་པ་རྣམ་དག་སྐྱེ་བའི་ཐབས་མི་འདུག དེས་ན་གཟུ་བོར་གནས་པའི་སྒོ་ནས་བློ་དང་ལྡན་པ་རྣམས་ཀྱིས་ལམ་འཕྱུག་མེད་ཅིག་འཚོལ་ན། མདོ་སྡེ་དང་རྒྱུད་སྡེ་རྩོད་མེད་གང་དང་ཡང་མི་འགལ་ཞིང་དེ་དག་ནས་ཟིན་པ་དེའང་ཤིང་རྟ་ཆེན་པོ་གཅིག་གི་རིགས་པའི་རྗེས་སུ་འབྲངས་ནས་དྲང་ངེས་ལེགས་པར་ཕྱེ་སྟེ་མཐའ་གཞན་དུ་དྲང་དུ་མི་བཏུབ་པར་རིགས་པས་གནོད་མེད་དུ་འགྲུབ་པ་ཞིག་མེད་མི་རུང་དུ་སྣང་། ཞེས་བཀའ་སྩལ་པ་དེ་བཞིན་ནོ། ། ― GTD001_Page_0033 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་རང་ལུགས་འཐད་ལྡན་བཞག་པ་ལ། རྗོད་བྱེད་ལུང་ལ་དྲང་ངེས་ཕྱེ་སྟེ་གུས་པས་རྗེས་སུ་བསླབ་ཚུལ། བརྗོད་བྱ་དོན་གྱི་དྲང་ངེས་ཕྱེ་སྟེ་སྟོང་པ་དང་རྟེན་འབྱུང་འགལ་མེད་གྲོགས་སུ་ཤར་ཚུལ། དེའི་སྒོ་ནས་གཞི་ལམ་འབྲས་བུའི་རྣམ་གཞག་ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་ལུགས་ཀུན་ལ་ངེས་པ་རྙེད་ཚུལ་གསུམ། དང་པོ་ནི། ཡོད་དང་མེད་པའི་ཕྱོགས་འཇིག་པ། །བདག་ཉིད་ཆེན་པོ་ཁྱེད་དག་ནི། །སྟོང་དང་རྟེན་འབྱུང་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པར་བཞེད། །སྟོན་པ་མཆོག་དེར་བསྟོད་པའི་སྒོ། །ཀུན་གྱི་བླ་མར་གྱུར་པ་ཡང་། །རྟེན་ཅིང་འབྲེལ་འབྱུང་གསུངས་པ་རུ། །ཀླུ་སྒྲུབ་ཞབས་དང་ཁྱོད་ཀྱིས་གཟིགས། །ཞེས་བྱུང་། དེའང་དཔལ་མགོན་ཀླུ་སྒྲུབ་ལུང་སྟོན་པ་ན་ལང་གཤེགས་ལས། ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །ཞེས་གསུངས་པ་དེ་མདོའི་སྐབས་སུ་དོན་དམ་པར་ཡོད་པ་དང་ཐ་སྙད་དུ་མེད་པའི་མཐའ་གཉིས་བཤིག་ནས་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་པ་དང་། སྒྲོན་གསལ་དུ་སྔགས་བླ་མེད་ཀྱི་ཐེག་པ་དང་ཁྱད་པར་དུ་མཐའ་གཉིས་སྤངས་པའི་ཟུང་འཇུག་གི་དོན་གསལ་བར་བྱེད་པའི་ལུང་བསྟན་དུ་སྦྱར་བ་ལྟར། བོད་འདིར་ཡང་རྟག་ཆད་ཀྱི་ལྟ་བ་སྣ་ཚོགས་པས་བསྟན་པའི་སྙིང་པོ་བཅོམ་སྟེ་ཕྱོགས་སྟོང་པ་ལྟ་བུར་གྱུར་པ་ན་རྗེ་བླ་མས་རྒྱལ་བའི་དགོངས་པ་བཞིན་དུ་གསལ་བར་ཕྱེ་སྟེ་སངས་རྒྱས་ཀྱི་མཛད་པ་མཛད་ཚུལ་དཔལ་མགོན་ཀླུ་སྒྲུབ་ཇི་ལྟ་བ་བཞིན་ཡིན་པས། དེ་ལ་སངས་རྒྱས་གཉིས་པ་ཞེས་སྟོན་པའི་མཚན་འཆང་བའི་དགེ་སློང་དུ་འགྱུར་བར་རྔ་བོ་ཆེའི་མདོ་ལས་ལུང་བསྟན་པ་དང་། རྗེ་བླ་མ་འཇམ་དཔལ་རྩ་རྒྱུད་དུ་ལུང་སྟོན་པའི་ཚེ། ས་ཡི་སྟེང་འདི་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཅན་གྱི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཞེས་གསུངས་པ་གཉིས་ཤིན་ཏུ་འདྲ་བར་ཡོད་དོ། །དེའི་དོན་བཞིན་བདག་ཉིད་ཆེན་པོ་འདི་གཉིས་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པའི་ཚུལ་ཡང་ཆ་ཐམས་ཅད་ནས་ཤིན་ཏུ་འདྲ་ལ། དེའི་ནང་ནས་སྙིང་པོར་གྱུར་པ་ནི་ཡོད་མེད་ཀྱི་མཐར་མི་ལྟ་བའི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོ་ནས་སྲིད་པའི་འཆིང་བ་གཅོད་ཚུལ་གསལ་བར་ཕྱེ་བ་ཉིད་ཡིན་ཞིང་། དེ་ལ་ཐོག་མར་ཡོད་མེད་ཀྱི་མཐའ་གཉིས་ཁེགས་དགོས་པ་དང་། དེའང་དྲང་ངེས་འབྱེད་པ་ལ་ལྟོས་ཤིང་འཁོར་ལོ་དང་པོའི་དོན་བཞིན་གང་ཟག་གི་བདག་ཡོད་པ་སོགས་སུ་གསུངས་པ་དྲང་དོན་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་གསུངས་པ་ངེས་དོན་དུ་བྱས་པ་དང་། འཁོར་ལོ་ཐ་མའི་དོན་བཞིན་མཚན་ཉིད་གསུམ་བདེན་པར་ཡོད་མཉམ་དང་མེད་མཉམ་དུ་གསུངས་པ་རྣམས་དྲང་དོན་དང་། གཞན་དབང་ཡོངས་གྲུབ་གཉིས་བདེན་པར་གྲུབ་ཅིང་ཀུན་བཏགས་བདེན་པར་མ་གྲུབ་པར་གསུངས་པ་ངེས་དོན་དུ་བྱས་པའི་དྲང་ངེས་ཀྱི་ཚུལ་འདི་གཉིས་ནི་གདུལ་བྱའི་བསམ་ངོ་ཙམ་ཡིན་གྱི། དེས་ཡོད་མེད་དམ་རྟག་ཆད་ཀྱི་མཐའ་ལེགས་པར་མི་ཁེགས་སོ། །དེས་ན་སྣང་ཚུལ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བའི་ཀུན་རྫོབ་ཀྱི་ཚུལ་དང་མཐུན་པར་གསུངས་པ་དྲང་དོན་དང་། སྦྲང་རྩི་རོ་གཅིག་པ་ལྟར་གནས་ལུགས་རང་བཞིན་གྱིས་སྟོང་པར་རོ་མཉམ་དུ་གསུངས་པ་ངེས་དོན་དུ་བྱས་པའི་དྲང་ངེས་ཀྱི་ཚུལ་འཁོར་ལོ་བར་པའི་དགོངས་པ་མཐར་ཐུག་པ་འདིས་རྟག་ཆད་ཀྱི་གཡང་ས་མ་ལུས་པར་བཀག་སྟེ་ཐེག་པ་གསུམ་གྱི་ཐར་པའི་ལམ་གསལ་བར་བྱེད་པས་མདོ་སྡེ་འདི་ཉིད་མདོ་སྡེ་ཀུན་གྱི་ཕུལ་དང་རྩེ་མོར་གསུངས་སོ། །དེ་ལྟ་བུའི་དྲང་ངེས་ཀྱི་མདོར་འཇོག་པའི་ཚུལ་འདི་ནི། བློ་གྲོས་མི་ཟད་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་བལྟར་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་པའི་དགོངས་པ་ཡིན་ཞིང་། རྒྱུད་བླ་མར་ཡང་། ཕྲ་མོ་ཟབ་མོའི་ཚུལ་བསྟན་པ། །སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་པ། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །ཞེས་གསུངས་སོ། །མདོ་དེའི་སྒྲས་ཟིན་གྱི་དོན་དེ་ལྟར་ངེས་པ་དང་སྒྲས་ཟིན་ཁས་བླངས་མི་རུང་བས་དགོངས་པ་གཞན་དུ་འདྲེན་དགོས་པ་ལ་དྲང་ངེས་སུ་འཇོག་པ་ནི་མདོ་སྡེ་དགོངས་འགྲེལ་གྱི་ལུགས་ཡིན་ཞིང་། བློ་གྲོས་མི་ཟད་པར་གསུངས་པ་ནི་མདོ་དེས་བསྟན་དོན་དེ་ཉིད་ཆོས་དེའི་གནས་ལུགས་མཐར་ཐུག་ཏུ་སོང་བ་ངེས་པའི་དོན་དང་། དེ་ཙམ་གྱིས་ཆོས་དེའི་གནས་ལུགས་མི་རྫོགས་པས་མཐར་ཐུག་གི་དོན་གཞན་དུ་བཙལ་དགོས་པ་དྲང་དོན་དུ་བྱས་ཏེ་སྣང་ཚུལ་དང་གནས་ཚུལ་གྱི་སྒོ་ནས་དྲང་ངེས་སུ་འཇོག་པ་ནི་རྩ་བ་བདེན་གྲུབ་མེད་པར་ཁས་བླངས་པ་ལ་ཐུག་གོ །སེམས་ཙམ་པས་ཀྱང་ཕྱི་རོལ་དོན་དུ་སྣང་ཡང་སྣང་བ་ལྟར་དུ་མ་གྲུབ་པས་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཙམ་ཞིག་འདོད་ཀྱང་། འདི་ནི་བདེན་གྲུབ་ཀྱི་ལྡོག་ཟླར་འགྲོ་རྒྱུའི་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྫུན་པ་ལ་བྱེད་དགོས་པས་དབུ་མ་པའི་ལུགས་དང་འགྲིགས་ཤིང་ཁྱད་པར་དུ་ཐལ་འགྱུར་བའི་ལུགས་ལ་ལེགས་པར་གནས་སོ། །དྲང་ངེས་ཀྱི་དོན་སྔ་མ་གྲགས་ཆེའང་ཕྱི་མ་འདི་ལྟར་ཟབ་མོའི་མདོ་སྡེ་རྣམས་ལ་དྲང་ངེས་འབྱེད་པ་ལྟ་ཅི། དེ་ལྟ་བུའི་དྲང་ངེས་ཀྱི་འཇོག་ལུགས་ཤིག་ཡོད་པར་ཤེས་པའང་རྗེ་བླ་མ་འབའ་ཞིག་གི་བཀའ་དྲིན་ཡིན་ནོ། ། ― GTD001_Page_0034 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ཙམ་པ་མན་ཆད་ལྟར་ན་ངེས་དོན་གྱི་ལུང་གིས་དྲང་དོན་དུ་གསུངས་པ་རྣམས་འགོག་ཀྱང་། ལུགས་འདིར་དེ་མི་འགོག་པར་མ་ཟད། ངེས་དོན་རང་བཞིན་གྱིས་སྟོང་པ་དེའི་གནད་ཀྱིས་དྲང་དོན་སྣ་ཚོགས་སུ་སྣང་བ་བསྙོན་མེད་དུ་འབྱུང་བ་དང་། དྲང་དོན་རྟེན་འབྲེལ་སྣ་ཚོགས་ཀྱི་སྣང་བ་འདི་ཅིར་ཡང་བསྒྱུར་དུ་རུང་བའི་གནད་ཀྱིས་ངེས་དོན་རང་བཞིན་གྱིས་གྲུབ་པའི་གཏད་སོ་མེད་པར་ངེས་པ་སྟེར་བ་སྟེ་སྟོང་པ་རྟེན་འབྱུང་དང་། རྟེན་འབྱུང་སྟོང་པའི་དོན་དུ་གསུངས་པ་འདིས་བཅོམ་ལྡན་འདས་སྨྲ་བ་བླ་ན་མེད་པའི་ཚད་མའི་སྐྱེས་བུ་དང་། དེ་ལྟར་གསུངས་པའི་བཀའ་རྣམས་གསུང་རབ་མ་ལུས་པའི་ཉིང་ཁུ་མཆོག་ཏུ་ངེས་པ་རྙེད་པ་ནི་ལུང་ལ་དྲང་ངེས་འབྱེད་པའི་ཚུལ་ཡིན་ནོ། །སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་གསུངས་པའི་ལུང་ལ་མ་དྲོས་པས་ཞུས་པ་སོགས་དྲངས་པ་ནི་ཤིན་ཏུ་གོ་སླ་བའི་མཚན་གཞི་ཙམ་སྨོས་པ་ཡིན་གྱི། སྤྱིར་ངེས་དོན་གྱི་གསུང་རབ་རྣམས་སུ་རང་བཞིན་གྱིས་གྲུབ་པ་ལ་རྣམ་གཞག་གང་ཡང་མི་འཐད་པར་གསུངས་པ་ཐམས་ཅད་ཀྱིས་རང་བཞིན་མེད་པ་ལ་རྒྱུ་འབྲས་བྱ་བྱེད་ཀྱི་རྣམ་གཞག་འཐད་པར་འགྲུབ་པས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་པ་ཡིན་ཞིང་། རྒྱུ་རྐྱེན་དང་ཆ་ཤས་འདོགས་བྱེད་ཀྱི་རྣམ་རྟོག་སོགས་ལ་ལྟོས་པར་གསུངས་པ་ཀུན་གྱིས་རང་དབང་བའི་དངོས་པོ་མེད་པར་འགྲུབ་པས་རྟེན་འབྱུང་སྟོང་པའི་དོན་དུ་གསུངས་པ་ཡིན་ལ། དེ་གཉིས་དོན་གཅིག་པའི་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །དེའང་གདུལ་བྱ་ཐར་པར་འཁྲིད་བྱེད་དངོས་ནི་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་པས། སྐུ་གསུང་ཐུགས་ཀྱི་མཛད་པ་ཀུན་ལས་གསུང་གི་མཛད་པ་མཆོག་ཏུ་གསུངས་ལ། དེར་གདུལ་བྱ་ལ་གནས་སྐབས་དང་མཐར་ཐུག་ཏུ་ཕན་པའི་སྒོ་མང་དུ་གསུངས་ནའང་། གསོ་དཔྱད་སྐར་རྩིས་སྒྲ་ཚད་སོགས་དང་། རྩ་རླུང་གི་མན་ངག །ཞི་ལྷག་གི་རྣལ་འབྱོར་ལ་བརྟེན་ནས་མངོན་ཤེས་རྫུ་འཕྲུལ་བསམ་གཟུགས་ཀྱི་སྙོམས་འཇུག་སྒྲུབ་ཚུལ་སོགས་ནི་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་དང་། ཕྱི་རོལ་པའི་སྟོན་པ་རྣམས་ཀྱིས་ཀྱང་བཤད་པས་རང་གི་སྟོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མི་འགྱུར་རོ། །དེས་ན་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། སངས་རྒྱས་བཅོམ་ལྡན་འདས་ཉིད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཉིད་ལ་རྒྱུ་ཡིན་ཞིང་། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཉིད་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ལ་རྒྱུ་ཡིན་ཏེ། ཞེས་གསུངས་པ་ལྟར། གཞན་སུས་ཀྱང་འདོམས་པར་མ་ནུས་པ་གདུལ་བྱ་ཐར་པར་འཁྲིད་པའི་སྒོ་གཅིག་པུར་གྱུར་པ་གང་ཞིག་རང་དབང་དུ་སྟོན་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་སྨྲ་བ་བླ་ན་མེད་པའི་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་ལེགས་གསུང་མཆོག་ཏུ་ཡ་མཚན་མཚུངས་པ་མེད་པ་ནི་སྟོང་པ་དང་རྟེན་འབྱུང་དོན་གཅིག་པར་གསུངས་པ་འདི་ཉིད་ཡིན་ཏེ། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པར་བཞེད། །ཅེས་དང་། རྗེ་ཉིད་ཀྱིས། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་སོ། །གནད་འདི་ལ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་དང་རྗེ་བླ་མ་དགོངས་པ་གཅིག་ཏུ་སྣང་བས་བསྟན་པའི་གནད་མཐར་ཐུག་ངོས་ཟིན་ན་དེ་འདྲ་ཞིག་འོང་དགོས་ཀྱི། འཁོར་བའི་རྩ་བ་བདག་འཛིན་འགོག་ཐབས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར་མན་ངག་ཐན་ཐུན་རེ་བསྒོམས་ཏེ་རྩ་རླུང་གི་ནུས་པ་ཅུང་ཟད་འབྱོངས་པས་མངོན་ཤེས་རྫུ་འཕྲུལ་ཕྲན་ཚེགས་དང་། གཞན་ཕན་ལྟར་སྣང་ཙམ་བྱུང་བར་རྨོངས་པའི་སྐྱེ་བོ་རྣམས་ཀྱིས་བཀུར་བས་རང་ཡང་ཡོན་ཏན་མཐར་ཐུག་ཏུ་རློམ་པ་ནི་ཆོས་ཀྱི་གནད་མ་གོ་བ་ཡིན་ཏེ། དེ་ལས་ཆེས་ཆེར་ལྷག་པ་ཞིག་ཕྱི་པའི་བསྟན་པ་ལ་བརྟེན་ནས་ཀྱང་བསྒྲུབ་ནུས་པས། རང་གི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་སྐྱོན་མེད་པ་འདིར་ཞུགས་པའི་དགོས་པ་ཐུན་མོང་མ་ཡིན་པ་སྟོར་བ་ཡིན་ནོ། །དེ་སྐད་དུའང་རེད་མདའ་བའི་དྲིས་ལན་ལས། གནས་ལུགས་ལ་ངེས་ཤེས་ཏིལ་ཙམ་འདྲོང་རྒྱུ་མེད་པའི་རྩིས་དང་། སྣོད་བཅུད་ཀྱི་རྣམ་གཞག་དང་། བསྐྱེད་རིམ་འཁོར་བཅས་ཀྱི་ཆོ་གའི་སྤྲས་སྤྲོས་དང་། རྩ་རླུང་སོགས་ཀྱི་གཏམ་མང་པོ་ལ་མགོ་མྱོས་མྱོས་ཀྱི་བར་དུ་སེམས་པར་གདའ་བས་དོན་ཆུང་། དེ་བས་ཉན་བཤད་པ་རྣམས་ལ་བདག་མེད་ལ་དམིགས་པའི་གོ་ཡུལ་རགས་པ་རེ་འཐད་བྱས་པ་མང་རབ་འོང་བས། ཐར་པའི་རྒྱུར་འགྲོ་བ་ཉན་བཤད་བག་ཙམ་དྲག་པར་གདའ། ཞེས་གསུངས་ཏེ། དེའི་རྒྱུ་མཚན་གྱིས་བཞི་བརྒྱ་པར། ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྟེན་འབྱུང་ཟབ་མོའི་དེ་ཁོ་ན་ཉིད་གསུངས་པ་ལ་ངེས་པ་གཏིང་ཚུགས་པའི་ཡིད་ཆེས་རྙེད་ན། གསུང་རབ་གཞན་རྣམས་ལའང་ཡིད་ཆེས་རྙེད་པར་འགྱུར་ཏེ། བཞི་བརྒྱ་པ་ལས། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེས་གྱུར་པ། །དེ་ཡིས་སྟོང་པ་ཉིད་བསྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་དང་། རྣམ་འགྲེལ་ལས། གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་གསུངས། འགྲེལ་པ་དོན་གསལ་ལས་མཆོད་བརྗོད་ཀྱི་དགོས་དོན་སྐབས་སུ་གཞི་ལམ་རྣམ་གསུམ་བདེན་མེད་དུ་གསུངས་པ་ལ་ངེས་པ་རྙེད་ན། རང་སྲས་འཕགས་བཞིའི་དོན་བསྒྲུབ་པའི་ནུས་པའི་ཡོན་ཏན་གསུངས་པ་ལ་ཡིད་ཆེས་སྐྱེ་བར་བཤད་ཚུལ་ཡང་འདི་ཡིན་ནོ། །དེ་ལྟར་ལུང་གི་བསྟན་པ་མཐའ་དག་གདུལ་བྱའི་དོན་ལ་མི་བསླུ་བར་ངེས་པ་རྙེད་པ་ན། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པ་ཞེས་འབྱུང་བ་བཞིན། སངས་རྒྱས་ལ་དད་པ་བསྒོམ་པ་དེའང་གཡམ་ལ་རྒྱུག་ཙམ་མ་ཡིན་པར་ཤེས་ནས་དད་པ་ཐོབ་པ་ཞེས་བྱ་བ་བུ་ཆུང་མ་ལ་ཡིད་རྟོན་པ་བཞིན་བློ་སྙིང་འགེལ་ཐུབ་པ་ཞིག་འབྱུང་ངོ་། །བསྟོད་པ་བྱེད་ཚུལ་ཡང་ནང་གི་དད་པ་དང་སྒོ་མཐུན་པ་ཞིག་དགོས་པས། བསྟོད་པའི་སྒོ་འདི་ཉིད་མཆོག་ཏུ་གཟིགས་ནས་རྩ་ཤེས་ཀྱི་དབུར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་དང་། མཇུག་ཏུ། གང་གི་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཤིང་། གཞན་ཡང་རིགས་པ་དྲུག་ཅུ་པ་དང་བསྟོད་ཚོགས་རྣམས་ལས་ཀྱང་འདིའི་སྒོ་ནས་བསྟོད་པ་གཙོ་བོར་མཛད་དེ། ལེགས་བཤད་སྙིང་པོ་ལས། རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་པ་འདི་ཉིད་རང་གི་སྟོན་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པར་གཟིགས་ནས་སློབ་དཔོན་གྱིས་གཞུང་མང་པོར་བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དེ། ཞེས་གསུངས་ཤིང་། རྗེ་བླ་མ་ཉིད་ཀྱིས་དོན་འདི་ཉིད་ཀྱིས་གཞུང་བཙུགས་ཏེ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་མཛད་དོ། །མཁས་གྲུབ་སྨྲ་བའི་ཉི་མས་ཀྱང་། གང་ཞིག་སྟོང་ཉིད་ཟབ་མོའི་རྔ་སྒྲ་དབྱར་དུས་ཀྱི་ནི་སྤྲིན་གྱི་དབྱིངས། །རྟེན་ཅིང་འབྲེལ་འབྱུང་ནམ་མཁའི་སྒོ་ལས་རྒྱུན་ཆད་མེད་པར་སྒྲོགས་པ་ཡིས། །བདག་ཏུ་ལྟ་བའི་ཚ་གདུང་ཀུན་སེལ་ཆུ་ཆར་དུས་སུ་འབེབས་མཁས་པ། །ཟླ་མེད་སྟོན་པ་སྙིང་རྗེའི་ཆུ་འཛིན་གཡོ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། རྒྱན་གྱི་ཉམས། དོན་གྱི་འགངས། དཔེ་དོན་གྱི་འབྲེལ་གང་ཐད་ནས་ངོ་མཚར་བས་ཚིགས་བཅད་དམ་དུམ་ལ་ཁ་ལག་མི་དལ་བ་རྣམས་ཀྱིས་འདི་འདྲ་རེའི་རྗེས་སུ་བསླབ་ན་ངལ་བ་དོན་ཡོད་དོ། ། ― GTD001_Page_0035 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་བརྗོད་བྱ་དོན་གྱི་དྲང་ངེས་ཕྱེ་སྟེ་སྟོང་པ་དང་རྟེན་འབྱུང་འགལ་མེད་གྲོགས་སུ་ཤར་ཚུལ་ནི། ཤས་ཆེར་སྟོང་ལ་མོས་བློ་ཡིས། །རྟེན་ཅིང་འབྲེལ་འབྱུང་འགོག་བྱེད་པ། །སྣང་བས་བསྒྲིབས་པ་དེ་དག་གི །བློ་མུན་སྟུག་པོ་གང་གིས་སེལ། །ལྟ་བས་རང་བཞིན་བཙལ་བའི་ཕྱིར། །མ་རྙེད་པ་ཡིས་ཁེགས་འགྱུར་ལ། །མ་རྙེད་གདགས་གཞི་འགོག་མིན་པས། །རྗེས་ཀྱི་མིང་ཙམ་ལྷག་མར་མཐོང་། །མིང་ཙམ་དེར་ཡང་བྱ་བྱེད་ཀུན། །བསྙོན་མེད་མྱོང་བས་གྲུབ་པ་ཡི། །རྗེས་འགྲོ་སྐྱོན་ཡོན་བླང་དོར་ཀུན། །བརྩོན་པས་སྤྱོད་པ་རྣམ་པར་དག །སྣང་སྟོང་རིམ་པས་ཆད་རྟག་མཐའ། །སེལ་བ་གྲུབ་མཐའ་ཀུན་འདོད་ཀྱང་། །བཟློག་སྟེ་སྨྲ་བ་འདི་ཁོ་ནས། །བརྒྱུད་མའི་ཀླན་ཀ་མཐའ་དག་བསལ། །ཞེས་བྱ་བ་སྨྲས་ཏེ། དེའང་ཤོ་ལོ་ཀ་དང་པོས་སྟོང་པ་དང་རྟེན་འབྱུང་འགལ་བར་འགྲོ་མི་རུང་བ་དང་། གཉིས་པས་མི་འགལ་ཚུལ། གསུམ་པ་དང་བཞི་པས་མི་འགལ་བར་མ་ཟད་གྲོགས་སུ་འགྱུར་བའི་ཚུལ་སྟོན་ཏོ། །དེའང་ཁ་ཅིག་ལྟ་བ་མཐོ་སྙེགས་ཀྱིས་རང་བཞིན་མེད་པའི་ཕྱོགས་ལ་མོས་ལོ་བྱས་ཀྱང་། དེ་དང་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་རྒྱབ་འགལ་དུ་བཟུང་ནས་ཐ་སྙད་པའི་ཕྱོགས་འགོག་པ་ནི་སྒྲུབ་བྱེད་ལ་གནོད་བྱེད་དུ་བཟུང་བའི་གོ་ལོག་ཆེན་པོ་ཡིན་ཏེ། ལེགས་བཤད་སྙིང་པོ་ལས། རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་བཅིང་གྲོལ་དང་བླང་དོར་དང་རྒྱུ་འབྲས་ལ་སོགས་པ་མེད་པར་འགྱུར་རོ། །ཞེས་སྨྲ་བ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པའི་སྒྲུབ་བྱེད་མཐར་ཐུག་པ་ལ་གནོད་བྱེད་མཐར་ཐུག་པར་འཛིན་པ་ཡིན་ནོ། །ཞེས་དང་། ལྷག་མཐོང་ཆེན་མོ་ལས། རང་བཞིན་འགོག་པའི་རིགས་པས་སྐྱེ་བ་དང་འགག་པའི་རྟེན་འབྲེལ་བཀག་ན་ནི་ལྷ་བདུད་དུ་བབ་པ་ལྟར་གྱུར་ནས་དབུ་མའི་དོན་ཇི་ལྟ་བ་བཞིན་རྙེད་པའི་གེགས་ཆེན་པོར་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ལྷ་བདུད་དུ་བབ་པ་བཞིན་གོ་བ་ཕྱིན་ཅི་ལོག་ཏུ་སོང་ན་དབུ་མའི་ལྟ་བར་འཁྲིད་ཚུལ་མེད་དེ། བུདྡྷ་པཱ་ལི་ཏ་ལས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཤེས་པའི་སྣང་བས་གཏི་མུག་གི་མུན་པ་བསལ་ཞིང་ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་མཐོང་བ་དེའི་ཚེ་གནས་མེད་པ་ལ་འདོད་ཆགས་དང་ཞེ་སྡང་དག་མི་སྐྱེའོ། །ཞེས་གསུངས་པ་ལྟར། རྟེན་འབྱུང་གི་རིགས་པའི་ཉི་འོད་ཀྱི་སྣང་བ་ལ་བརྟེན་ནས་རྟག་ཆད་ཀྱི་མཐར་ལྟ་བའི་བློ་མུན་བསལ་ཏེ་རང་བཞིན་མེད་པའི་དོན་མཐོང་དགོས་རྒྱུ་ལ། རྟེན་འབྱུང་དེ་རང་བཞིན་མེད་པའི་དོན་སྒྲིབ་བྱེད་དུ་སོང་ན་དེ་ལས་གཞན་དུ་དེ་གསལ་བར་བྱེད་པའི་ཐབས་མེད་པའི་ཕྱིར་རོ། །དེའང་བོད་ཀྱི་དབུ་མ་པར་རློམ་པ་ཕལ་མོ་ཆེས་རྒྱུ་འབྲས་བྱ་བྱེད་ཐམས་ཅད་འཁྲུལ་ངོ་ཙམ་ལས་དོན་དུ་མེད་དོ་ཞེས་དབྱངས་སུ་སྒྲོག་པའི་རྩ་བ་ནི། གནས་ལུགས་འཚོལ་བ་ན་མཐའ་བཞི་གང་དུའང་དཔྱད་མ་བཟོད་པའི་ཚེ་རིགས་པ་དེས་སྐྱེ་སོགས་ཐམས་ཅད་ཁེགས་པར་འདུག་སྙམ་དུ་རིགས་ཤེས་ཀྱིས་མ་རྙེད་པ་དང་། རིགས་ཤེས་ཀྱིས་བཀག་པ་གཉིས་དོན་གཅིག་ཏུ་འཁྲུལ་བ་ཡིན་ཏེ། ལྷག་མཐོང་ཆེན་མོ་ལས། གལ་ཏེ་དེ་དག་རིགས་པས་དཔྱད་མི་བཟོད་ན་རིགས་པས་ཁེགས་པའི་དོན་ཡོད་པ་ལྟར་འཐད་སྙམ་ན། འདི་ནི་རིགས་པས་དཔྱད་མི་བཟོད་པ་དང་། རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་བ་སྟེ། །ཞེས་སོ། །འདི་མི་འཐད་པ་དཔེའི་སྒོ་ནས་ཀྱང་ཤིན་ཏུ་རྟོགས་སླ་སྟེ། བ་ལང་ཞིག་ར་བའི་ནང་དུ་བཙལ་ཏེ་མ་རྙེད་པ་ན་ནང་དེར་ཡོད་པ་ཁེགས་ཀྱང་བ་ལང་དེ་སྤྱིར་ཡོད་པ་ཙམ་ཁེགས་དོན་མེད་པ་ལྟར། དོན་དམ་དཔྱོད་པའི་རིགས་པས་བཙལ་རྒྱུའང་ཆོས་རྣམས་ཀྱི་རང་གི་ངོ་བོས་གྲུབ་པའི་རང་བཞིན་བཙལ་བ་ཡིན་པས་དེ་རྙེད་རྒྱུ་མ་བྱུང་བ་ན་རང་བཞིན་ཁེགས་པར་འགྲོ་ཡི། སྐྱེ་བ་ཙམ་བཙལ་བ་མིན་པས་དེ་ཁེགས་དོན་ཡང་མེད་དོ། །དེའི་ཕྱིར། ལྟ་བས་རང་བཞིན་བཙལ་བའི་ཕྱིར། །མ་རྙེད་པ་ཡིས་ཁེགས་འགྱུར་ལ། །མ་རྙེད་གདགས་གཞི་འགོག་མིན་པས། །རྗེས་ཀྱི་མིང་ཙམ་ལྷག་མར་མཐོང་། །ཞེས་སྨོས་པ་ཡིན་ནོ། །དེ་སྐད་དུ་བརྒྱ་པའི་འགྲེལ་པ་ལས། ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི། མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ །ཞེས་དང་། རྩ་ཤེས་ཊཱིཀ་ཆེན་ལས་ཀྱང་། རང་བཞིན་ཡོད་མེད་ཚོལ་བ་ཡིན་གྱི། ཡོད་མེད་ཙམ་ཚོལ་བ་མིན་པས། དཔྱད་ནས་མ་རྙེད་པ་ན་རང་བཞིན་ཡོད་པ་ཁེགས་ཀྱི། མིག་ལ་སོགས་པ་ཁེགས་པ་གཏན་མ་ཡིན། ཞེས་གསུངས་པའི་ཕྱིར། དེ་ལྟར་མ་ཡིན་པར་མུ་བཞི་གང་ལས་ཀྱང་མི་སྐྱེ་ན། དེ་ལས་གཞན་སྐྱེ་ཚུལ་མེད་པས་གཏན་ནས་མི་སྐྱེ་བར་འགྱུར་དགོས་སོ་ཞེས་སྨྲ་བ་ནི་དཔལ་ལྡན་ཟླ་བའི་གསུང་གི་ལྡོག་ཟླ་ཁོ་ན་ཡིན་ཏེ། དེས། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་མཐའ་བཞི་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་ལྷག་པར་ཡང་སྐྱེ་འགག་སོགས་ཀྱི་རྣམ་གཞག་འཇོག་ཐུབ་པར་གཟིགས་ནས། རབ་ཏུ་སྐྱེ་བར་འགྱུར་ཞེས་ནན་ཏན་དུ་གསུངས་པ་ལ། ཁྱོད་ཀྱིས་རྒྱུ་མཚན་དེས་གཏན་ནས་མི་སྐྱེ་བར་འགྱུར་རོ་ཞེས་གོ་ལོག་ཆེན་པོར་སོང་བའི་ཕྱིར། དེས་ན་དོན་དམ་པར་མི་སྐྱེ་ཞེས་པ་དང་། རྒྱུ་ལ་བརྟེན་ནས་འབྲས་བུ་སྐྱེ་ཞེས་པ་གཉིས་ཁས་བླངས་དངོས་འགལ་ལྟ་བུར་གོ་བ་ནི། རྣམ་འགྲེལ་ལས། གལ་ཏེ་ཀུན་ལ་ནུས་མེད་ན། །ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཅི་སྟེ་དེ་ལྟར་འགྱུར། །ཞེས་པ་ལྟ་བུ་དངོས་སྨྲས་རྩོད་ཚུལ་ཡིན་གྱི། དབུ་མ་པས་བརྟགས་ན་དེ་ཞིབ་ཆ་ཕྱེས་ཡོད་པ་མ་ཤེས་ཤིང་རྣ་བས་མ་ཚོར་བས་བསྙོན་འདེང་བ་ཡིན་ཏེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གལ་ཏེ་བརྟེན་ནས་སྐྱེས་པ་གང་ཡིན་པ་དེ་ནི་སྐྱེས་པ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་མ་སྐྱེས་པའི་སྒྲས་བརྗོད་པར་བྱ་བར་འགྱུར་ཅི་སྟེ་མ་སྐྱེས་སོ་ཞེས་བརྗོད་ན། འོན་ཏེ་བརྟེན་ནས་སྐྱེའོ་ཞེས་བརྗོད་པར་མི་བྱའོ། །དེའི་ཕྱིར་ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར་འདི་མི་རིགས་སོ་ཞེ་ན། ཀྱེ་མ་ཀྱི་ཧུད་རྣ་བ་དང་སྙིང་མེད་པས་ཀྱང་བརྒལ་བར་འགྱུར་བ་འདི་ནི་ཁོ་བོ་ཅག་ལ་དཀའ་བ་ཞིག་བབ་པོ། །གང་གི་ཚེ་ཁོ་བོ་ཅག་གིས་གང་བརྟེན་ནས་སྐྱེ་བ་དེ་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་མ་སྐྱེས་སོ་ཞེས་སྨྲས་པ་དེའི་ཚེ་རྒོལ་བའི་གོ་སྐབས་ག་ལ་ཡོད། ཅེས་གསུངས་པའི་ཕྱིར། ཞིབ་ཆ་འབྱེད་ཚུལ་འདི་ནི་རྒྱལ་བ་རང་ཉིད་ཀྱིས་གསུངས་པ་ཡིན་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་སོ། །ཞེས་རང་ཉིད་ཀྱི་དགོངས་པ་བཀྲལ་བ་ལྟར་ཡིན་གྱི། རང་བཞིན་གྱིས་མ་སྐྱེས་པ་དང་མ་སྐྱེས་པ་ལ་ཁྱད་མེད་ན། གང་གང་གི་དགོངས་གཞིར་འཇོག་པ་འབྲེལ་མེད་པར་འགྱུར་རོ། །དོན་འདི་ལ་དགོངས་ཏེ་རྩ་ཤེས་ལས། སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །ཞེས་རང་བཞིན་མེད་བྱས་པ་ན་ཡེ་མེད་དུ་གོ་ནས་རྣམ་གཞག་ཐམས་ཅད་ཞིག་འགྲོ་བ་དེ་རང་གི་བློ་སྐྱོན་ཡིན་པས། གོ་ལུགས་ཚུལ་མཐུན་དུ་སོང་ན་རང་བཞིན་མེད་བྱས་ཚེ་རྒྱུ་འབྲས་ཀྱི་རྣམ་གཞག་ལ་ངེས་པ་ཇེ་བརྟན་དུ་འགྲོ་བ་དང་། རྒྱུ་འབྲས་མི་བསླུ་ཚུལ་བཤད་པ་ན་རང་བཞིན་གྱིས་སྟོང་པ་ལ་ངེས་པ་ལྷང་གིས་འདྲེན་པས། སྟོང་པ་རྟེན་འབྱུང་གི་དོན་དང་། རྟེན་འབྱུང་སྟོང་པའི་དོན་དུ་འཆར་དགོས་གསུངས་པ་ཡིན་ཏེ། རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས། ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་དེ་ནི་བརྟེན་ནས་འབྱུང་བའི་དོན་ཏེ་མ་མཆིས་པའི་དོན་ཏོ། །མ་མཆིས་པའི་དོན་ནི་བརྟེན་ནས་འབྱུང་བའི་དོན་དུ་མཁས་པ་རྣམས་ཀྱིས་རྟོགས་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་འདི་གཉིས་ཕན་ཚུན་གཅིག་གཅིག་གི་དོན་དུ་འགྲོ་ཚུལ་ནི། ལྟོ་ལྡིར་བ་བུམ་པའི་དོན་དུ་བཞག་པ་ལྟ་བུ་མིན་ཞིང་། གཅིག་དངོས་སུ་བརྗོད་པའི་སྒྲས་གཅིག་ཤོས་དོན་གྱིས་འཕངས་པའང་མིན། གཅིག་དངོས་སུ་རྟོགས་པའི་ཚེ་གཅིག་ཤུགས་ལ་རྟོགས་པ་ལྟ་བུའང་མ་ཡིན་གྱི། རང་བཞིན་མེད་པ་ཤེས་པའི་དབུ་མ་པའི་བློ་ངོར་གཅིག་གིས་གཅིག་ལ་གོ་བ་སྟེར་ལུགས་ཤིག་ཡིན་པར་རྩ་ཤེས་ཊཱིཀ་ཆེན་ལས་གསུངས་སོ། །དེའི་དོན་དུ་བྱས་ཏེ་དགའ་བློའི་ལྟ་ཁྲིད་ལས། དང་པོར་ལྟ་བ་ཚོལ་བའི་ཚེ་རྟེན་འབྲེལ་གྱི་སྟོབས་ཀྱིས་སྟོང་ཉིད་ངེས་པ་དང་། རྗེས་སུ་སྟོང་ཉིད་རྟོགས་པའི་མཉམ་གཞག་དེའི་སྟོབས་ཀྱིས་རྗེས་ཐོབ་ལ་རྟེན་འབྲེལ་སྒྱུ་མ་ལྟ་བུར་འཆར་བའི་དོན་དུ་བཤད་མོད་ཀྱང་། དེ་ལ་མཐའ་གཉིས་གཅིག་ཆར་སེལ་ཚུལ་མ་ཚང་ཞིང་། དེ་ཙམ་ཞིག་རང་རྒྱུད་པས་ཀྱང་འདོད་པས་ལུགས་འདིའི་ཐུན་མོང་མ་ཡིན་པ་རང་གི་ངོ་བོས་མ་གྲུབ་པ་ལ་གོ་བ་སྟེར་ཕུལ་ཆུང་བས་འདི་བཞིན་འཆད་དགོས་ཏེ། དཔེར་ན་བྲན་ཞིག་ལ་བྱ་བ་འདི་འདྲ་ཞིག་བྱེད་རྒྱུ་ཨེ་ཡིན་དྲིས་པར། དེའི་ཚོད་ངེད་ཀྱིས་མི་ཤེས་ཞེས་ལན་བཏབ་པ་ན་རྗེ་བོའི་དབང་ལ་ལྟོས་དགོས་པར་གོ་བ་དང་། སྔ་མའི་ལན་དུ་དེ་རྗེ་བོས་ཤེས་མོད་ཅེས་བཤད་པ་ན་རང་ལ་དེའི་དབང་མེད་པར་དོན་གྱིས་གོ་བ་བཞིན། རང་བཞིན་གྱིས་མེད་ཅེས་བཤད་པ་ན་དེའི་དོན་གཏན་མེད་ཀྱི་དོན་དུ་མི་གོ་བར་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་ལྟོས་པའི་དོན་དུ་གོ་བ་དང་། རྟེན་འབྱུང་ཞེས་བཤད་པ་ན་བྱུང་བ་ཙམ་ཞིག་མི་གོ་བར། གཞན་གང་ལའང་མི་ལྟོས་པའི་རང་དབང་ཞིག་མེད་པར་གོ་ཞིང་དེ་ནི་རང་བཞིན་མེད་པའི་དོན་ཡང་ཡིན་ཏེ། བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་སོ། །གལ་ཏེ་གདགས་གཞི་ཕུང་སོགས་ཀྱི་ངོས་ནས་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་ན། ཚིག་གིས་རི་བོང་རྭའང་བརྗོད་ཆོག་པས་དེ་ཙམ་གྱིས་ཡོད་པར་ག་ལ་འཇོག་ཐུབ། དོན་ལ་མེད་པ་རང་དུ་འདུག་གོ་སྙམ་ན། གདགས་གཞིའི་ངོས་ནས་གྲུབ་པ་བཀག་ཤུལ་ན་མིང་ཙམ་ལྷག་མར་ལུས་རྒྱུ་དང་། དེའི་རྗེས་སུ་འབྱུང་བའི་རྟོག་པའི་སྣང་ཆ་ཙམ་ལ་ཕན་གནོད་བྱ་བྱེད་སོགས་ཀྱི་རྣམ་པ་འཇིག་རྟེན་རང་དགའ་བ་ལའང་བསྙོན་མེད་དུ་འཆར་ཞིང་། སྣང་ཙམ་དེའི་ཐ་སྙད་ཙམ་དུ་དོན་དེ་དང་དེ་བྱེད་པ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མི་འཇུག་པས་འཇིག་རྟེན་གྱི་ཤེས་ངོ་ལ་ལྟོས་ཏེ་བདེན་པར་བཞག་པ་ཡིན་ཅིང་། རི་བོང་རྭ་དང་རྟག་པའི་བདག་སོགས་ཀྱི་མིང་ཙམ་བརྗོད་ཀྱང་དེའི་སྣང་བ་འཕྲལ་གྱི་འཁྲུལ་རྒྱུ་ལ་ལྟོས་པ་དང་། སྣང་བ་ལྟར་དོན་བྱེད་པ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པས་སྔ་མ་དང་མི་འདྲའོ། ། ― GTD001_Page_0036 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ན་མིང་ཙམ་ལྷག་མར་ལུས་ཞེས་པའང་དེ་དང་དེ་ཞེས་པའི་སྒྲ་ཙམ་ཡོད་པ་ལ་མི་བྱེད་ཀྱི། མིང་གིས་ཕར་བཏགས་ཙམ་པོ་དེའི་སྟེང་ནས་བྱ་བྱེད་སོགས་ཀྱི་རྣམ་གཞག་འཐད་ལྡན་དུ་འཇོག་ཐུབ་པ་ཞིག་དགོས་ཏེ། རྩ་ཤེས་ཊཱིཀ་ཆེན་ལས། བསྐྱེད་བྱ་སྐྱེད་བྱེད་ཡོད་ན་རྒྱུ་འབྲས་ཀྱི་དོན་ཡོད་པས་མིང་ཙམ་མོ་ཞེས་པ་མི་འཐད་དོ་སྙམ་པའང་མི་རིགས་པའི་རྒྱུ་མཚན་ཙམ་གྱི་སྒྲས་མིང་མིན་པའི་དོན་ཡོད་པ་དང་། དོན་ཚད་མས་གྲུབ་པ་མི་གཅོད་པ་དང་། མིང་དུ་བཏགས་པ་ཙམ་དུ་ཡོད་ཅེས་པས་ཀྱང་མིང་གི་ཐ་སྙད་ཀྱི་དབང་གིས་མ་བཞག་པའི་ཡོད་པ་མི་སྲིད་ཀྱང་མིང་གི་ཐ་སྙད་ཀྱིས་གང་བཞག་ཐམས་ཅད་ཡོད་པར་སྟོན་པ་མིན། ཞེས་དང་། མཁས་གྲུབ་རྗེའི་ལྟ་ཁྲིད་ཆེན་མོ་ལས། སྐབས་དེར་སྐྱོང་ཚུལ་ལ་མཁས་པས་མཉམ་བཞག་གི་ངེས་ངོར་ལྷག་མ་ཅུང་ཟད་ཀྱང་མ་ལུས་ཀྱང་། དེ་ལས་རྗེས་ཐོབ་ཏུ་ཚུར་ལངས་ནས་བཀག་པ་དེའི་ཤུལ་ན་ལུས་པ་ཅི་འདུག་བལྟས་པ་ན། ང་ཞེས་སོགས་ཀྱི་མིང་ཙམ་ཞིག་ལུས་པ་དང་མིང་དེའང་རྟོག་པས་གཞི་མེད་དུ་སྦྱར་བའི་རྟོག་བཏགས་མིང་རྐྱང་ཙམ་དུ་ཟད་པར་ངེས་པ་ལྷང་གིས་འདྲེན་ཐུབ་པ་དང་། མིང་རྐྱང་དེའི་དོན་ལ་དཔྱད་པ་ཅིའང་མ་བྱས་པར་མིང་རྐྱང་དེའི་རྗེས་སུ་འབྲངས་ནས་ཞུགས་པས། ལས་གསོག་པ་པོ་དང་། མྱོང་བ་པོ་དང་། བཟའ་བཏུང་སོགས་ཀྱི་བྱ་བ་བྱེད་ནུས་སུ་མྱོང་བས་གྲུབ་ནས་རྟེན་འབྲེལ་དང་སྟོང་ཉིད་མི་འགལ་ཞིང་ཟུང་དུ་འཇུག་པའི་ཚུལ་ལ་ངེས་པ་སྙིང་ཐག་པ་ནས་སྐྱེ་ལུགས་ཁས་བཤད་པ་ཙམ་གྱི་རྗེས་སུ་འབྲང་བའི་གྲུབ་མཐའ་འཆའ་བ་སྐད་བྱེད་པའི་དུས་ཀྱི་ངེས་པ་སྐྱེ་ལུགས་དང་ཤིན་ཏུ་མི་འདྲ་བ་ཞིག་འོང་བ་ཡིན། ཞེས་གསུངས་པའི་ཕྱིར། ལས་དང་པོ་བའི་སྐབས་ཚུལ་འདི་བློ་ངོར་འཆར་དཀའ་འང་། མཐའ་གཉིས་དང་བྲལ་བའི་ལམ་ལ་བག་ཆགས་ཐེབས་པའི་ཕྱིར་དུ་མོས་མནོ་ཙམ་གྱིས་ཀྱང་དེ་ལྟར་བསམ་དགོས་ཏེ། རྩ་ཤེས་ཊཱིཀ་ཆེན་ལས། བསྐྱེད་བྱ་སྐྱེད་བྱེད་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་འཇོག་པ་གོམས་ཆེས་པས། དེ་བཀག་པ་ན་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་དེ་དག་འཇོག་པ་བློ་ལ་མི་བདེའང་། འཇོག་ཚུལ་གཉིས་ལས་ནི་མེད་ལ། སྔ་མ་མི་འཐད་ན་ཕྱི་མ་ལ་འཇོག་པ་འོས་མེད་དོ་སྙམ་དུ་བློ་དེའི་ཕྱོགས་སུ་དྲངས་དགོས་སོ། །ཞེས་གསུངས་ཏེ། རང་རེ་ལྟ་བུར་ཤིན་ཏུ་བརྩེ་བའི་ཐབས་མཁས་ཀྱིས་གདམས་པ་ཡིན་ཞིང་། བདེན་པ་གཉིས་ཀྱི་ནང་ནས་ཀྱང་སྟོང་ཕྱོགས་ནི་དབུ་མའི་རིགས་པ་རྣམས་ཀྱིས་མཐའ་སོ་སོར་བཀག་སྟེ་ཅུང་ཟད་འཆར་སླ་ལ། དེ་ལས་ཀྱང་མིང་ཙམ་དེར་བྱ་བྱེད་འཐད་ལྡན་དུ་འཇོག་ཐུབ་པའི་སྣང་ཕྱོགས་འདི་ཆེས་འཆར་དཀའ་བ་ཡིན་པར་མངོན་ནོ། །འོན་ཀྱང་བསགས་སྦྱང་རླབས་པོ་ཆེ་སོགས་རྒྱུ་ཚོགས་ཆ་ཚང་བའི་སྒོ་ནས་ནན་ཏན་དུ་བསླབ་ན་ནམ་ཞིག་སྣང་སྟོང་གཉིས་ཆར་ལ་ངེས་པ་བརྟན་པོ་སྐྱེ་བས་གོལ་ས་ཐམས་ཅད་ཁེགས་ནས་བླང་དོར་ཇེ་ཞིབ་དང་བརྩོན་པ་ཇེ་ཆེར་སོང་བས་ལྟ་བ་ཅི་ཙམ་རྣམ་པར་དག་པ་བཞིན་གྱིས་སྤྱོད་པའང་རྣམ་པར་དག་པ་འབྱུང་བའི་ཕྱིར་འདི་ཉིད་དུ། མིང་ཙམ་དེར་ཡང་བྱ་བྱེད་ཀུན། །བསྙོན་མེད་མྱོང་བས་གྲུབ་པ་ཡི། །རྗེས་འགྲོ་སྐྱོན་ཡོན་བླང་དོར་ཀུན། །བརྩོན་པས་སྤྱོད་པ་རྣམ་པར་དག །ཅེས་སྨོས་པ་ཡིན་ལ། དེ་སྐད་དུ་དཔལ་ལྡན་ཟླ་བས། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང་། །རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། །སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་སྟེན་པར་བྱེད། །བཟོད་པ་སྒོམ་བྱེད་དེ་ཡི་དགེ་བའང་བྱང་ཆུབ་ཏུ། །འགྲོ་བ་དགྲོལ་བར་བྱ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང་། །རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད། །ཅེས་དང་། བཞི་བརྒྱ་པའི་འགྲེལ་པ་ལས། རང་བཞིན་སྟོང་པ་ཉིད་ཀྱི་གཏམ་ལ་གུས་པར་གྱུར་ན། དེ་དེ་དང་མཐུན་པའི་རྐྱེན་ཉེ་བར་བསྒྲུབས་པའི་སྒོ་ནས་ཇི་ལྟར་སྟོང་པ་ཉིད་ལ་དང་བ་འཕེལ་བར་འགྱུར་བ་དེ་ལྟར་བྱ་ཞིང་། སྙིང་རྗེ་ཆེ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་། བདག་ཉིད་ཀྱི་དམ་པའི་ཆོས་ཀྱི་བར་ཆད་ཀྱི་རྒྱུ་མཚན་གཡང་ས་ཆེན་པོའི་རྒྱུ་ཡོངས་སུ་སྤངས་པར་འདོད་པས། ཡ་ང་བ་ལ་བརྟེན་པ་དང་སྦྱིན་དཀའ་བའང་སྦྱིན་པ་དང་། བསྡུ་བའི་དངོས་པོ་བཞིས་ཀྱང་བསྡུ་བར་བྱ་སྟེ། དམ་པའི་ཆོས་འདི་འབད་པ་ཐམས་ཅད་ཀྱིས་སྐྱེ་བོ་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་ལ་ཉེ་བར་བསྟན་པར་བྱའོ། །ཞེས་གསུངས་ཏེ། ལྟ་བའི་གོ་བ་ཅི་ཙམ་འཕེལ་བ་བཞིན་ལས་འབྲས་ལ་རྩིས་ཇེ་ཆེར་སོང་ན། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་ངོ་མཚར་རྨད་དུ་བྱུང་བ་རྒྱལ་བ་དགྱེས་པའི་ལམ་བཟང་པོ་རྙེད་པ་ཡིན་གྱི། ལྟ་བ་མཐོན་པོའི་འུད་ལ་བརྟེན་ནས་སྤྱོད་པ་བག་མེད་དུ་བྱེད་པ་ནི་ཕུང་ཁྲོལ་ཆེན་པོ་ཡིན་ཏེ། སྟོང་ཐུན་ལས། ཚུལ་ཁྲིམས་ལ་སོགས་པ་རྣམས་ལ། དེ་དག་ནི་ངེས་དོན་མ་གོ་བ་རྣམས་ལ་ཡིན་གྱི། ངེས་དོན་གོ་བ་ལ་སྤྲོས་བཅས་དེ་དག་གིས་ཅི་ཞིག་བྱ་ཞེས་ཟེར་བ་དང་། རེ་ཞིག་གཞན་ངོར་ལས་འབྲས་ལ་སློབ་པ་སྐད་ཟེར་བ་གཉི་གའང་། རང་སྟེང་ནས་དེ་བསྒྲུབ་མི་དགོས་པར་འདོད་པ་ལ་ཁྱད་མེད་པས་རང་གཞན་ཐམས་ཅད་ཕུང་བར་བྱེད་པའི་ལམ་ཆེན་པོ་ལ་གནས་ནས་ངན་འགྲོའི་སྒོ་འབྱེད་པར་བྱེད་ཅིང་། སྟོང་པ་ཉིད་ཀྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་བའི་འབྲས་རྟགས་ཡང་དག་ཏུ་ཤེས་པར་གྱིས་ཤིག །ཅེས་གསུངས་པའི་ཕྱིར། བོད་སྔ་མ་མང་པོས་དབུ་མ་པ་ལྟ་བ་མཐོ་བས་ཀླུ་སྒྲུབ་ལུགས་ཀྱི་བྱང་སྡོམ་གུ་ཡངས་ཞེས་སྨྲ་བའང་འཁྲུལ་བ་འདིའི་ཤན་ཞུགས་པའི་གཏམ་ཡིན་པས་མི་འཐད་པར་ཐུབ་བསྟན་བྱི་དོར་ལས་གསུངས་ཤིང་། སྔོན་འགའ་ཞིག་གིས་རྗེ་བཙུན་མི་ལ་ལ་ཆད་ལྟ་བ་ཡིན་ཞེས་སྐུར་བ་ཞུས་པའི་ལན་དུ། ང་ཆད་མ་ཆད་ངའི་སྤྱོད་པ་ལ་ལྟོས་གསུངས་པའི་དགོངས་གཞི་ཟབ་མོ་འདི་ཡིན་ནོ། །མིང་ཞིག་པོར་གྲགས་ཀྱང་མཚན་འཛིན་གྱི་འཆིང་བ་མ་ཞིག་པར་ཚུལ་ཁྲིམས་ཀྱི་སྐ་རགས་ཞིག་པའི་འཆལ་པོ་རྣམས་སྤྱོད་པའི་ཞིབ་ཚགས་དང་ཚུལ་ཁྲིམས་ཀྱི་དང་ཚུགས་དགེ་ལྡན་པ་ལ་ཡོད་ཀྱང་ལྟ་བ་ཁོ་བོ་ཅག་མཐོ་ཞེས་ཟེར་ཡང་། རྒྱུའི་དབང་དུ་བྱས་ན་མདོ་རྒྱུད་དགོངས་འགྲེལ་ཀུན་ལས་ལྷག་པ་ཤེས་རབ་ཀྱི་བསླབ་པ་རྣམ་དག་ཅིག་འོང་བ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་རྣམ་དག་ཅིག་སྔོན་དུ་སོང་བ་ལ་རག་ལས་པར་གསུངས་པས། དམ་པ་གོང་མ་རྣམས་སྤྱོད་པ་རྣམ་པར་དག་ན་ལྟ་བ་ལྷས་སྟོན་གསུངས་པ་ལྟར་ཡིན། འབྲས་བུའི་དབང་དུ་བྱས་ན་ལྟ་བ་མ་ནོར་བ་རྙེད་པའི་ཚེ་སྤྱོད་པ་ཇེ་དག་ཏུ་འགྲོ་ཚུལ་གོང་དུ་དྲངས་པ་ལྟར་ཡིན་ལ། དེར་མ་ཟད་མངོན་རྟོགས་རྒྱན་ལས། རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །འཚོ་བ་རྣམ་པར་དག་ཉིད་དང་། །ཞེས་སོགས་ཀྱི་ཐད་ཀྱི་འགྲེལ་པ་དོན་གསལ་ལས། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི་སེམས་འདུལ་བའི་དགོས་པའི་དབང་མ་གཏོགས་པ་ཐམས་ཅད་དུ་རྟོག་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་ནས་བཤད་དེ། དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གི་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན། ཞེས་བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་སྐབས་ཆོས་ཉིད་མངོན་སུམ་དུ་གཟིགས་པ་དེ། རྗེས་ཐོབ་ཀྱི་ཚེ་ཚུལ་ཁྲིམས་རྣམ་པར་དག་པ་སོགས་ཀྱི་སྤྱོད་པའི་སྒོ་ནས་དཔོག་ཅིང་ཡིད་ཆེས་སྐྱེས་པར་གསུངས་པའི་ཤུགས་ཀྱིས་སྤྱོད་པ་རྩིང་ཧྲལ་དུ་བྱེད་ཀྱིན་ལྟ་བ་མཐོན་པོར་ཁས་འཆེའང་ཡིད་བརྟན་མེད་པར་གསུངས་པ་ཡིན་ནོ། ། ― GTD001_Page_0037 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ན་འཆལ་པོ་དེ་དག་གིས་བཤད་ཚུལ་ནི། ལྟ་བ་ཕུན་སུམ་ཚོགས་པའི་རྒྱུ་འབྲས་གཉིས་ཀ་དགེ་ལྡན་པ་ལ་ཡོད་ཀྱང་། ལྟ་བ་དངོས་གཞི་ཁོ་རང་ཚོ་ལ་ཡོད་དོ་ཞེས་སྨྲས་པ་ཡིན་པས། རྒྱུ་འབྲས་གོ་འཛོལ་བ་འདི་ལྟ་བུ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་གོ་བ་རགས་པ་ཙམ་ཡང་མ་ཆགས་པའི་བླུན་གཏམ་དུ་ཤེས་པར་བྱའོ། །གང་ཞིག་བཤེས་གཉེན་དམ་པའི་མགོན་དང་བཅས་ཤིང་། ཚུལ་བཞིན་དཔྱོད་པའི་ཤེས་རབ་ཀྱི་རྩལ་དང་ལྡན་པས་སྣང་སྟོང་གྲོགས་སུ་ཤར་བ་དེ་ལ་ས་ལམ་གྱི་ཡོན་ཏན་ཐམས་ཅད་སྤུངས་པ་བཞིན་དུ་འབྱུང་སྟེ། གཞི་ལ་བདེན་གཉིས་ཟུང་འཇུག་ཏུ་སོང་བའི་གནད་ཀྱིས་ལམ་ལ་སྣང་ཕྱོགས་ཐབས་ཀྱི་ཆ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་། ངེས་འབྱུང་གི་བསམ་པ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནས་ཀུན་རྫོབ་སྒྱུ་མའི་སྐུའི་བར་བསོད་ནམས་ཀྱི་ཚོགས་མ་ཚང་བ་མེད་པ་དང་། སྟོང་ཕྱོགས་ཤེས་རབ་ཀྱི་ཆ་བདག་མེད་པའི་ལྟ་བ་ཕྲ་རགས་ནས་དོན་གྱི་འོད་གསལ་བར་ཡེ་ཤེས་ཀྱི་ཚོགས་མ་ཚང་བ་མེད་པ་འབྱུང་ཞིང་། དེ་ལྟ་བུའི་ཟབ་རྒྱས་གཉིས་ཚོགས་སམ་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་སྲིད་ཞི་གཉི་གའི་མཐའ་བཀག་པས་འབྲས་བུ་སྐུ་གཉིས་ཟུང་འཇུག་འགྲུབ་སྟེ། རིགས་པ་དྲུག་ཅུ་པར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་བཞིན། དབུ་མ་པའི་ལུགས་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་གསུམ་གྱི་འཇོག་ཚུལ་ཁྱད་དུ་འཕགས་པ་ཡིན་ནོ། །གནད་འདི་ལ་དགོངས་ཏེ་རྒྱལ་བ་བྱམས་པས་མངོན་རྟོགས་རྒྱན་གྱི་སྐབས་སུ་བདེན་གཉིས་ལ་འདོམས་པའི་གདམས་ངག་དེ་སྟོན་པ་ན། སྒྲུབ་དང་ཞེས་གསུངས་པའང་ཐེག་ཆེན་རིགས་ཅན་རྣམས་ཀྱིས་དོན་དུ་གཉེར་བྱ་མཐར་ཐུག་སྐུ་གཉིས་ལས་མེད་པས། དེ་སྒྲུབ་བྱེད་ཀྱི་ལམ་ཡང་བདེན་པ་གཉིས་ལ་བརྟེན་པའི་ཐབས་ཤེས་ཀྱི་ཆ་གཉིས་པོ་དེ་ལས་གཞན་ན་མེད་ཅིང་། གཉིས་པོ་མེད་དུ་མི་རུང་བར་ཚང་དགོས་པས། དེ་གཉིས་འདོམས་བྱེད་ལ་སྒྲུབ་པའི་ངོ་བོ་ལ་གདམས་པ་ཞེས་གསུངས་པ་ཡིན་ནོ། །དེར་མ་ཟད་བདེན་པ་དེ་གཉིས་ཀྱི་དབྱེ་གཞི་ལའང་སྔ་མ་མང་པོས་སྣ་ཚོགས་བཤད་ཀྱང་། རྗེ་བླ་མས། ཤེས་པར་བྱ་བའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་ཟད་དོ། །ཞེས་ཡབ་སྲས་མཇལ་བ་ལས་གསུངས་པ་ཁུངས་སུ་དྲངས་ཏེ་ཤེས་བྱ་བདེན་གཉིས་ཀྱི་དབྱེ་གཞིར་བསྒྲུབས་པའང་། ཡོད་པ་དང་གཞི་གྲུབ་བདེན་གཉིས་ཀྱི་དབྱེ་གཞིར་བཞག་པ་དང་མི་འདྲ་བར། བློ་ཁ་ནང་དུ་བསྐོར་ཏེ་རྣམ་གྲོལ་དོན་དུ་གཉེར་བ་ལ་མེད་མི་རུང་དུ་ཤེས་པར་བྱ་དགོས་པ་བདེན་པ་གཉིས་སུ་ངེས་པའི་དོན་ཡིན་པས། ཤེས་བྱ་ཞེས་པའི་མིང་ཙམ་ལའང་ཉམས་ལེན་གྱི་གནད་གོ་རྒྱུ་ཞིག་ཡོད་པ་རིགས་ལམ་སྨྲ་བ་རྣམས་ཀྱིས་དགོངས་པར་མཛོད་ཅིག །དེ་ལྟར་བདེན་གཉིས་སྣང་སྟོང་འགལ་བ་མེད་པའི་གྲོགས་སུ་ཤར་ན་རང་གི་རྒྱུད་ལ་ཟབ་རྒྱས་ཀྱི་ཉམས་ལེན་གོང་འཕེལ་དུ་འགྱུར་བར་མ་ཟད། རྒོལ་བ་གཞན་གྱི་ཀླན་ཀ་ཐམས་ཅད་ཀྱང་རིགས་པའི་འཕྲུལ་དེས་དཀའ་ཚེགས་མེད་པར་ཟློག་ཐུབ་པའི་ཚུལ་སྟོན་པར། སྣང་སྟོང་རིམ་པས་ཆད་རྟག་མཐའ། །སེལ་བ་གྲུབ་མཐའ་ཀུན་འདོད་ཀྱང་། །བཟློག་སྟེ་སྨྲ་བ་འདི་ཁོ་ནས། །བརྒྱུད་མའི་ཀླན་ཀ་མཐའ་དག་བསལ། །ཞེས་སྨོས་སོ། ། ― GTD001_Page_0038 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐའ་གཉིས་སེལ་ཚུལ་འདི་ནི་གྲུབ་མཐའ་གཞན་སུས་ཀྱང་བློའི་ར་བར་མ་ཆུད་པའི་ཐལ་འགྱུར་པ་རང་གི་ཆོས་སྐད་ཐུན་མོང་མ་ཡིན་པ་ཡིན་ཏེ། རྗེ་བླ་མས་རྗེ་བཙུན་རེད་མདའ་བར་ཕུལ་པའི་ཞལ་གདམས་ལས། དེའང་སྤྱིར་སྟོང་པས་ཡོད་མཐའ་དང་སྣང་བས་མེད་མཐའ་སེལ་བ་འདི་རྒྱང་ཕན་གྱི་བར་ལ་ཐུན་མོང་བ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ་སྣང་བས་ཡོད་མཐའ་དང་སྟོང་པས་མེད་མཐའ་སེལ་ཞིང་། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། ཞེས་དང་། རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་པའང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་འགྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་བསླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ག་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན། ཞེས་གསུངས་ཤིང་། དེ་དག་གི་གནད་བསྡུས་ཏེ་ལམ་གཙོ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེའང་ཐ་ན་རྒྱང་འཕེན་པས་ཀྱང་ཁོ་རང་གི་ལུགས་དེ་རྟག་ཆད་ཀྱི་མཐའ་དང་བྲལ་བར་རློམ་སྟེ། ད་ལྟ་མངོན་སུམ་གྱི་ཚད་མ་ལ་སྣང་བའི་དོན་འདི་རྣམས་སྐུར་བ་མི་འདེབས་པ་སྣང་བས་མེད་མཐའ་སེལ་ཚུལ་དང་། འཇིག་རྟེན་ཕ་རོལ་སོགས་དངོས་སུ་སྣང་རྒྱུ་མེད་པ་རྒྱུ་མཚན་དུ་བྱས་ནས་འགོག་པ་དེ་སྟོང་པས་ཡོད་མཐའ་སེལ་ཚུལ་ཡིན་ཟེར་རོ། །དེས་མཚོན་པའི་གཞན་སྡེ་སོ་སོ་ལ་རང་རང་གི་ལུགས་ཀྱི་མཐའ་གཉིས་འགོག་ཚུལ་རེ་ཡོད་ལ། རང་སྡེ་བྱེ་བྲག་སྨྲ་བས་དུས་གསུམ་རྫས་སུ་གྲུབ་པས་ཆད་མཐའ་དང་། དངོས་པོ་རྣམས་རྒྱུན་གྱི་མཐར་འཇིག་ཅིང་གསུམ་ལྡན་གྱི་བདག་མེད་པས་རྟག་མཐའ་སེལ་ཞེས་འདོད། མདོ་སྡེ་པ་རྣམས་དངོས་པོ་སྐད་ཅིག་གིས་འཇིག་པ་དང་རང་རྐྱ་བའི་བདག་མེད་པས་རྟག་མཐའ་སྤོང་ལ། ཕྱི་དོན་རང་རིག་སོགས་ཡོད་པས་ཆད་མཐའ་སྤོང་ཞེས་ཟེར། སེམས་ཙམ་པས་ཕྱི་དོན་བཀག་པས་རྟག་མཐའ་དང་། ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པས་ཆད་མཐའ་ཁེགས་པར་བཞེད། རང་རྒྱུད་པ་རྣམས་བདེན་པར་མེད་པས་རྟག་མཐའ་དང་། ཐ་སྙད་ཙམ་དུ་རང་གི་ངོ་བོས་གྲུབ་པས་ཆད་མཐའ་སེལ་བར་བཞེད་པ་ལས། དེ་གཉིས་གོ་བཟློག་སྟེ་སྣང་བ་རྒྱུ་མཚན་དུ་བྱས་ཏེ་གདགས་གཞིའི་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱིས་སྟོང་པ་རྒྱུ་མཚན་དུ་བྱས་ཏེ་སྣང་བ་ཅིར་ཡང་འཆར་རུང་བར་བསྒྲུབས་པས་མཐའ་གཉིས་སེལ་ཚུལ་འདི་ནི། གོང་དུ་སྨོས་པ་ལྟར། སྟོང་པ་ཞེས་པ་དང་རྟེན་འབྱུང་ཞེས་པ་དོན་གོ་ཚུལ་གཅིག་ཏུ་འབབ་པ་ལ་ཐུག་པས། གཏན་ཚིགས་འདི་ལ་མཐའ་གཉིས་ཅིག་ཅར་སེལ་བའི་རིགས་པའི་རྒྱལ་པོ་ཞེས་གསུངས་སོ། །ལྟ་བ་ཚོལ་བའི་ཚེ་འགལ་ཟླ་མ་དམིགས་པ་དང་འབྲེལ་ཟླ་དམིགས་པའི་རྟགས་ཀྱིས་སྒྲུབ་ཚུལ་མང་ཡང་། རྟེན་འབྲེལ་གྱི་གཏན་ཚིགས་འདིའི་སྒོ་ནས་བསྒྲུབ་ན་ཆད་མཐར་གོལ་བའི་ཉེན་ཆུང་བས་མཆོག་ཏུ་བསྔགས་ཤིང་། རྣམ་ལྔ་རྣམ་བདུན་མུ་བཞི་སྐྱེ་འགོག་སོགས་ཀུན་གྱི་རྩ་བ་འདི་ལ་ཐུག་ཚུལ་འཇུག་པ་ལས་གསུངས་པ་ལྟར་རོ། །དེ་ལྟར་སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་འདོམས་པའི་གསུང་དབྱངས་སེང་གེའི་ང་རོ་བསྒྲགས་པ་ན། ཕས་ཀྱི་རྒོལ་བའི་གཅན་གཟན་ཕྲ་མོ་མཐའ་དག་གི་སྤོབས་པ་ཕྲོགས་ཤིང་། ལྟག་འོག་གང་དུའང་འགལ་འདུ་མེད་པས་ཀླན་ཀའི་གོ་སྐབས་དང་བྲལ་ནས་སྨྲ་བ་བླ་ན་མེད་པར་འགྱུར་བ་ཡིན་ཏེ། རྗེ་ཉིད་ཀྱི་ཞལ་ནས། ཕས་རྒོལ་མཐའ་དག་འཇོམས་པ་དང་། །ལྟག་འོག་འགལ་འདུས་སྟོང་པ་དང་། །སྐྱེ་དགུའི་དོན་གཉིས་སྟེར་བྱེད་པ། །ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ། །ཞེས་གསུངས་ཤིང་། དོན་འདི་ལ་དགོངས་ཏེ་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། རྟེན་ཅིང་འབྲེལ་བར་གང་བྱུང་བ། །དེ་ཉིད་ཁྱོད་ཀྱིས་སྟོང་པར་བཞེད། །དངོས་པོ་རང་བཞིན་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེང་གེའི་སྒྲ། །ཞེས་དང་། དབུ་མ་རྩ་བར། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་ཞེས་གསུངས་ལ། ལེགས་བཤད་སྙིང་པོར་ཡང་། བདེ་འབྱུང་སྤྲིན་ལ་ཞོན་དང་གསེར་གྱི་མངལ། །ཞེས་སོགས་དྲེགས་ལྡན་ཀུན་གྱིས་བཏུད་པར་གསུངས་པའང་གོ་ས་མཐོ་བར་གསུངས་པ་མིན་གྱི། ཕྱི་རོལ་པ་རྣམས་ལྟ་བའི་ཁུངས་གཏུགས་ས་ལྷ་ཆེན་པོ་དེ་དག་ཡིན་ལ། བཅོམ་ལྡན་འདས་ཀྱིས་རྟེན་འབྱུང་ཟབ་མོའི་སྒྲ་དབྱངས་བསྒྲགས་པ་ན། དེ་དག་གིས་སྨྲས་པ་རྣམས་བྱིས་པའི་རྡོལ་གཏམ་ལྟ་བུར་གྱུར་པས་སྤ་བཀོང་སྟེ་གུས་པ་ལྷུར་བླངས་པའི་དོན་ཏེ། དེར་མ་ཟད་ལམ་རིམ་གསོལ་འདེབས་སུ་ཟབ་མོ་ལྟ་བའི་སྐབས་སངས་རྒྱས་ཀྱི་ཆེ་བ་བརྗོད་ཚུལ། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །ཅེས་གསུངས་པའང་ལྟ་བའི་དབང་དུ་བྱས་པའི་ཡོན་ཏན་ཅི་ཙམ་བརྗོད་ཀྱང་འབབ་ས་འདི་ལས་མ་འདས་པའི་གནད་མཐར་ཐུག་གསུངས་པ་ཡིན་ཏེ། གནད་ཤེས་པ་ཞིག་གིས་བརྟགས་ན་རྗེའི་གསུང་ཚིག་རེ་རེ་ལའང་དོན་གང་ཟིན་དང་ཚིག་འགྲིག་པ་ཙམ་མ་ཡིན་པར། དོན་དེ་སྟོན་ཚུལ་དེ་ལས་གཞན་དུ་འདའ་ས་མེད་པ་ཁོ་ན་ཡིན་པར་ཤེས་པར་གྱིས་ཤིག ། ― GTD001_Page_0039 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་པ་གཞི་ལམ་འབྲས་བུའི་རྣམ་གཞག་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ཀུན་ལ་ངེས་པ་རྙེད་ཚུལ་ལ། ལུང་ཀུན་དགོངས་པ་མཐར་ཐུག་ལུགས་འདིར་འབབ་ཚུལ་འཕྲོས་དང་བཅས་པའི་སྒོ་ནས་མདོར་བསྟན་པ། ལུང་སོ་སོའི་སྒྲས་ཟིན་འདོར་ལེན་བྱེད་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། བདག་བསྟན་རྒྱུ་འབྲས་རྟོགས་པའི་ཕྱིར། །གསུང་རབ་མ་ལུས་གདམས་པར་ཤར། །འགར་ཡང་མི་བདེ་མ་མཆིས་པས། །ལྟ་བའི་དཔྱད་པ་ཡོངས་སུ་རྫོགས། །ཞེས་བྱུང་། དེའང་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ་ལ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་དགོས། དེའང་ཐམས་ཅད་དངོས་ཟིན་མཐུན་ན་འགལ་བའི་དོགས་པ་སྐྱེ་དོན་མེད་ཀྱང་མི་མཐུན་པ་མང་ལ། ཁྱད་པར་དུ་མདོ་འགའ་ཞིག་ནས་གདགས་གཞི་ལ་ལྟོས་མེད་ཀྱི་རང་རྐྱ་བའི་བདག་རགས་པའང་ཡོད་པར་གསུངས། འགའ་ཞིག་ཏུ་མིང་རྐྱང་ཙམ་ལས་གདགས་གཞིའི་ངོས་ནས་གྲུབ་རྒྱུ་ཞིག་ཀྱང་མེད་པར་གསུངས་པ་ལྟ་བུ་སྒྲས་ཟིན་གྱི་དབང་དུ་བྱས་ན་ནམ་མཁའ་དང་ས་གཞི་ལྟར་ཆེས་རིང་བས། དེ་གཉིས་དགོངས་པའི་གནད་ལ་ལྟོས་ཏེ་མི་འགལ་བར་དོན་གཅིག་ཏུ་འབབ་ཚུལ་ཤེས་དགོས་སོ། །དེ་ཇི་ལྟར་ཡིན་ན། རྩ་ཤེས་རབ་བྱེད་བཅོ་བརྒྱད་པ་ལས། བདག་གོ་ཞེས་ནི་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་དང་། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པ་འོ། །ཞེས་ཕྱི་མའི་རྣམ་སྨིན་སོགས་ལ་ཡིད་ཆེས་ཆུང་བ་རྣམས་ལ་བདག་ཡོད་པར་བསྟན་ཏེ་སྡིག་པ་ལས་ལྡོག་པའི་ཐབས་མཛད། དེ་ལས་ཅུང་ཟད་གོང་མ་རྣམས་ལ་རགས་པའི་བདག་མེད་བསྟན་ཏེ་འཇིག་ལྟ་ལྷོད་པར་མཛད། གདུལ་བྱ་མཆོག་ལ་བདག་དང་བདག་མེད་གང་ཡང་རང་བཞིན་གྱིས་མ་གྲུབ་པ་བསྟན་ནས་ཉོན་མོངས་ཐམས་ཅད་ཟད་པར་བྱེད་པ་ཡིན་གྱི། གདུལ་བྱ་སྔ་མ་ལ་དང་པོར་གང་ཟག་གི་བདག་ཡོད་པར་མ་བསྟན་ན་ལས་འབྲས་ལ་ཡིད་ཆེས་ཀྱི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཙམ་ཡང་མི་སྐྱེ་ཞིང་། རྒྱུ་འབྲས་མི་བསླུ་བའི་རྟེན་འབྲེལ་རགས་པ་ཙམ་ཡང་གོ་མི་ཐུབ་ལ། དེ་བསྟན་ན་རིམ་གྱིས་བློ་སྦྱངས་པས་རྟེན་འབྲེལ་གྱི་འཇོག་མཚམས་ཇེ་ཞིབ་ཏུ་སོང་སྟེ་མིང་གིས་ཕར་བཏགས་ཙམ་གྱི་རྟེན་འབྲེལ་ཕྲ་མོ་རྟོགས་ཤིང་དགག་བྱ་མ་ལུས་པར་ཁེགས་ནས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བའང་དྲངས་ཡོང་བའི་ཕྱིར། འདི་ནི་བཞི་བརྒྱ་བར། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་པ་དང་ཡང་གནད་གཅིག་གོ །རྩ་ཤེས་ཀྱི་ལུང་གཉིས་པའི་དོན་ཡང་དངོས་པོ་རྣམས་སྐད་ཅིག་གིས་མི་འཇིག་པ་དང་། འཇིག་པ་དང་ཤེས་ངོ་གཉིས་ལ་ལྟོས་ཏེ་གཉིས་ཀ་དང་། དོན་དམ་ལ་ལྟོས་ཏེ་གཉིས་མིན་དུ་གསུངས་པའི་སྒྲས་ཟིན་མི་མཐུན་ཡང་། གདུལ་བྱའི་བློ་དང་འཚམ་པར་ཁྲིད་དེ་མཐར་དེ་ཁོ་ན་ཉིད་ལ་འཇུག་ཐབས་འབའ་ཞིག་ཡིན་པས་ཕུགས་འགལ་བ་མེད་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཚུལ་གནས་སྐབས་སོ་སོའི་དགོས་པ་དང་དགོངས་པའི་ཕུགས་རྟོགས་ཏེ་སྒྲས་ཟིན་མ་མཐུན་ཡང་དོན་འགལ་བ་མེད་པར་ཤེས་པ་ཞིག་དགོས་ཀྱི། དག་སྣང་སྦྱོང་ཁུལ་བྱས་ཏེ་བདག་ཡོད་པར་གསུངས་པ་ལྟར་དུའང་འཐད། མེད་པར་གསུངས་པ་ལྟར་དུའང་འཐད་ཟེར་བ་དང་། དེ་བཞིན་དུ་གྲུབ་མཐའ་ཕྱོགས་ཞེན་མེད་པའི་གང་ཟག་བཟང་པོ་ཡིན་ཟེར་བའི་གྲགས་པ་དང་རྙེད་བཀུར་འདོད་ཅིང་། གཙོ་བོར་སྐྱོན་ཡོན་མ་ཕྱེད་པའི་རྫུན་ཕུགས་བཟང་རྫུ་ལ་བརྟེན་ཏེ་ཐེག་པ་རང་ས་ན་ཐམས་ཅད་བདེན་པ་ཡིན་ཞེས་རུང་མི་རུང་དང་ཡོད་མེད་ཡིན་མིན་སོགས་འགལ་བ་ལྟག་སྤྲོད་ཀྱི་རིགས་ཐམས་ཅད་མཐུན་ཚུལ་གོ་ཡོད་རྒྱུའི་ཟོབ་བྱེད་པ་ནི། ཐུབ་བསྟན་བྱི་དོར་ལས། རང་ཉིད་སྐྱེ་བོ་ཕལ་བ་བླུན་པོ་འགའ་ཞིག་གི་བློ་ཡུལ་དུ་གྲུབ་པར་བྱ་བའི་ཕྱིར་དང་། རྙེད་བཀུར་ཅུང་ཟད་འདུ་བའི་སྒོ་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་ཙམ་དུ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པར་བྱེད་པ་ནི། ཞེས་པ་ནས། རང་གཞན་བསླུ་ཞིང་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པའི་ཕྱིར། ཞེས་དང་། སོ་སོའི་འདོད་པ་དངོས་སུ་འགལ་བ་ལྟག་སྤྲོད་ཀྱི་ཕུང་པོ་ཆེན་པོ་དེ་དག་ཐམས་ཅད་རང་ལུགས་སུ་ཁས་བླངས་ཀྱང་འགལ་འདུའི་ཕུང་བོ་འབའ་ཞིག་ཁས་ལེན་དགོས་པའི་གནད་ཅིའང་མ་རིག་པར་དེ་ལྟར་སྨྲ་བ་ཡིན་ན་ནི། དེ་ཙམ་གྱི་འགལ་འདུའི་ཕུང་པོའང་འགལ་འདུར་མི་རིག་པ་ལས་ཆེས་ཆེར་བླུན་པོའི་སྐྱེས་བུ་གང་ཞིག་ཡོད། བླུན་པའི་རྟགས་བླ་ན་མེད་པ་དེ་ཉིད་གང་ཟག་ངོ་མཚར་བའི་སྒྲུབ་བྱེད་དུ་ཇི་ལྟར་རུང་། ཞེས་གསུངས་པ་བཞིན། གྲུབ་མཐའ་གཅིག་ལའང་གོ་བ་མ་ཆགས་པ་དེ་གྲུབ་མཐའ་རབ་འབྱམས་ཤེས་པ་དང་། གཅིག་ལའང་ཡིད་ཆེས་མ་རྙེད་པ་དེ་ཐམས་ཅད་ལ་དག་སྣང་སྦྱངས་པར་འཁྲུལ་བ་གནས་མ་ཡིན་པའི་ལོག་རྟོག་ཆེན་པོ་ཡིན་ནོ། ། ― GTD001_Page_0040 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁ་ཅིག་གྲུབ་མཐའ་ཐམས་ཅད་འཐད་པར་སྨྲ་བ་དེ་ཆོས་སྤོང་གི་སྒོ་ཁེགས་པའི་ཕྱིར་ཡིན་རྒྱུའི་ཁུལ་བྱེད་ཀྱང་དེས་གོ་མི་ཆོད་དེ། ཆོས་མ་ཡིན་པ་ཆོས་སུ་སྨྲ་བ་དང་། ཆོས་ལ་ཆོས་མ་ཡིན་པར་སྨྲ་བ་གཉིས་ཀ་ཆོས་སྤོང་དུ་འགྲོ་བ་ཁྱད་མེད་པར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་གསུངས་པའི་ཕྱིར་དང་། དཔེར་ན་མི་གཉིས་མ་མཐུན་པའི་ཚེ་གཅིག་བདེན་ཞེས་བཤད་ན་ཅིག་ཤོས་མི་བདེན་པ་དེས་གོ་ཐུབ་པ་བཞིན། ལས་འབྲས་ཡོད་པར་འདོད་པ་མི་འཐད་མ་བྱས་ཀྱང་། ལས་འབྲས་མེད་པར་བཤད་པ་འཐད་བྱས་ཙམ་གྱིས་སྔ་མ་མི་འཐད་པར་ཁས་བླངས་པ་ཡིན་པའི་ཕྱིར་རོ། །འོ་ན་པཎ་ཆེན་ཐམས་ཅད་མཁྱེན་པས། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །བརྟགས་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་གསུངས་ལ། ཀུན་གཟིགས་ལྔ་པ་ཆེན་པོས་ཀྱང་། རིས་མེད་གྲུབ་མཐའི་བུར་ཤིང་འོ་མ་སོགས། །འདྲ་མིན་མངར་བའི་ཁྱད་ཆོས་ཀུན་མྱོང་བ། །གཅིག་ཏུ་གདམས་པར་ཤར་བ་ངག་གི་དབང་། །ཞེས་འདོར་ལེན་མི་རིགས་པར་གསུངས་པ་མ་ཡིན་ནམ་ཞེ་ན། ཤིན་ཏུ་མ་ཡིན་ཏེ། གཞན་དག་ལའང་འཕྲལ་ཡུན་དུ་ཕན་པའི་གདམས་ངག་གི་རོ་མངར་བའི་ཆ་རེ་ལེན་རྒྱུ་ཡོད་ཀྱང་། རང་ལྡོག་མ་འདྲེས་པར་ཤེས་ཏེ་འདོར་ལེན་མཁས་དགོས་པ་དང་། འདོར་ལེན་བྱེད་པའི་རྒྱུ་མཚན་རང་གཞན་གྱི་རྒྱུད་ལ་བསྟན་པའི་སྙིང་པོ་མ་ནོར་བ་སྒྲུབ་པའི་ལྷག་བསམ་དག་པ་མ་གཏོགས་ཆགས་སྡང་ཕྱོགས་རིས་ཀྱིས་སྤོང་མི་རུང་བའི་དོན་ཏེ། མུ་སྟེགས་ཅན་ལ་སྨད་མི་བྱ། །ཞེས་སྡང་ཞུགས་ཀྱིས་གཞན་སྡེའང་སྨོད་མི་རུང་བར་སྦྱོང་རྒྱུད་ལས་གསུངས་ན། སྟོན་པ་གཅིག་གི་རྗེས་འབྲང་ནང་ཕན་ཚུན་ལྟ་ཅི་སྨོས་པའི་ཕྱིར། དེར་མ་ཟད་ཀུན་མཁྱེན་ལྔ་པས་དེ་ལྟར་གསུངས་པ་ནི་གངས་ལྗོངས་བསྟན་འགྲོ་སྤྱིའི་མགོན་མཛད་དགོས་པའི་དབང་གིས་ཀྱང་ཡིན་ཏེ། ཡི་དམ་ཆོས་སྲུང་གི་སྒྲུབ་འཕྲིན་ལྟ་ཅི་སྨོས། བླ་མའི་རྣལ་འབྱོར་གྱི་གཙོ་བོ་རིག་འཛིན་གདུང་སྒྲུབ་ཡིན་ལ། དེའི་སྨོན་ལམ་གྱི་མཇུག་ཏུ། དེ་ཕྱིར་སྡེ་བཞིའི་དཔག་བསམ་ཡོངས་འདུའི་ལྗོན། །མཚོ་སྐྱེས་བྱིན་རླབས་དཔྱིད་ཀྱི་མ་མ་ཡིས། །ཉེ་བར་བསྐྱངས་ལས་གྲུབ་པའི་དོན་གཉིས་འབྲས། །ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་གསུངས་ཤིང་། མཛད་བྱང་གི་མཇུག་ཏུའང་། དགེ་བས་པུར་རྒྱལ་བོད་ཀྱི་ཁམས་བདེ་ཞིང་། །བདེ་བའི་ཐབས་ཚུལ་སྒྲུབ་པ་པོ་རྣམས་ཀྱི། །ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་རང་བསྟན་གྱི་གདམས་པ་ཟབ་མོ་རྣམས་ཀྱི་མཐར་མཆོག་འགྲུབ་པའི་རྒྱུར་བསྔོ་ཚུལ་ལས་མི་འདྲ་བ་མཛད་པའི་དགོངས་གཞི་ཤེས་དགོས་སོ། །དེས་ན་རང་ཅག་ལས་དང་པོ་བ་རྣམས་ནི། ༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་དེ་ཉིད་ཡང་གསལ་གྱི་མཇུག་ཏུ། དམར་སེར་ཡེ་ཤེས་ལུས་ཅན་ལ་འཁུ་བའི། །བྱེད་པོ་བློ་བཟང་གྲགས་པའི་ལེགས་བཤད་ཆུས། །མ་རྟོགས་ལོག་རྟོག་ཐེ་ཚོམ་འཆིང་བའི་དྲི། །བཀྲུས་ནས་རྣམ་འབྱེད་བཞིན་རས་ངོམས་པའི་ཚེ། །སྙིང་ལ་མངོན་འདོད་རྒྱས་པའི་ཡིད་ཆེས་ཀྱིས། །ཕྱོགས་གཞན་དགའ་བའི་མཛའ་བ་ལྷོད་པར་གྱུར། །ཅེས་གསུངས་པ་བཞིན། གཞན་ལ་སྡང་ཞུགས་བྱེད་དོན་མེད་ལ་འགྲམ་ཆུའང་ལྡང་མི་དགོས་ཏེ། རང་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གང་ཞིག་བསྒྲུབ་འདོད་ནའང་རྗེ་བླ་མའི་ལེགས་བཤད་དྲི་མ་མེད་པ་རྣམས་ཀྱིས་མི་ཆོག་རྒྱུ་ཅིའང་མེད་པས་ལོང་བས་གླང་རྔ་བཞིན་གཅིག་ཏུ་འཇུས་ནས་བསྡད་ན་ཞེ་གཙང་ཞིང་ཕུགས་དགེ་བར་འོང་ངོ་། །དེ་ལྟར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་འགལ་མེད་དུ་གོ་ན། དེའི་རྗེས་སུ་འབྲང་བའི་གྲུབ་མཐའ་མི་མཐུན་པ་སོ་སོས་དེའི་དགོངས་ཚོད་ལོན་མ་ལོན་གྱི་སྐྱོན་ཡོན་ལེགས་པར་ཕྱེད་དེ་ནོར་བ་རྣམས་འདོར་བ་དང་། ནོར་བ་གཅིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་གྲུབ་མཐའ་དེར་གཏོགས་ཐམས་ཅད་ཆབས་ཅིག་ཏུ་སྤོང་བ་མ་ཡིན་པར་དེའི་ནང་ནས་ལེགས་པའི་ཆ་རྣམས་ལེན་ཤེས་པ་འབྱུང་། ཚུལ་དེ་ལ་ལེགས་པར་འཕྲིག་ཚུད་པ་ན་བླང་དོར་དགག་སྒྲུབ་ཀྱི་གནད་གང་ལའང་མི་འཕྱུག་པའི་གཟེར་ཐེབས་པས་སྒོ་གང་ནས་བསམས་ཀྱང་སྟོང་པ་དང་རྟེན་འབྱུང་དོན་གཅིག་པའི་ངེས་པ་ཇེ་ཆེར་འགྲོ་བ་ལས། འགལ་འདུ་རེང་རོང་ལྟ་བུའི་མི་བདེ་བ་ཅུང་ཟད་ཀྱང་མེད་པ་ཞིག་འོང་ལ། དེའི་ཚེ་ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་པ་ཡིན་ཏེ། རྗེའི་གསང་རྣམ་རིན་པོ་ཆེའི་སྙེ་མ་ལས། ལྟ་བའི་དཔྱད་པ་རྫོགས་པའི་ཚད་ནི། ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་རྙེད་ནས་བློས་དོན་དེར་ཐག་བཅད་ཀྱང་གཏིང་ནས་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང་། དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན་ནོ། །ཞེས་མགོན་པོ་འཇམ་པའི་དབྱངས་ཀྱིས་གདམས་ཚུལ་གསུངས་པ་ལྟར་རོ། །གནས་འདི་ནི་ཁ་ནས་བཤད་ཚུལ་འགྲིག་པ་ཙམ་གྱིས་མི་ཆོག་པར། རྒྱུད་ཐོག་ཏུ་ཚུར་བསྐོར་ཏེ་རང་གི་ཉམས་མྱོང་དང་སྦྱར་ནས་ངེས་དགོས་པ་ཞིག་ཡིན་པས། ཐམས་ཅད་གཟིགས་པ་ཆེན་པོ་རྗེ་བཙུན་འཇིགས་མེད་དབང་པོའི་ལྟ་མགུར་འགྲེལ་པ་ལས། སྟོང་པ་དང་རྟེན་འབྱུང་གཞི་གཅིག་གི་སྟེང་དུ་ཐབས་དང་ཐབས་བྱུང་དུ་འཇོག་པའི། ཞེས་པ་ནས། འགའ་ཞིག་ལྟ་བ་རྙེད་ན་ལྟ་བའི་དཔྱད་པ་རྫོགས་པས་ཁྱབ་ཟེར་བ་ནི་གནད་འདི་མ་གོ་བའི་འོལ་ཚོད་དུ་སྣང་ངོ་། །ཞེས་གསུངས་སོ། །རྗེ་ཉིད་ནི་གནད་ཀྱི་དོན་དགོངས་པས་འདི་ཤིན་ཏུ་ཟབ་པ་དང་ངོ་མཚར་ཆེ་བར་བཞག་ཀྱང་། དེང་དུས་ཕལ་མོ་ཆེ་རང་ལ་གོ་བ་མ་ཆགས་པའི་བློ་སྐྱོན་གྱིས་སྟོང་ཉིད་དང་དབུ་མའི་ལྟ་བ་གཉིས་རྩ་བ་ཇེ་ཆུང་དུ་སོང་སྟེ་བཤད་རིན་མི་ཆོག་པ་ཙམ་དུ་རྩི་བ་ནི་མཁས་པའི་བཞད་གད་ཀྱི་གནས་སོ། ། ― GTD001_Page_0041 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་ལུང་སོ་སོའི་སྒྲས་ཟིན་འདོར་ལེན་བྱེད་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ་ནི། དཔྱད་བཟོད་ཤེས་པ་མ་གྲུབ་ཅིང་། །ཕྱི་དོན་སྣང་བ་བསྙོན་མེད་པས། །ཀུན་གཞི་རང་རིག་ཡོད་མིན་ལ། །དོན་དང་ཞིག་པ་དངོས་པོར་སྒྲུབ། །མདོར་ན་ངོ་བོས་སྟོང་པ་དང་། །ཕན་ཚུན་བརྟེན་ནས་བཏགས་པ་གཉིས། །འགལ་མེད་གྲོགས་སུ་ཤར་བ་ཡིས། །རྣམ་གཞག་ཐམས་ཅད་འཐད་པར་གཟིགས། །ཞེས་བྱུང་། དེའང་སྤྱིར་དཔལ་ལྡན་ཟླ་བས་འཇུག་པ་རྩ་འགྲེལ་ལས་གཙོ་བོར་དྲང་དོན་དུ་སྒྲུབ་དགོས་པའི་ལུང་ལྔ་གསུངས་པ་སོགས་ལ་བརྟེན་ནས་ཐལ་འགྱུར་པའི་འདོད་ཚུལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་དུ་གྲགས་ཏེ། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་ལས། གཞིའི་སྐབས་སུ་ཐ་སྙད་དུའང་ཀུན་གཞི་དང་རང་མཚན་ཁས་མི་ལེན་ཅིང་ཕྱི་དོན་ཁས་ལེན་པ་དང་། ལམ་གྱི་སྐབས་སུ། དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང་རང་རིག་ཁས་མི་ལེན་ཅིང་། སྒྲིབ་གཉིས་ཀྱི་འཇོག་ཚུལ་དང་། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཁས་ལེན་པའི་ཚུལ་དང་། འབྲས་བུའི་སྐབས་སུ་སངས་རྒྱས་ཀྱིས་ཇི་སྙེད་པ་མཁྱེན་པའི་ཚུལ་ཏེ། ཁས་ལེན་པའི་དམ་བཅའ་བཞི་དང་། མི་ལེན་པའི་ཕྱོགས་བཞིའོ། །ཞེས་པ་ལྟར། རང་མཚན་དང་། རང་རྒྱུད་ཀྱི་རྟགས། ཀུན་གཞི། རང་རིག་བཞི་མི་འདོད་པ་དང་། ཕྱི་དོན་དང་། ཉན་རང་གིས་སྟོང་ཉིད་རྟོགས་པ། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ། སངས་རྒྱས་ཀྱིས་འཁྲུལ་སྣང་མེད་བཞིན་ཇི་སྙེད་པ་གཟིགས་པ་སྟེ་སྒྲུབ་ཕྱོགས་བཞི་དང་བཅས་བརྒྱད་ཡོད་པ་ལས། དང་པོ་ལ་རང་མཚན་ཐ་སྙད་དུའང་མེད་པའི་སྒྲུབ་བྱེད་འཇུག་པ་རྩ་འགྲེལ་ལས་བཞི་གསུངས་པ་སོགས་ནི་གོང་དུ་བཤད་ཟིན་ཅིང་། གཟུགས་སོགས་དང་དེའི་རང་མཚན་སོ་སོར་འབྱེད་རྒྱུ་མེད་པར་དངོས་སྨྲས་འདོད་པར་ལྷག་མཐོང་ཆེན་མོ་སོགས་སུ་གསུངས་པ་ལྟར་ཡིན་པས། དེས་ན་དེ་དང་རྩོད་པའི་ཚེ་ཆོས་ཅན་མཐུན་སྣང་བ་མེད་ལ། གཞན་གྲགས་ཙམ་ལས་རང་རྒྱུད་ཀྱི་རྟགས་མེད་པས་ཁྱད་པར་གཉིས་པ་དེས་འགྲུབ་བོ། །ཉན་རང་གིས་སྟོང་ཉིད་རྟོགས་པ་ནི་ཟབ་མོའི་ལྟ་བ་དེ་ཉིད་ཐེག་པ་གསུམ་གས་ཐར་པ་ཐོབ་བྱེད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པར་གོང་དུ་བཤད་ཟིན་པ་དེ་ཡིན་ལ། ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོ་ཉོན་སྒྲིབ་ཡིན་པར་གྲུབ་མཐའ་བཞི་ག་མཐུན་པས་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པའང་དེས་འགྲུབ་བོ། །སངས་རྒྱས་ཀྱི་སར་ཇི་སྙེད་པ་མཁྱེན་པ་མི་འཇོག་པ་ནི་ཀུན་རྫོབ་རྣམས་འཁྲུལ་ངོ་ཙམ་ལས་དོན་ལ་མེད་པར་འདོད་པའི་ལོག་རྟོག་གི་དབང་ཡིན་པས། གོང་དུ་དགག་བྱ་ཁྱབ་ཆེ་བ་བཀག་པ་དང་། སྟོང་པས་རྟེན་འབྱུང་ལ་མི་གནོད་པར་དོན་གཅིག་ཏུ་འགྲོ་ཚུལ་བཤད་པ་རྣམས་ཀྱིས་འགྲུབ་བོ། །དེས་ན་འདིར་ཁྱད་ཆོས་བར་པ་ཀུན་གཞི་དང་རང་རིག་མི་འདོད་ཅིང་ཕྱི་དོན་འདོད་པ་སྟེ་གསུམ་དང་། བརྒྱད་ཀྱི་གྲངས་སུ་མེད་ཀྱང་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་གལ་ཆེ་བ་ཞིག་པ་དངོས་པོར་སྒྲུབ་པ་སྟེ་བཞི་གཙོ་བོར་སྨོས་པ་ཡིན་ནོ། །དེའང་དཔྱད་བཟོད་ཤེས་པ་མ་གྲུབ་ཅེས་ཀུན་གཞི་དང་རང་རིག་མེད་པའི་སྒྲུབ་བྱེད་བསྟན། ཕྱི་དོན་སྣང་བ་བསྙོན་མེད་ཅེས་པས་ཕྱི་དོན་ཡོད་པའི་སྒྲུབ་བྱེད་བསྟན་ཏོ། །ཞིག་པ་དངོས་པོར་འགྲུབ་པའི་སྒྲུབ་བྱེད་མ་ཐོན་པའི་སྐྱོན་མེད་དེ། སྔ་མ་དོན་ཤེས་ཡོད་མེད་མཚུངས་པར་བསྒྲུབ་པ་དེའི་རིགས་འགྲོས་ཀྱིས་མ་ཞིག་པའི་ལས་ཀྱང་དཔྱད་བཟོད་དུ་མེད་ལ། ཞིག་པ་ལས་འབྲས་བུ་འབྱུང་བའི་ཐ་སྙད་བསྙོན་མེད་པས། ལས་མ་ཞིག་པ་དང་ཞིག་པ་གཉི་ག་དངོས་པོ་ཡིན་མིན་འདྲ་བར་བསྒྲུབས་པ་ཡིན་ལ། འདི་ནི་ཁྱད་ཆོས་བརྒྱད་དུ་བྱེད་པའི་ཚེ་ལས་འབྲས་ཀྱི་རྟེན་ལ་ཀུན་གཞི་མི་དགོས་པར་བཤད་པའི་ཁོངས་སུ་བསྡུས་ཀྱང་ཆོག་གོ །དེ་ལ་དང་པོ་ཀུན་གཞི་ཁས་མི་ལེན་པའི་ཁྱད་པར་ནི། སྔོན་གྱི་བོད་མཁས་པ་མང་པོས་བཤད་རྒྱུད་རྡོར་འཕྲེང་དང་བྱང་ཆུབ་སེམས་འགྲེལ་དུ་ཀུན་གཞིའི་ཐ་སྙད་ཙམ་འབྱུང་བ་ལ་འཁྲུལ་ནས་ཀླུ་སྒྲུབ་ཡབ་སྲས་ཀུན་གཞི་བཞེད་ཅིང་དེ་འདུས་པའི་རྒྱུད་ཀྱི་དགོངས་པ་ཡིན་པར་སྨྲའོ། །དེ་དག་ནི་ཐ་སྙད་ཙམ་ལ་འཆེལ་བ་ཡིན་ཞིང་། རྗེ་བླ་མས་ནི་ཚིག་ལ་མི་རྟོན་པར་དོན་གྱི་ངོས་ནས་བརྟག་དགོས་པར་གཟིགས་ཏེ། ཀུན་གཞི་འཇོག་ན་དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །ཅེས་སོགས་ཀྱིས་དེའི་སྟེང་གི་བག་ཆགས་སྨིན་པ་ལས་དོན་དུ་སྣང་བ་ཙམ་མ་གཏོགས་ཕྱི་དོན་མེད་པ་དང་། སུམ་ཅུ་པར་ཡུལ་སྣང་བ་ཙམ་ལས་ངེས་པ་འདྲེན་མི་ནུས་ཤིང་མ་སྒྲིབ་ལུང་མ་བསྟན་ཁོ་ནར་གནས་པ་དང་། ལས་ཀྱིས་བག་ཆགས་བཟུང་སྟེ་རྣམ་སྨིན་འབྱིན་ཚུལ་གསུམ་དེ་དག་ནས་བཤད་པ་བཞིན་ཁས་ལེན་དགོས་ཀྱི། རྩ་བའི་ཁུངས་གཏུགས་ས་དེ་རྣམས་ནས་བཤད་པའི་མཚན་ཉིད་རྣམས་མ་ཚང་བཞིན་དུ་བློ་གང་ཡང་རུང་བ་ཞིག་ལ་ཀུན་གཞིར་བྱས་པ་དགོས་པ་མེད་པར་གསུངས་སོ། །ཁྱད་པར་གསུམ་རེ་རེ་ནས་མི་བཞེད་དེ། བྱང་ཆུབ་སེམས་འགྲེལ་ལས། ཤེས་བྱ་མེད་པར་ཤེས་པ་མེད། །ཅེས་སོགས་ཀྱི་དོན་སེམས་ཡོད་མེད་མཚུངས་པར་གསུངས་པ་འཇུག་པ་དང་འདྲ་བས་དང་པོ་མི་འཐད། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀྐར་འབྱུང་བ་བཞིན་འདུས་པའི་སྐོར་ལས་སྟོང་པ་བཞི་དམིགས་རྣམ་འགྱུར་ཚུལ་དང་། ཐམས་ཅད་སྟོང་པ་འོད་གསལ་གྱིས་སྟོང་ཉིད་རྟོགས་ཚུལ་གསུངས་ཤིང་། ཕྱག་ཆེན་ཐིག་ལེ་ལས་དེ་བཞི་དགའ་བ་བཞིའི་ངོ་བོར་འགྲུབ་ཚུལ་གསུངས་ལ། ཀུན་གཞི་འདོད་ན་དེས་འཆི་སེམས་བྱེད་དགོས་པས་ཁྱད་པར་གཉིས་པ་མི་འཐད། ཀུན་གཞི་མེད་ན་ལས་ཆུད་ཟ་བའི་སྐྱོན་སྤོང་ཞིག་པའི་སྟེང་ནས་བྱེད་ཚུལ་འཇུག་པ་ལྟར་ཡིན་པས་གསུམ་པ་མི་འཐད་དོ། །ཀུན་གཞི་མི་བཞེད་པའི་རྩ་བ་རིགས་པས་དཔྱད་བཟོད་མེད་པ་ལ་ཐུག་སྟེ། སྟོང་ཐུན་ལས། ཀུན་གཞི་ཁས་ལེན་ན་མ་བརྟགས་མ་དཔྱད་པར་འཇུག་པའི་ཐ་སྙད་པའི་ཤེས་པ་གནོད་མེད་ཀྱིས་འགྲུབ་ས་མེད་པས་ཀུན་གཞི་ཞེས་པའི་མིང་བཏགས་དོན་ཇི་འདྲ་ཞིག་ཏུ་གྲུབ་བཙལ་ན་རིགས་པས་རྙེད་དགོས་ལ། དེ་ལྟ་ན་རང་བཞིན་གྱིས་གྲུབ་པའི་དོན་མི་འདོད་བཞིན་དུ་ཁས་ལེན་དགོས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་ལུགས་འདིར་ཀུན་གཞི་སྟོན་པའི་ལུང་རྣམས་དགོངས་གཞི་གཞན་དུ་འགྲེལ་དགོས་ལ། དེའང་འཇུག་འགྲེལ་ལས། སྟོང་པ་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན། ཞེས་གསུངས་ཏེ། འཕགས་པ་ཐོགས་མེད་ཀྱིས་ཀྱང་ཐེག་བསྡུས་སུ་ཀུན་གཞིའི་སྒྲུབ་བྱེད་དུ་དྲངས་པ་དེ། རྒྱུད་བླའི་འགྲེལ་པར་བདེ་གཤེགས་སྙིང་པོའི་སྒྲུབ་བྱེད་དུ་དྲངས་པས་འདི་དང་དགོངས་པ་གཅིག་ཏུ་འབབ་བོ་ཞེས་རྗེ་ཡབ་སྲས་ཀྱིས་གསུངས་པའང་སྔོན་མ་གྲགས་པའི་ལེགས་བཤད་ཆེན་པོ་ཡིན་ནོ། ། ― GTD001_Page_0042 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་རང་རིག་མི་འཐད་པའང་རྒྱུ་མཚན་གཙོ་བོ་རིགས་པས་དཔྱད་བཟོད་མེད་པ་ལ་ཐུག་པ་སྔ་མ་དང་འདྲ་སྟེ། སྟོང་ཐུན་ལས། ཐལ་འགྱུར་བས་རང་རིག་ཁས་མི་ལེན་པའི་རྒྱུ་མཚན་རང་མཚན་ཐ་སྙད་དུའང་ཁས་མི་ལེན་པ་ལ་ཐུག །ཅེས་གསུངས་པའི་ཕྱིར། དེ་ལ་ཐུག་ཚུལ་ཡང་རང་རིག་འདོད་མཁན་རྣམས་ཀྱིས་དེ་འཇོག་ལུགས་ནི། རྣམ་འགྲེལ་ལས། རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཞེས་དང་། རྟོག་གེ་འབར་བ་ལས། སེམས་ཙམ་པ་རྣམ་ཤེས་ནི་གཉིས་སུ་སྣང་སྟེ། རང་སྣང་བ་དང་། ཡུལ་དུ་སྣང་བའོ། །ཡུལ་དུ་སྣང་བའི་རྣམ་ཤེས་ནི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པར་གྱུར་ནས་རང་སྣང་བའི་རྣམ་ཤེས་ཀྱི་ཡུལ་དུ་འགྱུར་རོ་ཞེ་ན། ཞེས་ཕྱོགས་སྔ་འགོད་པའི་སྐབས་སུ་གསལ་བར་གསུངས་པ་བཞིན། གཟུང་འཛིན་གྱི་གཉིས་སྣང་མེད་པར་ཁ་ནང་ཁོ་ནར་ཕྱོགས་ཏེ། རང་དང་གཟུང་རྣམ་གཉིས་ཀ་རིག་ཅིང་། གཞན་གང་གིའང་རྣམ་པ་ཤར་བ་ལ་མི་ལྟོས་པའི་འཛིན་རྣམ་ཡན་གར་བར་བཞག་པ་ཡིན་ལ། ཤེས་པ་རང་གིས་རང་རིག་གམ་གཞན་གྱིས་རིག་ཅེས་བཏགས་དོན་འཚོལ་བ་འདི་བདག་ལས་སྐྱེས་སམ་གཞན་ལས་སྐྱེས་ཞེས་བཏགས་དོན་འཚོལ་ཚུལ་ལས་ཀྱང་ཐལ་ཆེས་པའི་དཔྱད་ལུགས་ཡིན་པས། དེ་ལྟར་བྱས་ནས་རྙེད་རྒྱུ་ཞིག་བྱུང་ན་དགག་བྱ་བདེན་གྲུབ་ཏུ་འགྱུར་རོ། །རང་གིས་རང་རིག་སྟེ་བྱ་བྱེད་གཅིག་ཏུ་གྱུར་པ་དེ་འདྲ་ཅི་ཙམ་བསམས་ཀྱང་འཆར་རྒྱུ་མེད་པས་སྒྲོ་བཏགས་ཁོ་ན་ཡིན་ཏེ། གཞན་དུ་ན་མར་མེས་མར་མེ་གསལ་བ་དང་། མུན་པས་མུན་པ་སྒྲིབ་པ། མེས་མེ་བསྲེག་པ་སོགས་དགོས་པར་རྩ་ཤེས་དང་རྩོད་ཟློག །ཞིབ་མོ་རྣམ་འཐག་གསུམ་གར་གསུངས་ལ། སྤྱོད་འཇུག་ཏུ་རལ་གྲིས་རང་ལ་མི་གཅོད་པའི་དཔེ་དང་གཙུག་ན་རིན་པོ་ཆེའི་མདོའི་ལུང་སོགས་ཀྱིས་བཀག་པའི་ཕྱིར། སེམས་ཙམ་པས་རང་རིག་སྒྲུབ་བྱེད་ཀྱི་གཙོ་བོ་ནི་དྲན་པའི་རྟགས་ཀྱིས་བསྒྲུབས་པ་འདི་ཡིན་ལ། དེ་ཐོག་མར་འགོད་མཁན་ཕྱོགས་གླང་ཡིན་པས་ཚད་མ་རང་ལས་མཁས་པ་ཞེས་ཟེར་བའི་རྒྱུ་མཚན་གཙོ་བོ་དེ་ཡིན་པར་གྲག་གོ །སྒྲུབ་ཚུལ་ནི་སྔོན་པོ་སྔར་མ་མཐོང་བར་རྗེས་སུ་དྲན་ཚུལ་མེད་པ་བཞིན། སྔོ་འཛིན་ཡང་རང་དུས་སུ་མ་མྱོང་ན་འགག་རྗེས་སུ་དྲན་ཚུལ་མེད་ལ་མྱོང་ན་གཞན་མྱོང་ཐུག་མེད་ཀྱིས་ཁེགས་པས་རང་མྱོང་ལས་འོས་མེད་སྙམ་པ་ཡིན་ནོ། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་འཇོག་བྱེད་ཚད་མ་མེད་ན་ཡུལ་དེ་འཇོག་མི་ཐུབ་པ་ལུགས་འདིར་ཡང་འདོད་ཀྱང་། རང་མྱོང་གཞན་མྱོང་དེ་འདྲ་བཙལ་ནས་འཇོག་མི་དགོས་ཏེ། སྔོན་པོ་དྲན་པའི་དྲན་ཤེས་ཀྱིས་སྔོ་འཛིན་མིག་ཤེས་ཀྱང་འགྲུབ་པའི་ཕྱིར། དེའང་དགོངས་པ་རབ་གསལ་ལས། སྔོན་པོ་གྲུབ་པ་ཉིད་ཀྱིས་སྔོ་འཛིན་དེ་འགྲུབ་སྟེ། ཞེས་དང་། ཚད་མ་འགྲུབ་པ་ལ་གཞལ་བྱ་གྲུབ་པ་ཙམ་གྱིས་མི་ཆོག་པར་ཚད་མ་རང་ལས་ཚད་མ་འགྲུབ་པ་གཞན་དག་འདོད་པ་ལྟར་ཡིན་ན་གཞལ་བྱ་ལ་མ་ལྟོས་པར་ཚད་མ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར། སྔོན་པོ་དྲན་པ་ན་སྔོ་འཛིན་གྱིས་ཁྱད་པར་དུ་བྱས་ཏེ་ངས་མཐོང་ངོ་སྙམ་དུ་དྲན་པ་ཡིན་གྱི། མཐོང་བྱེད་དང་མ་འབྲེལ་བར་ངས་མཐོང་སྙམ་དུ་དྲན་ཚུལ་མེད་པས། དྲན་པ་དེས་སྔོན་པོ་དང་སྔོ་འཛིན་གཉི་ག་ཡོད་པར་གྲུབ་པ་ཡིན་ནོ། །དེས་ན་སྔོན་པོ་གྲུབ་པས་སྔོ་འཛིན་གྲུབ་ཚུལ་ནི། སྟོང་ཐུན་ལས། ཚད་མས་གཞལ་བྱ་གཞལ་བར་གྲུབ་པ་ཉིད་ཀྱིས་ཚད་མ་གྲུབ་པའི་ཞེས་པ་ལྟར། སྔོ་འཛིན་གྱིས་སྔོན་པོ་གྲུབ་པའམ་གཞལ་བ་དེ་ལ་ལྟོས་ཏེ་རྗེས་ཀྱི་དྲན་པས་སྔོ་འཛིན་གྲུབ་ཅེས་པ་ཡིན་གྱི། སྔོན་པོ་གཞལ་བའི་མིག་ཤེས་དེས་ཡུལ་ཅན་ཁོ་རང་ཡང་གྲུབ་ཅེས་པ་གཏན་མིན་ཏེ། དེ་ལྟ་ན་བར་ཆད་མེད་ལམ་གྱིས་ཀྱང་རང་ཉིད་འགྲུབ་པས་རྫུན་སྣང་ཅན་དུ་འགྱུར་བའི་ཕྱིར། རང་རིག་སྒྲུབ་བྱེད་དྲན་པ་མི་འཐད་ཚུལ་སྤྱོད་འཇུག་ཏུ་དཔེའི་སྒོ་ནས་གསུངས་པ་རང་རེའི་ཡིག་ཆར་གསལ་བ་ལྟར་ཡིན་ལ། གཙུག་ལག་ཕྲེང་བའི་སྤྱོད་འཇུག་ཊཱིཀྐར་དེའི་དཔེ་ལོ་རྒྱུས་དང་བཅས་པ་ཞིག་བཀོད་འདུག་པ་ནི་སྐབས་དོན་དང་ཅུང་ཟད་ཀྱང་མི་འབྲེལ་ལོ། །ཁྱད་པར་གསུམ་པ་ཕྱི་དོན་ཁས་ལེན་པའི་ཚུལ་ནི། སེམས་ཙམ་པ་རྣམས་ཕྱི་དོན་མེད་པར་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་བསྒྲུབས་པའི་ཁུངས་མདོ་སྡེ་ས་བཅུ་པ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བས་ན། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་སོགས་འདྲེན་པར་བྱེད་ཀྱང་། དེ་ལ་ལུགས་འདིས་ལུང་སྔ་མས་སེམས་ལས་དོན་གཞན་པའི་བྱེད་པ་པོ་བཀག་པ་ཡིན་གྱི། ཕྱི་དོན་བཀག་པ་མིན་ཞེས་ལན་འདེབས་ལ། ལུང་ཕྱི་མས་ཕྱི་དོན་བཀག་ནའང་དེ་སྒྲ་ཇི་བཞིན་པ་མིན་ཞེས་ལན་འདེབས་སོ། །དེའི་རྒྱུ་མཚན་ནི། སེམས་དང་ཕྱི་དོན་གཉི་ག་ཤེར་མདོ་ལས་བདེན་པར་མེད་མཉམ་དུ་གསུངས། ཆོས་མངོན་པ་ལས་བདེན་པར་གྲུབ་མཉམ་དུ་གསུངས་པ་ལ། གཅིག་ཡོད་གཅིག་མེད་ཅེས་འདོད་པ་འདི་ལུང་གཉི་ག་དང་མི་མཐུན་ཞིང་བདེན་པ་གཉིས་གང་གི་དབང་དུ་བྱས་ཀྱང་མི་རུང་བའི་ཕྱིར། འཇུག་པ་ལས། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང་། །ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་མི་འགྱུར། །ཞེས་སོ། །འདི་ནི་ཀླུ་སྒྲུབ་ཡབ་སྲས་གཉི་གའི་དགོངས་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །ཅེས་དང་། བཞི་བརྒྱ་པ་ལས། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་ཉིད་མིན་ཞིང་འཇིག་རྟེན་མིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ཐལ་འགྱུར་པའི་ལུགས་ལ་ཕྱི་དོན་གྱི་ཐ་སྙད་ཙམ་ཡོད་ཀྱང་དོན་དངོས་གནས་ལ་ཐམས་ཅད་སེམས་ཀྱི་བདག་ཉིད་ཡིན་པར་བཤད་པ་འདི་ཉམས་མྱོང་གི་གདམས་པ་ཟབ་མོ་ཡིན་ཟེར། འདི་ནི་ཡོད་ན་རང་ངོས་ནས་ཡོད་པས་ཁྱབ་པ་ཞེ་ཕུགས་སུ་འཚང་བའི་དབང་གིས་ཕྱི་དོན་འཇོག་ནའང་བློ་ལ་མ་ལྟོས་པར་རྡུལ་ཕྲ་རབ་ཚོགས་པའི་ངོས་དེ་ནས་ཚུར་ལིང་ངེ་གྲུབ་རྒྱུ་ཞིག་དགོས་པར་གོ་བའི་ཉམས་མྱོང་གོ་ལོག་ཡིན་ཏེ། སྔོན་པོ་དངོས་གནས་ལ་སྔོ་འཛིན་གྱི་བློ་དང་བདག་ཉིད་གཅིག་ཡིན་ན་དེ་གཉིས་རྒྱུ་འབྲས་མིན་དགོས་ལ། དཔལ་ལྡན་ཟླ་བས། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །ཞེས་གཟུགས་བརྙན་འཛིན་པའི་མིག་ཤེས་གཟུགས་བརྙན་ལས་སྐྱེ་བར་གསུངས་པའི་ཕྱིར། ཕྱི་རོལ་དོན་དུ་གྲུབ་ཚུལ་དངོས་གནས་པ་འདི་ཡིན་གྱི། རྭ་ཅོ་ཟེང་ངེ་ཞིག་ལོགས་ན་མེད་དོ། མདོར་ན་ལུགས་འདིར་ཕྱི་དོན་བཞག་ཆོག་པའང་རང་བཞིན་མེད་པ་ལ་ཐུག་སྟེ། འདི་བ་དང་སེམས་ཙམ་པ་གཉི་གའི་ལུགས་ལ་ཕྱི་དོན་གྱི་སྣང་བ་ཡོད་པ་འདྲའང་། སེམས་ཙམ་པའི་ལུགས་ལ་དེ་ཙམ་གྱིས་ཕྱི་དོན་ཡོད་པར་འཇོག་མི་ཐུབ། ཐལ་འགྱུར་བའི་ལུགས་ལ་ཐུབ་པ་ཡིན་ནོ། །འོ་ན་རྨི་ལམ་དུ་སྣང་བའི་རི་བོ་སོགས་ཀྱང་དངོས་གནས་པར་འགྱུར་རོ་སྙམ་ན། དེ་ནི་སད་དུས་ཀྱི་ཐ་སྙད་པའི་བློས་ཁེགས་པར་འགྱུར་ལ། ཕྱི་དོན་གྱི་སྣང་བ་ལ་དེ་འདྲའི་གནོད་པ་མི་འཇུག་གོ །གལ་ཏེ་དེའང་རྡུལ་འདུས་པ་དང་རེ་རེ་བ་གང་གི་ངོས་ནས་སྣང་ཞེས་དཔྱད་པས་ཁེགས་སོ་ཞེ་ན། དེ་ནི་དོན་དམ་དཔྱོད་ཚུལ་ཡིན་ལ། དེ་ལྟར་བྱས་ཚེ་སེམས་ཀྱང་སྐད་ཅིག་རེ་རེ་བ་དང་ཚོགས་པ་གང་གི་སྟེང་ནས་གྲུབ་དཔྱད་ན་རྙེད་རྒྱུ་མེད་པ་ཕྱི་དོན་དང་འདྲའོ། །དེས་སེམས་བདེན་གྲུབ་ཁེགས་ཀྱང་སེམས་ཙམ་ཞིག་མི་འགོག་པ་བཞིན། སྔ་མས་ཕྱི་དོན་བདེན་གྲུབ་འགོག་ཀྱང་ཕྱི་དོན་ཙམ་མི་འགོག་པའང་ཤིན་ཏུ་མཚུངས་སོ། །དེས་ན་ཕྱི་རོལ་དོན་གྱི་ངོས་ནས་མ་གྲུབ་ཀྱང་། ཕྱི་དོན་དུ་སྣང་བ་ཙམ་གྱིས་ཕྱི་དོན་འཇོག་ཐུབ་པ་ནི་སྟོང་པ་རྟེན་འབྲེལ་གྱི་དོན་དུ་ཤར་ཏེ། མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་མཐའ་དག་རུང་བའི་གནད་ཀྱིས་ཡིན་ཏེ། ལེགས་བཤད་སྙིང་པོ་ལས། ལུགས་འདིས་ཀྱང་ཕྱི་རོལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་བཞེད་མོད་ཀྱང་། དེ་ལ་ཕྱི་རོལ་མེད་དགོས་མི་དགོས་ཀྱི་སྒོ་ནས་མི་མཐུན་པ་ཡིན་ནོ། །དེའི་ཕྱིར་སྤྱིར་ཆོས་གང་རུང་ཞིག་རང་གི་མཚན་ཉིད་ཀྱིས་མེད་པར་འཇོག་ཤེས་ན་དོན་ཤེས་ཡོད་མེད་འབྱེད་མི་ནུས་པའི་རིགས་པ་ལེགས་པོར་གོ་ནུས་ལ་མེད་ན་མི་ནུས་སོ། །ཞེས་གསུངས་ཏེ་ཟླ་མེད་པའི་ལེགས་བཤད་ཡིན་ནོ། ། ― GTD001_Page_0043 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྱད་པར་བཞི་པ་ཞིག་པ་དངོས་པོར་སྒྲུབ་པ་ལ། དེ་ལྟར་སྒྲུབ་དགོས་པའི་རྒྱུ་མཚན། སྒྲུབ་ཚུལ་དངོས་གཉིས་ཀྱིས་ཤེས་དགོས་པས། དང་པོ་ནི་ལས་ཀྱི་རྣམ་སྨིན་ཆུད་མི་ཟ་བ་ལ་ངེས་པ་བསྐྱེད་པའི་ཕྱིར་ཡིན་ཏེ། རྩ་ཤེས་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགག་ན་འགག་གྱུར་པས། །འབྲས་བུ་ཇི་ལྟར་འབྱུང་བར་འགྱུར། །ཞེས་ཕྱོགས་སྔ་བཀོད་ཅིང་དེ་ལ་གྲུབ་མཐའ་གཞན་གྱིས་སྐྱོན་སྤོང་བྱེད་ཚུལ། ཇི་ལྟར་དཔངས་རྒྱ་ཞེས་སོགས་ལྟར་ཆུད་མི་ཟ་བ་དང་ཐོབ་པ་དང་ཀུན་གཞི་སོགས་ཀྱི་སྟེང་ནས་བྱེད་ཀྱང་། ལུགས་འདིར་དེ་དག་མི་དགོས་པར་ལས་འགགས་ཀྱང་དེ་ངོ་བོ་ཉིད་ཀྱིས་འགགས་པ་མ་ཡིན་པས། དེའི་ཞིག་པ་ཐ་སྙད་ཙམ་དུ་ཡོད་པ་དེ་ལས་འབྲས་བུའང་ཐ་སྙད་ཙམ་དུ་འབྱུང་བ་འགལ་བ་མེད་པའི་ཕྱིར། འཇུག་པ་ལས། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགག་ཡུན་རིང་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིགས་པར་གྱིས། །ཞེས་གསུངས་པའི་ཕྱིར། དེའི་ཐད་ཀྱི་འཇུག་འགྲེལ་དུ། རྩ་ཤེས་ལས། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་པ་དྲངས་པའང་རང་བཞིན་གྱིས་སྐྱེས་ན་འགག་པ་མེད་པས་འབྲས་བུ་ལ་སྐབས་མི་འབྱེད་པའི་དོན་དུའང་རུང་མོད། འདིར་རང་བཞིན་གྱིས་མ་སྐྱེས་པས་རང་བཞིན་གྱིས་མི་འགག་པ་འགྲུབ་ལ། དེས་ཆུད་མི་ཟ་བ་བསྒྲུབས་པ་ཡིན་ནོ། །ཞིག་པ་དངོས་པོར་སྒྲུབ་བྱེད་དངོས་ནི། མདོ་སྡེ་རྣམས་སུ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་ཤི་བ་ལ་རྒྱུ་གསུང་ཞིང་གང་ཟག་དེ་ཤི་བ་ནི་དེ་ཞིག་པ་ཡིན་པའི་ཕྱིར། དེར་མ་ཟད་དངོས་པོ་རྣམས་སྐད་ཅིག་གིས་འཇིག་པ་དེ་འདུས་བྱས་ཡིན་པར་ནང་པའི་གྲུབ་མཐའ་སྨྲ་བ་ཀུན་མཐུན་ལ། འཇིག་པ་འདུས་བྱས་ཡིན་ན་ཞིག་པའང་འདུས་བྱས་ཡིན་དགོས་ཏེ། སྐད་ཅིག་གཉིས་པར་མི་སྡོད་པ་ལ་རྒྱུ་ཡོད་ཅིང་། མ་བསྡད་པ་ལ་རྒྱུ་མེད་པ་འགལ་བའི་ཕྱིར་རོ། །དོན་འདི་ནི་ཚིག་གསལ་ལས། འཇིག་པ་འདུས་བྱས་སུ་ཁས་བླངས་ནས་འདུས་བྱས་སྐད་ཅིག་མར་སྨྲ་བ་ལྟར་ན། རྒྱུ་མེད་པས་འཇིག་པ་མེད་པའི་ཕྱིར་དངོས་པོ་སྐད་ཅིག་གིས་འཇིག་པ་དང་བྲལ་བ་རྣམས་ཇི་ལྟར་འདུས་བྱས་སུ་འགྲུབ། དེའི་ཕྱིར་ཐམས་ཅད་མི་འགྲིག་པར་འགྱུར་རོ། །ཞེས་སོགས་ཀྱིས་འདུས་བྱས་ཀྱི་མཚན་ཉིད་བཞི་མི་འཐད་པར་ཐལ་བ་དང་། གང་ཡང་རྒྱུ་ལས་མི་སྐྱེ་བར་ཐལ་བ་དང་། སྔར་མེད་གསར་སྐྱེའི་རིགས་པ་དང་། འཇིག་རྟེན་གྱི་གྲགས་པ་བཞིའི་སྒོ་ནས་བསྒྲུབས་སོ། །དེའང་གཙོ་བོར་སྐད་ཅིག་གིས་ཞིག་པ་དངོས་པོར་བསྒྲུབ་པ་ཡིན་ཞིང་། འདིར་འཇིག་པ་ཞེས་གསུངས་པ་ནི་ཟླ་བ་རང་ཉིད་ཀྱིས་དངོས་པོ་དེ་ཞིག་པའང་དེ་སྐྱེ་འཇིག་གཉིས་ཀྱི་ནང་གི་འཇིག་པར་བཞེད་པ་དེའི་དབང་དུ་བྱས་པ་ཡིན་པར་རྩ་ཤེས་ཊཱིཀ་ཆེན་ལས་གསུངས་ཏེ། འདི་དག་གིས་རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་གསུངས་པའི་དགོངས་པ་རྗེན་པར་ཕྱུང་བ་ཡིན་ནོ། །རིགས་པ་དྲུག་ཅུ་པ་ལས། རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །ཞེས་སོགས་ཀྱིས་གཙོ་བོར་རྒྱུན་གྱི་ཞིག་པ་དངོས་པོར་བསྒྲུབས་པ་ཡིན་ཏེ། དེའི་འགྲེལ་པར། འཇིག་རྟེན་ན་རྒྱུ་ཟད་པ་ཁོ་ནས་ཞི་ཞིང་ལོག་པ་གང་ཡིན་པ་དེ་ནི་ཟད་ཅེས་བྱ་བར་དམིགས་ཏེ། ཞེས་མར་དང་སྡོང་བུ་ཟད་པ་མར་མེ་ཤི་བའི་རྒྱུ་དང་། ཟས་ཟད་པ་བུ་ཤི་བའི་རྒྱུ། ཆུ་ཟད་པ་འབྲས་ཉམས་པའི་རྒྱུ་སོགས་སུ་འཇིག་རྟེན་ན་གྲགས་པ་ལྟར་འཇོག་པར་གསུངས་སོ། །འདི་ལ་སྟག་ལོའི་གྲུབ་མཐའ་ཀུན་ཤེས་སུ། ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་པ་རྙེད་པ་འགལ། །ཞེས་སྐྱོན་བརྗོད་པ་ནི། མིང་རྐྱང་བཏགས་ཡོད་ཙམ་ལ་རྒྱུ་འབྲས་འཇོག་ཚུལ་བློས་མ་འཆུན་པར། ཡོད་ན་རང་གི་ངོ་བོས་གྲུབ་དགོས་པའི་ལོག་རྟོག་ཕུགས་སུ་འཚང་བའི་གཏམ་ཡིན་ཏེ། རྗེ་བླ་མས་ཞིག་པ་དངོས་པོར་འཇོག་ཚུལ་ནི། སྐད་ཅིག་སྔ་ཕྱིའི་སྟེང་དུ་བཏགས་དོན་བཙལ་ཏེ་འཐད་པ་བཅུག་ནས་བཞག་པ་མ་ཡིན་གྱི། མ་བརྟག་མ་དཔྱད་པའི་འཇིག་རྟེན་གྱི་ཐ་སྙད་རང་དགའ་བ་ལ་གྲགས་ཚོད་ཀྱི་སྟེང་ནས་བཞག་པ་ཡིན་ཞིང་། དེ་དཔལ་ལྡན་ཟླ་བའི་དགོངས་པ་རྨ་མེད་པ་ཡིན་པའི་ཕྱིར། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། འབྲུ་དང་བུ་དག་བརླག་པ་ཆུ་དང་ཟས་མེད་པས་བྱས་པར་སྨྲའོ། །གཞན་ཡང་འཇིག་རྟེན་ན་གྲགས་པའི་དོན་ནི་འཇིག་རྟེན་ན་གྲགས་པ་ཁོ་ནས་བཞག་པར་བྱ་ཡི། འཐད་པས་ནི་མ་ཡིན་ཏེ་འཇིག་རྟེན་གྱི་ཐ་སྙད་ནི་འཐད་པ་དང་འགལ་བའི་ཕྱིར། ཞེས་གསུངས་སོ། །དེས་ན་སྟག་ལོ་རང་ཉིད་མདོ་སེམས་ཀྱི་རིགས་པས་ཞིག་པ་དངོས་པོ་འགོག་པ་ནི་མིང་རྐྱང་ཙམ་གྱི་ཐ་སྙད་པའི་འཇོག་མཚམས་འདི་མ་ཟིན་པར། ཐ་སྙད་འཇོག་སྐབས་སུའང་བཏགས་དོན་བཙལ་ནས་བཞག་པའི་སྐྱོན་ཡིན་ཏེ། སྟོང་ཐུན་ལས། འདས་མ་འོངས་ཀྱི་འཇོག་ཚུལ་འདི་ནི་རྒྱུས་འབྲས་བུ་བསྐྱེད་པའི་ཚུལ་རིགས་པས་བཙལ་བའི་སྒོ་ནས་འཇོག་པ་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་རྣམས་ལ་མི་འཐད་ཀྱང་། རྒྱུ་འབྲས་བྱ་བྱེད་ལ་སོགས་པའི་དངོས་པོ་ཐམས་ཅད་མ་བརྟག་མ་དཔྱད་པར་མིང་ཙམ་གྱི་སྒོ་ནས་འཇོག་པ་ལ་ཤིན་ཏུ་འཐད་པ་ཡིན། ཞེས་གསུངས་པའི་ཕྱིར། དོན་འདི་ནི་ལུགས་འདིས་ལས་འབྲས་ཆུད་མི་ཟ་བར་འཇོག་ཚུལ་གྱི་རྩ་བ་མེད་རུང་དུ་གོ་དགོས་པ་ཞིག་ཡིན་ཀྱང་། བོད་འདིར་སྔར་གཞན་གྱིས་མ་ཐོན་པ་རྗེ་བླ་མ་གཅིག་པུས་གསལ་བར་མཛད་པ་ཡིན་ཏེ། རྩ་ཤེས་ཊཱིཀ་ཆེན་ལས། འདས་མ་འོངས་པའི་འཇོག་ཚུལ་འདི་ནི། ཞེས་པ་ནས། ལུགས་འདི་ལ་ཤིན་ཏུ་གལ་ཆེའང་གྲགས་ཆུང་བར་འདུག་པས་ཞིབ་ཏུ་བཤད་དོ། །ཞེས་གསུངས་པའི་ཕྱིར། རྗེ་བཙུན་རོལ་པའི་རྡོ་རྗེས་ཀྱང་། ཕྱི་དོན་མ་བཤིག་པའི་བློ་འཚུབ་མི་དགོས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་རིག་མ་ཡིན་ཀྱང་ཚད་གཞལ་འཐད་པས། །རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག །རང་མཚན་མ་གྲུབ་ཀྱང་རྟེན་འབྲེལ་བཀྲ་བས། །ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །ཅེས་དང་། ཀུན་མཁྱེན་བླ་མས་མཛད་པའི་དེའི་འགྲེལ་པ་ལས། ཕྱི་དོན་མ་བཤིག་པར་རང་བཞིན་གྱིས་མ་གྲུབ་པ་ཁས་ལེན་པ་མི་རིགས་སོ་སྙམ་པའི་བློ་ཚབ་ཚུབ་མི་དགོས། ཞེས་སོགས་ལྟར། དོན་སྨྲ་བས་ཕྱི་དོན་འཇོག་ཚུལ་རྡུལ་ཆ་མེད་བསགས་པའི་སྟེང་ནས་ཚུར་བློ་ལ་རྣམ་པ་གཏོད་བྱེད་དུ་རང་གི་ངོ་བོས་གྲུབ་པར་བཟུང་སྟེ་རང་བཞིན་མེད་ན་ཕྱི་དོན་མེད་དགོས་ལ། ཕྱི་རོལ་གྱི་སྣང་བ་མངོན་སུམ་དུ་གྲུབ་པ་འདི་ལ་སྐུར་བ་འདེབས་ཚུལ་མེད་སྙམ་དུ་བློ་འཚབ་ལང་ནས་རྩོམ་གཞིའི་རྡུལ་དེ་དག་ཀྱང་མ་རེག་པར་བཅས་མ་རེག་པར་མེད་སོགས་མི་འགྲིག་པ་དུ་མ་ནན་གྱིས་བསྒྲུབས་ཏེ་སྒྲོ་བཏགས་པ་ཡིན་ལ། འདིར་དེ་འདྲ་མི་དགོས་པར་ཕྱི་དོན་སྣང་ཙམ་གྱི་སྒོས་དེའི་ཐ་སྙད་མ་བཤིག་པར་འཇོག་པ་དང་རང་བཞིན་མེད་པ་འགལ་དོན་མེད་དོ། །དེ་བཞིན་དུ་རང་མྱོང་གཞན་མྱོང་སོགས་བཏགས་དོན་ཚོལ་བའི་ངལ་བ་མང་པོའི་སྒོ་ནས་རང་རིག་སྒྲུབ་མི་དགོས་པར་ཚད་མས་ཡུལ་གཞལ་བ་དང་། དེ་ལ་ལྟོས་ཏེ་རྗེས་ཀྱི་དྲན་པས་ཡུལ་ཅན་ཚད་མའང་འགྲུབ་པ་སྟེ། ཡུལ་དང་ཡུལ་ཅན་ལྟོས་ནས་གྲུབ་པའི་རྟེན་འབྲེལ་གྱི་གནད་ཀྱིས་རང་རིག་འཇོག་མི་དགོས་པ་དང་། གདགས་གཞིའི་ངོས་ནས་གྲུབ་པ་མེད་ཀྱང་མིང་རྐྱང་བཏགས་ཡོད་ཙམ་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག་བྱས་ཆོག་པས་རང་རྒྱུད་ཁས་ལེན་མི་དགོས་པ་སྟེ། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དཔལ་ལྡན་ཟླ་བས་གཞན་དང་ཐུན་མོང་མ་ཡིན་པར་རྩ་ཤེས་ལ་འཇུག་ཚུལ་གཉིས་གསུངས་པའི་གནད་རྣམས་དང་སྦྲགས་ནས་ཡབ་སྲས་གཉི་གའི་དགོངས་པ་གཏིང་ཕྱིན་བཤད་དུ་ཡོད་ལ། དུས་ཇི་ཙམ་སྙིགས་ཀྱང་སྐྱོན་ཡོན་རྣམ་དབྱེ་ཤེས་པའི་མཁས་པ་རེ་རེ་ཙམ་འབྱུང་སྲིད་པའི་དོན་དུ་འགྱུར་མོད་ཀྱང་འདིར་དེ་ཙམ་མོ། ། ― GTD001_Page_0044 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་དག་གི་དོན་བསྡུས་ནས། མདོར་ན་ངོ་བོས་སྟོང་པ་དང་། །ཕན་ཚུན་བརྟེན་ནས་བཏགས་པ་གཉིས། །འགལ་མེད་གྲོགས་སུ་ཤར་བ་ཡིས། །རྣམ་གཞག་ཐམས་ཅད་འཐད་པར་གཟིགས། །ཞེས་སྨོས་སོ། །འདི་ནི་རྩ་ཤེས་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་པའི་དགོངས་པ་སྟེ། ཊཱིཀ་ཆེན་ལས། རུང་ལུགས་ཐམས་ཅད་ནི་ཡོད་པ་ལ་འགྲེལ་པས་བཤད་ཅིང་དེའང་དབུ་མ་པའི་ལུགས་ཡིན་པར་གསུངས། ཞེས་པ་ལྟར། བླང་དོར་རྒྱུ་འབྲས་ཀྱི་རིམ་པ་དང་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་འགལ་འདུ་མེད་པར་རང་ལུགས་སུ་བཞག་ཆོག་པའི་རྩ་བ་སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་ཤར་བ་འདི་ཡིན་ཏེ། རིན་ཆེན་ཕྲེང་བའི་དར་ཊཱིཀ་ལས། གཞི་ལྟ་བ་གཏན་ལ་འབེབས་པའི་ཚེ་བདེན་པ་གཉིས་ཚ་རེག་དང་གྲང་རེག་ལྟར་མ་སོང་བར། ཟུང་འཇུག་ཏུ་མ་ཤེས་ན། ལམ་གྱི་ཚོགས་གཉིས་དང་། འབྲས་བུ་སྐུ་གཉིས་ཀྱི་རྣམ་གཞག་ལེགས་པར་མི་ཤེས་པས་བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་དག་གིས་ལྟ་བའི་གནད་གསལ་བར་མཛད་ཚུལ་བཤད་ཟིན་ནས། ― GTD001_Page_0045 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་སྒོམ་པའི་གནད་གསལ་བར་མཛད་ཚུལ་མདོ་ཙམ་ཞར་བྱུང་དུ་སྨོས་པ་ནི། ཉོན་མོངས་འཆིང་གཅོད་ཀླུ་སྒྲུབ་ཀྱི། །ལྟ་བའི་རལ་གྲི་འཛིན་བྱེད་པ། །སྒོམ་པའི་དཔུང་པ་བརྟན་པོའི་ཐབས། །མཐའ་ཡས་ས་སྡེ་བཞིན་དུ་གསུངས། །བོད་སྒོམ་གཞུང་དུ་མི་ཚོལ་བར། །མེད་སར་འབད་པས་འཚོལ་ཞིང་སྐྱོང་། །དྲོད་རྟགས་ཕྲ་མོས་རློམ་རྣམས་ཀྱི། །སྒོམ་པའི་མན་ངག་དཔེ་ཟླ་མིན། །ཞེས་བྱུང་། དེའང་སྔ་རབས་པ་མང་པོ་ཞིག་འཇོག་སྒོམ་གྱིས་གནས་ཆ་བསྒྲུབ་པ་དང་། དཔྱད་པས་སྒྲོ་འདོགས་གཅོད་པ་གཉིས་སྔ་མ་སེམས་སྡུད་བྱེད་དང་། ཕྱི་མ་སེམས་འཕྲོ་བྱེད་ཡིན་པས་གཅིག་གཅིག་གི་འགལ་ཟླར་འགྲོ་ཞེས་སྨྲ་བ་ཆེས་མི་རིགས་ཏེ། སེམས་གནས་པའི་བརྟན་ཆ་མེད་པར་དཔྱད་ཀྱང་ཤུགས་ཆུང་ལ། མི་དཔྱོད་པར་བཞག་པ་ཁོ་ནས་སྒྲོ་འདོགས་ཅུང་ཟད་ཀྱང་མི་ཆོད་པའི་ཕྱིར། དཔེར་ན་ལག་པ་བརྟན་པོའི་ཤུགས་མེད་པར་སྟ་རེ་གཏིང་དུ་བསྣུན་མི་ཐུབ་ལ། སྟ་རེ་བརྟན་པོར་བྱས་ཏེ་བཟུང་བསྡད་པ་ཁོ་ནས་ཀྱང་ཤིང་མི་ཆོད་པ་བཞིན་ཡིན་པས། ཉོན་མོངས་པའི་འཆིང་བ་གཅོད་པ་ལ་གཅོད་བྱེད་དངོས་ཀླུ་སྒྲུབ་ལུགས་ཀྱི་ཟབ་མོ་ལྟ་བའི་རལ་གྲི་ཡིན་ཡང་། དེ་འཛིན་པའི་ཐབས་སུ་ཞི་གནས་སྒྲུབ་ཚུལ་སོགས་སྒོམ་པའི་རིམ་པ་རྣམས་ས་སྡེ་ནས་འབྱུང་བ་ལྟར་ཉམས་སུ་ལེན་དགོས་པའི་ཕྱིར། སྒོམ་རིམ་དང་པོ་ལས། དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་ལག་གིས་སེམས་བཟུང་སྟེ། ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས་གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟར་བྱས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་ས་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་ཀྱང་སྐྱེ་བར་མི་འགྱུར་རོ། །ཞེས་དང་། རྗེའི་གསུང་གི་ཞི་ལྷག་གི་དཀའ་གནད་ལས་ཀྱང་། དཔེར་ན་ལག་པས་སྟ་རེ་བཟུང་ནས་ཤིང་སྡོང་གཅོད་པ་ན། ལག་པ་ཤིན་ཏུ་འདར་ན། སྟ་རེ་ཤིང་སྡོང་ལ་ཇི་ཙམ་བརྒྱབ་ཀྱང་ཤིང་སྡོང་གཅོད་མི་ནུས་པ་བཞིན་དུ། ཞི་གནས་སྔོན་དུ་མ་གྲུབ་ན་དཔྱོད་པའི་སེམས་ལ་གནས་པའི་རྩི་འབྱར་རྒྱུ་མེད་པས་ཇི་ཙམ་དཔྱད་ཀྱང་མི་མཐུན་ཕྱོགས་འཇོམས་པའི་སྟོབས་མི་འབྱུང་ངོ་། །སྟོབས་ལྡན་གྱི་ལག་པ་ཤིན་ཏུ་བརྟན་པས་རྣོ་བའི་སྟ་རེ་བཟུང་ནས་བཅད་ན་ཤིང་སྡོང་མྱུར་དུ་གཅོད་ནུས་པ་བཞིན་དུ། ཞི་གནས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་ལག་པས་བཟུང་བའི་སེམས་ཀྱིས་ཤེས་རབ་ཀྱི་མཚོན་རྣོན་པོ་ཐོགས་ཏེ། དེ་ཁོ་ན་ཉིད་དཔྱད་པ་གོམས་ན་མི་མཐུན་ཕྱོགས་འཇོམས་པའི་སྟོབས་དང་ལྡན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་སོ་སོར་ཤིང་རྟ་ཆེན་པོ་གཉིས་ལ་གཙོ་བོར་བརྟེན་དགོས་པའི་རྒྱུ་མཚན་ནི་སྤྱིར་གཉིས་ཀས་གཉི་ག་གསུངས་མོད་ཀྱང་། རང་རང་ལ་ཟབ་རྒྱས་ཀྱི་གདམས་པའི་བཀའ་བབ་ཚུལ་མི་འདྲ་བ་ཡོད་པས། གདམས་པའི་གནད་ཡོངས་སུ་རྫོགས་པར་འབྱུང་བ་དེ་དང་དེར་མེད་མི་རུང་དུ་བརྟེན་དགོས་པ་ཡིན་ནོ། །དེས་ན་རྗེ་བླ་མའི་རྣམ་ཐར། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་པ་ནི་དེ་དག་གི་གཞུང་ལ་སྤྱི་བམ་གྱི་གོ་བ་རགས་པ་རེ་ཆགས་པ་བཤད་ཡམ་འགྲོ་བ་ཙམ་མ་ཡིན་པར། དེ་དང་དེས་གང་རྩལ་དུ་བཏོན་ནས་འཆད་ལུགས་དང་། བཤད་སྲོལ་མི་འདྲ་བར་བྱེད་ཚུལ། བཤད་ལུགས་ཀྱི་འགྲོས་མཐུན་ཡང་དགོངས་པའི་གཏད་སོ་མི་གཅིག་པའི་དབྱེ་བ། རིགས་པའི་རྣམ་གཞག་ཤིན་ཏུ་ཕྲ་ཞིང་ཞིབ་པའི་ཁྱད་པར་རྣམས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་གཟིགས་ནས་ཐ་ན་ལུང་ཚིག་གཅིག་འདྲེན་ནའང་རྩོམ་པ་པོའི་དགོངས་ཚོད་ཇི་ལྟ་བ་བཞིན་གཟིགས་ཏེ་འདྲེན་པ་ལས། རང་གིས་འཆད་རྒྱུ་དེ་དང་ཚིག་རིས་མཐུན་ཚད་མི་འདྲེན་པ་རྗེ་རང་གི་ཁྱད་ཆོས་ཡིན་ཏེ། མཁས་གྲུབ་རྗེའི་གསུང་ལས། ད་ལྟ་བླུན་པོས་མང་པོ་སྙན་བརྒྱུད་རང་ཡིན་ཟེར་བའི་ཆོས་ཚོལ་བའང་། གང་ཟག་དེ་ཚོ་རང་རང་གི་དེ་འདྲའི་ཆོས་དེ་ལུང་འདི་ནས་ཀྱང་གསལ་བར་བཤད། འདི་འདྲ་ནས་ཀྱང་གསལ་བར་བཤད་ཅེས་ལུང་མིག་གིས་མཐོང་ཚད་འདྲེན་པ་མང་དུ་སྣང་སྟེ་འགལ་བ་ཡིན། ཞེས་དང་། ཀློང་རྡོལ་གྲུབ་དབང་རིན་པོ་ཆེས། དཔལ་ལྡན་ས་སྐྱ་བའི་ལམ་འབྲས་ནི། ཞེས་པ་ནས། སྟོང་ཉིད་ཀྱི་དོན་བཤད་པའི་ཚེ་རྒྱན་དྲུག་གིས་གཙོས་པའི་འཕགས་ཡུལ་གྱི་གཞུང་ཆེ་བ་ཐམས་ཅད་ཀྱི་གྲུབ་མཐའ་སོ་སོར་མ་ཕྱེ་བར་ལྟ་བ་གང་ཡིན་ཐམས་ཅད་གཅིག་ཏུ་བསྲེས་ཏེ་འཆད་པས་མཁས་པ་དགྱེས་པའི་ལེགས་བཤད་ཟུར་ཅུང་ཟད་ཉམས་པ་ཡིན། ཞེས་གསུངས་པས་མཚོན། གྲུབ་མཐའ་གཞན་གྱི་མཁས་པ་རྩོད་མེད་དུ་མའི་རྩོམ་པར་གཞུང་མཐོང་ཚད་ཀྱི་ནང་དུ། རང་བཞིན་མེད་པ། ངོ་བོ་ཉིད་མེད་པ། སྤྲོས་པ་དང་བྲལ་བ། གཉིས་སུ་མེད་པ་ཟེར་བའི་ཚིག་གང་བྱུང་ཐམས་ཅད་ལྟ་བ་མཐར་ཐུག་གི་ཁུངས་སུ་དྲངས་ཡོད་པ་བསྙོན་མི་དགོས་པར་དེ་དག་གི་གཞུང་ད་ལྟ་ཡོད་པ་ལ་བལྟས་པས་ཆོག་གོ །རྗེའི་གསུང་ལ་གོང་འོག་གི་སྐབས་བསྲེས་པ་དེ་འདྲ་གཅིག་ཀྱང་སྟོན་རྒྱུ་མེད་པར་མ་ཟད། དཔེར་ན་རིགས་མི་གཅིག་པའི་མི་དྲུག་གིས་ངའི་ཕའི་ལུགས་སྲོལ་བཞིན་བྱེད་དགོས་བྱས་པའི་ཚེ་ཚིག་བརྗོད་ལུགས་འདྲའང་བསམ་ཚོད་མི་འདྲ་བ་ལྟར། པཎ་གྲུབ་ཀྱི་གསུང་ཚིག་ཟིན་འདྲ་བ་ལའང་ཐུགས་རྩེ་མི་འདྲ་བ་མང་པོས་སོ་སོའི་ཞེ་འདོད་ཤེས་དགོས་པར་ནན་ཏན་དུ་གསུངས་ཏེ། ལེགས་བཤད་སྙིང་པོ་ལས། ཐ་སྙད་དུ་ཡོད་པ་ལའང་དེའི་ངོ་བོ་ཉིད་དང་རང་བཞིན་དང་དེའི་རང་གི་མཚན་ཉིད་སོགས་སུ་ཐལ་འགྱུར་པའི་གཞུང་ནས་བཤད་པའང་མང་ལ། རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དང་རྫས་སུ་མ་གྲུབ་པ་ལ་སོགས་པ་སློབ་དཔོན་འདིའི་གཞུང་ནའང་མང་བས་དབྱེ་དཀའ་བར་སྣང་ནའང་། དགོངས་འགྲེལ་ལས། ཞེས་སོགས་ཀྱིས་རང་བཞིན་དང་རང་བཞིན་མེད་ཅེས་པའི་ཚིག་བྱུང་ཚད་དོན་གཅིག་བྱས་ན་འགལ་བ་དུ་མ་འོང་བས། རྩ་བའི་ལུང་གི་དགོངས་པ་འགྲེལ་ཚུལ་ནས་བཟུང་མགོ་མཇུག་ཐམས་ཅད་གུང་བསྒྲིགས་ཏེ་རང་རང་གི་དགོངས་ཚོད་དཔོག་པའི་སྒོ་ནས་ཤེས་བྱེད་དུ་འདྲེན་དགོས་པར་གསུངས་པ་འདི་གྲུབ་མཐའ་རྒྱ་མཚོའི་དེ་ཉིད་འབྱེད་པ་ལ་མི་འཕྱུག་པའི་གཟེར་འདེབས་ཚུལ་རྗེ་བླ་མ་མགོན་པོ་འཇམ་པའི་དབྱངས་དང་དབྱེར་མི་ཕྱེད་པའི་གཏན་ཚིགས་ཤིག་ཡིན་ནོ། །དེར་མ་ཟད་སྔོན་དང་ཕྱིས་ཀྱི་མཁས་རློམ་ཕལ་མོ་ཆེ་བླང་དོར་གྱི་གནས་མདོ་རྒྱུད་ཚད་མ་ནས་སྒྲ་ཇི་བཞིན་པར་གསུངས་པ་ལ་དགོངས་པ་ལེན་པའི་ཟོལ་གྱིས་མི་དགོས་པར་རྟོག་དཔྱོད་བྱེད་ཅིང་རེས་འགའ་རྒྱུད་རྫུས་མ་དང་པཎ་གྲུབ་ཆེན་པོ་རྣམས་ལ་ཁ་གཡར་བའི་གཞུང་ལའང་རྟོག་དཔྱོད་མེད་པར་མཛད་བྱང་འགྱུར་བྱང་དུ་གང་ཡོད་བདེན་པར་བཟུང་ནས་ཁུངས་སུ་བྱེད་པས་ཆ་མི་མཚུངས་སོ། ། ― GTD001_Page_0046 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེ་ཐམས་ཅད་མཁྱེན་པས་ནི། རྒྱུད་ལས། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །ཞེས་པ་ལྟར། དམ་ཚིག་དང་སྡོམ་པ་བསྟན་པའི་རིགས་ལ་ལག་ལེན་དོག་ཕྱོགས་ནས་བཟུང་སྟེ་སྒྲ་ཇི་བཞིན་པ་གཙོ་བོར་མཛད། པཎ་གྲུབ་ཀྱི་གཞུང་ཡོངས་གྲགས་རྣམས་མ་ཡིན་པ་ལ་དེའི་གསུང་རྩོད་མེད་གཞན་དང་བསྡུར་བ། རྗེས་འཇུག་ཆེན་པོ་རྣམས་ཀྱིས་དྲངས་མ་དྲངས། དེ་དང་བཤད་པ་སྒོ་བསྟུན་མ་བསྟུན་སོགས་བསྡུར་ཏེ་དཔྱད་ཚུལ་མཛད་པ་འདི་ནི་རྗེས་འཇུག་ཐོས་པ་རྒྱ་ཆེན་པོ་འདོད་པ་ལ་ཕན་པའི་མན་ངག་མཆོག་ཏུ་ཟུངས་ཤིག དེ་ལྟར་བསྟན་པའི་གནད་རང་རང་ལ་ཐུགས་བསྐྱེད་དང་རྟེན་འབྲེལ་གྱི་དབང་གིས་བཀའ་བབ་ཚུལ་སོ་སོ་བ་ཡོད་པས་སྐབས་དེར་དེ་དང་དེའི་དགོངས་པ་གཞིར་བྱེད་དགོས་ལ། ཁྱད་པར་ལྟ་སྒོམ་གཉིས་ཀྱི་སྐབས་འདིར་ཤིང་རྟ་ཆེན་པོ་གཉིས་ལ་ཁུངས་བྱེད་དགོས་ཀྱི། འདི་དག་གི་གཞུང་རྒྱ་མཚོ་ལྟ་བུ་རྣམས་བཞག་ནས་མན་ངག་ཏུ་གྲགས་པ་ཐན་ཐུན་རེ་ལ་ངལ་བ་བྱེད་པ་ནི། ས་པཎྚི་ཏས། ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་བརྐོ་བ་བཞིན། །གསུངས་པ་ལྟ་བུ་ཡིན་ནོ། །འདི་ལ་དགོངས་ཏེ་ལམ་རིམ་ཆེན་མོའི་ཞི་གནས་ཀྱི་མཇུག་ཏུ། མདོ་དང་དགོངས་འགྲེལ་བསྟན་བཅོས་ཆེན་མོ་ལས། །ལེགས་གསུངས་ཏིང་འཛིན་སྒྲུབ་པའི་རིམ་པ་ནི། །རྗོད་བྱེད་བརླིང་བས་བློ་གྲོས་ཆུང་རྣམས་ཀྱིས། །ཇི་བཞིན་མ་རྟོགས་རང་གི་བློ་ཡི་སྐྱོན། །གཞན་ལ་བསྒོས་པས་གཞུང་བཟང་དེ་དག་ལ། །མི་རྟོག་སྐྱོང་བའི་གདམས་པ་མེད་སྙམ་ནས། །ཡོད་པའི་གཞུང་དུ་མ་བཙལ་མེད་པའི་སར། །འབད་པ་དུ་མས་འཚོལ་ཞིང་རྙེད་པར་སེམས། །དེ་འདྲས་ཕྱི་རོལ་པ་དང་ནང་པ་ཡི། །ཏིང་འཛིན་རྣམས་ཀྱང་ཕྱེད་པར་མི་འགྱུར་ན། །ཐེག་པ་མཆོག་དང་ཐེག་པ་དམན་པ་དང་། །རྡོ་རྗེ་ཐེག་དང་ཕ་རོལ་ཕྱིན་པ་ཡི། །ཏིང་ངེ་འཛིན་གྱི་ཁྱད་པར་གང་ཡིན་པ། །ཇི་བཞིན་ཕྱེད་པར་འགྱུར་བ་སྨོས་ཅི་དགོས། །ཚུལ་དེ་མཐོང་ནས་གཞུང་ལུགས་ཆེན་མོ་ཡི། །ཏིང་འཛིན་སྐྱོང་ཚུལ་གོ་སླའི་ངག་གིས་བཤད། །གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི། །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ། །དོར་ནས་གཞན་གྱི་མཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །ཁྱེད་ཀྱིས་སྦྱངས་པའི་གཞུང་ལས་གདམས་པའི་དོན། །ལོགས་སུ་མེད་པ་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནགས་ན་བདེ་འོ་ཞེས། །གསུངས་པ་དེ་ཡི་དོན་ལའང་དཔྱོད་པར་རིགས། །ཅིར་ཡང་མི་རྟོག་འཇོག་པའི་ཞི་གནས་ལམ། །དང་པོར་སྒྲུབ་པའི་ཚུལ་ལ་གྲུབ་པའི་ཚད། །ལེགས་པར་དམིགས་ཕྱེད་གོ་བ་མ་རྙེད་ཀྱང་། །སྙིང་རུས་ཙམ་ལ་རེ་བའི་བསམ་གཏན་པ། །དེ་དག་གིས་ཀྱང་ད་དུང་མཁས་པ་ལ། །བརྟེན་ནས་སྐྱོང་ཚུལ་ཇི་བཞིན་ཤེས་པར་མཛོད། །དེ་ལྟ་མིན་ན་རྒྱལ་བའི་བསྟན་པ་ལ། །རེ་ཞིག་ངལ་གསོ་བྱས་ན་གནོད་པ་ཆུང་། །དེ་ལྟར་བྱམས་པ་ཐོགས་མེད་ཀྱི། །གཞུང་གི་ཞི་གནས་སྒྲུབ་པའི་ཚུལ། །བཤད་པ་འདི་ཡང་རྒྱལ་བ་ཡི། །བསྟན་པ་རིང་དུ་གནས་ཕྱིར་རོ། །ཞེས་གསུངས་པས། རྗེ་ཉིད་ཀྱི་རིང་ལུགས་རི་བོ་དགེ་ལྡན་པའི་བཀའ་སྲོལ་འདི་ནི་སྒོམ་པའི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་ཚུལ་གྱི་གནད་གལ་ཆེ་བ་རྣམས་ནི་རང་ལ་བློ་གྲོས་ཀྱི་མིག་ཡོད་ན་གསུང་འདི་རྣམས་ཀྱི་སྟེང་ནས་ཀྱང་ཤེས་པར་ཡོད་དོ། །དེ་བཞིན་དུ་ཐུབ་བསྟན་བྱི་དོར་ལས་ཀྱང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་དོན་དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་བ་ཇི་ལྟ་བ་བཞིན་དུ། རང་བཞིན་གྱིས་གྲུབ་པ་ཐ་སྙད་དུའང་ཁེགས་ཀྱང་ལས་འབྲས་ལ་སོགས་པའི་བྱ་བྱེད་ཐམས་ཅད་གཞན་ངོ་ཙམ་ལ་སྐྱེལ་མི་དགོས་པར་རང་ལུགས་ལའང་ཚད་གྲུབ་ཏུ་ཁས་བླངས་པས་ཆོག་པའི་རྟེན་འབྲེལ་དང་སྟོང་ཉིད་ཟུང་འཇུག་དྲི་མ་མེད་པའི་རིགས་པས་ལེགས་པར་ཕབ་པའི་ལྟ་བ་ལས་གཞན་པ་མཁས་རྨོངས་གང་གིས་བཞག་པའི་ལྟ་བ་ཡིན་ཀྱང་ལྟ་བ་ནོར། མདོའི་དོན་བྱམས་ཆོས་དང་ས་སྡེ་དང་དབུ་མ་སྒོམ་རིམ་སོགས་ཀྱིས་རྒྱས་པར་བཀྲལ་བ་ལྟར། ཞི་ལྷག་སོ་སོའི་ཚོགས་བརྟེན་པ་དང་། དམིགས་རྟེན་གྱི་ཁྱད་པར་དང་དཔྱད་སྒོམ་དང་འཇོག་སྒོམ་གྱི་རྣམ་དབྱེ་དང་། སེམས་གནས་པའི་ཐབས་དགུ་དང་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་བྱས་ནས་བསྒོམས་པས་ཞི་གནས་དང་ལྷག་མཐོང་རྗེས་མཐུན་པ་གྲུབ་པའི་ཚད། དེ་ནས་ཞི་ལྷག་མཚན་ཉིད་ཚང་བ་ཐོག་མར་སོ་སོར་གྲུབ་པའི་ཚད། དེ་དག་གི་གོ་རིམ། དེ་ནས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མཚན་ཉིད་ཚང་བར་གྱུར་པའི་ཚད། དེ་དག་གི་ཐོག་མཐའ་བར་གསུམ་དུ་མྱོང་བ་ཇི་ལྟར་སྐྱེ་བའི་ཚུལ། ལུས་སེམས་ལ་འབྱུང་བའི་རྟགས་ཀྱི་ཁྱད་པར། བྱིང་རྨུགས་གཉིས་ཀྱི་ངོས་འཛིན་དང་ཁྱད་པར། འཕྲོ་རྒོད་གཉིས་ཀྱི་ངོས་འཛིན་དང་ཁྱད་པར། དེ་དག་གཉེན་པོ་གང་གིས་ཇི་ལྟར་སེལ་ཚུལ། དྲན་ཤེས་བཞིན་གཉིས་ཀྱི་ངོས་འཛིན་དང་ཁྱད་པར། དེ་གཉིས་སྐབས་གང་དུ་ཚུལ་ཇི་ལྟར་བསྟེན་ཚུལ་སོགས་མཐའ་དག་པར་ཤིང་རྟ་ཆེན་པོ་དེ་དག་གི་དགོངས་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཤེས་ནས་གཏན་ལ་ཕབ་པ་ཞིག་མེད་པའི་ཐོས་བསམ་པ་དག་གིས་ཞི་ལྷག་གི་བཤད་པ་དང་། བསམ་གཏན་པ་དག་གིས་མན་ངག་ཟབ་ཟབ་མོར་མིང་བཏགས་པའི་ཏིང་ངེ་འཛིན་བསྒྲུབ་པའི་རྣམ་གཞག་ཇི་ཙམ་ཞིག་བྱས་ཀྱང་ཕལ་ཆེར་ནོར་བ་ལས་མ་འདས། ཞེས་གསུངས་པ་བཞིན་ཡིན་ཞིང་། གོལ་བའི་མཐའ་འགོག་ཚུལ་དུ་མ་ཞིག་གོང་དུ་ལྟ་བ་སྒོམ་ཚུལ་ལ་དོགས་པ་གཅོད་པའི་སྐབས་སུའང་བཤད་ཟིན་ཏོ། །དེ་དག་གི་སྙིང་པོ་བསྡུས་ཏེ་གོ་བདེ་བར་བྱེད་ན། ཀུན་མཁྱེན་བླ་མའི་གསུང་གི་དགེ་ལྡན་ཆོས་འབྱུང་ལས། སྒོམ་པའི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་ཏེ། བོད་ཀྱི་བསམ་གཏན་པ་རྣམས་ཞི་གནས་གསར་དུ་སྒྲུབ་པའི་ཚེ་གནས་ཆ་གཙོ་བོར་བྱས་ཏེ་ཤེས་པ་འཕངས་ལེགས་པར་བསྟོད་དེ་བསྒྲིམས་ནས་མི་རྟོག་པར་འཇོག་པ་དོར་ནས་རིག་པའི་གཟེངས་ཀྱང་སྨད་ལེགས་པར་བསྒྲིམས་པའང་གློད་པས་གློད་རབ་ལ་སྒོམ་རབ་ཅེས་སྨྲ་བ་ནི། བྱིང་བ་དང་སྒོམ་གཉིས་ཀྱི་ཁྱད་པར་མ་ཕྱེད་པས་དམན་ལ། རྗེ་བདག་ཉིད་ཆེན་པོས་འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲངས་ཏེ་ཏིང་ངེ་འཛིན་གསར་དུ་སྒྲུབ་པའི་ཚེ་གནས་ཆ་ཙམ་གྱིས་མི་ཆོག་པར་གསལ་ཆའི་ངར་དང་ལྡན་པ་དགོས་ལ། དེའང་སེམས་གནས་པ་དགུ་སྟོབས་དྲུག་ཡིད་བྱེད་བཞིའི་སྒོ་ནས་ཏིང་ངེ་འཛིན་གསར་དུ་སྒྲུབ་ཚུལ་དང་། དྲན་པ་དང་ཤེས་བཞིན་གྱིས་བོགས་འདོན་ཚུལ་དང་བྱིང་རྒོད་ཕྲ་རགས་ཀྱི་ངོས་འཛིན། ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་སྒྲུབ་ཚུལ་སོགས་རྒྱལ་བའི་དགོངས་པ་བཞིན་ལེགས་པར་གཏན་ལ་ཕབ་པས་ལྷག་པ་ཏིང་ངེ་འཛིན་གྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ལྡན་པས་སོ། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་སྒོམ་ལྟར་སྣང་དེ་འདྲ་ལ་བརྟེན་ནས་ལྷ་སྐུ་སོགས་ཀྱི་ཉམས་སྣང་ཅི་རིགས་འཆར་བ་དང་། འབྱུང་འགྱུར་སོགས་ཕྲན་ཚེགས་ཤེས་པའི་མངོན་ཤེས་ཆ་འདྲ་ཙམ་འཆར་བ་དང་། རྫས་སྔགས་སམ་མི་མ་ཡིན་འགའ་ཞིག་བསྟེན་པའི་ནུས་པས་གྲུབ་རྟགས་ཕྲ་མོ་ཙམ་སྟོན་པ་དང་། ཏིང་ངེ་འཛིན་གྱི་ངང་དུ་ཉིན་ཞག་དུ་མ་འཁྱོངས་ཤིང་རླུང་གི་ནུས་པས་རས་རྐྱང་ཐུབ་པ་སོགས་ནུས་པ་ལྟར་སྣང་གིས་ཡིད་ཚིམ་སྟེ་བསྟན་པའི་སྙིང་པོ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་མཆོག་ཏུ་རྩི་བ་དང་། སྔགས་ཀྱི་ལམ་མཐོན་པོར་རློམ་པ་སོགས་ནི་ཆོས་ཀྱི་གནད་མ་གོ་བ་ཡིན་ཏེ། སྒྲ་སྒྱུར་མར་པས། ཉམས་རྨི་ལམ་དང་འདྲ་བའི་འཁྲུལ་སྣང་འདིས། །བསམ་བརླག་བྱིས་པ་དང་འདྲ་བའི་སྒོམ་ཆེན་བསླུས། །གསུངས་པ་བཞིན་ཉམས་སྣང་ཙམ་དུ་ལྷ་སྐུ་སོགས་ཤར་བ་ལ་ཡིད་བརྟན་མེད་པར་མ་ཟད་བསླུ་བྲིད་ཀྱང་མང་བས། དེ་འདྲ་ལ་རྣམ་གསུམ་རིགས་དབྱེའི་སྒོ་ནས་བརྟགས་དགོས་པར་ཡིག་ཆུང་ཉེར་གཅིག་ལས་གསུངས་ལ། ལྷའི་ཉམས་སྣང་འཁྲུལ་མེད་ཡིན་ཀྱང་བྱམས་སྙིང་རྗེ་སོགས་ཀྱི་གྲོགས་དང་མི་ལྡན་ན་སྙིང་པོ་མེད་ཚུལ་བཀའ་གདམས་གླེགས་བམ་ལྟར་ཡིན་ཞིང་། དེར་མ་ཟད་ལྷའི་ང་རྒྱལ་བརྟན་རུང་ལས་འབྲས་ཁྱད་དུ་བསད་པས་དམྱལ་བར་ལྷུང་བ་ཙ་ན་ཀྵའི་དགེ་སློང་ལྟ་བུར་འཇམ་དཔལ་རྩ་རྒྱུད་ལས་གསུངས་སོ། །མངོན་ཤེས་རྫུ་འཕྲུལ་ཕྲ་མོ་ལའང་སྙིང་པོ་མེད་དེ། སྔོན་ར་རྫི་ཞིག་ནག་ཕྱོགས་ཀྱི་ཀླུ་སྐར་རྒྱལ་བྱ་བས་བྱིན་གྱིས་བརླབས་ཏེ་ནམ་མཁར་འཕགས་ནས་ཆོས་བསྟན་ཏེ་སྐྱེ་བོ་རྣམས་བསླུས་པ་ན་ལོ་ཆེན་རིན་བཟང་ཕེབས་ནས་གཟིགས་པ་ཙམ་གྱིས་ས་ལ་ལྷུང་ཞིང་ཆ་ལུགས་སྔར་བཞིན་གྱུར་པ་དང་། སྟོན་པ་དར་ཡུག་པ་བྱ་བས་ཇོ་བོའི་མདུན་དུ་འབྱུང་འགྱུར་འགའ་ཞིག་ཐོགས་པ་མེད་པར་བཤད་ཀྱིན་ཡོད་པའི་ཚེ་གྲོགས་བྱེད་ཀྱི་མི་མ་ཡིན་བསྐྲད་པས་ཅིའང་སྨྲ་རྒྱུ་མེད་པར་སོང་བ་ལྟ་བུ་ཤིན་ཏུ་མང་ངོ་། །དེས་ན་གཟུགས་བརྙན་གསལ་བའི་མེ་ལོང་ལས། རྒྱལ་དང་རྒྱལ་སྲས་ཚད་ལྡན་མཁས་པའི་གཞུང་། །ཀུན་གྱི་བཤད་པའི་ཏིང་འཛིན་སྒྲུབ་ཚུལ་གྱི། །མིང་ཙམ་མ་ཐོས་བླུན་པོའི་ལོག་ཆོས་ལ། །འབད་ནས་བསྒོམ་པ་བསམ་གཏན་གཟུགས་བརྙན་ཡིན། །ཉེས་པ་ལྔ་སྤོང་འདུ་བྱེད་ཡན་ལག་བརྒྱད། །ལེགས་པར་བསྟེན་པའི་ཚུལ་ལ་མི་མཁས་པར། །ཧར་སྒོམ་བྱིང་བ་ལྟེང་པོས་རྟོག་མེད་ལ། །སྒོམ་དུ་འཁྲུལ་བ་ཞི་གནས་གཟུགས་བརྙན་ཡིན། །བདག་འཛིན་ཉོན་མོངས་ཆ་ཙམ་མ་བྲི་ཡང་། །ལུས་ཀྱི་འབྱུང་བ་ཅུང་ཟད་སྙོམས་པ་དང་། །ཉམས་ལེན་མི་ཤེས་འཁྲུལ་བའི་བན་བུན་གྱིས། །བླུན་པོའི་མགོ་སྐོར་གྲུབ་རྟགས་གཟུགས་བརྙན་ཡིན། །ཞེས་གསུངས་ལ། དེ་འདྲ་བས་རྣམ་གྲོལ་བསྒྲུབ་པ་ལ་ཕན་རྒྱུ་ཅིའང་མེད་པའི་རྒྱུ་མཚན་གྱིས། ཚད་མ་རྣམ་འགྲེལ་ལས། གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་གསུངས་ཏེ། བཟའ་བཏུང་གར་རྙེད་དང་། ཕན་གནོད་ཅུང་ཟད་ཤེས་པའི་མངོན་ཤེས་ཕྲན་ཚེགས་དུད་འགྲོ་མང་པོ་ལའང་ཡོད། རྩྭ་ཨ་ཝ་ཟོས་པའི་ར་ལུག་གིས་ཀྱང་རྡོ་ལ་རྨིག་རྗེས་འཇོག་ཐུབ། བྱི་བས་རླུང་ཐུན་གཅིག་གིས་ཟླ་བ་དྲུག་རེ་ཙམ་འཁྱོངས་ཤིང་། སྟག་གཟིག་གིས་ཐིག་ལེ་ཉིན་ཞག་ཏུ་འཛིན་ཐུབ་པ་ལྟ་བུ་སྣ་ཚོགས་ཡོད་ལ། དེ་དག་ལས་བརྒྱ་འགྱུར་གྱིས་ལྷག་པ་ཕྱི་རོལ་པ་ལ་ཡོད་པས། དེ་ཙམ་གྱིས་རྣམ་གྲོལ་སྒྲུབ་པ་པོ་རྣམས་ལ་ཉེ་བར་མཁོ་བའི་སྒོམ་རྣམ་དག་ཏུ་མི་འགྱུར་ཏེ། བསྟན་པའི་སྙིང་པོ་ལྷག་པའི་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པའི་སྒོམ་ནི་གོང་དུ་ཞི་ལྷག་གཉིས་ཀ་ཚང་དགོས་ཚུལ་གྱི་སྐབས་སུ་བཤད་པ་ལྟར་སྲིད་པའི་རྩ་བ་གཅོད་པའི་ལྷག་མཐོང་གི་གཞིར་འགྲོ་བ་ཞིག་དགོས་སོ། ། ― GTD001_Page_0047 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་པ་སྤྱོད་པའི་གནད་གསལ་བར་མཛད་ཚུལ་སྔ་མ་གཉིས་ཀྱི་དོན་བསྡུ་དང་སྦྲགས་ཏེ་ཟུར་ཙམ་སྨོས་པ་ནི། མདོར་ན་ལྟ་སྒོམ་སྤྱོད་པ་འམ། །རྣམ་དག་ལྷག་པའི་བསླབ་གསུམ་སྲོལ། །གཞན་ལས་ཆེས་ཆེར་འཕགས་པ་ཡིས། །རྒྱུ་ཡི་ཐེག་པ་ཉིན་མོར་བྱས། །ཞེས་བྱུང་། དེའང་ནང་པའི་བསྟན་པས་བསྡུས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་གསུམ་པོ་དེ་ལ་མདོ་སྡེ་རྣམས་དང་འཕགས་ཡུལ་གྱི་གཞུང་ཕལ་མོ་ཆེར་ལྷག་པའི་བསླབ་པ་གསུམ་གྱི་མིང་གིས་བཏགས་ནས་བསྟན་ལ། བོད་ཡུལ་འདིར་ལྟ་བ་སྒོམ་པ་སྤྱོད་པ་གསུམ་དུ་གྲགས་སོ། །དེའང་གཞན་ཕྱོགས་པ་ཕལ་མོ་ཆེ་ལྟ་སྒོམ་ཁོ་རང་རྣམས་མཐོ་བར་རློམ་ཞིང་སྒྲོགས་པ་ལས། སྤྱོད་པའི་ཞིབ་ཏིག་དགེ་ལུགས་ལས་ཁོང་ཚོ་ལྷག་མི་ཟེར་གྱི། སྤྱོད་པ་དགེ་ལུགས་ཞིབ་ཀྱང་ཁོ་རང་རྣམས་ལ་དེ་འདྲ་མེད་པ་དེ་བསྲུང་མ་ཐུབ་པ་མིན་གྱི། དེ་འདྲ་ལ་ལྟོས་མ་དགོས་པ་ཡིན་རྒྱུའི་ཁུལ་བྱེད་དོ། །མདོ་སྡེ་ལས་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་དང་། དེ་ལས་ཤེས་རབ་སྐྱེ་བས་བསླབ་པ་གསུམ་གྱི་གོ་རིམ་ངེས་ཅན་དུ་གསུངས་ལ། ཕྱི་མ་གཉིས་དགོངས་འགྲེལ་དང་མདོ་སྡེ་རྒྱན་སོགས་སུ་ཞི་ལྷག་གི་གོ་རིམ་གསུངས་པས་ཀྱང་འགྲུབ་བོ། །ཏིང་ངེ་འཛིན་གྱི་བསླབ་པ་ལ་ཚུལ་ཁྲིམས་གཞིར་དགོས་པའི་རྒྱུ་མཚན། བསླབ་བཏུས་སུ་ཏིང་འཛིན་སྒྲུབ་བྱེད་ཀྱི་གཙོ་བོ་དྲན་ཤེས་ཡིན་ལ། དེ་ཚུལ་ཁྲིམས་ཀྱི་མཐུས་འབྱུང་བར་གསུངས་ཏེ། སོ་སོར་ཐར་པའི་མདོ་ལས། སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་སེམས་ཕྱིན་ཅི་ལོག་གི་ཡུལ་ལ་བག་མེད་དུ་རྒྱུག་པ་བཙན་ཐབས་སུ་ཟློག་པ་ལ་ཚུལ་ཁྲིམས་མཆོག་ཏུ་བསྔགས་པའི་དགོངས་པའོ། །དེར་མ་ཟད་ཉན་ས་དང་སྒོམ་རིམ་ལས་ཞི་གནས་ཀྱི་ཚོགས་མང་དུ་གསུངས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་གཙོ་བོར་མཛད་ལ། ཚོགས་ནི་སམྦྷར་ཞེས་ཡང་དག་པར་འགྲུབ་པའི་དངོས་པོའི་དོན་ཡིན་པས་རྒྱུ་དེ་ཡོད་ན་འབྲས་བུ་དེ་འགྲུབ་ལ་མེད་ན་མི་འགྲུབ་པ་ཡིན་གྱི། རྒྱུ་གཞན་ཞིག་ལ་ཡོད་པར་ཁས་བླངས་ནས་འབྲས་བུ་ཁོ་རང་ལ་ཡོད་པར་སྨྲ་བ་ནི་འབྲས་བུ་རྒྱུ་ལ་མི་འཁྲུལ་བའི་རིགས་ལམ་ལ་གོ་བ་མ་ཆགས་པའི་རྣམ་འགྱུར་ཡིན་ནོ། །དེས་ན་དེ་དག་གི་བཤད་ཚུལ་དེས་ཀྱང་བསྟན་པའི་སྙིང་པོ་བསླབ་གསུམ་རྣམ་པར་དག་པའི་ཉམས་ལེན་དགེ་ལུགས་པ་ལ་ཡོད་པར་དོན་གྱིས་འཕང་བ་ཡིན་ནོ། །དེའང་རྗེ་བླ་མ་འབའ་ཞིག་གི་བཀའ་དྲིན་ཡིན་ཏེ། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད། ཅེས་གསུངས་པ་ལྟར། རྗེ་བླ་མ་འཇིག་རྟེན་འདིར་མ་བྱོན་པའི་གོང་དུ་བསྟན་པ་མིང་གི་ལྷག་མ་ཙམ་དུ་གྱུར་ཏེ། ཐོག་མར་སྡོམ་པ་འབོག་པའི་སྐབས་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ་ལྟ་ཅི། བསྙེན་རྫོགས་ཙམ་ཡང་མ་བསྒྲུབ་པར་གཞན་གྱི་མཁན་པོ་བྱེད་པ་དང་། ལྟུང་བ་བཤགས་པ་དང་། བསྡམས་པ་དང་། བྱིན་གྱིས་བརླབ་པར་འོས་པ་སོ་སོར་ཤེས་པར་བྱས་ཏེ། དེས་ལས་ལ་མི་སྒྲིབ་པར་བྱེད་ཚུལ་གྱི་གནད་ཅིའང་མེད་པ་དང་། མཚམས་ཀྱི་ནང་དེར་ལས་གྲལ་དུ་མ་གཏོགས་པའི་དགེ་སློང་མང་པོ་བསྡད་ནས་བྱ་བ་གཞན་བྱེད་ཅིང་། ལས་གྲལ་དུ་གཏོགས་པ་རྣམས་ཀྱང་ཆ་ལུགས་དང་སྤྱོད་ལམ་ཐ་དད་པ་སོགས་མི་མཐུན་པ་གཉིས་དང་མ་བྲལ་བ་ཁོ་ན་བྱེད་པ་དང་། བསྒྲུབ་བྱས་ཀྱང་ཐོག་མ་ནས་ཆང་དང་ཕྱི་དྲོའི་ཁ་ཟས་ལྟ་བུ་སྤོང་མི་ཐུབ་སྙམ་པའམ། ཞག་གྲངས་ཁ་ཤས་རེར་སྤོང་རྒྱུའི་རྩིས་བྱེད་པ་སོགས་བྲལ་དགོས་པའི་ངེས་པ་ལྔ་དང་མ་བྲལ་བར་བྱེད་ལ། ལྡན་དགོས་པའི་རྟགས་དང་ཆ་བྱད་བརྙན་པོ་ཚུན་ཆད་ཙམ་ཡང་མེད་པར་ལྷན་པ་རེ་ཙམ་དང་། ཕོར་པ་ཚུན་ཆད་གཏོད་པ་དང་། ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུལ་བ་དགོས་རྒྱུ་ལ། དཔེ་ཐོག་ནས་ཀློག་པ་སོགས་ལག་ལེན་སྐྱོན་ཆགས་པས་བསྟན་པ་རིན་པོ་ཆེའི་རྨང་གཞི་མི་ཚུགས་པར་བྱེད་པ་བྱུང་། བར་དུ་བསྲུང་ཚུལ་ཡང་ཐོས་བསམ་གྱི་སྐབས་ཚུལ་ཁྲིམས་བག་ཡངས་སུ་བྱས་ཆོག་ཅེས་ཡིད་སྲུབ་སྙིང་ལ་ཞུགས་པའི་གཏམ་རླུང་ལྟར་གྲགས་ཏེ། མྱོས་འགྱུར་བཏུང་བ་དང་། འཕྱར་གཡེང་སོགས་ཁྱིམ་པ་སུན་འབྱིན་དུ་འགྱུར་བའི་ལས་བག་མེད་དུ་སྤྱོད་པ་དང་། ཐ་ན་རབ་བྱུང་གི་ཆ་ལུགས་ཀྱང་ཆེད་དུ་དོར་བས་ཤན་རིམ་པར་ཞུགས་ཏེ། སྣམ་སྦྱར་དང་། ལྷུང་བཟེད། གསིལ་བྱེད་ལ་སོགས་པའི་མིང་ཙམ་ཡང་ཤེས་པ་དཀོན་པར་གྱུར་ཚུལ་སོགས་རྣམ་ཐར་དད་པའི་འཇུག་ངོགས་དང་ཐུབ་བསྟན་བྱི་དོར་རྣམས་སུ་གསལ་བ་བཞིན་ཡིན་ནོ། །རྗེ་བླ་མ་ནི་སྐུ་ཕྲེང་དུ་མར་ཆོས་འདུལ་བའི་བསྟན་པའི་སྲོག་འཛིན་པའི་ཐུགས་སྨོན་གྱི་མཐུ་གྲུབ་པ་ཡིན་ཏེ། བླ་ཆེན་པོར་གྱུར་པའི་ཚེ་བསྟན་པའི་མེ་རོ་གཞི་ནས་གསོས་ཤིང་། དེ་རྗེས་ཀུན་མཁྱེན་མཚོ་སྣ་བར་འཁྲུངས་པའི་ཚེ་འདུལ་བ་རྒྱ་མཚོའི་དགོངས་དོན་ཉིན་མོ་བཞིན་དུ་གསལ་བར་མཛད། སྐུ་ཚེ་འདི་ལའང་བསྟན་པའི་རྩ་བར་དགོངས་ནས་འཕགས་པ་ཉེ་བར་འཁོར་བཞིན་དུ་ཆོས་འདུལ་བའི་ལག་ལེན་ཕྲ་ཞིང་ཞིབ་པ་མཐའ་དག་རང་གིས་ཉམས་སུ་བཞེས། གདུལ་བྱ་རྣམས་ཀྱང་ཚུལ་དེ་ལ་གཙོ་བོར་བཀོད་པའི་རྣམ་ཐར་གཙང་མ་སྟོན་པ་ཞལ་བཞུགས་པའི་དུས་དང་འདྲ་བ་ཞིག་བྱུང་སྟེ། ཐ་ན་དགའ་ལྡན་དུ་མཁར་ལས་མཛད་པའི་སྐབས་ཀྱང་གནས་མལ་གྱི་གཞི་སོགས་ནས་འབྱུང་བ་བཞིན་ཕྱག་ལེན་དུ་བཏབ་པས་དེ་ཙམ་ཡང་བསྟན་པའི་བཙས་སུ་གྱུར་པ་བྱུང་ངོ་། །རྒྱལ་བ་རང་ཉིད་ཀྱི་ལུང་ལས་ཀྱང་། གང་ན་ལས་ཀྱང་ཡོད། ནན་ཏན་བྱེད་པའང་ཡོད་པ་དེ་ནི་དམ་པའི་ཆོས་གནས་པ་ཞེས་བགྱིའོ། །གང་ན་ལས་ཀྱང་མེད། ནན་ཏན་བྱེད་པའང་མེད་པ་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བགྱིའོ། །ཞེས་བསྟན་པ་གནས་མི་གནས་འདུལ་བའི་ལག་ལེན་ཡོད་མེད་ཀྱི་སྒོ་ནས་འཇོག་པར་གསུངས་མོད་ཀྱང་། གནད་འདི་མ་རྟོགས་པའི་ཕོ་ཚོད་ཅན་མང་པོ་ཞིག་ལྟ་བ་རྟོགས་པ་དང་། སེམས་ངོ་མཐོང་བ་གལ་ཆེ་ཡི། སྤྱོད་པ་གལ་མི་ཆེ་སྟེ་ལྟ་བ་སྟོན་པའི་སྣོད་དུ་མི་རུང་བའི་དབང་རྟུལ་ལ་ཕན་པའི་ཆེད་ཙམ་ཡིན་ཟེར་བ་དང་། ཁ་ཅིག་ཁོ་བོ་གསང་སྔགས་ཀྱི་རྣལ་འབྱོར་པ་ཡིན་པས་སོ་ཐར་ལ་རེ་མི་དགོས་ཟེར། ལ་ལ་ཐེག་ཆེན་པ་རྣམས་སོ་ཐར་ལ་ལྟོས་མི་དགོས་པར་མ་ཟད་འདོར་དགོས་ཏེ། སོ་ཐར་གྱི་སྡོམ་པ་ནི་རང་དོན་ཡིད་བྱེད་ཀྱིས་ཀུན་ནས་བསླང་བའི་སྡོམ་པ་ཡིན་པས་བསམ་པ་དེ་མ་ལོག་ན་བྱང་སྡོམ་མི་སྐྱེ་ཞིང་། བྱང་སེམས་ལ་བསམ་པ་དེ་སྐྱེས་ན་བྱང་སྡོམ་གཏོང་བའི་ཕྱིར་ཞེས་སོ་ཐར་གྱི་སྡོམ་པ་དང་ཐེག་དམན་གྱི་བསམ་པ་གཉིས་སོ་སོར་མ་ཕྱེད་པའི་འཆལ་གཏམ་སྣ་ཚོགས་སྨྲའོ། །དེ་དག་ཤིན་ཏུ་མི་འཐད་དེ། སེམས་ངོ་ལ་ཅེར་གྱིས་བལྟས་ནས་བསྡད་པ་གཅིག་པུས་ཆོག་ན་སྒྲུབ་སླ་བའི་ཐབས་དེ་འདྲ་ཞིག་ཡོད་བཞིན་དུ་ཁྲིམས་ཉིས་བརྒྱ་ང་བཅུ་རྩ་གསུམ་སོགས་བསྲུང་བྱ་མང་པོ་འདི་སྙེད་ཅིག་གསུངས་པ་སངས་རྒྱས་ཐུགས་རྗེ་ཆུང་བའམ་ཐབས་མ་མཁས་པར་འགྱུར་རོ། ། ― GTD001_Page_0048 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐེག་ཆེན་པ་ལ་སོ་ཐར་མི་དགོས་པར་སྨྲ་བའང་ལོག་པའི་གཏམ་ཆེན་པོ་ཡིན་ཏེ། སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་རྨང་གཞི་ལྟ་བུར་ཚུལ་ཁྲིམས་གལ་ཆེ་བས། དེ་མེད་ན་རྒྱུད་སྡེ་ནས་གསུངས་པ་ལྟར་གྱི་ཕན་ཡོན་འབྱུང་བའི་གནས་མེད་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང་། །གྲུབ་པ་འབྲིང་པོའང་ཡོད་མིན་ཏེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་འགྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད། །མཐོ་རིས་སུ་ཡང་མི་འགྱུར་ཞིང་། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཞེས་དང་། དཔུང་བཟང་གིས་ཞུས་པ་ལས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང་། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་ལ་ནི་ལེ་ལོ་མེད་པ་འོ། །ཇི་ལྟར་མི་དབང་རིན་ཆེན་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡོན་ཏན་འདི་བདུན་དང་། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་གསུངས་སོ། །ཚུལ་ཁྲིམས་ཀྱང་སྔགས་ཀྱི་ཐུན་མོང་མ་ཡིན་པ་གཅིག་པུས་མི་ཆོག་གི་སོ་ཐར་ནི་བསྟན་པའི་རྩ་བ་ཡིན་པས་དེ་ཤིན་ཏུ་གཙོ་བོར་མཛད་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་གཙོར་འདོད་ཕྱིར། །ཞེས་དང་། རྒྱུད་རྡོར་འཕྲེང་ལས། གང་གི་ངུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ཏུ་བྲོས། །གདུག་པ་སྡིག་པར་བྱེད་པའི་མཆོག །དགེ་སློང་རྡོ་རྗེ་འཛིན་པ་བྱ། །ཞེས་གསུངས་ལ། དེ་ཉིད་བཅུ་ཟུང་སོགས་ཀྱི་མཚན་ཉིད་ཚང་བར་འདྲའང་རྟེན་གྱི་སྒོ་ནས་དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཏུ་གྱུར་པ་དང་། དགེ་སློང་རྡོ་རྗེ་འཛིན་པ་ཡོད་བཞིན་དུ་ཁྱིམ་པའི་རྡོ་རྗེ་འཛིན་པ་ལ་མཆོད་ཅིང་གུས་པར་བྱེད་པ་བསྟན་པའི་དབུ་འཕང་སྨད་པ་ཡིན་པས་མི་རུང་ཚུལ་ཡང་། དུས་འཁོར་རྩ་རྒྱུད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ནོ། །འབྲིང་ནི་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་གནས་དེ་ལས་ཐ་མ་འོ། །ཞེས་དང་། ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ལྷ་ཁང་སོགས་ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནའང་ཁྱིམ་པ་ལས་རབ་བྱུང་ལ་ཆེད་དུ་བསྔགས་ཏེ། མདོ་སྡེ་རྒྱན་ལས། དེ་ལྟའི་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་གསུངས་པའི་ཕྱིར། དེས་ན་ཁོ་བོ་ཐེག་ཆེན་པ་ཡིན་པས་སོ་ཐར་མི་དགོས་ཟེར་བ་ནི། རང་གིས་བསླབ་པ་བསྲུང་མ་ནུས་པའི་རྫུན་ཕུགས་ཐེག་ཆེན་ལ་བཀལ་བ་ཡིན་ཏེ། ཁ་ཆེའི་པཎྚི་ཏ་ཛྙཱ་ན་ཤྲཱི་མི་ཏྲའི་གསུང་ལས། དང་པོ་རབ་ཏུ་བྱུང་བསྟེན་ནས། །སྔགས་དང་ཕ་རོལ་ཕྱིན་ལམ་གནས། །ཞེས་པ་ནས། དེར་བཤད་པ་ཡི་བསླབ་པ་རྣམས། །ཕལ་ཆེར་བསྲུང་བར་མ་ནུས་པས། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་། །འགལ་བ་ཉིད་དུ་ཡོངས་བཟུང་ནས། །ད་ལྟ་དེ་བཏང་རྣམ་པར་གནས། །རབ་བྱུང་སྡོམ་པ་བཏང་ནས་ནི། །སྔགས་ཀྱི་སྡོམ་པའམ་བྱང་སེམས་ཀྱི། །སྡོམ་པ་ཡང་ནི་གཟུང་མི་བྱ། །ཞེས་སོ། །དེར་མ་ཟད་དཔུང་བཟང་གིས་ཞུས་པ་ལས། རྒྱལ་བ་ངས་གསུངས་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སོ་ཐར་གྱི་སྡོམ་པ་མ་བླངས་པའི་ཁྱིམ་པས་ཀྱང་བཅས་རྐྱང་འགའ་ཞིག་མ་གཏོགས་སོ་ཐར་བཞིན་བསྲུང་དགོས་པར་གསུངས་པ་ལ། གོ་བཟློག་ནས་སོ་ཐར་གྱི་སྡོམ་ལྡན་སྔགས་པས་ཀྱང་དེ་བསྲུང་མི་དགོས་ཞེས་སྨྲ་བ་ནི་བདུད་ཀྱི་ཆོ་ངེའོ། །དེ་འདྲའི་རིགས་ལ་བདེ་གཤེགས་བཀའ་འདས་སོགས་སྤྱི་དང་བྱེ་བྲག་གི་ལྟུང་བ་ཆར་བཞིན་བབ་པས་སྔགས་སྡོམ་གྱིའང་དྲི་ཙམ་མི་བྲོའོ། །ལྟ་བ་རྣམ་པར་དག་ན་དེའི་ཚོད་ཀྱིས་སྤྱོད་པ་རྣམ་དག་འོང་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡིན་པས། ལྟ་བ་མཐོ་བའི་མངོན་རློམ་གྱིས་སྤྱོད་པ་རྩིང་ཧྲལ་དུ་བྱེད་པ་ནི་ལྟ་བ་ལོག་པར་སོང་བའི་རྟགས་ཡིན་ནོ། །དེ་སྐད་དུ་ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། དེ་ལྟར་ལྟ་བ་མ་ནོར་བས། །སྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་པས་བྱང་ཆུབ་ཐོབ། །དཀྱུས་བསྟན་པ་ཡི་རྟ་བཞིན་ནོ། །ལྟ་བ་ཡོངས་སུ་མ་མཐུན་ན། །སྒོམ་པ་སྤྱོད་པ་འཁྲུལ་འགྱུར་བས། །འབྲས་བུ་ཇི་བཞིན་མི་འཐོབ་སྟེ། །དམུས་ལོང་དམིགས་བུ་མེད་པ་བཞིན། །ཞེས་དང་། འབྲོམ་རིན་པོ་ཆེས། མི་སྨྱོན་པ་ལ་ལ་འདི་སྐད་ཟེར། །ཆོས་ཐམས་ཅད་སྟོང་པའི་གནས་ལུགས་ཡིན། །དོན་དེ་ལ་ལས་དང་འབྲས་བུ་མེད། །ང་ཁ་སྒོར་གང་བྱུང་རྟོག་མེད་ཟ། །ཁོང་རྟོག་བཅས་རྣམས་ནི་ཕུང་ཞེས་ཟེར། །མི་ཁོ་བོ་དེ་ལས་བཟློག་སྟེ་སྨྲ། །ཞེས་དང་། ཆོས་ཐམས་ཅད་རྫུན་པའི་སྣང་བ་ཡང་། །གཟུགས་མེད་ན་གཟུགས་བརྙན་ག་ལས་འབྱུང་། །དེ་རྒྱུ་སོང་རྫུན་ཡང་འབྲས་འབྱུང་བས། །ལས་ཁྱད་དུ་མི་གསོད་ཉམས་ལེན་པའི། །ང་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་རྗེ་ཐམས་ཅད་མཁྱེན་པས་ནི་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་དམ་བཅས་པ་བཞིན་ལྟ་བ་རྣམ་པར་དག་པའི་སྲོལ་ཕྱེས་པ་དེའི་ཤུགས་ཀྱིས་སྒོམ་པ་དང་སྤྱོད་པའི་ཆ་ལ་ལྷད་ཞུགས་པ་ཐམས་ཅད་ཀྱང་བསལ་ནས་རྗེས་འཇུག་མཐའ་དག་བསླབ་གསུམ་རྣམ་པར་དག་པའི་དཔལ་ལ་སྦྱོར་བར་མཛད་དེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཉིན་མོ་བཞིན་གསལ་བར་བྱེད་པ་ལ་འགྲན་ཟླ་མེད་པས་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་གྱུར་པ་ཡིན་པས་མ་ཅིག་ལབ་སྒྲོན་གྱི་ལུང་བསྟན་ལས། ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །སྙིགས་དུས་ལོག་སྤྱོད་བོད་དུ་བྱུང་བའི་ཚེ། །གང་གི་ཞིང་དུ་སངས་རྒྱས་པར་གྲགས་པ། །ཁྲིམས་འཆལ་དཔག་ཡས་ཡང་དག་ཁྲིམས་ལ་སྦྱོར། །ཐུབ་ཉིད་སྲོལ་བཏོད་བསྟན་པའི་ཆ་རྟགས་འཛིན། །བསྟན་པ་གསལ་བར་བྱེད་པའི་དགེ་སློང་མཆོག །ཅེས་ཇི་ལྟར་ལུང་བསྟན་པ་བཞིན་ནོ། ། ― GTD001_Page_0049 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་གསང་སྔགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི། །དབང་དང་དམ་ཚིག་ལམ་དང་འབྲས། །ཀུན་ལ་གོལ་བའི་མཐའ་བཀག་སྟེ། །གསང་བའི་གནད་ཀུན་རྫོགས་པར་བཀྲལ། །ཞེས་བྱུང་། དེའང་རྗེ་བླ་མས་གསང་སྔགས་ཀྱི་བསྟན་པ་གསལ་བར་མཛད་ཚུལ་ནི། རྒྱུད་སྡེ་བྱེ་བྲག་པ་རེ་རེའི་བཤད་སྲོལ་དང་། ཉམས་ལེན་གྱི་གནད་གསལ་བར་བྱས་པ་ཙམ་མ་ཡིན་པར། གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི་གནད་སྤྱི་དོན་གྱི་ཚུལ་དུ་གསལ་བར་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་དང་། གསང་སྔགས་ལ་འཇུག་པའི་སྒོ་དབང་གི་རྣམ་གཞག་འདུས་པ་དང་གཤེད་སྐོར་ཉིད་ཀྱིས་དངོས་སུ་གསུངས་ཤིང་། བདེ་དགྱེས་དུས་འཁོར་སོགས་བླ་མེད་དང་། ཀུན་རིག་སོགས་འོག་མའི་དབང་གི་རིམ་པ་ཆ་ཚང་བ་ཉིད་ཀྱི་ཕྱག་བཞེས་དང་གསུང་རྒྱུན་ཁོ་ན་བུ་ཆེན་རྣམས་ཀྱིས་སྤེལ་བས་ཆ་ཐམས་ཅད་ནས་དག་ཐེར་ཐོན་པ་བྱུང་། དེ་ནས་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ཡིན་པས་རྩ་ལྟུང་རྣམ་བཤད་སོགས་སུ་དགག་སྒྲུབ་གནང་གསུམ་གྱི་མཚམས་དང་། ཡན་ལག་ཚང་མ་ཚང་གི་ཞིབ་ཆ། ལྟུང་བ་འདག་པའི་ཐབས་སོགས་མ་ཚང་བ་མེད་པར་གསུངས་ཤིང་། ཁྱད་པར་དུ་ཐུན་དྲུག་གི་རྣལ་འབྱོར་སོགས་ཀྱི་སྒོ་ནས་ལྟུང་བ་བསྔོ་བགྲང་བྱས་ཏེ་ཤེས་རྒྱུད་ལྟུང་བས་མ་གོས་པའི་ཐབས་ལ་འབད་པ་ཁོ་ན་ཉམས་ལེན་གྱི་སྙིང་པོར་བྱེད་པའི་སྲོལ་བཙུགས། དེ་ནས་མགོན་པོ་འཇམ་པའི་དབྱངས་ཀྱིས་གསུངས་པ་བཞིན་གསང་བདེ་འཇིགས་གསུམ་གཙོ་བོར་གྱུར་པའི་རིམ་གཉིས་སོགས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ངོ་བོ་གྲངས་དང་གོ་རིམ་མ་ནོར་བ་རྒྱུད་སྡེའི་དགོངས་པ་གྲུབ་ཆེན་གྱིས་ཇི་ལྟར་བཀྲལ་བ་བཞིན་ཚང་ལ་མ་ནོར་བའི་སྲོལ་བཟང་པོ་ཕྱེ་ཞིང་། གཞན་རྗེ་རང་གིས་དངོས་སུ་མ་མཛད་པ་རྣམས་ཀྱང་བཀའ་བབ་ཀྱི་བུ་ཆེན་སོ་སོས་ཉིད་ཀྱི་གདམས་པའི་བདུད་རྩི་མ་ཚང་བ་མེད་པར་ཇི་ལྟ་བ་བཞིན་ཡི་གེར་བཏབ་སྟེ་རྒྱུད་སྡེ་གོང་འོག་ཐམས་ཅད་ཀྱི་ལམ་ཉམས་སུ་ལེན་ཚུལ་འབྲས་བུ་ལག་རྗེས་འགྲུབ་ཚུལ་དང་བཅས་པ་གསལ་བར་ཕྱེས་པས་རྡོ་རྗེ་ཐེག་པའི་ཟབ་གནད་མཐའ་དག་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ལོག་རྟོག་གི་དྲི་མ་མ་ལུས་པར་དྲུངས་ཕྱུང་ནས་ཡང་དག་པའི་སྲོལ་བཟང་འདི་ཉིད་བྱུང་བ་ཡིན་ནོ། །དེ་ལས་ལམ་དང་འབྲས་བུའི་རྣམ་གཞག་རྒྱས་བཤད་དུ་འཆད་པར་འགྱུར་བས། འདིར་དབང་གི་སྐོར་དང་དམ་སྡོམ་སོགས་བཤད་སྲོལ་གཞན་ལས་ཁྱད་དུ་འཕགས་ཚུལ་ཟུར་ཙམ་སྨོས་ན། སྔ་རབས་པ་ཕལ་ཆེར་སྔོན་གྱི་བྱུང་བ་སོགས་དང་འདྲ་ཆོས་སྦྱར་བའི་བཤད་པ་མང་དུ་བྱས་ཀྱང་། དབང་གང་ལ་བརྟེན་ནས་ལམ་དང་འབྲས་བུ་གང་ཞིག་འགྲུབ་པའི་ནུས་པ་འཇོག་པའི་ལག་རྗེས་ཀྱི་སྒོ་ནས་གྲངས་དང་གོ་རིམ་ཀུན་ལ་ངེས་པ་སྟེར་བ་རྗེ་བླ་མའི་བཤད་སྲོལ་འདི་འདྲ་བ་མ་བྱུང་ཞིང་། དབང་གི་ཁོག་ནས་ལམ་འབྲས་ཀུན་ལ་གོ་བ་ཆགས་པར་བྱེད་པ་ལ་ལམ་འབྲས་ཀྱི་གནད་ལ་མ་འཁྲུལ་བ་ཞིག་དགོས་པས། དེའང་རྗེའི་བཀའ་དྲིན་ལ་ལྟོས་ཚུལ་འོག་ཏུ་འབྱུང་བ་ལྟར་རོ། །དེར་མ་ཟད་དབང་གི་ཆོ་ག་ཕྱག་བཞེས་བསྡེབས་ཚུལ་ཡང་། ཁ་ཅིག་རྒྱ་གཞུང་གི་དཀྱིལ་ཆོག་མང་པོ་ན་ཡོད་ཚད་དཀྱིལ་ཆོག་རེ་རེའི་སྟེང་དུ་སྤུངས་པས་འཇུག་པ་མི་བདེ་ཞིང་། ཐམས་ཅད་ཁྱད་མེད་དུ་སོང་ནས་གང་གཙོ་བོར་བྱེད་དགོས་པའི་གནད་ངོས་མི་ཟིན་པ་དང་། ཁ་ཅིག་སྤྱི་འགྲོའི་ལག་ལེན་ཙམ་གྱིས་ཐམས་ཅད་ལ་གོ་ཆོད་པར་བྱས་པས་སྒོས་ཆོས་ཐུན་མོང་མ་ཡིན་པ་གལ་ཆེན་རྣམས་ཆད་པ་སོགས་ཀྱི་སྐྱོན་མང་དུ་བྱུང་ངོ་། །རྗེ་བདག་ཉིད་ཆེན་པོས་རྒྱ་གཞུང་གི་སྒྲུབ་དཀྱིལ་སོགས་ཆོ་གའི་ཡན་ལག་མི་གསལ་བ་ཁ་སྐོང་དགོས་པའི་ཚེ། དཀྱིལ་འཁོར་སོ་སོ་བ་ཡིན་ཀྱང་བཤད་རྒྱུད་ཐུན་མོང་བ་ཡོད་པ་རྣམས་དེ་འདྲ་ནས་བསྐངས་ཤིང་། དེ་ལྟར་མེད་ཚེ་རྩོད་མེད་ཀྱི་པཎ་གྲུབ་རེས་ཕན་ཚུན་རྒྱས་འགེབས་ཇི་ལྟར་མཛད་པའམ། ལམ་གྱི་ཆིངས་བྱེད་ཚུལ་ཕྱོགས་མཐུན་པ་སོགས་ཡིད་བརྟན་དུ་རུང་བའི་རྒྱུ་མཚན་དང་བཅས་ཏེ་འདོར་ལེན་བྱེད་པ་ལས། རྒྱ་གཞུང་ཡིན་ཚད་དང་། ཁ་གསལ་བ་ཁོ་ན་རྩིས་སུ་མི་མཛད་པས་གཞན་གྱིས་ཁ་སྐོང་ལུགས་དང་ཆེས་མི་འདྲ་སྟེ། དཔེར་མཚོན་ན་དབང་དོན་དེ་ཉིད་རབ་གསལ་ལས། རྩ་རྒྱུད་བཤད་རྒྱུད་གཉིས་ལས་གསུངས་པའི་དབང་། །གསང་བ་གྲུབ་པར་རྫོགས་རིམ་དབང་ཙམ་བཤད། །རིམ་ལྔ་སྤྱོད་པ་བསྡུས་པས་བསྐྱེད་རིམ་གྱི། །དབང་དགུ་རྫོགས་རིམ་དབང་རྣམས་མདོར་བསྡུས་གསུངས། །དེར་གསུངས་དབང་དགུ་ཀླུ་ཡི་བྱང་ཆུབ་ཀྱིས། །རྒྱས་པར་བཤད་པའི་གཞུང་རྣམས་གུང་བསྒྲིགས་ཤིང་། །དེ་ཡི་ཁ་སྐོང་ཟླ་བ་གྲགས་པ་དང་། །སྒྲ་གཅན་འཛིན་དཔལ་བཤེས་གཉེན་ནཱ་རོ་པ། །འཇིགས་མེད་འབྱུང་གནས་དམ་ཚིག་རྡོ་རྗེ་ཡི། །གཞུང་གིས་མེད་མི་རུང་རྣམས་ཁ་བསྐངས་པ། །འདི་ནི་དཀྱིལ་ཆོག་འདི་ཡི་ཁྱད་པར་ཏེ། །དེ་ཕྱིར་འདིར་འབད་ངོ་མཚར་མེད་པ་མིན། །ཞེས་གསུངས་པ་བཞིན་ཏེ། འདུས་པའི་དབང་གི་རྣམ་གཞག་གསུངས་པ་ན། རྩ་རྒྱུད་ལེའུ་དང་པོ། བཞི་པ། བརྒྱད་པ། བཅུ་དྲུག་པ་རྣམས་སུ་མདོར་བསྡུས་ཙམ་གསུངས་པ་དང་། བཤད་རྒྱུད་རྡོར་འཕྲེང་ལེའུ་དེ་བཞི་པར་དབང་གཞན་རྣམས་ཡོངས་རྫོགས་གསལ་བར་བསྟན་ཅིང་། དབང་བཞི་པ་ལེའུ་གཉིས་པར་གསུངས་པ་དང་། རྒྱུད་ཕྱི་མས་བུམ་དབང་སྡོམ་ཚིག་ཙམ་དང་བར་པ་གཉིས་གསལ་བར་གསུངས་པ་སྟེ་རྩ་བཤད་ཀྱི་རྒྱུད་ལས་བྱུང་བ་དང་། དེའི་སྐོར་གྱི་གཞུང་གསང་བ་གྲུབ་པར་དབང་གོང་མ་གསུམ་ཙམ་གསུངས་ལ། རིམ་ལྔ་དང་སྤྱོད་བསྡུས་སུ་དབང་བཞི་མདོར་བསྡུས་ཙམ་གསུངས། དབང་གོང་མ་གསུམ་རིམ་ལྔར་གསུངས་པ་དེས་གོ་ཆོད་པར་བྱས་ཏེ། ལྷག་མ་རྒྱས་ཤིང་གསལ་བར་བཤད་པའི་གཞུང་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་ཡིན་ལ། དཔལ་ལྡན་ཟླ་བ། ཐུགས་རྗེ་དཔལ་ཞབས། སྒྲ་གཅན་འཛིན་དཔལ་བཤེས་གཉེན། ཨ་བྷྱཱ་ཀཱ་ར་སོགས་ཀྱང་ཉི་ཤུ་པ་འདི་ཁུངས་སུ་མཛད་པས་རྗེ་ཉིད་ཀྱིས་ཀྱང་དེ་གཞིར་མཛད་དོ། ། ― GTD001_Page_0050 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞན་ཕྱོགས་ཀྱི་ཁྲོད་ན་དབང་གི་རྣམ་གཞག་དཔལ་སྒང་ལོ་ཙཱ་བའམ་ཀརྨ་འཕྲིན་ལས་གཉིས་པའི་དབང་ཊཱིཀ་འདི་རྒྱས་ཤོས་ལྟ་བུར་འདུག་ལ། དེར་རྗེའི་གསུང་རབ་རྣམས་ལའང་དགག་གཞག་དུ་མ་བྱས་འདུག་མོད། འོན་ཀྱང་རང་ཉིད་ཀྱིས་གང་ལ་བརྟེན་པའི་ཁུངས་སྨོས་པ་ན་ཀླུ་སྒྲུབ་ཀྱིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ་ཞེས་གཙོ་བོར་སྨོས་འདུག་ལ། གཞུང་དེར་སློབ་དཔོན་གྱི་དབང་དང་དབང་བཞི་པའི་བཤད་ཚུལ་དུ་མ་ནོར་བ་དང་། མཚན་མ་འགོད་པའི་སྐབས་རྩ་རྒྱུད་དང་མི་མཐུན་པ་མང་པོ་བྱུང་ཞིང་། སྒྲོན་གསལ་དུའང་མཚན་མ་འགོད་ཚུལ་སོགས་ཀླུ་བྱང་གི་དཀྱིལ་ཆོག་ལ་ཞལ་འཕངས་མཛད་པ་ལས་འཕགས་པས་མཛད་པའི་སྒྲོས་ཙམ་ཡང་མ་བྱུང་བས་གཞུང་དེ་སློབ་དཔོན་ལ་ཁ་གཡར་བའི་རྫུས་མ་ཡིན་ནོ། །དེས་ན་དབང་ཊཱིཀ་དེ་འདྲ་ནི་རྩ་བའི་ཁུངས་བཙལ་ལུགས་ནས་བཟུང་མ་དག་པར་སྣང་བས། ཕུ་རྙོག་མའི་རྫིང་ལས་ཆུ་དྭངས་ཤིག་འོང་བའི་གནས་མེད་དོ། །དབང་ཊཱིཀ་དེར་ཟུང་འཇུག་གསལ་བར་བྱ་རྒྱུད་ལ་རིག་པའི་དབང་ལྔ་སྦྱར་ཡང་འགལ་བ་མེད་ཚུལ་གསུངས་པ་ལ། ཁོ་བོ་ནི་པཎྚི་ཏའི་གསུང་ལས་སངས་རྒྱས་ཀྱི་བཀའ་བཙན་པར་འཇོག་གོ་ཞེས་སྒྲ་གཅན་འཛིན་དཔལ་བཤེས་གཉེན་ལྟ་བུ་ལའང་དགག་པ་བྱེད་ཅིང་། རང་གི་བསམ་པ་དང་མཐུན་ན་པཎྚི་ཏ་ཞིག་ཡིན་ཚད་ཁུངས་སུ་བྱས་ཆོག་པ་འདོད་དབང་ཙམ་དུ་ཟད་དོ། །རིགས་པའི་སྒྲུབ་བྱེད་དེ་འདྲ་ཡིན་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་གསུངས་ཀྱང་འཁོར་ལོ་དང་པོར་བདེན་གྲུབ་ཏུ་གསུངས་པས། རིགས་ཚོགས་ལས་རྒྱལ་བའི་བཀའ་བཙན་ནོ་ཞེས་བདེན་གྲུབ་ཁས་ལེན་དགོས་པར་འགྱུར་རོ། །དེའི་དགོངས་པ་གཞན་དུ་འགྲེལ་དགོས་པས་རིགས་ཚོགས་ལྟར་འཐད་སྙམ་ན། ཡེ་ཤེས་ཐིག་ལེའི་རྒྱུད་ལས་བྱ་རྒྱུད་ལ་དབང་གཉིས་ཙམ་མ་གཏོགས་མ་གསུངས་ཀྱང་བཀག་པའང་མེད་པས། ཟུང་འཇུག་གསལ་བར་འཇམ་དཔལ་གྱི་རྒྱུད་ལ་བརྟེན་ནས་རིག་པའི་དབང་ལྔ་ག་བྱས་ཆོག་པར་གསུངས་པ་ལྟར་ཁས་ལེན་དགོས་ཏེ། ཕྱོགས་གཉི་ག་རྒྱུད་སྡེ་ནས་གསུངས་པར་འདྲ་བ་ལ། སྤྱིར་བཏང་དམིགས་བསལ་གྱི་དགོངས་པ་ལེན་ལུགས་སྒྲ་གཅན་འཛིན་དཔལ་བཤེས་གཉེན་ལྟ་བུས་གསུངས་པ་མི་བདེན་པར་རང་གིས་མཐོང་ཚད་ཙམ་བདེན་པར་རྩི་བ་ཧ་ཅང་ཧམ་པ་ཆེས་པ་ཡིན་ནོ། །རྗེ་ཐམས་ཅད་མཁྱེན་པས་རྩ་བཤད་ཀྱི་རྒྱུད་དང་པཎ་གྲུབ་ཀྱི་གཞུང་གང་ལའང་མ་གཟིགས་པ་དང་དགོངས་པ་ཐུགས་སུ་མ་ཆུད་པ་གཅིག་ཀྱང་མི་སྲིད་པས། མིག་ལྡན་གྱིས་སྣང་བའི་ཁྲོད་ནས་བྱ་བ་བྱས་པ་བཞིན་སྐབས་གང་ལའང་འདོར་ལེན་གོ་ལོག་པ་དེ་ལྟ་བུ་མི་སྲིད་དོ། །འོ་ན་འཕྲིན་ལས་གཉིས་པའི་དབང་ཊཱིཀ་ཏུ། རྗེའི་སྔགས་རིམ་ལས་དུང་ཆོས་སུ་ལྷ་བསྐྱེད་པ་ལ་བཤད་ཁུངས་མེད་གསུང་བ་ཤིན་ཏུ་མི་འཐད་དེ། སློབ་དཔོན་མཚོ་སྐྱེས་ཀྱི་ཀྱེ་རྡོར་འགྲེལ་པ་པདྨ་ཅན་དུ། ཐམས་ཅད་ཆུ་ལས་ཁམ་ཕོར་དུ། །ཅུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་བཾ་ལས་སྐྱེས་པ་ཡི། །རིན་ཆེན་བུམ་པའི་སྟེང་བཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །དམ་ཚིག་བདག་ཉིད་རྫོགས་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཞབས་བསིལ་ལ་སོགས་རིམ་པས་དབུལ། །དམ་ཚིག་པ་དང་ལྷན་ཅིག་བྱ། །མཆོད་པ་རྣམས་ཀྱིས་ཚིམ་པར་བྱ། །མེ་ཏོག་སྤོས་སོགས་རོལ་མོ་ཡིས། །འབད་པ་ཡིས་ཀྱང་མཆོད་པར་བྱ། །དྲིལ་བུ་དག་ནི་དཀྲོལ་བར་བྱ། །ཞེས་སོགས་དྲངས་པ་བཞིན། རྗེས་དུས་འཁོར་མ་གཏོགས་པར་དུང་ཆོས་སུ་ལྷ་བསྐྱེད་པའི་ཁུངས་མེད་གསུངས་ཀྱང་ཁུངས་གསལ་པོ་ཡོད་པ་འདི་མ་ཡིན་ནམ་ཞེ་ན། འདི་འདྲ་བ་ནི་མུན་པས་སྣང་བ་ལ་གསལ་འདེབས་ཡིན་ཏེ། དེར། བུམ་པ་བཾ་ལས་སྐྱེས་པ་ཡི། །རིན་ཆེན་བུམ་བའི་སྟེང་བཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །ཞེས་པ་བུམ་པ་བཾ་ལས་བསྐྱེད་ཅིང་། ཁ་ལ་མཆོད་ཡོན་འབུལ་སྣོད་ཀྱི་དུང་ཆོས་བཞག །བུམ་པའི་ནང་དུ་དཀྱིལ་འཁོར་བསྒོམས་ནས་མཆོད་བསྟོད་བཟླས་པ་སོགས་བྱེད་དགོས་པའི་དོན་ཡིན་པའི་ཕྱིར། ཚིགས་བཅད་སྔ་མ་དེ་རྣམས་ཀྱིས་བུམ་པར་ལྷ་བསྐྱེད་ནས་མཆོད་པ་འབུལ་ཚུལ་ཡན་ཆད་བསྟན། དེ་ནས་བསྟོད་ཅིང་བཟླས་པའི་སྐབས་དུང་ཆོས་ཀྱི་སྟེང་དུ་གཟུངས་རྡོར་བཞག་སྟེ་གཟུངས་ཐག་བཟུང་ནས་བཟླས་པ་བྱས། མཇུག་གི་མཆོད་བསྟོད་འོད་ཞུ་བྱེད་ཚུལ་དང་བཅས་སྟོན་པ་ལ། བསྟོད་པ་དག་ནི་དེ་ལ་བཟླས། །ཁུ་ཚུར་གཡས་པས་མཐར་བཟུང་སྟེ། །མེ་ཏོག་འཕྲེང་བཏགས་རྡོ་རྗེ་ནི། །བུམ་པ་ཆུ་ཡིས་བཀང་བ་ཡི། །ཁམ་ཕོར་སྟེང་དུ་བཞག་པར་བྱ། །འཁོར་ལོའི་རང་བཞིན་གྱིས་གནས་ལས། །དེ་ནས་མཆོད་དང་ཕྱག་བྱས་ཏེ། །དེ་ནས་ཆུ་ཡི་ཚུལ་གྱིས་ནི། །བུམ་པ་རུ་ནི་གནས་པར་བྱ། །ཞེས་གསུངས་པ་ཡིན་པའི་ཕྱིར། ཁྱོད་ལྟར་འདི་ཐམས་ཅད་ཀྱིས་དུང་ཆོས་སུ་ལྷ་སྐྱེད་ཚུལ་བསྟན་པ་ཡིན་ན། གཞུང་དེར་དེ་ལས་གཞན་བུམ་པར་ལྷ་བསྐྱེད་ཚུལ་སྟོན་པའི་ཚིག་གཅིག་ཀྱང་མེད་པས་སྐབས་དོན་སྟོར་བར་འགྱུར་ལ། ཚིག་འགྲེལ་དེ་བཞིན་བྱེད་དགོས་ཚེ། ཁམ་ཕོར་སྟེང་དུ་བཞག་པར་བྱ། །འཁོར་ལོའི་རང་བཞིན་གྱིས་གནས་ལས། །དེ་ནས་མཆོད་དང་བསྟོད་བྱས་ཏེ། །ཞེས་འབྱུང་བས་ཁམ་ཕོར་སྟེང་གི་གཟུངས་རྡོར་ཡང་ལྷའི་འཁོར་ལོར་བསྒོམས་ནས་མཆོད་བསྟོད་བྱེད་དགོས་པར་འགྱུར་རོ། །དེར་མ་ཟད་སྟེང་དུ་དུང་ཆོས་བཞག །ནང་དུ་དཀྱིལ་འཁོར་བསྒོམ་ཞེས་པ་ཙམ་གྱིས་སྟེང་གི་དུང་ཆོས་དེའི་ནང་དུ་དཀྱིལ་འཁོར་བསྒོམ་དགོས་པར་འགྲུབ་ན། གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ་ཞེས་པས་ཀྱང་གཡས་ཀྱི་རྡོ་རྗེ་དེའི་གཡོན་གྱིས་དྲིལ་བུ་འཛིན་དགོས་པར་འགྱུར་ཏེ་ཚིག་གི་རྣམ་དབྱེ་ཙམ་ཡང་མ་ཕྱེད་པའི་སྐྱོན་ནོ། །ཕྲན་ཚེགས་དེ་ཙམ་ལའང་རྗེའི་གསུང་འཁྲུལ་བ་མེད་པས་མཚོན་བྱེད་ཙམ་སྨོས་པ་ཡིན་གྱི། ཞིབ་པར་གསུང་རང་རང་ལས་ཤེས་དགོས་ལ། མངོན་རྟོགས་རེའི་ཞལ་ཕྱག་རྒྱན་ཆ་ལུགས་གསུང་སྐབས་ཀྱང་རྒྱུད་དང་གྲུབ་ཆེན་གྱི་གཞུང་གུང་བསྒྲིགས་ཏེ། དང་པོར་བསྲེགས་བཅད་བརྡར་བའི་གསེར་བཞིན་དཔྱད་པ་རྫོགས་པར་མཛད་ནས་གསུང་བ་མ་གཏོགས། གཅིག་དཔེ་གཅིག་འགེབས་ཀྱི་ད་ལྟའི་རྩོམ་རྒྱུགས་ལྟ་བུ་མ་ཡིན་པ་ནི། ས་བཟང་ངག་དབང་གིས་བརྒལ་བ་ཞུས་པའི་ལན་རྗེ་རང་གིས་གསུངས་པ་ལྟ་བུ་ལ་བལྟས་ན། བློ་གྲོས་ཀྱི་མིག་ཅན་ཞིག་ཡིན་ཚེ། མཁས་གྲུབ་སྨྲ་བའི་ཉི་མས། རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང་། །ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །ཞེས་གསུངས་པའི་དོན་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་པར་འགྱུར་རོ། །རྗེ་བླ་མ་མ་བྱོན་གོང་དེར་དབང་གི་སྐོར་ལ་ལོག་རྟོག་གི་གནས་ཆེ་བ་གཉིས་བྱུང་སྟེ། གཅིག་ནི་ཐུབ་བསྟན་བྱི་དོར་ལས། ད་ལྟ་གང་དག་དུས་འཁོར་གྱི་དབང་བདུན་སྔོན་དུ་མ་བསྐུར་ཞིང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གཏན་ནས་མ་ཞུགས་པ་དག་ལའང་དབང་གོང་མ་རྣམས་ཐོག་མར་བསྐུར་ནས་སྦྱོར་བ་ཡན་ལག་དྲུག་གི་རྫོགས་རིམ་དག་སྟོན་པར་བྱེད་པས་ཕྱོགས་ཀུན་ཏུ་ཁྱབ་བོ། །ཞེས་གསུངས་པ་བཞིན་འཇིག་རྟེན་པའི་དབང་བདུན་མ་བསྐུར་བར་གོང་མ་གོང་ཆེན་སོགས་བསྐུར་ཅིང་རྫོགས་རིམ་སྟོན་པ་དང་། རྒྱུད་སྡེ་གཞན་ལའང་བུམ་དབང་མི་སྐུར་བར་དབང་གོང་མ་གསུམ་བསྐུར་བ་བྱུང་ངོ་། ། ― GTD001_Page_0051 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་འོངས་པའི་རྒྱུ་མཚན་ནི། དབང་པོ་རྣོན་པོས་གྲོལ་བྱེད་རྫོགས་རིམ་བསྒོམ་པས་ཆོག་གི བསྐྱེད་རིམ་གྱི་དགོས་པ་མེད་སྙམ་པའི་ལོག་རྟོག་ལ་བརྟེན་པ་ཡིན་ཞིང་། དེའི་རྩ་བ་འཁྲུལ་བའི་གཞན་ངོ་ཙམ་ལས་དོན་ཅིར་ཡང་མ་གྲུབ་པའི་སྟོང་ལྟ་ལ་ཞེན་ནས། ཀུན་རྫོབ་ཐབས་ཀྱི་ཆ་གང་ལའང་རྩིས་མེད་དུ་སོང་བའི་དབང་གིས་ཡིན་ནོ། །འདི་ནི་ཤིན་ཏུ་མི་འཐད་དེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡི་ནི་ལམ་གྱི་རྒྱུ་རུ་ངེས་པར་བསྟན། །ཞེས་གསུངས་ལ། ནཱ་རོ་པའི་དབང་མདོར་བསྟན་གྱི་འགྲེལ་པར་ཡང་། འཇིག་རྟེན་པའི་དབང་རྣམས་ཀུན་རྫོབ་ཀྱི་བདེན་པ་དངོས་སུ་སྒྲུབ་པར་བྱེད་ཅིང་། དོན་དམ་པའི་བདེན་པའི་རྗེས་སུ་མཐུན་པར་གྱུར་པ་ཡིན། ཞེས་བྱིས་པ་འཇུག་པའི་དབང་བདུན་པོ་དེ་དག་ཀྱང་བརྒྱུད་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་འགྲུབ་པའི་སྨིན་བྱེད་ཀྱི་རྒྱུར་གསུངས་པའི་ཕྱིར་དང་། རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཞེས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་རིམ་བཞིན་མ་བྱས་པར་གསང་བ་བསྟན་ན་སྟོན་པ་པོ་ལ་རྩ་ལྟུང་བདུན་པ་འབྱུང་བར་གསུངས་པའི་ཕྱིར། བརྟག་གཉིས་སུ་རྟེན་མེ་ཏོག་མེད་པར་བརྟེན་པ་དྲི་མི་བྱུང་བའི་དཔེས་བསྐྱེད་རིམ་མེད་པར་རྫོགས་རིམ་མི་འབྱུང་ཚུལ་གསུངས་པ་སོགས་རིམ་གཉིས་ཀྱི་གྲངས་དང་གོ་རིམ་ངེས་ཚུལ་རྗེའི་གསུང་རབ་ལས་མཐའ་ཡས་པར་འབྱུང་བ་རྣམས་ཀྱིས་ཀྱང་ཁེགས་ཏེ། འབྲས་བུ་རིམ་གཉིས་གོ་རིམ་ངེས་པར་འགྲུབ་ན། དེའི་རྒྱུ་སྨིན་བྱེད་དབང་ཡང་གྲངས་དང་གོ་རིམ་ངེས་པར་འགྲུབ་པའི་ཕྱིར་རོ། །དེར་མ་ཟད་སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་རྟོགས་ཏེ་སྣང་སྟོང་གྲོགས་སུ་ཤར་བ་ན་ཚོགས་གཉིས་ཟུང་དུ་འཇུག་ཚུལ་གོང་དུ་བཤད་པ་བཞིན་ཡིན་པས་རིམ་པ་གཉིས་ཀྱང་ཟུང་དུ་འཇུག་པ་ལ་ངེས་པ་རྙེད་པར་འགྱུར་བས་གསང་སྔགས་ལ་མཐོ་སྙེགས་བྱས་པ་གཅིག་པུས་མི་ཆོག་གི །དེའི་ལམ་གྱི་རྨང་གཞི་ཐུན་མོང་བ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྟེང་ནས་ཟིན་དགོས་པ་ཡོད་དོ། །གཞན་ཡང་གསང་སྔགས་ཀྱི་ལམ་དང་འབྲས་བུ་ཐམས་ཅད་ཐོག་མར་དབང་གིས་རྒྱུད་སྨིན་པར་བྱས་པ་ལ་རག་ལས། དབང་གི་རྟོགས་པའི་གཞི་འཛིན་ལྟ་བུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ཡིན། དེའི་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་སྐབས་དེར་གསལ་བཏབ་པ་ཙམ་གྱིས་མི་སྐྱེ་བས། སྔར་ནས་སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱངས་པ་ཞིག་དགོས། དེས་ན་སྐས་ཀྱི་གདང་བུ་མས་རིམ་ནས་ཡར་འཛེག་པ་ལྟ་བུ་རི་བོ་དགེ་ལྡན་པའི་བཀའ་སྲོལ་འདི་བཞིན་བྱས་ན་གོལ་ས་ཆུང་ལ་ས་ཆོད་ཆེ་བ། ཞེ་གཙང་ཞིང་རྟག་ཐུབ་པ་ཞིག་འབྱུང་ངོ་། །ཡང་དབང་གི་སྐོར་ལ་ལོག་རྟོག་ཆེ་བ་གཅིག་ནི། དབང་བཞི་པའི་རྣམ་གཞག་རྒྱུད་སྡེ་ལས་ཤིན་ཏུ་སྦས་པའི་ཚུལ་གྱིས་གསུངས་པའི་གནད་མི་རྟོགས་པར་ལུས་གནད་འཆའ་ཞིང་སྒོམ་ཐག་གཏོད་པ་སོགས་སྤྲོས་པ་ཇེ་མང་དུ་བཏང་ཡང་སྟོན་རྒྱུའི་དོན་དངོས་གཞི་ནོར་བ་བྱུང་སྟེ། ཐུབ་བསྟན་བྱི་དོར་ལས། དབང་བཞི་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་ངོ་སྤྲད་ཀྱང་དེ་མངོན་དུ་བྱེད་པའི་ཐབས་ལུས་གནད་ལྟ་སྟངས་བྱས་ཏེ་རྣམ་རྟོག་གི་སྤྲོ་བསྡུ་ཐམས་ཅད་དོར་ནས་ཅི་ལའང་མི་སེམས་ཅིར་ཡང་མི་འཛིན་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ནས་ལྷོད་ཀྱིས་གློད་ལ་ཞོག་མཛོད་དེ་ལྟར་རིམ་གྱིས་བསྒོམས་པས་དབང་བཞི་པ་རྒྱུད་ལ་སྐྱེ་བར་འགྱུར་རོ་ཞེས་བརྗོད་དོ། །ཞེས་སྨྲ་ཞིང་དོན་འདི་ཉིད་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ཡིན་པར་འདོད་དོ། །ཡང་ཁ་ཅིག་སྣོད་རུང་གི་དབང་བཞི་པ་བསྐུར་བའི་སྐབས་སུ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །ཞེས་སོགས་ཀྱི་དོན་དུ་བསམས་ནས། སློབ་མ་ལུས་གནད་འཆའ་བཅུག་སྟེ་ནམ་མཁའ་ལ་མཐའ་དབུས་དང་ཁ་དོག་དང་དབྱིབས་ལ་སོགས་པ་ཡོད་མེད་བརྟགས་ནས་མེད་པར་ངེས་པ་ན་རང་གི་སེམས་ཀྱང་དེ་དང་མཚུངས་པར་ཐག་བཅད་ནས་དབང་གསུམ་པའི་དུས་སུ་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་ལ་མཉམ་པར་བཞག་སྟེ་དེ་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱེར་མེད་དུ་ངོ་སྤྲད་ཅིང་། གནས་ལུགས་དེ་ནི་ཡོད་མེད་དང་སྟོང་མི་སྟོང་སོགས་གང་དུའང་ཚིག་གིས་བརྗོད་དུ་མེད་ཅིང་བློས་བསམ་པར་མི་ནུས་སོ། །ཞེས་སྨྲ། ཞེས་དང་། གཞན་ཕལ་ཆེ་བས་མཐུན་པར་དབང་བཞི་པ་ཧྭ་ཤང་གི་སྒོམ་རྐྱང་པ་ལ་ངོ་སྤྲད་དོ། །ཞེས་གསུངས་པ་ལྟར་རོ། །འདིའི་རྩ་བའང་ལྟ་བའི་གོ་བ་གནད་དུ་མ་སོང་བ་ལ་ཐུག་པས། རྗེ་བླ་མས་ལྟ་བ་རྣམ་པར་དག་པའི་སྲོལ་ཕྱེ་བ་ཉིད་ཀྱིས་ལོག་རྟོག་འདི་འདྲ་ཕལ་ཆེར་གྱི་རྩ་བའང་བཅད་པ་ཡིན་ནོ། །ཁ་ཅིག་སྟོང་པའི་ངོ་མ་ནོར་ཡང་དེ་དང་འདྲ་བའི་ལྷན་སྐྱེས་ཙམ་དབང་བཞི་པའི་དོན་དུ་ངོ་སྤྲོད་པའང་མི་འཐད་དེ། ངོ་སྤྲོད་རྒྱུའི་དོན་གྱི་དབང་བཞི་པ་ལ་ཟབ་པ་ཐུགས་བདེ་སྟོང་གི་ཡེ་ཤེས་དང་། རྒྱ་ཆེ་བའམ་གསལ་བ་ལྷའི་སྐུ་ངོ་བོ་གཅིག་ཏུ་ཚོགས་པའི་བདེན་གཉིས་ཟུང་འཇུག་དགོས་ཤིང་། བདེ་སྟོང་གི་ཡེ་ཤེས་ནི་དེའི་ཡ་གྱལ་གཅིག་ཙམ་ཡིན་པའི་ཕྱིར། ཁ་སྦྱོར་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཚིག་གི་རིན་ཆེན་དབང་བསྐུར་བྱ། །ཞེས་གསུངས་ལ། དེའི་ཟབ་རྒྱས་ཀྱི་ངོས་འཛིན་ཀླུའི་བློས། ཟབ་ཅིང་རྒྱ་ཆེ་ཞེས་བྱ་བ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པའི། །ཟག་མེད་གོ་འཕང་བསྒོམ་པར་བྱ། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱ་སྟེ། །ཞེས་གསུངས་སོ། །དབང་བཞི་པའི་དོན་ལ་ཐུགས་བདེ་སྟོང་གི་ཡེ་ཤེས་གཅིག་པུས་མི་ཆོག་པར་སྐུ་ཐུགས་གཉིས་ཚོགས་དགོས་པ་རྒྱུད་དང་གྲུབ་ཆེན་ཀུན་གྱི་དགོངས་པ་མཐུན་ཏེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་དབང་བཞི་པ་བསམ་མི་ཁྱབ་ཀྱི་རིམ་པ་ལས་ཤེས་དགོས་པར་གསུངས་ཤིང་། དེའི་དོན་འཆད་པ་ན། འདི་ནི་ངོ་བོ་ཉིད་ཀྱི་སྐུ། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །ཞེས་འདུས་པ་སོགས་སུ་ཟུང་འཇུག་གི་མིང་གིས་བཏགས་ལ། འདིར་མ་ནིང་གི་གོ་འཕང་ཞེས་བཏགས་པ་སྟེ། དེའང་ཕ་མའི་རྒྱུད་དུ་འབྱེད་ཚུལ་བཞིན། ཕར་འཇོག་བྱེད་སྒྱུ་མའི་སྐུ་དང་། མར་འཇོག་བྱེད་བདེ་སྟོང་གི་ཡེ་ཤེས་རེ་རེ་བ་ཙམ་མ་ཡིན་པར་གཉིས་ཀའི་དོན་ཚང་བ་ལ་མ་ནིང་དུ་བཤད་པའི་ཕྱིར་དང་། དྲི་མེད་འོད་ལས་ཀྱང་། སངས་རྒྱས་ཀྱི་གཟུགས་བརྙན་ཁམས་གསུམ་པ་ཞེས་པ་རྒྱུའོ། །དེ་ལས་སྐྱེས་པའི་འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས་ལ། འདིའི་ཤེས་རབ་ཆེན་པོ་ཞེས་པ་རྩ་རྒྱུད་ལས། བཞི་པ་ཡེ་ཤེས་དག་པ་སྟེ། །ཞེས་ཟུང་འཇུག་ལ་ཡེ་ཤེས་ཀྱི་སྐུར་བཤད་པ་དང་མཐུན་པར་དབང་བཞི་པ་ལ་བྱེད་དགོས་པར་དབང་མདོར་བསྟན་ལས། བུམ་པ་གསང་བ་ཤེས་རབ་དང་། །སླར་ཡང་ཤེས་རབ་ཆེན་པོ་ཉིད། །ཅེས་གསུངས་པས་ཤེས་སོ། །རྒྱ་གར་དུ་དབང་བཞི་པའི་འདོད་ཚུལ་ལྟར་སྣང་བཅུ་བདུན་ཙམ་བྱུང་བ་ངག་གི་དབང་ཕྱུག་གྲགས་པས་ཡན་ལག་བདུན་ལྡན་རྩ་འགྲེལ་དུ་བཀག་ལ། བོད་སྔ་རབས་པས་རྟོག་བཏགས་ཀྱི་བཤད་པ་སྣ་ཚོགས་བྱས་པ་ཕལ་ཆེར་ཡང་དེར་འདུས་སོ། ། ― GTD001_Page_0052 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་དབང་བཞི་པ་དཔྱིས་ཕྱིན་པར་འཇོག་མི་ཤེས་པ་ནི་རིམ་པ་ལྔ་པ་ཟུང་འཇུག་གི་དོན་མ་གོ་བས་ལན་ཅིང་། དེ་རྗེ་བླ་མས་གསལ་བར་མཛད་ཚུལ་འོག་ཏུ་འཆད་པར་འགྱུར་རོ། །ཁ་ཅིག་འདི་སྙམ་དུ་དབང་བཞི་པ་དབང་གི་མཐར་ཐུག་ཡིན་པ་ལ། དེར་ཉམས་མྱོང་རྒྱ་ཆེན་པོ་ཞིག་སྐྱེད་རྒྱུ་མེད་པས་ཚིག་གིས་བརྡ་ཞིག་སྤྲད་པ་ཙམ་གྱིས་ཆོག་པར་བྱེད་པ་དགེ་ལུགས་པའི་ཕྱག་ལེན་འདི་ཆ་མི་མཚུངས་ཞེས་ཟེར་རོ། །དེ་ནི་དབང་བཞི་པར་ཚིག་དབང་ཞེས་པའི་མིང་ཙམ་ལ་རྟོག་དཔྱོད་མ་ཞུགས་ཤིང་། དགེ་ལུགས་པ་སྨོད་པའི་ཟོལ་གྱིས་རྒྱུད་དང་གྲུབ་ཆེན་གྱི་གསུང་ལ་བརྒལ་བ་ཡིན་ཏེ། སམྦུ་ཊར། ཚིག་གི་རིན་ཆེན་དབང་བསྐུར་བྱ། །ཞེས་དང་། ལྭ་བ་པས། དབང་བསྐུར་བ་བཞི་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི། ཞེས་པ་ནས། བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་གིས་སྦྱིན་པར་བྱའོ། །ཞེས་གསུངས་ལ། གྲུབ་ཆེན་དཔལ་འཛིན་གྱིས་ཀྱང་དེ་ཇི་ལྟ་བ་བཞིན་གསུངས་ཏེ། སློབ་མའི་རྒྱུད་ལ་སྐབས་དེར་དབང་སྔ་མ་རྣམས་དང་འདྲ་བའི་ཉམས་མྱོང་སྐྱེ་རྒྱུ་མེད་ཀྱང་། བླ་མས་བརྡ་སྤྲད་པ་ལ་བརྟེན་ནས་འབྲས་བུ་ཟུང་འཇུག་གི་གོ་འཕང་ནི་ཡན་ལག་བདུན་ལྡན་འདི་ལྟ་བུ་ཞིག་ཡིན་པར་འདུག་སྙམ་དུ་སྒྲ་སྤྱིའི་གོ་བ་ཆགས་པ་དེ་དབང་བཞི་པ་ཚིག་ཙམ་གྱིས་སྦྱིན་ལུགས་ཡིན་པའི་ཕྱིར། དེ་ཉིད་ཡང་གསལ་ལས། འཕྲེང་བ་ལས་ཀྱང་ཚིག་ཁོ་ནའི་ཞེས་རྣམ་གཅོད་ཀྱི་ཚིག་གིས་དབང་གཞན་ལྟར་སློབ་མ་ལ་ཉམས་སུ་མྱོང་རྒྱུ་ཡོད་པ་གཅོད་དོ། །ཞེས་གསུངས་པའི་ཕྱིར། འདི་ནི་དཔེའི་སྒོ་ནས་ཀྱང་རྟོགས་པར་སླ་སྟེ། དཔེར་ན་མདའ་གཞུ་འཆོས་པའི་དགོས་པའི་གཙོ་བོ་འཕེན་པའི་དོན་ཡིན་ཀྱང་། མདའ་གཞུ་སོ་སོར་བཅོས་ཟིན་ན་འཕེན་པ་ལོགས་སུ་བཅོས་མི་དགོས་པར་འཕེན་ཚུལ་བསླབ་པས་ཆོག་པ་ལྟར། དབང་གོང་མ་རྣམས་ཀྱིས་ཀུན་རྫོབ་སྒྱུ་མའི་སྐུ་དང་། དོན་དམ་འོད་གསལ་གྱི་ཡེ་ཤེས་འགྲུབ་པའི་ནུས་པ་ཁྱད་པར་ཅན་ཞིག་བཞག་ཡོད་ན། འདིར་དེ་གཉིས་ཟུང་དུ་འཇུག་ཚུལ་བརྡ་སྤྲད་པ་ཙམ་གྱིས་ཆོག་ལ། སྔ་མ་གནད་དུ་མ་སོང་ན་འདིར་ལུས་གནད་དང་ལྟ་སྟངས་མང་པོ་ཞིག་བྱས་ཀྱང་ངལ་བ་ཙམ་དུ་ཟད་པའི་ཕྱིར་རོ། །འདིའི་གསོལ་འདེབས་ལའང་། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་འབྱུང་བ་དེ་དབང་གོང་མ་གསུམ་སོང་ཟིན་ནས། དེ་བཞི་པ་གནང་སྟེ་དབང་བཞི་གྲངས་ཚང་བར་མཛོད་ཅེས་པ་མིན་གྱི། དབང་སྔ་མ་གནད་དུ་མ་སོང་ཚེ་བཞི་པ་ཞུས་པར་དགོས་པ་མེད་ཀྱང་། བདག་གིས་གོང་མ་རྣམས་ཐོབ་པའི་བཀའ་དྲིན་གྱིས་སྒྱུ་འོད་གཉིས་སོ་སོ་ནས་འགྲུབ་པའི་ནུས་པ་ཁྱད་པར་ཅན་སེམས་ལ་བཞག་སོང་བས། ད་ནི་དེ་གཉི་ག་ཟུང་དུ་འཇུག་པའི་ཚུལ་གྱིས་རྒྱུད་ལ་འགྲུབ་པའི་ནུས་པ་སྐྱེད་པའི་ཕྱིར་དབང་བཞི་པ་སྩོལ་ཅིག །ཅེས་པ་ཡིན་ནོ། །དེས་ན་དབང་བཞི་པ་དང་འབྲེལ་བའི་མཆོད་པའང་བདེ་སྟོང་གི་ཡེ་ཤེས་བསྒོམས་པ་ཙམ་ལ་སྔ་མ་མང་པོས་བཤད་པ་ནི་ནོར་བའོ། །འོ་ན་པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང་། དོན་དམ་བྱང་ཆུབ་སེམས་མཆོག་ཁྱོད་ལ་འབུལ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན་སྐྱོན་མེད་དེ། དེ་དང་བཤད་རྒྱུད་རྡོར་ཕྲེང་ལས། བཅུ་བཞི་པ་ནི་དོན་དམ་སྟེ། །ཞེས་དབང་བཞི་པ་དོན་དམ་བྱང་ཆུབ་ཀྱི་སེམས་སུ་གསུངས་པ་སོགས་ནི་བདེ་སྟོང་གི་ཡེ་ཤེས་ཙམ་ལ་མི་བྱེད་པར། ལེའུ་གཉིས་པའི་སྒྲོན་གསལ་ལས་ཟུང་འཇུག་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སུ་གསུངས་པ་དེར་བྱེད་པས་སྐུ་ཐུགས་གཉིས་མ་ཚང་པའི་སྐྱོན་མེད་དོ། །དམ་ཚིག་དང་སྡོམ་པའི་རྣམ་གཞག་ལ། འཇམ་མགོན་ས་པཎ་སོགས་རིགས་ལྔའི་སྡོམ་གཟུང་གི་ཆོ་གའི་མཐར་སྐྱེ་བར་བཞེད་ཀྱང་། ཕལ་མོ་ཆེ་ཞིག་སྔགས་ཀྱི་སྡོམ་པ་དང་དབང་གི་རྟོགས་པ་གཉིས་གཅིག་ཏུ་འཁྲུལ་ཏེ། རང་རང་གི་དབང་མ་རྫོགས་བར་དུ་སྡོམ་པ་ཚང་བར་མི་སྐྱེ་བ་དང་། དབང་ཐོབ་ན་སྔགས་སྡོམ་ཡང་ཐོབ་དགོས་པས་བྱ་སྤྱོད་ལའང་སྔགས་སྡོམ་འཛིན་དགོས་པར་འདོད་དོ། །སྔགས་རིམ་ལས། སྐྱེ་བའི་དུས་ནི་འབོག་ཆོག་ལན་གསུམ་བྱས་པའི་མཐར་སྐྱེ་ཡི། ཆུ་དབང་ཕྱིན་ཆད་ཀྱི་དབང་བསྐུར་བ་ལ་མི་ལྟོས་ཏེ། རྩེ་མོ་ལས། སྡོམ་པ་གསུམ་ལ་བཀོད་ནས་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་སྔགས་སྡོམ་ལ་བཀོད་པའི་འོག་ཏུ་ལྷ་ངོ་སྟོན་པར་གསུངས་པའི་ཕྱིར་རོ། །ཞེས་དབང་གི་མགོར་རིགས་ལྔའི་སྡོམ་གཟུང་བྱས་པའི་ཚེ་སྐྱེ་བ་རང་ལུགས་སུ་མཛད། བྱ་སྤྱོད་ལ་སྔགས་སྡོམ་འཛིན་མི་དགོས་པའང་རྩ་ལྟུང་རྣམ་བཤད་ལས། བྱ་སྤྱོད་ཀྱི་དབང་བསྐུར་བ་ལ་ཐུན་མོང་མ་ཡིན་པའི་དམ་ཚིག་མང་པོ་སྣང་ནའང་། བཅས་པ་དང་འགལ་ན་རྩ་ལྟུང་སྐྱེད་པའི་ཐེག་ཆེན་གྱི་སྡོམ་པ་ནི་བྱང་སེམས་ཀྱི་སྡོམ་པ་ཁོ་ན་ཡིན་པས། དེའི་རྩ་ལྟུང་རྣམས་ཤེས་པར་བྱས་ལ་བསྲུང་ངོ་། །ཞེས་གསུངས་སོ། །འདི་ལ་འབྲུག་པ་པད་དཀར་གྱི་སྡོམ་གསུམ་རྒྱན་རྩ་འགྲེལ་དང་། དཔལ་སྒང་བའི་དབང་ཊཱིཀ་རྣམས་སུ་དགག་པའི་ངལ་བ་མང་དུ་བྱས་ཀྱང་སྙིང་པོ་མི་སྣང་བའི་ཚུལ་ནི། དེ་དག་ན་རེ། དབང་གི་ཆོ་ག་དོན་མེད་དུ་ཐལ། དབང་བསྐུར་བ་སྔགས་སྡོམ་ཐོབ་པའི་ཆེད་ཡིན་ལ། དབང་གི་སྔོན་དུ་སྔགས་སྡོམ་ཐོབ་པའི་ཕྱིར་ཟེར་ཡང་། དབང་དངོས་གཞི་སྔགས་སྡོམ་ཐོབ་པའི་ཆེད་ཡིན་པ་ངེད་ཅག་ལ་མ་གྲུབ་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་ཤིང་། དེ་ལྟར་ན་ཁྱོད་རང་ལ་སྔགས་སྡོམ་བླངས་པ་དོན་མེད་པར་ཐལ། དེ་སློབ་དཔོན་གྱི་དབང་ཡན་ཆད་ནོད་པའི་ཕྱིར་ཡིན་པ་གང་ཞིག །སྔགས་སྡོམ་མ་ཐོབ་གོང་ནས་དབང་གོང་མ་རྣམས་ཐོབ་ཟིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཤིང་སྔ་མ་གྲུབ་སྟེ། ལྭ་བ་པའི་དཀྱིལ་ཆོག་ལས། དབང་བསྐུར་བ་ལྔ་པོ་ཙམ་འདོད་ན་ནི་སྔར་བསྟན་པའི་སློབ་དཔོན་གྱི་སྡོམ་པ་མི་གཟུང་བར། ཞེས་སོགས་ཀྱིས་སློབ་མའི་དབང་ཙམ་ལས་མི་སྐུར་ན་སྔགས་ཀྱི་སྡོམ་པ་མི་འཛིན་པར་བཤད་ཅིང་། དེ་བཞིན་དུ་ཀུན་དགའ་སྙིང་པོ། ཤཱནྟི་པ། ཨ་བྷྱཱ་ཀཱ་ར། རཏྣ་རཀྵི་ཏ་རྣམས་ཀྱང་བཞེད་པའི་ཕྱིར། དེ་སློབ་དཔོན་གྱི་དབང་གི་ངོ་བོར་གྱུར་པའི་སྡོམ་པ་མི་འཛིན་པའི་དོན་ཡིན་ཟེར་ན། སློབ་མའི་དབང་ཙམ་ལས་མི་སྐུར་ན་སློབ་དཔོན་གྱི་དབང་མི་སྐུར་ཞེས་པར་འགྲོ་བས། འབྲེལ་མེད་ཀྱི་དོགས་གཅོད་དེ་འདྲ་པཎ་གྲུབ་ཆེན་པོ་རྣམས་ཀྱིས་གསུངས་པའི་གནས་མེད་དོ། །ཡང་བསྐྱེད་རྫོགས་ཀྱི་ལམ་བསྒོམ་པར་ཁས་བླངས་པ་ཙམ་གྱིས་བསྐྱེད་རྫོགས་ཀྱི་རྟོགས་པ་ཐོབ་པར་ཐལ། རིགས་ལྔའི་སྡོམ་པ་ཁས་བླངས་པ་ཙམ་གྱིས་དེ་ཐོབ་པའི་ཕྱིར་ཟེར་བའང་། ལམ་བསྒོམ་ནས་སྐྱེ་དགོས་པ་དང་སྡོམ་པ་ཁས་བླངས་ཏེ་ཐོབ་དགོས་པའི་ཁྱད་པར་མ་ཕྱེད་པའི་འཆལ་གཏམ་ཡིན་ཏེ། ཁྱོད་རང་ལ་བྱང་སེམས་སྐྱེ་འཕགས་ཀྱི་ལམ་ཐམས་ཅད་ཀྱང་སློབ་པར་ཁས་བླངས་པ་ཙམ་གྱིས་དུས་དེར་སྐྱེ་བར་ཐལ། བྱང་སེམས་ཀྱི་སྡོམ་པ་ཁས་བླངས་པ་ཁོ་ནས་སྐབས་དེར་སྐྱེ་ཐུབ་པའི་ཕྱིར། མ་གྲུབ་ན་བྱང་སྡོམ་སྐྱེ་བ་ལ་རྒྱུན་མཐའི་ཡེ་ཤེས་སྐྱེ་དགོས་པར་ཐལ་ལོ། །ཡང་སོ་ཐར་དང་བྱང་སྡོམ་འབོག་ཆོག་དངོས་གཞི་མ་རྫོགས་པར་སྐྱེ་བ་ཡོད་པར་ཐལ། དབང་ཆོག་དངོས་གཞི་མ་རྫོགས་པར་སྔགས་སྡོམ་སྐྱེ་བ་ཡོད་པའི་ཕྱིར་ཟེར་བའང་། དབང་ཆོག་སྡོམ་པའི་འབོག་ཆོག་ཏུ་འཁྲུལ་བ་སོར་བཞག་ཏུ་སྣང་བས་གཏན་ཚིགས་དང་བསྒྲུབ་བྱ་མཚུངས་ལ། སོ་ཐར་གྱི་སྡོམ་པ་ཐོབ་པར་ཆོ་ག་དངོས་གཞི་རྫོགས་དགོས་པའི་དཔེའང་མ་གྲུབ་སྟེ། མདོ་རྩ་བར། གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ། །ཞེས་བདག་བརྗོད་དང་གཞན་བརྗོད་ཀྱི་མཚམས་སུ་སྐྱེ་བར་གསུངས་ལ། དགེ་སློང་གི་སྡོམ་པའང་བརྗོད་པ་ཐ་མའི་ཆ་གཉིས་པ་རྫོགས་མཚམས་སུ་སྐྱེ་བ་ཡིན་གྱི། གསོལ་བཞི་ཡོངས་རྫོགས་ཚང་མི་དགོས་པ་འདུལ་འཛིན་ཐམས་ཅད་ཀྱིས་བཞེད་པའི་ཕྱིར། ཡང་པད་དཀར་གྱི་སྡོམ་གསུམ་རྒྱན་ལས། ལ་ལ་སྡོམ་གཟུང་དུས་སུ་འདི་རྫོགས་ཟེར། །རིགས་སུ་མ་སྐྱེས་དེ་ཡི་བརྟུལ་ཞུགས་ཅི། །དབང་མེད་སྔགས་འདིའི་རྩ་ལྟུང་འབྱུང་བས་གནོད། །ཅེས་སོགས་རྩ་འགྲེལ་གྱིས་རིགས་པའི་དབང་ལྔའི་སྒོ་ནས་རྒྱལ་བ་རིགས་ལྔའི་རིགས་སུ་སྐྱེས་མ་ཟིན་པར་རིགས་ལྔའི་དམ་ཚིག་བསྲུང་བ་དོན་མེད་པ་དང་། རྩ་ལྟུང་ནི་དབང་ཐོབ་པ་ལ་བཅས་པ་ཡིན་པས་དབང་སྔོན་དུ་མ་ཐོབ་པར་རྩ་ལྟུང་འབྱུང་ཚུལ་མེད་ཅེས་ཟེར་རོ། །དྲན་པ་རྣལ་དུ་ཞོག་ཅིག སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། བདག་གིས་སྡོམ་པ་མ་ལུས་གཟུང་། །ཞེས་པའི་བར་ལན་གསུམ་རྗེས་ཟློས་བྱས་པའི་ཚེ། སྡོམ་པ་བཟུང་བ་ཡིན་ནམ་མིན། མིན་ན་ཁྱེད་རང་གིས་ཀྱང་སྟ་གོན་ནམ་དངོས་གཞིའི་མགོར་སྡོམ་པ་བཟུང་དུས་ཞེས་ཡང་ཡང་བཤད་པ་དང་། སྐབས་འདིར་ཡང་། ལ་ལ་སྡོམ་བཟུང་དུས་སུ་ཞེས་སྨྲས་པ་དང་དངོས་སུ་འགལ་ལོ། །སྐབས་དེར་སྡོམ་པ་བཟུང་བ་ཡིན་ན་དེར་བཟུང་བའི་སྡོམ་པ་དེ་ལ་བསྡམ་བྱ་དང་བསྲུང་བྱ་ཞིག་ཡོད་དམ་མེད། རིགས་ལྔ་སྤྱི་བྱེ་བྲག་གི་དམ་ཚིག་རྣམས་ཡིན་ཟེར་ན། རྒྱལ་བ་སྲས་བཅས་དཔང་དུ་བཞག་སྟེ་རིགས་ལྔའི་དམ་ཚིག་བསྲུང་བའི་སྡོམ་པ་བཟུང་ནས། ད་དུང་རིགས་ལྔའི་དམ་ཚིག་བསྲུང་མི་དགོས་ཞེས་སྨྲ་བ་འདི་ལས་ལྷག་པའི་ལོག་རྟོག་དང་ཉེས་བཤད་ཅིག་མེད་དོ། །འཕྲིན་ལས་གཉིས་པའི་དབང་ཊཱིཀ་ཏུའང་། སྐབས་དེར་ཁས་བླངས་པའི་དམ་ཚིག་རྣམས་ཀྱང་བསྲུང་བར་དབང་བ་མ་ཡིན་ཏེ། དཔེར་ན་བར་མ་རབ་བྱུང་སྐབས་སུ་རབ་བྱུང་དུ་ཁས་བླངས་ཀྱང་རབ་བྱུང་གི་སྡོམ་པ་བསྲུང་བ་དགེ་ཚུལ་ལམ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ལ་ལྟོས་པ་བཞིན་ནོ། །ཞེས་བྲིས་སྣང་བའང་བབ་ཅོལ་ཏེ། དམ་ཚིག་ཁས་བླངས་ཚར་ན་དེ་མི་བསྲུང་བའི་རང་དབང་མེད་པར་རྡོ་རྗེ་འཆང་གི་བཅས་པ་བཞིན་བྱེད་དགོས་ཟེར་བ་མ་གཏོགས། བླངས་ཚར་ཡང་བསྲུང་བའི་དབང་མེད་ཟེར་བ་ནི་དཔྱོད་ལྡན་སུའི་ཡང་རྣ་བར་མི་འགྲོའོ། །གལ་ཏེ་སླར་དབང་ཐོབ་རྗེས་སུ་བསྲུང་རྒྱུ་རྣམས་ངོས་བཟུང་བ་ཙམ་ཡིན་སྙམ་ན། དེ་ནི་སྡོམ་པ་བསྒྲག་པའི་དོན་ཡིན་ཅིང་ལན་གཅིག་གིས་ཆོག་ལ། བསྒྲག་བཟུང་གཉིས་སོ་སོར་ཡོད་ཅིང་ཁྱོད་རང་ཡང་སྡོམ་བཟུང་ཟེར་བཞིན་པ་དེ་ཡིན་པ་དྲན་པར་གྱིས་ཤིག །བར་མ་རབ་བྱུང་དཔེར་བཀོད་པའང་མི་འཐད་དེ། དེའི་ཚེ་བསླབ་པའི་གཞི་ལྔའི་སྟེང་དུ་ཉམས་པ་རྣམ་གསུམ་སྤོང་བ་ཁས་བླངས་པ་ཡིན་ལ་བསྲུང་ཡང་དགོས། བླང་འདས་སོ་དྲུག་སོགས་བསྲུང་མི་དགོས་ལ་ཁས་ཀྱང་མ་བླངས་པས་ངེད་ཅག་གི་ངོར་དཔེ་མ་གྲུབ་ཅིང་། ཁྱེད་རང་རྣམས་སྡོམ་པ་ཁྱི་ལ་རྡེག་པའི་རྡོ་བཞིན་བླངས་ཀྱིན་བསྲུང་མི་དགོས་པར་འཕེན་པའི་ཕྱག་ལེན་ཞིག་ཡོད་པ་ཡིན་ན་ཆ་མ་འཚལ་ཏོ། །ཡང་ཁོ་ན་རེ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །ཞེས་པའི་སྐབས་སུ་དམ་ཚིག་གསུམ་བཟུང་བ་ཡིན་ན་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོའང་དམ་ཚིག་གསུམ་འཛིན་པ་ལས་གཞན་མེད་པས་ལོགས་སུ་མི་དགོས་པར་འགྱུར་རོ། །ཞེས་ཟེར་བའང་དོན་མིན་ཏེ། སློབ་དཔོན་གྱི་དབང་གི་ངོ་བོ་དམ་ཚིག་གསུམ་འཛིན་པ་ལ་འཇོག་ཚུལ་བརྟག་གཉིས་སུ་གསུངས་པ་ལྟར། རྡོར་དྲིལ་གྱིས་མཚོན་དོན་གསུང་དང་ཐུགས་ཀྱི་དམ་ཚིག་དྲན་བཞིན་པའི་ངང་ནས་རང་ལྷ་སྐུར་བསྒོམས་ཏེ་ཕྱག་རྒྱ་དང་འཁྱུད་པ་ལས་བྱུང་བའི་བདེ་སྟོང་སྦྱར་བ་ཡིན་ལ། སྡོམ་བཟུང་སྐབས་སུ་དམ་ཚིག་དེ་གསུམ་སྲུང་སེམས་བསྐྱེད་དེ་ཁས་བླངས་པ་ལ་དམ་ཚིག་དེ་གསུམ་བཟུང་བ་ཞེས་པ་ཡིན་པས་དོན་ཆེས་མི་འདྲའོ། །ཁྱོད་ལྟར་ན་ཐེག་པ་གསུམ་གྱི་དམ་ཆོས་མ་ལུས་པ་འཛིན་པར་ཁས་ལེན་པའི་སྡོམ་པ་བཟུང་ན་ཐེག་པ་གསུམ་གྱི་དམ་ཆོས་མ་ལུས་པ་བཟུང་བས་ཁྱབ་པ་དང་། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་ཁས་བླངས་ན་སྦྱིན་པ་རྣམ་བཞི་བཏང་བས་ཁྱབ་པར་འགྱུར་ལ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་ཞེས་དམ་བཅས་མ་ཐག་སངས་རྒྱས་ཀྱི་གོ་འཕང་ཡང་ཐོབ་པར་ཁས་ལེན་དགོས་པར་འགྱུར་རོ། །དེས་ན་བྱ་བ་དེ་བྱས་པ་དང་། དེ་བྱའོ་སྙམ་པའི་སྲུང་སེམས་བསྐྱེད་པ་གཉིས་སྐབས་མ་ནོར་བར་གྱིས་ཤིག །ཡང་ཁྱེད་ཅག་སྔགས་ཀྱི་རྩ་ལྟུང་སྐྱེད་པའི་རྟེན་ལ་དབང་རྫོགས་པར་ཐོབ་པ་དགོས་ཞེས་པའང་མུན་སྤྲུལ་ཡིན་ཏེ། སྔགས་སྡོམ་བཟུང་ཞིང་སློབ་མའི་དབང་ཙམ་ཐོབ་པ་དེས་རྩ་ལྟུང་གི་གཞི་ལ་ཞུགས་ཤིང་ཡན་ལག་ཚང་ན་ལྟུང་བ་འབྱུང་ལ་རྩ་ལྟུང་མི་འབྱུང་ཚེ་ལྟུང་བ་དེའི་མིང་ལ་ཅི་ཟེར། རྡོ་རྗེ་འཆང་གིས་བཅས་པའི་རྩ་ལྟུང་དང་སྦོམ་པོ་གང་ཡང་མ་ཡིན་པས་བློ་བཟོའི་ལྟུང་གསར་ཞིག་ཏུ་འགྱུར་རོ། །དགག་པ་ལྟར་སྣང་གཞན་ཡང་མང་ཙམ་བྲིས་འདུག་ཀྱང་སྙིང་པོ་མི་སྣང་བས་ལན་གྱི་ངལ་བ་མ་བྱས་སོ། །འདི་དག་གི་རང་ལུགས་ལ་སྡོམ་པའི་ངོ་བོ་དབང་དུས་སུ་བསྐྱེད་པའི་རྟོགས་པ་ལ་འདོད་ཅིང་། དེའང་བླ་མེད་ལྟར་ན་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང་། འོག་མའི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་སོགས་ལ་འདོད་པས། འོག་མ་གཉིས་ལའང་སྔགས་སྡོམ་མེད་ན་སྔགས་ལམ་མ་ཡིན་པར་འགྱུར་སྙམ་དུ་བསམ་སྣང་སྟེ། དེ་ལྟར་ན་བྱ་སྤྱོད་ཀྱི་སྐབས་སྔགས་སྡོམ་དེ་ཆོ་ག་ཇི་ལྟ་བུ་ཞིག་གིས་ལེན། ལྟུང་བ་གང་གིས་སྡོམ་པ་གཏོང་བའི་རྩ་ལྟུང་ཐུན་མོང་མ་ཡིན་པ་ཇི་འདྲ་ཡོད་པ་དཔྱད་དགོས་སོ། །དེའང་འབྲུག་པ་པད་དཀར་གྱིས་དམ་ཚིག་གསུམ་བཀོད་པའི་རྒྱུད་ལས་འབྱུང་བ་ལྟར་བདག་འབུལ་བ་ལན་གསུམ་བྱས་པས་སྔགས་སྡོམ་འཛིན་པར་འདོད་པ་ཆེས་མི་འཐད་དེ། རྒྱུད་དེ་བདག་འབུལ་བ་ལན་གསུམ་བྱས་པའི་སྒོ་ནས་སྡོམ་པ་འཛིན་པ་ཡིན་པར་གསུངས་ཀྱང་། དེས་འཛིན་རྒྱུའི་སྡོམ་པ་བྱང་སྡོམ་ཡིན་པས། དེ་བྱ་རྒྱུད་ལ་བྱང་སྡོམ་གྱིས་ཆོག་པའི་ཤེས་བྱེད་ཡིན་གྱི། སྔགས་སྡོམ་དགོས་པའི་ཤེས་བྱེད་མ་ཡིན་པའི་ཕྱིར་ཏེ། བདག་འབུལ་གྱི་སྒོ་ནས་ལེན་རྒྱུ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྐང་པ་བཞིའི་སྒོ་ནས་ལེན་རྒྱུའི་སྡོམ་པ་འདྲ་བ་གང་ཞིག ཕྱི་མ་བྱང་སྡོམ་ལེན་བྱེད་ཡིན་པ་ཀུན་མཐུན་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་སྙིང་གི་རྣམ་སྣང་སྒྱུ་དྲའི་འགྲེལ་པ་ལས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བསྟན་པ་འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། དེས་ན་བདག་འབུལ་བ་བྱས་པ་ཡིན་པས་ལོགས་ཤིག་ཏུ་མ་གསུངས་པར་ཤེས་པར་བྱའོ། །གང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་ཐམས་ཅད་ཡོངས་སུ་བཏང་བ་ཡིན་ནོ། །ཞེས་བྱང་སྡོམ་བཟུང་བ་དང་ལུས་འབུལ་བ་གཉིས་གཅིག་གོ་གཅིག་གིས་ཆོད་པར་གསུངས་པས་གཉི་ག་བྱང་སྡོམ་ལེན་ཆོག་ཏུ་གྲུབ་པའི་ཕྱིར། དཔལ་སྒང་བས་ཀྱང་བྱ་རྒྱུད་ཀྱི་སྔགས་སྡོམ་ལ་བདག་འབུལ་བའི་སྡོམ་པ་ཞེས་བཏགས་པའི་འཁྲུལ་གཞིའང་འདིས་བྱས་སོ། །གལ་ཏེ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལེན་རྒྱུ་དེའང་སྔགས་སྡོམ་དུ་ཁས་ལེན་ན་བྱ་རྒྱུད་ཀྱི་དབང་ལ་མེད་དུ་མི་རུང་བའི་བྱང་སྡོམ་ཆད། དེར་མི་དགོས་པའི་སྔགས་སྡོམ་ལྷག །ཐུན་མོང་བའི་སྡོམ་པ་མ་བླངས་པར་ཐུན་མོང་མ་ཡིན་པའི་སྡོམ་པ་བླངས་ཏེ་བསྟན་པའི་འཇུག་རིམ་འཆོལ་བ་སོགས་ཉེས་པ་དུ་མར་འགྱུར་རོ། །དེ་བཞིན་དུ་གསང་བ་སྤྱི་རྒྱུད་ལས་སློབ་མ་ལ་སྡོམ་པ་འཛིན་དུ་གཞུག་དགོས་པར་གསུངས་ནས་འཛིན་ཚུལ་སྟོན་པ་ན། དང་པོ་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲན་པར་བྱ། །ཞེས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་བྱང་སྡོམ་འཛིན་པ་ལས་གཞན་མ་གསུངས་ལ། འཇམ་དཔལ་རྩ་རྒྱུད་ལས་སྔགས་ལ་སློབ་པའི་ཚེ་ཆོས་གཅིག་ལྡན་ནས་བརྒྱད་ལྡན་གྱི་བར་དགོས་པར་གསུངས་པའི་ནང་གི་གསུམ་ལྡན་གྱི་ཐད་དུ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྲུང་བ་དང་། རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཞེས་སྡོམ་པ་ལ་བྱང་སྡོམ་གཅིག་པུ་ལས་མ་གསུངས་པས་ཤེས་སོ། ། ― GTD001_Page_0053 ―
[མ་དཔེ་གཟིགས་ན་འདིར་གནོན།]
པད་དཀར་གྱིས་བྱ་རྒྱུད་ལ་སྔགས་སྡོམ་འཛིན་དགོས་པའི་སྒྲུབ་བྱེད་དུ་སྔགས་ཉམས་སུ་ལེན་དགོས་པར་གསུངས་པ་འདི་བཀོད་པ་ནི། རལ་པ་ཡོད་པའི་རྟགས་སུ་མགོ་ཡོད་པ་བཀོད་པ་ལྟར་སྒྲུབ་བྱེད་ཀྱིས་ཕོངས་པའི་རྣམ་འགྱུར་ཆེས་གསལ་བ་ཡིན་ནོ། །དེ་ལྟར་བྱ་རྒྱུད་ཀྱི་སྔགས་སྡོམ་ལེན་པའི་ཆོ་གའི་ཁུངས་བརྟོལ་བ་འདིས་དེར་གཏོགས་ཀྱི་བཤད་པ་ཐམས་ཅད་སྒྲོ་བཏགས་ཀྱི་སྦུན་པ་འཕྱར་བ་ཡིན་པར་ཤེས་སོ། །འདི་ལ་དགོངས་ནས་རྗེ་བླ་མའི་རྩ་ལྟུང་རྣམ་བཤད་དུ། བྱ་སྤྱོད་ཀྱི་རྒྱུད་རྣམས་ཀྱིས་ཐེག་པ་མཆོག་གི་སྡོམ་པ་འཛིན་པའི་ཆོ་ག་རྣམས་ནི་འཇུག་སྡོམ་འཛིན་པ་ཁོ་ནར་སྣང་བས་རིགས་ལྔའི་སྡོམ་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་པ་ལ་གདོན་མི་ཟ་བར་གོ་བར་བྱའོ། །ཞེས་གསུངས་ཏེ་རྡོ་རྗེའི་ཚིག་ཡིན་ནོ། །པད་དཀར་གྱིས། ཆད་ལྟ་དཀོན་མཆོག་གསུམ་སྤོང་བྱང་སེམས་སྤོང་། །དབང་བསྐུར་སྤོང་དང་བླ་མར་འཁུ་བ་ལྔ། །འཇམ་དཔལ་རྩ་རྒྱུད་ལས་གསུངས་དཔུང་བཟང་གིས། །ཞུས་ལས་མཚམས་མེད་ལྔ་དང་ཉེ་བ་ལྔ། །སྙིང་ནས་དཀོན་མཆོག་གནོད་བྱེད་བཅུ་གཅིག་གོ །ཞེས་བསྡོམས་པས་བྱ་རྒྱུད་ལ་རྩ་ལྟུང་བཅུ་དྲུག་བཤད་ཅིང་། དེའི་ཤེས་བྱེད་དུ་དཔུང་བཟང་གིས་ཞུས་པ་ལས། གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང་། །ཞེས་པ་ནས། ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །ཞེས་དང་། མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཅེས་པ་ནས། གསང་སྔགས་དངོས་གྲུབ་སྒྲུབ་ཀྱང་ཡོངས་མི་འཐོབ། །ཅེས་སོགས་འདྲེན་པར་བྱེད་དོ། །སྔ་མར་བྱང་སྡོམ་གྱི་དབང་དུ་བྱས་ཀྱང་རྩ་ལྟུང་འབྱུང་ལ། རྩ་ལྟུང་ཡིན་པའི་སྒྲུབ་བྱེད། ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །ཞེས་པ་དང་། དངོས་གྲུབ་མི་འགྲུབ་པར་གསུངས་པ་ཙམ་ཤེས་བྱེད་དུ་མི་འགྲོ་སྟེ་དཔུང་བཟང་གི་ལུང་དེའི་འཕྲོར། བྱ་རོག་ལ་སོགས་གཟེབ་ཀྱིས་བཅིང་བྱས་ན། །འདི་དང་ཕ་རོལ་ཏུ་ཡང་འགྲུབ་མི་འགྱུར། །ཞེས་དང་། རྟ་རྒྱུག་ལྕག་འཇུ་གློ་རྡེབ་རྣམས་མི་བྱ། །གང་ཞིག་སེམས་ཅན་ན་དང་སྡུག་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོ་མེད་པ་དང་། །ལས་དེ་རྣམས་དང་ལྡན་པར་གྱུར་པ་དེ། །དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས། བྱ་རོག་གཟེབ་ཏུ་བཅུག་པ་དང་། རྟ་ལྕག་གིས་བྲབ་པས་ཀྱང་རྩ་ལྟུང་འབྱུང་བར་འགྱུར་རོ། །དེར་མ་ཟད་ཉན་ས་ལས། མཚམས་མེད་པའི་ལས་ལྔ་པོ་དེ་དག་བྱས་ཤིང་བསགས་ལ་ཡོངས་སུ་མ་སྤངས་ན་ཡོངས་སུ་མྱ་ངན་ལས་འདའ་ཞིང་འཕགས་པའི་ལམ་ཐོབ་པའི་སྐལ་བ་མེད་པས་ན་དེའི་ཕྱིར་དེ་དག་ནི་ལས་ཀྱི་མཐའ་ལོག་པ་ཞེས་བྱའོ། །ཞེས་དང་། མཛོད་ལས། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་མཚམས་མེད་བསགས་ལ་མ་སྦྱངས་པའི་རྟེན་དེར་མྱང་འདས་ཐོབ་མི་སྲིད་པར་གསུངས་ལ་དེ་སྤྱིར་བཏང་ཡིན་པས། ཁྱོད་ལྟར་ན་མཚམས་མེད་ཡིན་ཚད་རྩ་ལྟུང་ཡིན་དགོས་པ་དང་། སངས་རྒྱས་ཀྱིས་སྡོམ་པ་བླངས་མ་བླངས་ཐམས་ཅད་ལ་ཁྱད་མེད་པར་རྩ་ལྟུང་དུ་བཅས་པར་ཁས་ལེན་དགོས་པར་འགྱུར་རོ། །འཇམ་དཔལ་རྩ་རྒྱུད་ལས། ཀྱེ་རྒྱལ་བའི་སྲས་དེའི་ཕྱིར་ངས་འདིར་ཆད་པར་ལྟ་བ་དང་། དཀོན་མཆོག་གསུམ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་སྤོང་བ་དང་། དབང་བསྐུར་བ་སྤོང་བ་དང་། བླ་མ་ལ་འཁུ་བ་ཞེས་བྱ་བ་ལྔ་པོ་འདི་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཆོས་དེ་དག་ལས་གང་ཡང་རུང་བ་ཞིག་སྤྱོད་ན། དེ་སླར་སྦྱང་བ་མ་བྱས་ན་སྔགས་པའི་ཐ་སྙད་མེད་ཅིང་། དངོས་གྲུབ་ཀྱི་ས་བོན་ཉམས་པ་དང་། ཚིག་པ་དང་རུལ་བར་བརྗོད་དོ། །ཅིའི་ཕྱིར་རྩ་བའི་ལྟུང་བ་ཞེས་བྱ་ཞེ་ན་ཇི་ལྟར་ཤིང་ལྗོན་པ་རྩ་བ་ནས་ཆད་ཅིང་སྐམ་པ་ན་ཡན་ལག་དང་ཉིང་ལག་ཐམས་ཅད་བསྐམ་པར་བརྗོད་པ་དེ་བཞིན་དུ་ཆོས་ལྔ་པོ་འདི་དག་སྤྱད་ནའང་། བཟླས་པ་དང་། བསྡམ་པ་དང་། གཙང་སྦྲ་ལ་སོགས་པའི་ཆོས་རྣམས་འབྲས་བུ་ཁྱད་པར་ཅན་མི་སྐྱེད་ཅིང་། བསྐམས་པས་ན་རྩ་བའི་ལྟུང་བར་བརྗོད་དོ། །ཞེས་དྲངས་པ་ནི་ཤིན་ཏུ་གསལ་ཡང་། རྗེའི་ལེགས་བཤད་རྡོ་རྗེའི་རི་བོ་ལ་སྡང་ཞུགས་ཀྱིས་སེན་མོས་མ་ཚུགས་པ་ན་བྱ་ཐབས་ཟད་ནས་རང་གི་རྗེས་འཇུག་རྨོངས་ཞེན་ཅན་རྣམས་མགོ་བོ་སྐོར་བའི་ཕྱིར་སེན་མོ་གས་པའི་ཁྲག་གིས་བྲག་ལ་རི་མོ་བྲིས་པ་ལྟ་བུར་རྫུན་ལུང་བཅོས་མ་གསར་དུ་བསྒྲིགས་པར་སྣང་གི །འཇམ་དཔལ་རྩ་རྒྱུད་ན་ལུང་དེ་མེད་དོ། །རྗེའི་གསུང་རྣམས་ལ་ཉེས་པར་བཤད་པའི་ཕུང་པོ་ཡིན་ནོ་ཞེས་སྐུར་བ་འདེབས་ཤིང་། རང་ལ་བློ་རྩེ་མེད་བཞིན་དུ་རྫུན་གྱིས་དགག་པ་བྱེད་ཚུལ་འདི་ལ་བལྟས་ན། ཀུན་གཟིགས་ལྔ་པ་ཆེན་པོའི་ཚེ་བདག་འཁྲུལ་སྤོང་ལས། ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས། །གྲགས་སྙན་གཡུ་འབྲུག་སྔོན་མོའི་སྐད་ལ་ཟ། །རྟར་རྡོག་སྐམ་པོ་འདིས་ཀྱང་དེ་འདྲའི་མཚན། །འཛིན་པ་ཕལ་གྱི་དགོངས་མཐིལ་མཛུབ་མོས་ལོན། །ཞེས་གསུངས་པ་བཞིན་ཕྱོགས་ལྷུང་གིས་འུད་བརྒྱབ་སྟེ་མཁས་པའི་གྲགས་པ་ཆེ་བ་ལས་ཕུ་ཐག་ཐུང་བར་སྣང་ངོ་། །དཔལ་སྒང་བས་ཀྱང་འདིའི་རྫུན་ལུང་གི་རྗེས་དེར་རྟོག་དཔྱོད་མེད་པར་ཧབ་རྒྱུག་བྱས་སྣང་། དེ་བཞིན་དུ་ཞྭ་དམར་དྲུག་པ་ལ་སྨན་ཐང་དཀོན་མཆོག་ལྷུན་གྲུབ་ཀྱིས་ཐག་རྒྱ་མ་ཨེ་རུང་དྲིས་པར། རུང་བའི་ཤེས་བྱེད་འདུལ་བ་ལུང་གི་ཡིན་ཟེར་བ་ཤོག་བྱང་གཉིས་ཙམ་དྲངས་པ་ལ། ཁོང་ཐེ་ཚོམ་ཟོས་ཏེ་ལུང་སྡེ་བཞི་ཀུན་ཏུ་ཞིབ་མོར་བཙལ་ཡང་མ་རྙེད་པས། ཞྭ་དམར་དྲུག་པ་ཁོ་རང་གི་བསྙེན་རྫོགས་ཀྱི་སློབ་དཔོན་ཡིན་ཀྱང་ཞེན་པ་ལོག་སྟེ། དཔོན་སློབ་ཐམས་ཅད་མཁྱེན་པ་ནི་གནང་རྒྱུ་མང་ཞེས་སྐུར་བ་བཏབ་པའི་ལོ་རྒྱུས་ལྟ་བུ། ཁོང་རྣམས་ལྟ་བ་མཐོ་དྲགས་ཏེ་གང་ཤར་ཆོས་སྐུའི་ཡོ་ལང་དུ་སོང་བས་ཅི་བྱས་ཀྱང་ཆོག་པ་དེ་འདྲའི་ཕྱག་ལེན་རང་ཅག་རི་བོ་དགེ་ལྡན་པ་ལ་མ་ཚུགས་པ་ནི་རྗེ་བླ་མའི་བཀའ་ཁྲིམས་དྲང་པོ་འདི་འབའ་ཞིག་གི་བཀའ་དྲིན་ཡིན་ནོ། །འདི་དག་བྱ་རྒྱུད་ལ་རྩ་ལྟུང་ཡོད་པའི་ཁུངས་ཇོ་བོའི་དམ་ཚིག་བསྡུས་པ་སོགས་ལ་བརྟེན་པར་སྣང་ཡང་། དེར་གྲངས་ཙམ་ལའང་འཁྲུལ་ཞིང་ཁུངས་འདྲེན་ཚུལ་གྱིས་ཀྱང་ཇོ་བོའི་མིན་པར། རྩ་ལྟུང་རྣམ་བཤད། མཁས་གྲུབ་རྗེས་རྒྱུད་སྡེ་སྤྱི་རྣམ་སོགས་སུ་གསུངས་པ་ལྟར་ཡིན། བོ་དོང་པཎ་ཆེན་གྱི་རྒྱུད་སྡེ་སྤྱི་རྣམ་དུ་དེ་ཇོ་བོའི་ཡིན་པ་གཞིར་བཞག་སྟེ་བུ་སྟོན་ལ་དགག་པ་ཞིག་ཀྱང་བྱས་འདུག་རུང་དོན་དུ་མི་སྣང་ཞིང་། ཁོང་རང་གིས་བསླབ་བྱ་དགུ་ལས་ལོགས་པའི་རྩ་ལྟུང་དགུར་བཤད་ནའང་། འདྲེན་དུས་བརྒྱད་ལས་མ་བྱུང་འདུག་གོ །སྤྱོད་རྒྱུད་ལའང་སྔ་རབས་པ་མང་པོ་དང་། དཔལ་སྒང་བ། པད་དཀར་སོགས་ཀྱིས། དམ་ཆོས་སྤོང་བ། བྱང་ཆུབ་ཀྱི་སེམས་སྤོང་བ། སེར་སྣས་ནོར་མི་གཏོང་བ། སེམས་ཅན་ལ་འཚེ་བའི་རྩ་ལྟུང་བཞི་དང་། མི་དགེ་བཅུ་ལ་ཞུགས་པའི་རྩ་ལྟུང་བཅུ་སྟེ་བཅུ་བཞིར་བྱེད་ཅིང་། དེ་རྣམ་སྣང་མངོན་བྱང་གི་དོན་དུ་སྨྲའོ། །དང་པོ་ནམ་སྙིང་གི་མདོ། གཉིས་པ་ཐབས་ལ་མཁས་པའི་མདོ། གསུམ་པ་དང་བཞི་པ་བྱང་ས་ལས་རྩ་ལྟུང་དུ་གསུངས་ཏེ་བྱང་སྡོམ་གྱི་སྤང་བྱའི་རྩ་ལྟུང་ཡིན་པས། སྔགས་ཀྱི་ཐུན་མོང་མ་ཡིན་པ་ཞིག་དེའི་གྲངས་སུ་མེད་དོ། །མི་དགེ་བཅུ་ལ་ཕམ་པར་སྨྲ་བའང་ལུང་དོན་གྱི་དམིགས་འབྱེད་ཚུལ་མ་ཤེས་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཀྱི་སྡོམ་པ་ཉམས་པ་དང་ཤིན་ཏུ་རྩ་བ་ནས་ཆད་པར་འགྱུར་བ་ཞེས་སོགས་ཀྱི་བྱང་ཆུབ་སེམས་དཔའི་མི་དགེ་བཅུ་སྤོང་གི་སྡོམ་པའི་ཚུལ་ཁྲིམས་དེ་ཉམས་བྱེད་ཀྱི་རྩ་ལྟུང་གང་ཡིན་དྲིས་པ་ལ། སྔར་གྱི་རྩ་ལྟུང་བཞི་གསུང་སྟེ། རྟེན་གྱི་གང་ཟག་སོ་ཐར་གྱི་སྡོམ་ལྡན་ཡིན་ན་དེས་སྡོམ་པ་ཉམས་པ་ཙམ་དུ་བྱེད་པ་དང་། མིན་ན་དེ་བྱུང་བའི་ཚེ་སྡོམ་པ་གང་ཡང་ཤུལ་དུ་ལུས་རྒྱུ་མེད་པས་རྩ་བ་འཆད་པར་གསུངས་པ་ཡིན་གྱི། སྔ་མ་བཞི་ལས་ལོགས་སུ་གྱུར་པའི་རྩ་ལྟུང་མང་པོ་ཞིག་གསུངས་པ་མ་ཡིན་པའི་ཕྱིར། རྩ་ལྟུང་རྣམ་བཤད་ལས། སྔ་མ་ཡིན་ན་རྩ་ལྟུང་བཞིས་བྱང་སེམས་ཀྱི་དགེ་བཅུའི་སྡོམ་པ་ཉམས་ཀྱང་སོ་ཐར་གྱི་སྡོམ་པ་ཡོད་ལ། ཕྱི་མ་ཡིན་ན་སྡོམ་པ་གཉིས་གང་ཡང་མེད་པས་རྩ་བ་ནས་ཆད་པ་ཞེས་དགོངས་པར་གསུངས་སོ། །ཞེས་མི་དགེ་བཅུ་སྤོང་གི་སྡོམ་པ་ཉམས་བྱེད་ཀྱི་རྩ་ལྟུང་ཞིག་གསུངས་པ་ལ་མི་དགེ་བཅུ་རྩ་ལྟུང་དུ་བཤད་པར་འཁྲུལ་བ་བློ་ཧ་ཅང་རྩིང་བ་ཡིན་ཏེ། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བའི་དགེ་སློང་གི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་བཞི་བཤད་པ་ལ། དགེ་སློང་གི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་གོ་བ་དང་ཁྱད་པར་མེད་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་འདྲེན་ཚུལ་གཞན་ཕྱོགས་པ་ཕལ་ཆེར། རིགས་སོ་སོ་ལ་དཀོན་མཆོག་གསུམ་དང་། རྡོ་དྲིལ་སློབ་དཔོན་གསུམ་དང་། སྦྱིན་པ་བཞི་དང་། ཆོས་གསུམ་དང་། མཆོད་པ་སྟེ་བཅུ་བཞི་ཡོད་པ་དེ་ལས་འདས་པའི་རྩ་ལྟུང་བཅུ་བཞི་ཟེར་ཞིང་། དེའི་ཤེས་བྱེད་དུ་དེ་ཉིད་བསྡུས་པའི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ཡང་། སེམས་བསྐྱེད་པའི་ཟློག་ཕྱོགས་དང་ཕྱག་རྒྱ་སྤངས་པ་གཉིས་མ་བགྲང་བས་རང་གི་གཏན་ཚིགས་རང་གིས་བསལ་བ་ཡིན་ནོ། །ཡང་པད་དཀར་སོགས་ཁ་ཅིག་དཀོན་མཆོག་གསུམ་སྤངས་པ་གཅིག་ཏུ་བྱས་ཏེ། ཕྱག་རྒྱ་སྤངས་པ་དང་། ལས་ཀྱི་དམ་ཚིག་སྤངས་པ་གཉིས་བསྣན་ནས་གཞན་སྔར་བཞིན་བྱས་ཏེ་བཅུ་བཞི་ཡིན་ཟེར་ཡང་། སེམས་བསྐྱེད་སྤངས་པ་མ་བགྲང་བས་རང་གི་སྒྲུབ་བྱེད་དང་འགལ་བ་སོ་ན་གནས་སོ། །དེར་མ་ཟད་སྡོམ་པ་བསྒྲགས་པའི་སྐབས་སུ། རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །ཞེས་པ་ནས། མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་པའི་འཕྲོ་དེ་མ་ཐག །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །ཅེས་རིགས་སོ་སོའི་དམ་ཚིག་དེ་ལས་གཞན་པ་སྤྱིའི་དམ་ཚིག་རྩ་ལྟུང་བཅུ་བཞི་བསྲུང་བ་སོགས་དགོས་ཞེས་པ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར། གཞན་དག་རྣམས་དེའི་ལུང་དོན་ཡང་རིགས་ལྔའི་དམ་ཚིག་གོང་དུ་བསྟན་པ་དེ་ལས་གཞན་པ་སྟེ། དེ་ལས་འདས་པའི་རྩ་ལྟུང་བཅུ་བཞི་ཞེས་པ་ཡིན་ཟེར་ཡང་མི་འཐད་དེ། ཤཱནྟི་པ་དང་རྒྱལ་བ་བཟང་པོའི་གསང་བདེ་གཉིས་ཀྱི་དཀྱིལ་ཆོག་ཏུ་སྡོམ་པ་བསྒྲགས་པ་རྩེ་མོའི་འདི་བཞིན་བྱས་པས་བླ་མེད་ཀྱི་སྐབས་སུའང་རིགས་སོ་སོའི་དམ་ཚིག་བཅུ་བཞི་པོ་དེ་ལས་འདས་པའི་རྩ་ལྟུང་བཅུ་བཞི་བཤད་པར་འདོད་དགོས་ལ། དེ་ལྟར་ན་སྤྱིར་བླ་མེད་ཀྱི་རྩ་ལྟུང་ཉེར་བརྒྱད་འཇོག་དགོས་པར་འགྱུར་ཏེ། དེ་ལས་གཞན་ཞེས་པ་ལ་བླ་མེད་དང་རྣལ་འབྱོར་རྒྱུད་ཀྱི་འགྲེལ་རྒྱག་ལུགས་མི་འདྲ་བ་གཉིས་བྱེད་ཚུལ་མེད་པའི་ཕྱིར། དེས་ན་རྣལ་འབྱོར་རྒྱུད་དང་བླ་མེད་གཉིས་རྩ་ལྟུང་བཅུ་བཞིའི་ཁོག་འདྲ་བར་རྩ་ལྟུང་རྣམ་བཤད་ལས་གསུངས་པའི་དོན་བསྡུས་ཏེ་གོ་སླ་བར་བརྗོད་ན། ཀ་མ་དྷེ་ནུའི་སྤྱོད་རྒྱུད་ཀྱི་འགྲེལ་པར། རལ་གཅིག་མ་སོགས་ཁྱད་པར་ཅན་ལ་སྨད་ན་རྩ་ལྟུང་བཅུ་བཞི་པར་འགྱུར། ཞེས་བླ་མེད་ཀྱི་སྐབས་བུད་མེད་སྤྱི་ཙམ་ལ་སྨད་པས་རྩ་ལྟུང་དུ་འགྱུར་བ་དེ་ལས་ཁྱད་འབྱེད་ཚུལ་གྱིས་གཞན་རྣམས་རྩ་ལྟུང་དུ་འཇོག་ལུགས་འདྲ་བར་གོ་ནུས་སོ། །དེ་བཞིན་དུ་དཔལ་མཆོག་ལས། དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཞེས་སོགས་ཀྱི་འགྲེལ་པར་ཕྱག་རྒྱ་སྤངས་པ་དང་དམ་ཆོས་སྨོད་པ་ལ་རྩ་ལྟུང་དུ་གསུངས་པའང་གཞན་རྣམས་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་དང་འོད་དཔག་མེད་ཀྱི་དམ་ཚིག་གི་དབང་དུ་བྱས་ཟེར་ཡང་། རང་ལུགས་རྩ་ལྟུང་བཅུ་གསུམ་པ་དང་དྲུག་པའི་དབང་དུ་བྱས་པ་ཡིན་ཞིང་ཁྱད་པར་དུ་སྔ་མ་ལ་ཕམ་པར་འགྱུར་ཚུལ་གསལ་བར་གསུངས་པའི་དགོས་པ་བླ་མེད་ལ་བདུད་རྩི་ལྔ་སོགས་ཀྱི་དམ་རྫས་སྨད་པས་ལྟུང་བ་དེར་འགྱུར་བ་ཡིན་ཀྱང་། སྐབས་འདིར་ལག་པའི་ཕྱག་རྒྱ་དང་རྡོ་དྲིལ་སོགས་ལ་དགོས་པ་མེད་ཅེས་སྤངས་ན་རྩ་ལྟུང་དུ་འགྱུར་བའི་ཁྱད་པར་འབྱེད་པའི་ཕྱིར་ཡིན་ནོ། །དེ་ལྟར་ན་དེ་གཉིས་ཀ་རིགས་ལྔ་སོ་སོའི་དམ་ཚིག་དང་། སྤྱིའི་དམ་ཚིག་གཉི་གའི་ནང་དུ་ཡོད་པར་འདྲའང་། འདིར་སྤྱིའི་དམ་ཚིག་གི་གྲངས་འདྲེན་དེའི་དབང་དུ་བྱས་པ་ཡིན་ཏེ། འདིའི་དཀྱུས་སུ་ཕུང་པོ་སྨོད་པ་དང་། བྱང་སེམས་གཏོང་བའང་གསུངས་ལ། དེ་སྤྱིའི་དམ་ཚིག་གི་གྲངས་ཡིན་པའི་ཕྱིར་དང་། ཤཱནྟི་པ་སོགས་དུ་མས་བླ་མེད་ཀྱི་སྐབས་སུའང་དཔལ་མཆོག་གི་ལུང་དེ་དག་སྡོམ་པ་སྒྲོག་བྱེད་དུ་བྱས་པའི་ཕྱིར་རོ། །སྔར་བཤད་པའི་དམིགས་བསལ་གཉིས་པོ་དེ་ཙམ་མ་གཏོགས་རྒྱུད་གཉི་ག་རྩ་ལྟུང་འཇོག་མཚམས་འདྲ་ཞིང་། བླ་མེད་ཀྱི་བཤད་པ་གྲགས་ཆེ་བས་མཁས་པ་མི་གསུམ་སོགས་ཡོ་གའི་སློབ་དཔོན་རྣམས་ཟུར་བཤད་མ་མཛད་པ་ཡིན་གྱི། བླ་མེད་དང་གཏན་མི་འདྲ་བ་ཞིག་ཡོད་ན་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་ལས་གལ་ཆེ་བ་མེད་པས། དེའི་བཅས་མཚམས་ཡན་ལག་གང་དགོས་སོགས་གསལ་བར་གསུངས་རིགས་ལ། མ་མཐའ་འང་རྐང་གྲངས་ཆ་ཚང་བ་ཞིག་མི་གསུང་ཚུལ་མེད་པའི་ཕྱིར་རོ། ། ― GTD001_Page_0054 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླ་མེད་ཀྱི་སྡོམ་པའི་སྤང་བྱ་རྩ་ལྟུང་གི་གྲངས་འདྲེན་ཙམ་ལ་མི་མཐུན་པ་མེད་ཅིང་། ནང་གསེས་ཀྱི་འདོད་ཚུལ་ཅི་རིགས་འབྱུང་བ་སྨོས་ཀྱིས་མི་ལང་བས་རྗེའི་གསུང་རབ་ལས་ཤེས་དགོས། ཐོབ་དུས་ལ་དཔྱད་པ་གོང་དུ་སོང་ཟིན་པས། འདིར་ཕ་རོལ་པོ་རྣམས་སྡོམ་པའི་ངོ་བོ་བདེ་སྟོང་གི་ཡེ་ཤེས་སུ་སྒྲུབ་ཚུལ་ལ་དཔྱད་ན། དེ་དག་དེའི་ཤེས་བྱེད་དུ་བརྟག་གཉིས་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་འདྲེན་པ་ནི་སྡོམ་པ་ཞེས་པའི་ཚིག་ཙམ་ལ་འཆེལ་བའི་གྱི་ན་སྟེ། དེའི་དོན་ནི། ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ལ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་དགོས་ཤིང་། དེའང་། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཞེས་སོགས་ལྟར་ལུས་ཀྱི་གནད་ཆེ་བ་རྩ་འཁོར་གྱི་གནས་སོ་སོ་དང་། ཁྱད་པར་དུ། རྣལ་འབྱོར་མ་ལུས་དབུས་སུ་ནི། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཞེས་གཏུམ་མོ་ལམ་གྱི་རྨང་རྡོར་བྱེད་པའི་ལུགས་འདིར་དང་པོར་ལྟེ་བའི་གནས་སུ་སྡོམ་དགོས་ལ། སྡོམ་ཚུལ་ལྟེ་བའི་གཏུམ་མོ་སྦར་བས་སྤྱི་བོའི་ཧཾ་ཡིག་ཞུ་སྟེ་ཨ་ཧཾ་ངམ་དཔྱིད་དང་ཐིག་ལེ་གཉིས་གནས་དེར་གཅིག་ཏུ་སྡོམ་པ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་ཟུང་དུ་འཇུག་ཚུལ་དང་། དེ་ལས་སྐྱེས་པའི་བདེ་ཆེན་དང་སྟོང་པ་ཉིད་གཉིས་དབྱེར་མེད་དུ་སྡོམ་པ་ལམ་གྱི་ཨེ་ཝཾ་དང་། དེ་ཉིད་བཞོན་པའི་རླུང་དང་བཅས་པ་ལས་གྲུབ་པའི་སྐུ་ཐུགས་ངོ་བོ་གཅིག་ཏུ་སྡོམ་པ་འབྲས་བུའི་ཨེ་ཝཾ་དུ་འགྱུར་ཞེས་པ་ཡིན་གྱི། སྡོམ་པའི་ཚུལ་ཁྲིམས་བཤད་པ་མ་ཡིན་པའི་ཕྱིར། སྡོམ་པ་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་སྡོམ་པར་འགྲུབ་ན། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་དང་། ཆོས་ཀྱི་མིང་ནི་སྡོམ་པའང་འདི། །ཞེས་གསུངས་པས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་སོགས་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའང་བྱང་ཆུབ་སེམས་དཔའི་སྡོམ་པར་ཁས་ལོངས་ཤིག །དེ་ནང་པའི་གྲུབ་མཐའི་གནད་ཀུན་དེར་འདུས་པ་ལ་བྱེད་པས་མི་འདྲ་སྙམ་ན། འདིར་སྡོམ་ཞེས་པའང་ཐེག་པ་གསུམ་གྱི་ལུང་རྟོགས་ཀྱི་ཆོས་ལམ་དང་འབྲས་བུ་ཐམས་ཅད་བྱེད་ལས་ཀྱི་སྒོ་ནས་དེར་འདུས་པ་ལ་སྡོམ་པ་ཞེས་པ་ཡིན་ཏེ། བརྟག་གཉིས་རྣམ་བཤད་མཁའ་འགྲོའི་གསང་མཛོད་ལས། དེ་ལྟར་ལྷན་སྐྱེས་ཀྱི་བདེ་ཆེན་གྱི་ངོ་བོར་སྡོམ་པ་དེར་ཐེག་པ་གཞན་གྱི་ལམ་གྱི་གནད་ཐམས་ཅད་བྱེད་ལས་ཀྱི་སྒོ་ནས་འདུས་ཤིང་སྡོམ་པར་འཕགས་པའི་བདེན་པ་བཞི་དང་། སྡེ་པ་བཞིའང་འཁོར་ལོ་བཞི་དང་སྦྱར་བས་བསྟན་ནོ། །ཞེས་དང་། ལམ་གྱི་གནད་ཐམས་ཅད་བྱེད་ལས་ཀྱི་སྒོ་ནས་འདུ་བར་འགྱུར་རོ་ཞེས་བསྟན་པའི་རྒྱུད་དོན་འཆད་ཚུལ་རྡོ་རྗེ་འཆང་རང་ཉིད་དང་དབྱེར་མ་མཆིས་པའི་རྗེ་ཐམས་ཅད་མཁྱེན་པའི་གསུང་ངག་འདི་ལྟ་བུ་གོ་ན་བློ་གྲོས་དང་ལྡན་པ་དག་གི་ཡིད་རང་དབང་མེད་པར་དགའ་བ་རྒྱས་པའི་གཞན་དབང་དུ་ཅིའི་ཕྱིར་མི་འགྱུར། ཞེས་གསུངས་པ་ལྟར་ཡིན་པས། རྗེས་འཇུག་བློ་ལྡན་ཡོད་ན་ཚུལ་འདི་དག་གིས་ཀྱང་རྗེ་བླ་མ་རྗེས་སུ་དྲན་པར་བྱ་དགོས་སོ། །ལམ་དང་འབྲས་བུའི་རྣམ་གཞག་ལའང་། སློབ་དཔོན་འཇམ་དཔལ་གྲགས་པས་སྙིང་པོ་རྒྱན་ལས་གསུངས་པ་ལྟར། ཁ་ཅིག་བསྐྱེད་རིམ་ནི་དབང་རྟུལ་ཁ་འཁྲིད་བྱེད་ཙམ་ཡིན་པའི་མཆོག་སྒྲུབ་བྱེད་རྫོགས་རིམ་གྱིས་ཆོག་ཟེར་བ་དང་། ཁ་ཅིག་སྟོང་ཉིད་བཤད་པ་གནས་སྐབས་ཀྱི་ལོག་རྟོག་འགོག་ཆེད་ཙམ་ཡིན་པས་སངས་རྒྱས་ཐོབ་པ་ལ་བསྐྱེད་རིམ་གྱིས་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་རང་ལྷར་བསྒོམ་པས་ཆོག་ཟེར་བ་སོགས་མི་འཐད་པ་མང་ལ། རིམ་གཉིས་ཡ་བྲལ་མི་རུང་བ་ཙམ་སྔར་ནས་གྲགས་ཆེའང་། དེའི་རྩ་བ་མཐར་ཐུག་བདེན་གཉིས་ཡ་བྲལ་དུ་མ་སོང་བ་འདི་ལ་ཐུག་ནའང་། རྗེ་བླ་མ་མ་བྱོན་གོང་དུ་དེ་གཉིས་ཐགས་མཁན་གྱི་རྐང་སྟབས་བཞིན་རེས་འཇོག་ཁོ་ནར་སོང་བས། ལམ་གྱི་ལུས་གཞན་ལའང་ངེས་པ་གཏིང་ཚུགས་པ་ཤིན་ཏུ་དཀའ་བར་བྱུང་ངོ་། །རྗེ་ཉིད་ནས་ཟབ་མོའི་ལྟ་བ་དག་ཐེར་མཛད་པ་དེའི་ཤུགས་ཀྱིས་རྡོ་རྗེ་ཐེག་པའི་ལམ་གྱི་གནད་ཐམས་ཅད་ཀྱང་ལེགས་པར་འགྲིགས་པ་དཔེར་ན་རྨང་གཞི་བདེ་བ་ལ་མཁར་བརྩིགས་པ་ལྟ་བུར་བྱུང་བ་ཡིན་ནོ། །སྔགས་ལམ་གྱི་རྩ་བ་ཡང་དག་པའི་ལྟ་བ་ལ་ཐུག་པ་ནི་འཇམ་དཔལ་རྩ་རྒྱུད་ལས། ཆོས་གཅིག་ཡང་དག་པར་བསམས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་གསུངས་ལ། ངན་སོང་སྦྱོང་རྒྱུད་དང་། སྒྲོན་གསལ་ལེའུ་བཅོ་ལྔ་པའི་མཚམས་སྦྱོར་སོགས་སུའང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡང་དག་པའི་ལྟ་བ་ལ་རག་ལས་པར་གསུངས་སོ། །སྔགས་ལམ་ཡང་གོང་འོག་ཉི་ཚེ་བ་ཙམ་མ་ཡིན་པར་རྒྱུད་སྡེ་རབ་འབྱམས་ལ་སྦྱང་བ་མཐར་ཕྱིན་ནས་བཤད་སྒྲུབ་ཀྱིས་གསལ་བར་མཛད་པ་ཡིན་ཏེ། ཉིད་ཀྱི་རྟོགས་པ་བརྗོད་པ་ལས། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་། །དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །གསང་བ་སྤྱི་རྒྱུད་ལེགས་པར་འགྲུབ་པ་དང་། །དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི །རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །ཞེས་སོགས་སོ་སོའི་ཐད་དུ་གསུངས་པ་བཞིན་རྒྱུད་སྡེ་བཞི་གའི་དབང་ལུང་ཁྲིད་མན་ངག་གར་ཐིག་དབྱངས་རྟ་ཚུན་ཆད་ཆ་ཕྲ་མོ་ཙམ་ཡང་མ་ལུས་པར་ཁྱུང་པོ་ལྷས་པ་དང་། རྗེ་བཙུན་རེད་མདའ་བ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཆོས་ཀྱི་དཔལ་བ། གྲགས་པ་བྱང་ཆུབ་སོགས་རྡོ་རྗེ་སློབ་དཔོན་དུ་མ་ལས་གསན་ཅིང་། རྒྱུད་དང་རྒྱུད་འགྲེལ་ཐམས་ཅད་ལ་སྦྱངས། དེ་དག་གི་དགོངས་པའི་དོན་ཐོག་མར་རང་རང་གི་དབང་རྣམ་པར་དག་པ་མནོས་ཏེ་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་གཞིར་བྱས་པའི་སྟེང་ནས་བྱ་རྒྱུད་རིགས་གསུམ་གྱི་ལམ་རྣམས་ལྷ་དྲུག་གི་རྣལ་འབྱོར་དུ་བསྡུས་ནས་ཉམས་སུ་ལེན་ཚུལ་བསམ་གཏན་ཕྱི་མའི་མན་ངག་ཇི་ལྟ་བ་དང་། སྤྱོད་རྒྱུད་ཀྱི་ལམ་རྣམས་རྣམ་སྣང་མངོན་བྱང་གི་དགོངས་པ་སངས་རྒྱས་གསང་བས་བཀྲལ་བ་ལྟར། ཕྱི་ནང་གི་ཡན་ལག་བཞི་བཞིས་བཟླས་བརྗོད་བྱེད་ཚུལ་མཚན་མེད་ཀྱི་རྣལ་འབྱོར་དང་བཅས་པར་སློབ་ཚུལ་དང་། རྣལ་འབྱོར་རྒྱུད་ཀྱི་ལམ་མཚན་བཅས་ལྷའི་རྣལ་འབྱོར་དང་པོ་སྦྱོར་བ་སོགས་ཏིང་འཛིན་གསུམ་གྱིས་བསྡུས་ཚུལ་ཅུང་སླའང་། མཚན་མེད་ཀྱི་རྣལ་འབྱོར་ཟབ་མོའི་དོན་སྒོམ་ཚུལ་མི་གསལ་བས་ཤིན་ཏུ་རྟོགས་དཀའ་བ་དེ། པཎ་ཆེན་སངས་རྒྱས་གསང་བས་རྩ་རྒྱུད་དེ་ཉིད་བསྡུས་པ་དང་བཤད་རྒྱུད་རྡོ་རྗེ་རྩེ་མོ་གཉིས་སྦྱར་ཞིང་། ཆ་མཐུན་གྱི་རྒྱུད་དུ་མས་ཁ་བསྐངས་ཏེ་འགྲེལ་པ་ཨ་བ་ཏ་ར་ནས་གསལ་བར་གསུངས་ཤིང་། ཀུན་དགའ་སྙིང་པོའི་དཔལ་མཆོག་འགྲེལ་ཆེན་དང་། ཤཱཀྱ་བཤེས་གཉེན་གྱི་ཀོ་སཱ་ལའི་རྒྱན་དུའང་ཏིང་འཛིན་སྒྲུབ་ཚུལ་སོགས་སྒོམ་རིམ་ཐ་མ་བཞིན་གསལ་བར་གསུངས་པའི་ཚུལ་མཐའ་དག་གུང་བསྒྲིགས་ཏེ་རྒྱུད་དོན་ཉམས་སུ་ལེན་ཚུལ་ཆ་ཚང་བ་དང་། བླ་མེད་ཀྱི་ལམ་རྣམས་རིམ་པ་གཉིས་སུ་བསྡུས་ཏེ་སློབ་ཚུལ། སོ་སོའི་གེགས་སེལ་བོགས་འབྱིན་སྤྱོད་པ་དང་བཅས་པ། རང་རང་གི་ལག་རྗེས་ཐུན་མོང་མ་ཡིན་པའི་འགྲུབ་ཚུལ་སོགས་རྒྱུད་ཀྱི་དོན་ཐམས་ཅད་ལུང་དང་རིགས་པ་ཉམས་མྱོང་གསུམ་གྱི་རྐྱ་བར་ནས་བཏོན་ཏེ་ཇི་ལྟ་བ་བཞིན་ཐུགས་སུ་ཆུད། སྔ་མ་རྣམས་ཀྱིས་མ་རྟོགས་ལོག་རྟོག་གི་དྲི་མས་སྦགས་པ་ཐམས་ཅད་དྲུངས་ཕྱུང་སྟེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཀུན་ཏུ་གསལ་བར་མཛད་པ་ཡིན་ནོ། ། ― GTD001_Page_0055 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་རྒྱས་པར་བཤད་པ་ལ། ཕ་རྒྱུད་ཀྱི་ལམ་གྱི་སྙིང་པོ་སྒྱུ་ལུས་ཀྱི་རྣམ་གཞག་གསལ་བར་མཛད་ཚུལ། མ་རྒྱུད་ཀྱི་ལམ་གྱི་སྙིང་པོ་འོད་གསལ་གྱི་རྣམ་གཞག་གསལ་བར་མཛད་ཚུལ། དེ་གཉིས་ངོ་བོ་གཅིག་ཏུ་སྦྱོར་བ་ཟུང་འཇུག་གི་རྣམ་གཞག་གསལ་བར་མཛད་ཚུལ་གསུམ། དང་པོ་ནི། བདེན་མེད་སྣང་སྟོང་ལྷ་སྐུ་སོགས། །ཕ་རོལ་ཕྱིན་དང་འོག་མར་ཡང་། །གྲགས་པ་ཙམ་ལས་འདུས་པའི་གནད། །བདག་བྱིན་བརླབ་སོགས་རིམ་པ་ཡི། །སྦས་དོན་སྣང་མེད་གྱུར་པ་ན། །རྒྱུད་དོན་འཕགས་པ་ཡབ་སྲས་ཀྱི། །དགོངས་པ་ཇི་བཞིན་གསལ་མཛད་དེ། །ཕ་རྒྱུད་ཀུན་གྱི་སྲོག་རྩ་བཟུང་། །ཞེས་བྱུང་། དེའང་གང་གི་དགོངས་པའི་གནད་ཕྱིན་ཅི་མ་ལོག་པར་རྟོགས་ན་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་སྟེར་བ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་དང་། རྒྱུད་སྡེ་ཀུན་གྱི་རྒྱལ་པོ། ཁྱད་པར་དུ་ཕ་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་ཕྱི་མོ་ལྟ་བུར་གྱུར་པ་ནི་དཔལ་གསང་བ་འདུས་པ་ཡིན་པར་གཟིགས་ཏེ། དེའི་གདམས་པ་ཇི་ལྟར་བཙལ་བའི་ཚུལ་ནི། མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ་ལས། རྗེ་བཙུན་དམ་པ་ཀུ་མཱ་ར་མ་ཏིའི་ཞལ་སྔ་ནས་དང་། བུ་སྟོན་ཞབས་ཀྱི་སློབ་མ་རྗེ་བཙུན་དམ་པ་ཁྱུང་པོ་ལྷས་པའི་ཞལ་སྔ་ནས་དང་། རྗེ་བཙུན་དམ་པ་ཆོས་ཀྱི་དཔལ་བ་གསུམ་ག་བསྡོམས་པ་ལ་བརྟེན་ནས་འཕགས་སྐོར་གྱི་ཆོས་སྐོར་རྣམས་བདག་གིས་ཡོངས་སུ་རྫོགས་པར་མནོས། ཞེས་གསུངས་པ་ལྟར། དེའི་གདམས་པ་ཕྱོགས་རེ་ཙམ་གྱིས་མ་ཚིམ་པར་བཤེས་གཉེན་དུ་མ་ལས་ཆ་ལག་ཡོངས་སུ་རྫོགས་པ་གསན། ཁྱད་པར་དུ་འདུས་པའི་ལམ་གྱི་དཀའ་བའི་གནད་ཤིན་ཏུ་སྦས་པའི་གསང་དོན་ཕྲ་ཞིང་ཕྲ་བ་རྣམས་ནི་མགོན་པོ་འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་པ་ལ་བརྟེན་ནས་ཐུགས་སུ་ཆུད་པའི་ཚུལ། རིམ་ལྔ་གསལ་སྒྲོན་ལས། གང་གི་འཕྲིན་ལས་གཟེགས་མའི་ཆ་ཤས་ཙམ། །སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ། །ཤིན་ཏུ་སྦས་དོན་ལྷང་ངེར་གསལ་མཛད་པ། །རྗེ་བཙུན་མཁྱེན་པའི་གཏེར། ཞེས་དང་། གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ། །མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ། །ཇི་བཞིན་གསལ་མཛད་འཇམ་དབྱངས་བླ་མ། ཞེས་གསུངས་པ་ལྟར་རོ། །འོ་ན་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཚུལ་དེ་ལྟར་ལ། ནང་གི་རྐྱེན་ཐོས་བསམ་མཛད་ཚུལ་ཇི་ལྟ་བུ་སྙམ་ན། རྟོགས་བརྗོད་ལས། སྨྲ་བའི་དམ་པ་ཀླུ་སྒྲུབ་འདི་སྐད་གསུང་། །རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །དེ་ལྟར་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི །མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་གཞག་སོགས། །འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ། །རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །སྒྲོན་མ་ལྟ་བུར་གསལ་བར་བྱེད་པ་ལ། །བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང་ནི། །ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །སྦྱངས་པས་འདུས་པའི་རིམ་གཉིས་སྤྱི་དང་ནི། །ཁྱད་པར་རྫོགས་པའི་རིམ་པའི་གནད་ཀུན་རྙེད། །ཅེས་གསུངས་ཏེ། འདུས་པའི་ལམ་སྤྱི་དང་ཁྱད་པར་རིམ་ལྔའི་མན་ངག་གི་གནད་མཐར་ཐུག་རྣམས་ཡོད་པའི་འབྱུང་ཁུངས་ལྟ་བུ་རྩ་རྒྱུད་ཡིན་ཀྱང་། དེར་གསང་རྒྱས་བཏབ་ནས་ཤིན་ཏུ་སྦས་པའི་ཚུལ་དུ་ཡོད་པ་བཤད་རྒྱུད་དང་མ་སྦྱར་བར་རྟོགས་མི་ནུས་ལ། རྩ་བཤད་སྦྱོར་ཚུལ་ཡང་བླ་མའི་མན་ངག་མེད་ན་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་ཀྱང་རང་དབང་དུ་ཤེས་མི་ནུས་ཏེ། རིམ་ལྔ་ལས། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེའང་རྒྱུད་རྡོར་འཕྲེང་ལས་རྡོར་བཟླས་རྒྱུད་སྡེ་འོག་མ་གསུམ་དུ་སྦས་པར་གསུངས་པ་ལྟ་བུ་མ་བསྟན་པའི་སྦས་པ་ནི་རྒྱུད་དེར་བཙལ་ཡང་རྙེད་རྒྱུ་མེད་ལ། འདི་ནི་རྒྱུད་ཀྱི་ནང་དུ་ཆ་ཚང་བར་བསྟན་ཡོད་ཀྱང་བླ་མ་ལ་ལྟོས་པའི་ཕྱིར་དུ་མི་མངོན་པར་བྱས་པའི་སྦས་པ་ཡིན་པས་མན་ངག་གིས་ཀྱང་རྒྱུད་ཀྱི་ནང་ན་མི་མངོན་པའི་ཚུལ་དུ་ཡོད་པ་དེ་གསལ་བར་བྱེད་པ་ཡིན་པར་གོ་དགོས་ཀྱི། རྒྱུད་ན་མེད་པའི་ཟབ་གནད་གཅེས་དགུ་སྟོན་བྱེད་ཀྱི་མན་ངག་གཅིག་ལོགས་ན་ཡོད་པར་གོ་བ་ནི་རྒྱུད་ལ་གུས་པ་སྐྱེ་བའི་གེགས་ལོག་རྟོག་ཆེ་ཤོས་ཡིན་པར་གསལ་སྒྲོན་ལས་གསུངས་སོ། །མན་ངག་གི་སྐད་དོད་ཨུ་པ་དེ་ཤ་ཞེས་པ་ཉེ་བར་རྟོགས་པར་བྱེད་པའམ། བདེ་བླག་ཏུ་རྟོགས་པར་བྱེད་པ་ཞེས་པ་ཡིན་པས། མདོར་བྱས། རིམ་ལྔ། སྤྱོད་བསྡུས། སྒྲོན་གསལ་སོགས་ཀྱང་རྗེ་ཡབ་སྲས་ལྟ་བུ་ལ་མན་ངག་གི་མཆོག་ཏུ་འགྲོའང་། དེང་དུས་ཀྱི་གདུལ་བྱ་རྣམས་དེའི་སྒོ་ནས་ཀྱང་རྒྱུད་དོན་བདེ་བླག་ཏུ་རྟོགས་མི་ནུས་པས། དེ་དག་གིས་རྗེའི་གསུང་རབ་རིམ་ལྔ་གསལ་སྒྲོན། རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག །རྣམ་གཞག་རིམ་པའི་རྣམ་བཤད་སོགས་དང་། སྒྲོན་མ་གསལ་བའི་དོན། དཀྱུས་མཆན། ཟུར་མཆན། བསྡུས་དོན། མཐའ་དཔྱོད་བཞིས་གཏན་ལ་ཕབ་པ་འདི་དག་མན་ངག་གི་སྙིང་པོར་བྱས་ནས་རྟོགས་དགོས་སོ། །རྗེའི་ལེགས་བཤད་འདི་རྣམས་ལ་བརྟེན་ནས་ཀྱང་གོ་མི་ནུས་ན། རྗེ་བླ་མ་དང་མགོན་པོ་འཇམ་པའི་དབྱངས་དབྱེར་མེད་དུ་བལྟས་ཏེ་ཚོགས་གསོག་སྒྲིབ་སྦྱོང་གསོལ་བ་འདེབས་པ་སོགས་ལ་འབད་དགོས་ཀྱི། རྗེའི་གསུང་འདི་ལས་ཀྱང་གསལ་དུ་བཏང་ནས་བཤད་པར་འདོད་པ་ནི་གཞུང་ཉོག་པོར་བཏང་སྟེ་དོན་གྱི་འགང་སྒྲིབ་པ་མ་གཏོགས་སྔ་མ་ལས་གསལ་དུ་འགྲོ་བའི་ཐབས་མེད་དོ། །དེའང་ལམ་གྱི་སྔོན་འགྲོ་ལ་ཕལ་ཆེར་སྔོན་འགྲོའི་ཁྲིད་ཆེན་བཞི་ཞེས་དེ་ཙམ་རྩལ་དུ་འདོན་ཡང་། དེས་དམ་ཚིག་དང་སྡོམ་པ་ཐམས་ཅད་བསྲུང་བར་མི་འགྲོ་ལ། དམ་སྡོམ་ཚུལ་བཞིན་བསྲུང་བའི་ཁོངས་སུ་དེ་ཐམས་ཅད་འདུ་བས། སྔོན་འགྲོའི་མཆོག་ངོས་ཟིན་དགོས་པར་སྔགས་རིམ་དང་འབའ་སེར་ཟིན་བྲིས་སོགས་སུ་གསུངས་པ་དང་། ལྷ་སྒོམ་ཚད་བསྐྱེད་རིམ་དང་། རླུང་གི་རྣལ་འབྱོར་དང་བཅས་ཏེ་སྟོང་ཉིད་སྒོམ་ཚད་རྫོགས་རིམ་དུ་འཁྲུལ་བ་མང་པོ་སྔོན་བྱུང་ཡང་། བསྐྱེད་རིམ་ལ་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བ་དགོས་ཚུལ་དང་། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་རྟེན་ཁམས་དྲུག་ལྡན་གྱི་ཛམྦུའི་གླིང་པ་ཁོ་ནར་ངེས་པས། སྐྱེ་ཤི་བར་དོ་གསུམ་དུ་སྦྱོར་བའང་སྐྱེ་གནས་བཞི་ག་དང་སྦྱོར་བ་རྒྱུད་ཀྱི་དགོངས་པར་མི་འགྲོ་བས་མངལ་སྐྱེས་ཁོ་ན་ལ་སྦྱོར་དགོས་པ་དང་། བསྐྱེད་རིམ་གང་ཡིན་ཀྱང་རྒྱུད་སྡེ་ནས་གསུངས་པའི་སྤྱི་ཆིངས་རེ་གཞིར་བྱེད་དགོས་ཤིང་། སྒོམ་ཁྱེར་མི་འདྲ་བ་རྣམས་ལའང་ཕན་ཚུན་ལམ་གྱི་དོད་ཐུབ་བརྩིས་ཏེ་ལག་རྗེས་ཆ་ཚང་བ་འབྱུང་ལུགས་དང་། སྒོམ་ཚུལ་ཇི་ལྟ་བུ་ཞིག་བྱས་ན་ལུས་དཀྱིལ་བསྒོམ་པར་འགྲོ་ཚུལ་དང་། དེ་ལ་ལྷ་སོ་གཉིས་ཡོད་པ་བཞིན་ཕྱུང་བའི་དཀྱིལ་འཁོར་ལའང་ལྷ་སོ་གཉིས་ཡོད་པར་སྒྲུབ་ལུགས། ཐ་ན་ཚོགས་ཞིང་གི་སྐབས་བླ་མ་གསལ་འདེབས་པའི་གནས། ཡེ་ཤེས་ཀྱི་སའི་སྐབས་སྟོང་ཉིད་སྒོམ་ལུགས་མདོ་ཕྱོགས་ལས་ཁྱད་འབྱེད་ཚུལ་སོགས་ཆ་ཐམས་ཅད་ལ་དག་ཐེར་མཛད་པ་སྨོས་ཀྱིས་མི་ལང་ལ། རྫོགས་རིམ་གྱི་སྐབས་སུའང་རྡོ་རྗེའི་ལུས་ཀྱི་གནས་ལུགས། ཐོག་མར་གང་ལ་གནད་དུ་བསྣུན་པའི་ཡུལ་རྒྱུད་སོ་སོའི་སྒོས་ཆོས་མི་འདྲ་བའི་ཁྱད་པར། དེ་ཐམས་ཅད་མཐར་གང་དུ་གཞོལ་ཚུལ། དབེན་གསུམ་དང་གཏུམ་མོ་སོགས་དོད་ཐུབ་རྩི་ལུགས་ཚུན་ཆད་མི་འདྲ་བའི་ཁྱད་པར་མང་ནའང་། གཙོ་བོར་གྱུར་པ་ནི་འབྲས་བུ་གཟུགས་སྐུའི་ཉེ་རྒྱུ་སློབ་པའི་ཟུང་འཇུག་གི་སྐུ་དང་། དེའི་ཉེ་རྒྱུ་རིམ་པ་གསུམ་བའི་སྒྱུ་མའི་སྐུ་རླུང་ལས་སྒྲུབ་ཚུལ་གསལ་བར་བཤད་པ་འདི་ཉིད་ལུགས་འདིའི་ཁྱད་ཆོས་བླ་ན་མེད་པར་གཟིགས་ཤིང་། གངས་རིའི་ལྗོངས་འདིར་སྔོན་ཆད་སུས་ཀྱང་ཇི་བཞིན་མ་ཐོན་པས་འདི་ཉིད་རྩལ་དུ་བཏོན་ནས་ལེགས་པར་བཤད་པ་ཡིན་ནོ། །དེ་ཉིད་གཙོ་བོར་གཏན་ལ་འབེབས་དགོས་པའི་རྒྱུ་མཚན་ཡང་ཐེག་ཆེན་རིགས་ཅན་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོ་གཞན་དོན་ཡིན་ལ། གདུལ་བྱར་དངོས་སུ་སྣང་ནས་དོན་སྒྲུབ་བྱེད་གཟུགས་སྐུ་ཡིན་པས་ཆོས་སྐུ་བཞིན་དུ་གཟུགས་སྐུའང་རྣམ་པ་མཐུན་པའི་རྒྱུས་བསྒྲུབ་དགོས་པར་མ་ཟད་གཟུགས་སྐུ་གཙོ་བོར་བསྒྲུབ་དགོས། དེའང་ཐ་མལ་བ་རྟེན་མ་བརྗེས་པར་ཚེ་གཅིག་ལ་འཚང་རྒྱ་བའི་ཚེ་ཉེར་ལེན་གྱི་ཕུང་པོ་དེ་ག་མཚན་དཔེས་བརྒྱན་པའི་སྐུར་འགྱུར་མི་རུང་ལ། དེར་འགྱུར་རྒྱུའི་ཉེར་ལེན་ཞིག་མེད་ཀྱང་མི་རུང་བས། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཀྱིས་དེའི་ཉེར་ལེན་བྱེད་པར་གྲུབ་སྟེ། མདོ་ལུགས་སོགས་དང་མི་འདྲ་བར་བུད་མེད་ཚེ་གཅིག་ལ་འཚང་རྒྱ་བའང་བཞག་ཆོག་པ་འདིའི་གནད་ཀྱིས་ཡིན་པར་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོར་གསུངས་སོ། །འདི་ནི་སྒྲུབ་བྱེད་དང་པོ་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པའི་སྒོ་ནས་སྒྲུབ་ཚུལ་ཡིན་ལ། གཉིས་པ་སྦྱང་གཞིའི་གནད་ཐུན་མོང་མ་ཡིན་པའི་སྒོ་ནས་སྒྲུབ་ཚུལ་ནི། གཞི་དུས་ཀྱི་སེམས་ཅན་འཆི་བའི་ཚེ་སྟོང་པ་བཞིའི་མཐར་རླུང་སེམས་ཙམ་ལས་བར་དོ་གྲུབ་པ་བཞིན། ལམ་གྱི་འོད་གསལ་གྱི་མཐར་སྒྱུ་མའི་སྐུ་འགྲུབ་ལུགས་དེ་དང་རྣམ་པ་མཐུན་པ་ཞིག་དགོས་པ་ཡིན་ལ། ལྷ་སྐྱེད་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་ལུགས་གོང་འོག་གི་ཆོ་ག་ཀུན་ཏུ་སྟོང་པའི་ངང་ལས་ལྷར་ལྡང་བ་རེ་བཤད་ཀྱང་ཕལ་ཆེར་མོས་ངོ་ཙམ་ཡིན་པས། དངོས་གནས་སུ་དེ་ལྟར་ལྡང་བ་སྒྱུ་མའི་སྐུ་འགྲུབ་ལུགས་འདི་ཡིན་ཞིང་། ཐབས་ཤེས་ངོ་བོ་དབྱེར་མེད་པའི་གནད་ཀྱིས་སྒྲུབ་ཚུལ་རྫོགས་རིམ་མཐོན་པོའི་སྐབས་བསགས་སྦྱང་གཞན་ལ་མི་ལྟོས་པར་བདེ་སྟོང་གི་ཡེ་ཤེས་ཁོ་ན་ཆིག་དྲིལ་དུ་བསྐྱངས་ཀྱང་མདོ་ལུགས་ལྟ་བུ་ཞི་མཐར་ལྷུང་ཉེན་མེད་པར་ཚོགས་གཉི་ག་རྫོགས་ཚབས་ཆེ་བ་ནི་ཡེ་ཤེས་དེའི་བཞོན་པའི་རླུང་ལས་གཟུགས་སྐུ་བསྒྲུབས་པ་འདིར་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་ཐམས་ཅད་ཀྱི་དོད་ཐུབ་པའི་གནད་ཅིག་ཚང་བ་འདིའི་སྟོབས་ཡིན་པར་གསུངས་ཏེ། བློ་གཟུ་བོར་གནས་ཤིང་རྣམ་པར་འབྱེད་པའི་ཤེས་རབ་དང་ལྡན་ན་རྒྱུ་མཚན་འདི་དག་རེ་རེའི་སྒོ་ནས་ཀྱང་ལམ་སྲོལ་རྨད་དུ་བྱུང་བ་འདི་ཉིད་ལ་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་གཞན་གྱིས་བཀྲི་བར་མི་ནུས་པའི་གཏིང་ཚུགས་པ་རྙེད་པར་འགྱུར་རོ། ། ― GTD001_Page_0056 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟབ་མོའི་གནས་འདི་ཉིད་གང་ལ་བརྟེན་ནས་རྟོགས་ཚུལ་ཡང་། སྤྱིར་གོང་དུ་སྨོས་པ་བཞིན་འདུས་པའི་རྒྱུད་དོན་མཐའ་དག་མན་ངག་ལས་ཤེས་དགོས་ནའང་། འདི་ནི་གཅེས་ནོར་གྱི་སྙིང་པོ་བཞིན་དུ་ལྷག་པར་སྦས་པའི་གནད་ཀྱིས་མན་ངག་ལ་བརྟེན་ཚུལ་ཡང་གཞན་ལས་ལྷག་པ་ཞིག་དགོས་ཏེ། རིམ་ལྔ་གསལ་སྒྲོན་ལས། སྔགས་ཀྱི་དཀའ་གནས་ཕལ་ཆེ་བ་བླ་མའི་མན་ངག་ལ་ལྟོས་དགོས་པར་གསུངས་པའི་ནང་ནས། སྒྱུ་ལུས་ཀྱི་གདམས་པ་བླ་མའི་མན་ངག་ལ་ལྟོས་པ་ནི་གཞན་དང་ཡེ་མི་འདྲ་བའི་ལྟོས་ཚབས་ཤིན་ཏུ་ཆེ་བ་ཞིག་སྣང་ངོ་། །ཞེས་གསུངས་པའི་ཕྱིར། དེ་ཤིན་ཏུ་གསང་བར་བྱེད་པའི་རྒྱུ་མཚན་ཡང་། རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཞེས་སྒྱུ་ལུས་སྒྲུབ་ཚུལ་ཇི་ལྟ་བ་ཞིག་མ་བྱུང་ན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སོགས་སྒོམ་ཚུལ་ཤེས་ཤིང་འབད་པས་བསྒྲུབས་ནའང་ཚེ་དེ་ལ་སངས་རྒྱས་ཐོབ་མི་ནུས་པ་དང་། བདག་ལ་བྱིན་བརླབ་རིམ་ཐོབ་པ། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །ཞེས་འདིའི་གདམས་པ་ལེགས་པར་མནོས་ཏེ་གྲུབ་ན་སྐྱེ་བ་དེ་ཉིད་ལ་འཚང་རྒྱ་བར་ངེས་པས་ཕན་ཡོན་དང་དགོས་པ་བླ་ལྷག་ཏུ་ཆེ་སྟེ། རྒྱལ་བ་རྡོ་རྗེ་འཆང་ལའང་གདམས་པའི་ཉིང་ཁུ་འདི་ལས་ལྷག་པ་སྟོན་རྒྱུ་མེད་པར་ཐུགས་ཀྱི་གསང་མཛོད་དམ་པའི་ཡང་སྙིང་གཅིག་པུར་གྱུར་པ་ཡིན་ནོ། །དེ་ལྟར་ཤིན་ཏུ་ཟབ་པའི་དབང་གིས་བོད་འདིར་སྔར་བྱོན་པའི་བསྟན་འཛིན་ཆེན་པོ་ལུང་དང་རྟོགས་པའི་ཡོན་ཏན་རྒྱ་ཆེ་ཞིང་། སྨྲ་བའི་སྤོབས་པ་གཟེངས་མཐོ་བ་གང་གིས་ཀྱང་གནས་འདི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ཤོད་ཐུབ་པ་མ་བྱུང་སྟེ། འདིའི་མན་ངག་གི་མཐར་ཐུག་རིམ་ལྔ་སྤྱོད་བསྡུས་གཉིས་ཡིན་ཀྱང་། དགོངས་པ་ཤིན་ཏུ་བརླིང་བས་སྔ་མ་རྣམས་དེ་ལ་བརྟེན་ནས་གོ་མ་ཐུབ་པ་ན། རྗེ་མགོས་དང་མར་པའི་མན་ངག་ལ་རྟེན་པར་བྱེད་དོ། །དེའི་ནང་ནས་ཀྱང་རྒྱུད་ཀྱི་ཁོངས་ན་གནས་པའི་དམིགས་རིམ་མང་པོ་མར་པའི་མན་ངག་གི་རྒྱུན་ལས་བྱུང་ལ། མར་པའི་མན་ངག་ལྷད་མ་ཞུགས་པ་ནི་རིམ་ལྔ་བསྡུས་པ་ཉིད་ཡིན་ཀྱང་། མར་པ་ལ་ཁ་གཡར་བའི་རིམ་ལྔའི་ཁྲིད་ཡིག་རྫུས་མ་དང་། མར་པའི་གསུང་རྒྱུན་རིམ་པར་བརྒྱུད་པ་གསེར་སྡིངས་པས་ཟིན་བྲིས་སུ་བཏབ་པའི་གཞུང་ཉེར་གསུམ་ཙམ་བྱུང་བའི་ནང་ན། བར་ནས་ལྷད་ཞུགས་པ་དང་། སྔ་མའི་གསུང་ཇི་བཞིན་མ་ཟིན་པས་ཡིད་བརྟན་མི་ཐུབ་པ་མང་དུ་ཡོད་ནའང་། དེ་ཐམས་ཅད་མར་པའི་མན་ངག་འཁྲུལ་མེད་དུ་བཟུང་ནས་དེ་ལ་བརྟེན་པའི་དབང་གིས་ནོར་བ་སྣ་ཚོགས་བྱུང་སྟེ། སྒྱུ་ལུས་ཀྱི་ངོས་འཛིན་དོན་བཞི་མར། འཕགས་པ་ཡབ་སྲས་ཀྱིས་སྒྱུ་མ་སྣང་ལ་རང་བཞིན་མེད་པ་དང་ལུས་ལྷའི་ལུས་ལ་བཞེད་པས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་ཡིན། ཞེས་དང་། ཨ་ཐུང་ཤད་ལྟ་བུ་འོད་ཟེར་ལྔ་དང་ལྡན་པར་གནས་པ་དེ་རླུང་སེམས་ཀྱི་ལུས་ཡིན་པས། ཞེས་སོགས་དང་། རིམ་ལྔ་གདན་རྫོགས་ལས། ཐིག་ལེ་ལ་སེམས་གཏད་ནས་བསྒོམས་པ་སློབ་པའི་འོད་གསལ་དང་། འཇོག་པའི་ཚེ་ཐིག་ལེ་སྟོང་པ་ལས་ལྷ་སྐུར་ལངས་ཏེ་སྤྱོད་ལམ་བྱ། ཞེས་འབྱུང་ལ། འཁོར་ལོ་ཅན་དུའང་མི་ཤིགས་པའི་ཐིག་ལེ་བསྡུས་པའི་ཐིག་ལེ་ལྷ་ཡབ་ཡུམ་གྱི་སྐུར་ཤར་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྒོམ་པ་ཡིན། ཞེས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དེ་སྒྱུ་མའི་དོན་དུ་བཤད། དོན་ལྔ་མར། ལྷ་སྐུ་གསལ་སྟོང་སྣང་ལ་རང་བཞིན་མེད་པ་ངོས་གཟུང་དང་བྲལ་བ་དེ་སྒྱུ་ལུས་སུ་བྱས་སོ། །ཞེས་བཤད་པས་ཕལ་ཆེར་ཕྱོགས་འདྲ་ལ། གསེར་སྡིངས་པའི་མན་ངག་ལ་ལ་གསུང་སྒྲོས་སྔ་ཕྱིའམ་རྩོམ་པ་པོའི་བློའི་ཁྱད་ཀྱིས་མི་མཐུན་པར་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད་ལས་གསུངས་སོ། །དེ་དག་ལ་བརྟེན་ནས་སྔ་རབས་པ་ཕལ་ཆེར་སྒྱུ་མའི་སྐུའི་དོན་རང་བཞིན་གྱིས་གྲུབ་པས་སྟོང་ཡང་ཐ་སྙད་ཙམ་དུ་སྣང་བ་བདེན་སྟོང་སྒྱུ་མ་ལྟ་བུ་ལ་བྱེད་ཟེར། ཁ་ཅིག་དེ་ཙམ་བྱས་ན་སྔགས་ལུགས་སུ་མི་འགྲོ་བས། ཞལ་ཕྱག་རྒྱན་ཆ་ལུགས་སོགས་ཀྱི་རྣམ་པ་སྣང་ཡང་། དོན་དམ་པར་མ་གྲུབ་པའི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་བྱེད་ཟེར། ལ་ལ་ཨ་ཡིག་འོད་ཟེར་ལྔ་ལྡན་དང་མི་ཤིགས་པའི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་སྣང་སྟོང་གཉིས་ཚོགས་སུ་སྐྱེད་པ་ཡིན་ཟེར་བ་སོགས་སྣ་ཚོགས་ཤིག་བྱུང་ངོ་། །འདི་དག་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པར་མ་སོན་པ་ཙམ་དུ་མ་ཟད། དེ་དག་གིས་སྒྱུ་ལུས་ཀྱི་དོན་དུ་མི་འགྲོ་བར་གསུངས་པ་དེ་དེའི་དོན་དུ་སྨྲས་པ་ཡིན་ཏེ། སྤྱོད་བསྡུས་ལས། གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་། དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །ཞེས་ངེས་དོན་གྱི་མདོ་སྡེ་རྣམས་ལ་ཞུགས་ཏེ་བདེན་སྟོང་སྒྱུ་མ་ལྟ་བུའི་དོན་ཕུ་ཐག་ཆོད་པར་གོའང་། དེ་ཙམ་གྱིས་སྐབས་འདིའི་སྒྱུ་མའི་དོན་མི་རྟོགས་པར་གསུངས་པས་ལུགས་དང་པོ་ཁེགས། བསྐྱེད་རིམ་གྱི་སྐབས་སྒྱུ་ལུས་ཀྱི་དོན་མི་ཚང་བར་གསུངས་ཤིང་། དེའི་ཚེ་སྒོམ་པའི་འཁོར་གསུམ་བདེན་མེད་དུ་ངེས་པའི་ངེས་ཤེས་ཁྱད་པར་ཅན་དང་མ་བྲལ་བའི་ངང་ནས་ལྷའི་རྣལ་འབྱོར་བསྐྱངས་པས་སྐྱེ་མཆེད་ཀྱི་ལྷ་སོ་སོའི་སྤྱན་དཀར་ནག་གི་ཆ་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཤིང་དྭངས་པ་འཇའ་ཚོན་བཞིན་དུ་ཐོགས་པ་མེད་པར་སྣང་བ་ལའང་སྒྱུ་ལུས་ཀྱི་དོན་མེད་པར་གསུངས་པས། རྒྱུད་སྡེ་ཀུན་གྱི་ཐུན་མོང་བ་ལྷ་སྐུ་སྣང་སྟོང་གཉིས་ཚོགས་ཙམ་སྒྱུ་ལུས་སུ་འདོད་པའི་ལུགས་གཉིས་པ་ཁེགས། བསྐྱེད་རིམ་གྱི་ལོངས་སྐུའི་ལམ་འཁྱེར་སྐབས་སུའང་མི་ཤིགས་པའི་ཐིག་ལེ་དང་། ཨ་ཡིག་དང་ཧཱུཾ་ཡིག་འོད་ཟེར་ལྔ་ལྡན་སོགས་ལས་ལྷ་སྐུའི་རྣམ་པར་བཞེངས་ཚུལ་ཡོད་པས་ལུགས་གསུམ་པའང་ཁེགས་པའི་ཕྱིར། དེས་ན་ཨ་ཡིག་སོགས་གཉུག་མའི་ལུས་སུ་བཤད་པའི་འཁྲུལ་གཞི་ནི། དེས་མཚོན་པའི་སྲོག་འཛིན་ཤིན་ཏུ་ཕྲ་བ་དེ་ཉིད་གཉུག་མའི་ལུས་སུ་གསུངས་པའི་དགོངས་པ་མ་ལོན་པ་ཡིན་ནོ། །ཡང་འགའ་ཞིག་ན་རེ། འདིའི་སྒྱུ་མ་ལྟ་བུའི་དོན་ཡང་བདེན་སྟོང་སྒྱུ་མ་ལྟ་བུ་ལ་བྱེད་རིགས་ཏེ། རིམ་ལྔ་ལས། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུ་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་འབྱུང་། །ཞེས་རང་རྒྱུད་ལ་སྒོམ་པ་བཞིན་དུ་སེམས་ཅན་ཐམས་ཅད་དང་། དེ་ནས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་སྟེང་དུའང་ཁ་སྤོས་ཏེ་སྒོམ་ཚུལ། བདག་ཇི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཇི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་སྡུད་པ་ལས་འབྱུང་བ་ལྟར་གསུངས་པས་བདེན་སྟོང་སྒྱུ་མ་ལྟ་བུ་ལས་གཞན་ལ་སྦྱར་ན་མི་འགྲིག་པའི་ཕྱིར་ཟེར་ཡང་སྐྱོན་མེད་དེ། རང་གི་གཉུག་མའི་ལུས་རླུང་སེམས་ཙམ་གྱི་རང་བཞིན་ཅན་དེ་ཕུང་པོ་རགས་པ་ལས་ལོགས་སུ་ཕྱེ་སྟེ་འཇོག་ཤེས་པ་ན། སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་རླུང་སེམས་ཙམ་གྱི་ལུས་ཕྲ་མོ་རེ་ཡོད་པར་ཤེས་ཤིང་། དེ་ནས་སྣོད་ཐམས་ཅད་ཀྱང་རླུང་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་སྐབས་འདིའི་སྒྱུ་མའི་དོན་མདོ་ཕྱོགས་དང་རྒྱུད་སྡེ་འོག་མ་ལས་མ་གསུངས་ན། སྤྱོད་བསྡུས་སུ་སྒྱུ་མའི་སྐུ་བཤད་པའི་སྐབས་རྣམ་སྣང་མངོན་བྱང་གི་ལུང་དང་རྣམ་ཤེས་འཕོ་བའི་མདོ་ལས་གསུངས་ཚུལ་སྨོས་པ་ཇི་ཡིན་སྙམ་ན། སྔ་མ་ནི་འཇའ་ཚོན་ལྟ་བུའི་ལྷ་སྐུ་སྒྲུབ་ཚུལ་འོག་མར་ཡང་ཡོད་པས། འདིར་དེ་ལས་ཁྱད་ཐོན་པ་ཞིག་དགོས་པར་གོ་བ་དང་། དེ་ཉིད་འདིའི་སྒྱུ་མའི་སྐུ་དངོས་མིན་ཡང་དེ་ལ་གཞོལ་བའི་ཐབས་མཁས་ཡིན་པར་གོ་བའི་ཆེད་ཡིན་ཏེ། སྤྱོད་བསྡུས་ཀྱི་ལུང་འདྲེན་ཚུལ་ལ་དེ་འདྲ་བ་གཞན་ཡང་མང་ངོ་། ། ― GTD001_Page_0057 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལུང་ཕྱི་མ་ནི་ཐ་མལ་བ་ཤི་མ་ཐག་བར་དོའི་ལུས་ཆུའི་ནང་དུ་གྲིབ་མ་ཤར་བ་ལྟར་ཤིན་ཏུ་ཕྲ་བ། ཡན་ལག་ཚང་ཞིང་ཁམས་ཀྱིས་གཞིག་མི་ནུས་པ་དེ་འདྲ་ཞིག་འབྱུང་བར་གསུངས་པ་དཔེར་བྱས་ཏེ། ཐབས་དང་མི་ལྡན་པ་ལ་བར་དོར་འོང་རྒྱུའི་རླུང་སེམས་དེ་ཐབས་མཁས་མཆོག་གིས་ཟིན་ན་འོད་གསལ་གཉིས་ཀྱི་མཐར་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་བའི་སྒྱུ་མའི་སྐུར་ལྡང་ཚུལ་དང་རྣམ་པ་ཤིན་ཏུ་འདྲ་བས། དཔེ་དེ་ཉིད་གསལ་བར་མདོ་སྡེ་ལས་གསུངས་ཞེས་པ་ཡིན་གྱི། དེས་མཚོན་རྒྱུའི་སྒྱུ་མའི་སྐུ་གསལ་བར་བསྟན་ཞེས་པ་མིན་ནོ། །རྒྱུད་སྡེ་འོག་མར་འཇའ་ཚོན་ལྟ་བུའི་ལྷ་སྐུ་སྒྲུབ་པ་བཤད་ཀྱང་། བསྒྲུབ་གཞི་ཕུང་པོ་ཕྲ་རགས་འབྱེད་ཚུལ་གྱི་ཟུར་ཙམ་ཡང་མེད་ལ། བླ་མེད་ཀྱི་བསྐྱེད་རིམ་སྐབས་སུ་ཕུང་པོ་ཕྲ་རགས་འབྱེད་པ་དང་། དེ་ལས་ལྷ་སྐུར་ལྡང་བ་བཤད་ཀྱང་གཉི་ག་མོས་ངོ་ཙམ་ཡིན། འཕོ་བ་དང་གྲོང་འཇུག་གི་གདམས་པ་འགའ་ཞིག་ལས་ཕུང་པོ་ཕྲ་རགས་ཕྱེ་སྟེ། ཕྲ་བ་དེ་ཉིད་རྡོ་རྗེ་འཆང་གི་སྐུར་སྒོམ་པར་བཤད་པའི་ཕྲ་རགས་འབྱེད་པ་དངོས་གནས་ཡིན་ཀྱང་ལྷ་སྐུར་ལངས་པ་མོས་ངོ་ཙམ་ཡིན་པས། དེའང་སྐབས་འདིའི་སྒྱུ་མའི་སྐུ་སྒྲུབ་ལུགས་དང་ཤིན་ཏུ་མི་འདྲ་བར་གསུངས་སོ། །ཕྲ་རགས་འབྱེད་ལུགས་ཀྱང་འཕོ་བ་དང་གྲོང་འཇུག་གི་སྐབས་སྙིང་ག་ནས་རྣམ་ཤེས་འདོན་པའི་དམིགས་པ་ཡང་ཡང་བྱས་ཏེ་ལོགས་སུ་འབྱེད་པ་ཡིན་པས། དེར་སྟོང་པ་བཞིའི་འཆར་ཚུལ་སོགས་འོང་དོན་མེད་ལ། འདིར་ས་ཆུ་ལ་ཐིམ་པ་སོགས་གཞིའི་འཆི་རིམ་ཇི་ལྟ་བ་བཞིན་བསྡུས་ཏེ་འོད་གསལ་གྱི་མཐར་ཕུང་པོ་རགས་པ་ལས་ལོགས་སུ་འབྱེད་པ་ཡིན་པས་སྔ་མ་ལས་སྟོབས་ཤིན་ཏུ་ཆེ་བའི་ཟབ་གནད་དང་བཅས་པ་ཡིན་ནོ། །གནད་འདི་དག་ལེགས་པར་གོ་ན་རྫོགས་ཆེན་པ་རྣམས་ཕུང་པོ་འོད་སྐུར་གྲོལ་བའི་ཟབ་ཁྱད་ཀྱི་ཁ་ཕོ་འབྲུག་ལྟར་སྒྲོག་པ་རྣམས་དཔྱད་མི་བཟོད་པ་ཆུ་ཤིང་གི་སྙིང་པོ་བཞིན་དུ་ཤེས་པར་འགྱུར་ཏེ། སྣང་བཞིའི་ལམ་གྱིས་མཐར་གཏུགས་པ་ཆོས་ཉིད་ཟད་པའི་སྣང་བའི་སྐབས་སྙིང་གའི་ཨ་ཡིག་ལས་འོད་ལྔ་དང་། འོད་ཀྱི་ལམ་ལས་ཐིག་ལེ་དང་ཨ་ཧྲཱིཿསོགས་གྲངས་མེད་འཕྲོས་པས་ནང་ཐམས་ཅད་གང་སྟེ་ལུས་འོད་ཕུང་དུ་ཁྱོམ་ཁྱོམ། དེ་རྣམས་བ་སྤུའི་ཁུང་བུ་ནས་ཕྱིར་ཐོན་འཇིག་རྟེན་ཀུན་ཏུ་ཁྱབ་པས་སྣང་སྲིད་ཐམས་ཅད་འོད་ཕུང་དུ་ཁྱོམ་ཁྱོམ། དེའི་ཚེ་རང་གི་ལུས་ཀྱང་ཡོད་དུ་མི་ཚོར་བར་སྐྱིལ་ཀྲུང་མཉམ་བཞག་གི་ཕྱག་རྒྱ་ཅན་འོད་ལུས་སྒྱུ་མ་ཙམ་ཞིག་ཏུ་འཆར་བས། ཤ་ལྤགས་རུས་གསུམ་གྱི་སྙིགས་མ་སྐྲ་དང་སོ་སེན་ཙམ་ཤུལ་དུ་ལུས་ཏེ་ཕུང་པོ་རགས་པ་འོད་སྐུར་གྲོལ་བ་ཡིན། དེའི་དུས་ན་ཕྱིའི་འབྱུང་བཞི་ནང་གི་འབྱུང་བཞི་ལ་ཐིམ་པས་ཕྱིའི་འབྱུང་བ་ཟད། ནང་གི་འབྱུང་བཞི་ཕྱིའི་འབྱུང་བཞི་ལ་ཐིམ་པས་ནང་གི་འབྱུང་བ་ཟད། ཀུན་གཞི་ཕྲ་མོ་ཤེས་སྒྲིབ་དར་གྱི་ཡོལ་བ་ཙམ་དེའང་བསལ་བས་གསང་བ་སེམས་ཀྱི་རྟོག་ཚོགས་ཟད། དྭངས་མ་འོད་སྐུར་སོང་བས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་བུམ་ནང་གི་མར་མེ་བཞིན་རིག་པ་ཆོས་སྐུར་སངས་རྒྱས་ཏེ་འཁྱིལ་བ་གཞོན་ནུ་བུམ་སྐུ་འགྲུབ་པ་ཡིན་ཞེས་ཟེར་རོ། །འདི་ལྟ་བུའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དང་དེ་སྒྲུབ་པའི་ལམ་ནི་ངོ་མཚར་བའི་གནས་ཏེ། མདོ་ལུགས་ལྟར་འཁོར་བའི་རྩ་བ་བདེན་འཛིན་གྱི་མ་རིག་པ་ངོས་འཛིན་ཚུལ། དེའི་ཞེན་ཡུལ་དྲི་མ་མེད་པའི་རིགས་པས་བཀག་སྟེ་སྟོང་ཉིད་གཏན་ལ་འབེབས་ཚུལ། གཏན་ལ་ཕབ་རྗེས་ཐབས་ཁྱད་པར་ཅན་དང་ཡ་མ་བྲལ་བར་བསྒོམས་པས་སྦྱོར་མཐོང་སྒོམ་པའི་ལམ་རྣམས་རིམ་པར་འགྲུབ་ཚུལ། དེའི་གོ་རིམ་བཞིན་སྒྲིབ་གཉིས་རགས་པ་ནས་རིམ་གྱིས་སྤོང་བའི་གཏམ་ཕྱོགས་ཙམ་ཡང་མེད། ཐེག་པའི་རྩེ་རྒྱལ་དུ་སྒྲོག་ཀྱང་སྔགས་ལུགས་སུ་འཇོག་བྱེད་ལྷའི་རྣལ་འབྱོར་ཙམ་མ་གཏོགས་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་སྐུ་གསུམ་ལམ་འཁྱེར་གྱི་རྣམ་དབྱེ་ཅིའང་མེད། ཐུན་མོང་མ་ཡིན་པ་རླུང་གིས་འཁོར་རྩ་བྱེད་ལུགས་དང་། སྲོག་རྩོལ་གྱི་རྣལ་འབྱོར་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཚུལ། བདེན་པ་གཉིས་ཀྱི་རྫོགས་རིམ་ཆ་ཚང་བས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་འགྲུབ་ཚུལ་སོགས་རྒྱུ་འབྲས་མགོ་མཚུངས་པའི་སྒྲུབ་བྱེད་གོ་རིམ་མཐར་ཆགས་སུ་བགྲོད་ལུགས་འོལ་སྤྱི་དང་ཕྱོགས་འགྲོ་ཙམ་ཡང་མེད་པར། སྙིང་གའི་ཨ་ཡིག་ལས་འོད་དང་ཐིག་ལེ་སྤྲོས་པས་ལུས་དང་སྣོད་བཅུད་ཐམས་ཅད་འོད་ཕུང་དུ་ཁྱོམ་ཁྱོམ་ཤིག་ཤིག་བྱས་པ་ཙམ་གྱིས་ཆོག་པ་དང་། མཐོང་སྒོམ་གྱི་སྤང་བྱ་རགས་པ་སྤོང་རྒྱུའི་སྒྲོས་མེད་པར་ཤེས་སྒྲིབ་དར་ཡོལ་ཙམ་དེ་སེལ་བ་སྐད་བྱེད་པ་དང་། སངས་རྒྱས་པ་ན་བུམ་ནང་གི་མར་མེ་བཞིན་འོད་ཀོར་རེ་འཁྱིལ་ནས་བཞུགས་ཡོད་བྱ་བ་ནི་གསུང་རབ་ཀྱི་བརྡ་རགས་པ་ཙམ་ཡང་མ་ཆགས་པའི་རྒན་པོས་བྱིས་པ་ཆུང་ངུ་ལ་སངས་རྒྱས་ངོ་སྤྲོད་པ་ལྟ་བུ་རས་བྲིས་ཀྱི་སྐུ་བརྙན་འོད་ཀོར་ཅན་ནམ། ཤེལ་སྒོའི་ནང་དུ་བཞུགས་པའི་གསེར་སྐུ་ལྟ་བུ་འོད་ལམ་མེ་བ་ཞིག་མ་གཏོགས། སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་རྣམ་པ་དང་། དེ་དག་ལམ་གང་གི་ལག་རྗེས་སུ་འོང་ཚུལ་ཆ་ཙམ་ཡང་མ་ཤར་བའི་ཧོལ་བཤད་དུ་སྣང་བའི་ཕྱིར་རོ། །འབྱུང་བའི་ཐིམ་ཚུལ་དེའང་མི་འཐད་དེ། འབྱུང་བ་རིམ་གྱིས་ཐིམ་ཞེས་པ་འབྱུང་བ་དེ་དང་དེས་བྱ་བ་བྱེད་པའི་ནུས་པ་ཉམས་པ་དང་། འབྱུང་བཞིའི་རླུང་ཐིམ་པ་ལ་བྱེད་པའི་མདོ་སྔགས་ཀྱི་ཁྱད་ཙམ་མ་གཏོགས། ས་ཆུ་ལ་ཐིམ་པ་སོགས་ཟེར་ལུགས་ནང་པ་སངས་རྒྱས་པ་ཐམས་ཅད་མཐུན། རྒྱང་འཕེན་པ་རྣམས་འཆི་བའི་ཚེ་ནང་གི་འབྱུང་བཞི་ཕྱིའི་འབྱུང་བཞི་ལ་ཐིམ། རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་སྟེ་རྒྱུན་ཆད་པས་སྐྱེ་བ་ཕྱི་མ་མེད་ཅེས་ཟེར་བ་ཡིན་ལ། འདིར་དེའི་ལུགས་ངན་དེ་ཉིད་གཞིར་བྱས་པའི་སྟེང་དུ་ཕྱིའི་འབྱུང་བཞི་ནང་གི་འབྱུང་བཞི་ལ་ཐིམ་ཞེས་པས་གང་ཡང་མིན་པ་ཞིག་བྱས་ཏེ། ཕྱི་ནང་གི་འབྱུང་བ་གཉིས་ཕན་ཚུན་རིམ་ཅན་དུ་ཐིམ་པ་ཡིན་ན། སྔ་མ་ཕར་ཐིམ་ཚར་བའི་རྗེས་སུ་ཅིག་ཤོས་ཚུར་ཐིམ་སའི་གཞི་མ་གྲུབ་ཅིང་། མཉམ་དུ་ཐིམ་པ་ཡིན་ན་མར་མེ་གཉིས་ལྷན་དུ་ཤི་བ་ལྟར་གཉིས་ཀ་དུས་མཉམ་དུ་འགགས་སོང་བ་ཡིན་གྱི། གཅིག་གཅིག་ལ་ཐིམ་པའི་དོན་མེད་དོ། །དེར་མ་ཟད་ཕྱིའི་འབྱུང་བ་བཞི་ཞེས་པ་གང་ཟག་དེའི་རྒྱུད་ཀྱིས་མ་བསྡུས་པའི་འབྱུང་བ་ལ་བྱེད་ན་ཚུར་ཐིམ་དགོས་དོན་མེད་ཅིང་། གལ་ཏེ་དགོས་ན་ཐོག་མ་མེད་པ་ནས་འཇིག་རྟེན་ཐམས་ཅད་སྟོང་པར་འགྱུར་རོ། ། ― GTD001_Page_0058 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕགས་ཡུལ་གྱི་གྲུབ་ཆེན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་ཕེབས་ཟེར་བ་རྣམས་ནི་རལ་པའི་ཐོར་ཅོག་བཅིངས་ཏེ་དཔལ་ཧེ་རུ་ཀའི་རྣམ་པས་མཁའ་འགྲོའི་གནས་སུ་ཕེབས་ཟེར་བ་ལས། སྐྲ་དང་སོ་སེན་རྣམས་བྱི་སྟེ་ཕེབས་པའི་ལོ་རྒྱུས་མེད་ལ། སྒྱུ་ལུས་མངོན་དུ་བྱས་པའི་ཚེ་དེར་འགྱུར་རྒྱུའི་ལུས་ནི་ཕྲ་བ་གཉུག་མའི་ལུས་ཡིན་པས། དེའི་ཚེ་འགའ་ཞིག་ཕུང་པོ་རགས་པ་དང་འབྲེལ་བ་ཆད་ནས་འགྲོ་བའང་ཡོད། འགའ་ཞིག་གཞན་དོན་དུ་ཕུང་པོ་རྙིང་པ་དེ་ལ་འཇུག་པ་ཡོད་ཀྱང་། དེའི་ཚེ་ལུས་རགས་པ་དེ་སྒྱུ་ལུས་ཀྱི་གནས་ཁང་ལྟ་བུར་སོང་བ་ཡིན་གྱི། སྒྱུ་ལུས་དངོས་སུ་གྱུར་པ་མིན། ལུས་རགས་པ་དོར་བའི་ཚེའང་ཡོངས་རྫོགས་དོར་བ་ཡིན་གྱི། ཕྱེད་དོར་ཕྱེད་མ་དོར་བའི་ཡ་མ་ཟུང་དེ་འདྲ་ཞིག་འོང་དོན་མེད་དེ། ལུས་བྱིངས་འོད་སྐུར་གྲོལ་ཐུབ་ན། སྐྲ་དང་སོ་སེན་ཡང་འོད་སྐུར་གྲོལ་མི་ཐུབ་པའི་རྒྱུ་མཚན་ཅིའང་མེད་དོ། །དེས་ན་སྤྱོད་བསྡུས་ལས། ས་མཐུག་གྱུར་པས་རབ་ཏུ་རང་གཉིད་ལོག །འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདི་རླུང་ནི་སླར་ཡང་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོར་འགྱུར། །ཞེས་འགའ་ཞིག་གཉིད་ལོག་པའི་ཚེའང་རླུང་གི་རང་བཞིན་རྨི་ལམ་གྱི་ལུས་དེ་ཕུང་པོ་རགས་པ་ལས་ཐོན་ནས་ལྷ་ཡུལ་སོགས་སུ་འདོད་ཡོན་ལ་སྤྱད་ཅིང་སྔར་གྱི་ལུས་དེར་གནས་པའི་འཕེན་པ་མ་ཟད་ན་ཕྱིར་ཞུགས་ཆོག་པ་དང་། འཕེན་པ་ཟད་ན་ལུས་ཕྲ་རགས་གཉིས་འབྲེལ་ཆད་པས་ཤི་འཕོས་པར་གྱུར་པ་འདི་སྒྱུ་ལུས་ཕུང་པོ་རགས་པ་ལས་ལོགས་སུ་འབྱེད་ཚུལ་དང་རྣམ་པ་ཤིན་ཏུ་མཐུན་པའི་དབང་གིས་སྒྱུ་ལུས་མཚོན་བྱེད་དཔེ་བཅུ་གཉིས་གསུངས་པའི་ནང་ནས་ཀྱང་རྨི་ལམ་གྱི་དཔེ་འདི་གོ་བ་སྟེར་ཕུལ་ཆེ་བར་གསུངས་ཏེ་དཔལ་ལྡན་འདུས་པའི་དགོངས་པ་རྨ་མེད་པ་ཡིན་ནོ། །སྒྱུ་ལུས་སྒྲུབ་པའི་མན་ངག་གི་གནད་རྣ་བས་ཀྱང་ཐོས་མ་མྱོང་བ་ལ་འོད་སྐུར་གྲོལ་ལོ་ཞེས་པའི་གྲགས་པ་ཆེ་ཆེ་མོ་ཕལ་ཆེར་གྲུབ་མཐའི་ཕྱོགས་ལྷུང་གིས་བསླད་པའི་ཟོལ་སྦྱོར་དུ་སྣང་སྟེ། སངས་རྒྱམ་པའི་ཡིག་འཇོག་མང་པོར་ཁྲིད་ཡིག་རིག་འཛིན་ཞལ་ལུང་གི་བསྐྱེད་རྫོགས་ཟབ་མོ་ཉམས་སུ་བླངས་པས་དྲུག་བརྒྱ་གྲུབ་ཆེན་བློ་བཟང་དཀོན་མཆོག་ཕུང་པོ་འོད་སྐུར་གྲོལ་ལོ་ཞེས་ཡང་ཡང་བྲིས་སྣང་ནའང་། དྲུག་བརྒྱ་པ་ཕ་བོང་ཁ་ནས་ཤི་བའི་རོ་གསང་ཐབས་ཀྱིས་རྒད་པོ་ཞིག་ལ་ཁུར་བཅུག་སྟེ། ལྷ་སའི་གོང་གི་རག་རྒྱབ་ནས་གཙང་པོ་ལ་བསྐྱུར་ཚུལ་རྒད་པོ་དེ་ཉིད་ཀྱིས་ཉི་མ་ཐང་དཔོན་སློབ་ལ་ཞུས་ཤིང་། ཁོང་གིས་སྟག་ཕུ་རིན་པོ་ཆེ་སོགས་མང་པོ་ལ་གསུང་སྣང་ངོ་། །རྫོགས་ཆེན་པ་རྣམས་འབྲས་བུའི་ཡོན་ཏན་བརྗོད་པའི་ཚེ། སྐྱེ་བ་དང་རླུང་སེམས་ལ་དབང་བའི་སྟོབས་ཀྱིས་སེམས་ཅན་གཞན་འཆི་གའི་ཚེ་དེ་ལ་རིག་པ་བཅུག་སྟེ་ཀ་དག་ཏུ་བཞག་ན་ཕ་རོལ་པོ་དེས་ལས་བཟང་ངན་དང་། ལམ་ལ་སྦྱངས་མ་སྦྱངས་གང་ལའང་ལྟོས་པ་མེད་པར་རང་དང་མཉམ་དུ་དེ་མ་ཐག་འཚང་རྒྱ། ཞེས་ཟེར་བའང་རྣར་མི་འོང་བའི་ཚིག་སྟེ། བསྔགས་འོས་བསྔགས་བསྟོད་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ངོས་ནས་ཐུགས་རྗེ་ཉེ་རིང་མེད་པར་འཇུག་ཀྱང་། སེམས་ཅན་རང་རང་གིས་རྒྱུ་མ་བསྒྲུབས་པ་ལ་སངས་རྒྱས་ཀྱིས་ཀྱང་བྱ་ཐབས་མེད་པར་གསུངས་པ་ལྟར་ཡིན་གྱི། སེམས་ཅན་རང་རང་གིས་ལས་བསགས་མ་བསགས་ལ་ལྟོས་པ་མེད་ན་ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་སེམས་ཅན་རྣམས་ད་ལྟའི་བར་དུ་འཁོར་བར་བསྐྱུར་ནས་འཇོག་པའི་གནས་མེད་དོ། །རྒྱ་གར་གྲུབ་ཆེན་སྤྱོད་པའི་ཚད་དུ་ཕྱིན་པ་རྣམས་རང་རང་གིས་མཛད་པ་སྣ་ཚོགས་སྟོན་ཡང་། སློབ་མ་རྒྱུད་སྨིན་མ་སྨིན་ཐམས་ཅད་ལ་ཁྱད་མེད་དུ་ཕྱག་རྒྱ་གཏོད་པ་སོགས་སྲོལ་མེད། བོད་འདིར་བླ་མ་འཁྲུལ་ཞིག་ཏུ་གྲགས་པ་མང་པོ་ཞིག་གྲུབ་པའི་མཚན་མ་དང་བསྟན་འགྲོའི་དོན་འདི་ལ་དགོངས་པར་འདུག་སྙམ་པའི་རྒྱུ་མཚན་ཅིའང་མེད་བཞིན་དུ། རྒྱུད་དང་གྲུབ་ཆེན་གྱི་གསུང་དགོངས་པ་ཅན་རྣམས་ལ་ཁག་བཞག་སྟེ་རང་ཉིད་ཅི་དགར་སྤྱོད་པར་མ་ཟད། སློབ་མ་ལའང་རྒྱུད་ཚོད་རྟོགས་རྒྱུ་མེད་པར་གང་དྲན་བྱེད་དུ་བཅུག །སློབ་མ་ཅོལ་ཆུང་རྣམས་ཀྱང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་གནས་སྐབས་རང་ལ་དེ་འདྲའི་རྟོགས་པ་མེད་པ་ཤེས་ཀྱང་། ཆོས་ཀྱི་ཁ་ཕོ་འདི་ལྟ་བུས་འཁྲུལ་ཏེ་སངས་རྒྱས་ཀྱི་གོ་འཕང་ཞིག་གློ་བུར་གནམ་འབབ་ཀྱི་ཚུལ་དུ་ཐོབ་རྒྱུ་ཡོད་པར་རེ་བ་དང་། འདོད་ཡོན་གྱིས་དབྱེན་སྤྱོས་པས་གང་དྲན་ལག་ལེན་དུ་བཏབ་པ་ལ་བརྟེན་ནས་འདོད་པའི་དངོས་གྲུབ་འཇའ་ལུས་སུ་འོད་ལམ་གྱིས་འགྲོ་བའམ། བྱ་ནམ་མཁའ་ལ་འཕུར་བ་བཞིན་ཆགས་ཐོགས་མེད་པར་སོང་ནས་འགྲོ་བའི་དོན་མཛད་རྒྱུ་མི་འོང་བའི་ཁར། མི་འདོད་པའི་སྡུག་བསྔལ་ཨ་ཕ་རྒད་པོར་སོང་སྟེ་བཟའ་ཉོག་གི་ལྟོ་མ་ཕྱིད་པར་མགོ་སེ་ཡེ་རེ་འཚོལ་སྒྲུབ་ཀྱིས་ཨ་ཐང་ཆད་པ་མང་དུ་བྱུང་སྣང་ངོ་། །འདི་རྣམས་ལ་དག་མ་དག་གི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་ལའང་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་ཡར་འགྲོ་རྒྱུའི་སྒྱུ་ལུས་གཉིས་སོགས་སོ་སོར་འབྱེད་རྒྱུའི་རེ་བ་མེད་པས། གོང་འོག་ཐམས་ཅད་བསྲེས་པའི་དོད་པོར་འོད་སྐུར་གྲོལ་ཞེས་པ་འདི་བཤད་པ་ཡིན་འདུག་ནའང་། དེ་སྒྱུ་ལུས་སྒྲུབ་ཚུལ་གྱི་ཕྱོགས་ནའང་མེད་དོ། །དེར་མ་ཟད་སྒྱུ་ལུས་ཀྱི་རྣམ་གཞག་དཔྱིས་ཕྱིན་པ་རྗེ་བླ་མ་མ་བྱོན་བར་དུ་གྲུབ་མཐའ་གཞན་དག་ལའང་ལེགས་པར་ཕྱེད་པ་མ་བྱུང་བས། སྟག་ལོའི་འགྱོད་ཚང་དུ། རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་བསྔགས་ཤིང་། དུས་འཁོར་སྤྱི་དོན་དུའང་རྗེའི་གསུང་གི་སྒྱུ་ལུས་ཀྱི་སྐོར་ལ་བསྔགས་བརྗོད་ཡང་ཡང་མཛད་པ་ནི་གཟུར་གནས་མཁས་པའི་རྟགས་ཡིན་ནོ། །དེ་བཞིན་དུ་ཀུན་གཟིགས་ལྔ་པས་ཀྱང་། སྒྱུ་ལུས་སིནྔྷུ་ཝ་རའི་འདབ་མའི་ཁ། །མཁས་རློམ་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པ། །ལེགས་གསུང་རྐེད་མེད་ཁ་ཡི་གཟེགས་མའི་ཆང་། །འཐོར་ཚེ་འདབ་བརྒྱ་པ་དེ་རང་དབང་ཅི། །ཞེས་གསུངས་པའང་རང་བཞིན་བརྗོད་པ་ཁོ་ནར་སྣང་ངོ་། །སྒྱུ་ལུས་སུ་ལྡང་བའི་མཚམས་ཀྱང་ཡབ་སྲས་ལྔའི་གཞུང་དུ་མི་གསལ་ཞིང་། རྗེ་མགོས་དང་ལག་སྨི་སོགས་ལུགས་ལྡོག་གི་སྟོང་པ་གསུམ་པའི་མཐར་ལྡང་བར་བཞེད་པའི་བཤད་ཚུལ་ཙམ་སྔགས་རིམ་དུ་འགོད་པར་མཛད་ནའང་། རྗེ་རང་ཉིད་ཀྱིས་དཔྱད་པ་ཡོངས་སུ་རྫོགས་པའི་དགོངས་པ་མཐར་ཐུག་གསལ་སྒྲོན་ལས་འབྱུང་བ་བཞིན་འོད་གསལ་ལས་ལངས་པ་དང་དུས་མཉམ་པར་སྒྱུ་མའི་སྐུ་འགྲུབ་པ་ནི། བདག་བྱིན་བརླབ་ཀྱི་རིམ་པར་ཆུ་ལས་ཉ་མྱུར་དུ་ལྡང་བ་དང་། སྤྱོད་བསྡུས་སུ་གཉིད་ལོག་པ་ལས་མྱུར་དུ་སད་པའི་དཔེས་འོད་གསལ་ལས་སྒྱུ་མའི་སྐུར་བཞེངས་པའི་དཔེ་གཉིས་དང་ཤིན་ཏུ་འགྲིགས་ཤིང་། གཞི་ལ་འཆི་བ་འོད་གསལ་འགགས་པ་དང་མཉམ་དུ་བར་དོ་འགྲུབ་པ་དང་རྣམ་པ་མཐུན་པས། བཤད་ཚུལ་འདིའང་སྔོན་མེད་པའི་ལེགས་བཤད་ཀྱི་སྐྱེས་ཆེན་པོ་ཡིན་ནོ། །དེ་ལྟར་ན་སྔ་རབས་པ་རྣམས་མདོ་ལུགས་དང་ཐུན་མོང་བ་བདེན་སྟོང་སྒྱུ་མ་ཙམ་ལ་སྐབས་འདིའི་སྒྱུ་མའི་དོན་དུ་བྱེད་པ་དང་། རྒྱུད་སྡེ་འོག་མ་གསུམ་དང་བསྐྱེད་རིམ་སོགས་ཀྱི་ཐུན་མོང་བ་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཙམ་ལ་སྒྱུ་མའི་དོན་དུ་བྱེད་པ་སྟེ་སྤྱི་དོན་གྱི་སྒྱུ་མའི་བཤད་ཚུལ་དེ་ཙམ་མ་གཏོགས། སྦས་དོན་གྱི་སྒྱུ་མ་རིམ་པ་གསུམ་པའི་སྒྱུ་མའི་སྐུ་དང་། མཐར་ཐུག་གི་སྒྱུ་མ་ཟུང་འཇུག་གི་ཡ་གྱལ་སྒྱུ་མའི་སྐུ་རྣམས་སོ་སོའི་ངོ་བོ་རླུང་གི་ཉེར་ལེན་ལས་སྒྲུབ་ཚུལ། དག་མ་དག་གི་ཁྱད་པར་དང་འོད་གསལ་གྱིས་སྦྱོང་ཚུལ། ལྡང་བའི་མཚམས་དང་དཔེ་བཅུ་གཉིས་ཀྱིས་མཚོན་པའི་གནད་མི་འདྲ་བ་ཇི་ལྟ་བུ་ཡོད་པ་རྣམས་ལེགས་པར་འཇོག་མ་ཤེས་པ་ན་རྗེ་བླ་མས་བདག་བྱིན་བརླབ་ཀྱི་རིམ་པ་དང་། སྤྱོད་བསྡུས། ལེའུ་བཅུ་གཉིས་པ་དང་བཅོ་ལྔ་པའི་སྒྲོན་གསལ་སོགས་ཀྱི་མན་ངག་ལ་བརྟེན་ནས་རྩ་བཤད་ཀྱི་དགོངས་པ་ལེགས་པར་བཀྲལ་བ་འདིས་དཔལ་གསང་བ་འདུས་པ་ཙམ་དུ་མ་ཟད། ཕ་རྒྱུད་མཐའ་དག་གི་ལམ་གྱི་སྲོག་རྩ་བཟུང་བ་ཡིན་ཏེ། གང་གི་སྒོ་ནས་ཕ་རྒྱུད་དུ་འཇོག་པའི་འཇོག་བྱེད་ཐུན་མོང་མ་ཡིན་པ་སྒྱུ་མའི་སྐུ་འདི་ཉིད་ཡིན་པའི་ཕྱིར་རོ། ། ― GTD001_Page_0059 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེའང་རང་གི་ངོས་སྐལ་ལྟ་བུ་རྣམ་པར་བཞག་འཇོག་གི་དབང་དུ་བྱས་པ་ཡིན་གྱི། མ་རྒྱུད་ལའང་འདི་ཉིད་གལ་མི་ཆེ་བ་མིན་ཏེ། སྔགས་བླ་མེད་ཀྱི་གདུལ་བྱ་མཐའ་དག་གིས་དོན་དུ་གཉེར་བྱའི་གཙོ་བོ་ནི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཡིན་ཞིང་། དེ་འགྲུབ་པ་ལ་གང་ཟུང་དུ་འཇུག་རྒྱུའི་ཡ་གཉིས་པོ་སོ་སོར་བསྒྲུབ་དགོས་པས། དུས་འཁོར་གྱི་སྐབས་འདིའི་དོད་སྟོང་གཟུགས་ཀྱིས་ཆོག་པར་གསུངས་པ་རྒྱུད་སྡེ་གཞན་དང་མི་འདྲ་བའི་བཤད་སྲོལ་ཡིན་པ་མ་གཏོགས། བདེ་དགྱེས་སོགས་མ་རྒྱུད་གཞན་གྱི་ལམ་རྣམས་ཉམས་སུ་ལེན་པའི་ཚེ། སྒྱུ་ལུས་སྒྲུབ་ཚུལ་གྱི་གནད་འདུས་པ་དང་མཐུན་པར་མ་ཟད། དེ་དག་རང་རྐྱང་ལ་བརྟེན་ནས་སྒྱུ་མའི་སྐུ་སྒྲུབ་པའི་གདམས་པ་ཆ་ཚང་བ་རྟོགས་མི་ནུས་པས། མེད་མི་རུང་དུ་གསང་བ་འདུས་པས་ཁ་བསྐང་དགོས་པའི་ཕྱིར། མ་རྒྱུད་ལའང་སྒྱུ་ལུས་སྒྲུབ་ལུགས་མེད་མི་རུང་དུ་ཤེས་དགོས་ཚུལ་འཁོར་ལོ་སྡོམ་པའི་ཕྱོགས་མཐུན་གྱི་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། ལྷ་ཡི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་སུམ་བྱེད་པ་པོ། །ལུགས་མ་ལ་སོགས་རྣལ་འབྱོར་གྱིས། །རྣམ་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རྣལ་འབྱོར་རང་བཞིན་གཟུགས། །བདག་བྱིན་བརླབ་པའི་མཚན་ཉིད་དེ། །བདག་བྱིན་བརླབ་བྲལ་རྣལ་འབྱོར་པ། །སྦུན་སྐོགས་དུམ་བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བླ་ན་མེད་པའི་བྱང་ཆུབ་འཐོབ། །ཅེས་སྒྱུ་མའི་སྐུ་སྒྲུབ་ཚུལ་མ་ཤེས་ན་སྦུན་སྐོགས་བཞིན་དུ་སྙིང་པོ་མེད་པ་དང་། ཤེས་ན་བྱང་ཆུབ་མྱུར་དུ་འཐོབ་པར་གསུངས་སོ། །དེ་སྒྲུབ་པའི་ཚུལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ཀྱི་ཆ་དུ་མའི་སྦས་དོན་གྱི་ཚུལ་དུ་ཡོད་པ་ལས། དེ་ཉིད་སྒེར་དུ་འཆད་པའི་ཚིག་ལོགས་སུ་བཀོལ་རྒྱུ་མེད་ལ། བཤད་རྒྱུད་མངོན་བརྗོད་ཀྱི་ལེའུ་བཞི་པར། རྟག་ཏུ་སྙིང་ལ་གནས་པ་ཡི། །ཞེས་སོགས་ཀྱིས་སྒྱུ་ལུས་བསྟན་པར་དྲིལ་བུ་པས་གསུངས། སྡོམ་འབྱུང་གི་ལེའུ་གསུམ་པར། ཀུན་རྫོབ་སྐྱེ་བ་འབྱུང་བ་ལས། །དངོས་མེད་ཀྱང་མིན་ཆད་མེད་ཕྱིར། །ལྷན་སྐྱེས་ཆོས་རྣམས་ཐམས་ཅད་ཀྱིས། །ལྷན་སྐྱེས་དགའ་བའི་རང་བཞིན་དང་། །རང་བྱིན་བརླབ་དང་རང་བྱུང་སྟེ། །ཞེས་པས་སྒྱུ་ལུས་བཤད་ཅིང་། ལེའུ་གཉིས་པར། སྐྱེ་ཤི་བར་དོ་གསུམ་གྱི་རྣམ་གཞག་གསལ་བར་གསུངས་ནས། དེ་དང་མཐུན་པར་སྒོམ་པའི་བསྐྱེད་རིམ་ལེའུ་བཅུ་གསུམ་པ་ནས་རྒྱས་པར་གསུངས་པའི་ཤུགས་ཀྱིས་འཆི་རིམ་དང་མཐུན་པར་བསྒོམས་པའི་འོད་གསལ་ལས་བར་དོ་དང་མཐུན་པའི་སྒྱུ་ལུས་འགྲུབ་ཚུལ་ཡང་གསུངས་པ་ཡིན་ནོ། །འོན་ཀྱང་བདེ་མཆོག་རང་གི་བཤད་རྒྱུད་ཁོ་ནས་གསལ་མི་ཐུབ་པས། དེར་འདུས་པས་ཁ་བསྐང་དགོས་པ་གསལ་སྒྲོན་ལས། བདེ་སྟོང་དབྱེར་མེད་ཀྱི་ལམ་དང་སྒྱུ་མའི་སྐུ་གཉིས་ལས་ཕྱི་མ་ཆེས་རྟོགས་དཀའ་ལ། དེའང་ལུགས་མཆོག་ཏུ་གྱུར་པ་འདི་ནས་རྩད་བཅད་ནས་གཞན་ལ་འཁྱེར་ཤེས་དགོས་སོ། །ཞེས་གསུངས་ཤིང་། ཁ་སྐོང་ཚུལ་ཡང་རྗེ་ཉིད་ཀྱིས་རྫོགས་རིམ་དངོས་གྲུབ་སྙེ་མ་དང་། སྦས་དོན་ལྟ་བའི་མིག་འབྱེད་སོགས་སུ་ཇི་ལྟར་ཁ་བསྐངས་ནས་གསུངས་ཡོད་པ་དེ་བཞིན་དུ་ཤེས་དགོས་པ་ཡིན་ནོ། །མ་རྒྱུད་ཀྱི་ནང་ན་སྒྱུ་ལུས་ཀྱི་བཤད་པ་ཅུང་ཟད་ཁ་གསལ་བ་ཀྱཻ་རྡོར་གྱི་སྐོར་ཡིན་ལ། དེ་ལས་འབྱུང་བའི་ཚུལ་ནི་བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ཡི། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་དུ་ཡན་ལག་དང་ཉིང་ལག་ཚང་ཞིང་། རྨི་ལམ་བཞིན་དུ་རགས་པའི་ལུས་ལས་ལོགས་སུ་ཕྱེ་བ། ཐ་མལ་པའི་འཆི་བ་འོད་གསལ་ལས་བར་སྲིད་འགྲུབ་པ་བཞིན། ལམ་གྱི་འོད་གསལ་ལས་སྒྱུ་མའི་སྐུར་ལྡང་ཚུལ་རྡོར་འཕྲེང་དང་དགོངས་པ་ལུང་སྟོན་ཇི་ལྟ་བ་བཞིན་གསུངས་ལ། དེའི་མཇུག་ཐོགས་སུ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡིས་འདི་ནི་བྱིན་བརླབས་ཡིན། །ཞེས་ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་བྱེད་དབང་གསུམ་པའི་བདེ་ཆེན་ངོ་སྤྲོད་པ་དེའི་རྒྱུན་གྱི་འོད་གསལ་ལས་ལྡང་ཚུལ་དང་། སླར་ཡང་དེའི་རྒྱུན་ཡང་ཡང་གོམས་པས་དག་པར་བྱས་ཏེ་བྱིན་གྱིས་རློབ་ཚུལ་འདུས་པ་ལྟར་གསུངས་སོ། །རྩ་རྒྱུད་ཀྱི་གནད་འདི་དག་ཤིན་ཏུ་གསལ་བར་བཤད་རྒྱུད་རྡོ་རྗེ་གུར་ལས་གསུངས་ཏེ། དེའི་ལེའུ་བཞི་པར། རང་ཡང་རང་བྱིན་བརླབ་པ་ཡིས། །བྱིན་གྱིས་བརླབ་པར་བྱ་བ་ཡིན། །ཆོ་གའི་རིམ་པས་རིམ་པ་ཡིས། །དེ་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་འོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་འོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་སྒྱུ་མའི་སྐུ་གང་ལས་འགྲུབ་པའི་འོད་གསལ་གྱི་ཡེ་ཤེས་དང་། དེའི་མཇུག་ཐོགས་སུ། ཕྱི་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པ་སྐད་ཅིག་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ཅན་རྣམས། །ཡེ་ཤེས་ཕུང་པོའི་བློ་ལྡན་པ། །འདི་ཡི་རྗེས་སུ་ཐམས་ཅད་འབྲང་། །ཞེས་འོད་གསལ་ནམ་མཁའ་ལྟ་བུ་དེ་ལས་སྒྱུ་མ་དང་རྨི་ལམ་ལྟར་རླུང་སེམས་ཙམ་གྱི་ལུས་སུ་སྐད་ཅིག་གིས་ལྡང་ཚུལ་མདོར་བསྟན་ལ། དེའི་རྒྱས་བཤད་ལེའུ་བཅུ་བཞི་པ་ལས། རང་བྱིན་རློབས་པའི་སྦྱོར་བ་རུ། །ཞེས་སོགས་ཤོ་ལོ་ཀ་བདུན་གྱིས་འོད་གསལ་སྒྲུབ་ཚུལ་དང་། དེ་ནས། ཧེ་རུ་ཀ་དངོས་བེམ་པོ་མིན། །ཞེས་སོགས་ཤོ་ལོ་ཀ་ལྔས་སྒྱུ་ལུས་བཤད་པས། རྩ་བཤད་གུང་བསྒྲིགས་ན་རྒྱུད་དོན་ལ་མི་འཕྱུག་པའི་གཟེར་ཐེབས་པར་འགྱུར་རོ། །འོན་ཀྱང་རྩ་བཤད་ཀྱི་དོན་འགྲེལ་ཚུལ་འདི་ལྟར་བྱེད་དགོས་པ་རྒྱ་འགྲེལ་རྣམས་སུ་མི་གསལ་ཞིང་། བོད་ཀྱི་ཊཱིཀ་བྱེད་སྔ་མ་རྣམས་ལ་གཏད་སོ་མ་བྱུང་བ་རྗེ་བླ་མས་སྔོན་མེད་ལེགས་བཤད་ཀྱི་སྲོལ་ཕྱེས་པ་ལ་བརྟེན་ནས་མཁས་གྲུབ་སྨྲ་བའི་ཉི་མས་བརྟག་གཉིས་རྣམ་བཤད་དུ་གསལ་བར་གསུངས་པ་ཡིན་པས། ལམ་འདིའི་སྒྲུབ་པ་ལྷུར་ལེན་པའི་སྐྱེ་བོ་བློ་གྲོས་ཅན་རྣམས་ཀྱིས་ཀྱང་ཚུལ་དེ་ཤེས་པར་བྱ་དགོས་སོ། །དེ་ལྟར་ན་སྒྱུ་མའི་སྐུའི་རྣམ་གཞག་ལ་མ་རྟོགས་ལོག་རྟོག་གི་དྲི་མ་བསལ་ཏེ་འདོམས་པར་མཛད་པ་འདིས་གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི་སྲོག་བཟུང་ཞིང་། རིག་པ་འཛིན་པ་མཐའ་དག་ལ་ཟུང་འཇུག་ནོར་བུའི་གླིང་དུ་བགྲོད་པའི་འཇུག་ངོགས་ཉེ་བར་མཚོན་པ་ཡིན་ནོ། ། ― GTD001_Page_0060 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་མ་རྒྱུད་ཀྱི་ལམ་གྱི་སྙིང་པོ་འོད་གསལ་གྱི་རྣམ་གཞག་གསལ་བར་མཛད་ཚུལ་ནི། ཕྱི་ནང་ཕྱག་རྒྱའི་སྤྲོས་པ་ལས། །གང་གིས་རྒྱས་གདབ་དེ་ཉིད་དོན། །མ་མཐོང་རྣམས་ཀྱང་མིག་ཕྱེ་སྟེ། །མ་རྒྱུད་གནད་ལ་ཤིད་ཟན་བཏང་། །ཞེས་བྱུང་། དེའང་གུར་གྱི་བཅུ་གསུམ་པ་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་ཅེས་བྱ། །ཞེས་ཕ་མའི་རྒྱུ་གཉིས་སུ་ཕྱེ་བའི་ནང་ནས་རྣལ་འབྱོར་མ་རྒྱུད་དུ་འཇོག་བྱེད་དང་། ཐུགས་ཆོས་སྐུ་འགྲུབ་པའི་རྒྱུའི་གཙོ་བོ་བདེ་སྟོང་གི་ཡེ་ཤེས་ཉིད་ཡིན་ལ། དེ་སྒྲུབ་པའི་ཚུལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱོར་བ་ནི། བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །ཞེས་དང་། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་ནས་བསྒྲུབ་དགོས་ཀྱང་། བདེ་བ་དེ་དང་སྟོང་ཉིད་ཀྱི་ལྟ་བ་སྦྱོར་རྒྱུ་མེད་ན་བདེ་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ཞེས་གཏམ་ཁམ་པོ་ཆེ་སྨྲས་ཀྱང་། བདེ་ཆེན་དེ་ཉོན་མོངས་པའི་གཉེན་པོ་མཐར་ཐུག་འགྲོ་བྱེད་ཀྱི་གནད་མ་ཤེས་པ་ཡིན་པས་འཁོར་རྩ་གཅོད་བྱེད་དུ་མི་འགྱུར་བར་མ་ཟད། སྲིད་པར་འཆིང་བྱེད་ཀྱི་ཆགས་པ་རང་དགའ་བར་འགྱུར་ཉེན་ཆེ་བའི་ཕྱིར། ས་ར་ཧའི་དོ་ཧ་ལས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང་། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །ཅེས་དང་། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་འཐོབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་ཁ་བའི་ལྗོངས་འདིར་མ་རྒྱུད་ཀྱི་ལམ་ལ་དགའ་བ་ལྷུར་བྱེད་པ་སྔོན་དང་ཕྱིས་སུ་བྱུང་བ་མང་པོ་ཞིག་ནི། ཕྱིའི་ཕྱག་རྒྱ་པདྨ་ཅན་ལ་སོགས་པ་བཞིའི་བརྟག་ཐབས། རིགས་ཀྱི་དབྱེ་བས་རྩ་སད་པར་བྱེད་ཚུལ། དབབ་ཟློག་དགྲམ་གསུམ་སོགས་ཀྱི་མན་ངག་ཁོ་ན་ཚོལ་ཞིང་ལག་ལེན་སྐྱོང་བ་ཐབས་ལམ་པར་གྲགས་པའི་སྐོར་དང་། ནང་ལུས་ཀྱི་རྩ་འཁོར་ལ་གནད་དུ་བསྣུན་པ་གཙོ་བོར་བྱས་ཏེ་རྔུབ་པ་དང་དགང་བ་སོགས་བུམ་པ་ཅན་གྱི་རྣལ་འབྱོར་དང་། མེ་དམིགས་ཅི་རིགས་ཀྱིས་གཏུམ་མོ་སྦར་ཞིང་། དེ་ལས་སྤྱི་བོའི་ཧཾ་ཡིག་ཞུ་བའི་འབར་འཛག་གི་རིམ་པས་དགའ་བཞི་འདྲེན་པ་དང་། ཕལ་མོ་ཆེ་གཏུམ་མོ་ཕལ་བ་སྦར་བས་ཀྱང་ལུས་དྲོད་སྐྱེ་ཞིང་། དེས་དགུན་རས་རྐྱང་ཐུབ་པ་ཙམ་ལ་རྫོགས་རིམ་མཐོན་པོར་འཁྲུལ་བ་ཕྱག་རྒྱ་པར་གྲགས་པའི་སྐོར་སོགས་མང་དུ་བྱུང་ངོ་། །དེ་དག་གིས་རྩ་རླུང་ལ་གནད་དུ་བསྣུན་ལུགས་དང་བདེ་ཆེན་འདྲེན་ཚུལ་སོགས་ཀྱང་རྒྱུད་སྡེའི་དགོངས་པ་ཇི་ལྟ་བར་སོང་བ་ཉུང་སྟེ། རིམ་ལྔ་གསལ་སྒྲོན་ལས། བྱང་སེམས་ཕབ་པ་དེ་ནོར་བུར་མ་སླེབ་པའི་གོང་གི་གནས་རྣམས་ནས་བཙན་ཐབས་ཀྱིས་བཟློག་པ་དང་། རྡོ་རྗེར་སླེབ་ན་དེ་མ་ཐག་ཏུ་བཟློག་པའི་འདྲེན་མང་པོ་དང་། བཙན་ཐབས་སུ་བཟློག་པ་དེའང་ལུས་ལ་མ་ཁྲེམས་ན་ནད་སྐྱེད་པར་མཐོང་ནས་འགྲེམས་པའི་ཚུལ་རྣམས་སྔ་མ་མང་པོས་བྱེད་མོད་ཀྱང་། རླུང་དྷཱུ་ཏཱིར་ཐིམ་ནས་བྱང་སེམས་ཞུ་བ་ནི། དེ་ལྟར་མིན་པའི་ཞུ་བའི་ཁྱད་པར་ཕྱེ་ནས། དེ་ལ་བྱང་སེམས་གཟུང་དཀའ་སླ་དང་། དེ་བཙན་ཐབས་སུ་བཟློག་དགོས་མི་དགོས་དང་། བཟློག་པ་ལུས་ལ་མ་བཀྲམ་ན་ནད་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ཕྱེད་པའི་རྣམ་གཞག་མི་སྣང་ངོ་། །ཞེས་གསུངས་ཤིང་། ཕྱག་རྒྱ་བཞིའི་ཁྱད་པར་སོགས་ཀྱང་ཇི་བཞིན་མ་ཕྱེད་ཚུལ་མཁས་གྲུབ་རྗེའི་ཡིག་ཆུང་ཉེར་གཅིག་ཏུ་གསུངས་པ་ལྟར་རོ། །དེས་ན་བདེ་སྟོང་དབྱེར་མེད་ཀྱི་བདེ་བའི་ཆ་སྒྲུབ་ཚུལ་ཡང་ཇི་ལྟ་བ་རྗེ་བླ་མའི་བཀའ་དྲིན་གྱིས་ཤེས་དགོས་ལ། ཁྱད་པར་དུ་བདེ་བ་དེ་ལ་རྒྱས་འདེབས་བྱེད་དང་། གང་ལ་མཉམ་པར་འཇོག་པའི་ཡུལ་གྱི་སྟོང་པ་ཉིད་རྟག་ཆད་གོལ་བའི་མཐའ་ལས་འདས་པའི་ཇི་ལྟ་བ་ཉིད་ནི་རྗེ་བླ་མ་ཉག་གཅིག་གིས་གསལ་བར་མཛད་པ་ཡིན་ནོ། །དེ་ལྟ་བུའི་ཟབ་མོའི་ལྟ་བ་དང་སྦྱོར་རྒྱུ་མེད་པར་ལྷའི་རྣལ་འབྱོར་དང་རྩ་རླུང་སོགས་སྔགས་ཀྱི་ཉམས་ལེན་ཟབ་མོར་གྲགས་པ་ཇི་འདྲ་ཞིག་འབད་པས་ཉམས་སུ་བླངས་ཀྱང་གཟུགས་བརྙན་ཙམ་ལས་མི་འོང་སྟེ། རྗེ་བླ་མས་རྗེ་བཙུན་རེད་མདའ་བར་ཕུལ་བའི་གདམས་པ་ལས། མཚན་ཉིད་ཀྱི་ཐེག་པའི་གནད་གསུམ་གོང་དུ་བསྟན་པ་རྣམས་ཀྱང་ཤེས། སྔགས་ཀྱི་ཐབས་ལམ་གྱི་གདམས་ངག་ཀྱང་ཡོད་པ་ཀླུ་སྒྲུབ་དང་ཟླ་གྲགས་འདྲ་བ་དེ་མཚན་ཉིད་ཐེག་པ་རྐྱང་པའི་གདུལ་བྱ་ལས་མྱུར་བ་དང་ཆེས་ཁྱད་པར་དུ་འཕགས་པ་ཡིན་གྱི། མཚན་ཉིད་ཀྱི་ལམ་གྱི་གནད་མེད་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་དེ་མཚན་ཉིད་ཀྱི་གདུལ་བྱ་ལས་དམན། ཞེས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་མེད་པར་སྔགས་ཀྱི་ཉམས་ལེན་བསྐྱངས་ཀྱང་ས་ཆོད་ཤིན་ཏུ་ཆུང་བར་གསུངས་ལ། དེ་བཞིན་དུ་གསང་ཕུ་བ་ཆེན་པོ་དཀོན་མཆོག་ཚུལ་ཁྲིམས་ལ་སྩལ་བའི་བསླབ་བྱ་ལས་ཀྱང་། སྟོང་ཉིད་ཀྱི་ལྟ་བ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་གཉིས་འདྲ་བར་གསུངས་ཤིང་ཞེས་པ་ནས། དེའི་གོ་བ་ཚོལ་ལུགས་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལས་ལྷག་པ་ཅིའང་མེད་ཅིང་། ལུང་རིགས་པ་མདོ་སྡེའི་ཕྱོགས་གསལ་བས། ཞེས་སོགས་དང་། དེ་ཁོ་ན་ལྟར་ངེས་པར་བྱེད་པའི་རིགས་པའི་བསྟན་བཅོས་རིགས་ཚོགས་ལ་སོགས་པ་རྣམས་ཡིན་ནོ། །ཞེས་སྔགས་ལམ་གྱིའང་ལྟ་བའི་ཁུངས་གཅོད་ས་མདོ་ཕྱོགས་དང་། ཁྱད་པར་དུ་རིགས་ཚོགས་ལ་གདམས་པའི་སྙིང་པོར་བྱེད་དགོས་པར་གསུངས་པས། ཁ་ཅིག་སྔགས་ལམ་མཐོན་པོའི་འུད་ཀྱིས་སྦོས་ཏེ་རིགས་ཚོགས་ལྟ་བུ་ཅིར་ཡང་མི་རྩི་བ་ནི་ཆོས་ཀྱི་གནད་མ་གོ་བའི་རྟགས་ཡིན་ནོ། །དེ་སྐད་དུ་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། རྡོ་རྗེ་ཐེག་པས་འགྲོ་བ་རྣམས་ཀྱིས་ཀྱང་ཐབས་མཁས་པའི་ཁྱད་པར་མཐའ་ཡས་པ་དག་གིས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བའི་དེ་ཁོ་ན་ཉིད་ནི། དབུ་མ་རིགས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་འདི་ཁོ་ན་ཡིན་གྱི། འདི་ལས་ཁྱད་པར་དུ་གྱུར་པ་ཅིའང་མེད་པས་ཐེག་པ་གསུམ་གྱི་གང་ཟག་མཆོག་དམན་ཐམས་ཅད་ཀྱིས་བསྒོམ་བྱའི་དེ་ཁོ་ན་ཉིད་ནི་གཅིག་པུ་འདིར་ཟད་པ་ཡིན་ལ། དེའང་དཔལ་གསང་བ་འདུས་པ་སོགས་ཀྱི་རྒྱུད་དང་། གྲུབ་ཆེན་གྱི་གཞུང་དུ་མས་སྒྲུབ་ཏུ་ཡོད་མོད་ཀྱི། ཞེས་སོགས་གསུངས་སོ། །དེ་ལྟ་བུའི་ལྟ་བའི་རྒྱས་འདེབས་ཁྱད་པར་ཅན་ཡོད་ན་འདོད་ཡོན་གྱི་རོལ་པ་ཇི་ཙམ་ཆེ་བ་བཞིན་གྱིས་མེ་ལ་བུད་ཤིང་བསྣན་པ་ལྟར་སྲེད་སོགས་ཉོན་མོངས་སྤོང་བའི་ནུས་པ་ཇེ་ཆེར་འགྲོ་ལ། དུག་སྨན་དུ་སྒྱུར་བྱེད་ལྟ་བུའི་གཉེན་པོ་ཡང་དག་པའི་ལྟ་བ་མེད་ན་བདེ་བ་ཇི་ཙམ་འཕེལ་བའི་ཚོད་ཀྱིས་སྲེད་པ་ཇེ་འཕེལ་དུ་སོང་སྟེ་སྡུག་བསྔལ་བའི་རྒྱུ་ལས་མི་འོང་བའི་ཕྱིར། རིམ་ལྔ་གསལ་སྒྲོན་ལས། འཁོར་འདས་མ་ལུས་པའི་རང་བཞིན་སྟོང་ཉིད་ཤེས་པའི་སྟོང་པ་དང་སྦྱོར་རྒྱུ་མེད་པར་དབང་པོ་གཉིས་སྦྱོར་ལས་བྱང་སེམས་མི་འཕོ་བ་ཙམ་གྱི་བདེ་བ་སྒྲུབ་པ་ནི། སྲིད་པའི་རྩ་བ་བདེན་འཛིན་གྱི་མ་རིག་པ་ལ་ཅིའང་མི་གནོད་པས། བདེ་བ་དེ་ཇི་ཙམ་སྤྱད་པ་བཞིན་དུ་བདེན་འཛིན་དེས་དྲངས་པའི་སྲེད་པ་ཇེ་འཕེལ་དུ་འགྲོ་བས། སྐོམ་སྲེད་ཅན་གྱིས་སྨིག་རྒྱུ་ལ་ཆུར་འདུ་ཤེས་ནས་ཞུགས་པ་དང་འདྲ་བས་དེ་འདྲ་བ་ནི་སྨད་ལ། ཞེས་གསུངས་པའི་ཕྱིར། ཚུལ་འདི་རྗེ་བླ་མས་ཇི་ལྟར་གསུངས་པ་བཞིན་རྒྱ་གར་གྲུབ་ཆེན་རྣམས་ཀྱང་མགྲིན་གཅིག་ཏུ་གསུངས་ཏེ། དཔལ་ས་ར་ཧས། མ་ལུས་རང་བཞིན་གང་གིས་མི་ཤེས་པ། །ཀུན་ཏུ་རུའི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་པས་སྨིག་རྒྱུ་རྙེད་པ་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །ཞེས་དང་། གསང་བ་གྲུབ་པ་ལས། དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་པའི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ། །ཞེས་དེ་ཁོ་ན་ཉིད་ཀྱི་ལྟ་བ་མེད་པར་འདོད་པའི་བདེ་བ་ལ་དགའ་དགའ་ལྟར་སྤྱོད་པ་དམྱལ་བའི་རྒྱུར་གསུངས་ཤིང་། དེ་བཞིན་དུ་དེ་ཁོ་ན་ཉིད་གྲུབ་པར་རྒྱུད་དྲངས་པ་ལས་ཀྱང་། དེ་ཉིད་དེ་ཉིད་ཀྱིས་ཤེས་ནས། །གང་ཞིག་ལྷ་མོ་ལ་བརྟེན་པ། །དེ་འགྲུབ་འགྱུར་གྱི་གཞན་དུ་ནི། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཞེས་གསུངས་སོ། །བོད་སྔ་མ་མང་པོ་ཞིག་དང་པོར་གྲུབ་ཆེན་གྱི་ལད་མོ་བྱས་ཏེ་ཕྱག་རྒྱ་བསྟེན་ཡང་གཉེན་པོ་མེད་པས་སྲེད་པ་འཕེལ་འགྲོ་བ་མཐོང་ནས་བདེ་བའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རང་ཡལ་དུ་འགྲོར་འཇུག་ཅིང་། དེ་བདེ་སྟོང་སྦྱོར་བའི་དོན་དུ་རློམ་པ་ནི་བདེ་སྟོང་གི་གནད་ཕྱོགས་ཙམ་ཡང་མ་གོ་བའི་བླུན་པོའི་རང་བཟོ་ཡིན་ཏེ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས། བདེ་སྟོང་སྦྱོར་བའི་དོན་ནི་བདེ་བ་སྐྱེས་པ་ན་དེ་ལ་སྲེད་པ་སྐྱེས་ཀྱིས་དོགས་ནས། བདེ་བའི་ངོ་བོ་ལ་ཆེར་བལྟས་པས་འདི་ཡིན་མེད་དུ་ཡལ་སོང་བ་ལ་མི་བྱེད་ཀྱི། བདེ་བ་ཉིད་སྟོང་ཉིད་ངེས་པའི་འཛིན་སྟངས་ཅན་དུ་སྐྱེས་པ་བདེ་སྟོང་སྦྱོར་བའི་དོན་ཡིན་པའི་ཕྱིར་རོ། ། ― GTD001_Page_0061 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་སྟོང་ཉིད་རྟོགས་པ་གོང་ནས་གོང་དུ་ཁྱད་ཞུགས་པ་ཙམ་གྱིས་བདག་འཛིན་མགོ་གནོན་པའི་ནུས་པ་ཕུལ་དུ་བྱུང་བར་འགྱུར་བས་འཁོར་བའི་རྩ་བ་ལ་གནོད་བྱེད་སྟོབས་ལྡན་དུ་འགྱུར་བ་ཡིན་ཏེ། དེའི་ཕྱིར་བསྐྱེད་རིམ་འཁོར་བའི་རྩ་བ་ལ་གནོད་བྱེད་དུ་འགྱུར་བའི་གཙོ་བོའང་སྒོ་འདི་ནས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྗེ་རྒྱལ་བ་གཉིས་པའི་ལེགས་བཤད་ཀྱི་ཆ་ཤས་འདི་ཙམ་གྱིས་ཀྱང་། མདོ་སྔགས་རྒྱབ་འགལ་དུ་འཛིན་པ་དང་། མཆོག་སྒྲུབ་པ་ལ་བསྐྱེད་རིམ་མི་དགོས་པར་འདོད་པ་དང་། སྔགས་ལ་བསྙད་ནས་སྤྱོད་པ་བག་མེད་དུ་བྱེད་པའི་ལོག་རྟོག་མང་པོ་ཞིག་ཅིག་ཅར་དུ་ལྡོག་པར་འགྱུར་རོ། །དེ་ལྟ་བུའི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ལམ་དེ་ཉིད་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་ཡིན་ཀྱང་། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་སྐོར་ནས་ཤིན་ཏུ་གསལ་ཞིང་རྒྱས་པར་གཏན་ལ་འབེབས་པས། དེ་ཉིད་མ་རྒྱུད་བྱེ་བ་བཅུ་དྲུག་གི་ཏོག་ལྟ་བུར་བསྔགས་པ་ཡིན་ཏེ། རེད་མདའ་པའི་དྲིས་ལན་ལས། བདེ་སྟོང་གི་རྣམ་གཞག་ཀྱཻ་རྡོར་སོགས་ནས་དངོས་སུ་བསྟན་ཀྱང་། བདེ་བ་དེ་གང་ལས་བྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་སྦྱར་ནས་ཉམས་སུ་ལེན་པ་ལ་བདེ་བ་མཚན་ཉིད་པ་ཁྱད་པར་ཅན་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ལ་ཆེ་ཆུང་དང་། གང་དུ་འབབ་པའི་ཚད་དམ། མཚམས་གང་ནས་དགའ་བ་བཞིར་འཇོག་ཅིང་། དགའ་བ་བཞི་པོ་རེ་རེ་ལའང་བཞི་བཞིར་ཡོད་ཅིང་། ཡས་བབ་ཀྱི་དགའ་བ་དང་མས་བརྟན་གྱི་དགའ་བ། བདེ་བ་ཆེ་ཆུང་དང་ལུགས་འབྱུང་དང་ལུགས་ལྡོག་འོང་ཚུལ་སོ་སོའི་རྣམ་གཞག་རྒྱས་པར་ཤེས་དགོས་ཤིང་། སྟོང་པ་ལ་མཚན་ཉིད་ཐེག་པ་ནས་བཤད་པ་ལས་ཟུར་དུ་མེད་ཀྱི། དེ་སྟོང་ཚུལ་མཚན་ཉིད་ཐེག་པ་ནས་ཕུལ་དུ་བྱུང་བའོ། །བདེ་བའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ནི། ངེས་དོན་གྱི་མཁའ་འགྲོ་མ་གཏུམ་མོ་རྡུལ་གྱི་མེ་སྦར་བས་འབེབས་དགོས་ཤིང་། དེར་འབར་ཞིང་འཛག་པ་ལ་ཕྱག་རྒྱ་དང་མཉམ་པར་སྦྱར་དགོས་པས་ཕྱག་རྒྱ་ལའང་བཞིར་ཡོད་ཅིང་། དེ་བཞི་པོ་སོ་སོའི་ངོ་བོ་བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་འདྲེན་ཚུལ། བདེ་ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་པོའི་ཁྱད་པར། གཏུམ་མོའང་རྩ་གང་རུང་གི་ནང་ནས་འབར་བས་སྙིང་ག་སོགས་ཀྱི་རྩ་མདུད་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་དགོས། ཞུགས་གནས་ཐིམ་གསུམ་བྱས་པས། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བ་ལ་སྤྱི་བོ་ལ་སོགས་པའི་རྩ་གནས་རྣམས་སུ་ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོ་བསྒོམས་པས་རྩ་རླུང་ལས་རུང་དུ་འགྱུར་བ་ཡིན་ནོ། །དེས་ན་ཕྱག་རྒྱ་བཞིའི་སྐོར། ལུས་ཀྱི་རྩ་གཉིས་ཕྲ་རགས་ཀྱི་གནས་ཚུལ། དེ་དག་གི་རླུང་དབུ་མར་འཇུག་པ། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་དཔལ་འཁོར་ལོ་བདེ་མཆོག་གིས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་རྒྱུད་ལ་སྐྱེད་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་རྣམས་སུ་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་རྣལ་འབྱོར་བྱེད་པ་ཤ་སྟག་གོ །ཞེས་གསུངས་པ་ལྟར་རོ། ། ― GTD001_Page_0062 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་མ་རྒྱུད་ཀུན་གྱི་གཙོ་བོར་གྱུར་པ་འཁོར་ལོ་བདེ་མཆོག་ཡིན་པར་གཟིགས་ཏེ། ཁྱུང་ལྷས་པ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་ལཱུ་ནག་དྲིལ་གསུམ་གྱི་དབང་དང་། གོང་གསུམ་སྡེ་ཆེན་པ་ལས་ཇོ་ལུགས། ས་ལུགས་མར་དོ་ལུགས་ཀྱི་འཁོར་ལོ་སྡོམ་པའི་བཤད་དཀའ་ཡོངས་སུ་རྫོགས་པའི་རྒྱུན་བུ་སྟོན་ཐམས་ཅད་མཁྱེན་པ་ནས་ཉེ་བར་བརྒྱུད་པའི་མན་ངག་ཆ་ཚང་བར་གསན། རྩ་རྒྱུད་ཀྱི་ཊཱིཀ་ཆེན་དང་། བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་མཛད་དེ་འདིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་རྒྱུད་ཕྱོགས་མཐུན་དང་བཅས་པའི་ངོས་འཛིན། བཤད་རྒྱུད་ཀྱིས་རྩ་རྒྱུད་འཆད་པའི་དོན་གྱི་གཙོ་བོ་རྫོགས་རིམ་ཡིན་ལ། དེའི་ཚུལ་ནག་པོ་པའི་དཔྱིད་ཐིག་ཏུ་སྒོ་ལེགས་པར་བསྟན་ཅིང་། ལཱུ་དྲིལ་གྱི་གཞུང་ན་རྩ་རྒྱུད་ཀྱི་གཞུང་འདིས་རིམ་གཉིས་འདི་སྟོན་ཞེས་གསལ་ཁ་བྱས་པ་མེད་ནའང་། རིམ་གཉིས་གསུང་ཚུལ་གྱི་མན་ངག་ལེགས་པར་ཤེས་ནས་འདི་རྩ་རྒྱུད་ཀྱི་ཐད་འདིའི་དགོངས་པ་བཤད་རྒྱུད་འདི་ལ་བརྟེན་ནས་བཀྲལ་པར་འདུག་སྙམ་དུ་རྩ་བཤད་སྦྱར་བའི་གནད་ཀྱང་གོ་ནུས་ཚུལ་དང་། འཕགས་ཡུལ་གྱི་གྲུབ་ཆེན་སོ་སོའི་བཞེད་སྲོལ་མཐའ་ཡས་པའི་དབང་གིས་བོད་འདིར་ཡང་བཤད་རྒྱུན་མི་འདྲ་བ་བཅུ་བཞི་ཙམ་བྱུང་ནའང་ཐམས་ཅད་ཀྱི་གཙོ་བོ་ལྟ་བུ་ལཱུ་ནག་དྲིལ་གསུམ་དང་། དེའི་དགོངས་པའི་བཅུད་བསྡུས་པའི་བཤད་སྲོལ་ནི་ནཱ་རོ་བའི་མན་ངག་ཡིན་པས། དེའི་དགོངས་པ་སུ་མ་ཏི་ཀིརྟིའི་ཉུང་ངུའི་མཚམས་སྦྱོར་བཞིན་བྱས་ན་རྒྱུད་དོན་མཐའ་དག་ལ་གོ་བ་སྟེར་ཕུལ་ཆེ་ཞིང་། ཁྱད་པར་དུ་ལེའུ་ང་གཅིག་པས་མདོར་རྒྱས་སྦྱོར་ཚུལ་གྱི་སྟེང་ནས་ལམ་གྱི་ལུས་གཅིག་ཏུ་འདྲིལ་བའི་ངེས་པ་ཁྱད་པར་ཅན་སྐྱེད་ལུགས་དང་། ནང་གསེས་ཀྱིས་ཕྱེ་ན་གྲུབ་ཆེན་སོ་སོའི་རྟེན་ཁུངས་ཀྱི་བཤད་རྒྱུད་མ་འདྲ་བའི་དབང་གིས་རྟེན་དང་བརྟེན་པ་རིམ་དང་ཅིག་ཅར་སྐྱེད་ཚུལ། རྒྱུ་རྡོར་འཛིན་གྱི་ཁྱད་པར་སྐུ་མདོག་ཞལ་ཕྱག་སོགས་ཀྱང་མི་མཐུན་ཚུལ། རིགས་ཀྱི་དབྱེ་བས་ཕྱག་མཚན་གྱི་ཁྱད། ལུས་དཀྱིལ་སྒོམ་མཚམས་དང་སྒོམ་ཚུལ། ཐ་ན་སྔགས་ཅུང་ཟད་མི་འདྲ་བ་ཚུན་ཆད་བཞེད་པ་མི་འདྲ་བ་ཡིན་པས་སོ་སོར་ཞིབ་ཏུ་ཕྱེ་སྟེ་གསང་མཐའི་ལམ་གྱི་སྙིང་པོ་མཁའ་འགྲོའི་ཁ་རླངས་ཐོལ་ལེ་བ་ཐམས་ཅད་གསལ་བར་ཕྱེས་ནས་དོན་གྱི་གནད་ཕྲ་རགས་གང་ལའང་ཕྱིན་ཅི་ལོག་ཏུ་གོལ་བའི་གནས་མེད་པར་མཛད། ཁྱད་པར་དུ་གང་དང་བདེ་སྟོང་སྦྱོར་བའི་ཡུལ་གྱི་སྟོང་པ་ཉིད་ནི་སྔར་བཤད་པ་བཞིན་རིགས་ཚོགས་རྣམས་སུ་གསུངས་པ་ལས་ལྷག་པ་ཞིག་རྣམ་པ་ཐམས་ཅད་དུ་མེད་ལ། དེ་ཉིད་རྗེ་བླ་མས་འཇིག་རྟེན་གསུམ་དུ་གསལ་བར་མཛད་པའི་ཚུལ་རྒྱས་པར་གོང་དུ་བཤད་ཟིན་པ་ལྟར་ཡིན་ནོ། །ཚུལ་དེ་དག་གི་སྒོ་ནས་མ་རྒྱུད་ཀྱི་བསྟན་པ་མིང་གི་ལྷག་མ་ཙམ་དུ་སོང་བ་ན། རྗེ་བླ་མས་ཤི་གསོའི་སྨན་གྱིས་བསླང་བ་ལྟར་མཛད་པས། འདིར་ཡང་། མ་རྒྱུད་གནད་ལ་ཤིད་ཟན་བཏང་། །ཞེས་སྨོས་པ་རྣམ་ཐར་བརྡ་ཚིག་མའི་དོན་བཞིན་ཡིན་ཏེ། རྣམ་ཐར་བརྡ་ཚིག་མ་ལས། ཤིད་ཟན་ཞེས་པའང་དེ་ནས་གོ །ཞེས་པའི་དོན་མཁས་གྲུབ་རྗེས་བཀྲལ་བ་ལས། ནུབ་སྔོན་མའི་དུས་སུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བྲིས་སྐུ་ཞིག་གི་འོག་ན་ཕར་ལ་བདེ་མཆོག་གི་ཚེས་བཅུའི་མཆོད་པ་བྱེད་པའི་བཀོད་པ་ཞིག་བྲིས། དེ་འོག་ན་ཤིད་ཟན་གཏོང་བ་ཡིན་ཟེར་བའི་ཡི་གེ་ཞིག་བྲིས་འདུག །དེ་ལ་ནུབ་བདུན་པའི་དུས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་རྣམས་དུས་ཕྱིས་གངས་རིའི་ཁྲོད་འདིར་ཤི་བ་ལྟར་གྱུར་པ་ལ། རྗེ་རིན་པོ་ཆེ་འདིས་ལེགས་པར་གསལ་བར་མཛད་པ་ནི་མི་ཤི་བའི་རྗེས་སུ་ཤིད་ཟན་གཏོང་བ་ལྟ་བུ་ཡིན་ཟེར་བའང་དེའི་ཚེ་གོ་ཞེས་གསུང་བའོ། །ཞེས་འབྱུང་བ་བཞིན་ནོ། །མནལ་ལམ་འདི་དག་གླང་ལོའི་ཟླ་བ་བཅུ་གཉིས་པའི་ནང་དུ་བྱུང་ཚུལ། བྱ་གྷྲའི་གོང་གི་ཙནྡྲ་ནི། །ཞེས་སོགས་ཀྱིས་བསྟན་པར་གསུངས་པ་ལ། ཀུན་གཟིགས་ལྔ་པ་ཆེན་པོས་ལོ་ཟླའི་ཟླ་བར་མཱ་ས་ལས་ཙནྡྲ་མི་འཇུག་ཅེས་དགག་པ་མཛད། རྗེ་འཇམ་དབྱངས་བཞད་པས། ཀུབྫ་ཞེས་པ་ཡུལ་འགའ་ཞིག་ན་སྒུར་མོ་དང་མཛེས་མ་ལའང་འཇུག་པས་ནོར་ས་ཡོད་པ་དེ་གབ་ཚིག་ལ་སྦྱར་ཆོག་པའི་ཚུལ། གཞན་དུ་གྲགས་པའི་སྒྲ་ཡི་ནི། །ཞེས་དཎྜིས་བཤད་པ་ལྟར་ཡིན་ལ། ཙནྡྲ་འང་ཚུར་བོད་སྐད་དུ་བསྒྱུར་ཚེ་ཟླ་བ་ལས་གཞན་ཟེར་རྒྱུ་མེད་ལ། བོད་སྐད་དུ་ཟླ་བ་བྱས་ཚེ་ལོ་ཟླའི་ཟླ་བ་གོ་ཐུབ་པས། རྣམ་ཐར་གསང་བའི་གནད་གབ་པའི་དུས་གབ་ཚིག་གི་ལུགས་དང་བསྟུན་པ་ལ་འགལ་བ་མེད་པར་གསུངས། ཀུན་མཁྱེན་ལྔ་པ་ཆེན་པོ་ནི་སྙན་ངག་ལ་མཁས་པ་རྩོད་མེད་ཡིན་པས་དེ་བཞིན་བཞེད་ཀྱང་མཆི་སྟེ། རྒྱ་སྐད་ཀྱི་མིང་སྨོས་ཕྱིན་རྒྱ་གར་ན་དོན་དེ་ལ་དེ་ལྟར་གྲགས་པ་དགོས་ན། བི་ཀྲི་ཏ་ཞེས་པ་ལྟ་བུ་དགོས་ཀྱི། ལྕགས་སྟག་སོགས་སྤོར་ཐང་གི་འདོགས་ལུགས་ཡིན་པའི་ཕྱིར་དང་། འདིར་ཡང་བྱ་གྷྲ་ཞེས་པ་ལོ་ལ་བྱེད་པ་ཀུན་གཟིགས་ཆེན་པོ་ཉིད་ཀྱིས་ཀྱང་སོར་བཞག་གནང་འདུག་པའི་ཕྱིར་རོ། །ཀྱཻ་རྡོར་གྱི་སྐོར་ལམ་འབྲས་སུ་བསལ་བས་དྲི་མ་བསལ་རྒྱུ་མེད་པར་སྔགས་རིམ་ལས་གསུངས་ནའང་། དེར་སྒྱུ་ལུས་ཀྱི་རྣམ་གཞག་ཁ་འགེངས་དགོས་ལ། དེ་རྗེའི་གསུང་ལས་ཤེས་དགོས་པ་སྔར་བཤད་པ་ལྟར་དང་། འོད་གསལ་གྱི་ཡུལ་སྟོང་པ་ཉིད་ཀྱི་རྣམ་གཞག་ཀྱང་སྔ་མ་ཁ་ཅིག །ཀྱཻ་རྡོ་རྗེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་གུར་གྱི་དྲུག་པ་ལས། ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་གྱུར་མེད་ཀྱང་། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །ཞེས་སོགས་ལ་བརྟེན་ནས་སེམས་ཙམ་གྱི་ལྟ་བ་དང་མཐུན་པར་འཆད་ཀྱང་། དེ་སེམས་གཙོ་བོར་བཤད་པ་ཙམ་ཡིན་གྱི། རྒྱུད་འདིའི་དགོངས་པ་མཐར་ཐུག་གི་ལྟ་བ་དབུ་མ་ཁོ་ནར་གནས་ཚུལ་རྩ་རྒྱུད་དུ་གྲུབ་མཐའ་བཞིའི་རིམ་པའི་ལྟ་བ་གསུངས་པ་དང་། གུར་ལས་ཀྱང་། ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དཔྱད་པས་གང་ནའང་འཇིག་རྟེན་ཅི། །ཞེས་ཆོས་ཐམས་ཅད་དོན་དམ་པར་མེད་མཉམ་དང་། ཐ་སྙད་དུ་ཡོད་མཉམ་ཡིན་ལ་དོན་ཤེས་ཡོད་མེད་མཚུངས་པར་གསུངས་པས། ལྟ་བའི་ཐད་འདིའང་རྗེ་བླ་མའི་དྲིན་གྱིས་གསལ་བར་བྱས་པ་ཡིན་ནོ། །དུས་འཁོར་གྱི་སྐོར་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ཡོངས་རྫོགས། འགྲེལ་ཆེན་དྲི་མེད་འོད་ཀྱི་སྟེང་ནས་རྒྱུད་ཀྱི་བཤད་པ། ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་དང་། དེའི་ཆ་ལག་རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོད་འགྲེལ། ནཱ་རོ་པའི་འགྲེལ་ཆེན། རྩིས་ཀྱི་ལག་ལེན་དང་བཅས་པར་ཞིབ་ཏུ་སྦྱངས་པས་ཕྱི་ནང་གཞན་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཐམས་ཅད་ཐུགས་སུ་ཆུད། བཀའ་རྩོམ་དངོས་གཞི་ཆེར་མ་མཛད་ཀྱང་རྒྱུད་དང་མན་ངག་གི་གནད་མཐའ་དག་ལེགས་པར་བཀྲོལ་བའི་གསུང་བཤད་ལན་དུ་མར་མཛད་ནས་མཐའ་གཞན་དུ་འདྲེན་པའི་ལོག་རྟོག་གི་དྲ་བ་ཐམས་ཅད་བཅད། རྗེ་ཉིད་ཀྱི་ཞལ་ལས་ཇི་ལྟར་འོངས་པ་བཞིན་མཁས་གྲུབ་སྨྲ་བའི་ཉི་མས་ཊཱིཀ་ཆེན་དང་མངོན་དཀྱིལ་སོགས་མཛད་པ་ཡིན་པས། དོན་གྱིས་རྗེ་རང་གིས་གསུངས་པ་དང་ཁྱད་མེད་དོ། །ཁྱད་པར་ཕྱིས་ཀྱི་དུས་འཁོར་བ་ཕལ་ཆེར་ལྟ་བའི་འདོད་པ་མདོར་བསྟན་པ་སོགས་ཀྱི་ཚིག་ཟིན་ལ་འཁྲུལ་ནས་ཐལ་འགྱུར་པའི་ལུགས་ཀྱི་སྟོང་པ་ནི་ཕུང་པོ་རྣམ་དཔྱད་ཀྱི་ཆད་སྟོང་ཡིན་ལ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རང་ཆས་སུ་རྫོགས་པའི་ཆོས་ཉིད་བདེན་པར་གྲུབ་པ་ཞིག་ཡིན། ཞེས་གསོར་མི་རུང་གི་ལྟ་བས་བསླད་པ་ན། ངན་རྟོག་ཆུ་འཛིན་གྱི་ཕྲེང་བ་དེ་ཉིད་ལུང་དང་རིགས་པས་ལྷག་མེད་དུ་བསལ་བ་འདིས་དུས་ཀྱི་འཁོར་ལོའི་ལུགས་བཟང་ཡངས་པའི་ལྷ་ལམ་གསལ་བར་བྱས་པ་ཡིན་ནོ། །དེས་ན་མཁས་པའི་དབང་པོ་ཡིད་བཟང་རྩེ་བའི་གསུང་ལས། བསྟན་པའི་བདག་པོ་ཡིན་པས་གཞན་གྱི་བཤད་པ་བརྒྱ་ཚར་བས། རྗེ་འདིས་བཤད་པ་ལན་རེ་མཛད་པའང་བསྟན་པའི་རྒྱུན་ལ་ཕན་ཆེ། ཞེས་འབྱུང་བ་བཞིན་རྒྱལ་བའི་དམ་ཆོས་མ་ལུས་པ་འཛིན་པའི་སྨོན་ལམ་གྲུབ་པའི་དབང་གིས་ད་ལྟ་རྒྱ་མཚོའི་མཐས་གཏུགས་པར་དུས་འཁོར་གྱི་བཤད་སྒྲུབ་གཙང་མའི་སྲོལ་མ་ནུབ་པར་ཡོད་པ་ཐམས་ཅད་རྗེ་བླ་མའི་འཕྲིན་ལས་ཀྱི་ཆ་ཤས་ལས་བྱུང་བ་ཁོ་ན་ཡིན། དེའི་རྒྱུ་མཚན་གྱིས་དཔྱལ་སྨད་སེང་གེ་རྫོང་དུ་བཞུགས་པའི་ཚེ་དུས་འཁོར་དཔའ་བོ་གཅིག་པའི་ཞལ་གཟིགས་ཤིང་། ལམ་འདི་ལ་ཁྱོད་རྒྱལ་པོ་ཟླ་བ་བཟང་པོ་ལྟ་བུ་གཅིག་འོང་ངོ་། །ཞེས་ལུང་བསྟན་ནས་དབུགས་དབྱུང་བར་མཛད་པ་ཡིན་ནོ། ། ― GTD001_Page_0063 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་པ་དེ་གཉིས་ངོ་བོ་གཅིག་ཏུ་སྦྱོར་བ་ཟུང་འཇུག་གི་རྣམ་གཞག་གསལ་བར་མཛད་ཚུལ་ནི། བདེ་སྟོང་དབྱེར་མེད་སྨྲ་བ་ན། །དེ་ཉིད་ཡ་གྱལ་གཅིག་གྱུར་པའི། །བདེན་གཉིས་དབྱེར་མེད་གཏམ་འདི་ཡང་། །ཁྱོད་ཀྱིས་འཇིག་རྟེན་གསུམ་དུ་བསྒྲགས། །ཞེས་བྱུང་། དེའང་སྔ་རབས་པ་ཕལ་མོ་ཆེ་རིམ་པ་ལྔ་པའི་ཟུང་འཇུག་གི་དོན་འཆད་པ་ན། བདེ་བ་ཆེན་པོ་དང་སྟོང་པ་ཉིད་གཉིས་དབྱེར་མི་ཕྱེད་པར་ཟུང་དུ་འཇུག་པ་ཙམ་ལ་ཟུང་འཇུག་གི་དོན་དུ་སྨྲ་བ་མ་གཏོགས། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་དེ་ཉིད་ཡ་གྱལ་གཅིག་ཏུ་བྱས་ནས། དེ་དང་ཡ་གཞན་ཞིག་བསྡོམས་ཏེ་ཟུང་འཇུག་ཏུ་འཇོག་ཚུལ་ཞིག་ཡོད་པ་གཏན་ནས་མ་ཤེས་སོ། །བདེ་སྟོང་དབྱེར་མེད་ཙམ་ལ་སྐབས་འདིའི་ཟུང་འཇུག་གི་དོན་མི་ཚང་སྟེ། རིམ་ལྔ་གསལ་སྒྲོན་ལས། བདེ་སྟོང་དབྱེར་མེད་དེ་ཉིད་ལ་རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པ་མཛད་པ་མང་པོས་བདེ་སྟོང་ཟུང་འཇུག་དང་བདེན་གཉིས་ཟུང་འཇུག་ཅེས་བཤད་ཅིང་། འཕགས་ལུགས་ཀྱི་ཟུང་འཇུག་གི་དོན་ཀྱང་དེ་ལ་འཆད་པ་ཡོད་མོད་ཀྱང་། མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱིས་ནི་སྔར་བཤད་པའི་དོན་གྱི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་དེ་ཙམ་ལ་ཟུང་འཇུག་ཏུ་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། སྔ་རབས་པ་རྣམས་ཀྱིས་ཟུང་འཇུག་ལེགས་པར་འཇོག་མ་ཤེས་པའི་རྩ་བ་མཐར་ཐུག་ནི། རིམ་པ་གསུམ་པའི་སྒྱུ་མའི་དོན་བདེན་སྟོང་སྒྱུ་མ་ཙམ་ལ་བྱས་པའི་དབང་གིས་དེ་ལ་བདེ་སྟོང་དབྱེར་མེད་ཀྱི་སྟོང་པའི་དོན་ཙམ་ལས་གོ་རྒྱུ་ལྷག་པོ་མ་བྱུང་ན། ཟུང་འཇུག་གི་ཟུང་དུ་འཇུག་རྒྱུའི་ཡ་ལ་བདེ་བ་དང་སྟོང་པ་ཉིད་གཉིས་ལས་གཞན་མ་རྙེད་པར། དེ་གཉིས་ཟུང་དུ་འཇུག་པ་ཙམ་ཟུང་འཇུག་གི་དོན་མཐར་ཐུག་ཏུ་སྨྲས་པ་ཡིན་ནོ། །རྗེ་བླ་མས་ནི་བདེ་སྟོང་གཉིས་ཀ་ཐུགས་ཀྱི་ཁྱད་པར་དུ་བྱས་ཏེ་ཡུལ་དང་ཡུལ་ཅན་བསྡོམས་ནས་དོན་དམ་པའི་བདེན་པ་ཞེས་ཡ་གཅིག་ཏུ་བཞག །གཞན་དོན་གཟུགས་སྐུ་སྒྲུབ་བྱེད་སྒྱུ་མའི་སྐུ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་ཡ་གཅིག་ཏུ་བཞག་སྟེ། དེ་གཉིས་ཟུང་དུ་འཇུག་པ་ལ་སྐབས་འདིའི་ཟུང་འཇུག་གི་གཙོ་བོར་ངོས་བཟུང་བ་ཡིན་ཞིང་། དེ་ནི་རིམ་ལྔར་ཟུང་འཇུག་ཏུ་འཇོག་ཚུལ་གཙོ་ཕལ་སྣ་ཚོགས་པ་ཉེར་གཅིག་གམ། ཉེར་གསུམ་གསུངས་པའི་ནང་ནས་གནད་ཆེ་ཤོས། དེ་ཉིད་ཤེས་པའི་རིམ་པ་བཞིན། །རང་བྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང་། །འདི་ནི་ཟུང་འཇུག་རིམ་པ་འོ། །ཞེས་བདག་བྱིན་བརླབ་དང་འོད་གསལ་གཉིས་ཟུང་དང་། དེ་གཉིས་འདུས་པ་ཟུང་འཇུག་ཏུ་བཤད་པ་དང་། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེར་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་ཀུན་རྫོབ་དང་དོན་དམ་གཉིས་ཟུང་དང་། དེ་གཉིས་འདུས་པ་ཟུང་འཇུག་ཏུ་གསུངས་པ་དེ་ཡིན་ལ། འདི་ནི་འདུས་པ་ཕྱི་མ་ལས། དངོས་དང་དངོས་མེད་མི་ཟད་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་ཟུང་འཇུག་གི་བྱང་ཆུབ་ཀྱི་སེམས་ནི་དངོས་དང་དངོས་མེད་གཉིས་འདུས་པ་ལ་བཤད་ཅིང་། དངོས་དང་དངོས་མེད་གཉིས་ཀྱང་དེ་ཉིད་ལས། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་བཤད་ལ། སྦྱོར་བ་ཡན་ལག་དྲུག་གི་དྲུག་པའི་ཐབས་ཤེས་སྙོམས་པར་འཇུག་པའི་དོན་འཆད་པའི་ཚེ་སྒྲོན་གསལ་དུ་ཐབས་ཀུན་རྫོབ་ཀྱི་བདེན་པ་དང་། ཤེས་རབ་དོན་དམ་པའི་བདེན་པར་གསུངས་པ་རྣམས་གུང་བསྒྲིགས་ནའང་སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་པ་དེ་ཟུང་འཇུག་གི་གཙོ་བོར་བྱེད་དགོས་པ་འགྲུབ་བོ། །དཔལ་མགོན་ཀླུ་སྒྲུབ་དང་རྗེ་བླ་མ་གཉིས་ལྟ་སྤྱོད་མདོ་སྔགས་གང་གི་ཐད་དུའང་བསྟན་པ་གསལ་བར་མཛད་ཚུལ་གྱི་རྣམ་ཐར་འདྲ་བའི་དབང་གིས་མདོ་ལས་ལུང་སྟོན་ཚུལ་ཡང་མཚུངས་པ་སྔར་བཤད་པ་བཞིན་ཡིན་ལ། ཀླུ་སྒྲུབ་ལུང་བསྟན་པའི་ལང་གཤེགས་ཀྱི་ལུང་། ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་ཆེན་རབ་བཤད་ནས། །ཞེས་པ་མདོ་ལུགས་ཀྱི་བསྟན་པ་གསལ་བར་བྱེད་པའི་ལུང་བསྟན་དུ་སྦྱོར་སྐབས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་ལམ་གསལ་བར་བྱེད་པ་ཙམ་ལ་སྦྱར་ཡང་། སྔགས་ཀྱི་བསྟན་པ་གསལ་བར་བྱེད་པའི་ལུང་བསྟན་དུ་འགྲེལ་པའི་ཚེ། སྲིད་ཞིའི་མཐའ་འགོག་བྱེད་སྒྱུ་འོད་གཉིས་དང་། དེ་ཟུང་དུ་འཇུག་པའི་དོན་གསལ་བར་བྱེད་པའི་ལུང་བསྟན་དུ་སྦྱོར་དགོས་པའི་ཕྱིར། སྒྲོན་གསལ་གྱི་མཆན་ལས། རྩ་རྒྱུད་ལ་དོན་ཟབ་མོ་དུ་མ་ཞིག་ཡོད་ཀྱང་སྒྲས་ཟིན་ཙམ་གྱི་བཤད་པ་ལ་བརྟེན་ན་དག་པའི་སྒྱུ་མ་ཟུང་འཇུག་མི་རྙེད་པ་དང་། དེ་ཉིད་མ་འོངས་པ་ན་སུས་སྟོན་འདྲི་བ་ནི། རླུང་སེམས་གཉིས་ཙམ་ལས་བསྒྲུབས་པའི་སྒྱུ་མ་འོད་གསལ་དུ་ཞུགས་པའི་འོད་གསལ་གྱི་རླུང་སེམས་གཉིས་ཙམ་ལས་དག་པའི་སྒྱུ་མའི་སྐུར་འཁྲུངས་པའི་སྒྱུ་ལུས་དང་། ལྷན་སྐྱེས་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་འོད་གསལ་གཉིས་ངོ་བོ་གཅིག་ཏུ་སྦྱར་བའི་ཟུང་འཇུག་ནི་རྟོགས་དཀའ་བའི་མཐར་ཐུག་པ་ཡིན་པས་དེ་ཉིད་སུས་སྟོན་ཞུས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དོན་འདི་ནི་དཔལ་ལྡན་ཟླ་བས་བཤད་ཚུལ་ཇི་ལྟ་བ་ཡིན་ཏེ། ལང་གཤེགས་ཀྱི་ལུང་འདི་འདྲེན་པའི་མཚམས་སྦྱོར་དུ་བསྟན་པའི་སྙིང་པོ་འདི་ལྟ་བུ་སུས་སྟོན་ཞེས་དྲི་བ་བཀོད་པ་ནི་སྔ་འགྲེལ་ཡིན་པས། དེར་དོན་འདི་སུས་སྟོན་འདྲི་རྒྱུའི་དོན་དང་། མདོ་ལུང་གི་འདིས་སྟོན་ཞེས་པའི་སྟོན་རྒྱུ་གཉིས་པོ་འདྲ་དགོས་པ་གང་ཞིག །དྲི་བའི་ཚེ་སྒྲོན་གསལ་ལས། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་ཡང་རྟོག་པ་ཐམས་ཅད་ལས་ཡང་དག་པར་འདས་པ། སོ་སོ་རང་གི་རིག་པ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཕུང་པོ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་ན་གནས་པ། ཡོད་པ་དང་མེད་པའི་ཕྱོགས་གཉིས་དང་བྲལ་བ། ཡི་གེའི་རྗེས་སུ་འབྲང་བ་རྣམས་དང་། རྟོག་གེ་བ་རྣམས་ཀྱི་ཡུལ་མ་ཡིན་པ། བླ་མའི་མན་ངག་འབའ་ཞིག་ལས་ཤེས་པར་བྱ་སྟེ། འདི་ལྟ་བུའི་ལྷའི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་། ཕྱག་ན་རྡོ་རྗེ་ལ་སོགས་པ་སྡུད་པ་པོ་རྣམས་ཀྱང་མེད་པར་གྱུར་པ་ཕྱི་མའི་དུས་ན། སངས་རྒྱས་ཀྱིས་ཡང་དག་པར་བཤད་པ་འདི་རྒྱུན་མི་འཆད་པར་སུ་ཞིག་གིས་སྟོན་པར་འགྱུར། ཞེས་གསུངས་པའི་ཕྱིར། དེས་ན་ལུང་འདིས་ཀྱང་གང་གསལ་བར་བྱེད་རྒྱུའི་བསྟན་པའི་སྙིང་པོ་ཟབ་པའི་མཐར་ཐུག་པ་ཟུང་འཇུག་གི་དོན་དུ་གསུངས་ལ། དེར་ཟུང་དུ་འཇུག་རྒྱུའི་ཡ་གཉི་ག་སོ་སོར་གསལ་བར་མ་བྱས་པར་ཟུང་འཇུག་གསལ་བར་བྱེད་ཚུལ་མེད་པའི་དོན་གྱིས་དེ་གཉི་ག་གསལ་བར་བྱས་ན་བསྟན་པའི་སྙིང་པོ་ཡོངས་རྫོགས་གསལ་བར་བྱས་པ་ཡིན་པར་གྲུབ་ཅིང་། རྗེ་བླ་མས་ཀྱང་མདོ་སྔགས་ཐུན་མོང་བའི་ལམ་གྱི་སྲོག་འོད་གསལ་སྟོང་པ་ཉིད་ཀྱི་ལྟ་བ་དང་། སྔགས་ལམ་གྱི་ཐུན་མོང་མ་ཡིན་པའི་བསྒྲུབ་བྱ་འདུས་པའི་ཟབ་གནད་སྒྱུ་ལུས་ཀྱི་རྣམ་གཞག་གཉིས་སྔོན་དབང་པོའི་ཏོག་གི་སྤྱན་སྔར་དམ་བཅས་པ་བཞིན་གསལ་བར་མཛད་པའི་ལུང་བསྟན་འདིའི་དོན་ཡང་ལེགས་པར་ཚང་བ་ཡིན་ནོ། ། ― GTD001_Page_0064 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་པ་བསྟོད་པའི་དོན་བསྡུ་བ་ལ། གསང་སྔགས་འཇིག་རྟེན་སྤྱོད་པ་དང་། །ཞེས་པ་ནས། རྫོགས་པའི་སྲོལ་འདི་ཁྱོད་ཀྱིས་ཕྱེས། །ཞེས་པའི་བར་བྱུང་། དེའང་ཤོ་ལོ་ཀ་དང་པོ། གསང་སྔགས་འཇིག་རྟེན་སྤྱོད་པ་དང་། །ལྟ་བ་ཡིད་བྱེད་བཀག་ཙམ་དུ། །གྱུར་ཚེ་དབང་པོའི་ཏོག་གི་དྲུང་། །དམ་བཅས་བཞིན་དུ་ཁྱོད་ཀྱིས་གསོས། །ཞེས་བསྟན་པའི་སྙིང་པོ་ལོག་རྟོག་གི་དྲི་མས་སྦགས་ཏེ་མིང་ཙམ་དུ་གྱུར་པ་གསོས་ཚུལ་དང་། དེའང་རྒྱ་ཆུང་ངུ་ཙམ་མ་ཡིན་པར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟར་ས་སྟེང་ཀུན་ཏུ་གསལ་བར་མཛད་པའི་ཚུལ། སངས་རྒྱས་མཛད་པ་བྱེད་པ་རུ། །ལུང་བསྟན་པ་ཡང་མཆོག་འདི་སྟེ། །གང་ལས་ཁྱོད་ནི་རྗེས་དྲན་པའི། །ཡོན་ཏན་ཟླ་དང་བྲལ་བའང་འདི། །ཞེས་པས་བསྟན་ལ། བསྟན་པ་ཅུང་ཟད་ཉམས་མ་ཐག་པ་ཡིན་ན་གསོ་སླའང་། དེ་ལྟ་མ་ཡིན་པར་སྟོན་པ་དང་དཔང་དུ་གྱུར་པའི་དམ་པ་རྣམས་འདས་ཏེ་ཡུན་རིང་ལོན་ཞིང་། ངན་རྟོག་གི་དྲི་མས་ཡང་ནས་ཡང་དུ་སྦགས་པས་ནད་གཏིང་དུ་སོང་བ་བཞིན་ཆེས་གསོ་དཀའ་བའི་སྐབས་ཡིན་པ་ནི། ཐུབ་དབང་ཆོས་ཀྱི་ཉི་མ་དེ། །ཞི་བའི་དབྱིངས་སུ་གཞོལ་གྱུར་ནས། །རིང་ཞིག་འདས་ཏེ་ཆོས་ཀྱི་སྲས། །རྒྱལ་བའི་གདུང་འཚོབ་ཁྱོད་ཉིད་འཁྲུངས། །ཞེས་བཤད་དོ། །དེ་ལྟ་ནའང་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་ཡོངས་སུ་གྲུབ་པའི་སྟོབས་ཀྱིས་བསྟན་པའི་མེ་རོ་གཞི་ནས་གསོས་ཤིང་། དེའང་ཕྱོགས་རེ་ཙམ་མ་ཡིན་པར་མདོ་ཕྱོགས་བསླབ་པ་གསུམ་དང་། གསང་སྔགས་རྒྱུད་སྡེ་བཞིས་བསྡུས་པའི་བཤད་སྒྲུབ་ཀྱི་བསྟན་པའི་ཆ་ཤས་ཡོངས་སུ་རྫོགས་པ་གསོས་པའི་ཚུལ་སྟོན་པར། བག་ཡོད་བརྟུལ་ཞུགས་ལྷག་བསམ་སྤྱོད། །བདེ་སྟོང་ཏིང་འཛིན་མཐའ་བྲལ་ལྟ། །ཐུབ་བསྟན་མཐའ་དག་གདན་གཅིག་ཏུ། །རྫོགས་པའི་སྲོལ་འདི་ཁྱོད་ཀྱིས་ཕྱེས། །ཞེས་སྨོས་པ་ཡིན་ནོ། །དེ་ལ་གསང་སྔགས་ཀྱི་སྤྱོད་པའི་གོལ་ས་དང་ལྷད་འཇུག་བྱེད་ཀྱི་ངན་རྟོག་ཆེ་ཤོས་ནི། དེར་ཉོན་མོངས་ལམ་དུ་འཁྱེར་བའི་ནུས་པ་ཕུལ་དུ་ཕྱིན་པ་རྣམས་ཀྱི་དབང་དུ་བྱས་ཏེ་འདོད་ཡོན་ལ་ཅི་དགར་སྤྱོད་པར་གསུངས་པ་ལ་བསྙད་བཏགས་ནས་ནང་ན་རྟོགས་པའི་ཡོན་ཏན་མེད་བཞིན་དུ། ཕྱིའི་སྤྱོད་པ་གང་དྲན་འཛེམ་མེད་དུ་སྤྱད་དེ། བླ་མའི་དམ་ཚིག་སོགས་ལ་ཅིར་ཡང་མི་རྩི་བར་ལས་འབྲས་ཁྱད་དུ་གསོད་ཅིང་། ཞེ་སྡང་གི་དབང་དུ་སོང་ནས་རྐྱེན་ཅུང་ཟད་ཙམ་ལ་མངོན་སྤྱོད་ཀྱི་ལས་བྱེད། འདོད་ཆགས་ཀྱིས་དབྱེན་སྤྱོས་པས་གླང་པོ་ཆེ་ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད་ཅིང་རང་ལ་ལྟོས་ཚད་ཀྱང་ལོག་པའི་ལམ་དེར་ཁྲིད་ནས་རང་གཞན་ཐམས་ཅད་ཕུང་ཁྲོལ་ལ་སྦྱོར་བ་ཡིན་པས། སྙིགས་མའི་དུས་ཀྱི་མཐར་སྐྱོན་དེ་ལྟ་བུ་འབྱུང་ཚུལ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་ཏེ། དགོངས་པ་ལུང་སྟོན་ལས། རྣལ་འབྱོར་པ་ནི་བདག་ཅེས་སྨྲ། །ཆོས་ནི་གཡོ་ཡིས་བྱེད་པར་འགྱུར། །དེ་ནི་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་བྱེད་ལ། །གསང་བ་སྲུང་བར་མི་བྱེད་ཅིང་། །ཐམས་ཅད་དུ་ནི་རབ་ཏུ་སྟོན། །མངོན་སུམ་སངས་རྒྱས་འདྲ་བ་ཡི། །སློབ་དཔོན་སྨོད་ཅིང་བཀུར་མི་བྱེད། །སྐད་ཅིག་གིས་ནི་ཁོང་ཁྲོ་ཞིང་། །དེ་བཞིན་སྐད་ཅིག་གིས་རྗེས་ཆགས། །མ་དང་སྲིང་མོ་བུ་མོ་སྟེ། །བསྒྲོད་མིན་ལ་ནི་འགྲོ་བ་དང་། །ཕ་མ་གསོད་ཅིང་དེ་བཞིན་དུ། །སྲོག་ཆགས་གཞན་རྣམས་གསོད་པར་བྱེད། །དེ་བཞིན་རྫུན་གྱི་ཚིག་སྨྲ་ཞིང་། །ཁྱད་པར་དུ་ཡང་རྐུ་བར་བྱེད། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང་། །སྨད་པ་གཞན་ཡང་བྱེད་པར་འགྱུར། །དེ་ཉིད་ཡེ་ཤེས་འབྱུང་བ་ཡི། །དམ་ཚིག་རྣམས་ནི་དེས་མི་ཤེས། །ཉེས་པ་ཅུང་ཟད་ཙམ་ལ་ཡང་། །མངོན་སྤྱོད་དག་ནི་བྱེད་འགྱུར་ལ། །རྣལ་འབྱོར་རབ་སྦྱོར་དམན་པ་ཡི། །སྔགས་པ་ལ་ནི་འགྲུབ་མི་འགྱུར། །རྟག་ཏུ་ཕྱི་རོལ་བསྟན་བཅོས་དགའ། །དེ་ཡི་སྦྱོར་ལ་མཁས་པ་དང་། །རང་གི་དམ་ཚིག་ཡོངས་སྤངས་ཏེ། །ལྕགས་ཀྱུ་མེད་པ་བཞིན་དུ་སྤྱོད། །ཅེས་གསུངས་སོ། །དེ་བཞིན་དུ་འཕགས་མཆོག་སྤྱན་རས་གཟིགས་རྒྱལ་པོའི་ཚུལ་འཛིན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཀྱང་རང་གི་འདུལ་ཞིང་ཁ་བ་ཅན་འདིར་མ་འོངས་པ་ན་བསྟན་པའི་སད་འདི་ལྟ་བུ་འབྱུང་བ་ཐུགས་ཀྱིས་མ་བཟོད་པར། ཕྱི་རབས་པ་རྣམས་ཆོས་དང་ཆོས་མིན་མི་ནོར་བའི་ཕྱིར་སྙིགས་དུས་སུ་འབྱུང་རྒྱུ་ཐམས་ཅད་ཆེས་ཤིན་ཏུ་གསལ་བར་ལུང་བསྟན་ཏེ། དེའང་ནག་ཕྱོགས་ཁ་རྒྱལ་བ་ན་བདུད་རིགས་ཀྱི་ལྷ་འདྲེས་བྱིན་གྱིས་བརླབས་པས། གནས་སྐབས་སུ་ནུས་པ་ཆེ་ཆེ་ལྟ་བུས་རྐྱེན་སེལ་སོགས་ལ་ཕན་ཐོགས་པ་དང་། ལྷ་མཐོང་འདྲེ་མཐོང་གི་མངོན་ཤེས་ཕྲ་མོས་བདེན་བདེན་འདྲ་བ་རེ་བཤད་པས་ཅོལ་ཆུང་རྣམས་སྐྱབས་ཀྱི་མཐར་ཐུག་ཏུ་འཛིན་ཅིང་། དེའི་རྗེས་སུ་ཞུགས་པ་ན་སངས་རྒྱས་ཀྱིས་མ་བསྟན་ཅིང་། སྔོན་བྱོན་མཁས་པ་ཚད་ལྡན་གྱིས་མ་གསུངས་པའི་གདམས་པ་ནམ་མཁའ་ནས་བབ་པ་ཡིན། ས་འོག་ནས་ཐོན་པ་ཡིན། རྨི་ལམ་དུ་ལྷས་བསྟན་པ་ཡིན། འདི་ལས་ཟབ་པ་མེད་ཅེས་འབྲེལ་མེད་ཀྱི་ཁ་བོ་སྒྲོགས་ཤིང་། དོན་མུ་སྟེགས་ཀྱི་ལུགས་དང་མཐུན་པ་བློ་སྣ་ཐུར་དུ་འཁྲིད་པའི་ཆོས་ལུགས་འདྲ་མིན་མང་པོ་གསར་དུ་བཅོས། ཆ་ལུགས་ཡ་མ་ཟུང་དགུ་གྱོན། ཡེ་ཤེས་ཕབ་པ་ཡིན་ཟེར་ནས་འདྲེས་བརླམ་པས་རྒྱུད་བསླད་དེ་ཚངས་སྤྱོད་ལ་རིག་མ་གཏོད་པ་སོགས་ཀྱིས་བསྟན་པའི་རྨང་གཞི་འཇིག་པར་བྱེད་པ། མིང་ཆོས་ཀྱི་མཐར་ཐུག་དང་ཐེག་པ་རིམ་དགུའི་རྩེ་རྒྱལ་དུ་སྒྲོགས་ཀྱང་། དོན་འཇིག་རྟེན་ཐ་མལ་པའི་ནང་ནས་ཀྱང་མ་རབས་ཀྱི་སྤྱོད་པ་སྨད་འཚོང་དང་འདྲ་བ། འཆིང་བྱེད་ཀྱི་བདག་འཛིན་མ་ཞིག་པར་སྡོམ་པའི་ཚུལ་ཁྲིམས་ཞིག་པའི་ཞིག་པོ་ལོག་སྤྱོད་མཁན་རྣལ་འབྱོར་པར་བརྫུས་པ་མང་པོ་འབྱུང་ཚུལ་དང་། ལྟ་བའི་གོལ་ས་ཡུལ་ཅིར་ཡང་མ་གྲུབ་པ་ལ་དགག་སྒྲུབ་བླང་དོར་སོགས་ཅིའང་བྱར་མེད་པས། དེའི་ངང་དུ་ཡིད་བྱེད་དྲན་འཛིན་ཐམས་ཅད་བཀག་སྟེ་སེམས་ལུང་མ་བསྟན་དུ་ཧད་དེ་བཞག་ན་ཆོས་སྐུའི་རང་ཞལ་མཐོང་བ་དང་ལྟ་བ་རྟོགས་པ་ཡིན་གྱི། རྩོལ་བས་བྱས་པའི་ཆོས་ཀྱིས་བྱང་ཆུབ་མི་འཐོབ་ཅེས་མེད་པར་ལྟ་བའི་ཕྱོགས་བཟུང་སྟེ་ཀུན་རྫོབ་ཁྱད་དུ་གསོད་ཅིང་ལུས་ངག་གི་དགེ་སྦྱོར་སོགས་འགོག་པར་བྱེད་པ་འབྱུང་ཚུལ་མཐའ་དག་མངོན་སུམ་དུ་གཟིགས་ཏེ་གསུངས་པ་ནི། མ་ཎི་བཀའ་འབུམ་གྱི་རྒྱལ་པོ་བཀའ་ཆེམས་ལས། རིག་པར་སྨྲ་ཞིང་རྣམ་པར་སྨྲ་བ་ཡི། །སྟོན་པ་རྣམས་ནི་ནམ་ལངས་སྐར་མ་བཞིན། །དེ་ནས་དཀར་པོའི་ཕྱོགས་རྣམས་མཐུ་ཆུང་བས། །བདུད་ཀྱི་སྟོབས་རྣམས་རྒྱས་པར་འགྱུར་བ་ཡིས། །བདུད་ཀྱིས་བྱིན་བརླབས་གང་ཟག་མང་པོ་འབྱུང་། །གཟི་བརྗིད་ཆེ་ཞིང་སྟོབས་ཀྱང་ཆེ་བ་དང་། །ནུས་པ་ཆེ་ཞིང་མཐུ་ཡང་ཆེ་བ་དང་། །མངོན་ཤེས་ཕྲ་མོས་བདེན་ཚིག་འགའ་སྒྲུབ་ཅིང་། །དེ་རྣམས་རྟོག་ཆོས་མང་པོ་བྱེད་པར་འགྱུར། །སངས་རྒྱས་བསྟན་པ་ལྷ་འདྲེ་མང་པོས་དཀྲུགས། །འདྲ་མིན་ཆོས་ལུགས་མང་པོ་སྟོན་བྱེད་ཅིང་། །བློ་གྲོས་ཕྱིན་ཅི་ལོག་ཏུ་སྒྱུར་བར་བྱེད། །མེད་པར་ལྟ་བའི་ཕྱོགས་ཀྱི་ཆ་བཟུང་ནས། །ཀུན་རྫོབ་བདེན་པ་ཁྱད་དུ་གསོད་པར་བྱེད། །ལུས་ངག་དཀའ་ཐུབ་འགོག་པར་བྱེད་པ་འབྱུང་། །ཕྱོགས་མེད་རིས་མེད་བྱར་མེད་ཟེར་བ་དང་། །རྒྱུ་ཟད་རྐྱེན་ཟད་ལྷུན་གྲུབ་ཟེར་བ་དང་། །ལུང་མ་བསྟན་གྱི་ལྟ་བ་མང་དུ་འབྱུང་། །སངས་རྒྱས་མ་བསྟན་མཁས་པས་མ་བགྱིས་པའི། །ད་ལྟ་ལྷ་ཡིས་བསྟན་ཞེས་འདྲེ་ཆོས་བྱེད། །དེ་རྣམས་འགོང་པོ་འདྲེ་ཡི་ཆས་དགུ་གྱོན། །ར་གླག་ཁྱི་གླག་རེ་བ་ཟོ་མོན་གོས། །རྩིད་ཞྭ་བྷེ་ལོག་གོས་དཀར་ལུས་ལ་གོན། །བེར་ཀ་དབྱུག་པ་སྣ་ཚོགས་ཐོགས་པ་འབྱུང་། །བསོད་སྙོམས་པ་ཞེས་གྲོང་སྒོ་འགྲིམ་པ་དང་། །ལྟོ་རྒྱབ་ཆེད་དུ་དཀའ་ཐུབ་དྲག་པོ་ཡིས། །རང་གི་ལུས་ལ་གནོད་པ་བྱེད་པ་འབྱུང་། །མངོན་ཚན་ཅན་གྱི་གྲགས་པ་འདོད་ཕྱིར་དུ། །སྔགས་ཀྱི་ཐེག་པ་གླུ་རུ་ལེན་པ་འབྱུང་། །དགེ་བའི་ཆོས་སྤྱོད་གླུ་དང་བྲོ་ལ་བྱེད། །བསམ་གཏན་དྲན་པ་ཉམས་པ་བྱེད་པ་འབྱུང་། །མེད་པར་ལྟ་བ་ལྟ་བ་རྟོགས་པ་བྱེད། །སྨྱོན་ཐབས་ཅན་ལ་རྟོགས་ལྡན་བྱེད་པ་འབྱུང་། །ཐེ་ཚོམ་ཅན་ལ་དམ་པར་འཛིན་པ་འབྱུང་། །སྨྲ་བ་མཁས་ལ་གདམས་ངག་ཅན་དུ་བྱེད། །རྨོངས་པ་རྣམས་ལ་ཞིག་པོ་ཟེར་བ་འབྱུང་། །ལོག་སྤྱོད་མཁན་ལ་རྣལ་འབྱོར་པ་ཞེས་ཟེར། །ལུང་མ་བསྟན་ལ་ཆོས་ཀྱི་སྐུ་ཞེས་ཟེར། །རྙེད་གྲགས་འདོད་ལ་ཆོས་བཤད་མཁན་པོ་ཟེར། །ཆོས་ལུགས་ཡིན་ཞེས་བབ་ཅོལ་མང་པོ་སྨྲ། །འདྲེས་བརླམས་པ་ལ་ཡེ་ཤེས་འབེབས་ཞེས་ཟེར། །བདུད་ཀྱིས་སྤྲོ་བསྐྱེད་བྱིན་རླབས་ཟེར་བ་འབྱུང་། །གདམས་ངག་ཟེར་ཞིང་ལོག་ཆོས་མང་དུ་སྨྲ། །གདམས་པ་ཟེར་ནས་མུ་སྟེགས་གསང་ཚིག་སྟོན། །དེ་ལྟར་ལོག་པའི་རྒྱུན་ལ་ཞུགས་པ་ཡིས། །བུད་མེད་ཕོ་སྤྱོད་ཐོ་ཅོ་བྱེད་པ་འབྱུང་། །རང་ལུགས་ཉམས་ཤིང་འཇིག་རྟེན་ཆོས་ལུགས་ཉམས། །དེ་ཡིས་རང་ཉིད་ངན་འགྲོར་འཁྲིད་པར་བྱེད། །རྒྱུ་འབྲས་བདེན་པར་མི་ཤེས་མི་དགེ་སྣ་ཚོགས་སྤྱོད། །ཆོས་དང་ཆོས་མིན་མི་ཕྱེད་ངོ་ཚ་མེད་པར་སྤྱོད། །ལོག་སྤྱོད་དག་ལ་ཤིན་ཏུ་དད་པར་འགྱུར། །བྱས་པའི་ཆོས་ཀྱིས་བྱང་ཆུབ་མི་འཐོབ་པས། །མ་བྱས་ལྷུན་གྲུབ་ཆོས་གཅིག་དགོས་སོ་ཟེར། །བྱེད་མ་ནུས་རྣམས་དེ་ལ་དད་པར་འགྱུར། །དགེ་བའི་བཤེས་ལྟར་སྣང་བ་ཡིད་འགྲོགས་འཁྲིད། །སྔགས་པ་ཁ་ཅིག་སྔགས་ལ་རྩིང་ཆོས་བྱེད། །དམ་ཆོས་ཡོན་ལ་བལྟས་ནས་གསང་བ་སྒྲོག །གསེར་ཆོས་ཟེར་ཞིང་ཆོས་ལ་རིན་ཐང་གཅོད། །འགའ་ཞིག་མ་ཐོས་རྒྱུད་ཀྱང་འཆད་པར་བྱེད། །ལ་ལ་དབང་མ་ཐོབ་པར་དབང་སྐུར་བྱེད། །ལ་ལས་དབང་བསྐུར་ཟེར་ནས་ཡོན་ཡང་སྡུད། །རྙེད་བཀུར་དག་ལ་ཆགས་ཤིང་འདོད་ལ་ཞེན། །རང་གི་རླུང་སེམས་དབང་དུ་མ་འདུས་པར། །གསང་བ་ཤེས་རབ་ཡེ་ཤེས་མངོན་སུམ་བསྐུར། །དེ་དག་སྨད་འཚོང་རྟེན་དང་ཁྱད་པར་མེད། །ལ་ལས་དགེ་སློང་ཤེས་རབ་ཡེ་ཤེས་ནི། །བུད་མེད་དང་སྦྱོར་དབང་ནི་སྐུར་བར་བྱེད། །སྡོམ་ཁྲིམས་ཞིག་ནས་དམྱལ་བར་འཕེན་པར་བྱེད། །དེ་ནི་ལོག་པའི་ཆོས་ལ་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། ། ― GTD001_Page_0065 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོ་ན་གསང་སྔགས་ལ་ཞུགས་ཀྱང་འདོད་ཡོན་ལ་ཅི་དགར་སྤྱད་མི་ཆོག་ན་ཐེག་པ་ཆེ་ཆུང་གི་གནང་བཀག་མི་འདྲ་བའི་ཁྱད་མེད་པར་འགྱུར་རོ་སྙམ་ན། གནང་བཀག་མི་འདྲ་བ་བདེན་མོད་ཀྱང་། ཐེག་དམན་སོགས་ལས་བཀག་པ་གནང་བའི་ཡུལ་ནི་དེ་དག་ལས་རྟོགས་པ་གོང་མར་གྱུར་པའི་སྔགས་པ་ལ་ཡིན་གྱི། ལམ་ཉམས་ལེན་སྐབས་དེ་དག་ལའང་མི་སླེབ་ཅིང་། ཚ་གྲང་བཀྲེས་སྐོམ་སོགས་ཀྱི་རྐྱེན་ཐོག་ཏུ་བབ་པའི་ཚེ་སྒྱུ་མ་ལྟ་བུར་ལྟ་མི་ཐུབ་པ་འཇིག་རྟེན་རང་དགའ་བ་དང་ཁྱད་མེད་པར། འདོད་ཡོན་ལ་སྤྱོད་པའི་ཚེ་སྒྱུ་མ་ལྟ་བུར་རོལ་པ་སྐད་བྱེད་པ་ནི་འདོད་ཞེན་གྱི་གཏམ་རང་གིས་རང་བསླུ་བ་རྫུན་ཤོག་ཁོ་ན་ཡིན་ཏེ། སློབ་དཔོན་མཐོ་བཙུན་གཙོ་ལེགས་ཀྱིས་མཛད་པའི་གསང་སྔགས་ཀྱི་ཚུལ་ལ་འཇུག་པ་ལས། ཡང་དག་པ་ཡི་རྣལ་འབྱོར་པ། །དངོས་མེད་རྟོགས་ཤིང་བརྩེ་ལྡན་པ། །རྒྱལ་བས་འདི་གསུངས་བདེན་མོད་ཀྱི། །ད་ལྟར་འདི་འདྲ་འགའ་མ་མཐོང་། །རྫོགས་སངས་རྒྱས་ལྟར་འཇིག་རྟེན་འདིར། །ཅི་བདེར་གནས་བྱ་གང་སྨྲ་བ། །ཁྱོད་ལ་རྫོགས་སངས་མཚན་མའི་ཆ། །ཡོད་པར་ཅི་ཡི་ཕྱིར་མི་སྣང་། །གལ་ཏེ་སྔགས་ཀྱི་བསྟན་པ་ལ། །སྣོད་དུ་གྱུར་པ་ཁྱོད་ཡིན་ན། །བདག་ཅག་དམ་ཚིག་ལ་སྡང་བས། །འགལ་བ་སྨྲ་བར་གྱུར་པ་ཡིན། །གལ་ཏེ་ཟས་སྐོམ་སྒོ་ནས་ནི། །རྫས་སོགས་མཉམ་པར་སློབ་བྱེད་ན། །སྦྱིན་ལ་སོགས་པའི་ལམ་གྱིས་ནི། །མི་སློབ་ཅེས་པ་ངོ་མཚར་ཆེ། །གལ་ཏེ་སྒྱུ་མ་ལྟར་གནས་པ། །འདི་ལ་ཁྱོད་ཀྱིས་བརྟེན་བཅས་ན། །བཀྲེས་སྐོམ་གྲང་སོགས་གནོད་པ་ལ། །ཁྱོད་ཀྱི་སྒྱུ་མ་གང་དུ་སོང་། །འཇིག་རྟེན་གཉེན་གྱིས་སྔགས་པ་ལ། །ཚོགས་ཅན་ཁྱད་པར་ཅན་གསུངས་པ། །དེ་ཚེ་ཁྱོད་ལ་ཡོད་མིན་པས། །རྒྱུ་མེད་འབྲས་བུ་གང་ལས་བྱུང་། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་སྙིགས་མའི་སྐྱེ་བོ་རྣམས་བསོད་ནམས་དམན་ཞིང་ཉོན་མོངས་པའི་དབང་དུ་སོང་བ་དང་། ནག་ཕྱོགས་ཀྱི་བདུད་རིགས་ཁ་རྒྱལ་བའི་དབང་གིས་གསང་སྔགས་འཆལ་བར་སྤྱོད་པ་དང་། བློའི་མཐུ་ཞན་པས་ལྟ་བ་བློས་བྱས་དང་ཉི་ཚེ་བ་འབའ་ཞིག་ཏུ་སོང་སྟེ་ངན་རྟོག་དང་ལོག་སྤྱོད་ཤིན་ཏུ་དར་བའི་ཚེ། རྗེ་བླ་མས་སྔོན་བསྐལ་པ་དཔག་མེད་ཀྱི་སྔ་རོལ་ནས་ཡང་དག་པའི་ལམ་འདི་ཉིད་སྤེལ་བར་དམ་བཅས་ཤིང་རྒྱལ་བ་སྲས་དང་བཅས་པས་མགྲིན་དབྱངས་གཅིག་གི་སྒོ་ནས་སྙིང་སྟོབས་ཆེན་པོ་ཞེས་ཆེད་དུ་བརྗོད་པས་བསྔགས་པ་མཛད་པའི་དོན་བཞིན་དུ་ངན་རྟོག་གི་དྲི་མ་མ་ལུས་པར་བསལ་ཏེ། བསྲེགས་བཅད་བརྡར་བའི་གསེར་བཞིན་བསྲེ་ལྷད་ཅུང་ཟད་ཀྱང་མེད་པ་མདོ་སྔགས་བཤད་སྒྲུབ་ཟུང་དུ་འཇུག་པའི་བཀའ་སྲོལ་གྱིས་ནུབ་རྒྱ་བལ་གྱི་མཚམས་ནས་ཤར་རྒྱ་མཚོའི་བར་དུ་ཁྱབ་པར་མཛད་པ་ཡིན་ནོ། །དོན་འདི་ལ་དགོངས་ཏེ་རྒྱལ་བ་རང་ཉིད་མྱ་ངན་ལས་འདས་པའི་རྗེས་ས་སྟེང་ཐམས་ཅད་སྟོང་པ་ལྟ་བུར་གྱུར་པ་ན། སླར་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བར་བསྟན་པ་ཡོངས་སུ་རྫོགས་པའི་སྲོལ་ཕྱེ་ནས་སངས་རྒྱས་ཀྱི་མཛད་པ་སྟོན་པའི་རྒྱལ་བ་གཉིས་པར་འགྱུར་ཚུལ་ཡང་ཡང་ལུང་སྟོན་པར་མཛད་དེ། འཇམ་དཔལ་རྩ་རྒྱུད་ཀྱི་ལེའུ་ཉེར་བརྒྱད་པ་ལས། དེ་དུས་འཇིགས་སུ་རུང་བ་ཡི། །དེ་ཚེ་སེམས་ཅན་ཆོས་ལྡན་མིན། །རྟག་ཏུ་ཆོས་ལ་མི་གནས་ཤིང་། །རྒྱལ་པོ་རྣམས་ནི་མ་རུང་ཡིད། །མི་དང་མི་མ་ཡིན་རྣམས་ནི། །ཀུན་ཀྱང་བསྟན་ལ་རྣམ་པར་སྡང་། །ངས་བཤད་ཆོས་ཀྱི་མཛོད་རྣམས་ནི། །དེ་ཡིས་ཐམས་ཅད་འཇིག་པར་འགྱུར། །ཞེས་དུས་ཤིན་ཏུ་སྙིགས་མར་སོང་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་ཚུལ་དང་། བསྐལ་པ་བསམ་མི་ཁྱབ་པར་སྔོན། །གཞོན་ནུ་ཁྱོད་ཀྱི་སྨོན་ལམ་འདི། །སངས་རྒྱས་འཇིག་རྟེན་གང་སུ་དག །འཇིག་རྟེན་གཉེན་གྱུར་མྱ་ངན་འདས། །དེ་དག་བསྟན་པའི་དོན་དུ་ནི། །དུས་དང་དུས་སུ་བྱ་འོ་ཞེས། །བདག་ནི་བྱིས་པ་གཞོན་ནུའི་གཟུགས། །དུས་ཀུན་ཏུ་ནི་རྣམ་པར་སྤྱོད། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །དེ་དག་དེར་ནི་རྣམ་པར་འདུལ། །གཞོན་ནུ་ཁྱོད་ཀྱི་སྨོན་ལམ་འདི། །སྔོན་ཆད་དུ་ནི་བྱས་པ་ཡིན། །ཞེས་སངས་རྒྱས་རྣམས་འདས་རྗེས་སུ་བྱིས་པའི་ཚུལ་བཟུང་སྟེ་དེ་དག་གི་བསྟན་པའི་སྲོག་འཛིན་པའི་ཕྱིར་ཐུགས་བསྐྱེད་རླབས་པོ་ཆེ་སྔར་ནས་མཛད་ཚུལ། ད་ནི་བྱིས་པའི་གཟུགས་ཐོབ་འགྱུར། །དེས་ན་ཁྱོད་ལ་བཤད་པར་བྱ། །སྐྱེ་བོ་སྐྱབས་ནི་མེད་པ་དང་། །སངས་རྒྱས་ཞིང་ནི་སྟོང་པ་ན། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱིས་པའི་ཚུལ་གྱིས་ཡང་དག་ཤོད། །སེམས་ཅན་མང་པོ་འདུལ་བྱེད་ཅིང་། །ཕུན་སུམ་ཚོགས་པ་སྦྱིན་བྱེད་ལ། །དུས་ཀྱི་ཐ་མ་དེ་ལ་ནི། །སེམས་ཅན་ཀུན་ལ་མཆོག་སྦྱིན་བྱེད། །འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་ནི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱི་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནའང་ཡོད་པ་ཡི། །ཆུ་བོ་གསེར་དང་ལྡན་འགྲམ་དུ། །ང་ནི་མྱ་ངན་འདའ་བར་འགྱུར། །ཞེས་བསྟན་པ་འདིའང་ཆེས་ཤིན་ཏུ་ཉམས་དམས་པར་གྱུར་པ་ན་ཐ་མལ་པའི་གཟུགས་སུ་བྱོན་ནས་སངས་རྒྱས་ཀྱི་མཛད་པ་སྟོན་ཅིང་། ཁ་བ་ཅན་གྱི་ལྗོངས་འདིར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདེབས་པ་དང་། དེའང་དགོན་པ་གཅིག་པུ་ཙམ་མ་ཡིན་པར་དགོན་པའི་མིང་གྲུབ་མཐའ་སྤྱི་ལ་ཐོགས་པ་ལྟར་རི་བོ་དགའ་ལྡན་པའི་ལུགས་སྲོལ་གཙང་མ་འབྱུང་ཚུལ་རྒྱལ་བ་རང་ཉིད་ཀྱིས་ཀྱང་ཕ་ཤུལ་བུ་ལ་གཏོད་པ་བཞིན་ཆོས་ཀྱི་རྒྱལ་སྲིད་འཇམ་དབྱངས་ལ་གཏད་ནས་མྱ་ངན་ལས་འདའ་ཚུལ་དང་བཅས་པ་བསྟན་ལ། ལྷ་མོ་དྲི་མ་མེད་པས་ཞུས་པར་ཡང་། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །ཞེས་དགོན་པ་དང་གྲུབ་མཐའི་མཚན་གསལ་བར་གསུངས་སོ། །འཇམ་དཔལ་རྩ་རྒྱུད་ལེའུ་ཉེར་བཞི་པར་བསྟན་པ་གསོ་བའི་ཐབས་སུ་དགོན་པ་འདེབས་པའི་སྔོན་དེར་ཆོ་འཕྲུལ་གྱི་ཟླ་བའི་ཡར་ངོ་སྨོན་ལམ་གྱི་དུས་མཆོད་བཙུགས་ཏེ། ཉིན་རེ་བཞིན་དཀོན་མཆོག་ལ་མཆོད་པ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་ཚུལ། ལྷག་པར་བཅོ་ལྔའི་མཚན་མོ་མཆོད་པ་རྒྱ་ཆེན་པོ་འབུལ་ཚུལ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ་འགོག་པ་རིར་གཏེར་དུ་སྦས་པའི་ཚོགས་དུང་སོགས་གཏེར་ནས་འབྱིན་རྒྱུ་རྣམས་མཐར་ཆགས་སུ་ལུང་བསྟན་ཡོད་པ་ནི་རྣམ་ཐར་གྱི་གོ་རིམ་དང་ལུང་གིས་གསུངས་ཚུལ་གུང་བསྒྲིགས་ཏེ་བློ་གྲོས་ཞིབ་མོས་དཔྱད་ན་ཤེས་སོ། །དེ་བཞིན་དུ་ལེའུ་ཉེར་དགུ་པ་ལས། གཞོན་ནུ་ཁྱོད་ཀྱིས་ཡོངས་ཞུས་པ། །བུ་ཁྱོད་འཇམ་དཔལ་རབ་ཏུ་ཉོན། །ང་ནི་འཇིག་རྟེན་མྱ་ངན་འདས། །ས་སྟེང་སྟོང་པར་གྱུར་པ་དང་། །ཆོས་ཀྱི་མཛོད་ཀྱང་འཇིག་པ་དང་། །ཉན་ཐོས་རྣམས་ཀྱང་འདས་པ་ན། །རྐང་གཉིས་དམ་པ་སྟོན་པ་ཡི། །གཟུགས་བརྙན་མཆོད་རྟེན་དག་ཀྱང་བྱ། །སྤོས་དང་དྲི་དང་བྱུག་པ་ཡིས། །མཆོད་དང་བསྙེན་བཀུར་བྱ་བ་དང་། །རྣམ་པ་སྣ་ཚོགས་གོས་མཆོག་དང་། །གཞན་ཡང་ནོར་བུའི་གདུབ་ཀོར་རྒྱན། །རྣམ་པ་སྣ་ཚོགས་བཟའ་དང་བཅའ། །ཡང་དག་སྦྱར་བ་དབུལ་བར་བྱ། །ཞེས་པས་ཀྱང་ཇོ་བོ་ལ་དབུ་རྒྱན་དང་། ཆོ་འཕྲུལ་གྱི་མཆོད་པ་འབུལ་ཚུལ་སོགས་བསྟན་ཅིང་། དེར་མ་ཟད་ལེའུ་སོ་དྲུག་པར། དང་པོར་ཡི་གེ་བ་གྲགས་དང་། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོར་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང་། །ཞེས་དང་། བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང་། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་པས་ཀྱང་རྒྱ་སྐད་དང་བོད་སྐད་ཀྱི་དབང་དུ་བྱས་པའི་རྗེ་བླ་མའི་མཚན་སྒྲ་གསལ་པོ་དང་། ཇོ་བོ་རིན་པོ་ཆེར་དབུ་རྒྱན་ཕུལ་ནས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་བྱེད་པ་བསྟན། སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །ཅེས་པས་ཀྱང་དེར་སྲི་ཞུ་རྒྱ་ཆེན་པོ་བསྟན་པ་ནམ་གནས་བར་དུ་མི་ཉམས་པའི་སྲོལ་ཚུགས་པར་མཛད་པ་དེ་ལུང་བསྟན་པ་ཡིན་ནོ། །ཁྱད་པར་དུ་ལེའུ་འདིའི་མགོར་རྒྱལ་བ་རང་ཉིད་ཐོག་མར་འཁྲུངས་ཚུལ། རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་ལུགས། སངས་རྒྱས་ནས་ཆོས་འཁོར་བསྐོར་བ་དང་། མུ་སྟེགས་ཕམ་པར་མཛད་པ་སོགས་སྐུ་ཚེ་འདིའི་མཛད་པ་རགས་རིམ་ཞིག་གསུངས་པའི་མཐར། འཇམ་པའི་དབྱངས་ལ་གཏད་པ་ཡིན། །ང་ནི་འཇིག་རྟེན་མྱ་ངན་འདས། །ཞེས་དངོས་ཀྱི་གདུལ་བྱ་རྫོགས་ནས་འཇམ་པའི་དབྱངས་ལ་རང་གི་བསྟན་པ་གཏད་དེ་རྒྱལ་ཚབ་ཏུ་བསྐོས་ནས་མྱ་ངན་ལས་འདའ་བའི་ཚུལ་དང་། དེ་ནས། ས་སྟེང་སྟོང་པར་གྱུར་པ་ན། །དེ་ནས་འཇམ་དཔལ་སེམས་ཅན་ལ། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་ཏུ་སྲུང་བར་ནི། །འཇམ་པའི་དབྱངས་ནི་འགྱུར་བ་ཡིན། །ཞེས་དུས་ཀྱི་ཐ་མར་བསྟན་པའི་སྲོག་འཛིན་པའི་རྒྱལ་བ་གཉིས་པར་འགྱུར་བ་ལུང་བསྟན་ཏོ། ། ― GTD001_Page_0066 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལེའུ་སོ་བཞི་པ་དང་སོ་ལྔ་པར་བསྟན་པ་སྲུང་བའི་དོན་དུ་ཡི་དམ་གཤིན་རྗེའི་གཤེད་ལ་བྱེད་ཅིང་། དེ་ལ་བརྟེན་ཏེ་སྙིང་རྗེའི་སྒོ་ནས་དྲག་ལས་བྱེད་ཚུལ་དང་། སུམ་ཅུ་པར་ལྕགས་མཁར་སྐབས་ཀྱི་ཕྱག་རྒྱའི་གནད་འགའ་ཞིག་ཀྱང་གསུངས་པ་དང་། གོང་དུ་ཆོས་རྒྱལ་གྱི་སྔགས་སོགས་ཀྱང་གསུངས་པ་ཐམས་ཅད་རི་བོ་དགེ་ལྡན་པའི་བཀའ་སྲོལ་འདིའི་ཡི་དམ་ཆོས་སྲུང་དུ་གཙོ་བོར་གསུངས་པ་ཡིན་པར་ཞིབ་ཏུ་བརྟགས་ན་ཤེས་སོ། །དེར་མ་ཟད་དགེ་ལྡན་གྱི་བསྟན་པ་འདི་ཆོས་བཞིན་སྐྱོང་བའི་རྒྱལ་པོ་སྦྱིན་བདག་རྣམས་ཀྱང་ལུང་བསྟན་ཏེ། ཐོག་མར། ང་ནི་ས་སྟེང་མྱ་ངན་འདའ། །ཁ་བ་ཅན་གྱི་ནང་དག་ཏུ། །ས་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་སོགས་ཀྱིས་སྤྱིར་བོད་ཡུལ་ཐོག་མར་ཆགས་ཚུལ་དང་། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པ། །རྒྱལ་པོ་མི་ཡི་ལྷ་ཞེས་བྱ། །ཞེས་སྲོང་བཙན་སྒམ་པོ་ནས་རིམ་པར་གསུངས་པའི་མཐར། ས་སྲུང་དང་ནི་བེ་འུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཞེས་བེའུ་སྟེ་གླང་དར་མ་དང་། དེ་ནས་འོད་ལྡན་ཏེ་འོད་སྲུང་གི་བར་རྒྱལ་པོ་རིམ་པར་བྱུང་ཡང་། འོད་སྲུང་ནས་བོད་སིལ་བུར་འཐོར་ཏེ་སྤྱིའི་རྒྱལ་པོ་མི་འབྱུང་བ་དང་། དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད། །ཅེས་དང་། ཐ་མར་ཆར་རྒྱལ་ངང་ཚུལ་ཏེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །ཞེས་ཕྱོགས་གཞན་གྱི་རྒྱལ་པོ་མང་པོའི་དབང་དུ་འགྲོ་བ་དང་། ཁྱད་པར་ཧོར་སོག་གིས་དབང་བྱེད་པར་གསུངས། དེ་ཚེ་བལ་ཡུལ་བདག་པོ་ནི། །མཚོན་གྱིས་འཐབ་པས་རྣམ་པར་འཇིག །ཅེས་བལ་པོས་སྡེ་གཟར་བསླང་ཡང་ཁོ་རང་ཕམ་པར་འགྱུར་ཚུལ་རྣམས་གསུངས་ལ། དེའི་མཇུག་ཐོགས་སུ། རྒྱ་ཡུལ་ཀུན་ལ་བརྟེན་པ་ཡི། །རྒྱལ་པོ་དབྱིག་གི་སྙིང་ཞེས་བྱ། །སྡེ་ཆེན་སྟོབས་ཀྱང་ཆེ་བ་དང་། །བློན་པོ་རྒྱ་ཆེ་ཉིད་དང་ནི། །སྐྱེ་བོ་རྩ་ལག་རབ་ཏུ་མང་། །ཀླ་ཀློས་བཏུད་དང་རྣམ་པར་རྒྱལ། །སྟོན་པའི་བསྟན་པ་དེ་གཙོ་བྱེད། །གཞོན་ནུ་བདག་ཉིད་ཆེན་པོ་ཉིད། །དེ་ཡི་སྔགས་ནི་རབ་བསྒྲུབ་པ། །མཐུ་ནི་ཆེན་པོ་དང་ལྡན་པའི། །རིག་པའི་རྒྱལ་པོ་ཡི་གེ་བརྒྱད། །དཔའ་བོ་ཆེ་ཞེས་རྣམ་པར་གྲགས། །ཕུན་སུམ་ཚོགས་པའི་གནས་ཆེན་ཡིན། །དེ་ཡི་བྱིས་པའི་བློ་ཡིས་ནི། །རྒྱལ་སྲིད་ཕྱིར་ནི་རབ་སྨོན་བྱས། །གང་གིས་དྲན་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ངེས་འགྱུར་བ། །མི་བདག་རྒྱལ་ཐབས་ཉིད་ཀྱི་ཕྱིར། །དེ་ནི་བསྐལ་པ་མི་ཉུང་འགྱུར། །མཆོག་གི་སྦྱིན་པ་བླ་ན་མེད། །བསམ་པ་ཙམ་གྱིས་ཐོབ་པ་ཉིད། །ཚངས་སོགས་ལྷ་རྣམས་ཐམས་ཅད་ལ། །མ་ལུས་ལུང་ནི་སྩོལ་བྱེད་ན། །ལྷ་ངན་ཕལ་པ་དག་དང་ནི། །མི་ཡི་འཇིག་རྟེན་སྨོས་ཅི་དགོས། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གྲགས་ཆེན་ལྷ་ཡི་གནས་སུ་འགྲོ །ཆོས་ཀྱི་བདག་ཉིད་དེ་མཐར་གྱིས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །གཞོན་ནུས་ཡོངས་སུ་བཤད་པ་ཡི། །རིག་པ་འདི་ནི་དེ་ཡུལ་དུ། །དེ་ནི་མྱུར་དུ་འགྲུབ་འགྱུར་གྱི། །རིག་པ་གཞན་ནི་ནམ་ཡང་མིན། །བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །གྲུབ་པའི་ཞིང་མཆོག་དམ་པ་ལ། །མི་ནི་ཡོངས་སུ་སྒྲུབ་པར་འགྱུར། །རྒྱལ་པོ་ཏུ་རུཥྐ་ཞེས་བྱ། །བྱང་ཕྱོགས་ལ་ནི་ཡང་དག་བརྟེན། །སྡེ་ཆེན་བརྩོན་འགྲུས་ཆེ་བ་སྟེ། །དེ་ཡི་གནས་སུ་འབྱུང་བར་འགྱུར། །ཤིང་ཤུན་གྱོན་ཡུལ་མ་གཏོགས་པ། །ཁ་ཆེའི་མཐར་ཐུག་ཀ་ཤིར་བཅས། །དེ་ནི་དཔག་ཚད་བདུན་བརྒྱ་དང་། །འབུམ་ཕྲག་གཉིས་ཀྱི་ས་བདག་ཏུ། །དེ་ཚེ་དུས་ཀྱི་ཐ་མ་ལ། །དེ་ཚེ་ཐེ་ཚོམ་མེད་པར་འགྱུར། །ཞེས་སོགས་ཀྱིས་འཇམ་དབྱངས་གོང་མའི་རྒྱལ་སྲིད་འདི་ཉིད་ལུང་བསྟན་པ་ཡིན་ཏེ། སྤྱིར་རྒྱ་ནག་གི་རྒྱལ་སྲིད་ཙམ་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་ཡོང་ནའང་། འདིར་བོད་ཀྱི་རྒྱལ་རབས་དང་། དེ་རྗེས་གཞན་མང་པོས་འཛིན་ཅིང་། དེའི་མཇུག་ཏུ་འབྱུང་བར་གསུང་བའི་དུས་ཚོད་རྒྱལ་རབས་འདི་དག་ལ་འགྲིགས་པ་དང་། དཔག་ཚད་ཉིས་འབུམ་ལྷག་པའི་ས་ལ་དབང་བྱེད་པར་གསུང་བའང་མཐའ་སྐོར་ཡིན་ན་འཛམ་གླིང་སྤྱིའི་ཚད་དང་མི་འགྲིགས་ཀྱང་། རགས་རྩིས་ཀྱིས་ཞེང་དུ་དཔག་ཚད་བཞི་བརྒྱ་དང་། མཆུར་དཔག་ཚད་ལྔ་བརྒྱའི་ས་དེ་རེའུ་མིག་ཏུ་བགོས་ན་དཔག་ཚད་ཉིས་འབུམ་ཙམ་འབྱུང་ལ། ད་ལྟ་སོག་བོད་ཐམས་ཅད་དབང་དུ་བསྡུས་པས་ཡུལ་གྱི་ཁྱོན་ཡང་དེ་ཙམ་མ་མཐའ་འབྱུང་བར་སྣང་། རྩ་བརྒྱད་སྟོང་གི་གཙུག་ལག་ཁང་། །དེ་ཡི་དུས་སུ་ཡོད་པར་འགྱུར། །ཞེས་དང་། ལྷ་ཁང་དག་ནི་མང་པོ་བྱས། །སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི །མཆོད་རྟེན་མཆོག་ནི་དེ་བཞིན་བྱས། །ཐེག་པ་ཆེན་པོ་མཆོག་ཆོས་དང་། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡུམ། །འཇིག་རྟེན་ཤེས་རབ་ཕ་རོལ་ཕྱིན། །དེ་ཡི་ཡུལ་དུ་རབ་གནས་བྱས། །ཞེས་འབྱུང་ལ། དགོན་སྡེ་དང་གཙུག་ལག་ཁང་སོགས་རྒྱ་ཆེ་ཞིང་གྲངས་མང་བ་རྒྱལ་རབས་འདིའི་སྐབས་ལྟ་བུ་སྔར་གང་ལའང་མ་བྱུང་སྣང་བས་ཀྱང་དགེ་ལྡན་པ་དང་མཆོད་ཡོན་དུ་འབྲེལ་བའི་སྐབས་ཀྱི་རྒྱལ་རབས་འདི་རྣམས་གཙོ་བོ་ཡིན་པར་ཤེས་སོ། །དེར་མ་ཟད་རྒྱལ་པོ་དུ་མ་ལུང་བསྟན་པའི་དགོས་པའང་བསྟན་པའི་སྦྱིན་བདག་བྱེད་རྒྱུའི་དབང་དུ་མཛད་པ་ཡིན་ལ། འཇམ་དབྱངས་གོང་མའི་རྒྱལ་རབས་འདི་རྣམས་ནི་ཐུན་མོང་མ་ཡིན་པར་འཇམ་དབྱངས་བླ་མའི་རིང་ལུགས་འདིའི་སྦྱིན་བདག་དང་རྒྱབ་རྟེན་དུ་གྱུར་པ་མཐུན་གྲུབ་ཡིན་པའི་ཕྱིར་དང་། རྗེའི་རྣམ་ཐར་དུ་དང་པོ་རི་བོ་རྩེ་ལྔ་ནས་ཕེབས་པའི་རྨི་ལམ་དང་། མྱ་ངན་ལས་འདས་ཏེ་རི་བོ་རྩེ་ལྔར་ཕེབས་ཚུལ་དུ་མ་ཡོད་ལ། འདིར་ཡང་། འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །ཞེས་པ་རྣམས་གུང་བསྒྲིགས་པའི་ཚེ་ཙི་ནའི་རྒྱལ་ཁམས་འདི་ཉིད་འཇམ་པའི་དབྱངས་ཀྱི་འདུལ་ཞིང་ཡིན་པ་ཙམ་དུ་མ་ཟད་རྒྱལ་པོ་རྣམས་ཀྱང་འཕགས་མཆོག་འཇམ་པའི་དབྱངས་ཀྱིས་རང་ཉིད་ཀྱི་བསྟན་པ་བསྲུང་བའི་ཕྱིར་དུ་བྱིན་རླབས་དང་སྤྲུལ་པའི་ཟློས་གར་མཛད་པ་ཡིན་པར་སེམས་སོ། །དེར་མ་ཟད། ཡི་གེ་ཧ་མིང་སླར་ལོག་ནས། །ཀླ་ཀློའི་རྒྱལ་པོས་རབ་ཏུ་མཆོད། །ཡི་གེ་ཧ་བྱ་དགེ་དང་ལྡན། །དགེ་བའི་དོན་གྱི་ལུས་ཀྱིས་ནི། །ཇི་ལྟར་འདོད་པའི་འགྲོས་དག་གིས། །རང་གིས་ཡུལ་ནི་ཉིད་དུ་ཕྱིན། །དེ་ཉིད་ཀྱི་ནི་ལས་བྱས་པས། །རྒྱལ་སྲིད་དགའ་དང་ལྡན་པ་འཐོབ། །ཅེས་པས་ཀྱང་ཀླ་ཀློ་སྟེ་སོག་པོའི་རྒྱལ་པོ་ཀཽ་ཤི་ཧན་གྱིས་དགེ་ལྡན་པའི་བསྟན་པ་ལ་སྲི་ཞུ་ཆེར་བྱས་ཏེ་བོད་ལྗོངས་མཐའ་དག་ལྷ་འབངས་སུ་སྦྱར་བས་དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་འབྱུང་བའང་ལུང་བསྟན་པ་ཡིན་ནོ། །དེ་ལྟར་ན་འཇམ་དཔལ་རྩ་རྒྱུད་འདི་ནི་ཐུན་མོང་མ་ཡིན་པར་རྗེ་བླ་མ་དང་རི་བོ་དགེ་ལྡན་པའི་བསྟན་པ་འདིའི་དབང་དུ་བྱས་ནས་གསུང་བར་སྣང་བས་ཞིབ་ཏུ་དྲངས་པ་ཡིན་གྱི། གཞན་མདོ་རྒྱུད་དུ་མ་དང་། རྒྱལ་པོ་བཀའ་ཆེམས། བཀའ་གདམས་གླེགས་བམ། སློབ་དཔོན་གྱི་བསྐུལ་བྱང་དང་གཏེར་ཡིག་ཚད་ལྡན་དུ་མ། མ་ཅིག་གི་ལུང་བསྟན་སོགས་སྔོན་བྱུང་བ་དང་། སྐབས་དེར་ལྷོ་བྲག་པ་དང་། རྟོགས་ལྡན་པ་སོགས་ལ་ལྷག་པའི་ལྷས་ལུང་བསྟན་པ་རྣམས་སུ་མཚན་སྒྲ་དང་དགོན་པའི་གནས། སྐུ་ཚེ་སྔ་ཕྱི། གང་དུ་འཚང་རྒྱ་བ་དང་འཕྲིན་ལས་ཀྱི་རྒྱུན་སོགས་ལུང་བསྟན་ཆེས་མང་བ་ནི་རྣམ་ཐར་རྣམས་དང་། ལུང་བསྟན་གསལ་བའི་མེ་ལོང་སོགས་སུ་བལྟ་བར་བྱ་ཡི། འདིར་མང་གིས་དོགས་པས་མ་བྲིས་སོ། །དེ་ལྟར་སངས་རྒྱས་ཀྱི་མཛད་པ་བྱེད་པར་ལུང་བསྟན་པའི་མཛད་པའི་གཙོ་བོ་ནི་མདོ་སྔགས་ཟུང་དུ་འཇུག་པའི་ལམ་བཟང་འདི་ཉིད་ཡིན་ལ། དེའང་ཡུལ་ཕྱོགས་རེ་རེ་ཙམ་མ་ཡིན་པར། ས་སྟེང་འདི་ན་སངས་རྒྱས་ཀྱི་བསྟན་པའི་སྲོལ་གཙང་མ་གང་ཡོད་རྗེ་འདིའི་བཀའ་དྲིན་གྱི་ཆ་ཤས་ཁོ་ན་ཡིན་ཏེ། བྱང་ཤམྦྷ་ལར་ཡང་རྗེ་བླ་མའི་རང་ལུགས་འདི་ཉིད་དར་རྒྱས་སུ་ཡོད་ཚུལ་པཎ་ཆེན་ཐམས་ཅད་མཁྱེན་པས་ཡེ་ཤེས་ཀྱིས་སྒྲིབ་པ་མེད་པར་གཟིགས་ནས་གསུངས་པ་ཞལ་ལས་དངོས་སུ་ཐོས་སོ། ། ― GTD001_Page_0067 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེས་ན་རྗེ་བླ་མའི་ཡོན་ཏན་རྗེས་སུ་དྲན་པ་རྣམས་ཀྱིས་ཀྱང་རྣམ་ཐར་གྱི་སྙིང་པོ་ངོས་ཟིན་པར་བྱས་ཏེ། ཐུབ་བསྟན་ཡང་སྙིང་གསལ་བར་མཛད་པའི་ཚུལ་འདིའི་སྒོ་ནས་རྗེ་བླ་མ་རྗེས་སུ་དྲན་པར་བྱའོ། །བསྟན་པ་གསོ་ཚུལ་ཡང་སྔོན་གྱི་དུས་བཟང་པོའི་སྐབས་ཆ་ཤས་རེ་ཙམ་ཉམས་ནའང་མཁས་གྲུབ་ཀྱི་སྐྱེས་བུ་སྐར་ཚོགས་བཞིན་དུ་བཀྲ་བས། ཕྱོགས་མཐའ་དག་ནས་ཕྱིར་གསོ་བ་དཀའ་ཚེགས་མེད་ཀྱང་། རྗེ་བླ་མ་འབྱོན་པའི་གོང་དེར་བསྟན་པ་ཧ་ཅང་ཉམས་ནས་ཡུན་རིང་བས་མིང་གི་ལྷག་མ་ཙམ་དུ་སོང་སྟེ་གཞན་སུས་ཀྱང་གསོ་བའི་ཐབས་མེད་པ་ལྟ་བུར་གྱུར་ཡོད་སྣང་སྟེ། བསྟན་པ་སྤྱིའི་དབང་དུ་བྱས་ན་བཤད་སྒྲུབ་ཀྱི་ཆ་ཐམས་ཅད་ནས་ཉག་ཕྲ་བའི་ཚུལ། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །ཞེས་གསུངས་པ་ལྟར་དང་། ཞིབ་པར་དད་པའི་འཇུག་ངོགས་ལས་གསུངས་པ་ལྟར་ཡིན་ཞིང་། ཁྱད་པར་སྔགས་ཀྱི་བསྟན་པ་དེའི་སྔོན་ནས་ཆེར་ཉམས་པའི་ཚུལ་སྡོམ་གསུམ་རབ་དབྱེ་ལས། དེས་ན་ཉན་ཐོས་ཐེག་པ་ནི། །ཉམས་ཀྱང་གཟུགས་བརྙན་ཙམ་ཞིག་སྣང་། །རྡོ་རྗེ་ཐེག་པའི་བསྟན་པ་ལ། །གཟུགས་བརྙན་ཙམ་ཡང་མི་སྣང་ངོ་། །ཞེས་གསུངས་པ་བཞིན་ཡིན་ཞིང་། རྗེའི་སྔགས་ཀྱི་གསུང་རབ་དུ་མའི་མཇུག་ཏུའང་། རིང་ནས་ཉམས་པའི་ལམ་གྱི་གནད་འབྱེད་པ། །ཞེས་དང་། སྔོན་ཆད་ཕྱོགས་འདིར་མངོན་དུ་མ་གྱུར་པའི། །ཞེས་དང་། ལམ་འདི་ཆེས་ཆེར་ཉམས་པ་གསོ་ཕྱིར་དང་། །ཞེས་དང་། བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཞེས་གསུངས་པ་རྣམས་ཀྱིས་ཤེས་སོ། །ལྟ་བའི་སྐོར་ཡང་རིང་མོ་ཞིག་ནས་ཉམས་ཡོད་པའི་ཚུལ། རྩ་ཤེས་ཊཱིཀ་ཆེན་ལས། དོན་འདི་ཕྲ་ཞིང་ཤིན་ཏུ་རྟོགས་དཀའ་བས། །རིང་མོ་ཞིག་ནས་ཆེས་ཆེར་ཉམས་པར་གྱུར། །ཅེས་དང་། ལེགས་བཤད་སྙིང་པོར། དེ་ཚེ་རིང་ནས་ཉམས་པའི་རྟོགས་དཀའི་གནས། །གང་གིས་བཙལ་བས་རྙེད་པའི་རིགས་པའི་ལམ། །ཞེས་སོགས་གསུངས་པ་ལྟར་རོ། །མདོར་ན་འཇམ་དཔལ་རྩ་རྒྱུད་ལས། ས་ཡི་སྟེང་འདི་སྟོང་པ་ན། ཞེས་དང་། དེ་ཚེ་ས་སྟེང་བསྟན་པ་ནི། །རྣམ་པར་ཉམས་ཤིང་སྣང་མེད་ལ། །ཞེས་སོགས་གོང་དུ་དྲངས་པ་ལྟར། ཐུབ་དབང་ཆོས་ཀྱི་ཉི་མ་ཉེར་ཞིའི་དབྱིངས་སུ་གཟིམས་ཤིང་། རྒྱལ་བའི་བསྟན་པ་ལ་དཔང་དུ་གྱུར་པའི་དམ་པ་གོང་མ་ཐམས་ཅད་འདས་ཏེ། རྣམ་པར་དག་པའི་བཤད་སྒྲུབ་ཀྱི་སྣང་བ་ནུབ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་པའི་གླིང་ལྟ་བུར་གྱུར་ཅིང་། ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་གླིང་དང་དཔུང་གཉེན་མེད་པ་ན། རྒྱལ་བའི་གདུང་མི་འཆད་པར་འཚོབ་པའི་སྲས་མཆོག་རྒྱལ་བ་གཉིས་པ་འཇམ་མགོན་སྨྲ་བའི་ཟླ་བ་དེ་ཉིད་ཐུགས་བསྐྱེད་རླུང་གི་ཤིང་རྟས་དྲངས་ཏེ། ཐུབ་བསྟན་ནམ་མཁའི་རྒྱན་དུ་ཤར་བས་ཐར་འདོད་ཡིད་ཀྱི་མུན་པ་བསལ་ཏེ་ཕན་བདེའི་ལམ་བཟང་གསལ་བར་མཛད་པ་ཡིན་ནོ། །བསྟན་པའི་ཆ་རེ་རེ་ཙམ་འཛིན་ཅིང་སྤེལ་བ་ལའང་ཕན་ཡོན་དང་གདུལ་བྱའི་དོན་རླབས་པོ་ཆེ་འབྱུང་ཞིང་། བོད་འདིར་སྔོན་ཆད་བྱོན་པའི་སྐྱེས་མཆོག་ཕལ་ཆེར་གྱིས་བསྟན་པ་ལ་བྱ་བ་མཛད་ཚུལ་ཡང་རྗེའི་རྣམ་ཐར་ལ་ལྟོས་ན་མདོའམ་སྔགས། བཤད་པའམ་སྒྲུབ་པ་གང་རུང་རེ་གཙོ་བོར་བཏོན་པའི་ཕྱོགས་རེ་བ་ཁོ་ན་ཡིན་ལ། རྗེ་ཉིད་ནི་བསྐལ་པ་མུ་མཐའ་ཡས་པའི་སྔ་རོལ་ནས་རྒྱལ་བ་རྣམས་ཀྱི་དམ་ཆོས་མ་ལུས་པ་རྒྱལ་པའི་དགོངས་པ་བཞིན་དུ་འཛིན་པའི་སྨོན་ལམ་ཡོངས་སུ་གྲུབ་པའི་སྟོབས་ཀྱིས་སྔོན་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་མཆོག་འབྲིང་དམན་པའི་གདུལ་བྱ་སོ་སོའི་སྐལ་བ་བཞིན་རྒྱུ་འབྲས་ཀྱི་ཐེག་པའི་ཆོས་ཀྱི་སྒོ་མོ་ཇི་སྙེད་ཅིག་སྩལ་པ་ཐམས་ཅད་རྗོད་བྱེད་ཡི་གེ་ན་གཅིག་ཀྱང་མ་ལུས་པར་བདེན་བཞིའི་ཆོས་འཁོར་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་དང་། བརྗོད་བྱ་འདུལ་བའི་བཅས་རྐྱང་ཕྲ་མོ་ནས་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་བར་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པའི་བསྟན་པ་ཡོངས་རྫོགས་ཀྱི་སྲོལ་ཕྱེས་པ་ཡིན་ཏེ། ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་དམིགས་བརྩེ་མའི་ཊཱིཀྐ་ལས། དེ་ཙམ་གྱིས་མཁས་པ་ཐམས་ཅད་ཀྱི་གཙུག་ན་མངོན་པར་མཐོ་བར་མི་འགྱུར་ཏེ། བཀའ་གདམས་ཀྱི་སྐུ་མཆེད་གསུམ་དང་། གླང་ཤར་སོགས་བདག་པས་གཞན་གཅེས་འཛིན་པའི་སེམས་དཔའ། ལྕེ་འབྲོག་མར་མི་སོགས་སྐུ་ཚེ་དེའམ་བར་དོར་ཟུང་འཇུག་བརྙེས་པའི་གྲུབ་ཐོབ། རྔོག་བུ་སོགས་གནས་ལྔ་རིག་པ་མཁྱེན་པའི་བླ་མ་མཐའ་ཀླས་པ་བྱུང་བས་སོ་ཞེ་ན། རིགས་པ་དེ་ནི་འཇུག་པ་མ་ཡིན་ཏེ། བཤད་མ་ཐག་པའི་མཁས་གྲུབ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་ན་དམ་པ་འདིའི་ཡོན་ཏན་མཚུངས་ནའང་། རེ་རེ་བཞིན་ནས་དོད་མི་སྙོམས་པའི་རྒྱུ་མཚན། བསྟན་པ་སྔ་དར་ལ་ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་། ཕྱི་དར་ལ་བཀའ་གདམས་གོང་མ་སོགས་རྒྱལ་བའི་སྲས་པོ་དེ་རྣམས་ཀྱི་བྱང་ཆུབ་སེམས་ལས་ལྷག་པ་འདི་ལ་མི་མངའ་འང་། འདི་ཉིད་ཀྱི་ཐ་སྙད་དང་གསང་སྔགས་ཡོངས་སུ་རྫོགས་པ་དེ་དག་ལ་མེད་པས་སོ། །དེ་བཞིན་དུ་སྔ་དར་གྱི་རྗེ་འབངས་ཉེར་ལྔ་དང་། ཕྱི་དར་གྱི་ལོ་ཆེན་འབྲོག་མི། དཀར་པོ་རྣམ་གསུམ། མར་མི་སོགས་གྲུབ་པའི་དབང་ཕྱུག་དེ་དག་གི་བསྐྱེད་རྫོགས་ཀྱི་ཡོན་ཏན་གྱི་ཆ་ནས་ཕན་ཚུན་སྙོམས་ནའང་། སོ་སོ་ཐར་པའི་སྡོམ་པ་རྣམ་གསུམ་གྱི་ཚུལ་ཁྲིམས་དང་། གྲུབ་མཐའ་རྣམ་བཞིའི་བཞེད་གཞུང་། སྒྲ་ཚད་སོགས་ཤེས་བྱ་ཇི་སྙེད་པའི་ཡོན་ཏན་གྱི་ཆ་ནས་མཆོག་དམན་ཡོད་དོ། །དེ་བཞིན་དུ་རྔོག་ཤོང་དཔང་བུ་སྟོན་སོགས་གནས་ལྔ་རིག་པ་མཁྱེན་པ་རྣམས་ཀྱིས་ཐོས་བསམ་ལ་སྒྲོ་འདོགས་བཅད་པའི་ཆ་ནས་ཁྱད་པར་མེད་ཀྱང་། བླ་མ་མགོན་པོ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པ་དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་དང་དཔལ་གསང་བ་འདུས་པའི་སྒྱུ་ལུས་སོགས་གནད་གསང་ཟབ་མོ་སྔོན་ཆད་མཁས་པ་དང་གྲུབ་པ་རྣམས་ཀྱི་མཁྱེན་པའི་ཡུལ་དུ་མ་འཚལ་བ་མཐའ་དག་དམ་པ་འདི་ཉིད་ཀྱིས་གཏན་ལ་ཕབ་པ་མངོན་སུམ་གྱིས་གྲུབ་པ་འདིའོ། །ཞེས་གྲུབ་མཐའ་རིས་མེད་ཀྱི་ལྟ་སྒོམ་སྤྱོད་པའི་ཁྱད་པར་དང་། དམ་པ་གོང་མ་ཀུན་གྱི་རྣམ་ཐར་ཕྱག་རྗེས་ཐམས་ཅད་མཁྱེན་ཅིང་གཟིགས་ནས་གསུངས་པ་ཡིན་ལ། ཡང་དེ་ཉིད་ཀྱིས་མཛད་པའི་རྗེའི་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པའི་དང་ཚུགས་བཀའ་གདམས་པའི་རྣམ་ཐར་གཙང་མ་ལ་གནས་ཤིང་། ནང་དུ་ཐུན་མོང་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་། ཐུན་མོང་མ་ཡིན་པ་ལམ་རིམ་པ་གཉིས་ཀྱི་སྙིང་པོ་བདེ་སྟོང་དབྱེར་མི་ཕྱེད་པའི་ཏིང་འཛིན་ཟབ་མོའི་རྣལ་འབྱོར་ལ་སྤྱོད་པས་བསྟན་པ་ཡོངས་རྫོགས་རང་གི་ཉམས་ལེན་གྱི་ལུས་གཅིག་ཏུ་འདྲིལ་ཞིང་། རྗེས་འཇུག་མཆོག་དམན་གྱི་དོན་དུ་འགྱུར་བ་རྒྱལ་བ་དགྱེས་པའི་ལམ་བཟང་ཡོངས་སུ་རྫོགས་པའི་བཀའ་སྲོལ་བླ་ན་མེད་པར་གསུངས་ཏེ། ཚུལ་འདི་ནི་བཤད་རྒྱུད་རྡོར་འཕྲེང་གི་རེ་བཞི་པ་ལས། ནང་ནི་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ཀྱི་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་རྗེས་སུ་བསྟན། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་བརྒྱད་པ་ལས། ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །ཞེས་གསུངས་པ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་ཡིན་ནོ། །དེས་ན་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཞེས་པའང་། དམ་པ་འགའ་ཞིག་ཤོའི་རྡེའུ་ཇི་ལྟར་འཕང་ཡང་གྲུ་བཞི་ལམ་གྱིས་འབབ་པ་བཞིན། ཉམས་ལེན་གྱི་སྒོ་གང་ནས་བརྩམས་ཀྱང་བསྟན་པའི་གནད་ཐམས་ཅད་དེའི་ནང་དུ་ཁྲིག་ཁྲིག་འདུས་ནས་འོང་བ་ལ་བཞེད་པ་དང་། ལ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། བསླབ་པ་གསུམ་དང་སྔགས་ཀྱི་ལམ་སྟེ་ལུང་རྟོགས་ཀྱི་གྲུ་བཞི་བཞིར་བྱས་ནས་དེ་ཐམས་ཅད་ཚང་བའི་དོན་དུ་བཞེད་ལ། རྗེ་ངག་དབང་བྱམས་པའི་དྲིས་ལན་ཞིག་ཏུ་སྐྱེས་བུ་ཆུང་འབྲིང་གི་ངེས་འབྱུང་གི་བསམ་པ་རྣམ་དག་འཁོར་བཅས་ཡན་གྲུ་གཅིག །མན་ངག་བདུན་བསླབ་བྱ་ཕར་ཕྱིན་དང་པོ་ལྔ་དང་བཅས་པ་གྲུ་གཅིག །ཤེས་རབ་ཀྱི་ཕར་ཕྱིན་མཐའ་བྲལ་ལྟ་བའི་སྐོར་གྲུ་གཅིག །གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་གྲུ་གཅིག་ཏུ་འཇོག །ཅེས་ལམ་གྱི་གཙོ་བོ་རྣམ་པ་གསུམ་སྔགས་དང་བཅས་པ་ལ་གསུངས་པ་རྣམས་བཤད་ཚུལ་གྱི་རྣམ་གྲངས་ཐ་དད་པ་ཙམ་ལས་དོན་གཅིག་སྟེ། ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་སོ་ཐར་གྱི་སྡོམ་པ་ནི་མདོ་རྩ་བ་ལས། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པ་བཞིན་རྩ་བ་ངེས་འབྱུང་གི་བསམ་པ་ལ་ཐུག་ཅིང་། ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པའམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོ་ནི། རྒྱན་སྣང་ལས། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དང་། ཞེས་པ་ལྟར་དམན་པའི་ཡིད་བྱེད་སོགས་ཀྱིས་གཡེང་མི་ནུས་པའི་བྱང་ཆུབ་ཀྱི་སེམས་ལ་བྱེད་དགོས་ཏེ། སྤྱོད་འཇུག་ཏུའང་བསམ་གཏན་གྱི་ལེའུར་སེམས་བསྐྱེད་ཆོ་གས་འཛིན་ཚུལ་སོགས་གསུངས་པའི་དགོངས་པའང་དེ་ཡིན་ནོ། །དེས་ན་འབྲོམ་ཆོས་ཀྱི་རྒྱལ་པོས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་ཇོ་བོ་ལ་ཐུན་མོང་མ་ཡིན་པའི་མོས་གུས་བསྐྱེད་པར་ལྟར། རང་ཅག་རི་བོ་དགེ་ལྡན་པ་རྣམས་རྗེ་བླ་མས་བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཚུལ་ཇོ་བོས་གསུངས་པ་ལས་ཀྱང་ཆེས་ཤིན་ཏུ་གསལ་བར་ཕྱེས་པ་འདིའི་སྒོ་ནས་རྗེ་བླ་མ་ལ་མི་ཕྱེད་པའི་དད་པ་ཤུགས་དྲག་པོ་སྐྱེད་ཅིང་། དེའང་དང་བའི་དད་པ་གཅིག་པུ་མ་ཡིན་པར། རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་པའི་དོན་བཞིན་རང་གིས་ཀྱང་ལུང་རྟོགས་ཀྱི་བསྟན་པ་མཐའ་དག་གྲུ་བཞི་ལམ་གྱིས་འཁྱེར་ནུས་པ་ཞིག་བྱུང་ན་སྙམ་པའི་མངོན་འདོད་ཀྱི་དད་པ་དང་། དེ་ལྟར་འོང་བའི་ཐབས་ཚང་ལ་མ་ནོར་བ་རྗེ་བླ་མས་རྗེན་པར་བསྟན་ཡོད་པ་འདི་བཞིན་ཉམས་སུ་བླངས་ན་ངེས་པར་འགྲུབ་པ་ཐག་ཆོད་སྙམ་པའི་ཡིད་ཆེས་ཀྱི་དད་པ་བློ་འཁུལ་ངེས་པ་བསྐྱེད་དེ་བློ་དང་བརྩོན་པའི་རྩལ་གང་ཡོད་ཀྱིས་ལག་ལེན་དུ་འདེབས་པ་དང་། ད་ལྟ་དངོས་སུ་མི་ནུས་པ་རྣམས་ཀྱང་ནམ་ཞིག་ཇི་ལྟ་བ་བཞིན་དུ་སྒྲུབ་ནུས་པ་ཞིག་འོང་སྙམ་དུ་སྨོན་པ་བྱེད་ཅིང་། དེ་ལྟར་ནུས་པར་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་འཇམ་མགོན་བླ་མ་ཉིད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་པ་དང་། དེའི་དོན་དུ་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་པ་སོགས་སྒོ་མཐའ་དག་ནས་ཤེས་རྒྱུད་ལ་ཡང་དག་པའི་ལམ་གྱི་བག་ཆགས་བརྟན་པོ་ཐེབས་ངེས་སུ་བྱའོ། ། ― GTD001_Page_0068 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པ་དེའི་རྗེས་སུ་སློབ་པའི་ཕྱིར་སྨོན་པས་མཚམས་སྦྱོར་བ་མཇུག་གི་དོན་དང་བཅས་པ་ནི། དེང་དུས་ཡབ་རྗེའི་ཞེས་པ་མན་ཆད་དེ། དེའང་། དེང་དུས་ཡབ་རྗེའི་སྲོལ་བཟང་ཡང་། །སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །ལྟར་སྣང་བཤེས་གཉེན་དུ་མ་ཡིས། །སྐྱེ་བོ་ཉམ་ངའི་གཡང་དུ་འཁྲིད། །ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་པས་རབ་རྒྱས་ཀྱང་། །བཤད་དང་སྒྲུབ་པས་ཆེས་ཕྲ་བ། །བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་རྗེ་བླ་མས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་གསལ་བར་ཕྱེས་པའི་སྲོལ་བཟང་པོ་དེའང་དུས་ཀྱི་རིམ་པས་ཆེས་ཉམས་པར་གྱུར་པ་ལ་སྐྱོ་བའི་ཚུལ་དང་། ལྷག་མས་དད་པ་དང་སྐྱོ་ཤེས་ཟུང་གི་སྒོ་ནས་འདོད་བྱའི་དོན་ལ་སྨོན་ལམ་བཏབ་པ་ཡིན་ནོ། །དེའང་དཔེར་ན་ལམ་ཕན་ཚུན་ཐམས་ཅད་ལ་གཡང་ཤིན་ཏུ་ཆེ་བའི་སར་ལམ་མཁན་མཁས་པས་དེའི་གསེབ་ནས་བགྲོད་བདེ་བའི་ལམ་སྐྱོན་མེད་པ་ཞིག་བཙལ་ཏེ་སྲོལ་བཏོད་ཀྱང་། མུན་སྲོས་ན་ལམ་ཇི་ལྟ་བ་བཞིན་མཐོང་མི་ནུས་ན། དེའི་སྟེང་དུ་རྡུལ་སོགས་ཀྱིས་ལམ་དང་ལམ་མ་ཡིན་པ་ཐམས་ཅད་ཆ་མཉམ་པར་གཡོགས་ན་ལམ་གྱི་དབྱིབས་ཙམ་ཡང་ཤེས་མི་ནུས་སོ། །དེའི་ཚེ་རང་ཉིད་གར་འགྲོ་གཏོལ་མེད་པའི་ཁར་གཞན་ཞིག་གིས་འདིར་བགྲོད་ན་ལེགས་ཞེས་གཡང་ས་ངོས་སུ་ཁྲིད་ན་དེའི་རྗེས་སུ་འབྲང་བར་འགྱུར་ཞིང་མི་རིང་བར་གཡང་དུ་ལྟུང་བར་འགྱུར་བ་བཞིན། འཇམ་མགོན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་ཡང་དག་པའི་ལམ་གྱི་སྲོལ་ཕྱེས་ཀྱང་དུས་ཡུན་རིང་འགྱངས་ཏེ་ད་ལྟ་སྐྱེ་བོ་རྣམས་བློའི་མཐུ་རིམ་བཞིན་བྲི་བས་རྨོངས་པའི་མུན་པ་འཐིབ་ཅིང་སྙིགས་མའི་བརླང་སྤྱོད་སྣ་ཚོགས་པའི་རྡུལ་གྱིས་གཡོགས་ནས་བསྟན་པའི་སྲོལ་མི་མངོན་པར་བྱས། དམ་པར་ཁས་འཆེའང་དམ་པའི་ཚུལ་དང་མི་མཐུན་པ་སྡོམ་པ་གསུམ་གྱི་ཉམས་ལེན་དང་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅིའང་མེད་པར་ཆགས་སྡང་གཡོ་སྒྱུའི་འཁོར་ལོ་བསྐོར་ཏེ་རྙེད་བཀུར་འདུ་འཛི་འབའ་ཞིག་དོན་དུ་གཉེར་བ་མིང་དགེ་བའི་བཤེས་གཉེན་དུ་བཏགས་པ་དུ་མས་རིགས་མཐུན་གྱི་གྲྭ་སློབ་རང་གི་རྗེས་སུ་ཞུགས་པ་ཐམས་ཅད་ལ་རྒྱལ་བའི་དགོངས་པ་དང་མཐུན་པའི་གདམས་པ་སྣ་རེའང་སྟོན་རྒྱུ་མེད་པར་དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་སྣང་ཤས་སྒྲུབ་པའི་ཐབས་ཁོ་ན་བསྟན་ཏེ་བློ་སྣ་ཐུར་དུ་འཁྲིད་པ་ཆེས་མང་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་། དེའི་རྗེས་སུ་ཚུལ་བཞིན་དུ་སློབ་པ་ཉུང་བས་དུས་ངན་སྙིགས་མའི་ངང་ཚུལ་འདི་ལྟ་བུ་བསམ་གྱིན་སྐྱོ་བའི་གནས་ཡིན་ནོ། །ཁ་ཅིག་འདི་སྙམ་དུ་ད་ལྟ་རི་བོ་དགེ་ལྡན་པའི་བསྟན་པ་རྒྱ་བོད་ཧོར་གསུམ་ཀུན་ཏུ་དར་ཞིང་། གྲྭ་ཚོགས་དང་སྦྱིན་བདག་སོགས་གང་ས་ནས་འཕེལ་རྒྱས་ཆེ་བས་གྲུབ་མཐའ་གཞན་ཐམས་ཅད་ལས་དབུ་འཕང་མཐོ་བ་དེང་དུས་འདྲ་བ་སྔར་མ་བྱུང་བ་ལྟ་བུ་ཡིན་པས་བསྟན་པ་ཆེས་ཆེར་དར་སྐབས་ཡིན་གྱི། ཉམས་དམས་པའི་དུས་ག་ལ་ཡིན་སྙམ་ན། རྙེད་བཀུར་སྙན་གསུམ་ཁོ་ན་དོན་དུ་གཉེར་བ་དག་དེ་ལྟར་སེམས་པ་བདེན་ཡང་། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བླ་མའི་ཡོན་ཏན། བསྟན་པའི་འཕེལ་འགྲིབ། རང་གི་གཏན་འདུན་གང་བསམ་ནའང་སྦུན་པ་དང་སྙིང་པོ་མ་ནོར་བར། དགོས་པའི་གཙོ་བོ་ངོས་ཟིན་པ་འདི་གལ་ཆེ་སྟེ། མཁས་གྲུབ་སྨྲ་བའི་ཉི་མས། དམ་པ་རྣམས་ཀྱི་ཆོས་ཀྱི་ཁྲི། །ལེགས་བཤད་སྨྲ་བའི་དཔལ་གྱིས་མཐོ། །འཇིག་རྟེན་ཕུན་ཚོགས་དཔལ་རྣམས་ཀྱིས། །ཁྱིམ་གྱི་རྒྱལ་པོ་མཐོན་པོར་བྱེད། །གང་དག་རྒྱལ་བའི་གསུང་རབ་ཀྱི། །དགོངས་དོན་སྨྲ་ལ་ནུས་མེད་པ། །ལོངས་སྤྱོད་ལྡན་པའི་སྐྱེ་བོ་ནི། །མང་ཡང་བསྟན་ལ་དགོས་ནུས་མེད། །ལེགས་བཤད་འོད་བརྒྱའི་སྣང་བ་ཅན། །བཤེས་གཉེན་ཉི་མ་གཅིག་གིས་ཀྱང་། །ཐུབ་བསྟན་གླིང་བཞི་མ་ལུས་པ། །གཅིག་ཅར་ཉིད་དུ་གསལ་བར་ནུས། །ཞེས་གསུངས་པ་ལྟར། སྟོབས་འབྱོར་མངའ་ཐང་ཁ་དྲག་དབང་ཆེ་སོགས་ནི་འཇིག་རྟེན་གྱི་རྒྱལ་སྲིད་སོགས་ཁྱིམ་པའི་དབང་དུ་བྱས་པའི་དཔལ་འབྱོར་རྒྱས་ཚུལ་ཡིན་ལ། ཆོས་ཀྱི་དབང་དུ་བྱས་པའི་དཔལ་འབྱོར་ནི་རྒྱལ་བའི་དགོངས་པ་བཞིན་དུ་ལེགས་པར་བཤད་པའི་དགའ་སྟོན་འགྱེད་ཅིང་དེ་དོན་ཉམས་སུ་ལེན་པ་ཁོ་ན་ཡིན་གྱི། རྙེད་བཀུར་འདུ་འཛི་སོགས་བསྟན་པ་ཉམས་བྱེད་ཡིན་པས་དཔལ་དང་བྱུར་མ་ནོར་བ་དགོས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ་དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་འོད་སྲུང་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རབ་དེ་ནི་ལྷག་པར་རྙེད་པ་དང་བཀུར་སྟི་བྱེད་པས་ནུབ་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཤཱ་རིའི་བུ་འདི་ལྟར་ཆོས་འདུལ་བ་འདི་ནི་རྙེད་པ་དང་བཀུར་སྟིས་མྱུར་དུ་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་མི་དབུལ་པོ་ཞིག་གིས་གཏེར་ཆེན་པོ་རྙེད་ནས་གཞི་དེ་ལས་བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱོང་ངོ་། །ཤཱ་རིའི་བུ་དེ་བཞིན་དུ་མ་འོངས་པའི་དུས་ན། དགེ་སློང་དག་འདི་ལྟར་ཁྱིམ་པ་ལ་བརྟེན་པ་དང་། ཕུ་དུད་བྱེད་པ་དང་། བཀུར་སྟི་བྱེད་པ་དག་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁྱིམ་པ་གང་དག་གིས་དགེ་སློང་གང་དག་ཀྱང་འཇིག་རྟེན་གྱི་ཟང་ཟིང་གིས་ཟང་ཟིང་ལ་མགྲོན་དུ་འབོད་པར་འགྱུར་ཞིང་། མི་དབུལ་པོ་གཏེར་ལ་ཆགས་པ་བཞིན་དུ། དགེ་བ་མ་མཐོང་བ་དེ་དག་འཇིག་རྟེན་གྱི་ཟང་ཟིང་གིས་ཡིད་བདེ་བར་བྱ་བའི་ཕྱིར། དེ་དག་གི་ལས་ཀྱི་མཐའ་རིམ་བཞིན་དུ་བྱེད་པར་འགྱུར་རོ། །དེ་ལྟར་ན་དགེ་སློང་དེ་དག་ཀྱང་འཇིག་རྟེན་གྱི་ཟང་ཟིང་ལྷུར་ལེན་པར་འགྱུར་ཏེ། འཇིག་རྟེན་གྱི་ཟང་ཟིང་གིས་འཁོལ་བས་ཆོག་མི་ཤེས་པ་དང་། ཉེ་དུ་ལ་འདོད་པར་འགྱུར་རོ། །བདག་ཉིད་ཤེས་བཞིན་དུ་ཁྱིམ་པས་ཤེས་པར་བྱ་བའི་ཕྱིར་བདག་ཉིད་དགྲ་བཅོམ་པ་ཡིན་པར་སྒྲོག་པར་བྱེད་དོ། །དེ་དག་དེ་ལྟར་ཤེས་པར་བྱེད་པ་ཡོངས་སུ་ཚོལ་བ་ན་སངས་རྒྱས་ཀྱི་བྱང་ཆུབ་འདོར་བར་འགྱུར་རོ། །ཞེས་དང་། གཟི་བརྗིད་ཅན་གྱི་མདོ་ལས། རྙེད་པ་དང་བཀུར་སྟི་ལ་བརྟེན་པའི་དགེ་སློང་གི་ཀུན་ནས་ཉོན་མོངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འགྱུར་ཏེ། དེ་དག་གིས་མཚམས་མེད་པའི་ས་ཐོབ་པར་འགྱུར་རོ། །ཞེས་གསུངས་ཤིང་། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང་། རྙེད་པ་དང་བཀུར་སྟི་ནི་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་སྐྱེད་པར་བརྟག་པར་བྱའོ། །ཞེས་སོགས་གསུངས་ལ། ཟླ་བ་སྙིང་པོའི་མདོར་ཡང་བསྟན་པ་འཇིག་པའི་རྒྱུ་མང་དུ་གསུངས་པའི་གཙོ་བོ་འདུ་འཛི་ལ་དགའ་བར་བཤད་དོ། །ཁྱད་པར་དུ་དགེ་ལྡན་པའི་བསྟན་པ་འདི་ལ་གནོད་པའི་རྐྱེན་ཆེ་ཤོས་འདོད་ཡོན་ལ་གཡེང་བས་ཁྱེར་བ་འདིས་བྱེད་པར་ཇོ་བོ་ཡབ་སྲས་ཀྱིས་ལུང་བསྟན་ཏེ། བཀའ་གདམས་གླེགས་བམ་ལས། འདོད་ཡོན་བདུད་ཀྱི་གཡབ་མོ་འབྱུང་། །ཞེས་འདིའི་ལུང་བསྟན་གྱི་སྐབས་སུ་གསུངས་ལ། རྗེ་བླ་མས་ཀྱང་དེ་ལ་དགོངས་ཏེ་ལྷུང་བཟེད་ཁ་སྦུབ་པའི་སྟེང་དུ་མཆོད་རྟེན་བརྩིགས་ནས་འདོད་ཡོན་ལ་མནན་པ་བྱས་ཚུལ་དམ་པའི་གསུང་ལས་འབྱུང་བ་ལྟར་རོ། །དེས་ན་གང་ཟག་ཁྱད་པར་ཅན་སྲིད་པའི་ཕུན་ཚོགས་ལ་ཞེན་པ་གཏིང་ནས་ལོག་པས་རྙེད་བཀུར་སོགས་ཀྱིས་ཅུང་ཟད་ཀྱང་ཁ་འཁྲིད་མི་ནུས་པ་རེ་གཉིས་ལ་གོས་འབུམ་རི་བ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པའང་འོས་པར་འདུལ་བའི་མདོ་ལས་གསུངས་པ་མ་གཏོགས། སྙིགས་མའི་སྐྱེ་བོ་ཅོལ་ཆུང་རྣམས་རྙེད་བཀུར་བྱུང་བ་ནི་ཆོས་ཀྱི་བར་ཆད་དུ་འགྲོ་བ་ལས་མཐུན་རྐྱེན་དུ་འགྲོ་བ་ཉུང་སྟེ། དེའི་ཕྱིར་མཉམ་མེད་ཇོ་བོ་ཆེན་པོས། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་བདུད་ཀྱི་བར་ཆད་ཡིན་པས་སྤོངས། ཞེས་གསུངས་སོ། ། ― GTD001_Page_0069 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ན་བསྟན་པའི་འཕེལ་འགྲིབ་ནི་སྟོབས་འབྱོར་ཆེ་ཆུང་གིས་མི་འཇོག་ལ། དེར་མ་ཟད་ཕྱིའི་ཆ་ལུགས་ཙམ་དང་། ཕྱག་སྐོར་བ། གར་ཐིག །འབྲི་མཆོད་སོགས་ལུས་ཀྱི་དགེ་སྦྱོར་ཁོ་ནས་ཀྱང་བསྟན་པ་བཟུང་བར་མི་འགྱུར། ངག་གི་བཟླས་བརྗོད་ཀློག་འདོན་རྟ་དབྱངས་སོགས་ཁོ་ནས་ཀྱང་བསྟན་པ་འཛིན་མི་ནུས་པར། སངས་རྒྱས་ཀྱི་བསྟན་པ་ནི་གཙོ་བོར་སེམས་ཀྱི་སྟེང་ནས་འཇོག་དགོས་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །གསུམ་པོ་རྣམས་ཀྱི་ཆོས་ཡིད་དང་། །མིག་དང་རྣ་བས་འཛིན་བྱེད་པ། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །ཞེས་གསུངས་པ་བཞིན་ནོ། །སེམས་སྟེང་ནས་འཛིན་ཚུལ་ཡང་མ་མཐའ་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་འདོད་བཅོས་མ་ཚུན་ཆད་དང་། བདག་མེད་ཕྲ་རགས་ཀྱི་དོན་ལ་སྒྲ་སྤྱིའི་གོ་བ་རགས་པ་རེ་ཙམ་ཆགས་ནའང་ཐར་པའི་ས་བོན་འཇོག་ནུས་ལ། དེ་མེད་པར་རྩ་རླུང་དང་ལྷའི་སྐུ་སྒོམ་པ་སོགས་ཟབ་ཟབ་འདྲ་བ་ཇི་ཙམ་བསྒོམ་སྟེ་སྣང་བ་བན་བུན་གྱི་རྟགས་ཐོན་པ་བྱུང་ཡང་འཁོར་བའི་འཁོར་ལོ་བསྐོར་བ་ལས་མེད་དེ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། ཆོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདིའི་དམིགས་ཁྲིད་གཙོ་བོར་མི་བྱེད་པར། །ལུས་འཕྲུལ་འཁོར་གཏུམ་མོའི་རླུང་སྦྱོར་སོགས། །ངོ་མཚར་ཡང་རྐྱལ་བ་ཕུས་གཏེར་ཡིན། །ཞེས་གསུངས་པ་ལྟར་ཡིན་པས། གང་འཛིན་རྒྱུའམ་གང་ལ་ནན་ཏན་བྱ་བའི་ཡུལ་གྱི་བསྟན་པ་ངོས་ཟིན་པར་བྱ་དགོས་སོ། །དེས་ན་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། དགེ་སློང་དག །ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པའང་ངེས་པར་འཇིག་པར་འགྱུར་ན་ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། ཅེས་གསུངས་པ་ལྟར་འཚོ་བའི་སྲོག་ནི་རི་གཟར་གྱི་འབབ་ཆུ་བཞིན་མྱུར་དུ་འགྲོ་ཞིང་། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པའང་ཉི་རྒས་ཀྱི་གྲིབ་སོ་བཞིན་འགྲིབ་པར་ཉེ་བའི་ངང་ཚུལ་བསམ་སྟེ་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྙིང་པོ་ཅི་ལོན་བྱེད་ཅིང་། ལོང་པས་གླང་རྔ་ཟིན་པ་བཞིན་ཚེ་རབས་ཐམས་ཅད་དུ་ཡང་དག་པའི་ལམ་བཟང་འདི་དང་མི་འབྲལ་བའི་ཕྱིར་སྨོན་པའི་མཚམས་སྦྱོར་ནན་ཏན་དུ་བྱ་དགོས་པས། འདིར། ཟབ་རྒྱས་ཆོས་ཀྱི་དེ་ཉིད་དོན། །ཇི་བཞིན་འདོམས་པ་ཆེས་དཀོན་ཡང་། །འཁྲུལ་བྲལ་ཁྱོད་གསུང་གླེགས་བམ་རྣམས། །གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད། །ཅེས་དམ་པ་གོང་མ་རྣམས་ཞི་བར་གཞོལ་ཞིང་། ད་ལྟ་བསྟན་འཛིན་གྱི་སྐྱེས་བུ་དང་དགེ་བའི་བཤེས་གཉེན་དུ་གྲགས་པ་མང་ནའང་། ཟབ་རྒྱས་ཀྱི་གདམས་པའི་གནད་ཇི་ལྟ་བ་བཞིན་འབྱེད་པར་ནུས་པའི་རྣམ་དཔྱོད་ཅན་ས་སྟེང་འདིར་ཤིན་ཏུ་དཀོན་ནོ། །འོན་ཀྱང་རྗེ་བླ་མའི་ལེགས་བཤད་རྣམས་མ་ནུབ་པར་ཡོད་ལ། རང་གིས་ཉམས་སུ་ལེན་ནུས་ན་སྔོན་བྱོན་པའི་མཁས་གྲུབ་དེ་དག་ཐམས་ཅད་དང་དངོས་སུ་མཇལ་ཡང་གསུང་རྒྱུ་འདི་ལས་ལྷག་པ་མེད་པས། དེ་དག་ཀུན་གྱི་ཞབས་པད་བསྟེན་པའི་དོད་པོར་ལེགས་བཤད་འདི་རྣམས་ལ་ལེགས་པར་སྦྱངས་ནས་ཉམས་སུ་ལོན་པས་ཡིད་ཀྱི་གདུང་བ་སེལ་བ་ཞིག་བྱེད་དགོས་པ་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། ས་འདིས་མཁས་གྲུབ་བརྒྱ་སྟོང་གི །རིན་ཆེན་ཁུར་ཆེན་འཛིན་པའི་ཚེ། །འབད་པ་དུ་མས་དེ་རྣམས་ཀྱི། །སྤྱན་སྔར་སོ་སོའི་ལེགས་བཤད་ལེན། །དུས་ཀྱི་དབང་གིས་དེ་ཉམས་ཚེ། །དེ་དག་རྣམས་ཀྱི་ཐུགས་ཀྱི་བཅུད། །ཡི་གེར་བཀོད་པའི་གཞུང་མང་རྣམས། །བླ་མའི་མན་ངག་ལ་བརྟེན་ནས། །ལེགས་པར་སྦྱངས་ཏེ་ལེན་པ་ནི། །དེ་ཡི་དོད་དུ་མཁས་པས་ཤེས། །ཞེས་གསུངས་པ་ལྟར་རོ། །ལམ་སྲོལ་བཟང་པོ་དེ་དང་ཚེ་རབས་ཕྱི་མ་རྣམས་སུའང་མི་འབྲལ་བའི་ཕྱིར་སྨོན་པ་ལ། རྒྱལ་ཀུན་དགོངས་པ་མཐར་ཐུག་དང་། །དབྱེར་མེད་གྱུར་པ་ཁྱོད་ཀྱི་བསྟན། །གང་དུ་ཇི་བཞིན་གནས་པ་དེར། །རྟག་ཏུ་སྐྱེ་བ་འཛིན་པར་ཤོག །ཅེས་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་འགྲུབ་པར་སྨོན་པ་དང་། ཕྱོགས་རེར་མ་གྱུར་ཐོས་པའི་ཆོས། །བསམ་དང་སྒོམ་པས་ཉམས་བླངས་ནས། །རྒྱལ་བ་དགྱེས་པའི་ལམ་བཟང་པོ། །ཚང་ལ་མ་ནོར་རྙེད་གྱུར་ཅིག །ཅེས་བསྟན་པ་སྤྱི་ལ་སློབ་པར་སྨོན་པ་དང་། རྟག་ཏུ་འཇམ་དབྱངས་བླ་མ་ཡིས། །རྗེས་བཟུང་ལྟ་བས་རྒྱས་བཏབ་པ། །རྡོ་རྗེ་ཐེག་པའི་མྱུར་ལམ་གྱིས། །བྱང་ཆུབ་བདེ་བླག་ཐོབ་གྱུར་ཅིག །ཅེས་ཁྱད་པར་དུ་བསྟན་པའི་སྙིང་པོ་མཐར་ཐུག་པ་ཟབ་མོའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་འདི་ལ་བསླབ་སྟེ་མྱུར་དུ་རྫོགས་བྱང་ཐོབ་པར་སྨོན་ལམ་བཏབ་པ་ཡིན་ནོ། །དེའང་དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་དགོངས་བཞེད་དང་མཛད་པའི་མཐིལ་སེམས་ཅན་གྱི་དོན་ཁོ་ན་ཡིན་ལ། གདུལ་བྱ་རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་རྗེ་བླ་མའི་བཀའ་སྲོལ་དྲི་མ་མེད་པ་འདི་ལས་ལྷག་པ་ནམ་ཡང་འབྱུང་དུ་མེད་པས། ཚུལ་འདི་རྒྱལ་བ་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་འབབ་པའི་བསྟན་པའི་སྙིང་པོ་མཐར་ཐུག་ཏུ་ངེས་ཤིང་། དེ་ལ་ཡུན་དུ་སློབ་པ་ལ་བསྟན་པའི་སྲོལ་དེ་ཉིད་བསྲེ་ལྷད་སོགས་ཀྱིས་མ་སྦགས་པའི་རྒྱུན་རྣམ་པར་དག་པ་གང་དུ་དར་བའི་ཞིང་ཁམས་སུ་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་དང་བྲལ་ཞིང་། མཐུན་རྐྱེན་ཐམས་ཅད་ཚང་བའི་རྟེན་ཕུན་སུམ་ཚོགས་པ་བརྒྱུད་མར་ཐོབ་པ་ལ་རག་ལས་པས། དེའི་རྒྱུ་སྡོམ་པ་གསུམ་གྱི་བཅས་མཚམས་སོགས་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བྱས་ལ། སྦྱིན་པ་དང་བཟོད་པ་སོགས་ཀྱི་གྲོགས་དང་བཅས་པའི་རྒྱུ་ཚོགས་མ་ཚང་བ་མེད་པར་བསྒྲུབས་ནས་ལེགས་སྨོན་དྲི་མ་མེད་པས་མཚམས་སྦྱོར་བ་གལ་ཆེ་སྟེ། རིན་ཆེན་ཕྲེང་བར་ངེས་ལེགས་བསྒྲུབ་པའི་གཞིར་མངོན་མཐོ་གསུངས་པ་དང་། རྒྱན་ལས་འཕྲིན་ལས་ཕྱི་མ་ཉེར་དྲུག་གི་གཞིར་འགྲོ་བ་ཞི་བའི་འཕྲིན་ལས་གསུངས་པ་ལྟར་རོ། །རྟེན་དེ་དག་ལའང་ཚུལ་ཁྲིམས་ཀྱི་རྨང་གཞི་བརྟན་པའི་སྟེང་ནས་ཐོས་བསམ་སྒོམ་གསུམ་ལ་སློབ་པའི་ཚུལ། ཐོག་མར་ཐོས་པའི་གནས་སྐབས་སུ་ཐོས་པ་སྣ་རེ་ཙམ་མ་ཡིན་པར་རྗེ་བླ་མའི་རྣམ་ཐར་བཞིན་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་ཐོས་པ་མཐའ་ཆོད་པར་བྱས། དེའང་ཐོས་ལོ་ཙམ་དང་ཁ་ཕྱིར་བལྟས་སུ་མ་སོང་བར། རང་སེམས་འདུལ་བ་དང་རྣམ་གྲོལ་སྒྲུབ་པའི་ཐབས་འབའ་ཞིག་ཏུ་ཁྱེར་ཏེ། གང་ཐོས་པའི་དོན་དེ་ལ་བསམ་པའི་སྒོ་ནས་སྒྲོ་འདོགས་བཅད་པའི་ངེས་པ་གཏིང་ཚུགས་པར་བྱས། སྒོམ་པས་ཉམས་མྱོང་ཁྱད་པར་ཅན་སྐྱེས་ཏེ་ཆོས་དང་རང་སེམས་འོ་ཆུ་འདྲེས་པ་བཞིན་ངོ་བོ་གཅིག་ཏུ་སོང་བའི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚུལ་གྱིས་རྒྱལ་བ་དགྱེས་པའི་ལམ་བཟང་པོ་མཐའ་དག་གྲངས་མ་ཆད་པར་ཡོངས་སུ་ཚང་ལ། ངོ་བོ་མ་ནོར་བ། གོ་རིམ་མ་འཁྲུགས་པར་རྒྱལ་བའི་དགོངས་པ་བཞིན་དུ་ཉམས་སུ་བླངས་པས་ལམ་གྱི་རྟོགས་པ་མཐའ་དག་གེགས་མེད་བདེ་བླག་ཏུ་སྐྱེ་བར་སྨོན་པ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་བསྟན་པ་སྤྱི་ལ་སློབ་པའི་ཚུལ་ལོ། ། ― GTD001_Page_0070 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྱད་པར་ཡབ་རྗེ་རྒྱལ་བ་གཉིས་པའི་ལུགས་བཟང་འདི་ལ་སློབ་པའི་ཕྱིར་བྱེ་བྲག་ཏུ་སྨོན་པས་མཚམས་སྦྱོར་བ་ནི། སྤྱིར་སངས་རྒྱས་ཐམས་ཅད་མཉམ་ཉིད་གསུམ་གྱི་སྒོ་ནས་དབྱེར་མ་མཆིས་ཀྱང་། སྡོམ་འབྱུང་དང་རིམ་ལྔར། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །ཅེས་པ་ལྟར། རང་ཅག་རྣམས་གང་ལ་ལས་འབྲེལ་ལྷག་པར་ཆེ་བའི་ལྷ་སྐལ་ནི་རྗེ་བླ་མ་འདི་ཉིད་ཡིན་ཞིང་། རྗེ་རང་གིས་ཀྱང་དང་པོར་ཐུགས་བསྐྱེད་ཚུལ་གྱི་རྟེན་འབྲེལ་བཞིན་མདོ་སྔགས་ཟུང་འཇུག་གི་ལམ་བཟང་འདིའི་བདག་པོ་ལྟ་བུ་ཡིན་པས། དེས་ན་ཚེ་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་རྗེ་བླ་མས་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་མཛད་ནས་དགྱེས་བཞིན་རྗེས་སུ་འཛིན་པ་དང་། རང་གིས་ཀྱང་རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་ལྟར་སྒོ་གསུམ་བྲན་དུ་ཕུལ་ཏེ་མི་མཉེས་པ་སྐད་ཅིག་ཀྱང་མི་སྒྲུབ་པར་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱེད་ཅིང་། གསུང་གི་བདུད་རྩི་ངོམས་པ་མེད་པར་མནོས་ཏེ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྙིང་པོ་ཟབ་མོའི་དབུ་མའི་ལྟ་བ་དང་། གསང་ཆེན་རྡོ་རྗེ་ཐེག་པའི་ཡང་སྙིང་བདེ་སྟོང་ཟུང་འཇུག་གི་ལམ་བཟང་གཉིས་ཚོགས་ཀྱི་སྒོ་ནས་བསྐལ་ཆེན་གྲངས་མེད་སོགས་ལ་མི་ལྟོས་པར་མྱུར་བ་ཉིད་དུ་ཕྲ་རགས་སྲིད་པའི་རྒྱ་མཚོ་བརྒལ་ཏེ། བླ་ན་མེད་པའི་བྱང་ཆུབ་ནོར་བུའི་གླིང་དུ་ཕྱིན་ནས། ནམ་མཁའི་མཐས་གཏུགས་པའི་མ་རྒན་སེམས་ཅན་ཐམས་ཅད་ཀྱང་ཡང་དག་པའི་ལམ་གྱི་གྲུ་གཟིངས་འདི་ལ་བརྟེན་ནས་རང་གིས་བརྙེས་པའི་གོ་འཕང་མཆོག་ལ་འགོད་པར་གྱུར་ཅིག་ཅེས་དགེ་ཚོགས་ཆུད་མི་ཟ་བའི་ཕྱིར་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་པ་ཡིན་ནོ། ། ― GTD001_Page_0071 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཇུག་གི་དོན་སྦྱར་བྱང་ནི། ཞེས་འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་འདི་ནི་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་ཨིལ་གོག་སན་ཨེར་ཏི་ནི་ཤེ་རེ་གེ་ཐུ་རྡོ་རམས་པ་ངག་དབང་ཡོན་ཏན་གྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའོ། །ཞེས་པ་སྟེ་གཞན་རྣམས་གོ་སླ་ལ། དོན་དང་ལྡན་པ་ཞེས་པ་ནི་སྙན་ངག་མངོན་བརྗོད་སོགས་ཀྱིས་བཅིངས་པའི་ཚིག་སྦྱོར་ཁོ་ན་གཙོ་བོར་བྱས་ཏེ་འགྲིག་འགྲིག་འདྲའང་ཀུན་བྱང་གི་གནད་ཅིའང་མི་སྟོན་པས་དོན་མེད་པ་དང་། འཇིག་རྟེན་གྱི་དཔལ་འབྱོར་མངའ་ཐང་སོགས་ཡོན་ཏན་མ་ཡིན་པ་ལ་ཡོན་ཏན་དུ་བྱས་པས་དོན་ལོག་པ་ལྟ་བུ་མ་ཡིན་པར། བརྗོད་བྱ་ཤིན་ཏུ་འགང་ཆེ་བ་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ་གྱི་སྒོ་ནས་བསྟོད་པས་ན་དོན་དང་ལྡན་པ་ཞེས་སྨོས་པ་ཡིན་ནོ། །དེ་ལྟར་བསྟོད་པའི་དགོས་པའམ་ཕན་ཡོན་ནི། དཀྱིལ་ཆོག་ཉི་ཤུ་པ་ལས། དེ་བཞིན་གཤེགས་རྣམས་ལ་བསྟོད་པ། །དེ་ལ་སངས་རྒྱས་རྡོ་རྗེ་སེམས། །རང་ཉིད་གྲོགས་པོར་ཉེ་བར་གནས། །ཞེས་བླ་མ་དང་ལྷག་པའི་ལྷས་སྡོངས་གྲོགས་མཛད་དེ་ལམ་གྱི་རྟོགས་པ་སྐྱེ་སླ་བར་གསུངས་ལ། མདོ་སྡེ་པད་དཀར་ལས། གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་ཀུན་སློང་ཁྱད་པར་ཅན་གྱིས་མ་ཟིན་པར་ཁ་ཙམ་གྱིས་བསྟོད་པ་དང་ཕྱག་འཚལ་ལོ་ཞེས་སྨྲས་ནའང་ཞིང་གི་མཐུ་བསམ་གྱིས་མི་ཁྱབ་པས། ནམ་ཞིག་ན་བྱང་ཆུབ་འགྲུབ་པའི་ས་བོན་བཞག་སྟེ་འཁོར་བ་མཐའ་ཅན་དུ་བྱེད་པར་གསུངས་ཤིང་། ཡོན་ཏན་ལེགས་པར་མཐོང་སྟེ་དད་གུས་རྩེ་གཅིག་པས་བསྟོད་པ་བྱས་ན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་རིང་མིན་བདེ་བླག་ཉིད་དུ་ཐོབ་པར་འགྱུར་བ་ནི། འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། སངས་རྒྱས་ཀུན་གྱིས་བསྐུལ་བ་ཡིས། །བསྟོད་ཚིག་ཞི་བ་འདི་རྣམས་ནི། །རྡོ་རྗེ་ལོངས་སྤྱོད་བསྟོད་ན་ནི། །དེ་ཡང་སངས་རྒྱས་འདྲ་བར་འགྱུར། །ཞེས་གསུངས་སོ། ། ― GTD001_Page_0072 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྨྲས་པ། གང་ཡང་ས་གསུམ་ཉིན་མོར་བྱེད་ལ་སྣང་བའི་གཏེར་དེ་ཀུན་ལས་རྒྱལ། །གཅན་གཟན་རི་དྭགས་ཕྲ་མོའི་སྡེར་བཅས་གདོང་ལྔ་འབར་བའི་ཟིལ་གྱིས་གནོན། །འདི་ན་རྒྱལ་བའི་དགོངས་པ་གསལ་བྱེད་ཕ་རོལ་རྒོལ་བའི་སྙེམས་ཕྲོགས་པ། །མཚུངས་མེད་རྒྱལ་བ་གཉིས་པར་ངེས་རྙེད་ཚད་མས་དྲངས་པའི་ཕྱག་བགྱིད་དོ། །དེ་སྲས་སློབ་མར་བཅས་པ་ཐམས་ཅད་དང་། །ཀུན་གཟིགས་རྒྱལ་དབང་པཎ་ཆེན་ཐམས་ཅད་མཁྱེན། །འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་སོགས། །གཞལ་དཀའི་བཀའ་དྲིན་ཕུང་པོ་བསམ་ཞིང་དད། །ཐུབ་པ་ཆེན་པོས་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་ཕྱེ་བ་ལས། །སྙིང་པོའི་ནོར་ནི་རྡོ་རྗེ་ཐེག །མཐའ་བྲལ་ཕྱག་རྒྱས་བཏབ་པ་འོ། །དེ་ཚུལ་ཇི་བཞིན་འབྱེད་པ་ནི། །བསྟན་ལ་རི་མོར་བྱ་བའི་ལས། །མཆོག་ཏུ་གཟིགས་པའི་ཐུགས་བསྐྱེད་མཐུ། །ཡོལ་མེད་རྒྱ་མཚོའི་རྦ་རླབས་བཞིན། །སྲིད་འགྲོ་ཡ་ངར་འཕྱན་པ་འཆེལ་བའི་རྟེན། །དམུས་ལོང་ཞི་བའི་གྲོང་འཇུག་ས་མཁན་ཏེ། །རྒྱལ་ཀུན་མདུན་སར་ཀུན་བཟང་མཆོད་པའི་སྤྲིན། །བརྗོད་པ་དོན་ལྡན་ཆེད་བརྗོད་འདི་བགྱིས་སོ། །འདིས་མཚོན་རང་གཞན་དགེ་ཚོགས་བསྡོམས་པའི་མཐུས། །བསྟན་འཛིན་སྐྱེས་བུ་མཆོག་རྣམས་ཞབས་བརྟན་ཅིང་། །བསླབ་གསུམ་ངུར་སྨྲིག་འཆང་བས་ནོར་འཛིན་ཁྱབ། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །ཚུལ་ཁྲིམས་རྣམ་དག་ཉེས་ལྟུང་རྙོག་མས་དབེན། །ཏིང་འཛིན་རླབས་འཕྲེང་བྱེ་བ་སྤྲོ་ཞིང་སྡུད། །ཤེས་རབ་གཏིང་ཟབ་རྒྱུད་སྡེ་ནོར་བུས་གཏམས། །དགེ་ལྡན་བསྟན་པའི་ཆུ་མཚོ་རྒྱས་གྱུར་ཅིག །བདག་སོགས་འགྲོ་ཀུན་རྨད་བྱུང་བཀོད་པ་རུ། །བདེ་གཤེགས་སེང་གེ་ང་རོས་རྗེས་བཟུང་སྟེ། །ལེགས་གསུང་སྙིང་པོའི་ལམ་བཟང་མངོན་གྱུར་ནས། །མཁའ་མཉམ་འགྲོ་བའི་མགོན་དུ་འགྱུར་བར་ཤོག ། ― GTD001_Page_0073 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་ཞེས་བྱ་བ་འདི་ནི་འཇམ་མགོན་བླ་མའི་ལུགས་བཟང་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་སྤེལ་བ་ལ་རླབས་པོ་ཆེའི་ཐུགས་བསྐྱེད་ཀྱི་མཐུ་གྲུབ་པ་ཁྲི་ཆེན་ནམ་མཁའ་བཟང་པོ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་གསུང་ནན་ཆེན་པོས་བསྐུལ་མ་གནང་བར་བརྟེན། དཔལ་ལྡན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དང་། ངེས་པ་དོན་གྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྗེ་བླ་མའི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པའི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རབ་བྱུང་བཅུ་བཞི་པའི་བགྲང་བྱ་ལྔ་པ་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ་ནག་པ་ཟླ་བའི་ཡར་ཚེས་དགེ་བར་མགོ་བརྩམས་ཤིང་། ཡང་ཁྲི་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ནས་དགེ་ལྡན་པའི་བསྟན་པའི་འཕེལ་རྒྱས་ཀྱི་དོན་ཁོ་ན་ཐུགས་ལ་བཞག་སྟེ་གསེར་ཟངས་ལས་བསྒྲུབས་པའི་རྒྱལ་བ་སེང་གེ་ང་རོའི་སྣང་བརྙན་ཐོག་ཚད་བཞི་པ་གཙུག་ལག་ཁང་དང་བཅས་གསར་བསྐྲུན་གནང་བའང་ལོ་འདིར་ལེགས་པར་གྲུབ་སྟེ། སྣྲོན་གྱི་ཟླ་བའི་ཡར་ཚེས་འཕྲོད་སྦྱོར་ཕུན་སུམ་ཚོགས་པར་སྤྱན་དབྱེའི་ཆོ་ག་བགྱིས་པའི་ཚེ་རྟེན་ཉིད་ཀྱི་དྲུང་དུ་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་དང་བཅས་མཐར་ཕྱིན་པར་བགྱིས་པའི་ཡི་གེ་པ་ནི་བྷིཀྵུ་རཏྣ་ཨཱ་ནནྟས་བགྱིས་པ་འདིས་ཀྱང་རྗེ་རྒྱལ་བ་གཉིས་པའི་ལུགས་བཟང་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །། |