ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།― KMC013_Page_0101 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་མ་བཤད་ཅིང་། ལག་མཆོད་ཀྱང་བདེ་མཆོག་གི་ཕྱོགས་ལས་ལག་པ་གཡོན་གྱི་སོར་མོ་ལྔ་བསྡུས་པའི་དབུས་དང་དྲུག་ཏུ་གོ་ཆའི་དཔའ་བོ་དྲུག་དང་ཐིལ་དུ་དཔའ་མོ་དྲུག་བསྐྱེད་པ་དང་གཡས་པ་ལ་གོ་ཆའི་ཡབ་དང་གཡོན་པ་ལ་ཡུམ་བསྐྱེད་དེ་ཁ་སྦྱར་བའི་བར་དུ་ཤ་ཆང་གིས་མཆོད་པ་སོགས་དུ་མ་ཡོད་ཀྱང་དེ་དག་ཏུ་ཆང་ལྷར་བསྐྱེད་པ་ཉུང་ལ་འདི་ནི་རྒྱུད་ཀྱི་སྦས་དོན་མན་ངག་གིས་བརྒྱན་པ་ཆེས་ཟབ་པར་སྣང་ངོ་། །དེ་ནས་ཐོད་པའམ་ཅི་འབྱོར་བའི་སྣོད་དུ་གཏོར་མ་བཤམས་ཏེ་བདུད་རྩི་འཐོར་བས་བགེགས་བསང་། སྭ་བྷཱ་ཝས་གཏོར་མའི་སྣོད་བཅུད་གཟོད་ནས་དག་པའི་སྟོང་པ་ཉིད་དུ་སྦྱངས་ཏེ་སྐད་ཅིག་གིས་ནམ་མཁའི་དབུས་སུ་མཐར་གནས་ཀྱི་ཡི་གེ་ཡ་ར་ལ་ཝ་བཞི་ཐིག་ལེས་བརྒྱན་པ་འབྱུང་བ་བཞིའི་ས་བོན་དུ་རྒྱུད་ཕལ་ཆེར་ལས་གྲགས་པའི་ཕྱིར་ཡཾ་ལས་རླུང་དཀྱིལ་སྔོན་པོ་ངོ་བོ་རླུང་རྣམ་པ་གཞུ་རྒྱུད་དང་བཅས་པའི་ཚེས་བརྒྱད་ཀྱི་ཟླ་བ་ཁ་གྱེན་དུ་བསྟེན་པའི་ལྡིར་གྱི་ཆ་ཅུང་ཟད་གཞུའི་ཆང་བཟུང་ལྟར་སྐྱོང་ཐབས་སུ་གནས་པ་ལྟ་བུ་ཆང་བཟུང་གི་དབུས་སུ་ས་བོན་དང་མཆོག་མ་གཉིས་ལ་རླུང་གི་བ་དན་རེས་བརྒྱན་ ― KMC013_Page_0102 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ། དེའི་སྟེང་དུ་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་རྩེ་མོ་ཐུར་དུ་རླུང་དཀྱིལ་ལ་ཟུག་པ་དབུས་སམ་རྩ་བར་ས་བོན་ཅན་ནོ། །དེའི་སྟེང་ཆེ་བར་གནས་པའི་ཟུར་གསུམ་དུ་ཀ་པཱ་ལའི་མིང་གི་དང་པོ་ཐིག་ལེས་བརྒྱན་པ་ཀཾ་ཡིག་ལས་སྐུ་གསུང་ཐུགས་ཀྱི་རང་བཞིན་མི་མགོ་སྐམ་པོ་དངོས་གྲུབ་སྟེར་བའི་ཕྱི་རོལ་དུ་ལྟ་བ་དེའི་སྟེང་དུ་ཆོས་ཉིད་སྐྱེ་བ་མེད་པ་མཚོན་པ་དགག་པའི་ཚིག་ཨ་ཐུང་ལས་ཆོས་དབྱིངས་སྟོང་ཆེན་གྱི་རང་བཞིན་ཀ་པཱ་ལ་བདེ་བ་དང་ཟུང་དུ་འཇུག་པས་ཕྱི་དཀར་ལ་ནང་དམར་བ། སྤྲོས་མཚན་ཐ་དད་པ་མེད་པས་ཆ་གཅིག་པ། རྣལ་འབྱོར་པ་ཉིད་ཀྱི་ཡེ་ཤེས་ལས་སྣང་བའི་ཕྱིར་དཔྲལ་བ་ཚུར་ལྟ་བ། རྟོག་པའི་སྤྱོད་ཡུལ་མ་ཡིན་པས་རྒྱ་ཚད་ལས་འདས་པ་ནམ་མཁའ་ཐམས་ཅད་དང་རོ་མཉམ་པ་སྐྱེད་པ་ནི་གཏོར་མའི་སྣོད་དེ། རྒྱུད་སྡེ་འོག་མ་རྣམས་ལས་སྤྱིར་་ལས་རིན་པོ་ཆེའི་སྣོད་དང་པདྨའི་རིགས་ལ་པཾ་ལས་པདྨའི་སྣོད་སོགས་སྐྱེད་པ་ལྟར་རོ། །དེ་བཞིན་དུ་རྒྱུད་སྡེ་འོག་མར་ལྷ་རྫས་ཀྱི་རང་བཞིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ནི་གཏོར་མ་ཡིན་ལ། རྣལ་འབྱོར་མ་རྒྱུད་འདིར་ནི་མཱུ་དྲ་ནི་གཅིན་ཏེ་དྲི་ཆུ་དང་། བི་ ― KMC013_Page_0103 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་དྲི་མའམ་རྣམ་པ་སྟེ་དྲི་ཆེན་དང་། ཤཱུ་དྲ་ནི་དཀར་པོ་སྟེ་ཁུ་བ་དང་། མ་དྷྱ་ས་ནི་དབུས་གནས་བཅུད་དེ་ཀླད་པ་དང་རྐང་མར། རཀྟ་ནི་དམར་པོའམ་ཆགས་པ་དང་ཁྲག་སྟེ་བདུད་རྩི་ལྔའམ་སྒྲོན་མེ་ལྔའོ། །ན་ར་ནི་མི། གོ་ནི་དོན་དགུ་ལ་འཇུག་ཡང་འདིར་བ་ལང་། ཀུ་ཀྐུ་ནི་ཁྱི། ཧ་སྟི་ནི་གླང་པོ་ཆེ། ཧྱ་རྟ་སྟེ་དེ་རྣམས་ཀྱི་ཤ་ནི་ལྕགས་ཀྱུ་ལྔའམ་ཤ་ལྔའོ། །ཕ་རྒྱུད་ལས་ནི་རང་རྫས་ལྔ་ལ་བདུད་རྩི་ལྔ་དང་ཤ་ལྔ་ལ་དཔའ་བོ་ལྔ་ཞེས་བཤད་དེ། རྗེ་ནཱ་རོས་འདུས་པ་རྒྱུད་ཕྱིའི་འགྲེལ་པར། རང་ལས་བྱུང་བའི་རྫས་བཤང་བ་དང་གཅི་བ་དང་ས་བོན་དང་ཁྲག་དང་མཆིལ་མ་དང་ལྔ་པོ་རྣམས་ཅེས་པས་དཔའ་བོ་ལྔ་སྟེ་ཤ་ལྔ་་ཨཱཿྃཧཱུ་དུ་བསྒྲུབས་ལ་བཟའ་བར་བྱའོ། །ཞེས་སོ། །འདི་རྣམས་ནི་སྦྱངས་རྟོགས་སྦར་བར་བྱས་ཏེ་བསྟེན་པས་ནད་གདོན་སྲུང་ཞིང་འཆི་མེད་འགྲུབ་ནུས་པའི་ཕྱིར་ཨ་མྲྀ་ཏ་སྟེ་འཆི་མེད་དམ་བདུད་རྩི་སྟེ། བརྟག་གཉིས་ལས། སྨན་ནི་རྣམ་པར་བཟའ་བ་སྟེ། །ཆུ་ནི་རྟག་པར་བཏུང་བ་ཉིད། །རྒ་ཤིས་ཟིལ་གྱིས་མི་ནོན་ཞིང་། །ཀུན་ཏུ་སྲུང་བར་འགྱུར་བ་ཡིན། །ཞེས་སོ། །དམ་ཚིག་པ་བཅུ་པོ་རང་རང་གི་སཾསྐྲྀ་ཏའི་སྐད་ཀྱི་ ― KMC013_Page_0104 ―
[མ་དཔེ་གཟིགས་ན་འདིར་གནོན།]
མིང་ཡིག་དང་པོ་བསྡུས་པ་ནི་སོ་སོའི་ས་བོན་ཏེ། དེའི་ཕྱིར་དབུས་སུ་མཱུ་ལས་ཆུའི་དངས་མ་རྡོ་རྗེ་དྲི་ཆུ་རྣམ་ཤེས་ཀྱི་ཕུང་པོ་དང་མི་བསྐྱོད་པའི་ངོ་བོ་བཻ་ཌཱུརྱ་སྔོན་པོ་སྤུངས་པ་ལྟ་བུ། དེའི་ཤར་དུ་བི་ལས་ནམ་མཁའི་དངས་མ་རྡོ་རྗེ་དྲི་ཆེན་གཟུགས་ཀྱི་ཕུང་པོ་དང་རྣམ་སྣང་གི་ངོ་བོ་ཤེལ་བཅག་པ་ལྟ་བུ། ལྷོར་ར་ལས་མེའི་དངས་མ་རཀྟའམ་སིཧླ་འདུ་ཤེས་ཀྱི་ཕུང་པོ་དང་སྣང་མཐའི་ངོ་བོ་གསེར་ལྟ་བུ། ནུབ་ཏུ་ཤཱུ་ལས་སའི་དངས་མ་བྱང་སེམས་དཀར་པོ་ཚོར་བ་དང་རིན་འབྱུང་གི་ངོ་བོ་དངུལ་ཆུའི་ཕུང་པོ་ལྟ་བུ། བྱང་དུ་མ་ལས་རླུང་གི་དངས་མ་ཀླད་པ་འདུ་བྱེད་དང་དོན་འགྲུབ་ཀྱི་ངོ་བོ་དཀར་ལ་དམར་བའི་མདངས་ཅན་ཏེ་ཐབས་རིགས་ལྔའི་ངོ་བོ་བདུད་རྩི་རྣམ་པ་ལྔའོ། །དེ་བཞིན་དུ་དབུས་སུ་ན་ལས་མཱ་མ་ཀཱིའི་ངོ་བོ་མིའི་ཤ་དང་། ཤར་ལྷོར་གོ་ལས་རྡོ་རྗེ་དབྱིངས་ཕྱུག་མའི་ངོ་བོ་བ་ལང་གི་ཤ། ལྷོ་ནུབ་ཏུ་ཀུ་ལས་གོས་དཀར་མོའི་ངོ་བོ་ཁྱིའི་ཤ། ནུབ་བྱང་དུ་དྷ་ལས་སྤྱན་མའི་ངོ་བོ་གླང་པོ་ཆེའི་ཤ་དང་། བྱང་ཤར་དུ་ཧ་ལས་སྒྲོལ་མའི་ངོ་བོ་རྟའི་ཤ་སྟེ་ཤ་ལྔ་པོ་རེ་རེ་ཡང་ཁ་དོག་དམར་ཞིང་འཚེར་བ་ཙནྡན་དམར་པོ་སྤུངས་པ་ལྟ་བུ་སྟེ་རྫས་བཅུ་ག་ཡང་རེ་ ― KMC013_Page_0105 ―
[མ་དཔེ་གཟིགས་ན་འདིར་གནོན།]
རེ་བཞིན་ནམ་མཁའི་མཐས་བཀླས་པ་སོ་སོའི་ས་བོན་གྱིས་སླར་ཡང་དབུས་སུ་མཚན་པ་སྟེ་རྒྱུ་རྡོ་རྗེ་འཛིན་པ་དམ་ཚིག་གི་བདུད་རྩིའོ། །སྤྱིར་ཤ་ལྔ་ཐབས་ཀྱི་རྫས་ཡིན་པས་ཡབ་དང་། བདུད་རྩི་ལྔ་ཤེས་རབ་ཀྱི་རྫས་ཡིན་པས་ཡུམ་དུ་བཤད་ཀྱང་། འདིར་མ་རྒྱུད་ཤེས་རབ་གཙོ་ཆེ་བའི་དབང་དུ་མཛད་ནས་ཕྱོགས་མཚམས་སུ་ཇི་ལྟར་བཀོད་པའི་རིམ་པས་རྣམ་དག་སྦྱར་བ་སྟེ། ཐབས་ཤེས་ཐམས་ཅད་ནི་དགོས་པ་དང་རྟེན་ཞིང་འབྲེལ་འབྱུང་གི་དབང་གིས་གནས་སྐབས་ཀྱི་འགྱུར་བ་དུ་མས་འཇོག་པ་སྟེ། ནང་དོན་ལས། སྐྱེས་པ་ཐབས་ཏེ་སེམས་ཤེས་རབ། །བུད་མེད་ཤེས་རབ་སེམས་ནི་ཐབས། །དབུས་ནི་ཤེས་རབ་ཕྱོགས་ནི་ཐབས། །དོན་དམ་ཐབས་ཏེ་ཀུན་རྫོབ་ནི། །ཤེས་རབ་དེ་བཞིན་ཟློག་པས་ཡིན། །དེ་སོགས་དཔག་མེད་ཤེས་པར་བྱ། །ཞེས་པ་ལྟར་རོ། །ཡང་ན་དཀྱིལ་འཁོར་གྱི་དབང་གིས་བདུད་རྩི་ལྔ་ནི་མཁའ་འགྲོ་ལྔ་དང་། ཤ་ལྔ་ནི་ཧེ་རུ་ཀ་ལྔའི་ངོ་བོར་སྦྱོར་ལ། དེ་དག་ཡང་ཐ་དད་པ་ཅིག་སྦྱོར་བ་ནི་མ་ཡིན་ཏེ། ཧེ་རུ་ཀ་རྣམས་ནི་ཁ་ཊཱཾ་གའི་རྣམ་པས་རྟག་ཏུ་ཟུང་འཇུག་ཏུ་གནས་པའི་ཕྱིར་རོ། །དེ་ནས་ཡེ་ཤེས་པ་ ― KMC013_Page_0106 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐུལ་བའི་ཕྱིར་རང་ཉིད་རྣལ་འབྱོར་མའི་ཤངས་བུག་གཡོན་ནས་རྩོལ་བ་སྐུའི་རང་བཞིན་གྱི་རླུངཧཱུྃ་གི་རྣམ་པར་འཕྲོས་པས་བ་དན་དང་རླུང་དཀྱིལ་བསྐྱོད་དེ་ཁམ་ལོང་དུ་ཚུབ་རིལ་གྱིས་འཁྱིལ་བས་མེ་དཀྱིལ་དྲག་ཏུ་སྦར་ཏེ་ཐོད་པ་ཆེར་དྲོས་ཅིང་རྫས་རྣམས་རྣམ་པ་འགྱུར་བ་དང་ཞུ་བ་དང་ཁོལ་བས་མ་དག་པའི་ཆ་རྣམས་ལྦུ་བའི་རྣམ་པས་ལུད་ཅིང་དངས་མ་དཀར་དམར་གྱི་རྣམ་པར་ཁོལ་བའི་རླབས་པ་སྤྲིན་ལྟར་ཆགས་པའི་གསེབ་ཏུ་མས་རིམ་གྱིས་་ཨཱཿྃཧཱུ་གསུམ་དཀར་དམར་སྔོ་བའམ་གསུམ་ག་དཀར་དམར་གྱི་རྣམ་པ་མགོ་བོ་ཐུར་དུ་ལྟ་བས་སྟེང་ནས་སྟེང་དུ་བརྩེགས་པ་དེ་ལས་འོད་ཟེར་སྣ་ལྔ་འཕྲོས་ཏེ་ལྷ་དང་ལྷ་མིན་དང་ཀླུ་ལ་སོགས་པའི་གྲུབ་པའི་བཅུད་ཀྱི་ལེན་ཐམས་ཅད་བསྡུས་ཅིང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདུད་རྩི་ཁ་དོག་ལྔ་པའི་རྣམ་པས་ཕྱོགས་ཀུན་ནས་སྤྱན་དྲངས་ཏེ་ཐོད་པའི་བདུད་རྩི་ལ་ཐིམ་པས་ཡི་གེ་གསུམ་ཡང་བདུད་རྩིས་ལྕི་བར་གྱུར་པའི་ཕྱིར་ལྷུང་སྟེ་ཞུ་ནས་་ཨཱཿྃཧཱུ་གིས་དམ་ཚིགས་གི་བདུད་རྩི་དང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ཏེ་ཡི་གེ་ ― KMC013_Page_0107 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་གྱིས་བརྟན་པར་བྱའོ། །འདི་ཉིད་ཁོ་ནའང་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་ལུས་གྲུབ་པའི་ཚུལ་དང་གནས་པའི་རྡོ་རྗེའི་ལུས་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་དང་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་བར་དུ་སྦྱར་བཤད་ཀྱིས་རྒྱུད་དང་མན་ངག་མཐའ་དག་གི་ལུས་ཡོངས་སུ་རྫོགས་པར་བཤད་དུ་ཡོད་མོད་སྤྲོས་པས་ཆོག་གོ། །འདི་ནི་སྒྲུབ་ཐབས་ཀྱི་དངོས་བསྟན་ངག་སྦྱོར་གྱི་སྒོ་ནས་བཤད་པ་སྟེ། གཞན་དུ་སྡོམ་འབྱུང་དང་། སམྦཱུ་ཊ་དང་། བརྟག་གཉིས་སོགས་རྒྱུད་དུ་མར་དམ་ཚིགས་གི་རྫས་ཀྱི་ས་བོན་འདི་ཉིད་ལྟར་བཤད་པ་དང་། བྲུཾ་ཨཾ་སོགས་ལ་བཤད་པ་དང་། ཐོག་མཐའ་ཅི་རིགས་བསྡུས་པ་དང་། དམ་ཚིག་གི་རྫས་ཀྱི་སྟེང་དུ་ཨཱ་ལྀ་ཀཱ་ལྀ་ལས་ཟླ་ཉི་ཁ་ཆོད་ཀྱི་ཚུལ་དང་། སྣ་ཚོགས་རྡོ་རྗེ་དང་ཁ་ཊཱཾ་ག་སོགས་ཕྱག་མཚན་ཡུ་བའི་ཆང་བཟུང་གི་ཚུལ་དུ་སྐྱེད་པ་དང་། རླངས་པའི་སྤྲིན་གསེབ་ཏུ་ཕྱག་མཚན་མགོ་བོ་ཐུར་ལྟ་ལ་ཡི་གེ་གསུམ་མས་རིམ་གྱིས་མགོ་ཐུར་ལྟས་སྐྱེས་པ་སོགས་དུ་མ་བཤད་ནས་མཐར་སྤྱན་དྲངས་པའི་བདུད་རྩིར་ཟླ་ཉི་ཡིག་འབྲུ་རྣམས་ལྷུང་བ་ཕྱག་མཚན་གྱིས་དཀྲུགས་པས་ཞུ་བྱེད་བྱས་ཏེ་མཐར་ཕྱག་ ― KMC013_Page_0108 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚན་ཡང་ཞུས་ནས་བདུད་རྩིར་བྱེད་པ་སོགས་མང་དུ་བཤད་དོ། །མདོར་ན་ཆོ་ག་འདིས་ནི་གཏོར་མ་དང་ཚོགས་དང་བཟའ་བཏུང་སོགས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གཏོར་མགྲོན་སྤྱན་དྲང་བ་ནི། ཕག་མོ་མངོན་པར་བྱང་ཆུབ་པ་ལས། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །ཐེ་བོ་རྡོ་རྗེ་བརྟན་པོར་སྦྱར་བྱས་ཏེ། །དེ་ནི་དཔྲལ་བའི་དབུས་སུ་རབ་སྦྱར་ནས། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཞིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོག་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམ་འགུགས། །ཅེས་དང་། མ་རྒྱུད་མང་པོ་མཐུན་པར་དེ་ལྟར་བཤད་པས་ལག་པ་གཉིས་མཐེ་བོང་གཉིས་དང་གུང་མོ་གཉིས་སོ་སོར་རྩེ་སྤྲད་དེ་སོར་མོ་གཞན་ཕན་ཚུན་དུ་མེ་རི་ལྟ་བུར་བརྒྱངས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་ཕན་ཚུན་མདུད་པ་འབར་བའི་ཕྱག་རྒྱའམ་དྲ་བའི་ཕྱག་རྒྱ་དེ་སྨིན་མཚམས་སུ་བཅས་ཏེ་ཙོག་པུ་རྐང་པ་གཡས་ཀྱི་ཕྲང་པས་གཡོན་པའི་བོལ་གོང་མནན་ཏེ་མིག་གྱེན་དུ་ལྟ་བས་འབར་རྒྱ་གཡོན་དུ་བསྐོར་ཞིང་ཕེཾ་ཞེས་བརྗོད་པས་དཔའ་བོ་དང་རྣལ་འབྱོར་མ་ ― KMC013_Page_0109 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་ངེས་པར་འགུགས་པ་མ་རྒྱུད་ཀྱི་དམ་ཚིག་གི་ཕྱག་རྒྱ་རྨད་དུ་བྱུང་བ་སྟེ། མདོར་ན་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱང་དཔའ་བོ་དང་རྣལ་འབྱོར་མའི་ངོ་བོར་དག་པས་སྐད་ཅིག་གིས་སྤྱན་དྲངས་ཏེ་མདུན་དུ་བཞུགས་པར་མོས་པ་བྱ་ཡི། བླ་མེད་ཀྱི་སྐབས་སུ་ཕྱི་རོལ་པའི་གཏོར་མ་སོགས་འདས་མ་འདས་ཐ་དད་དུ་འབྱེད་པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་དག་པ་གཅིག་ཏུ་སྡོམ་པའི་ཕྱིར་རོ། །དཔལ་ས་སྐྱ་པ་རྣམས་འབར་བའི་ཕྱག་རྒྱ་ལ་མཛུབ་མོའང་གུང་མོ་ལྟར་སྐྱོང་བར་བྱེད་མོད་དེ་ནི་མ་ཡིན་ཏེ། མཛུབ་མོ་མདུད་བྱས་ཅེས་པའི་དོན་མ་ཚང་བས་སོ། །མངོན་པར་བྱང་ཆུབ་པ་ལས་ནི་གཏོར་མགྲོན་སྐྱེད་གཞུག་ཡང་རྒྱས་པར་བཤད་ལ། འདིར་ནི་སྤྲོས་པ་བསྡུས་པའོ། །དེ་ནས་མགྲོན་རྣམས་ལ་དམ་ཚིག་གིས་སྔགས་དང་ཕྱག་རྒྱ་བསྟན་པ་ནི། རྒྱུད་དེ་ཉིད་ལས། དེ་ལ་གཏོར་མ་བྱིན་པར་བྱ། །ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང་། །གར་དང་རོལ་མོ་བྱེད་པ་དང་། །ཕྱོགས་ཀྱི་གོས་ཅན་ཕྱག་རྒྱར་ལྡན། །ཧཱུྃ་ཕཊ་ཀི་ལི་ཀི་ལི་བྱ། །གཡས་བརྐྱང་པ་ཡི་སྦྱོར་བ་ཡིས། །འབར་བའི་ཕྱག་རྒྱ་བཅིང་བར་བྱས། །དམ་ཚིག་པ་རུ་ ― KMC013_Page_0110 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཅུག་ནས་ནི། །སྔགས་འདི་རྗེས་སུ་དྲན་པར་བྱ། །ཞེས་སྔགས་བཤད་ནས་དེ་སྐད་གསུམ་དང་བཞི་དང་ལྔ་བརྗོད་པར་བྱའོ། །ཞེས་བྱུང་བས་འབར་རྒྱ་ཉིད་དམ་ཡང་ན་པདྨའི་བསྐོར་བ་དང་མཐར་སེ་གོལ་བརྡབ་པས་དམ་ཚིག་བསྟན་པའི་སྔགས། ཨོཾ་བཛྲ་ཨ་ར་ལི་ཧོཿཛཿྃཧཱུ་བཾ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟཱཾ་དྲྀ་ཤྱ་ཧོཿཞེས་བརྗོད་དོ། །ཨ་ར་ལི་ནི་རྩིབས་འཕུར་རམ་རིང་འཕུར་ཡིན་ཞེས་སྒྲ་པ་ཁ་ཅིག་ཟེར་ཡང་། འདིར་དེའི་དོན་མ་ཡིན་ཏེ་རི་གི་ཨ་ར་ལི་དང་བཛྲ་ཨ་ར་ལིའི་རྒྱུད་ལས། ཨ་ནི་ཨ་ཝ་དྷཱུ་ཏཱི་སྟེ་ཀུན་འདར་མ་དང་། ར་ནི་ར་སཱ་ནཱ་སྟེ་རོ་མ་དང་། ལ་ནི་ལ་ལཱ་ནཱ་སྟེེ་བརྐྱང་མར་བཤད་ནས་རྩ་གསུམ་གཅིག་ཏུ་དག་པའི་ཕྱིར་ཨ་ར་ལིར་བཤད་ལ། སྤྱིར་བཛྲ་ཨ་ར་ལི་ཧོཿཞེས་དང་། ལ་ལ་ལ་ཧོཿཞེས་སོགས་ནི་རྡོ་རྗེའི་གླུ་ལེན་པའི་མགོ་འདྲེན་དང་མཚམས་སྦྱོར་སོགས་ཀྱི་ཚིག་སྟེ་ཕྱི་མ་ལའང་འཇམ་དཔལ་ཞལ་ལུང་ལས་དོན་རྒྱས་པར་བཤད་དོ། །དེས་ན་ཆོས་རང་རང་གི་སྐབས་དོན་ཤེས་དགོས་ཀྱི་རྟོག་གེའི་ཤེས་པ་ཁོ་ནས་གསང་སྔགས་ལ་དམར་འཇུས་བྱས་ཆོག་པ་ནི་མ་ཡིན་ནོ། །དེ་བཞིན་ཧོཿཡིག་ནི་དགྱེས་པའི་དོན་ཏེ། ཛཿྃཧཱུ་བཾ་ཧོཿནི་ ― KMC013_Page_0111 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགུག་གཞུག་བཅིང་མཉེས་ཀྱི་སྔགས་སོ་སོའི་ཐ་མའི་ཡི་གེ་ས་བོན་དུ་གནས་པ་ཕྱུང་བའོ། །ལྷག་མ་ནི་རྡོ་རྗེ་མཁའ་འགྲོ་མ་དམ་ཚིག་གིས་བརྟན་པར་བཞུགས་ལ་ལྟོས་ཅིག་ཞེས་པ་སྟེ་དམ་ཚིག་གི་ཕྱག་རྒྱ་དང་གཏོར་མ་ལ་ལྟོས་ཅིག་པའི་དོན་ཏོ། །དེ་ནས་མཆོད་ཡོན་དང་ཉེར་སྤྱོད་ཕུལ་ནས་གཏོར་མ་དབུལ་བ་ནི། མངོན་པར་བྱང་ཆུབ་པའི་རྒྱུད་ལས། གཡས་བསྐོར་དང་གཡོན་བསྐོར་གྱིིས་ཀྱང་ཐོད་པའི་ནང་གི་སྦྱིན་པར་བྱ་བ་རྣམས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་སྔགས་འདི་བརྗོད་དོ། །ཅེས་པས་པདྨའི་བསྐོར་བ་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ཐོད་པའི་ཕྱག་རྒྱས་གཏོར་སྔགས་བརྗོད་ཅིང་མཐར་སེ་གོལ་བརྡབ་བས་དབུལ་བར་བྱ་ཞིང་། ལན་དང་པོས་ཕྱོགས་དང་། གཉིས་པས་མཚམས། གསུམ་པས་སྟེང་འོགབཞི་པས་དབུས་ན་གནས་པ་ལ་དབུལ་ཞེས་རྗེ་དོན་ལྡན་ཞབས་ཀྱིས་དྲིལ་བུ་ལུས་དཀྱིལ་ཆེ་བར་བཤད་ཅིང་། འདི་ཉིད་ཀྱི་ཡེ་གེ་སྔ་མ་རྣམས་ལའང་ལན་བཞི་བརྗོད་ཅེས་ཡོད་དོ། །སྔགས་དོན་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི་ནི། ཟོ་ཟོ་ཟོ་ཅིག་ཟོ་ཅིག་ཞེས་སམ་ཞེ་སའི་ཚིག་སྦྱར་ན་བཞེས་བཞེས་བཞེས་ཅིག་བཞེས་ཅིག་ ― KMC013_Page_0112 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའོ། །སརྦ་ནི་ཐམས་ཅད་དེ་ཌཱ་ཀི་ནཱིའི་བར་ལ་ཐོག་མའི་གསལ་བྱེད་དུ་སྦྱར་བའོ། །ཡཀྵ་གནོད་སྦྱིན། རཱཀྵས་སྲིན་པོ། བྷཱུ་ཏ་འབྱུང་པོ། པྲེ་ཏ་ཡི་དྭགས། བི་ཤཱ་ཙ་ཤ་ཟ། ཨུནྨ་ད་སྨྱོ་བྱེད། ཨ་པསྨཱ་ར་བརྗེད་བྱེད། ཌཱ་ཀི་མཁའ་འགྲོ། ཌཱ་ཀི་ནི་མཁའ་འགྲོ་མ། ཨེ་ད་ཡ་ལ་སོགས་ཏེ་སྦྱར་བས་ཉ་ད་ཡ། ཨི་དམ་འདི། བ་ལིང་གཏོར་མ། གྲྀཧྞ་ཟུང་ཞེས་པ་སྟེ། ཨནྟུ་བྱིན་པས་གྲྀཧྞཱནྷཱུ་ཟུང་ཞིག་པའོ། །ས་མ་ཡ་དམ་ཚིགརཀྵ་སྲུང་བ་སྟེ་ཨནྟུ་བྱིན་པས་རཀྵནྟཱུ་ཞེས་སྲུང་ཅིག་སྟེ། གང་ལ་ན་མ་མ་སྟེ་བདག་ལའོ། །སརྦ་སིདྡྷི་དངོས་གྲུབ་ཐམས་ཅད། མེ་བདགཡཙྪ་སྩོལ་ཞིག་ལ་ཉེར་བསྒྱུར་པྲ་སྔོོན་དུ་བྱིན་པས་པྲ་ཡཙྪ་སྟེ་རབ་ཏུ་སྩོལ་ཞེས་སོ། །ཡ་ཐེ་བཾ་ཡ་ཐེ་ཀྲཾ་ཞེས་པ་ནི་ཇི་ལྟ་བ་དེ་ལྟར་ཞེས་པ་སྟེ། བྷཱུཉྫ་ཐ་བཟའ་བར་གྱིས། ཛིགྷྲ་ཐ་སྣམ་པར་གྱིས་སམ་མྱང་བར་གྱིས། པི་ཝཪྠ་འཐུང་བར་གྱིས། ཀྲ་མ་རིམ་པ། མ་ཏི་མ་འདའ་སྟེ་མ་ཏི་ཀྲ་མ་ཐ་སྟེ་གོང་མ་དང་སྦྱར་ནས་ཇི་ལྟ་བ་དེ་ལྟར་རིམ་པ་ལས་མ་འདའ་བར་ཞེས་སོ། །མ་མ་བདགསརྦ་ཀཪྠ་ཡ་དོན་ཐམས་ཅད་དམ་བྱ་བ་ཐམས་ཅད་དོ། །སཏ་དམ་པ། སུ་ཁཾ་བདེ་བ། བི་ཤུདྡྷ་ཡེ་རྣམ་པར་དག་པ། ས་ ― KMC013_Page_0113 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཧ་ཡི་ཀ་གདོང་གྲོགས། བྷ་ཝནྟུ་མཛོད་ཅིག་སྟེ། མདོར་ན་ཚིགས་བཅད་དུ་བསྒྱུར་ན། གནོད་སྦྱིན་སྲིན་པོ་འབྱུང་པོ་དང་། །ཡི་དྭགས་ཤ་ཟ་སྨྱོ་བྱེད་དང་། །བརྗེད་བྱེད་མཁའ་འགྲོ་མཁའ་འགྲོ་མ། །དེ་ལ་སོགས་ཏེ་ཐམས་ཅད་པ། །ཇི་ལྟ་བ་ནི་དེ་ལྟར་བུ། །རིམ་པ་ལས་ནི་མ་འདའ་བར། །གཏོར་མ་འདི་ནི་ཟུང་བར་གྱིས། །བཟའ་བར་གྱིས་ཅིག་མྱང་བར་གྱིས། །འཐུང་ཞིག་བཞེས་བཞེས་བཞེས་ཤིག་བཞེས། །བདག་ལ་དམ་ཚིག་གིས་སྲུངས་ཅིག །བདག་ལ་དངོས་གྲུབ་ཀུན་རབ་སྩོལ། །བདག་གི་བྱ་བ་ཐམས་ཅད་ལ། །རྣམ་པར་དག་པའི་བདེ་བ་ནི། །དམ་པའི་གདོང་འགྲོགས་མཛད་དུ་གསོལ། །ཞེས་པར་འགྱུར་རོ། །གཏོར་སྔགས་འདི་མ་རྒྱུད་ཕལ་ཆེར་ལས་བཤད་དོ། །དེ་ནས། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་གྲུབ་མཛོད། །ཅེས་པའི་བར་སྤྱིི་འགྲོའི་ཚིགས་སུ་བཅད་པས་ཕྲིན་ལས་བཅོལ་ཏེ། དེ་ལ་ཞིང་སྐྱོང་ཆེན་པོ་བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་ཤིང་ཆེན་པོ་རེ་རེའི་ཡལ་གའི་དཀྱིལ་འཁོར་གྱི་དབུས་ནས་ལུས་ཕྱེད་ཐོན་པས་གནས་པ་རྣམས་སོ། །མཁའ་འགྲོ་སོ་གཉིས་ ― KMC013_Page_0114 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་བརྟག་གཉིས་སོགས་ལས་བཤད་པ་ཡུལ་སོ་གཉིས་ཀྱི་རྣལ་འབྱོར་མ་གཙོ་མོ་རྣམས་ཏེ་ལྷག་མ་ནི་གོ་སླའོ། །གཏོར་མ་ཕྱི་རོལ་ཏུ་དོར་ཞིང་སྤྲོ་ན་ཕྱོགས་དེའི་གཞི་བདག་ལ་ཡང་བརྡ་དཀྲོལ་ཞིང་ཕྲིན་ལས་བཅོལ་བར་བྱའོ། །གསུམ་པ་ས་བཟུང་བ་ནི། ཕྱོགས་འདིར་བདག་གིས་དཀྱིལ་འཁོར་བྱའོ་སྙམ་པའི་མོས་པ་ཉིད་ཀྱིས་འགྲུབ་བོ། །བཞི་པ་ས་སྦྱང་བ་ལ། དང་པོ་བགེགས་སྦྱང་བ་ནི། བགེགས་ལ་བཀའ་བསྒོ་བའི་ཕྱིར། གང་དག་ནག་པོའི་ཕྱོགས་གྱུར་ཞིང་། །ཞེས་སོགས་ཏེ་རང་ཉིད་བཅོམ་ལྡན་འདས་མའི་ཕྱག་གི་གྲི་གུག་ཆེར་གདེངས་ཅིང་སྤྲུལ་པའི་མཁའ་འགྲོ་མཚོན་ཆ་སྣ་ཚོགས་འཛིན་པ་ཚངས་པ་ཡང་སྐད་ཅིག་གིས་བརླག་པར་ནུས་པ་གནམ་ལྕགས་དྲག་པོར་ལྷུང་བའི་ཤུགས་ཅན་ཉི་ཟེར་གྱི་རྡུལ་གྲངས་དང་མཉམ་པ་སྤྲོས་པས་བགེགས་ཐམས་ཅད་ཁོར་ཡུག་ཆེན་པོ་བརྒལ་བ་ཙམ་དུ་བསྐྲད་ཅིང་གང་མི་འགྲོ་བ་རྣམས་ཡེ་ཤེས་ཀྱི་མེས་བསྲེགས་ཅིང་བདེ་བ་ཆེན་པོས་མྱོས་ཏེ་ཕྱིར་ལྡང་བ་མེད་པར་བྱས་པར་བསམས་ཏེ་ཁྲོ་བོ་ཞལ་བཞི་པའི་སྔགས། ཨོཾ་སུམྦྷ་ནི་གནོད་མཛེས། སུམྦྷ་ྃཧཱུྃ་ཧཱུ་ཕཊ། སླར་ཡང་གནོད་མཛེས། གྲྀཧྣ་གྲྀཧྣ་ྃཧཱུྃ་ཧཱུ་ ― KMC013_Page_0115 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕཊ། ཟུང་ཟུང་། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ྃཧཱུྃ་ཧཱུ་ཕཊ། ཟུང་བར་གྱིས་གཉིས། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བི་དྱཱ་རཱ་ཛཱ་ཡ་ྃཧཱུྃ་ཧཱུ་ཕཊ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ། ཞེས་བརྗོད་ལ་ཡུངས་ཀར་ལ་སོགས་པས་ཀྱང་བྲབ་པོ། །དེ་ནས་རང་གི་ལྟེ་བའི་ས་བོན་ལས་འོད་ཟེར་གྱི་སྣ་ལ་རྡོ་རྗེའི་ཚོགས་རྡུལ་ཕྲ་རབ་སྤུངས་པ་ལྟ་བུར་འཕྲོས་ཏེ་འོག་ཏུ་སོང་བས་རྡོ་རྗེའི་ས་གཞི་སྲ་ཞིང་ལྷུན་སྟུག་པ་དང་ལོགས་སུ་འཁྲིགས་པས་རྡོ་རྗེའི་ར་བ་སྟེ་ལྕགས་རིའི་རྣམ་པ་མཐོ་ཞིང་རྔམས་སྟུག་པ་དང་དེའི་ནང་དུ་རྡོ་རྗེའི་དྲ་བ་ཡོལ་བའི་རྣམ་པ་ལྟར་འཁོར་ཞིང་སྟེང་དུ་རྡོ་རྗེའི་གུར་ཟླུམ་ཞིང་སྟུག་པ་རྭ་བའི་སྟེང་དུ་འདྲེས་པ་དང་དེའི་ནང་དུ་རྡོ་རྗེ་བླ་རེས་སུ་འཁྲིགས་ཅིང་ཕྱི་རོལ་ཐམས་ཅད་རྡོ་རྗེའི་འོད་ཟེར་མེ་དཔུང་སྣ་ཚོགས་པ་གཅིག་ཏུ་འཁྱིལ་ཞིང་འཁྲིགས་པར་བྱིན་གྱིས་བརླབས་ཏེ་་བཛྲ་རཀྵ་རཀྵཧཱུྃ་ཞེས་བརྟན་པར་བྱའོ། །དེ་ནས་ཁྲོ་མོ་རྣམས་རང་ལ་བསྡུས་ཏེ་སླར་ཡང་བདུད་རྩི་ཕྱོགས་སོ་སོར་འཐོར་ཞིང་་སིངྷ་མུ་ཁ་ྃཧཱུྃ་ཧཱུ་ཕཊ་ཀྱིས་སྟེང་དུ་སེང་གདོང་མ་དཀར་མོ། དེ་བཞིན་དུ་ཐོག་མཐའ་འདྲ་བའི་ཀ་ཀ་སྱ་མུ་ཁས་ཤར་དུ་ཁས་གདོང་མ་ནག་ ― KMC013_Page_0116 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོ། ཨུལླཱ་སྱ་མུ་ཁས་བྱང་དུ་འུག་གདོང་མ་ལྗང་གུ། ཤྭ་ན་སྱ་མུ་ཁས་ནུབ་ཏུ་ཁྱི་གདོང་མ་དམར་མོ། སུ་ཀ་ར་སྱ་མུ་ཁས་ལྷོར་ཕག་གདོང་མ་སེར་མོ། བྱཱ་གྷ་མུ་ཁས་འོག་ཏུ་སྟག་གདོང་མ་ནག་མོ་རྣམས་རེ་རེ་ཞིང་གྲངས་མེད་པ་གྲི་ཐོད་འཛིན་པ་ས་འོག་ས་སྟེང་ས་བླ་གསུམ་ཁྱབ་པར་སྤྲོས་ཏེ་རང་རང་གི་ཕྱོགས་ཀྱི་སྲུང་འཁོར་གྱི་ཕྱི་ནང་ཐམས་ཅད་ཏིལ་གྱི་གང་བུ་ཏིལ་འབྲུས་གང་བ་ལྟར་གནས་ཅིང་། དེ་བཞིན་དུ་བཻ་རོ་ཙ་ནཱིའི་སྔགས་སམ། ཡང་ན་་ཡ་མ་ཌྷྲྀ་ཌྷ་ཡེཧཱུྃ་ཕཊ་ཞེས་སོགས་རང་སྔགས་ཀྱིས་ཀྱང་རུང་བས་གཤིན་རྗེ་འཇོམས་མ་བརྟན་མ་མཆེ་བ་མ་ཕོ་ཉ་མོ་སྟེ་མཚམས་མ་རྣམས་ཕྱེད་གཟུགས་ཅན་སྤྲོས་པས་མཚམས་ཐམས་ཅད་ཁྱབ་པར་མོས་ཀྱང་རུང་ངོ་། །དེ་ནས་རྣལ་འབྱོར་མ་དེ་རྣམས་ལ་རང་ཉིད་བཅོམ་ལྡན་འདས་མར་གནས་པས། ྃཧཱུ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ཞེས་སོགས་ཀྱིས་བཀའ་བསྒོས་པས་དེ་རྣམས་ཀྱིས་བགེགས་ལྷག་མ་ཡོད་ནའང་བཅོམ་ཞིང་བསྲེགས་ཕུར་བུས་བཏབ་པས་རྣམ་པར་ཤེས་པ་འགགས་པར་བྱས་ཏེ་ཁྲོ་མོ་དེ་རྣམས་དཔག་ཏུ་མེད་པ་ཅིག་ཞལ་ཕྱིར་གཟིགས་ནས་ཟློག་པ་དང་། དཔག་ཏུ་མེད་པ་ ― KMC013_Page_0117 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅིག་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པར་བྱིན་གྱིས་བརླབས་ཏེ། ་ཤྲཱི་བཛྲ་ཝཱ་ར་ཧེ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་གནོད་བྱེད་སརྦ་དུཥྚནཧཱུྃ་ཕཊ་ཞེས་བརྗོད་པ་ནི་མཚམས་གཅོད་དོ། །འདིར་ཟིན་བྲིས་ཀྱི་ཡན་ལག་ཁ་ཅིག་ཏུ་ཕྱག་མཚན་ལྔ་དང་འབྱུང་བ་བཞི་སྟེ་སྲུང་འཁོར་དགུ་རིམ་དུ་སྤྲོ་ཞིང་སྒོམ་པར་ཡང་བཤད་པས་སྤྲོ་ན་དེ་ལྟར་བྱ་ལ། འོན་ཡང་སྒྲུབ་ཐབས་ཀྱི་དངོས་བསྟན་འདི་ཉིད་དུ་མ་འདུས་པའི་སྐྱོན་ནི་མེད་དོ། །སྤྱིར་རྣལ་འབྱོར་པ་བྱིས་པའི་མཚན་མ་ཅན་གྱི་ངོར་གདོན་བགེགས་བསལ་ཞིང་སླར་མི་འཇུག་པར་སྡོམ་པ་ནི་བགེགས་བསྐྲད་དང་སྲུང་འཁོར་གྱི་དགོས་པ་ཡིན་མོད། ཡང་དག་པར་ན་རང་རྒྱུད་ཀྱི་ལས་ཉོན་མཚན་རྟོག་རྣམས་ནི་སྐྱེད་རྫོགས་ཀྱི་ཡེ་ཤེས་ལ་གེགས་བྱེད་པའི་ཕྱིར་བགེགས་ཡིན་ལ། དེ་ཉིད་བདེ་སྟོང་གི་རྣལ་འབྱོར་གྱིས་བཅོམ་སྟེ་ལྡང་བ་མེད་པར་བྱེད་པ་ནི་བགེགས་བསལ་བ་དང་། མི་དགེ་བ་དང་རང་དོན་ཡིད་བྱེད་དང་ཐ་མལ་དུ་ཞེན་པ་དང་དངོས་པོར་འཇིག་པའི་རྟོག་པ་རྣམས་ནི་བདུད་ཉིད་ཡིན་ལ། དེ་སྟོང་པ་ཉིད་རྡོ་རྗེའི་རང་བཞིན་དང་བདེ་བ་ཆེན་པོ་མེ་འོད་ལྟ་བུ་དབྱེར་མེད་པའི་ཏིང་ངེ་ ― KMC013_Page_0118 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཛིན་འགྱུར་བ་མེད་པས་སླར་མི་སྐྱེ་ཞིང་སྐྱེས་པ་འགོག་པར་བྱེད་པ་ནི་སྲུང་བའི་འཁོར་ལོ་སྟེ་སྒོ་དང་སྒོ་སྲུང་ནི་ཡང་དག་སྤོང་བ་བཞིའི་ངོ་བོར་བཤད་པའི་ཕྱིར་དང་རང་གི་སེམས་ལས་གཞན་པའི་བདུད་ཕྱིར་རོལ་ན་མེད་པའི་ཕྱིར་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། བདུད་མེད་བདུད་ཀྱི་ལས་ཀྱང་མེད། །རང་གི་སེམས་ཀྱིས་བཅིངས་པ་བཞིན། །གང་གིས་རང་གི་སེམས་བཏུལ་ན། །གང་ལས་བདུད་ནི་གནས་པར་འགྱུར། །ཞེས་སོ། །དེ་ནས་རྫས་དང་ཏིང་ངེ་འཛིན་གྱིས་ས་སྦྱང་བ་ནི་ཞལ་གདམས་ལས་ས་གཞི་ཕྱགས་བདར་རྐྱང་ནུལ་བྱས་ཏེ་མི་རྟ་ཁྱི་གསུམ་གྱི་ཁྲག་ཆང་དང་སྦྱར་བས་བྱུག་པ་བྱ་ཞེས་པ་ལྟར་རྫས་ལག་མཆོད་དང་སྦྱར་བས་ཆག་ཆག་བྱ་ཞིང་ཡེ་ཤེས་མཉམ་པ་ཉིད་ལ་མཉམ་པར་འཇོག་པར་བྱ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །ས་གཞི་བྱུག་པ་བྱ་བ་དང་། །བཟོད་པའི་ཕ་རོལ་ཕྱིན་ནན་ཏན། །མེ་ཏོག་ཅལ་དུ་དགྲམ་པར་བྱ། །སྣ་ཚོགས་ཕྱག་རྒྱའི་གདན་དག་པ། །བཏིང་དང་ཤིན་ཏུ་མཉམ་པར་བཞག །བསམ་གཏན་ཕ་རོལ་ཕྱིན་དམིགས་ཏེ། །སེམས་ནི་རྩེ་གཅིག་པ་ཡིས་སུ། ། ― KMC013_Page_0119 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་སོ། །འདིར་ས་ཆོག་མ་གསུངས་པས་དཀྱིལ་འཁོར་གཞན་ནས་ལེན་དགོས་ཅེས་བླ་མ་ཁ་ཅིག་གསུང་ཡང་། དེ་ནི་སྤྲོས་པའི་ས་ཆོག་བྱ་བ་མང་པོ་ཅན་ལ་དགོངས་པར་ཟད་དེ་ཡོ་ག་དེ་ཉིད་འདུས་པ་དང་སྒྱུ་དྲ་དང་བླ་མེད་ཀྱི་ཡང་དཀྱིལ་ཆོག་རྒྱས་པ་མང་པོར་དེ་ལྟར་གསུངས་པ་ནི་སྤྲོས་པའི་བྱ་བས་དཀྲི་དགོས་པའི་གདུལ་བྱའི་དོན་དུ་གསུངས་པ་སྟེ་གཞན་དུ་ན་དེ་དག་ཆོ་ག་སྙིང་པོར་དྲིལ་བས་ཡིད་མི་ཆེས་ཅིང་སྤྲོས་པའི་འཇུག་པ་མང་དུ་མཐོང་བ་ན་ཡིད་ཚིམ་པར་འགྱུར་བའི་ཕྱིར་ཏེ། རྒྱ་གར་དུ་གོ་བི་ཙནྡྲའི་རྒྱལ་པོ་ལ་མ་རྒན་མོ་ཞིག་ཡོད་པ་དེས་རྒྱལ་པོ་ལ་བལྟས་ནས་ངུས་སྐད། དེའི་རྒྱུ་དྲིས་པས་ཁྱོད་ལྟ་བུ་རིགས་གཟུགས་ལང་ཚོ་དཔལ་གྱིས་འབྱོར་བ་ལའང་འཆི་བ་འོང་བས་དེས་ངུ་ཟེར་སྐད། མི་འཆི་བའི་ཐབས་ཡོད་དམ་བྱས་པས་ཡོད་དེ། དེ་ཡང་ངེད་རང་གི་ཁང་གཉེར་བའི་ཁྲོད་ཀྱི་ཛོ་གི་འདི་ལ་ཡོད་པས་ཞུས་ཅིག་ཟེར་ནས་གྲུབ་ཐོབ་ཅིག་སྦས་ཚུལ་དུ་ཡོད་པ་དེ་བསྟན་སྐད། དེར་ཞུས་པས་ཛོ་གི་དེས་བུམ་པ་སྟོང་པ་ཅིག་ཏུ་ལག་པ་བཅུག་ནས་ལག་པ་སྟོང་པ་བསྟན་ནས་མི་འཆི་བའི་ཐབས་འདི་ཡིན་ཞེས་ཆོས་ཐམས་ ― KMC013_Page_0120 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་སྟོང་པ་ཉིད་ལ་འཆི་མི་འཆི་མེད་པས་དེའི་དོན་སྒོམས་ཅིག་གི་བརྡ་བསྟན་སྐད། རྒྱལ་པོས་དེ་མ་གོ་ནས་འདིས་རྫུན་གྱིས་ང་བསླུ་བ་སྙམ་ནས་ཕྱག་སྦལ་དུ་བཅུག་པས་རྣལ་འབྱོར་པ་དེའི་སློབ་མ་ཛོ་གི་མངོན་ཤེས་ཅན་མང་དུ་ཡོད་པ་རྣམས་ཀྱིས་ཤེས་ནས་རྒྱལ་པོའི་སྒོ་དྲུང་དུ་ཚོགས་ཏེ་བླ་མ་མཇལ་བ་ཡིན་ཟེར་བས་ཁྱེད་རྣམས་ཀྱི་བླ་མ་རྒྱལ་པོས་བསད་དོ་ཟེར་བས་འོ་ན་བསད་དུ་ཆུག་ཟེར། རྒྱལ་པོས་ཁྱེད་རྣམས་ཀྱིས་མི་འཆི་བའི་ཐབས་ཤེས་སམ་བྱས་པས་ཤེས་ཟེར་ཏེ་རིན་པོ་ཆེ་སྣ་ལྔས་རྡུལ་ཚོན་གྱི་དཀྱིལ་འཁོར་བྱས་ནས་ཆོ་གའི་སྤྲོས་པ་ཆེར་བྱས་པས་རྒྱལ་པོ་ཤིན་ཏུ་མགུ་སྟེ་འདི་རྣམས་ནི་ཆེས་ཡང་དག་པ་སྟེ་སྔར་གྱི་དེ་ནི་ཤིན་ཏུ་རྫུན་མའོ་སྙམ་དུ་སེམས་ནས་དད་དེ་དབང་བསྐུར་ཞུས་པས་དེ་རྣམས་ཀྱིས་ལྟ་གོན་སོགས་སྤྲོས་པའི་རིམ་འཇུག་ཆེར་བྱས་ནས་མཐར་སྔར་གྱི་བརྡ་དེ་བསྟན་ནས་དེའི་དོན་བཤད་པས་གོ་སྟེ་རྣལ་འབྱོར་པ་ཆག་སྦལ་ནས་བཏོན། རྒྱལ་པོས་ཀྱང་ལམ་བསྒོམས་པས་གྲུབ་པ་ཐོབ་སྐད། དེ་བཞིན་དུ་ས་ཆོག་སོགས་ལ་སྦྲོས་པ་མཐའ་ཡས་གསུངས་པའང་དེ་ལྟ་བུ་སྟེ། ས་བརྟག་པ་ལའང་ཡུལ་དང་ཕྱོགས་དང་དབྱིབས་ ― KMC013_Page_0121 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ཁ་དོག་དང་ལྟས་དང་བསྐོས་པའི་མཚན་མ་དང་ས་དང་ཆུས་བརྟག་པ་རྣམས་གསུངས་ཀྱང་དེའི་གྲུབ་དོན་ནི་གང་དུ་འོས་པའི་ས་དེར་སྒྲུབ་པ་ཁོ་ན་ལས་གཞན་ཅི་ཡང་མེད་དོ། །ས་བསླང་བ་ནི། སྔོན་འགྲོའི་གཏོར་མས་དོན་གྲུབ་པར་བཤད་ཟིན་ཏོ། །ས་བཟུང་བ་དང་སྦྱང་བ་ལ་གར་དང་སྟང་སྟབས་སོགས་སྤྲོས་པ་མང་དུ་གསུངས་ཀྱང་མཐར་ཐུག་ནི་མོས་པས་བཟུང་བ་དང་ཏིང་ངེ་འཛིན་གྱིས་སྦྱང་ཞིང་བྱིན་གྱིས་བརླབ་པ་ཁོ་ན་ཡིན་གྱི། དེ་དག་མེད་ན་ལུས་ཀྱིི་རྣམ་འགྱུར་དང་ངག་གི་སྒྲ་གདངས་འབུམ་གྱིས་ཀྱང་ལྟད་མོའི་དོན་ལས་གཞན་ཅིར་ཡང་མི་འགྱུར་རོ། །དེས་ན་ས་ཆོག་གི་དོན་འདིར་མ་འདུས་པ་ཅི་ཞིག་ཡོད། ངེས་པའི་དོན་དུ་རང་གི་སེམས་ཀྱི་གཟུང་འཛིན་གྱི་མཚན་མ་བསལ་ནས་སེམས་ཡོངས་སུ་དག་པར་བྱ་བ་ཉིད་དབང་བརྟུལ་ལ་མཚོན་དོན་དུ་ཆོ་གའི་ཚུལ་དུ་བསྟན་པར་ཟད་དེ། སྡོམ་འབྱུང་ལས། རང་གི་སེམས་ནི་ཡོངས་དག་པ། །དེ་ཉིད་ཀྱི་ནི་ས་དག་འགྱུར། །ཞེས་སོ། །གཉིས་པ་སྟེགས་བུ་བཅའ་བ་ནི། ཞལ་གདམས་ལས། དེའི་དབུས་སུ་མཎྜལ་ཟླུམ་པོ་རྒྱར་ཁྲུ་གང་པ། དཔངས་སུ་སོར་བཞི་པ་ཅིག་ ― KMC013_Page_0122 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱས་ལ། སིཧླ་དང་ཆང་དང་དྲིའི་ཆུས་བྱུག་པ་བྱའོ། །ཞེས་པས་སྒྲུབ་པའི་སྐབས་སུ་ཚད་དེ་ཉིད་ཀྱི་སྟེགས་བུ་ཁ་ཤར་དུ་ལྟ་བ་གནས་སྐབས་གཞན་དུ་ཇི་ཙམ་འདོད་པའི་ཚད་དང་ཕྱོགས་ཀྱིས་ཀྱང་བྱ་ལ། དེ་ཡང་དབུས་ཅུང་ཟད་མཐོ་བ་ཤར་དང་བྱང་དུ་ཡིད་ཙམ་གཞོལ་བ་འཇམ་ཞིང་འཐས་པ་རྫས་རྣམས་ཀྱིས་བ་ལང་གི་ཀོ་བའི་ཚད་ཙམ་དུ་བྱུགས་པ་སྟེ། རྡོ་རྗེ་མཁའ་འགྲོར། དབུས་སུ་མཐོ་བར་བྲི་བར་བྱ། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང་། །རིག་པ་འཛིན་པའི་གནས་དག་འཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་བརླག་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་པར་འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་འགྱུར། །དབུས་སུ་དམའ་བའི་རང་བཞིན་ས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །ཞེས་སོ། །གསུམ་པ་དཀྱིལ་འཁོར་དྲུག་བཀོད་པའི་དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་ནི། རྒྱུད་པའི་ཕྱག་བཞེས་ཀྱིས་བུམ་པའི་དཀྱིལ་འཁོར་མ་གཏོགས་ལྔ་ཀ་ལ་ནམ་མཁའི་དཀྱིལ་འཁོར་སྔོན་དུ་མཛད་དེ། དེའི་ ― KMC013_Page_0123 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་སྟེགས་བུའི་སྟེང་དུ་ཉེར་སྤྱོད་ལྔ་བཤམས་ཅིང་རྣལ་འབྱོར་པ་སྟེགས་བུའི་དྲུང་དུ་སོང་ནས་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་དེ་བདུད་རྩི་དང་ལས་སྔགས་ཀྱིས་ནམ་མཁའི་བགེགས་བསང་། སྭ་བྷཱ་ཝས་གཡོན་པའི་ཐེབ་སྲིན་ཆོས་འབྱུང་ལྷུན་གྲུབ་གྱེན་དུ་ལྟ་བས་བདུད་རྩི་བླངས་ཏེ་སྨིན་མཚམས་ནས་རང་གི་རྣ་བ་གཡས་པའི་ཕྱོགས་སྟེགས་བུའི་གཡོན་བསྐོར་དུ་དཀྱིལ་འཁོར་ཇི་ཙམ་བྲི་བའི་ཚད་ཀྱིས་ཟླུམ་པོར་བསྐོོར། དེའི་ནང་དུ་སྨིན་མཚམས་ནས་རྣ་བ་གཡས་པ་དང་ཉེ་བའི་དཔྲལ་ཟུར་ངོས་སུ་ཆོས་འབྱུང་གི་ལོགས་གཅིག་དང་། དེ་ནས་རྣ་བ་གཡོན་པ་ངོས་སུ་ཐེན་པས་ལོགས་གཅིགསླར་སྔར་གནས་སུ་བཀུག་པས་ལོགས་གཅིག་སྟེ་ཐོག་མར་ཁང་ཐབས་ཀྱི་ཆོས་འབྱུང་བྲི། དེ་ནས་དེའི་འོག་ཏུ་རྣ་བ་གཡོན་པ་ནས་གཡས་པའི་ངོས་སུ་དྲང་པོར་ཐེན་པས་ལོགས་གཅིགདེ་ནས་ཆོས་འབྱུང་སྔ་མའི་རྒྱབ་དྲང་པོར་ཐེན། སླར་སྔར་གྱི་གནས་རྣ་བ་གཡོན་པའི་ཐད་དུ་བཀུག་པས་གདན་ཐབས་ཆོས་འབྱུང་བྲི། ཆོས་འབྱུང་བསྣོལ་མ་པདྨ་འདབ་བཞི་དང་བཅས་པའི་དབུས་སུ་་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ྃཧཱུྃ་ཧཱུ་ཕཊ་སྭཱ་ཧཱ། ― KMC013_Page_0124 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་ཆང་གིས་རེག་པས་ཐིག་ལེ་དམར་པོ་ཞིག་བསམ། དེ་བཞིན་དུ་ཐོག་མཐའ་འདྲ་བའི་བཛྲ་ཌཱ་ཀི་ནཱི་ཡེ། རཏྣ་ཌཱ་ཀི་ནཱི་ཡེ། པདྨ་ཌཱ་ཀི་ནཱི་ཡེ། ཀརྨ་ཌཱ་ནི་ནཱི་ཡེ། ཞེས་མདུན་ནས་བརྩམས་ཏེ་ཕྱོགས་སོ་སོར་རེག་པས་ཤར་དུ་ཐིག་ལེ་སྔོན་པོ། ལྷོར་སེར། ནུབ་ཏུ་དམར། བྱང་དུ་ལྗང་བ་བྱ། སླར་ཡང་ཧྲཱིཿཧ་རི་ནི་ས་ཞེས་ས་བོན་སོ་སོར་བརྗོད་པ་དང་མཉམ་དུ་ཐིག་ལེ་ལ་ཆང་གིས་རེག་པས་ཐིག་ལེ་དེ་རང་མདོག་གི་ས་བོན་སོ་སོར་གྱུར་ཏེ་འོད་འཕྲོ་འདུ་ལས་པདྨའི་ལྟེ་བར་བཅོམ་ལྡན་འདས་མ་དང་པདྨ་འདབ་མ་བཞི་ལ་མཁའ་འགྲོ་མ་བཞི་བསྐྱེད་དེེ། སོ་སོའི་ས་བོན་གྱིི་འོད་ཟེར་དང་འབར་བའི་ཕྱག་རྒྱ་དང་སྔགས་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས། ཡེ་ཤེས་པའི་སྐུ་ལས་སྐུའི་ཚོགས་དང་མགྲིན་པ་ནས་སྔགས་གྱི་ཡིག་འབྲུ་དང་ཐུགས་ཀ་ནས་བདུད་རྩིའི་རྒྱུན་བྱུང་། དམ་ཚིག་པའི་སྐུ་གསུང་ཐུགས་ལ་ཐིམ་པས་དབང་བཞི་རྫོགས་ཏེ་དམ་ཡེས་དབྱེར་མེད་དུ་བྱས་ཏེ་བཟླས་པ་ཅུང་ཟད་དང་མཆོད་བསྟོད་བྱས་ཏེ་བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས་ཕྱོགས་འདིར་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲིས་ཏེ་དངོས་གྲུབ་སྒྲུབ་པར་འདོད་ན་རྗེས་སུ་གནང་ ― KMC013_Page_0125 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་སྩོལ་ཞིང་བྱིན་གྱིས་རློབ་པར་ཅི་གནང་ཞེས་གསོལ་བ་བཏབ་པས་དེ་ལྟར་གྱིས་ཅིག་གི་གནང་བ་སྩལ་བ་ལ་སླར་ཅུང་ཟད་མཆོད་ཅིང་བསྟོད་དེ་རྟེན་དང་བརྟེན་པ་ནམ་མཁའི་ཁམས་དེ་ཉིད་དུ་བཞུགས་པར་བྱའོ། །དེ་བཞིན་དུ་གཞན་དོན་གྱི་དབང་། གཉིས་དོན་གྱི་རབ་གནས་སྦྱིན་སྲེག་དུས་བཟང་མཆོད་པ་སོགས་ལའང་དཀྱིལ་འཁོར་བྲིས་ཏེ་སློབ་མ་རྗེས་སུ་འཛིན་པར་འདོད་ན་ཞེས་དང་། རབ་གནས་སམ་སྦྱིན་སྲེག་གམ་དུས་བཟང་གི་མཆོད་པ་བགྱིད་པར་འདོད་ན་ཞེས་གསོལ་བ་གདབ་བོ། །སྤྲོོས་པ་ལ་མོས་ཅིང་ཆོ་ག་ཚིག་གི་འདོན་སྒོམ་ལ་ལྟོས་པ་དག་གི་ནི་འདིར་ཡང་སྐྱེད་པ་སྤྱན་འདྲེན་མཆོད་བསྟོད་རྣམས་རྒྱས་པ་མདུན་སྐྱེད་ཀྱི་སྐབས་དང་བསྡུས་པ་ལག་པའི་མཆོད་པ་ལྟར་བླངས་ཏེ་འདོན་སྒོམ་དུ་བྱའོ། །ཚུལ་འདིས་ཐོད་པའི་སྟེང་། དར་དམར་གྱི་སྟེང་། མེ་ལོང་གི་ཕྱི་ནང་གི་སྟེང་སྟེ་འོག་ནས་འཆད་པའི་དཀྱིལ་འཁོར་བཞི་པོ་ལའང་ནམ་མཁའི་དཀྱིལ་འཁོར་ཇི་ལྟར་བྲི་བ་ནས་གནང་བ་བསྩལ་བའི་བར་འདི་ཁོ་ནས་རིགས་འདྲེ་བ་སྟེེ། འོན་ཡང་རང་རང་གི་སྟེང་དེ་ཉིད་དུ་དམ་ཚིག་པ་ཇི་ཙམ་དུ་བྲི་བའི་ཆད་ ― KMC013_Page_0126 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱིས་བྲི་བ་ནི་ཁྱད་པར་རོ། །འདིར་འཇམ་དབྱངས་ཆེན་པོས་ནམ་མཁའི་དཀྱིལ་འཁོར་འདི་གཞུང་ཞལ་གདམས་ཀྱི་དངོས་བསྟན་ལ་མེད་པའི་ཕྱིར་བར་སྐབས་སུ་རང་གཟོའི་ཞེས་དགག་པ་མཛད་ཀྱང་དེ་ལྟ་མ་ཡིན་ཏེ། བླ་མ་རྒྱུད་པ་རིམ་པས་འོངས་པའི་ཕྱག་བཞེས་བར་མ་ཆད་ཡིན་པའི་ཕྱིར་དང་། ཕག་མོའི་སྒྲུབ་སྐོར་གཞན་མང་པོ་ལའང་འདི་ཡོད་ཅིང་ཡེ་ཤེས་ཀྱིས་ཐིག་དང་ལྟ་གོན་གྱི་དཀྱིལ་འཁོར་ཉིད་མན་ངག་གིས་ནམ་མཁའི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །སྤྱིར་མན་ངག་སྦས་དོན་གདུལ་བྱའི་དབང་པོ་དང་འཚམ་པར་སྟོན་ཚེ་བཤད་བྱའི་གཞུང་གི་ཚིག་ཇི་ལྟ་བ་སྒྲ་ཇི་བཞིན་པར་ནག་འདོན་དུ་བྱེད་པ་ནི་ག་ལ་ཡིན་ཏེ། མངོན་རྟོགས་རྒྱན་དུ་བཤད་པའི་དངོས་བརྒྱད་དོན་བདུན་ཅུའི་རྐང་གྲངས་སྒྲ་ཇི་བཞིན་པ་འདི་ཁོ་ན་དེང་སང་གི་སྐྱེ་བོས་འབུམ་དང་བརྒྱད་སྟོང་པ་སོགས་ལས་མི་རྙེད་ཅིང་། རྫོགས་རིམ་གྱི་ཁྲིད་རིམ་མཐའ་དག་ཀྱང་དེང་སང་གི་ཁྲིད་རིམ་ཇི་ལྟ་བ་ཁོ་ན་ནི་རང་རང་གི་རྒྱུད་རྒྱ་གཞུང་ལས་རྙེད་པ་མ་ཡིན་ཏེ། དེར་ནི་སྐབས་དོན་གྱི་གཙོ་བོ་ཐུན་མོང་མ་ཡིན་པ་ཙམ་སྟོན་གྱི། ཐུན་མོང་བ་དག་ནི་མི་དགོས་པ་མ་ཡིན་ཡང་རྙེད་སླ་ ― KMC013_Page_0127 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞིང་ཡི་གེའི་ཚེགས་སྐྱུང་བར་དགོངས་པའི་ཕྱིར་ཏེ་དེ་དག་ནི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་གདུལ་བྱའི་དབང་བཞིན་སྟོན་པར་འགྱུར་ཏེ། དཔེར་ན། གཞུང་གདམས་ལས་སྔོོན་འགྲོའི་གཏོར་མ་གཏོང་བར་མ་གསུངས་ཀྱང་སློབ་དཔོན་རྣམས་ཀྱིིས་ཁ་འགེངས་པར་མཛད་པ་ལྟར་རོ། །དེ་ནས་དུར་ཁྲོད་ཀྱི་སྐྲའི་སྲད་བུ་ལ་སོགས་པའི་ཐིག་སྐུད་ཟུང་མ་ཡིན་པར་དྲིལ་བ་ཅན་གྱིས་ཆོས་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་མཉམ་པ་ཉིད་དུ་ཤེས་པས་ཐིག་གདབ་པ་ནི། ཚངས་ཟུར་བརྒྱད་པོ་ལེགས་པར་གདབ། །ཇི་ཙམ་འཚམ་པར་ཟླུམ་པོར་བསྐོར། །དབུས་ནས་ཟླུམ་པོའི་བར་ཚད་དེ། །ཤར་གྱི་ཟླུམ་ཚངས་ཕྲད་སར་བཟུང་། །ལྷོ་བྱང་གཉིས་སུ་མཚན་མ་བྱ། །དེའི་སྟེང་གདན་ཐབས་ཆོས་འབྱུང་གདབ། །ནུབ་ཀྱི་ཟླུམ་ཚངས་ཕྲད་ས་ནས། །སྔར་ལྟར་གཞལ་སྟེང་ཁང་ཐབས་གདབ། །ཆ་བྲན་ཕྲ་མོ་རེ་རེའི་ཚད། །གཉིས་ཀའི་ནང་ནས་སླར་ཡང་གདབ། །དབུས་ནས་ངོས་ཆེན་ལ་རེག་པར། །ཟླུམ་སྐོར་སླར་ཡང་དེ་ཡི་ནང་། །སུམ་ཆ་ཕྱེད་གཉིས་དོར་བར་བསྐོར། །སླར་ཡང་ཟླུམ་སྐོར་གཉི་གའི་ནང་། །ཆ་ཤས་ཕྲ་བ་རེ་རེ་བསྐོར། །ནང་ ― KMC013_Page_0128 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་རིམ་བཞིན་ཟེའུ་འབྲུ་དང་། །གེ་སར་འདབ་མ་མུ་ཁྱུད་ཡིན། །ཕོ་བྲང་ཁྱམས་ཀྱི་ཟླུམ་པོའི་ཕྱིར། །ཆ་བྲན་གཉིས་དང་གཅིག་དང་བཞིས། །ནང་ནས་རིམ་བཞིན་བསྐོར་བ་ཡིས། །ཐོད་ཕྲེང་རྡོོ་ར་མེ་རི་འོ། །ཞེས་བཏབ་སྟེ་རྡུལ་ཚོན་རྣམས་ཐོད་པ་ལ་སོགས་པའི་སྣོད་དུ་སོ་སོར་བླུགས་པ་དཀར་པོ་དབུས་དང་། སྔོན་པོ་ཤར། སེར་པོ་ལྷོ། དམར་པོ་ནུབ། ལྗང་གུ་བྱང་དུ་བཞག་སྟེ་བསང་སྦྱང་བྱས་ནས་ཡི་གེ་ལྔ་ལས་ལྷ་ལྔའི་རྣམ་པར་གྱུར་པ་འོད་དུ་ཞུས་ནས་རྡོ་རྗེའི་རྡུལ་ཚོན་ཡེ་ཤེས་ལྔའི་རང་བཞིན་གཟི་བྱིན་འབར་བར་བལྟས་ནས་སྙིང་པོའི་སྔགས་དང་གཡོན་པའི་ཐེབ་མཛུབ་ཀྱིས་ཅུང་ཟད་མཉེས་ཏེ་རེ་ཀ་དཀར་པོས་གཡོན་བསྐོར་དུ་ཐོག་མར་གདན་ཐབས་ཀྱི་ཆོས་འབྱུང་དང་དེ་ནས་ཁང་ཐབས་ཀྱི་ཆོས་འབྱུང་བྲི་ཞིང་དེ་ནས་ཅི་རིགས་པ་བྲིའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་སྤྱི་ལ་སློབ་དཔོན་གྱིས་རྩིག་པ་འཁོར་བར་ངེས་པར་བྲི་དགོས་ལ། དེ་ནས་གཞན་གྱིས་ཀྱང་བྲིར་རུང་བ་ལྟར་འདིར་ཡང་ཆོས་འབྱུང་གི་རེ་ཁ་ནི་སྒྲུབ་པ་པོ་ཉིད་ཏམ་སློབ་དཔོན་དུ་གནས་པས་ངེས་པར་བྲི་དགོས་སོ། །དེ་ཡང་ཆོས་འབྱུང་གི་རེ་ཁ་དཀར་པོ་ནང་དམར་པོ་པདྨའི་ ― KMC013_Page_0129 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟེ་བ་དམར་གེ་སར་དམར་སེར་འདབ་མ་བཞི་ཕྱོགས་མདོག་གོང་རས་མཛེས་ཚོན་མུ་ཁྱུད་དང་ཁྱམས་ལྗང་གུ། ཕྱི་རོལ་གཞི་ནག་པོ་ལ་ཐོད་ཕྲེང་ཁ་གཡོན་དུ་ལྟ་བ་དཀར་པོ། རྡོ་རྗེ་སེར་པོ་གཞི་ལྗང་གུ་ཞེས་བླ་མ་རྣམས་གསུང་ཡང་ཞལ་གདམས་ཀྱི་བཅུ་གསུམ་པར་དེའི་ཕྱི་རོལ་ཕྱོགས་ཚོན་དུ་བྲི་ཞིང་མེ་རིས་བསྐོར་ཞེས་པས་གཞིི་ཕྱོགས་ཚོན་མེ་རི་ཁ་དོག་སྣ་ཚོགས་གཡོན་དུ་འཁྱིལ་བ། ཟུར་བཞིར་རྡོ་རྗེ་ཕྱེད་པ་སེར་པོ་རེ་བྲི་སྟེ་རྡོ་ར་མེ་རི་ན་ལོགས་ཀྱིས་སྲུང་འཁོར་རྡོ་རྗེ་ཕྱེད་པ་གཞི་ནི་འོག་གི་གཞི་ཅུང་ཟད་སྣང་བ་སྟེ་དེ་རྣམས་སྟོང་པའི་རང་བཞིན་ནོ། །ཐོད་ར་ནི་དུར་ཁྲོད་བརྒྱད་སྤྲོས་པ་བསྡུས་པ་སྟེ་དངོས་གྲུབ་སྒྲུབ་པའི་གནས་དང་རོ་མཉམ་པ་དང་ཉམ་ང་མེད་པ་མཚོན་ལ། འབྲིང་ལ་བདག་མེད་དང་། ཐ་མ་ལ་མི་རྟག་པ་མཚོན་ནོ། །ཁྱམས་སྟོང་ནི་ཆོས་ཀྱི་དབྱིངས། ཆོས་འབྱུང་གདན་ཐབས་ནི་འཁོར་བ་དག་པ། ཁང་ཐབས་ནི་མྱང་འདས་དག་པ། གཉིས་ཀའང་བདེ་བའི་བརྡར་ཕྱི་དཀར། སྟོང་པའི་བརྡར་ནང་དམར། རྣམ་ཐར་སྒོ་གསུམ་གྱིས་ཟུར་གསུམ་དང་། ཁྱད་པར་ཁང་ཐབས་ནི་འཁོར་བ་མ་སྤོོང་བས་རྩ་བ་ཕྲ་བ་ཐུར་དུ་ ― KMC013_Page_0130 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟུག་པ་ཡོན་ཏན་རྫོགས་པས་ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་མཚན་རྟོག་གི་གནས་པ་མེད་པའི་ཕྱིར་སྒོ་མེད་པའོ། །དམ་པ་ཁ་ཅིག་ཆོས་འབྱུང་གཉིས་དབྱེར་མེད་དུ་གྱུར་པ་དང་། ཁ་ཅིག་གཉིས་ག་ཁང་ཐབས་ལ་ཁ་སྦྱོར་བསྣོལ་མར་གསུངས་ཀྱང་ཟིན་བྲིས་གསུམ་དུ་འདི་ལྟར་བཞེད་ལ། མཚུར་ལུགས་སུ་སྐྱེ་གནས་ཀྱི་རྣམ་པར་མཛད་དོ། །ཕྱི་སྣོད་ཀྱི་འཇིག་རྟེན་དག་པ་རྟེན་གྱི་དཀྱིལ་འཁོར་རོ། །པདྨའི་ལྟེ་བར་ཉི་མ་ལ་གྲི་གུག་ཡུ་བ་རྡོ་རྗེ་ཕྱེད་པ་སེར་པོ་སྔོན་པོ་བྲི། མཚོན་ཆ་རྣམས་སློང་བའི་ཚེ་ཡུ་བ་ས་ལ་འཛུགས་པའི་ཕྱིར་བྲི་བྱ་ལ་འདི་ཡུ་བ་ཤར་དུ་སྟོན་དགོས་ཅེས་རྗེ་ཕྲིན་ལས་ཞབས་གསུང་ངོ་། །ཤར་དུ་རྡོ་རྗེ་སྔོན་པོ། ལྷོར་རིན་ཆེན་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ་སྟེ་ལྷ་མོ་ལྔའི་ཕྱག་མཚན་ཏེ་ཕྱག་མཚན་སོ་སོའི་ལྟེ་བར་མེ་ཏོག་དམར་པོའམ་འབྲུ་ལི་ཁྲིའམ་རྒྱ་སྐྱེགས་ཀྱིས་ཁ་བསྒྱུར་བའི་ཚོམ་བུ་རེ་ཡང་བྱའོ། །ཆོས་འབྱུང་གི་ཁུག་དྲུག་ཏུ་སྭསྟི་ཀའམ་དགའ་བ་འཁྱིལ་བ་དཀར་པོ་གཡོན་དུ་འཁོར་བ་རེ་རེ་སྟེ་གོ་ཆའི་དཔའ་མོ་དྲུག་སྐུ་སྦས་པའི་རྣམ་པ་ཅན་ནོ། །རྗེ་ཀརྨ་པ་བདུན་པའི་ཞལ་གཟིགས་ཀྱི་དཀྱིལ་ཐང་ལ་ནི་ ― KMC013_Page_0131 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྱམས་ཀྱི་ནང་དྲུག་ལ་མཚམས་གཅོད་ཀྱི་ཁྲོ་མོ་དྲུག་དང་། མེ་རིའི་ཕྱི་རོལ་ཏུ་ཡུལ་ཉེར་བཞིའི་ཞིང་སྐྱེས་རྣམས་བུད་མེད་རྒས་འཁོགས་པ་དང་ལང་ཚོ་ལ་བབ་པ་དང་གཞོན་ནུ་མ་དང་ཆོས་མཁན་མོ་དང་ཆང་ཚོང་མ་དང་སྨད་ཚོང་མ་དང་ཁྲུས་མཁན་མ་དང་ཤན་པ་མོ་དང་བྲམ་ཟེ་མོ་དང་ཆོམ་རྐུན་མོ་དང་ཐ་ག་མོ་སོགས་བཀོད་པ་རྙིང་མའི་མཁའ་འགྲོ་སྙིང་ཐིག་ལས། ལ་ལ་བུད་མེད་རྒན་མོ་སྟེ། །ཞེས་སོགས་གསུངས་པ་དང་མཐུན་པར་ཡོད་དོ། །སྤྱིར་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། མཚོན་བྱེད་ཚོམ་བུ་དང་ལྡན་པའི་དཀྱིལ་འཁོར་ཏེ་བཞིར་ཨ་བྷྱ་ཞབས་སོགས་ཀྱིས་བཤད་པ་ལས་སྐུ་ཕྱག་རྒྱ་དང་ལྡན་པའི་དཀྱིལ་འཁོར་ལ་ཡང་ལྷ་སོ་སོའི་ཕྱག་རྒྱའམ་ཕྱག་མགོ་བྲི་བ་དང་སྐུ་ཡོངས་རྫོགས་བྲི་བ་དང་ལུགས་མའམ་གླེགས་བུ་ལ་བྲིས་པ་ལྟ་བུའི་སྐུ་སོ་སོར་འཇོག་པ་སྟེ་གསུམ་དུ་ཡོད་ལ། འོན་ཡང་འཇིགས་བྱེད་དང་ཕག་མོ་ལྟ་བུ་གཅེར་བུ་རྟོག་མེད་དང་ཁ་སྦྱོར་གྱི་སྐུ་ནི་གསང་བའི་རྒྱུད་ཀྱི་ལྷ་ཡིན་པས་སྣོད་དུ་མི་རུང་བས་མཐོང་དགོས་པ་ཡོད་ན་ནི་སྐུ་ཡོངས་རྫོགས་མི་བྲི་བར་ས་བོན་དང་ཚོམ་བུ་སོགས་འགོད་པ་སྟེ། ― KMC013_Page_0132 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདེ་མཆོག་རྩ་རྒྱུད་ལས། དཔའ་བོའི་དབང་ཕྱུག་མི་བྲི་ཞིང་། །རྣམ་པ་ཀུན་ཏུ་སྦ་བར་བྱ། །ཞེས་སོགས་གསུངས་ཅིང་དྲི་མེད་འོད་ལས་ཀྱང་བཤད་དོ། །དེས་ན་ཚོམ་བུ་དང་ཕྱག་མཚན་གང་རུང་གིས་ཆོག་པ་ནི་སྦྱིར་བཏང་ཡིན་ལ། འདིར་ནི་ཕྱག་མཚན་དང་ཚོམ་བུ་གཉི་ག་ལྷན་ཅིག་ཏུ་ངེས་པར་བྱེད་དེ། རང་རང་ཕྱག་མཚན་སྟེང་དུ་དགོད། །མེ་ཏོག་དམར་པོའི་ཚོམ་བུ་འང་དགོད། །ཅེས་དང་། ཞལ་གདམས་དང་པོར། དེ་ལ་དབུས་སུ་གྲི་གུག་ནས་བྱང་དུ་རལ་གྲིའི་བར་བྲིས་ལ། སྟེང་དུ་ནས་སམ་མེ་ཏོག་གི་ཚོམ་བུ་ལྔ་དགྲམ། ཞེས་སོ། །ཞལ་གདམས་ཀྱི་ཡི་གེ་དུ་མ་ན་པདྨའི་ལྟེ་བར་ཆོས་འབྱུང་བསྣོལ་མ་བྲི་བར་བཤད་པ་བྱུང་ཡང་ཡི་གེ་ཉམས་པ་ལས་འཕེལ་བ་སྟེ་རྒྱུད་པའི་ཕྱག་བཞེས་ནི་བཤད་པའི་འདི་ཉིད་དོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་ཚར་ནས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྟེང་གི་ནམ་མཁའི་དཀྱིལ་འཁོར་ཕབ་སྟེ་རྟེན་བརྟེན་པ་སོ་སོ་ལ་བསྟིམ་པར་བྱ་སྟེ་ནམ་མཁའི་དཀྱིལ་འཁོར་འོག་ནས་འབྱུང་བ་བཞི་ལའང་དེ་བཞིན་ནོ། །གཉིས་པ་བུམ་པའི་དཀྱིལ་འཁོར་ནི། གཞུང་དུ་མི་གསལ་ཡང་ཞལ་གདམས་ཀྱི་བཅུ་ ― KMC013_Page_0133 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་པར། དེ་ནས་རིན་པོ་ཆེའི་བུམ་པ་ག་དར་བྱས་ལ་བགེགས་སྐྲད་དེ་ལྔ་ཚན་ལྔའི་བུམ་རྫས་བླུག་དར་ཁ་དོག་ལྔའི་མགུལ་རྒྱན་སྲོག་ལྔ་དང་ལྡན་པས་ལེགས་པར་བརྒྱན་པ་མཎྜལ་གྱི་དབུས་སུ་བཞག་ཞེས་པས་རིན་པོ་ཆེའི་བུམ་པ་དམར་པོ་ཞབས་ཞུམ་ཞིང་ལྟོ་བ་ལྡིར་བ་ལེགས་པར་ཕྱིས་པ་མགྲིན་པ་ཕྲ་ཞིང་ཁ་ཡངས་པའི་མཆུ་ཕྱི་རོལ་དུ་འཕྱང་བ་གུ་གུལ་གྱིས་བདུགས་ཅིང་བགེགས་བསྐྲད་དེ་ལྔ་ཚན་ལྔའི་བུམ་རྫས་བླུག་དར་ཁ་དོག་ལྔས་མགུལ་རྒྱན་ཟུར་ལྔ་པར་བྱས། ཕྱོགས་བཞིར་ཕྱག་མཚན་བཞི་དང་ཤར་གྱི་སྟེང་དུ་གྲི་གུག་དགོད་པ་རྣམས་བྲི་བའམ་གདགས། བིགྷན་བཟླས་པའི་སྐུད་པ་དམར་པོ་རྡོ་རྗེའི་མདུད་པ་ཅན་བདུན་གྱིས་དཀྲི། བདུད་རྩི་རིལ་བུ་དང་ལྡན་པ་ཆུ་གཙང་མས་བཀང་སྟེ་སྟེགས་བུ་ཆུང་ངུའི་སྟེང་དུ་དཀྱིལ་འཁོར་གྱི་དབུས་སུ་བཞག་གོ། །འདིར་སྒྲུབ་ཐབས་སུ་རྩ་བ་དང་ནག་པོ་མེད་པ་ཅེས་པ་ལ་རྗེ་ཕྲིན་ལས་ཞབས་ནི་གཙོའམ་གཡའ་མེད་པའི་དོན་དུ་བཞེད་ལ། སྤྱི་ཁྱབ་ནི་ཞབས་ཆེད་དུ་མ་སྦྱར་བའི་དོན་དུ་འཆད་དེ་རྒྱུད་མང་པོ་ལས། བུམ་པ་ཞབས་མེད་ལྟོ་བ་ཟླུམ། །ཞེས་བསྒྱུར་བའི་ཕྱིར་རོ། །ཁ་རྒྱན་ ― KMC013_Page_0134 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་མེ་ཏོག་དང་ཡལ་ག་དང་འབྲས་བུ་ཐམས་ཅད་དམར་པོར་ལྡན་པའི་ཤིང་གི་ཡལ་གས་བྱ་ལ། ཀུ་ཤ་ནི་ཕྱི་རོལ་པའི་བྲམ་ཟེ་རྣམས་ཀུ་ཤ་དག་བྱེད་དུ་སྨྲ་བ་རྗེས་སུ་བཟུང་ཕྱིར་རྒྱུད་སྡེ་འོག་མར་བཤད་ཀྱི་བླ་མེད་དུ་ནི་གཙོ་བོར་མི་བྱེད་དོ། །འདིར་བུམ་རྫས་ནི་སློབ་དཔོན་ཨ་བྷྱ་ཞབས་སོགས་དང་མཐུན་པར་ཕྱག་བཞེས་ལ་སྨན་ལྔ་ནི་བྲྀ་ཧ་ཏི་ཞེས་པ་སྟག་ཚེར་ཏེ་སེ་འབྲུའི་མེ་ཏོག་གམ་མ་རྙེད་ན་སེ་བ་དྲི་ལྡན་གྱི་མེ་ཏོག་གོ། །དཎྚོཏྤལ་དབྱུག་པའི་ཨུཏྤལ་སྟེ་ཨུཏྤལ་སྔོན་པོ་དེང་སང་གངས་ཀྱི་རི་བོའི་ངོགས་ཀྱི་སྨན་ལྗོངས་སུ་སྐྱེ་བའོ། །ཐ་སྙད་པ་ཁ་ཅིག་འཆི་མེད་མཛོད་ལས་ཨུཏྤལ་ནི་འདབ་མ་གཉིས་པའོ་ཞེས་བྱུང་བས་སྲན་མའི་མེ་ཏོག་སོགས་ཨུཏྤལ་ཕྱོགས་མཐུན་ནོ་ཟེར་བ་ལ་ནི་སྙིང་པོ་ཅི་ཡོད་དེ་འདབ་མ་གཉིས་པའང་སྲན་མའི་མེ་ཏོག་ལྟ་བུ་ལེབ་མོ་དེ་འདྲ་ག་ལ་ཡིན་ཏེ་འདབ་མ་ཆེན་པོ་གཉིས་གཉིས་ཕན་ཚུན་བསྣོལ་བའི་རིམ་པ་དུ་མ་ཅན་ལ་སྐབས་དེའི་ཨུཏྤ་ལར་བསམ་པའོ། །སྤྱིར་ཨུཏྤལ་ཆུ་ནང་གི་མེ་ཏོག་ཏུ་བཤད་པ་མང་ཡང་ཨུཏྤལ་སྐམ་ས་ལས་མི་སྐྱེ་བ་ནི་མ་ཡིན་ཏེ་རི་བོའི་ངོས་ཨུཏྤལ་སྔོན་པོས་ཁེབས་པ་ཅེས་ཀྱང་བཤད་ཅིང་ཇོ་བོའི་ལམ་ཡིག་ ― KMC013_Page_0135 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏུ་སྤང་རྒྱན་སྔོན་པོ་འདི་ཨུཏྤལའི་རིས་སུ་འདུག་པ་ལ་བོད་ལྷགས་པ་ཆེ་བས་ཁ་མ་ཕྱེད་པར་སྣང་གསུང་ངོ་ཞེས་བཤད་ལ། འདབ་མའང་གཉིས་པ་དང་འདབ་མ་བཞི་པ་དང་འདབ་མ་བརྒྱད་པ་དང་བཅུ་དྲུག་པ་དང་བརྒྱ་དང་སྟོང་སོགས་ཀྱང་འཇམ་དབྱངས་དང་སྒྲོལ་མའི་སྒྲུབ་ཐབས་ཐ་དད་པ་དག་ལས་བཤད་དོ། །ཤྭེ་ཏ་ཨ་པ་ར་ཛི་ཏ་གཞན་གྱིས་མི་ཐུབ་པ་དཀར་པོའམ་གཞན་ལས་རྒྱལ་བ་དཀར་པོ་སྟེ་ཤུ་ཐག་དཀར་པོ་དྲི་དང་བྲལ་བའོ། །ཀནྡྷ་ཀ་རི་ནི་ཚེར་མ་བྱེད་པ་སྟེ་སེ་བ་གཞོན་ནུ་འདྲ་བར་གསོ་དཔྱད་ལས་གྲགས་པ་འདིའོ། །ཧ་ས་དེ་ཝ་ནི་ལྷ་དང་བཅས་པ་སྟེ་ཅོ་ག་མགོ་སྨན་ཞེས་གསོ་དཔྱད་པའི་སྲོག་ཆགས་ཀྱིས་བརྙེད་པའི་སྨན་བརྒྱད་ཀྱི་ཡ་གྱལ་དུ་འདྲེན་པ་དེའོ། །རིན་པོ་ཆེ་ལྔ་ནི་སུ་ཝརྞ་ཁ་དོག་བཟང་པོ་ཅེས་པ་གསེར་ཏེ་ལྕགས་རིགས་སེར་པོ་ཉིད་དོ། །རུ་པ་དངུལ་ཏེ་ལྕགས་རིགས་དཀར་པོའོ། །པདྨ་རཱ་ག་ནི་པདྨ་ལྟར་དམར་བ་སྟེ་ཤེལ་དམར་པོའོ། །བཻ་ཌཱུརྱ་ནི་ནམ་མཁའི་མདོག་ཅན་ཏེ་ཆུ་ལྟ་བུ་ལ་ནམ་མཁའི་མདོག་ལེན་པ་ཅིག་ཡིན་ལ། ཨནྡྷ་སྙི་ལ་ནི་ཐོ་རངས་ཀྱི་ནམ་མཁའ་ལྟ་བུ་སྟེ་སྔོ་སྐྱ་དང་། ཨིནྡྲ་ནཱི་ལ་ནི་དབང་ ― KMC013_Page_0136 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་སྔོན་པོ་སྟེ་སྔོ་དམར་རམ་མཐིང་དམར་དུ་ཡོད། མརྐ་ཏ་ནི་ལྗང་གུ་སྟེ་བཞི་གའང་ཤེལ་ཁ་དོག་ཐ་དད་པ་སྟེ་གང་རྙེད་ཅིག་གོ། །མུཀྟ་ཀ་ནི་མུ་ཏིག་སྟེ་སྲོག་ཆགས་སྤང་རྩི་བྱ་བ་དུང་འདྲ་བ་ལ་རུས་པ་འཇའ་འོད་ཀྱི་མདོག་ཅན་ཞིག་གི་ནང་ནས་སྐྱེ་བའི་སྲོག་ཆགས་ཀྱི་རུས་པ་ཡིན་ལ་ཁ་དོག་ལྔ་ཀའང་འབྱུང་བར་བཤད་དོ། །དེ་ལྟར་ཤེལ་རིགས་གཉིས། ལྕགས་རིགས་གཉིས། སྲོག་ཆགས་ཀྱི་རིན་པོ་ཆེ་གཅིག་སྟེ་ལྔའོ། །ཤེལ་རིགས་མ་རྙེད་ན་པད་རག་གི་གནས་སུ་པ་ཝ་ར་བྱུ་རུ་དང་བཻ་ཌཱུརྱ་སོགས་ཀྱི་ཚབ་ཏུ་ར་བི་ཏྲི་སྟེ་མུ་མེན་གཞུག་གོ། །བྱུ་རུ་ནི་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལས་སྐྱེ་བའི་ལྡུམ་བུའི་རིགས་ཡིན་ལ། མུ་མེན་ནི་གསེར་གྱི་སྙིགས་མ་དང་གཡའ་འདྲེས་པའི་ནུས་པ་ལས་བྱུང་བའི་རྡོའོ། །དེ་ཡང་མ་རྙེད་ན་གསེར་དངུལ་ཟངས་ལྕགས་གཤའ་ཙེ་དཀར་པོ་སྟེ་ལྕགས་རིགས་ཁོ་ནའི་རིན་པོ་ཆེ་ལྔ་བྱའོ། །དྲི་ལྔ་ནི། ཀཔྤུར་ག་བུར་ཏེ། གཙོ་བོར་དེའི་ཤིང་གི་ཐང་ཆུ་ཡིན་པ་གཞན་ཡང་ཆུ་བོ་དང་གངས་དང་འཁྲི་ཤིང་ལས་བྱུང་བའང་ཡོད་དོ། །ལ་ཝངྒ་ལི་ཤི་སྟེ། ཛ་ཏིའི་མེ་ཏོག་ཡིན་པར་ཛོ་གི་དག་ལས་ཐོས་སོ། །ཛཱ་ཡི་པ་ད་ནི་ཛ་ཏི་ཕ་ལ་སྟེ། ཛ་ཏི་ཕྱི་ ― KMC013_Page_0137 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྣུམ་ཞིང་ནང་ན་ཛ་ཏི་ཆུ་ངུ་ཞིག་ཡོད་པས་རྣ་བར་དཀྲོལ་ན་སྒྲ་འབྱུང་བ་ཡིན་ལ་མ་རྙེད་ན་ཛ་ཏི་གང་ཡང་རུང་བའོ། །ཀུ་ཀུ་མ་ནི་གུར་གུམ་སྟེ། རི་སྤོས་ངད་ལྡང་དུ་སྐྱེ་བ་ལས་དགྲ་བཅོམ་པ་ཉི་མའི་གུང་པས་ཁ་ཆེའི་ཡུལ་མཚོར་གནས་པ་ཉི་མའི་རྫུ་འཕྲུལ་གྱིས་བསྐམས་ནས་ཀླུ་ལས་ཡུལ་བསླངས་ཏེ་གྲོང་ཁྱེར་བཀོད་ཅིང་ཀླུ་འཁྲུགས་པ་གསོ་བའི་ཕྱིར་ས་བོན་བླངས་ཏེ་བསྐྲན་པས། དེང་སང་ཁ་ཆེར་སྐྱེ་བ་སྟེ་མེ་ཏོག་དྲིལ་བུ་ལྟ་བུ་ཞིག་གི་གེ་སར་རིང་པོ་ཅིག་ཡོད་པ་ཕྱུང་བའོ། །ཙནྡན་ནི་ཙནྡན་ཉིད་དེ་བོད་ན་དེའི་ཤིང་མེད་པས་རྒྱ་སྐད་རང་སོར་བཞག་པ་སྟེ་དཀར་དམར་གང་ཡང་རུང་བའོ། །ཡང་ན་ཛ་ཏི་དང་ལི་ཤི་དྲི་ནུས་ཕྱོགས་མཐུན་པའི་ཕྱིར་གང་ཡང་རུང་བའི་ཚབ་ཏུ་ཨེ་ལ་ཅི་སུག་རྨེལ་ཏེ་ཨེ་ལ་ཆུང་ངུའི་འབྲས་བུ་གཞུག་གོ། །ཡང་ཙནྡན་གྱི་གནས་སུ་ཀ་ཀོ་ལ་བཅུག་པ་ཡང་ཡོད་དོ། །འབྲུ་ལྔ་ནི། འབྲས་སཱ་ལི་སྟེ་འབྲས་མ་དྲུས་པ་དང་། ཛ་ཝ་སྟེ་ནས་དང་། གྷེ་ཧུ་མ་སྟེ་གྲོ་དང་། ཏིལ་ལ་སྟེ་ཏིལ་དཀར་པོ་དང་། ཀ་ལཱ་ཝ་སྲན་མ་སྟེ་མོན་སྲན་དྲེའུ་སོགས་སམ་སྲན་མ་མ་ཤ་ཀ་དཀར་པོའམ་མ་རྙེད་ན་བོད་སྲན་ཉིད་དོ། །སྙིང་པོ་ལྔ་ནི། ― KMC013_Page_0138 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་དྷུ་སྦྲང་རྩི་སྟེ་མེ་ཏོག་གི་སྙིང་པོའོ། །གུ་ཌ་བུ་རམ་སྟེ་ཤིང་གི་སྙིང་པོའོ། །གི་ཧུ་མར་རམ། ཡང་ན་དུ་དྷ་ཞེས་འོ་མ་སྟེ་རྩི་ཐོག་གི་སྙིང་པོའོ། །ལཽ་ཎ་ལན་ཚྭ་སྟེ་ཆུའི་སྙིང་པོའོ། །ཁཎྜ་ཞེས་ཀ་རའམ་ཡང་ན་ཧ་རི་ཏ་ཀ་ཞེས་ཨ་རུ་ར་གཞུག་པ་སྨན་གྱི་སྙིང་པོ་སྟེ་རྒྱུད་ཀྱི་ལག་ལེན་པ་ཁ་ཅིག་འབྲུ་བཅུད་ཀྱི་སྙིང་པོ་ཆང་ཞེས་ཀྱང་འདོད་དོ། །སྐད་དོད་འདི་རྣམས་ཁ་ཅིག་སཾསྐྲྀ་ཏ་དང་ཕལ་ཆེར་ཡུལ་དབུས་ཀྱི་ཕལ་སྐད་དུ་ཡོད་ལ། སྙིགས་མའི་དུས་འདིར་བྱིས་པ་དག་དཔེ་ཆ་དེ་ཚར་རེ་སྡོང་དུ་ཀློག་པའང་མི་ནུས་བཞིན་དུ་སློབ་དཔོན་བྱེད་པ་རྣམས་ལ་བརྩེ་བས་བཙལ་སླ་བའི་ཕྱིར་རེའུ་མིག་ཡང་བྲིས་པ་འདིའོ། །སྨན་ལྔ། སེ་བའི་མེ་ཏོག ཨུཏྤ་ལ་སེར་པོ། ཤུ་དག་དཀར་པོ། ཀནྡྷ་ཀ་ར། ཅོ་ག་མགོ་སྨན། འབྲུ་ལྔ། འབྲས་སོ་བ། ནས། གྲོ། ཏིལ་དཀར། སྲན་མའོ། རིན་པོ་ཆེ་ལྔ། གསེར། དངུལ། པད་རག་བྱུ་རུ། ཨིནྜ་ནི་ལ་མར་གད་གང་རུང་། མུ་ཏིག་གཤའ་ཚེ། དྲི་ལྔ། ག་པུར། ལི་ཤི། ཛ་ཏི་སུག་སྨེ། གུམ་གུམ། ཙནྡན་ཀོ་ལ། སྙིང་པོ་ལྔ། སྦྲང་རྩི། བུ་རམ། འོ་མ་མར། ཀ་རའམ་ཨ་རུ་ར། བུམ་སྨན་ཉེར་ལྔ་པོ་འདི་རྣམས་ལེགས་པར་ཚོགས་པ་བུམ་པར་ཁྲོལ་བུར་བླུག་པར་བྱ་ཡི། དཔལ་ས་སྐྱ་པ་རྣམས་བུམ་སྨན་སྨན་རྣམས་སྦྱར་བའི་རིལ་བུ་བྱེད་པ་ ― KMC013_Page_0139 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདིས་ནི་བརྡ་མཚོན་ཙམ་དུ་འགྱུར་མོད། རིལ་བུ་བྱེད་པར་བཤད་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་རིལ་བུར་སྒྲུབ་ཚུལ་སོགས་དགོས་པ་ལས་མ་བྱུང་ཞིང་དུས་ཀྱི་འཁོར་ལོའི་བུམ་རྫས་ཀྱི་རིན་པོ་ཆེ་སོགས་མཐར་བུམ་པ་ནས་ཕྱུང་ནས་འདི་ལྟར་བྱ་བའང་བཤད་པས་བསྲེས་པའི་རིལ་བུ་ལ་ནི་དེ་ལྟ་བུ་རུང་བ་མ་ཡིན་ནོ། །དེས་ན་ཡོ་ག་བ་སྔ་རབས་པ་རྣམས་གཞན་རྣམས་ཁྲོལ་ལུགས་དང་རིན་པོ་ཆེ་རྣམས་གཟུངས་ཐག་རྡོ་རྗེ་ལ་བཏགས་ནས་འཕྱང་བར་བྱེད་པ་ལྟར་ཁྲོལ་ལུགས་སུ་བྱ་ཞིང་། ཡང་ན་ལྔ་ཚན་རེ་རེ་ཞིང་ཐུམ་བུ་བྱས་ཏེ་འཕྱང་དུ་གཞུག་པའང་ཡིན་ནོ། །དེང་སང་ཕྱག་བཞེས་ལ་སྒྲུབ་པའི་ཚེ་བུམ་པ་བཤམ་པ་ཉིད་མཛད་པ་ནི། མཐར་ཏིང་ངེ་འཛིན་གྱི་བདག་འཇུག་བརྒྱ་སྟོང་སོགས་བྱེད་པའི་དབང་དུ་མཛད་པ་སྟེ། གལ་ཏེ་བདག་འཇུག་དང་སློབ་མ་དབང་བསྐུར་མི་བྱེད་པའི་སྒྲུབ་པ་རྐྱང་པ་ཡིན་ན་ནི་བུམ་པ་བཤམ་མི་དགོས་ཏེ། ཞལ་གདམས་ཀྱི་དང་པོ་གསང་སྒྲུབ་ཀྱི་ཞལ་གདམས་སུ་བཤམ་པར་མ་གསུངས་ཅིང་། བཅུ་གཉིས་པ་སློབ་མ་རྗེས་འཛིན་གྱི་ཞལ་གདམས་ལས་བཤམ་པར་གསུངས་པའི་རྣམ་བཅད་ཀྱིས་སོ། ། ― KMC013_Page_0140 ―
[མ་དཔེ་གཟིགས་ན་འདིར་གནོན།]
མདོར་ན་ཕྱིས་སྐྱེད་པར་འགྱུར་བའི་ཆ་ནས་བུམ་པའི་དཀྱིལ་འཁོར་ཞེས་བྱའོ། །གསུམ་པ་ཐོད་པའི་དཀྱིལ་འཁོར་ནི། ཐོད་པ་མཚན་ལྡན་པང་དུ་བཞག་བསང་སྦྱང་བྱས་ཏེ་ནམ་མཁའི་དཀྱིལ་འཁོར་སྔོན་དུ་འགྲོ་བས་སིཧླ་དང་བདུད་རྩི་དང་གུར་གུམ་གྱིས་ཐོད་པའི་ནང་དུ་ཟླུམ་སྐོར་ཆོས་འབྱུང་བསྣོལ་མ་པདྨ་འདབ་བཞི་ས་བོན་ལྔ་དགའ་འཁྱིལ་དང་བཅས་པ་བྲིས་ལ་བསྟིམ་ནས་ནང་མཆོད་ཀྱིས་བཀང་། བདུད་རྩི་རིལ་བུ་སྦྱར། རིན་པོ་ཆེ་དང་འབྲུ་དང་སྨན་དང་སྙིང་པོ་ལྔ་སོགས་གང་དངོས་གྲུབ་དུ་འདོད་པའི་རྫས་ཀྱང་བླུགས་ཏེ་བུམ་པའི་སྟེང་དུ་ཁྲིའུ་ཞིག་གི་ཁར་དཔྲལ་བ་རང་ལ་ཕྱོགས་པས་བཞག་གོ། །འདི་ནི་རྒྱུན་གྱི་སྒྲུབ་པའི་དབང་དུ་བྱས་པ་སྟེ། ཞལ་གདམས་ལས། ཁྲིའུ་འམ་མནྫིའི་སྟེང་དུ་ཐོད་པ་མཚན་ལྡན་ཆང་གིས་བཀང་བའི་ནང་དུ་ཨ་མྲྀ་ཏའི་རིལ་བུ་དང་། རིན་པོ་ཆེ་ལྔ་དང་། ཨ་རུ་ར་དང་། འབྲུ་ལྔ། སྙིང་པོ་ལྔ། ཟངས་འཁོར་སོགས་གང་འདོད་པའི་རྫས་ཀྱིས་བཀང་། ཞེས་པ་ཉིད་དོ། །སྔོན་དུ་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་བདུད་རྩི་རིལ་བུ་སྒྲུབ་པ་ན་ནི་བཤལ་སྨན་དང་དུག་རིགས་མ་གཏོགས་རྩ་བརྒྱད་སྟོང་གི་སྨན་ཅི་འཛོམ་ ― KMC013_Page_0141 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ཡུལ་དག་པ་ལས་བྱུང་བའི་དམ་ཚིག་གི་རྫས་བཅུ་དང་། སྐྱེས་བུ་དམ་པའི་སྐུ་གདུང་དང་སྐུ་བལ་གྱི་རིང་སྲེལ་སོགས་དང་ཁྱད་པར་བརྒྱུད་པ་གོང་མའི་བདུད་རྩི་རིལ་བུའི་རྒྱུན་དང་ལྡན་པས་ཐམས་ཅད་བསང་སྦྱང་བྱས་ཏེ་སོ་སོར་ལེགས་པར་བཏགས་ཅིང་འདྲེས་པར་བྱས་པ་ལག་མཆོད་ཀྱིས་ཕོལ་ཙམ་དུ་བྲན་པ་བླུགས་ཏེ་དངོས་གྲུབ་ཏུ་འདོད་པའི་རྫས་གཞན་ཡང་བླུགས་ཏེ་འདི་ལྟར་དུ་སྒྲུབ་པ་ཡིན་ལ། དབང་བསྐུར་རབ་གནས་སོགས་རྐྱང་པའི་ཚེ་ནི་ནང་མཆོད་རིལ་བུ་ལྡན་པ་ཁོ་ནས་དགང་བ་ཡིན་ནོ། །བཞི་པ་དར་དམར་གྱི་དཀྱིལ་འཁོར་ནི། དར་དམར་པོ་ལ་བསང་སྦྱང་བྱས་ཏེ་ནམ་མཁའི་དཀྱིལ་འཁོར་དང་ལྡན་པས་སྔར་བཤད་པའི་རྫས་ཀྱིས་ཐོད་པའི་ནང་ཇི་ལྟ་བར་བྲིས་ཏེ་བསྟིམ་ནས་ཐོད་པའི་ཞལ་ཁེབས་བྱའོ། །ལྔ་པ་མཁའ་འགྲོ་མ་དབང་དུ་སྡུད་པའི་དཀྱིལ་འཁོར་ལོ་ནི། མེ་ལོང་གི་ནང་ངོས་སུ་བྲི་བ་སྟེ་བསང་སྦྱང་དང་ནམ་མཁའི་དཀྱིལ་འཁོར་སྔོན་དུ་འགྲོ་བས་རྫས་སྔ་མས་སྔ་མ་ཇི་ལྟ་བ་ལ་ཧྲཱིཿཡིག་གི་མཐའ་སྐོར་དུ་གཞུང་ནས་བཤད་པའི་ལས་སྦྱོར་གྱི་སྔགས་ཀྱིས་གཡོན་དུ་བསྐོར་བ་བྲིས་ཏེ་བསྟིམ་ ― KMC013_Page_0142 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའོ། །དྲུག་པ་སིནྡྷཱུ་རའི་དཀྱིལ་འཁོར་ནི། མེ་ལོང་གི་ཕྱི་ལ་བྲི་བ་སྟེ་དེ་ཡང་འབྲུག་གི་ལོ་འབྲུག་གི་ཟླ་བ་འབྲུག་གི་ཉི་མ་ཡོད་པའི་ཉིན་མགར་བ་འབྲུག་ལོ་པས་བརྡུངས་ནས་ཉི་མ་དེ་ཉིད་ལ་ཚར་བའི་ལིའི་མེ་ལོང་བུག་པ་དང་སྐྱོན་མེད་པ་ཅིག་གཞོན་ནུ་མ་གཙང་མ་གྲོང་པའི་ཆོས་ཀྱིས་མ་གོས་པས་ལུས་ལ་ཞག་གཅིག་ལས་མི་ཉུང་བར་བཅངས་པ་ཅིག་དགོས་པར་ཟིན་བྲིས་གསུམ་དུ་གསུངས་ལ། འཇམ་དབྱངས་ཆེན་པོས་མྱང་གི་གཏེར་མ་དཀར་མོ་སྐུ་སྒྲུབ་ལས་བཤད་ཀྱི་ལུགས་འདི་ལ་མེད་དོ་ཅེས་བྲིས་ཅིང་། ཁ་ཅིག་རྒྱ་གར་ན་ལོ་འགྲོས་བཅུ་གཉིས་ཀྱི་རྣམ་བཞག་མེད་པས་ན་མི་འཐད་དོ་ཟེར་མོད། སྤྱིར་ལོ་འགྲོས་བཅུ་གཉིས་རྒྱ་ནག་གི་རྩིས་ལུགས་ཀྱི་ཐ་སྙད་ཡིན་པས་རྒྱ་གར་གྱི་ཡུལ་དབུས་ན་མིང་གི་ཐ་སྙད་དངོས་སུ་མེད་པ་བདེན་ཡང་དོན་གྱིས་སྦྱར་དུ་ནི་ཡོད་དེ་བོད་དུ་བྱའི་ལོ་ནམ་བྱུང་བའི་ལོ་དེ་ལ་རྡོ་རྗེ་གདན་དུ་སངས་རྒྱས་ཀྱི་དུས་མཆོད་ཆེན་པོ་ཅིག་འབྱུང་བས་བྱ་ལོའི་དུས་མཆོད་ཆེས་བོད་དུ་སྒྲོག་སྟེ། རྗེ་མར་པས། ཆོ་འཕྲུལ་བྱ་ཡི་ལོ་དུས་སུ། །བདེ་གཤེགས་མཆོད་པ་མངའ་མཛད་ཕྱིར། །ཞེས་གསུངས་པ་ལྟར་ཡིན་པས་དེ་ ― KMC013_Page_0143 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟར་སྦྱར་ན་སྐྱོན་དེ་མི་འཇུག་ཞིང་བླ་མ་བརྒྱུད་པའི་ཕྱག་བཞེས་ཡིན་པར་ཡང་གོར་མ་ཆག་པས་འཛོམ་ན་ནི་དེ་ལྟར་ཤིན་ཏུ་བྱའོ། །དེ་ལྟ་བུ་མ་རྙེད་ན་ནི་མེ་ལོང་གཙང་མ་གཞོན་ནུ་མའི་ལུས་ལ་བཅང་དུ་བཅུག་པ་ལ་བྱ་བ་ལས་གཞན་ཅི་ཡོད་དེ། དེ་ལ་སྔུན་དུ་ནང་གི་དཀྱིལ་འཁོར་བྲིས་པ་དེ་མི་ཉམས་པར་བྱས་ནས་བསང་སྦྱང་དང་ནམ་མཁའི་དཀྱིལ་འཁོར་བྱས་ཏེ་སིནྡྷུ་ར་ཁོད་སྙོམས་པར་བདལ་བའམ་དེ་ཙམ་མ་འབྱོར་ན་ལག་མཆོད་ཀྱི་ཆང་གིས་སྙོམས་པར་བྱུགས་པ་ལ་སིནྡྷཱུ་ར་དར་དུ་བླུག་པས་བཏབ་སྟེ་ཆ་མཉམ་པ་ཉིད་ལ་གསེར་གྱི་སྨྱུ་གུས་འཁོར་ལོ་ནང་མ་ཇི་ལྟ་བ་ལས་སྔགས་ཕྲེང་གི་གནས་སུ་སྙིང་པོ་གཡོན་བསྐོར་དུ་བྲིས་པ་བྱས་ཏེ་བསྟིམ་ནས་དར་དམར་གྱི་སྟེང་དུ་བཞག་གོ། །འདི་དག་ནི་ཞལ་གདམས་དང་པོར། དར་དམར་པོས་ཞལ་གཡོགས་བྱ། དེའི་སྟེང་དུ་མེ་ལོང་གཙང་མའི་ནང་ངོས་སུ་སིཧླ་དང་ཆང་དང་གུར་གུམ་གྱིས་མཁའ་འགྲོ་མ་དབང་དུ་བསྡུ་བའི་འཁོར་ལོ་བྲིས་ལ་ཐོད་པའི་ཁ་བཅད། དེའི་སྟེང་སིནྡྷཱུ་ར་ལ་གསེར་གྱི་སྨྱུ་གུས་ཆོས་འབྱུང་པདྨ་དང་བཅས་པ་བྲིས་ཏེ་རང་གི་སྔགས་བཀོད་པ་བཞུགས་སུ་ ― KMC013_Page_0144 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསོལ། །ཞེས་དང་། བཅུ་གཉིས་པར། དེ་ཐོད་པའི་སྟེང་དུ་སྔགས་མགོ་རང་ལ་བསྟན་ལ་བཞུགས་སུ་གསོལ། ཞེས་སོ། །འདིར་མཁའ་འགྲོ་དབང་སྡུད་ཀྱི་འཁོར་ལོ་བྲི་བའི་རྫས་དེས་ཐོད་པ་དང་དར་དམར་ལ་བྲི་བ་ཡང་ཕྱག་བཞེས་ལ་བྱུང་གི་ཞལ་གདམས་སུ་མི་གསལ་ལ། དར་དམར་ལ་དཀྱིལ་འཁོར་མི་མཛད་པ་ཡང་ཁ་ཅིག་མཐོང་མོད། བདུད་རྩིའི་སྲུང་བར་ཡང་འགྱུར་བས་ཡོད་པ་ཉིད་ཕྱག་བཞེས་ལེགས་སོ། །འདིར་སིནྡྷཱུ་ར་ནི་གཙོ་བོར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཆུ་བོ་སིནྡྷཱུའི་འགྲམ་ཀ་ཝོ་ཀའི་གྲོང་ན་ཕག་མོའི་སྐུ་གཟུགས་རང་བྱུང་གི་གསང་བ་ལས་འབབ་པའི་རང་བྱུང་གི་ལི་ཁྲི་ཡིན་ལ། དེ་མ་རྙེད་ན་ཞ་ཉེ་ལས་བཅོས་པ་བཅོས་མའི་ལི་ཁྲི་ཡིན་ཏེ་གཞུང་དྲུག་པས། ཞ་ཉེ་དག་ལས་བྱུང་བའི་རྫས། །ཅེས་དེ་གཙོ་བོར་འཆད་དོ། །དེ་དག་མ་འབྱོར་བས་ནི་བོད་ཡུལ་གྱི་གྲུབ་པའི་གནས་ཙཱ་རིའི་རང་བྱུང་གི་ཕག་མོའི་གསང་བ་ནས་འབབ་པ་དེ་ལ་བྱའོ། །མདོར་ན་དཀྱིལ་འཁོར་དྲུག་པོ་འདི་ཐམས་ཅད་ཞལ་ལྟ་ཚུལ་མཚུངས་པར་སྒྲུབ་པ་པོ་ཤར་དུ་གནས་པ་ལ་གཟིགས་པ་ཉིད་དགོས་སོ། །བདག་འཇུག་དང་བཅས་པའི་སྒྲུབ་པ་ལ་དཀྱིལ་ ― KMC013_Page_0145 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཁོར་དྲུག་བརྩེགས་འདི་ངེས་པར་དགོས་ལ། བདག་འཇུག་མི་བྱེད་ན་བུམ་པ་ལས་གཞན་ལྔ་བརྩེགས་བྱ་ཞིང་། དབང་བསྐུར་རབ་གནས་དུས་བཟང་གི་མཆོད་པ་སོགས་ལ་ནི་རྡུལ་ཚོན་བུམ་པ་ཐོད་པ་སིནྡྷཱུ་ར་སྟེ་བཞི་པོ་བྱ་ཡི། དར་དམར་དང་མེ་ལོང་ནང་གི་དཀྱིལ་འཁོར་མི་དགོས་ཅིང་ཐོད་པ་ལའང་སྔོན་དུ་དཀྱིལ་འཁོར་བྲི་མི་དགོས་ཏེ་བདུད་རྩི་བླུགས་པ་ཉིད་ཀྱིས་གྲུབ་བོ། །དེ་ལྟར་གྲུབ་པ་དང་དཀྱིལ་འཁོར་དེ་ཐམས་ཅད་ཀྱི་སྟེང་ནས་དར་དམར་གྱི་གུར་ཕུབ་སྟེ་མདུན་ཕྱོགས་སུ་སྒོ་བསལ་བར་བྱ་བ་བཞག་ཤ་སྣ་ཚོགས་ཀྱི་གཏོར་མ་ལྔ་དང་མཆོད་རྫས་དང་ཚོགས་རྫས་ཀྱིས་བསྐོར། སྒྲུབ་པ་པོའི་མདུན་དུ་གཡོན་ནས་རིམ་བཞིན་ལག་མཆོད་དང་ཌ་མ་རུ་སྟེང་འོག་མ་འཁྲུལ་བ་དང་རྡོ་རྗེ་དང་དྲིལ་བུ་བཀོད་དེ་རྣམ་པར་རྟོག་པ་ནུབ་པའི་བརྡའམ་ཨོ་ཌི་ཡ་ན་སྒྲ་བསྡུས་པས་ཨོ་རྒྱན་ཏེ་རིང་འགྲོ་འམ་རིང་འཕུར་ཞེས་བྱ་བ་ནུབ་ཕྱོགས་ཨོ་ཌྱན་ན་རྡོ་རྗེ་རྣལ་འབྱོར་མ་བཞུགས་པ་མཚོན་པས་སྟན་ཅི་བདེ་བ་ལ་ལུས་གནད་བསམ་གཏན་གྱི་ཡན་ལག་ལྔས་ཁ་དཀྱིལ་འཁོར་ལ་ཕྱོགས་པས་འཁོད་དོ། །འདིར་ཌ་མ་རུ་ནི་སམྦྷུ་ཊ་ལས་བཤད་ ― KMC013_Page_0146 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ལྟར་བཛྲ་ཤཱིཪྵ་དང་ཙནྡན་དམར་པོ་སོགས་ལས་བྱས་པ་དཔངས་སུ་སོར་བཅུ་གཉིས། ཁའི་ཞེང་དུ་སོར་དྲུགཡང་ན་དཔངས་སོར་བཅུ། རྒྱར་སོར་ལྔ། ཡང་ན་དཔངས་སུ་དགུའམ་བཅུ་གཅིགཞེང་དུ་དེའི་ཕྱེད་དེ་རིགས་གསུམ་བཤད་ལ། ཡང་ན་ཐོད་པ་ལས་ཀྱང་བྱའོ། །ཤིང་གི་ནང་དུ་ཡི་དམ་གྱི་སྙིང་པོ་རྣམས་བྲི། སྤྲེའུའི་ལྤགས་པས་གཡོག་ཞིང་སྐྱེས་པའི་སྐྲས་བཅིངས་ཏེ་ཆུ་སྐྱར་གྱི་རྐང་གི་རུས་པ་བདར་བས་གདག་ཁྱིམ་གྱི་མེ་ཏོག་གིས་ཕྱི་ནས་སྟེང་ངོས་སུ་དཀྱིལ་འཁོར་ཏེ་པདྨ་ལ་ཡི་དམ་གྱི་ས་བོན་རྣམས་བྲི་ཞིང་འོག་མ་ལ་པདྨ་རྐྱང་པའམ་ཁ་ཅིག་པདྨ་ལ་ཆོས་སྐྱོང་གི་ས་བོན་བྲི་བར་འཆད་དོ། །འདི་ནི་ཌ་མ་རུ་དྲ་བ་མེད་པའི་དབང་དུ་བྱས་པ་སྟེ་འབྱོར་ན་དྲ་བ་ཅན་ནི་སྲོག་ཤིང་ནི་སྔར་ལྟར་ལ་ཤིང་དེ་འམ་གཞན་གྱི་རྒྱུ་ལས་དཔངས་སོར་ཕྱེད་ལྷག་ཙམ་དང་ཞེང་དུ་སྲན་མའི་ཚད་ཙམ་གྱི་སྒོར་མོ་སྲོག་ཤིང་ལས་སོར་ཕྱེད་གཉིས་ཙམ་གྱི་ཆེ་བ་ཨ་ལོང་གི་རྣམ་པ་གཉིས་བྱས་ཏེ་མིག་བཅུ་དྲུག་ཕུག་ནས་ལོགས་རེ་རེ་སྤྲེའུའི་ལྤགས་པས་གཡོགནང་ངོས་ལ་སྟེང་དུ་པདྨ་ལ་ཁྱིམ་གྱི་མེ་ཏོག་གིས་ལྟེ་བར་རྡོ་རྗེའི་དབུས་སུ་འཁོར་ལོ་སྡོམ་པའི་ས་ ― KMC013_Page_0147 ―
[མ་དཔེ་གཟིགས་ན་འདིར་གནོན།]
བོན་དང་མཐར་སྙིང་པོ་སོགས་བྲི། འོག་ངོས་ལ་ཆོས་འབྱུང་གི་ལྟེ་བར་ཡུམ་གྱི་ཧྲཱིཿདང་མཐར་སྔགས་བྲི། སྟེང་འོག་མ་འཁྲུལ་བར་སྲོག་ཤིང་དབུས་སུ་བཅུག་པ་ཁ་སྦྱར་ཏེ་བྱ་རྒོད་ཀྱི་རྒྱུས་པའམ་སྐྱེས་པའི་རྒྱུས་ཆེན་གིས་མིག་ནས་མིག་ཏུ་བསྐོར་ཞིང་སླར་འོག་མའི་མིག་ནས་མིག་ཏུ་ཕྱུང་བ་བསྣོལ་མའི་ཚུལ་གྱིས་མིག་མང་རིས་ཀྱི་དྲ་བར་སྦྲེལ་ཏེ་སྟེང་འོག་མི་ནོར་བའི་ཕྱིར་སྟེང་མ་ལ་པདྨའི་དབུས་སུ་རྡོ་རྗེ་དང་འོག་མ་ལ་པདྨ་རྐྱང་པ་བྲི། བཅིང་བ་དང་གདབ་པ་ནི་སྔ་མ་དང་མཚུངས་སོ། །རྒྱ་གར་གྱི་ཌ་མ་རུ་ཁ་ཅིག་སྙིང་ཤུན་གྱིས་གཡོགས་པ་དང་ཀླད་རྒྱས་གཡོགས་པ་ཡང་མཐོང་ངོ་། །རྡོ་རྗེ་དང་དྲིལ་བུ་ཡང་མཚན་ཉིད་དང་ལྡན་པ་སྟེ་འདིར་མང་བས་མི་བྲིའོ། །ཁ་ཅིག་ཌ་མ་རུ་དང་དྲིལ་བུ་ལྷན་ཅིག་ཏུ་དཀྲོལ་མི་རུང་སྟེ་གཉིས་ཀ་ཤེས་རབ་ཡིན་པས་སོ་ཞེས་ཟེར་བ་ནི། ཤེས་རབ་ཌ་མ་རུ་ཡི་སྒྲ། །ཞེས་པ་ཡིད་ལ་བཟུང་བར་སྣང་མོད་ཀྱང་རྟོག་པ་ཁོ་ན་ལས་དཔྱོད་པ་དང་བྲལ་བའི་གཏམ་སྟེ། ཚིག་དེ་ཉིད་ཀྱིས་དང་པོར། ཐབས་ཀྱི་གཟུགས་ཀྱི་ཅང་ཏེ་འུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཞེས་བཤད་པས་དེ་ནི་ཅང་ཏེའུའི་གཟུགས་དབྱིབས་ ― KMC013_Page_0148 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་ཆ་ནི་ཐབས་དང་དེའི་སྒྲ་ནི་ཤེས་རབ་ཏུ་བཤད་པས་ཐབས་ཤེས་དབྱེར་མེད་དུ་འཆད་པ་ཡིན་ལ། འདི་ནི་རྡོ་རྗེ་ལ་ཡང་ཕྱོགས་གཅིག་གི་རྭ་རྣམས་འཁོར་བ་དག་པ་དང་རྭ་གཞན་རྣམས་མྱང་འདས་དག་པར་བཤད་པས་ཐབས་ཤེས་སུ་གྲུབ་ཅིང་དྲིལ་བུ་ལ་ཡང་སྙེམ་མའི་ཞལ་ཤེས་རབ་དང་རྡོ་རྗེ་ཕྱེད་པ་ཐབས་དང་ནང་གི་སྦུབས་ཤེས་རབ་དང་སྐུལ་བྱེད་ཀྱི་ལྕེ་ཐབས་སུ་འགྱུར་བར་བཤད་པས་རྡོར་དྲིལ་ཡང་ལྷན་ཅིག་འཛིན་མི་རུང་བར་མི་འགྱུར་རོ། །གཞན་ཡང་ཡབ་ཀྱི་ཁ་ཊྭཱཾ་ག་ནི་ཤེས་རབ་མཚོན་ལ། ཡུམ་གྱིས་བཟུང་ན་ཐབས་མཚོན་པས་ན་བདེ་མཆོག་གི་ཕྱག་གསུམ་པ་གཉིས་ན་ཌ་མ་རུ་དང་ཁ་ཊྭཱཾ་བཟུང་བ་མི་རིགས་པ་དང་། རྣལ་འབྱོར་མ་རྣམས་ཀྱིས་གཡས་ཀྱིས་ཁ་ཊྭཱཾ་དང་གཡོན་དུ་ཌ་མ་རུ་བྱའོ་ཞེས་ཁྱེད་ཀྱིས་རྒྱུད་སར་དུ་གསུངས་ཅིགདེས་ན་ཐབས་ཤེས་ནི་བསམ་པ་དང་དགོས་པ་སོགས་རྟེན་ཞིང་འབྲེལ་འབྱུང་གི་དབང་ལས་གནས་སྐབས་ཐ་དད་པས་འགྱུར་བ་ཡིན་པར་གོ་དགོས་ཀྱི་བསྡུས་གྲའི་ཀ་བུམ་གཉིས་ལྟ་བུར་ནི་མ་འཛིན་ཞིགའོན་ཀྱང་བཅོམ་ལྡན་འདས་མའི་སྐབས་འདིར་ནི་སྤྱིའི་དམ་ཚིག་མ་གཏོགས་རོལ་མོ་ལ་དྲིལ་ ― KMC013_Page_0149 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུ་མེད་མི་རུང་ཁོ་ན་ཡང་མ་ཡིན་ཏེ་ཞལ་གདམས་ལས་ཐུན་མཚམས་སུ་ཌ་མ་རུ་དང་ཏིང་ཏིང་ཤག་དབུལ་བསྟོད་པ་བྱ་ཞེས་པ་ལས་མ་བྱུང་ཞིང་རྒྱ་གར་ན་རྣལ་འབྱོར་པ་རྣམས་ཚོགས་ཀྱི་འཁོར་ལོའི་ཚེ་ཡང་དེ་ལྟར་མཛད་པར་སྣང་སྟེ། རྗེ་མར་པའི་ཚོགས་མགུར་ལས། རྗེ་བཙུན་ན་རོ་པཎ་ཆེན་དེ། །རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས། །ཁྲུ་གང་ཙམ་གྱི་ན་མཁའ་ལ། །གཡས་བརྐྱང་གར་གྱི་རོལ་པས་བཞུགས། །རྣལ་འབྱོར་ཕོ་མོ་གཞན་རྣམས་ཀྱང་། །ཕྱག་གཡས་ཌ་མ་རུ་འཁྲོལ་ཞིང་། །གཡོན་པ་ཏིང་ཏིང་ཤག་བསྣམས་ནས། །གར་གྱི་ཉམས་ཀྱིས་རོལ་བ་མཐོང་། །ཞེས་བཤད་དོ། །རྗེ་དེ་བཞིན་གཤེགས་པའི་ཞལ་སྔ་ནས་སྐབས་འདིར་ཕུང་ཁམས་སྐྱེ་མཆེད་བྱིན་རླབས་ཀྱང་གསུངས་པས་སྤྲོ་ན། རང་ཉིད་ཡི་དམ་གྱི་ལྷར་གཟོད་ནས་གནས་པའི་གཟུགས་ཕུང་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་ཤེས་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པ་དཔལ་ཧེ་རུ་ཀའོ། །མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ཁ་ ― KMC013_Page_0150 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། ཡིད་ཀྱི་སྐྱེ་མཆེད་དབང་ཕྱུག་རྡོ་རྗེའོ། །ས་ཁམས་ལྟུང་བྱེད་མ། ཆུ་ཁམས་གསོད་བྱེད་མ། མེ་ཁམས་འགུགས་བྱེད་མ། རླུང་ཁམས་གར་གྱི་དབང་ཕྱུག་མ། མཁའ་ཁམས་པདྨ་ཅན། རྣམ་པར་ཤེས་པའི་ཁམས་རྡོ་རྗེ་རྣལ་འབྱོར་མའོ། །ཞེས་དྲན་པས་རྡོ་རྗེ་རྣལ་འབྱོར་མའི་སྐུར་སྐད་ཅིག་གིས་ལངས་ཏེ་ཚོགས་ཞིང་སྤྲོ་བསྡུའི་སྦྱོར་བ་བྱའོ། །གལ་ཏེ་ཡུམ་བཀའི་སྐབས་ཡིན་པས་རྣམ་སྣང་སོགས་ཡབ་ཀྱི་དག་པ་དྲན་མི་རིགས་སོ་སྙམ་ན་དེ་ལྟ་མ་ཡིན་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཕུང་པོ་ལྔ་ལ་ང་རྒྱལ་གྱི། །སེམས་བཟང་པོ་ནི་བསྐྱེད་པར་བྱ། །གཟུགས་ཕུང་ལ་ནི་རྣམ་སྣང་ངོ་། །ཞེས་སོགས་འདི་ཉིད་སྒྲ་ཇི་བཞིན་པར་བཤད་དོ། །དེས་ན་ཕུང་པོ་དྲུག་གོ་ཆའི་དཔའ་བོ་དང་། སྐྱེ་མཆེད་དྲུག་སེམས་དཔའ་དྲུག་དང་། ཁམས་དྲུག་གོ་ཆའི་དཔའ་མོ་དྲུག་ཏུ་དག་པ་ནི་ཡབ་བཀའ་ཡུམ་བཀའ་གཉིས་ཐུན་མོང་གི་ཆོས་ཡིན་ནོ། །བཞི་པ་སྒྲུབ་པ་དངོས་ལ་གཉིས་ལས། དང་པོ་མཉམ་རྗེས་ཐ་དད་དུ་སྒྲུབ་པ་དང་། ཅུང་ཟད་གོམས་པས་མཉམ་རྗེས་དབྱེར་མེད་དུ་སྒྲུབ་པའོ། །དང་པོ་ལ་ཡང་གསུམ་སྟེ། ― KMC013_Page_0151 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་སྐྱེད་དུ་སྒྲུབ་པ་དང་། མདུན་སྐྱེད་དུ་སྒྲུབ་པ་དང་། དཀྱིལ་འཁོར་བསྡུ་བའོ། །དང་པོ་ལ། མཉམ་བཞག་གི་བྱ་བ་དང་། རྗེས་ཐོབ་ཀྱི་བྱ་བ་གཉིས་ཀྱི། དང་པོ་ལ་ཡང་། སྔོན་འགྲོ་ཚོགས་གསག་པ་དང་། དངོས་གཞི་སྒོམ་བཟླས་བྱ་བ་སྟེ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་སྐྱེད་སྔོན་འགྲོ་བས། །དཀྱིལ་འཁོར་ཆོ་གས་མཉེས་པར་བྱ། །ཡི་གེ་གསུམ་གྱིས་རང་ལ་བསྡུ། །ཞེས་པ་སྟེ། ལག་མཆོད་ཀྱི་ཐིགས་པ་ལྕེ་ཐོག་ཏུ་མྱང་བས་ཁ་དག་པར་བྱས་ཏེ་རྟོག་པ་ཤས་ཆེ་ན་སྔོན་འགྲོའི་གཏོར་མ་ནས་མཚམས་གཅོད་ཀྱི་བར་སྔར་ཇི་ལྟ་བ་ཉིད་བྱ་ལ། རྟོག་པ་ཤས་ཆུང་བས་ནི་སྲུང་འཁོར་སྔར་བསྒོམས་པ་གསལ་བཏབ་པ་ཉིད་ཀྱིས་ཀྱང་འགྲུབ་བོ། །དུས་བཟང་གི་མཆོད་པ་ལ་སོགས་པའི་ཚེ་ནི་སྐབས་འདིར་ལས་ཀྱི་རྡོ་རྗེས་ཕྱག་བྱས་མཎྜལ་ཕུལ་ཏེ། ཀྱེ་རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། ཞེས་སོགས་ཀྱིས་ཏིང་ངེ་འཛིན་ལ་བསྐུལ་བར་བྱ་ཞིང་སྒྲུབ་པའི་ཚེ་ནི་མི་དགོས་སོ། །དེང་སང་འདི་ཆོ་ག་ལ་སྒྲིགས་འདོན་དུ་བྱེད་པ་ནི་ལག་ལེན་འཁྲུལ་བའོ། །འཇམ་དབྱངས་ཆེན་པོས་ཀྱང་། ཕྱག་གསུམ་བྱས་ཏེ་མཎྜལ་འབུལ། ། ― KMC013_Page_0152 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་སོགས་སྔོན་གྱི་ལག་ལེན་དུ་བཤད་དོ། །དེ་ནས་མཆོད་པ་རྣམས་བསང་སྦྱང་བྱས་ཏེ་ཨ་ཡིག་ལས་ཐོད་པ་ཆོས་དབྱིངས་དང་མཉམ་པ་དཔག་ཏུ་མེད་པའི་ནང་སོ་སོརཧཱུྃ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་སྤྲིན་གྱི་ཚོགས་རེ་རེས་ཀྱང་ཆོས་ཀྱི་དབྱིངས་འགེངས་པ། གཟུང་འཛིན་གྱི་མཚན་མས་བསྡུས་པ་མ་ཡིན་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་སྐད་ཅིག་རེ་རེས་ཀྱང་ནམ་མཁའ་གང་བར་འཕེལ་ཞིང་མི་འཛད་པ། མདོ་སྡེ་ཕལ་ཆེན་ལས་གསུངས་པ་ཀུན་བཟང་གི་རྣམ་འཕྲུལ་གྱི་མཆོད་སྤྲིན་ལས་ཀྱང་ཆེས་རྨད་དུ་བྱུང་བ་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་གྱུར་པར་མོས་ཏེ་འཁོར་གསུམ་གྱི་རྟོག་པ་མེད་པའི་ཏིང་ངེ་འཛིན་ལ་བཞག་པ་ནི་མོས་པས་བྱིན་གྱིས་རློབ་པ་སྟེ་མཚན་ཉིད་ཐེག་པ་དང་ཐུན་མོང་བའོ། །དེ་བརྟན་ཞིང་འཕེལ་བར་བྱ་བའི་ཕྱིར་སོ་སོའི་ཕྱག་རྒྱ་དང་བཅས་པས་ཡི་གེ་གསུམ་གྱི་བར་དུ་བཅུག་པའི་མཆོད་པ་སོ་སོའི་སྔགས་བརྗོད་པ་ནི་སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ་པ་སྟེ་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་བྱིན་རླབས་སོ། །འདིར་ཕྱག་རྒྱ་ལ་སེ་གོལ་མི་བྱ་སྟེ་སེ་གོལ་ནི་ཕུལ་བ་ཡིན་ནོ་བཞེས་ ― KMC013_Page_0153 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅིག་གི་དོན་ཡིན་ལ། འདི་ནི་བྱིན་གྱིས་བརླབས་ནས་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ནས་སྐྱབས་སུ་འགྲོ་བ་བྱ་སྟེ་རྩ་རྒྱུད་ཀྱི་རྡོ་རྗེ་སློབ་དཔོན་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་པ་ནི་སངས་རྒྱས་དཀོན་མཆོགསྙིང་པོ་ལ་སོགས་པ་བརྗོད་བྱ་རྗོད་བྱེད་ཀྱི་སྔགས་ནི་ཆོས་དཀོན་མཆོགརིགས་བཞི་མཁའ་འགྲོའི་ཚོགས་ནི་དགེ་འདུན་དཀོན་མཆོག་སྟེ། དཀོན་མཆོག་གསུམ་མ་ལུས་པ་དཀྱིལ་འཁོར་པར་དག་པ་ཉིད་ཀྱི་ངོ་བོས་གནས་པ་ནི་སྐྱབས་ཡུལ་ལོ། །སེམས་ཅན་ཐམས་ཅད་ཚེ་གཅིག་གིས་ཧེ་རུ་ཀའི་གོ་འཕང་ལ་དགོད་པའི་སླད་དུ་དེང་ཁོ་ན་རང་ཉིད་བཅོམ་ལྡན་འདས་མའི་གོ་འཕང་དུ་སྒྲུབ་པར་འདོད་པས་འདི་ནས་བརྩམས་ཏེ་གོ་འཕང་དེ་མ་ཐོབ་ཀྱི་བར་དུ་ཡི་དམ་དུ་འཛིན་པའི་བརྟུལ་ཞུགས་བརྟན་པོ་ནི་ཆེད་དུ་བྱ་བ་ཁྱད་པར་ཅན་ཏེ་དེ་དང་ལྡན་པས་ངག་ཏུའང་སྐྱབས་སུ་གསོལ་བ་ཇི་ཙམ་སེམས་ཚིམ་པར་མ་གྱུར་གྱི་བར་དུ་བརྗོད་དོ། །དེ་ནས་སེམས་སྐྱེད་པ་ནི་སྐྱབས་ཡུལ་དེ་དབང་དུ་བྱས་ཏེ་ནམ་མཁའི་མཐས་བཀླས་པའི་སེམས་ཅན་ཕ་མའི་རང་བཞིན་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་ཁོང་ནས་འཁྲུག་པས་དེ་རྣམས་ ― KMC013_Page_0154 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་སྡུག་བསྔལ་སྐྱབ་པའི་སླད་དུ་ཚེ་འདི་དང་སྟན་ཐོག་འདི་དང་ཐུན་ཁོངས་འདི་དང་སྐད་ཅིག་འདི་ལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སྙིང་སྟོབས་བསྐྱེད་དེ་ངག་ཏུ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །ཞེས་སོགས་བརྗོད་དོ། །དེ་ལ་ཚིགས་བཅད་དང་པོས་ནི་མཁྱེན་པར་གསོལ་བ་དང་། གཉིས་པས་ནི་སྨོན་པའི་སེམས་སོ། །གསུམ་པས་རྒྱུ་ལམ་ལ་དམ་འཆའ་བ་དང་། བཞི་པས་འབྲས་བུ་བྱང་ཆུབ་ལ་དམ་འཆའ་བ་དང་། ལྔ་པས་བྱ་བ་གཞན་དོན་དུ་དམ་འཆའ་བ་སྟེ། དེ་གསུམ་གྱིས་འཇུག་པ་སེམས་སྐྱེད་དེ་འདི་རྣམས་ནི་ཐུན་མོང་གི་སེམས་སྐྱེད་དོ། །ཁམས་གསུམ་གྱི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་འགྱུར་བའི་བདེ་བ་ནི་ཀུན་རྫོབ་བྱང་སེམས་དང་། གཟོད་ནས་རང་བཞིན་གྱིས་དག་པའི་སྟོང་ཆེན་འོད་གསལ་བའི་དབྱིངས་ཅེས་པ་ནི་དོན་དམ་བྱང་སེམས་ཏེ་ཐུན་མོང་མ་ཡིན་པའི་སེམས་སྐྱེད་དོ། །སྐབས་འདིར་སྤྱི་བོར་པད་ཟླ་ལཧཱུྃ་ལས་རྡོར་སེམས་ཧེ་རུ་ཀ་བསྐྱེད་དེ་ཡི་གེ་བཀོད། ཡེ་ཤེས་པ་བཅུག དབང་བསྐུར། མི་བསྐྱོད་པས་རྒྱས་བཏབ་ནས་ཧེ་རུ་ཀའི་ཡིག་བརྒྱ་ ― KMC013_Page_0155 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉེར་གཅིག་ལས་མི་ཉུང་བར་བཟླས་ཏེ་བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་སྦྱངས་ཅིང་། མཐར་ལྷ་རང་ལ་བསྟིམ་པ་ནི་སྔགས་ཀྱི་ལྟུང་བ་བྱིན་རླབས་ཡིན་པ་ཟིན་བྲིས་སུ་བཤད་ཅིང་ངེས་པར་དགོས་པར་བླ་མ་བཞེད་དོ། །མཆོད་པ་ལ་སོགས་པས་ཚོགས་གསག་པ་ལ། གང་ལ་གསག་པའི་ཡུལ་ནི། སྤྱིར་ཚོགས་ཞིང་དམ་ཚིག་པ་བསྐྱེད་ཡེ་ཤེས་པ་གཞུག་པ་རྒྱས་པའི་ཚེ་དང་། དམ་ཚིག་པ་ཅིག་ཆར་གསལ་བཏབ་ཅིང་ཡེ་ཤེས་པ་གཞུག་པ་འབྲིང་དང་། གསལ་བཏབ་པ་ཁོ་ན་ནི་བསྡུས་པའི་སྐབས་ཡིན་ལ། འདིར་ཞལ་གདམས་ལས་བདག་སྐྱེད་ཁོ་ནས་སྒྲུབ་པའི་དབང་དུ་མཛད་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་ཚོགས་ཞིང་གི་རྟེན་དུ་བཞེད་པས་རྡུལ་ཚོན་གྱི་མཚན་མ་རྣམས་ལས་དམ་ཚིག་པར་བསྐྱེད་ཅིང་ཡེ་ཤེས་པ་བཅུག་ནས་ཚོགས་བསག་པར་གསུངས་ལ། སྒྲུབ་ཐབས་སུ་དུས་བཟང་གི་མཆོད་པ་དང་དབང་བསྐུར་སོགས་ལ་སླར་མདུན་སྐྱེད་སྒྲུབ་པར་འགྱུར་བ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་པ་སོགས་ལ་གཙོ་བོར་དགོངས་ཅིང་། སྒྲུབ་པའི་ཚེ་ཡང་མདུན་སྐྱེད་གཙོ་བོར་སྒྲུབ་པ་དང་བདག་མདུན་ཆ་མཉམ་དུ་གཙོ་བོར་ ― KMC013_Page_0156 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲུབ་པ་ལ་དགོངས་ནས་ཚོགས་ཞིང་དམ་ཚིག་པ་སྟེང་གི་ནམ་མཁར་གསལ་བཏབ་ཅིང་ཡེ་ཤེས་པ་བཅུག་ནས་ཚོགས་གསག་པར་མཛད་མོད། ཡང་དག་པར་ན་དགོངས་པ་ཅིག་ཏུ་འདུ་སྟེ་བདག་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་སླར་ཡང་གསལ་བར་བྱས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་རྟེན་གྱི་ཆ་དང་ལྷ་མཚན་སོགས་ཐམས་ཅད་སྐད་ཅིག་གིས་རྟེན་བརྟེན་པ་དང་བཅས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལམ་གྱིས་བསྒྱུར་ཏེ། སྔར་དོན་ཀུན་སྒྲུབ་བྱེད་ཀྱི་དཀྱིལ་འཁོར་གསལ་བ་ཡིན་ན་སྒྲུབ་ཐབས་ལྟར་དེའི་ཧྲཱིཿཡིག་དང་། སྔར་མ་སྒོམས་ན་ཞལ་གདམས་ལྟར་ཐུགས་ཀར་ཧྲཱིཿཡིག་བསྒོམས་པའི་འོད་ཀྱིས་ཨོ་རྒྱན་ནས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ཏེ་སྒྲུབ་ཐབས་སུ་གསུངས་པའི་རྡོ་རྗེ་བསྡུ་བའི་སྔགས་རྒྱ་དང་སྤྱན་འདྲེན་གྱི་ཚིགས་བཅད་བརྗོད་བྱོན་ལེགས་དང་གདན་ཕུལ་ནས་དམ་ཚིག་པ་ལ་བསྟིམ་ཏེ་རྡོ་རྗེའི་ཐལ་མོ་སྦྱར་བས་ཚིགས་སུ་བཅད་པ་རྣམས་ཀྱིས་ཕྱག་བྱའོ། །དེ་ནས་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ལྷ་མོ་མཆོད་ཡོན་མ་སྔོན་མོ་དང་། མེ་ཏོག་འཛིན་མ་དཀར་མོ་དང་། བདུག་པ་མ་སྔོན་མོ། མར་མེ་མ་དམར་སྐྱ། ― KMC013_Page_0157 ―
[མ་དཔེ་གཟིགས་ན་འདིར་གནོན།]
དྲི་མ་ལྗང་གུ། ཞལ་ཟས་མ་སེར་མོ། རོལ་མོ་མ་སྣ་ཚོགས་མདོག་རྣམས་རང་རང་གི་མཆོད་རྫས་འཛིན་པ་དང་ཤ་ལྔ་དང་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པ་རྣམས་རེ་རེའང་ཞིང་ཐམས་ཅད་ཀྱི་རྡུལ་གྲངས་དང་མཉམ་པར་སྤྲོས་ཏེ་མཆོད་པར་དམིགས་ནས་པད་སྐོར་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་བྱས་ཏེ་མཐར་སེ་གོལ་གདབ་ཅིང་དབུལ། བདུད་རྩི་འཐོར་བས་ནང་མཆོད་དང་མཆོད་པའི་ལྷ་མོ་རྣམས་མཆོད་ཡུལ་ལ་ཐིམ་པས་བདེ་ཆེན་གྱིས་མཉེས་པ་གསང་བའི་མཆོད་པ་དབུལ་ལོ། །དེ་ནས་བཤགས་པ་སོགས་བདུན་རྣམ་དག་བྱ་ཞིང་མཆོད་པ་ལས་འཕྲོས་པའི་དོན་སྒྲུབ་ཐབས་སུ་གསུངས་པ་ཉིད་ཀྱི་མཎྜལ་དབུལ། དེའི་དགེ་བ་བསྔོ། ལུས་ལོངས་སྤྱོད་དབུལ། དེའི་དགེ་བ་དཀོན་མཆོག་གི་བཞེད་དོན་གྲུབ་པར་བསྔོ་ཞིང་། དེའི་དགེ་བ་རིགས་དྲུག་ལ་བྱིན་ཏེ་སྡུག་བསྔལ་དང་བྲལ་བར་བསྔོ་བ་བྱའོ། །དེ་ནས་བླ་མའི་རྣལ་འབྱོར་སྒོམ་པར་སྤྲོ་ནའང་སྒོམ་སྟེ་རྩ་རྒྱུད་ཀྱི་བླ་མ་དང་ཡི་དམ་དབྱེར་མེད་དུ་གསོལ་བ་གདབ་པར་བྱ་སྟེ་ཐབས་བསོད་ནམས་ཀྱི་ཚོགས་གསག་པའི་རིམ་པའོ། །དེ་ནས་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ ― KMC013_Page_0158 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་ལྔའི་རང་བཞིན་རྣམ་པ་འོད་ཟེར་ཁ་དོག་ལྔ་བྱུང་སྟེ་རང་ཉིད་ཀྱི་དཔྲལ། མགྲིན། སྙིང་། ལྟེ། གསང་གནས་དང་ལྔར་ཐིམ་པས་ཉོན་མོངས་པ་ལྔ་དགཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས་ཏེ་ཡི་གེ་གསུམ་གྱིས་ཚོགས་ཞིང་ཡེ་ཤེས་པའང་བདག་ལ་ཐིམ་པས་དབྱེར་མེད་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རང་བཞིན་ལྷ་མོ་ལྔའི་ངོ་བོར་གྱུར་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་དེ་ཁོ་ན་ཉིད་མངོན་དུ་བྱས་པ་ལ་མཉམ་པར་བཞག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཚོགས་རྟེན་རྡུལ་ཚོན་ལ་བརྟེན་པའི་ཚེ་དམ་ཚིག་པ་མི་སྡུད་ལ། མ་བརྟེན་པར་གསལ་བཏབ་པ་ཡིན་ན་ཡེ་ཤེས་པ་སྔོན་དུ་བསྟིམ་ནས་དམ་ཚིག་པ་འབྲུ་གསུམ་གྱིས་བདག་ལ་བསྡུས་ཏེ་མཉམ་པར་འཇོག་གོ། །དེ་ནས་མཉམ་བཞག་ལས་ལངས་ཏེ་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་ཉེ་བར་བླངས་ཏེ་ཚད་མེད་པ་བཞི་སྒོམ་པར་བྱའོ། །མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། ཚངས་པའི་གནས་ནི་བཞི་པོ་དང་། །བསྡུ་བའི་དངོས་པོ་བཞི་དག་དང་། །སེམས་ཅན་ཀུན་ལ་བདེ་འབྱུང་བའི། །དགེ་བ་བཅུ་ནི་དམིགས་པར་བྱ། །ཆོས་རྣམས་སྟོང་པ་ ― KMC013_Page_0159 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་དུ་ནི། །ཕྱི་ནས་བདག་ཉིད་མཐོང་བྱ་སྟེེ། །དེ་ནས་སེམས་ཙམ་དུ་གནས་ཏེ། །བྱང་ཆུབ་ཀྱི་ནི་ཚོགས་མཆོག་གོ། །ཞེས་སོ། །གཉིས་པ་སྒོམ་བཟླས་ལ་ཡང་གཉིས་ཀྱི། སྐུ་རྫོགས་པར་སྒོམ་པ་ནི། བརྟན་དང་གཡོ་བའི་དངོས་པོ་ཀུན། །སྐད་ཅིག་ཙམ་གྱིས་སྟོང་པར་སྒོམ། །སྟོང་པའི་ངང་ལས་ཡི་གེ་ཧྲཱིཿ། །བསྐལ་པའི་མེ་ལྟར་འབར་བའི་འོད། །ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། །ཛཱ་ཝ་སིནྡྷཱུ་ར་དང་མཚུངས། །སྐུ་ཡི་འོད་ཟེར་སྟོང་གསུམ་ཁྱབ། །དབུ་སྐྲ་ཐོར་ཚུགས་ཚངས་པར་འཁྱིལ། །སངས་རྒྱས་ལྔ་མཚོན་ཐོད་པས་བརྒྱན། །རྡོ་རྗེ་ཐོད་ཁྲག་ཁ་ཊྭཱཾ་བཅས། །དར་དཔྱངས་ཅོད་པན་རྣམ་པར་འཕུར། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །མི་མགོ་རློན་པའི་དོ་ཤལ་ཅན། །མེ་ཏོག་ཕྲེང་བའི་རྒྱན་གྱིས་སྤྲས། །པདྨ་རོ་དང་ཉི་མའི་གདན། །གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞུགས། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །སྐད་ཅིག་ཙམ་གྱིས་རྫོགས་པར་བསྐྱེད། །ཅེས་གཙོ་མོ་སྐྱེད་པ་དང་། དེ་ཡི་འཁོར་ལོ་རྣམ་བཞི་ལ། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་ལུས་ལ་འཁོར་དགོད་པ་དང་། རང་བཞིན་གནས་པའི་ཕོ་བྲང་ནས། ། ― KMC013_Page_0160 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །ཞེས་ཡེ་ཤེས་པ་གཞུག་པ་རྣམས་གསུངས་ཏེ། དེ་ནས་རྣལ་འབྱོར་པས་མིག་འཕྲུལ་དང་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ཉེ་བར་བལྟས་ནས། ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷ྅ཧཾ། ཞེས་བརྗོད་དོ། །དེ་ཡང་སྭ་བྷཱ་ཝ་རང་བཞིན། ཤུདྡྷཿདག་པ། སརྦ་དྷརྨ་ཆོས་ཐམས་ཅད། ཨ་ཧཾ་བདག་གོ་ཞེའམ་ངའོ་ཞེས་པ་ཡིན་ལ། ཤུདྡྷཿདང་སྦྱར་ནས་རྣམ་བཅད་ཨུ་དང་དེ་ལས་ཨ་ཨོར་གྱུར་པས་ཤུདྡྷོ་དང་ཚིག་མཐའི་ཨེཏ་ཨོཏ་ལས་ཕ་རོལ་གྱི་ཨ་ཕྱིས་ཏེ་ཤུ་ཏ་བཞག་པས་ཤུདྡྷོ྅ཧཾ་ཞེས་པ་སྟེ་རང་བཞིན་གྱིས་དག་པ་ནི་ངའོ། །གང་རང་བཞིན་གྱིས་དག་ན་ཆོས་ཐམས་ཅད་དོ། །གང་གིས་རང་བཞིན་གྱིས་དག་ན་བློ་བུར་གྱི་དྲི་མས་སོ། །གང་གི་ཚེ་དག་ན་རང་བཞིན་གྱིས་ཏེ་གཟོད་མ་ནས་དག་པའོ། །དེས་ན་རང་བཞིན་གྱིས་དག་པ་ལན་གཉིས་སྨོས་པས་གཅིག་གིས་བློ་བུར་རྣམ་དག་དང་གཅིག་ཤོས་ཀྱིས་དེ་ཉིད་ཀྱང་སར་དུ་ལམ་སྒོམ་སྟོབས་སོགས་ཀྱིས་མ་ཡིན་པར་གཟོད་མ་ཁོ་ན་ནས་དམིགས་མ་མྱོང་བ་ཉིད་སྟོན་པས་ན་རང་བཞིན་རྣམ་དག་སྟེ་དག་པ་གཉིས་ལྡན་དུ་སྟོན་པའོ། །དེ་ཡང་གུད་ཅིག་ན་གནས་ ― KMC013_Page_0161 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མ་ཡིན་ཏེ་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་གང་ཡིན་པའོ། །ཅིའི་ཕྱིར་དག་པ་གཉིས་དང་ལྡན་ཞེ་ན། ཇི་ལྟར་ན་མིག་འཕྲུལ་དང་སྒྱུ་མའི་སྣང་བ་ནི་སྤྲུལ་གཞི་ལ་གནས་པ་ཡང་མ་ཡིན་ལ། དེ་བཞིན་དུ་སྤྲུལ་པ་པོ་དང་མཐོང་བ་པོ་དང་སྔགས་དང་རྫས་སོགས་རེ་རེ་ནས་ཀྱང་དེ་གང་ལའང་གནས་པ་མ་ཡིན་ལ། གཟོད་ནས་སྒྱུ་མའི་སྣང་བར་ཡོད་པའང་མིན་ཞིང་ཕྱི་དང་ནང་དང་བར་ནའང་མེད་ལ། འཁོར་འདས་ཀྱི་ཆོས་གང་གིས་ཀྱང་བསྡུས་པ་མིན་ལ། གསལ་བར་སྣང་བའི་ཕྱིར་མེད་པར་བརྗོད་དུའང་མེད་དེ་འགགས་པ་ནའང་གང་ཞིག་གར་ཡང་སོང་བ་མེད་ཅིང་། དེ་བཞིན་དུ་སྣང་བ་ཉིད་ན་ཡང་གང་ལས་ཀྱང་འོང་བ་མེད་ཅིང་གར་ཡང་གནས་པ་མེད་པ་སྟེ་ཆོས་ཐམས་ཅད་ཀྱི་ངང་ཚུལ་ནི་དེ་འདྲའོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་གཟོད་མ་ནས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པ་བཅོས་མ་མ་ཡིན་པ་སྟེ་སོ་སོ་རང་རིག་གིས་རིག་པར་བྱ་བ་ལས་གཞན་གྱི་ཡུལ་མ་ཡིན་ནོ། །དེ་བས་ན་ཡང་དག་པའི་དོན་ནི་ཇི་སྲིད་མངོན་སུམ་དུ་མ་བྱས་པ་དེ་སྲིད་དུ་གནས་ཚུལ་ཇི་ལྟ་བ་ཤེས་པར་མི་ནུས་ལ། མངོན་སུམ་དུ་ ― KMC013_Page_0162 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱས་པ་ན་ཇི་ལྟ་བ་ཤེས་པ་ཡང་ལྷག་མར་མི་ལུས་ཏེ་ཤེས་པ་དང་མ་ཤེས་པ་ནི་ཕན་ཚུན་ལྟོས་ཟླ་དང་བཅས་པ་རྣམ་པར་རྟོག་པའི་མཚན་མ་སྟེ་ཡང་དག་པའི་ཚུལ་ལ་སྒྲིབ་པར་བྱེད་པ་ནི་དེ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་ངང་ཚུལ་འདི་ནི་འཇིག་རྟེན་ཐམས་ཅད་དང་འགལ་བར་གནས་པ་ཡིན་ཏེ། འཇིག་རྟེན་ནི་གཉིས་ལ་གནས་ལ། འདི་ལས་ནི་གཉིས་དང་གཉིས་མ་ཡིན་པར་སྟོན་པར་མི་བྱེད་དོ། །འཇིག་རྟེན་ནི་མཐའམ་དབུས་ལ་གནས་ལ། འདི་ལས་ནི་མཐའམ་དབུས་སྟོན་པར་མི་བྱེད་དོ། །འཇིག་རྟེན་ནི་སྐྱེ་བ་དང་གནས་པ་དང་འགག་པ་དང་སྤངས་པ་དང་ཐོབ་པ་ལ་གནས་ལ། འདི་ལས་ནི་སྐྱེ་བ་ནས་ཐོབ་པའི་བར་དུ་སྒྲོ་འདོགས་པར་ཡང་མི་བྱེད་ལ། དེ་དག་མེད་དོ་ཅེས་སྐུར་པ་འདེབས་པར་ཡང་མི་བྱེད་དོ། །འཇིག་རྟེན་ནི་བཅོས་མ་ལ་སྤྱོད་དེ་འདི་ལས་ནི་ཆོས་གང་ཡང་འཆོས་པར་མི་སྟོན་ཏོ། །འཇིག་རྟེན་ནི་ལྟ་བ་དང་གྲུབ་པའི་མཐའ་དང་སྒོམ་པ་ལ་གནས་པར་བྱེད་ལ། འདི་ནི་གང་ལ་དམིགས་པའི་ལྟ་བ་དང་གང་དུ་འཇོག་པ་གྲུབ་པའི་མཐའ་དང་གང་ཞིག་ཡིད་ལ་བྱེད་པའི་སྒོམ་པ་དེ་དག་མི་སྟོན་ཏོ། །འགའ་ཞིག་ནི་ ― KMC013_Page_0163 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམིགས་པ་མེད་པར་ལྟ་ཞིང་གང་དུ་ཡང་ཁས་མི་ལེན་པའི་གྲུབ་པའི་མཐའ་སུ་ལ། ཅི་ཡང་ཡིད་ལ་མི་བྱེད་པར་རློམ་ཡང་ཐེག་པ་ཆེན་པོ་འདི་ལས་ནི་དེ་དག་མི་སྟོན་ཏེ། འདིར་སྨྲས་པ། གཞུང་ཙམ་ཀློག་དང་ཀུན་རྫོབ་བློས་ཚིམ་དང་། །ལྷ་སྔགས་རྩ་རླུང་ཐིག་ལེ་ལྷུར་བྱེད་པའི། །ཐེག་ཆེན་སྨྲ་བས་གངས་རིའི་ལྗོངས་ཁྱབ་མོད། །དེ་དག་ཚུལ་འདི་ཐོས་ན་མི་སྐྲག་གམ། །མཆོད་དངོས་ཇི་བཞིན་གྲུབ་པར་མ་གྱུར་ཀྱང་། །ཟབ་མོའི་ཆོས་ཀྱིས་མི་སྐྲག་སྤུ་ལོང་ལྡང་། །མདོ་རྒྱུད་གྲུབ་པའི་གླུར་བཅས་མགྲིན་གཅིག་ཏུ། །ཁོང་ནས་འབྱུང་སྙམ་ཟབ་མོའི་སྤོབས་པ་བརྙེད། །མཐོང་སྤང་མ་སྤངས་མོད་ཀྱི་ཐེ་ཚོམ་ཟད། །ཤེས་སྒྲིབ་ལྡན་ཡང་འཁོར་གསུམ་དུ་མི་རྟོག །སོ་སྐྱེར་གནས་ཀྱང་འཕགས་པའི་དགོངས་པ་ཤེས། །མར་མིའི་བཀའ་བརྒྱུད་འདི་ཡི་བྱིན་རླབས་ལྟོས། །མཁས་རློམ་དྲེགས་པས་རྒྱགས་པའི་ཆུ་བྲན་རྣམས། །འཇིགས་ཚོགས་ལྟ་བས་གཟིངས་པའི་གཅོང་རོང་ནང་། །སྣ་ཚོགས་རྟོག་གེ་མུ་ཅོར་རབ་སྒྲོག་ཡང་། །ངེས་པའི་དོན་གྱི་ཆུ་གཏེར་ཀློང་ཆེན་དུ། །ཕྱིན་པར་མ་ནུས་རྟག་ཆད་ངམ་གྲོག་དང་། །བློས་བྱས་མྱ་ངམ་དགོན་དུང་ཚ་ ― KMC013_Page_0164 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོའི་ཐང་། །དམིགས་པའི་ཉིན་བྱེད་གདུངས་བས་བསྐམས་ཏེ་སོང་། །ངེས་པར་འབྱུང་བའི་ས་གཞི་འཐས་པའི་སྟེང་། །མཚན་ཉིད་ལྡན་པའི་རྩ་རྒྱུད་བླ་མ་ཡི། །ཀླུ་དབང་གིས་བསྐྲུན་ཡང་དག་ལྟ་བའི་ཆུ། །བཟོད་མེད་མོས་གུས་དྲག་པོའི་རླབས་ཕྲེང་དང་། །ཅེས་ཀྱང་དགོས་མེད་ཞེན་ལོག་ལྦུ་ཕྲེང་གཉིས། །ལྷན་ཅིག་འགྲན་པ་ལྟ་བུར་ཀུན་ནས་གཡོ། །ལུས་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་ཀྱི། །ཆུ་བྱའི་ཚོགས་ཀུན་བཀུག་པ་མེད་པར་འདུ། །སྤྱན་དང་མངོན་ཤེས་གཟུངས་དང་སྤོབས་པའི་སྒོ། །རྒྱལ་སྲས་རྣམ་ཐར་རླབས་ཆེན་དྲི་མེད་ཀྱི། །པདྨའི་ཚོགས་རྣམས་ལྷུན་གྱིས་གྲུབ་པའི་གནས། །སྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་བརྟན་པ་ཡི། །ཀླུ་དབང་རྣམས་ནི་རིང་མོ་ནས་ཀྱང་འདུ། །འགྲོ་བའི་དགེ་ལེགས་མྱུ་གུ་ཀུན་གྱི་གཉེན། །དཔལ་ལྡན་ཏེ་ལོ་ན་རོ་མར་མིར་བཅས། །དྭགས་པོའི་རྒྱུད་བཟང་གངྒའི་ཆུ་ཀླུང་ཆེ། །ས་གསུམ་ཀུན་གྱི་དག་བྱེད་གཅིག་པུ་རུ། །འགྲོ་བའི་བླ་མས་ཕབ་པ་འདི་ཡོད་ཀྱི། །ཁྱེད་ཅག་མུ་ཅོའི་ང་རྒྱལ་མི་བསྙེམས་ཅིང་། །མཚན་མར་ལྟ་བའི་དགོན་དུང་མ་སྙེག་པར། །གཟུར་གནས་དད་ལྡན་ནེ་སིང་ལམ་ནས་ནི། ། ― KMC013_Page_0165 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིངས་པར་འདི་དྲུང་ཤོག་ཞིག་ཆོས་ཉིད་ཀྱི། །རྒྱ་མཚོར་ཆོས་ཀུན་རྣམ་པ་གཅིག་པ་ཡི། །སྙིང་པོ་འཐོབ་པ་དཀའ་བ་མ་ཡིན་ནོ། །དེ་བས་ན་རང་བཞིན་རྣམ་པར་དག་པར་བཅོས་མིན་གྱི་ལམ་རྒྱུད་པ་འདིའི་མན་ངག་གི་གནད་བླ་མ་དམ་པའི་བྱིན་གྱིས་བརླབས་དང་རང་གི་སྐལ་པ་བཟང་པོ་ཚོགས་པ་ལས་ཡང་དག་པར་བརྙེད་པ་ཅིག་གི་མངོན་སུམ་གྱི་སྤྱོད་ཡུལ་ཏེ། སླར་ཡང་དེ་ལྟ་བུར་མ་ཤེས་པ་སྒྱུ་མའི་དམག་གིས་སྐྲག་པའམ་མིག་འཕྲུལ་གྱི་ཆུ་བོས་ཁྱེར་བས་ཉམ་ཐག་པ་ལྟ་བུའི་འགྲོ་བ་མཐའ་ཡས་པ་ལ་བལྟས་ནས་སྨོན་ལམ་དང་སྙིང་རྗེའི་དབང་གིས་གཟུགས་སྐུར་ལྡང་བར་བྱའོ། །དེས་ན་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །མཉམ་བཞག་ངང་བས་དྲན་པར་བྱ། །་ཤུ་ཉ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། །མིག་ཡོར་ཙམ་གྱི་ཡེ་ཤེས་ནི། །སེམས་ཙམ་རྣམ་པར་བརྟག་པར་བྱ། །ནམ་མཁའ་ལྟ་བུའི་ཆོས་འདི་དག །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །ནམ་མཁའ་ལྟ་བུར་གོས་པ་མེད། །དངོས་པོ་མེད་ཅིང་རྙོག་པ་མེད། །སྙིང་རྗེའི་བདག་ཉིད་ཕན་བྱའི་ཕྱིར། །སྨོན་ལམ་དབང་གིས་དམིགས་བྱ་ ― KMC013_Page_0166 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེ། །ཞེས་དང་། སྡོམ་འབྱུང་ལས། དངོས་མེད་དངོས་པོ་ལ་བརྟེན་ནས། །བརྟེན་པ་མེད་པའི་དངོས་པོར་བྱ། །ཡིད་མེད་ཡིད་ནི་བྱས་ནས་སུ། །ཅུང་ཟད་ཙམ་ཡང་མི་བསམ་མོ། །སྟན་ལ་གནས་ནས་བླ་མ་ཡི། །རྒྱུད་པས་བརྟན་པར་བྱས་ནས་ནི། །རོ་གཅིག་སེམས་ནི་བསྒོམ་པར་བྱ། །རྟོག་གེའི་སྦྱོར་བ་རྣམ་པར་སྤངས། །སེམས་བྱུང་སེམས་སུ་བརྟན་གྱུར་པ། །འགྲོ་ལས་རང་བཞིན་ཚུལ་དེ་ཉིད། །མཁའ་མཚུངས་ནམ་མཁར་ཡང་དག་གནས། །ཞེས་སོགས་རྒྱ་ཆེར་བཤད་དོ། །དེས་ན་ད་ལྟ་བོད་ཡུལ་བ་མང་པོས་དབང་བཞི་པ་རྒྱུད་ཐམས་ཅད་དུ་སྦས་པས་ན་བདུད་ལ་དྲིས་ན་བཤད་མི་ནུས་པས་ཁ་སྐྱེངས་པར་འགྱུར་རོ་ཞེས་སོགས་ཟེར་བ་ནི། རྗེས་ཟློས་རྒྱུན་མི་འཆད་པར་བྱས་པ་ཙམ་དུ་ཟད་དེ་ཇི་ལྟར་སྦས་ལྷ་དེས་གལ་ཏེ་བསྟན་བྱུང་ན་ཅི་ཟེར་ན་བདུད་ཡིན་པར་བྱེད་ཅི་ཞིག་ཟེར་ན་ལྷ་ཡིན་པར་བྱེད་ཅེས་དྲིས་ན་ནི། བདུད་ཡིན་མིན་བརྟག་དགོས་སོ་ཞེས་སྨྲ་བོ་རྣམས་ཀྱང་ཁ་སྐྱེངས་པར་འགྱུར་ཏེ་ལན་གྱིས་དབེན་པར་འགྱུར་རོ། །གལ་ཏེ་དབང་བཞི་པ་ངོ་སྤྲོད་པར་གྲགས་པའི་ཚིགས་བཅད་ཙམ་ཡིན་ན་དེ་ནི་བདུད་ཀྱིས་ཅིས་མི་ཤེས། དེའི་ ― KMC013_Page_0167 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོན་ནོ་ཞེ་ན། དོན་དེ་ནི་ཁྱེད་ཅག་ནི་སྟོང་པ་ཙམ་ལ་སོགས་ཚིག་འགྲིག་འགྲིག་འདྲ་བ་ཁ་ཅིག་གི་ལུས་སྦྲིད་པ་ལྟ་བུའི་མྱོང་བ་ཅུང་ཟད་དམ་བདེ་གསལ་གྱི་ཉམས་མྱོང་བན་བུན་ཙམ་གྱིས་ཚིམ་ལ། དེ་སྐྱེད་མི་ནུས་པའི་བདུད་དེས་སངས་རྒྱས་ལ་ཀླགས་ཚོལ་ག་ལ་ནུས། དེ་ལྟ་མོད་ཀྱིས་དབང་བཞི་པ་སློབ་དཔོན་ཉིད་ཀྱིས་ཀྱང་ཚིམ་འཚལ་བ་དེ་སློབ་མ་བདུད་ལ་འདྲིར་བཅུག་པས་ཅི་ཞིག་ཏུ་འགྱུར། རྒྱུད་དུ་ཡང་སྦས་པ་མ་ཡིན་ཏེ་རྒྱུས་ཡོད་པས་བལྟས་ན་རྒྱུད་ཐམས་ཅད་འདི་ཁོ་ནའི་སྐོར་ལྡོག་ཏུ་ཡོད་ལ། མན་ངག་དང་བླ་མའི་བྱིན་རླབས་ཀྱིས་རྒྱུད་ལ་འདྲེ་བར་མ་བྱས་པ་ལ་ནི་ཅི་ལྟར་བསྟན་པར་ཤེས་མི་ནུས་པས་རང་སྦས་སུ་སོང་བའི་ཕྱིར་སྦས་པའི་སྒྲར་གསུངས་པ་ཡིན་ནོ། །དེས་ན་རྒྱུས་མེད་རྣམས་ཚིག་ཙམ་གྱིས་འཁྲུལ་དུ་མ་གཞུག་ཞིགགལ་ཏེ་བརྡ་ཚིག་རྒྱུད་འདི་ནི་དཔལ་ཆེན་བཱིརྭ་པ་ནས་བཟུང་སྟེ་དཔལ་ས་སྐྱ་པ་རིམ་པར་བྱོན་པ་ཐམས་ཅད་བཞེད་དོ་ཅེ་ན། བཱིཪྭ་པ་ནས་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་གྱི་བར་དུ་བྱོན་པའི་དམ་པ་དེ་དག་གིས་ནི་དབང་བཞི་པ་མི་ཤེས་སོ་ཞེས་ཁོ་བོ་ཅག་ཀྱང་མི་སྨྲ་སྟེ་མེས་པོ་ནོར་ ― KMC013_Page_0168 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ལྡན་པའི་རྟགས་ཀྱིས་ཚ་བོ་ཕྱུག་པོར་སྒྲུབ་མི་ནུས་པས་རང་རང་གིས་རྟོགས་པར་བྱོས་ཅིགཁ་ཅིག་རྒྱུད་པ་འདི་ལས་འོངས་པའི་ཟབ་དོན་ལ་སྡང་བར་བྱས་ཏེ་ཡང་དག་པར་མ་ཡིན་པར་བསྒྲགས་ནས་སླར་སྐྱེད་རིམ་དང་སྦྱོར་བ་ཡན་ལག་དྲུག་ཙམ་སྙིང་པོར་སྨྲ་མོད། དེ་དག་གིས་ནི་རང་གི་མཚན་ཉིད་གཞན་ལ་བསྟན་པ་ཁོ་ན་ལས་གཞན་ཅི་ཞིག་སྟེ་རྒྱུད་པ་འདིའི་ཟབ་དོན་རྣམས་ཡང་དག་པ་མ་ཡིན་དུ་ཆུགཁྱེད་ཅག་སྐྱེད་རིམ་སྒོམ་པའི་དང་པོར་སྭ་བྷ་ཝའི་སྔགས་བརྗོད་པ་འདིའི་དོན་གང་ཞེས་འདྲིའོ། །གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་རང་བཞིན་གྱིས་དག་པ་ངའོ་ཞེས་པ་ནི་དེའི་བོད་སྐད་དོ་ཅེ་ན། །འོ་ན་ཅིའི་ཕྱིའི་སྔགས་དེ་ཉིད་རྒྱ་སྐད་དུ་བརྗོད་བཞིན་དུ་དེ་ཉིད་བོད་སྐད་དུ་བརྗོད་པ་ཅིའི་ཕྱིར་འགོག་པར་བྱེད། ཆོས་ཐམས་ཅད་གཟོད་ནས་རང་བཞིན་དང་བཅོས་མས་དག་པ་དེ་ཐམས་ཅད་ཀྱི་བདག་ཉིད་ནི་རང་གི་སེམས་ཉིད་ལས་གཞན་མ་ཡིན་པར་རྟོགས་པས་འཆིང་གྲོལ་གྱི་མཚན་མ་ཞིག་སྟེ་བཅོས་མིན་གཉུག་མར་གནས་པ་ནི་ཆོས་འདི་པའི་བསྒྲུབ་བྱ་ཡིན་ལ། སྔགས་དེས་དེ་ལས་གཞན་ཅི་ཞིག་བསྟན་པ་གཟུ་བོར་ ― KMC013_Page_0169 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོམས་ཅིགདེ་ལྟ་མོད་ཀྱི་སྔགས་འདི་ནི་རྒྱལ་བས་གཟུང་འཛིན་གྱི་དྲ་བ་འཇིག་པར་བྱེད་པའི་རྡོ་རྗེའི་མཚོན་ཆར་བྱིན་གྱིས་བརླབས་པ་ཡིན་པས་སྐྱེད་རིམ་པ་རྣམས་ཀྱང་འདི་བརྗོད་ནས་སྣོད་བཅུད་ཀྱི་མཚན་མ་མི་དམིགས་པར་བྱས་ཏེ་ལྷའི་རྣལ་འབྱོར་ལ་འཇུག་མོད་ཀྱང་འདིའི་དོན་ཡང་དག་པ་ནི་རྫོགས་པའི་རིམ་པ་བཅོས་མིན་གྱི་ལམ་མ་གཏོགས་ཇི་བཞིན་དུ་ཤེས་པར་མི་ནུས་སོ། །དེ་ལྟ་མོད་ཀྱིས་ཕྱི་ནང་གི་མུ་སྟེགས་ལ་གནས་པའི་རྫོགས་རིམ་པར་ཁས་འཆེ་བ་རྣམས་ཀྱིས་ཀྱང་མ་ཡིན་ཏེ། དེང་སང་ཁ་ཅིག་ནི། ཆོས་ཐམས་ཅད་ཇི་ལྟར་སྣང་བ་འདི་བཞིན་དུ་གནས་སོ་ཞེས་རློམ་མོ། །ཁ་ཅིག་ནི། དོན་དམ་པར་དཔྱད་ན་མེད་ཀྱང་ཐ་སྙད་དུ་སྣང་བ་མི་བདེན་པར་ལྟ་མི་རུང་ངོ་ཞེས་ཚིག་གི་ཟོལ་དང་བཅས་ནས་ཡང་དག་པའི་ལམ་འགོག་གོ། །ཁ་ཅིག་ནི། རིགས་པའི་དཔྱད་པས་བདེན་པར་མེད་དོ་སྙམ་པ་ལྟ་བུའི་ངེས་ཤེས་བར་མ་ཆད་ལྷག་མཐོང་དུ་སྨྲ་སྟེ་མེད་པ་ལ་དོན་དམ་པར་ཞེན་ནོ། །ཁ་ཅིག་ནི། ཀུན་རྫོབ་ཐམས་ཅད་ནི་རང་བཞིན་གྱིས་མེད་ལ་དོན་དམ་པ་ནི་རང་བཞིན་གྱིས་ཡོད་དོ་ཅེས་འཛིན་ནོ། །ཁ་ཅིག་ནི། ཟུང་ ― KMC013_Page_0170 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇུག་ཁོ་ན་དགོས་སོ་ཞེས་ནན་ཏན་གྱིས་ཟུང་འཇུག་ཏུ་སྨྲའོ། །ཁ་ཅིག་ནི། ཞུ་བདེ་དང་འཁྲིག་ཚོར་དང་ཉམས་སྣང་ལ་ཡང་དག་པའི་དོན་དུ་ཞེན་ནོ། །དེ་ཐམས་ཅད་ནི་སྔགས་འདིའི་བརྗོད་དོན་ལས་ཕྱིན་ཅི་ལོག་ཏུ་སྨྲ་བ་སྟེ། རང་བཞིན་གྱིས་མ་དག་པ་ནན་གྱིས་སྒྲུབ་པར་ཟད་དོ། །དེ་ལྟ་མོད་ཀྱི་དབང་པོ་རྣོན་པོ་སྔོན་དུ་མན་ངག་ལ་འཕྲིག་ཚུད་པས་ནི་དེ་ཙམ་གྱིས་ཕྱོགས་རྟོགས་པར་འགྱུར་ལ། གཞན་གྱིས་ནི་ཚིག་དང་ལུས་ངག་གི་རྣམ་རིག་ཙམ་ལས་ཡང་དག་པའི་གནས་འདི་ཁོང་དུ་ཆུད་མི་ནུས་པའི་ཕྱིར་དེ་ཙམ་ལས་འདིར་མི་སྤྲོའོ། །དེ་ལྟ་མོད་ཀྱི་ཡང་དག་པའི་གནས་པ་མི་ཤེས་པས་ནི་སྔགས་ཀྱི་དོན་དྲན་བཞིན་པས་བརྗོད་དེ་སྣོད་བཅུད་ལུས་ངག་ཡིད་གསུམ་དང་བཅས་པ་སྒྱུ་མའི་ཆུ་བོ་བསྐམས་པའམ་རྨི་ལམ་གྱི་མེ་ཤི་བ་ལྟར་གཟོད་ནས་མ་སྐྱེས་པ་ཉིད་ཀྱི་ངོ་བོར་སྦྲུལ་མདུད་ནམ་མཁར་ཞིག་པ་ལྟ་བུར་གྲོལ་ཏེ་སྟོང་པ་ཆེན་པོ་ནམ་མཁའ་གཡའ་དག་པ་ལྟ་བུ་མཚན་མའི་གནས་པ་མེད་པ་ལ་ཅི་གནས་སུ་བཞག་གོ། །དེ་ལྟ་བུའི་གནས་པ་ལ་སྐྲག་པས་ཀྱང་ཡུལ་ཡུལ་ཅན་ཐམས་ཅད་མེ་ལོང་ལ་ཧ་བཏབ་པ་ལྟར་ཡལ་ནས་ནམ་མཁའ་དག་པ་ ― KMC013_Page_0171 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟར་མོས་ཏེ་སླར་རྟེན་བརྟེན་པ་རིམ་གྱིས་བསྐྱེད་པར་བྱའོ། །ཁ་ཅིག་འདི་ལྟར་ཡང་དོགས་སྲིད་དེ། སྭ་བྷཱ་ཝའི་སྔགས་འདི་ནི་བྱ་རྒྱུད་ནས་ཀྱང་བཤད་པས་དེ་ལྟར་ན་བླ་མེད་སྐྱེད་རྫོགས་ཀྱིས་ཁྱད་པར་དུ་བྱས་པར་མི་འགྱུར་རོ་སྙམ་པ་དང་། སྐྱེད་རིམ་གྱི་ཡང་སྔོན་དུ་དེ་ཁོ་ན་ཉིད་བསྟན་ཟིན་པར་ཐལ་བས་རྫོགས་རིམ་དོན་མེད་པར་འགྱུར་རོ་སྙམ་པའོ། །དེ་ནི་ཕྱོགས་གཅིག་པའི་བློ་ཡིན་ཏེ། དེ་ལྟ་ན་ཤེས་ཕྱིན་ཡི་གེ་གཅིག་མར་ཨ་ཡིག་ཁོ་ན་ཤེས་ཕྱིན་དུ་བཤད་ཅིང་། མདོ་སྔགས་མཐའ་དག་ལས་ཨ་ཡིག་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བཤད་ལ། ཨ་ཡིག་ནི་བྲིས་ཀློག་སློབ་པ་ཀུན་གྱིས་ཀྱང་སློབ་ཅིང་བྱིས་པ་ལོ་གཉིས་པ་དག་གིས་ཀྱང་བརྗོད་པར་བྱེད་ན་དེ་དག་གིས་ཤེས་ཕྱིན་ཅིའི་ཕྱིར་མི་ཤེས། དེས་ན་དངུལ་བཞུ་བའི་ལས་མི་ཤེས་ལ་རྡོ་ཐམས་ཅད་དངུལ་རྡོར་ཡོད་པའི་ས་ཕྱོགས་ཁ་ཅིག་ན་ཁྱིམ་དང་ར་བ་དང་འཕེན་པ་སོགས་རྡོའི་བྱ་བ་ཐམས་ཅད་དངུལ་རྡོ་ཁོ་ན་ལ་བྱེད་མོད་ཀྱང་དངུལ་འགྲུབ་པ་ནི་མ་ཡིན་ནོ། །དེས་ན་ཚངས་པ་ཁྱད་པར་སེམས་ཀྱི་མདོར། ཡང་ན་ནི་ཆོས་ཀྱི་གཏམ་བྱའོ། །ཡང་ན་ནི་ ― KMC013_Page_0172 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕགས་པའི་མི་སྨྲ་བས་གནས་པར་བྱའོ། །ཞེས་སངས་རྒྱས་ཀྱིས་དགེ་སློང་རྣམས་ལ་ཁྲུས་ཁང་དང་སྲོ་ཁང་དུ་གནས་པ་ཡན་གྱི་སྤྱོད་པའི་སྐབས་སུ་གསུངས་པ་དེ་ཉིད་རྒྱས་པར་བཤད་ནས། ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོ་རྣམས་ཀྱིས་ཆོས་དེ་གཉིས་ལ་གནས་ནུས་པ་མེད་པར་གསུངས་པ་ལྟ་བུ་སྟེ། སྭ་བྷཱ་ཝའི་སྔགས་ཀུན་གྱིས་བརྗོད་པར་བྱེད་ཀྱང་ཕྱག་རྒྱ་ཆེན་པོ་མ་རྟོགས་པ་རྣམས་ཀྱིས་སྔགས་འདིའི་དོན་མི་ཤེས་སོ། །མདོར་ན་སྟོང་པ་ནམ་མཁའི་རང་བཞིན་ལས་སླར་སྣོད་བཅུད་རིམ་པས་ཆགས་ཅིང་སླར་ཡང་དེ་ཉིད་ཀྱི་ངོ་བོར་འཇིག་པ་དང་། བར་དོའི་རྣམ་པར་ཤེས་པ་སྟོང་པ་ཡིད་ཀྱི་རང་བཞིན་ཙམ་ལས་རིམ་གྱིས་ལུས་ཀྱི་དངོས་པོར་གྲུབ་ཅིང་མཐར་ཡང་སྟོང་པ་འོད་གསལ་བའི་ངོ་བོར་འཇུག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་འཁོར་འདས་ཀྱི་རྣམ་པ་ཅིར་ཡང་སྣང་བར་རུང་གི་སྟོང་ཉིད་མ་ཡིན་ན་ཅི་ཡང་སྣང་མི་རུང་ངོ་ཞེས་ཟབ་མོ་དབུ་མའི་གྲུབ་པ་ལས་བཤད་པ་དང་། གཞིའི་གནས་ཚུལ་སྤྲོས་མཚན་གྱིས་མ་གོས་པའི་སྟོང་པ་ཆེན་པོ་གཞོམ་གཞིག་དང་བྲལ་བ་ལས་ས་དང་ལམ་རྣམས་བགྲོད་དེ་མཐར་ ― KMC013_Page_0173 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྲལ་འབྲས་འགོག་པ་ཆེན་པོ་འོད་གསལ་བ་ཆོས་ཉིད་ཀྱི་སྐུ་མངོན་དུ་བྱེད་པ་རྣམས་ཀྱི་ཕྱོགས་རྟོགས་པར་བྱ་བའི་ཕྱིར་སྐྱེད་རིམ་གྱི་སྐབས་སུ་ཡང་སྔོན་དུ་དམིགས་པ་དང་མཚན་མའི་རྟོག་པ་ཐམས་ཅད་སྦྱངས་པ་སྟོང་ཉིད་དང་སླར་དེ་ལས་སྒྱུ་མའི་སྐུར་ལྡང་ཞིང་སྐྱེད་རིམ་གྱི་ཕྲིན་ལས་རྣམས་བྱས་ནས། སླར་ཡང་འོད་གསལ་བའི་སྟོང་པ་ཆེན་པོ་ལ་གཞུག་པར་མཛད་པ་སྟེ་དེའི་ཕྱིར་ལམ་གྱི་དངོས་གཞིར་རིགས་ཀྱི་བོད་མང་པོས་འདི་སྔོན་འགྲོའི་ཚོགས་བསག་ཏུ་བསྡུ་བ་ནི་སྤྱི་དོན་གི་ཚུལ་ལ་ཞེན་ནས་སྦས་པའི་དོན་མ་ཤེས་པར་ཟད་དམ། འོ་ན་དེ་ལས་སྒྱུ་འཕྲུལ་གྱི་སྐུར་ལྡང་བ་དེ་སྟོང་པ་ལས་ལངས་པའི་ཕྱིར་སྟོང་པ་མ་ཡིན་པ་ཅིག་ཏུ་ལྡང་ངམ་ཞེ་ན། དེ་ལྟ་མ་ཡིན་ཏེ་ཇི་ལྟར་རྨི་ལམ་ན་སྣང་བའི་མིག་སྒྱུ་དང་ནམ་མཁའ་གཉིས་ལ་ངོ་བོ་ཐ་དད་པ་མི་རྙེད་པ་དང་སངས་རྒྱས་ཀྱིས་སྤྲུལ་པའི་མེ་ཏོག་ས་གཞི་ལས་སྐྱེས་པ་དང་ནམ་མཁའ་ལས་སྐྱེས་པ་ལ་བདེན་རྫུན་གྱི་ཁྱད་པར་མི་དམིགས་པ་ལྟ་བུར་རྣམ་པ་ཐམས་ཅད་དུ་ཤེས་དགོས་ཏེ་རྣམ་པ་སྣང་བ་ཙམ་གྱིས་འདི་ནི་དངོས་པོ་སྟེ་སྟོང་པ་མ་ཡིན་པའི་རྫས་སུ་གྲུབ་པའོ་ཞེས་རློམ་ཞིང་ཅི་ཡང་ ― KMC013_Page_0174 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པ་ཙམ་གྱིས་འདི་ནི་སྟོང་པ་སྟེ་དངོས་པོ་མེད་པའོ་སྙམ་དུ་འཛིན་པ་འདི་ནི་དེང་སང་བོད་ཀྱི་མཁས་རློམ་མང་པོའི་ཁྱད་ཆོས་ཆེན་པོར་སྣང་མོད། ཐེག་པ་ཆེན་པོའི་ཚུལ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གང་རྟེན་ཞིང་འབྲེལ་བར་འབྱུང་བ་ཤེས་པ་དེ་ནི་བདག་གཞན་དང་གཉིས་ཀ་དང་གཉིས་མིན་དང་ཡོད་མེད་སོགས་སུ་རློམ་སེམས་མི་འབྱུང་བར་བཤད་ལ། སྟོང་ཉིད་རྟེན་འབྲེལ་ཐ་མི་དད་པའི་ཚུལ་མ་གོ་བར་ཟད་པས་སོ། །གལ་ཏེ་ཅིག་ཆར་དུ་ལྡང་ངམ་རིམ་ཅན་དུ་ལྡང་ཞེ་ན། སྤྱིར་སེམས་ཅན་རྣམས་ཀྱི་འཁྲུལ་ངོར་ཐོག་མར་སྣོད་ཀྱི་འཇིག་རྟེན་རླུང་གི་དཀྱིལ་འཁོར་ནས་ཚངས་པའི་འཇིག་རྟེན་ལ་སོགས་པའི་བར་ཆགས་ཅིང་ཕྱིས་གཡོ་བ་བཅུད་ཀྱི་སེམས་ཅན་རྣམས་ཆགས་པའི་རྟོག་པ་སྦྱོང་བའི་ཕྱིར་སྔོན་དུ་རླུང་དཀྱིལ་ནས་བརྩམས་ཏེ་གཞལ་ཡས་ཁང་རྫོགས་པའི་བར་བསྐྱེད་ནས་སླར་ལྷ་སྐྱེད་པར་རྒྱུད་སྡེ་གོང་མ་གཉིས་སུ་བཤད་ལ། བཅུད་ཀྱི་སེམས་ཅན་འཆགས་པ་ན་ཡང་དང་པོར་ཚངས་པའི་གཞལ་མེད་ཁང་དུ་ཚངས་པ་ཆེན་པོ་ཅིག་ཆར་རྫུས་སྐྱེས་སུ་བྱུང་ཞིང་ཕྱི་ནས་འདོད་པའི་ལྷ་རྣམས་དང་ཛམ་གླིང་པའི་བར་དུ་རིམ་གྱིས་ ― KMC013_Page_0175 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ཅན་རྣམས་རྫུས་སྐྱེས་སུ་བྱུང་བ་དང་བར་དོའི་ཡིད་ལུས་རྫུས་སྐྱེས་སུ་འབྱུང་བ་སོགས་ཀྱི་རྟོག་པ་སྦྱོང་ཕྱིར་ལྷ་སྐད་ཅིག་དྲན་རྫོགས་ཀྱིས་སྒོམ་པ་དང་། ཕྱི་ནས་མི་རྣམས་མངལ་སྐྱེས་སུ་གྱུར་པ་སོགས་སྦྱོང་ཕྱིར་མངལ་འབྱིན་གྱི་སྒོམ་པ་དང་། དྲོད་གཤེར་སྐྱེས་སྦྱོང་བྱེད་ཟླ་ཉི་ཁ་སྦྱོར་ལས་སྐྱེད་པ་མངོན་བྱང་ལྔའི་སྒོམ་པ་དང་། ས་བོན་ཕྱག་མཚན་གོང་བུ་ལས་སྐྱེད་པ་སྟེ་སྒོང་སྐྱེས་ཀྱི་སྦྱོང་བྱེད་གསུམ་སྟེ་སྦྱང་བྱ་སྐྱེ་གནས་བཞི་སྦྱོང་བའི་ཕྱིར་སྦྱོང་བྱེད་སྐྱེད་ཚུལ་རྣམ་པ་བཞི་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་བཞི་དང་ཆོ་ག་གསུམ་པ་ཡན་ལག་དྲུག་སོགས་ཀྱི་སྐྱེད་ཚུལ་གསུངས་པ་ནི་ཆོ་གའི་ཆིངས་ཐ་དད་པར་ཟད་ཀྱི་སྐྱེད་ཚུལ་དངོས་ནི་འདི་བཞིར་འདུའོ། །ཁྱད་པར་བཅོམ་ལྡན་འདས་མའི་སྐྱེད་པ་ལ་ཡང་མངོན་བྱང་གི་རྒྱུད་ལས་ནི། འབྱུང་བཞི་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་པ་གྲུ་བཞི་པར་མངོན་བྱང་ལྔ་ལས་ཞལ་བཞི་ཕྱག་བཅུ་གཉིས་མ་འཁོར་སྙིང་པོའི་མཁའ་འགྲོ་མ་བཞི་དང་དེའི་ཕྱིར་སྤྱན་སོགས་བཞི་རེ་རེ་ལ་འཁོར་རབ་གཏུམ་མ་སོགས་དྲུག་རེས་བསྐོར་བ་དང་སྒོ་མཚམས་མ་བརྒྱད་དེ་ལྷ་ཞེ་གཅིག་གིས་བསྐོར་བར་བཤད་ ― KMC013_Page_0176 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ། །མངོན་བརྗོད་བླ་མར་ཡང་ཕག་མོ་ཞལ་གསུམ་ཕྱག་དྲུག་མ་སྐད་ཅིག་གིས་སྐྱེད་པ་སོགས་ཕག་མོའི་དཀྱིལ་འཁོར་དུ་མ་ཞིག་བཤད་ལ། དེ་བཞིན་དུ་གཞུང་དྲུག་མཁན་པོ་རྣམས་དང་མཁས་པ་ཀོང་ཀས་བྱིན་སོགས་ཀྱི་རྒྱ་གཞུང་རབ་ཏུ་མང་པོ་ལས་སོ་སོར་བཤད་ལ། དཔལ་ནཱ་རོ་པས་སྒྲུབ་ཐབས་འདིར་གསུངས་པ་ནི་རྡོ་རྗེ་བཞི་ལས་སྐྱེད་པའི་ཚུལ་ཏེ། བརྟག་གཉིས་ལས། ཡང་ནི་སྟོང་པ་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་དགོད། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བཤད་པ་དང་མཐུན་པ་ཡིན་ནོ། །དེས་ན་སྟོང་པ་ཆེན་པོ་སྤྲོས་པ་ཉེ་བར་ཞི་བའི་དང་དེ་ཉིད་ལས་སྒྱུ་མའི་ཆུ་ལས་ཆུ་བུར་གྱི་ཚུལ་དུ་ཐོག་མར་སྲུང་བའི་འཁོར་ལོ་རྣམས་སྔོན་བཞིན་དུ་བརྟན་པར་བསྒོམས་ཏེ་རྣལ་འབྱོར་པའི་བློའི་རིམ་པས་ནམ་མཁའི་ཁམས་ཙམ་མམ་སྟོང་གསུམ་ཙམ་མམ་ཛམ་གླིང་ཙམ་མམ་ཡུལ་གྲུའམ་ཐ་མས་ནི་རང་གི་གནས་ཁང་ཁོར་ཡུག་དང་བཅས་པ་ཙམ་མམ་ཇི་སྲིད་དུ་བསྲུང་བར་བྱ་བ་རྣམས་ཚུད་པ་དེ་ཙམ་དུ་སྒོམ་ཞིང་སྒོམ་སོགས་ཀྱང་སྔོན་ཇི་ལྟ་བ་ཉིད་གསལ་གདབ་བོ། །དེའི་ནང་དུ་རྣམ་ཤེས་ ― KMC013_Page_0177 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚོགས་བརྒྱད་དག་པའི་དུར་ཁྲོད་ཆེན་པོ་བརྒྱད་དེ། དེ་ཡང་སྤྱིར་མཁའ་འགྲོ་རྒྱ་མཚོ་ལས་ཐུགས་གསུང་སྐུ་དམ་ཚིག་གི་འཁོར་ལོའི་དུར་ཁྲོད་བརྒྱད་ཚན་བཞི་དང། དུས་ཀྱི་འཁོར་ལོར་བྱིས་པ་ཤི་བ་ལ་སོགས་པའི་མིང་གིས་གསུངས་ཀྱང་། འདིར་ནི་སློབ་དཔོན་ལོ་ཧི་པ་ལ་སོགས་པས་བདེ་མཆོག་གི་རྩ་བཤད་ཀྱི་རྒྱུད་བསྡུས་པའི་རྗེས་སུ་འབྲེངས་ནས་བཤད་པ་འདི་ཉིད་ཀྱི་མིང་དང་མཚན་ཉིད་ཀྱིས་བསྒོམ་པར་བྱ་སྟེ། ཤར་དུ་གཏུམ་དྲགབྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ་མེར་ནགས་ཚལ་ཕུན་སུམ་ཚོགས་པ་སྲིན་པོར་མུན་པ་མི་བཟད་པ་རླུང་དུ་ཀཱི་ལི་ཀཱི་ལིའི་སྒྲ་སྒྲོགས་པ་དབང་ལྡན་དུ་ཧ་ཧར་རྒོད་པའི་དུར་ཁྲོད་དོ། །དེ་རྣམས་སུ་ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་གྱི་རིམ་པ་འདི་ཁོ་ནས་བརྒྱ་བྱིན་དང་ནོར་སྦྱིན་དང་ཆུ་ལྷ་དང་གཤིན་རྗེ་དང་མེ་དང་སྲིན་པོ་དང་རླུང་དང་དབང་ལྡན་ཏེ་ཕྱོགས་སྐྱོང་བརྒྱད་ནི་རང་རང་གི་བཞོན་པ་ལ་གནས་ཅིང་ཆུང་མས་གཡོན་ནས་བརྟེན་པ་ཤྲི་ཤ་དང་ཨ་ཤྭཏྠ་ལ་སོགས་པའི་ཤིང་ཆེན་པོ་བརྒྱད་ཀྱི་རྩ་བར་བརྟེན་ཏེ་གནས་པ། ཤིང་ཆེན་ ― KMC013_Page_0178 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་རྣམས་ལོ་མ་དང་ཡལ་ག་དང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་དབུས་ནས་བུམ་པའི་ལྟོ་བ་ཅན་ལ་སོགས་པའི་ཞིང་སྐྱོང་ཆེན་པོ་བརྒྱད་ཕྱོགས་སྐྱོང་གི་གཞོན་པའི་གདོང་པ་ཅན་གཡོན་གཏོར་མ་དང་གཡས་སྡིགས་མཛུབ་ཅན་ལུས་ཕྱེད་ཐོན་པའོ། །དེ་བཞིན་དུ་ཆུ་བོ་ཆེན་པོ་བརྒྱད་དང་དེ་དག་གི་དབུས་ནས་ཀླུ་ཆེན་པོ་བརྒྱད་ལུས་ཕྱེད་སྟེང་དུ་འཐོན་ཞིང་སྟེང་གི་ནམ་མཁར་སྒྲ་སྒྲོགས་པ་ལ་སོགས་པའི་སྤྲིན་ཆེན་པོ་བརྒྱད་ཆུས་གང་ཞིང་སྣུམ་ལ་ཀློག་འབྱིན་ཞིང་འབྲུག་སྒྲ་སྒྲོག་པ་དང་ཆར་འབེབས་པ། གྲུབ་པའི་རི་བོ་ཆེན་པོ་བརྒྱད་ཕུག་དུ་མས་གང་བའི་སྟེང་དུ་མཆོད་རྟེན་ཆེན་པོ་བརྒྱད་དང་། གཏུམ་མོ་ལ་སོགས་པ་རྫོགས་རིམ་རྩ་བའི་ཆོས་བརྒྱད། རེ་རེ་ལས་ཕྱག་རྒྱ་ཆེན་པོ་གྲུབ་པའི་རྣལ་འབྱོར་པ་བརྒྱད་དང་། ཐུན་མོང་གི་དངོས་པོ་བརྒྱད་གྲུབ་པའི་རྣལ་འབྱོར་པ་རྣམས་དང་། སར་པ་དང་རྙིང་པ་དང་ཡན་ལག་འཐོར་བ་དང་ཚིག་པ་དང་མ་ཚིག་པ་ལ་སོགས་པ་རོའི་ཚོགས་དང་ཀེང་རུས་དང་ཐོད་ཚལ་དང་སྐྲའི་ཚོགས་ལྷུང་བས་ཁྱབ་ཅིང་། རོ་ལངས་དང་ཤ་ཟ་དང་སྲིན་པོ་དང་བྱ་རྒོད་དང་ཅེས་སྤྱང་དང་སྦྲུལ་གྱི་ཚོགས་དང་ཀཾ་ཀ་ལ་ ― KMC013_Page_0179 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་པས་གང་བ། རྣལ་འབྱོར་པ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པ་རྡོ་རྗེའི་གླུ་གར་དང་འདུ་བའི་འཁོར་ལོས་རྩེན་པ། མདོར་ན་མི་རྟག་པ་དང་སྡུག་བསྔལ་དང་མི་གཙང་བའི་བདག་ཉིད་ཅན་ཀྱི་འཁོར་བའི་ཆོས་ཐམས་ཅད་བདག་དང་བདག་གི་བ་མེད་ཅིང་རྣམ་པར་རྟོག་པས་མ་གོས་པ་རྡོ་རྗེའི་འོད་གསལ་བ་བདེ་སྟོང་གི་ཡེ་ཤེས་ཆེན་པོར་གཟོད་མ་ནས་རྣམ་པར་དག་ཅིང་རོ་མཉམ་པའི་བདག་ཉིད་བསྒོམ་པར་བྱའོ། །འདི་རྣམས་ཀྱི་རྣམ་གཞག་དང་ཕྱི་ནང་དུ་ཇི་ལྟར་སྦྱང་བའི་དག་པ་སོགས་རྒྱས་པར་ནི་ར་ལའི་རྒྱུད་དུར་ཁྲོད་རྒྱན་དང་ཨ་བྷྱ་ཞབས་ཀྱིས་མན་ངག་གི་སྙེ་མ་དང་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་སོགས་ལས་བཤད་མོད་ཡི་གེས་འཇིགས་སོ། །འདི་ནི་དེ་བཞིན་གཤེགས་པ་ཞབས་ཀྱིས་དུར་ཁྲོད་ཀྱི་མཚན་ཉིད་རྒྱས་པར་སྒོམ་པར་གསུངས་པའི་དགོངས་པ་ལྟར་བྲིས་པ་སྟེ་མདོར་བསྡུ་ན་དུར་ཁྲོད་ཀྱི་མཚན་ཉིད་སྐད་ཅིག་གིས་གསལ་ལམ་པ་ཙམ་དུ་བལྟས་པས་ཀྱང་དོན་གྲུབ་བོ། །དེ་ལྟར་སྲིད་པ་གསུམ་དག་པའི་དུར་ཁྲོད་ཀྱི་དབུས་སུ་འཁོར་བའི་གཞི་རྩ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཉིད་ ― KMC013_Page_0180 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཟོད་མ་ནས་རང་བཞིན་གྱིས་འོད་གསལ་དུ་དག་པ་གདན་ཐབས་ཀྱི་ཆོས་འབྱུང་ཤེས་རབ་ཀྱི་བདག་ཉིད་ཀྱི་དབུས་སུ་ཐིག་ལེ་སྟོང་པ་ཡི་གེ་དྲུག་གཅིག་ཏུ་གྱུར་པ་ཨེ་ཡིག་ལས་མྱ་ངན་ལས་འདས་པ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་བཙུན་མོའི་བ་ག་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཁང་ཐབས་ཀྱི་གཞལ་ཡས་ཁང་སྟེ་འཁོར་བ་མི་སྤོང་བས་རྩ་བ་ཕྲ་བ་ཐུར་དུ་ཟུག་ཞིང་འཁོར་བས་མ་གོས་ལ། ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པས་ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ཐབས་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ངོ་བོས་ཕྱི་དཀར་ཞིང་གཟོད་མ་ནས་དག་པའི་སྟོང་ཆེན་ཤེས་རབ་ཀྱི་ངོ་བོས་ནང་དམར་ལ་དབྱེར་མེད་པའི་བདག་ཉིད་ཅན་རྣམ་པར་ཐར་པའི་སྒོ་གསུམ་གྱིས་ཟུར་གསུམ་དུ་སྣང་བ་ཀུན་ནས་སྒྲིབ་ཐོགས་དང་བྲལ་བ་ཆོས་དབྱིངས་ཀྱི་མཐའ་བཀླས་པར་སྒོམ་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་རྟོག་པ་སྦྱོང་བའོ། །དེའི་དབུས་སུ་པཾ་ཡིག་ལས་མའི་མངལ་དང་བཞི་པའི་གནས་སྐབས་དག་པ་པདྨ་འདབ་མ་བཞི་པ་ཁ་བྱེ་བ་ཡུ་བ་དང་བཅས་པའི་ལྟེ་བར་ཟེའུ་འབྲུའི་སྟེང་དུ་ཐབས་སྐྱེད་ ― KMC013_Page_0181 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་ཀྱི་ཆ་དཀར་ཆ་དང་བཅས་པ་དག་ཞིང་རང་བཞིན་བརྒྱད་ཅུ་འོད་གསལ་དུ་བཅོམ་པས་ན་སྐྱེས་པའི་རོ་སེར་པོ་ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པས་དྲོད་མ་ཡལ་བ་ཚོ་ཞིང་སྣུམ་པ་དབང་པོའི་སྒོ་ནས་ཁྲག་ཅུང་ཟད་འཛག་པ་མགོ་བོ་གཡོན་དུ་ལྟ་བས་གན་རྐྱལ་དུ་འགྱེལ་བའི་སྙིང་གར་ཉི་མའི་དཀྱིལ་འཁོར་འོད་ཟེར་རབ་ཏུ་རྒྱས་པ་སྒོམ་སྟེ་བར་མ་དོའི་དྲི་ཟས་ཕ་མའི་འདུ་འཕྲོད་ཀྱི་རྐྱེན་མཐོང་བ་ནི་ཆགས་སྡང་གིས་དབང་གིས་དེར་འཇུག་པའི་རྣམ་པར་རྟོག་པ་སྦྱོང་བའོ། །ཉི་མའི་སྟེང་དུ་རང་གི་སེམས་ཉིད་འོད་གསལ་བའི་ངོ་བོ་གཉུག་མ་ལྷན་སྐྱེས་ཀྱི་བདག་ཉིད་དེ་ནི་ས་བོན་ཧྲཱིཿཡིག་གི་རྣམ་པར་སྒོམ་པར་བྱ་སྟེ་དེ་ཡང་བོད་ཡིག་གི་དབང་དུ་བྱས་ནས་ར་བཏགས་རིང་པོའི་མཚན་མ་དང་བཅས་པ་སྟན་ལ། ཟུག་པ་གུ་གུ་ནམ་མཁའ་ལ་ལྡིང་བ་ཚེག་དྲག་པོས་བསྟེན་པ་དམར་ཞིང་འོད་ཟེར་འབར་བ་སྟེ་དེ་ནི་ཧྲཱིཿཡིག་གི་མཚན་མའོ། །ཧྲཱིཿའི་རང་སྒྲ་མེ་ལྕེའི་སྒྲ་ལྟ་བུ་རྒྱུན་མི་འཆད་པར་ཀླག་ཆོར་དུ་གྲག་པ་ནི་ཧྲཱིཿཡིག་གི་ངོ་བོ་ཡིན་ལ། དེ་ལྟར་རྣམ་པ་དང་སྒྲ་གདངས་རྟེན་དང་བརྟེན་པའི་ཚུལ་དུ་དབྱེར་མེད་པ་འདི་ནི་ས་ ― KMC013_Page_0182 ―
[མ་དཔེ་གཟིགས་ན་འདིར་གནོན།]
བོན་ཏེ། སྤྱིར་འཁོར་བ་པ་རྣམས་ཀྱིས་ཨུཏྤལ་སྙམ་པའི་མིང་གི་མཚན་མ་ཡིད་ལ་ཤར་བ་ན་སྔོན་པོ་དང་འདབ་ལྡན་སོགས་དབྱིབས་དང་ཁ་དོག་གི་གཟུགས་ཀྱི་མཚན་མ་སྐྱེ་བ་ལྟར་རགས་པ་རྩོམ་བྱེད་ནི་མིང་གཟུགས་ཀྱི་མཚན་མ་ཁོ་ན་ཡིན་ལ། དེའི་ཡང་དང་པོ་མིང་གི་མཚན་མ་སྐྱེ་བ་དེ་སྦྱོང་བྱེད་དང་ཁྱད་པར་དུ་བར་མདོའི་དྲི་ཟས་ཆགས་སྡང་གི་རྐྱེན་ཉེ་བར་དམིགས་པ་ན་ཀུན་ནས་ལྡང་བ་དྲག་པོས་སྤྱིར་བསྟན་ལ་ཨ་ཕྱེད་པའི་དབྱིབས་སམ་བྱེ་བྲག་ཏུ་ཆགས་སྡང་གི་རྣམ་པར་རྟོག་པ་གང་དང་གང་སྐྱེས་པའི་མིང་གི་རྟོག་པ་དེའི་དང་པོའི་ཡིག་གཟུགས་ཀྱི་རྣམ་པར་སྣང་བས་ཉེ་བར་ཞུགས་ཏེ་ཕ་མའི་ཁུ་ཁྲག་ལ་ང་ཡིར་འཛིན་པའི་རྟོག་པ་སྦྱོང་བྱེད་དོ། །འདིར་ས་བོན་ཧྲཱིཿཡིག་ནི་སྐུ་གསུང་ཐུགས་ཡེ་ཤེས་བཞི་ལས་ཡེ་ཤེས་རྡོ་རྗེའི་ངོ་བོ་སྟེ་དུས་ཀྱི་འཁོར་ལོར་ཧོཿཡིག་ཡེ་ཤེས་རྡོ་རྗེར་བཤད་པ་ལྟ་བུ་ཡིན་ལ། སྤྱིར་བསྡུ་བའི་དབང་དུ་བྱས་ན་བཛྲ་ཝཱ་ར་ཧིའི་ཐོག་མ་ནས་བསྡུས་པས་བཾ་སྐྱེད་མ་དང་ཐ་མ་ནས་བསྡུས་པའི་ཧྲཱིཿསྐྱེད་མར་ཟིན་བྲིས་རྣམས་ལས་གསུངས་སོ། །དེ་ནས་ཧྲཱིཿདེ་ལས་རིགས་ལྔ་དང་ཡུམ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ ― KMC013_Page_0183 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་ཁྱད་པར་དཔག་ཏུ་མེད་པ་སྤྲོས་ཏེ་དེ་རྣམས་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་བདག་དང་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲིབ་པ་དང་བྲལ་བ་རྣམ་པར་དག་པ་རྡོ་རྗེའི་ཡེ་ཤེས་སུ་ཡོངས་སུ་བྱང་བར་བྱས། སླར་ཡང་འོད་ཟེར་གྱི་ཚོགས་དེས་སེམས་ཅན་ཐམས་ཅད་ལ་རེག་པས་ལྕགས་ཕྱེའི་ཕུང་པོ་ལ་གྲུབ་པའི་དངུལ་ཆུའི་ཐིགས་པས་རེག་པ་ན་སྐད་ཅིག་གིས་མ་དག་པའི་རོ་བཅོམ་སྟེ་གསེར་དུ་འགྱུར་བ་ལྟར་སྡིག་སྒྲིབ་ཐམས་ཅད་དག་སྟེ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་བྱང་ཆུབ་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་གྱུར། སླར་འོད་ཟེར་གྱིས་རྡོ་རྗེ་རྣལ་འབྱོར་མ་དེ་ཐམས་ཅད་ཚུར་སྤྱན་དྲངས་ཏེ་ས་བོན་ལ་ཐིམ་པས་དབྱེར་མེད་པར་གྱུར་པ་འདི་ནི་སྐད་ཅིག་གིས་གཞན་དོན་དུ་བཅོམ་ལྡན་འདས་མའི་སྐུར་ལྡང་ནུས་པའི་ཕྱིར་སྨོན་ལམ་ཡོངས་སུ་རྫོགས་པ་སྟེ། མདོར་ན་བསག་སྦྱང་གཉིས་དང་རྫོགས་སྨིན་སྦྱང་བ་གསུམ་རབ་ཀྱི་ ― KMC013_Page_0184 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐར་ཕྱིན་པར་མ་བྱས་པར་འཚང་རྒྱ་མི་ནུས་པར་མདོ་སྔགས་གཉིས་ཀ་དགོངས་པ་མཚུངས་ལ། འོན་ཡང་གསང་སྔགས་འབྲས་བུ་དང་མངོན་སུམ་ལམ་དུ་བྱེད་པས་ཐབས་རྒྱ་ཆེ་ཞིང་མྱུར་བའི་ཕྱིར་སེམས་དང་པོ་སྐྱེད་པའི་ངོ་བོ་སྐྱབས་འགྲོ་སེམས་སྐྱེད་ནས་བཟུང་སྟེ་བར་དུ་ཚོགས་སྦྱོར་གྱི་ལམ་གྱི་ངོ་བོ་བསག་སྦྱང་མཐའ་དག་བྱས་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་མཐོང་བའི་ལམ་གྱི་བདག་ཉིད་སྭ་བྷཱ་ཝས་གཟུང་འཛིན་སྦྱངས་ཏེ་དྲི་མ་མེད་པ་ནས་ས་བཅུ་པའི་བར་གྱི་ངོ་བོ་རྟེན་བརྟེན་པ་རིམ་པས་སྐྱེད་ཅིང་བྱིན་གྱིས་བརླབས་ནས་བཅུ་གཅིག་པ་དང་བཅུ་གཉིས་པ་བགྲོད་པའི་ཚུལ་དུ་ཡེ་ཤེས་གཞུག་ཞིང་དབང་བསྐུར་བས་སྤངས་རྟོགས་རྫོགས་ཏེ་བཅོམ་ལྡན་འདས་མའི་ངོ་བོར་འཚང་རྒྱ་བ་སྐུ་རྫོགས་པ་དང་ཆོས་འཁོར་བསྐོར་བའི་ངོ་བོ་བཟླས་པ་དང་གདུལ་བྱ་འདུལ་བའི་ཕྲིན་ལས་རྣམ་པ་བཞི་ཚར་ཕྱིན་ནས་སླར་ཡང་ཆོས་ཉིད་ཀྱི་སྐུར་མྱ་ངན་ལས་འདའ་བར་ངོ་བོ་རྫོགས་རིམ་དང་སྤྲུལ་སྐུ་རྒྱུན་མི་འཆད་པར་འབྱུང་བའི་བདག་ཉིད་སླར་སྒྱུ་འཕྲུལ་གྱི་སྐུར་ལྡང་བ་སྟེ་ཐུན་ཁོངས་རེ་རེར་ཡང་ལམ་འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པ་རེ་ ― KMC013_Page_0185 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲུབ་པ་ཡིན་ལ། དེ་རྣམས་ཀྱང་རྣལ་འབྱོར་པ་ལས་དང་པོ་པས་ནི་མོས་པ་ཙམ་དང་། འབྲིང་གིས་རང་བཞིན་ཤེས་པ་དང་། མཆོག་གིས་དེ་ཉིད་དུ་ཇི་ལྟ་བ་རྟོགས་ཅིང་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་བསག་སྦྱང་གི་བྱ་བ་ཚར་ཕྱིན་པས་སྔོན་གྱི་སྨོན་ལམ་དང་སྙིང་རྗེའི་དབང་གིས་ས་བོན་དེ་ཉིད་ཆུ་ལས་ཉ་ལྡང་བ་ལྟར་སྐད་ཅིག་གིས་བཅོམ་ལྡན་འདས་མའི་སྐུར་བཞེངས་པར་བསྒོམ་པར་བྱའོ། །དགྱེས་རྡོར་ལ་སོགས་པའི་རྒྱུད་དང་སྒྲུབ་པའི་ཐབས་གཞན་དུ་ནི་སྔོན་དུ་ལྷའི་རྣམ་པ་གསལ་བར་བསྒོམས་ཅིང་ཡན་ལག་དྲུག་བྱས་ནས་ཕྱི་ནས་རྣམ་དག་དྲན་པས་རྒྱས་གདབ་པར་བཤད་ཀྱང་། འདིར་ནི་རྫོགས་པའི་རིམ་པ་དང་ཆ་མཉམ་པ་ཟབ་པའི་སྐྱེད་རིམ་གཙོ་བོར་གསུངས་པའི་ཕྱིར། རྣམ་པ་གསལ་བ་དང་རྣམ་དག་དྲན་པ་ལྷན་ཅིག་ཏུ་སྒོམ་པ་སྟེ་དེ་ཡང་དབྱིབས་དང་ཁ་དོག་ལ་སོགས་པ་ནི་མིག་ཤེས་ཀྱིས་ཉེ་བར་བསྡུས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་མཐོང་བ་ཟླ་གཉིས་དང་སྐྲ་ཤད་ལྟ་བུ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ནི་འཁྲུལ་པ་རྒྱུ་དང་བཅས་པ་དྲུངས་ནས་ཕྱུང་བའི་ཕྱིར་དབྱིབས་དང་ཁ་དོག་དང་བཅས་ ― KMC013_Page_0186 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ལུས་མིང་དང་མཚན་མར་གདགས་ནུས་པ་ཅིག་ཏུ་ཡོད་ན་ནི་ཉན་རང་གི་ལྷག་བཅས་ཀྱི་བྱང་ཆུབ་དང་ཡང་ཁྱད་པར་ག་ལ་ཡོད། བདུད་བཞི་ཡང་ག་ལ་ཆོམས་ཏེ་ཕུང་པོར་གྲུབ་པས་ནི་ཕུང་པོའི་བདུད་གཞོམ་པར་མི་ནུས་སོ། །ཁམས་གསུམ་གྱི་སས་བསྡུས་པས་ནི་ལྷའི་བུའི་བདུད་གཞོམ་པར་མི་ནུས་སོ། །གང་འདོད་ཆགས་སམ་ཆགས་བྲལ་གྱི་ཕྱོགས་སུ་གནས་པ་དེས་ནི་ཉོན་མོངས་པའི་བདུད་གཞོམ་པར་མི་ནུས་སོ། །གང་འདུས་བྱས་སུ་གྱུར་པ་དེས་ནི་འཆི་བདག་གི་བདུད་གཞོམ་པར་མི་ནུས་སོ། །དེ་ལྟ་མོད་ཀྱི། གཟུགས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཡོངས་སུ་གྲུབ་པ་དེ་ཡིན་པར་མ་བསྟན་ཏོ་སྙམ་པའི་སོམ་ཉི་ཐེག་པ་ཆེན་པོར་རིགས་ངེས་པའི་དཔྱོད་ལྡན་རྣམས་ལ་འབྱུང་སྟེ། དེའི་ཕྱིར་གདུལ་བྱ་གང་ཞིག་གང་གིས་གང་གི་ཚེ་ཐུལ་བར་འགྱུར་བ་དེ་ཉིད་ཀྱི་གཟུགས་ཀྱི་སྐུའི་རྣམ་པ་རྒྱ་ཡོངས་སུ་མ་ཆད་པར་བསྟན་པ་དེ་ཁོ་ནའི་ཇི་ལྟར་རྣམ་པར་དག་པའི་ཚུལ་ཤེས་པས་གདུལ་བྱ་དེའི་ཉམས་སུ་བླང་བྱ་ཆོས་ཀྱི་རྣམ་གྲངས་སུ་འགྱུར་བ་སྟེ། ཟབ་མོ་ནང་དོན་གྱི་ལེའུ་བརྒྱད་པ་ལས། དབུ་མ་ཀུན་གཞི་ཡང་དག་དོན། །ཡེ་ཤེས་ ― KMC013_Page_0187 ―
[མ་དཔེ་གཟིགས་ན་འདིར་གནོན།]
རླུང་དང་ཐིག་ལེ་ནི། །དཔའ་བོ་གཅིག་པ་ཧེ་རུ་ཀའོ། །ཞེས་པ་ནས། སོ་བདུན་རིགས་བརྒྱ་དུ་མའི་བར། །རྩ་རླུང་ཐིག་ལེ་འཁོར་ལོའི་གྲངས། །རྣམ་རྟོག་གྲངས་བཞིན་བསྟོན་པ་སྟེ། །ཞེས་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱི་དབྱེ་བའི་གཅིག་འགྲོས་གཉིས་འགྲོས་སོགས་ནས་བརྒྱ་ལ་སོགས་པའི་འགྲོས་ཀྱི་བར་སོ་སོའི་དབང་ལས་ལྷ་གྲངས་མང་ཉུང་སོགས་བསྟན་པར་བཤད་ནས་མཐར། ཞལ་དང་ཕྱག་མཚན་དེ་དང་མཚུངས། །ཅེས་ཞལ་ཕྱག་མང་ཉུང་དང་ཕྱག་མཚན་དང་རྒྱན་སོགས་ཀྱང་དེ་ལྟ་བུའི་དབང་ལས་བསྟན་པར་བཤད་པ་ཉིད་དོ། །སྤྱིར་ཡང་བཞིན་ལག་ཁ་དོག་ལ་སོགས་པའི་རྣམ་པ་ཅན་གྱི་ལྷ་སྒོམ་པ་ནི་ལུས་རགས་པ་དབྱིབས་སོགས་སུ་སྣང་བ་དང་ཞེན་པའི་ཆ་སྦྱོང་བའི་ཕྱིར་གསུངས་པ་ཡིན་མོད་ཀྱང་སྐྱེད་པའི་རིམ་པའི་རྣམ་དག་རྣམས་མི་ཤེས་པ་དེས་ནི་ལྷའི་དབྱིབས་མདོག་ཙམ་གྱི་སྐྱེད་པ་ཆེས་བརྟེན་དུ་ཟིན་རུང་ལུས་ཀྱི་དངོས་འཛིན་གཞོམ་པར་མི་ནུས་ཏེ་ལྡེར་ཚོ་ཤིན་ཏུ་ལེགས་པ་གཟོ་ཤེས་ཀྱང་ལུས་ཀྱི་དངོས་འཛིན་གཞོམ་མི་ནུས་པ་བཞིན་ནོ། །དེང་སང་བོད་ཡུལ་གྱི་སྐྱེད་རིམ་པར་ཁས་འཆེ་བ། སྙིང་ ― KMC013_Page_0188 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྗེའི་སྤྱན་ནི་དམར་པོ་ཉིད། །ཅེས་སོགས་རྣམ་དག་རྣམས་ཁ་ཐོན་དུ་ཆེས་བྱང་བར་བྱེད་པ་ནི་ས་སྟེང་གང་བར་ཡོད་མོད་ཀྱང་ཇི་ལྟར་ན་མི་རྣམས་ཁ་དོག་དང་གོས་དང་སྤྱོད་པ་ཐ་དད་པ་དེ་ལྟར་ཡི་དམ་རྣམས་ཀྱང་མདོག་དང་ཡན་ལག་མང་ཉུང་དང་ལག་ཆ་དང་ཆ་ལུགས་ཐ་དད་པ་རེ་ཡིན་མོད་སྙམ་པ་རེ་མ་གཏོགས་དེ་རྣམས་ལ་གཅིག་དང་ཐ་དད་མི་དམིགས་པ་དང་སྐུ་མདོག་ཕྱག་མཚན་འཁོར་མང་ཉུང་སོགས་ཀྱང་སྦྱང་བྱ་སྦྱངས་འབྲས་ལ་སོགས་པའི་དགོས་པས་བསྟན་པ་ཙམ་མོ་ཞེས་གོ་བ་ནི་འགའ་ཡང་ཡོད་པ་དཀའ་བར་སྣང་སྟེ་དགྱེས་རྡོར་གྱི་གཟིངས་ཕྱག་དང་འཁོར་ཕྱག་ལ་རྩོད་པ་དང་བདུད་བཞི་བརྩེགས་གདན་དང་བཀྲམ་གདན་ལ་རྩོད་པ་དང་ཕྱག་མཚན་ཡས་འགྱེད་མས་འགྱེད་ལ་རྩོད་པ་སོགས་དང་། འཇིགས་བྱེད་ལ་དངོས་ཡུམ་ཡོད་མེད་དང་། འཇིགས་བྱེད་ཀྱི་ཞལ་དགུ་ལ་དབུ་ཐོད་ཐ་དད་པ་དགུ་ཡོད་དམ་དབུ་ཐོད་གཅིག་ཡོད་རྩོད་པ་དང་། དེ་དག་ལ་ཐོད་སྲུབས་དུ་ཡོད་རྩོད་པ་དང་། ཞལ་བརྙན་ཅན་རྣམས་ལ་ཤངས་ཀྱི་ཉག་མཚམས་ཚུན་ཞལ་བརྙན་དུ་ཡོད་དམ་མགྲིན་པ་ཡན་ཞལ་བརྙན་དུ་ཡོད་རྩོད་པ་སོགས་ཕྱོགས་རེའི་བློ་ཉི་ ― KMC013_Page_0189 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚེ་བ་རེ་བཟུང་ནས་ཁམ་ཆེ་ཆེ་སྐད་དུ་རྩོད་དོ་ཞེས་ཐོས་པས་དེ་ལྟ་ན་ནི་སྐྱེད་རིམ་དགྲར་ལངས་ཀྱི་འཕྲང་ཞིག་གསར་དུ་བྱུང་བར་སྣང་སྟེ་ལུས་ཀྱི་དངོས་འཛིན་གཞོམ་ཕྱིར་སྐྱེད་རིམ་གསུངས་མོད་སྐྱེད་རིམ་ཉིད་ལ་དེ་ཙམ་དུ་དངོས་འཛིན་འཐས་པ་དེ་ནི་ཅིས་ཀྱང་གཞོམ་མི་ནུས་ཏེ། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་ཕྱིར་གསུངས། །གང་ཞིག་སྟོང་པ་ཉིད་ལྟ་བ། །དེ་ནི་གསོ་རུ་མེད་པར་གསུངས། །ཅེས་པ་ཁ་སྤོས་ཏེ། རྒྱལ་བས་སྐྱེད་པའི་རིམ་པ་ནི། །དངོས་པོར་འཛིན་པ་ཟློག་ཕྱིར་གསུངས། །སྐྱེད་རིམ་ཉིད་ལ་དངོས་འཛིན་པ། །དེ་ནི་གསོ་རུ་མེད་པར་གསུངས། །ཅེས་ཐོབ་བོ། །དེ་ལྟ་མོད་ཀྱི་འདི་ནི་སྐྱེད་རིམ་ཁོ་ན་ལ་ཡང་མ་ཡིན་ཏེ་ཕ་རོལ་ཏུ་ཕྱིན་པ་བྱ་བའི་ཆོས་རྫས་ཡོད་ཅིག་ཛམྦུའི་གླིང་ངམ་གླིང་གཞན་གྱི་གྲོང་ངམ་ལྗོངས་ཅིག་ན་ཡོད་པ་དེ་ལ་དྲུག་གམ་བཅུ་ཁོ་ན་ཡོད་པ་ཅིག་སངས་རྒྱས་ཀྱིས་གཟིགས་ནས་ཕར་ཕྱིན་དྲུག་གམ་བཅུ་གསུངས་པ་ཡང་མ་ཡིན་ལ། བྱང་ཆུབ་ཀྱི་ཕྱོགས་ཅེས་བྱ་བའི་དངོས་པོ་ཅིག་ལ་རིམ་པ་སོ་བདུན་ཡོད་ནས་བྱང་ཕྱོགས་སོ་བདུན་བསྟན་པའམ་ས་ལམ་ཞེས་བྱ་བ་འཁོར་ ― KMC013_Page_0190 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ནས་སངས་རྒྱས་ཀྱི་སའི་བར་དུ་བཅུགས་པ་སྐས་ག་དང་འདྲ་བ་ཞིག་ཡོད་ནས་དེ་ལ་གདང་བུ་བཅུ་ཡོད་པས་ས་བཅུ་གསུངས་པ་ལྟ་བུ་མིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐམས་ཅད་ནི་ཇི་ལྟར་ནམ་མཁའ་ལ་ཡུལ་འདིའི་ནམ་མཁའ་ཞེས་སོགས་དང་དཔག་ཚད་དང་རྒྱང་གྲགས་སོགས་རྣམ་པ་ཐ་དད་པར་ཕྱེ་བ་ལྟ་བུ་ཡིན་ཏེ་གདུལ་བྱ་རྣམས་ཀྱི་བློའི་རིམ་པ་ལས་དེ་ཐམས་ཅད་དགོས་པའི་དབང་གིས་ཐ་སྙད་དུ་བཞག་པ་སྟེ་བདོག་པ་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་ཅིང་འཁོར་གསུམ་དུ་མི་རྟོག་ལ། སྦྱིན་པའི་ཕར་ཕྱིན་དུ་བསྟན་པ་སོགས་ཕར་ཕྱིན་བཅུ་དང་། ལུས་ལ་དམིགས་པའི་དྲན་པ་སྐྱེད་པ་ལ་སོགས་པའི་རིམ་པས་བྱང་ཕྱོགས་སོ་བདུན་དང་། ཡང་དག་པའི་མཐོང་བ་ཀུན་ཏུ་འགྲོ་བ་ཙམ་ཞིག་དང་པོར་སྐྱེས་པ་ལ་ས་དང་པོ་རབ་ཏུ་དགའ་བ་ཞེས་མིང་དུ་མཛད་པ་སོགས་ས་བཅུ་དང་། དེ་བཞིན་དུ་རྣམ་གྲངས་ཀྱི་ཆོས་གཞན་ཐམས་ཅད་ཀྱང་དེ་ལྟ་བུའི་ཚུལ་གྱིས་བསྟན་པས་རིམ་པས་འཇུག་པའི་ཚུལ་ཤེས་པ་དང་། ས་མཚམས་ཟིན་པས་ལམ་གྱིས་མི་དུབ་པར་ངལ་སོས་པ་དང་། སླར་ལམ་གོང་མ་རྣམས་ཡོད་ ― KMC013_Page_0191 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ཤེས་པས་རང་སའི་ཡོན་ཏན་གྱིས་བསྙེམས་པ་མི་སྐྱེ་བ་དང་། རྣམ་པ་ཐམས་ཅད་དུ་རང་གི་བློའི་ཡུལ་མ་ཡིན་པ་ནམ་མཁའི་དབྱིངས་ལྟ་བུའི་ཆོས་འདི་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་མིང་དང་ཚིག་དང་བརྡ་དང་ཐ་སྙད་ཀྱི་སྒོ་ནས་བསྟན་པས་བློ་ལ་དོན་སྤྱི་འཆར་དུ་བཅུག་སྟེ་མཐར་ཕྱིན་ཅི་མ་ལོག་པའི་མཐོང་བ་ལ་འགོད་པས་དེ་བཞིན་གཤེགས་པའི་ཐབས་ཀྱི་མཛད་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་གནས་མཆོག་ཏུ་ཤེས་པས་སྟོན་པའི་ཡོན་ཏན་གྱི་ཕ་མཐའ་བཟུང་མི་ནུས་པར་ཤེས་པ་སོགས་དགོས་པ་དེ་ལྟ་བུ་མཐའ་ཡས་པར་ཡོད་པས་ན་དེ་ལྟར་དུ་རྣམ་གྲངས་ཀྱི་ཆོས་བསྟན་པ་ཡིན་ལ། དེ་ཁོ་ན་ཉིད་ཀྱི་གནས་ཡང་དག་པར་མཐོང་བ་ན་ནི་རྣམ་གྲངས་ཀྱི་ཆོས་རྣམས་སུ་འཛིན་པའི་སྦྲུལ་མདུད་ནི་རང་གི་ངང་གིས་འཇིག་པའི་ཕྱིར་སྔ་མ་ལ་དངོས་འཛིན་མཐས་པར་ཡང་མི་འགྱུར་ལ། ཕྱི་མ་སྤྲོས་པ་ཉེར་ཞིའི་གནས་མཐོང་བ་ན་སངས་རྒྱས་ཀྱི་ཐབས་ཀྱི་མཛད་པར་ཤེས་པས་ན་སྔ་མ་ལ་མ་དད་པ་སྐྱེ་བ་ཡང་མ་ཡིན་ལ། སོ་སོ་རང་རིག་པའི་ཡེ་ཤེས་ནི་ཤེས་པའི་ཁོང་ནས་ཚུར་འཆར་བའི་ཕྱིར་དེའི་ངོར་སྔ་མ་རྣམ་གྲངས་ ― KMC013_Page_0192 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་རྣམས་བཀག་ནས་སྤྲོས་པ་ཉེར་ཞི་ལུང་རིགས་ཀྱི་སྒྲུབ་དགོས་པའང་མ་ཡིན་ནོ། །དེ་བས་ན་ཞིང་འདིར་ཐེག་ཆེན་གྱི་གདུལ་བྱ་ཕལ་ཆེར་ལ་དགོངས་ནས་དེ་ལས་མང་མི་དགོས་ཅིང་ཉུང་ན་མི་འདུ་བའི་ཕྱིར་ཕར་ཕྱིན་བཅུ་སོགས་སུ་བསྟན་མོད་ཀྱི། རྣམ་པ་ཐམས་ཅད་དུ་དེ་ལྟར་མ་ངེས་ཏེ། གདུལ་བྱ་ཁ་ཅིག་ལ་ཕར་ཕྱིན་བརྒྱད་ཁྲི་བཞི་སྟོང་སོགས་སུ་བསྟན་ཞིང་དེ་བས་ཆེས་མང་བར་སྟོན་པའང་སྲིད་ལ། གདུལ་བྱ་ལ་ལས་ནི་ཕ་རོལ་ཏུ་ཕྱིན་པ་གཉིས་སམ་གཅིག་ཏུ་བསྡུས་ཏེ་བསྟན་པས་དུལ་བར་འགྱུར་བ་སོགས་ཀྱང་སྲིད་པའི་ཕྱིར་ཏེ། དམ་ཆོས་པད་དཀར་ལས་ཞིང་གཞན་ནས་འོངས་པའི་སེམས་དཔའ་མང་པོས་དམ་ཆོས་པད་དཀར་སྟོན་པར་ཞུས་པས་འདི་རྣམས་ནི་མགོ་སྨོས་པ་ཙམ་གྱིས་གོ་བ་ཤ་སྟག་སྟེ་དམ་པའི་ཆོས་པདྨ་དཀར་པོ་འདི་ནི་ཚུལ་གཅིག་པའོ་ཞེས་བསྡུས་ཏེ་གསུངས་པ་དང་། འདུལ་བ་ལས་ཀྱང་བྲི་ཛིའི་བུ་ཞེས་བྱ་བ་ཞིག་བསྙེན་པར་རྫོགས་པའི་ཕྱིར་འོངས་པ་བསླབ་པའི་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པར་ཐོས་པས་སྐྲག་སྟེ་ཕྱིར་ལྡོག་པར་བརྩམས་པ་ན་སྟོན་པས་ཁྱོད་བསླབ་པའི་གནས་གསུམ་ཞིག་ལ་བསླབ་པར་ ― KMC013_Page_0193 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤྲོའམ་ཞེས་དྲིས་ཏེ། དེ་ལ་བསླབ་བོ་ཅེས་གསོལ་བ་ན་ལུས་དང་ངག་དང་ཡིད་ཀྱི་ཁ་ན་མ་ཐོ་བ་སྡོམ་པར་གསུངས་ཏེ་ཁྲིམས་མཐའ་དག་དེར་བསྡུས་པ་ལྟ་བུའོ། །དེས་ན་ཆོས་རྣམས་ཀྱི་བསྡུ་བའི་སྒོ་འདི་ལྟ་བུ་ཤེས་པར་བྱོས་ཅིག་དང་ཐ་སྙད་ཕྲ་མོ་ཅུང་ཟད་ཙམ་རེའི་ཚིག་གི་འདོན་ལུགས་དང་ཁས་ལེན་ལུགས་ལ་ནན་ཏན་དུ་ཞེན་ཏེ་རྩོད་ཅིང་འཁྲུག་པར་བྱེད་པ། བྱེ་མའི་ཁང་བུ་རྡིབ་པ་ན། །བྱིས་པ་རྣམས་ནི་ག་ཆད་ངུ་། །ཞེས་པ་ལྟར་བྱེད་མི་དགོས་པ་ཅིག་འབྱུང་བ་ཡིན་ནོ། །དེས་ན་ལྷ་སྒོམ་པ་དང་རྣམ་དག་དྲན་པ་དུས་མཉམ་པ་འདི་ནི་མཆོག་ཏུ་ཟབ་པའི་སྐྱེད་ཚུལ་ཡིན་ནོ། །རྣམ་དག་དེ་ཇི་ལྟར་དྲན་ཞེ་ན། ཞལ་གདམས་ལས་གསུངས་པ་ཉིད་སྒྲ་ཇི་བཞིན་པར་སྒྲུབ་ཐབས་སུ་བཀོད་པ་དེ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྐུར་གཟོད་མ་ནས་རོ་གཅིག་པ་ཉིད་ཀྱི་ཕྱིར་ཞལ་གཅིག་གོ། །སྤྱིར་མུ་ཁའི་སྒྲ་ལས་ཁ་དང་གདོང་པ་དང་མདུན་རྣམས་ལ་ཞལ་གྱི་སྒྲར་བཤད་པ་ལས་འདིར་ནི་གཙོ་བོར་གདོང་པ་ལ་ཞེས་པའི་ཚིག་ཏུ་སྦྱར་བ་ཡིན། ཟིན་བྲིས་རྣམས་སུ་ཞལ་གཉིས་མར་བསྒྱུར་བ་གསང་སྒྲུབ་ཆོས་ཟབ་མོར་ ― KMC013_Page_0194 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་པ་ནི་གདུལ་བྱ་རྣམ་གྲངས་མང་བ་ལ་དགའ་བ་རྣམས་དཀྲི་བའི་ཕྱིར་ཡིན་པར་སྔོན་དུ་བཤད་ཟིན་པ་ལྟར་ཏེ། ཞལ་གཉིས་མའི་ཚེ་ནི་རྩ་ཞལ་ནི་མི་ལ་སོགས་པའི་གདོང་པ་དང་རྣམ་པ་མཚུངས་པས་ཀུན་རྫོབ་ཀྱི་བདེན་པ་མཚོན་ལ། སྙན་གཡས་ཀྱི་སྟེང་ངམ་ཚངས་བུག་ཏུ་འབྱུང་བའི་ཕག་ཞལ་ནི་རྣམ་པར་རྟོག་པ་ཐམས་ཅད་ཟ་བ་དོན་དམ་བདེན་པའི་ངོ་བོར་བཤད་པས་བདེན་གཉིས་ཀྱི་དག་པ་ཡིན་ལ། དེ་བཞིན་དུ་ཞལ་གསུམ་མ་ནི་སྐུ་གསུང་ཐུགས་གསུམ་དང་། ཞལ་བཞི་མ་ནི་འབྱུང་བ་བཞི་དང་ཕྲིན་ལས་བཞི་དང་བདེན་པ་བཞི་ལ་སོགས་པའི་བདག་ཉིད་དུ་གནས་སོ། །སྤྱིར་སྟོན་པས་ཐེག་པ་ཐུན་མོང་གི་གདུལ་བྱ་ལ་བདེན་པ་བཞི་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་བདེན་གཉིས་དང་། མཐར་ཐུག་ནི་མྱ་ངན་འདས་པ་བདེན་གཅིག་པོ་ཅེས་དོན་དམ་པའི་བདེན་པ་གཅིག་པུར་བསྟན་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མའི་སྐབས་འདིར་ཡང་སྦྱོང་བྱེད་ལམ་གྱི་དབང་དུ་བྱས་ན་ཞལ་གཉིས་མ་བདེན་པ་གཉིས་ཀྱི་རང་བཞིན་མཚོན་པ་ལས་ནི་འདིར་ཞལ་གཅིག་མ་དོན་དམ་པའི་བདེན་པ་ཆོས་ཉིད་ཀྱི་སྐུ་གཅིག་པོར་ཆོས་ ― KMC013_Page_0195 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་དག་པ་སྟོན་པ་འདི་ཉིད་ཆེས་མཆོག་ཏུ་གནས་སོ། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཕྱིར་ཞེས་སོགས་ལ་གཞིའི་དུས་སུ་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད་འཁོར་འདས་ཐམས་ཅད་དུ་སྣང་དུ་རུང་བ་སེམས་ཉིད་ཀྱི་རང་རྩལ་འགག་པ་མེད་པ་ནི་ཐབས་དང་། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་གཤིས་སྐྱེ་བ་མེད་པ་གཟོད་མ་ནས་རྣམ་པར་དག་པ་ནི་ཤེས་རབ་སྟེ། དེ་ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །ཅེས་པ་ལྟར་གཟོད་མ་ནས་ཐབས་ཤེས་དེ་གཉིས་ནི་རང་བཞིན་ཐ་དད་པ་མིན་ཏེ། དཔེར་ན། ཛམྦུའི་གསེར་ལ་ཁ་དོག་གི་ཆ་ནས་སེར་པོ་དང་ངོ་བོའི་ཆ་ནས་གསེར་དུ་འཇོག་ཡང་དེ་གཉིས་ཐ་དད་པར་དབྱེ་མི་ནུས་པ་ལྟ་བུ་ནི་གཞིའི་ཚུལ་ལོ། །ལམ་གྱི་དུས་སུ་ཡང་ཐབས་འབའ་ཞིག་པ་ནི་བདེ་འགྲོ་ཙམ་གྱི་རྒྱུ་དང་། ཤེས་རབ་རྐྱང་པ་ནི་ཉན་རང་གི་རྣམ་པར་གྲོལ་བའི་རྒྱུ་ཡིན་ལ། ཟུང་དུ་འཇུག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་མོ། །འབྲས་བུ་ལ་ཡང་གཞན་དོན་གཟུགས་ཀྱི་སྐུ་ནི་གདུལ་བྱ་འདུལ་བའི་ཐབས་ཀྱི་སྒོ་ཡིན་ལ། རང་དོན་དོན་དམ་པའི་སྐུ་ནི་རྣམ་པར་གྲོལ་བའི་ངོ་བོ་ ― KMC013_Page_0196 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་ཤེས་རབ་ཀྱི་ཆ་སྟེ་རང་བཞིན་ཐ་དད་པ་མ་ཡིན་པར་དབྱེར་མེད་པ་ནི་སངས་རྒྱས་ཉིད་དེ། མདོར་ན་ཆོས་ཐམས་ཅད་ཆོས་ཀྱི་སྐུར་དག་པ་དེ་ནི་ཐབས་ཤེས་ཡ་མ་བྲལ་བས་ཉམས་སུ་བླང་དགོས་པའི་བརྡར་པདྨའི་སྡོང་བུ་ལྟར་འཇམ་ཞིང་མཉེན་ལ་ཡིད་དུ་འོང་བའི་ཕྱག་གཉིས་པོ་སེམས་ཅན་རྣམས་ཀྱིས་རང་རྒྱུད་ཀྱི་ཆོས་སྐུ་མངོན་དུ་བྱེད་པར་མི་ནུས་པ་ནི་ལས་ཉོན་གྱི་བདུད་ཀྱི་མཐུ་ཡིན་པར་གཟིགས་ནས་བདུད་དེ་ལ་ཐུགས་རྗེའི་རླབས་དྲག་པོར་ཁྲོས་ཏེ་ཞལ་རྣམ་པར་འགྱུར་ཞིང་ཁྲོ་གཉེར་བསྡུས་ལ་ཡེ་ཤེས་ཀྱི་མཚོན་ཆ་ཕྱར་བས་གཞོམ་པར་ཆས་པ་སྟེ་ཕྱི་རོལ་སེམས་ཅན་རྣམས་ལ་ནི་ཁྲོ་བར་བྱ་བ་མ་ཡིན་གྱི་རྟག་ཏུ་རང་རྒྱུད་ལ་གནས་ནས་ཐར་པའི་གེགས་བྱེད་པ་ལས་ཉོན་ལ་ཁྲོ་བར་གྱིས་ཅིག་པའི་དོན་ཏོ། །སྙིང་རྗེ་ཆེན་པོ་དང་ཐ་མི་དད་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ཡོངས་སུ་རྫོགས་ཅིང་མི་ཉམས་པའི་ངོ་བོར་གནས་པས་སྐུ་མདོག་ཆེས་དམར་བ་མེ་ཏོག་ཛཱ་ཝ་སྟེ་སེ་འབྲུའི་མེ་ཏོག་གམ་སིནྡྷཱུ་ར་བཟང་པོ་འམ་མེ་ལྕེ་རབ་ཏུ་འབར་བ་ལྟར་དམར་ཞིང་འོད་ཟེར་གྱི་ཕུང་པོ་བསྐལ་པ་འཇིག་པའི་མེ་ལྟར་ཆེར་འབར་བས་སྟོང་གསུམ་གྱི་ ― KMC013_Page_0197 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིག་རྟེན་མཐའ་ཡས་ཅིང་མུ་མེད་པ་ནམ་མཁའི་མཐས་བཀླས་པར་འགེངས་ཅིང་ཉི་ཟླ་དང་ནོར་བུ་དང་མེ་ལ་སོགས་པ་ཐམས་ཅད་མོག་མོག་པོར་བྱེད་ལ། དབང་གི་ཕྲིན་ལས་ཡོངས་སུ་རྫོགས་པའི་ཕྱིར་སྣོད་བཅུད་ཐམས་ཅད་བྱེ་མ་དང་ལྕགས་ཕྱེ་འདྲེས་པ་ལ་རྡོ་ཁབ་ལེན་གྱི་ངང་ཕོག་པ་ལྟར་དབང་མེད་དུ་གཡོ་ཞིང་འདར་ལ་བཅུད་དང་ནུས་པ་འཕྲོག་ཞིང་བསྡུ་བར་བྱེད་པ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བ་ཆ་བཅུ་དྲུག་པ་སྙིང་རྗེ་ཆེན་པོའི་ངོ་བོར་རོ་གཅིག་པའི་བདེ་སྟོང་གི་ཡེ་ཤེས་བསྒོམས་ན་ཆོས་ཐམས་ཅད་ལ་རང་དབང་དུ་བྱེད་ནུས་པའི་དོན་ཏོ། །སོར་མོ་རྣམས་ངང་པའི་རྒྱལ་པོ་ལྟར་དྲ་བས་འབྲེལ་ཞིང་འཁོར་ལོས་མཚན་པའི་ཕྱག་གིས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་གཅོད་པར་བྱེད་པས་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྟག་ཏུ་སྐྱོང་བས་གཡོན་སྐྱེས་པའི་ཐོད་ཆེན་ཆ་གཅིག་པ་འདོད་ཆགས་བདེ་ཆེན་དུ་བཅོམ་པའི་ཕྱིར་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བའི་ཁྲག་གིས་བཀང་སྟེ་ཞལ་དུ་གསོལ་བཞིན་པ་ཅན་ཏེ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་རྟོགས་པའི་མཚོན་ ― KMC013_Page_0198 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆས་ཐོལ་སྐྱེས་རྦད་ཆོད་དུ་ཐོང་ལ་འདོད་ཆགས་ཀྱི་རང་བཞིན་རྣམ་པར་དག་པ་བདེ་ཆེན་དུ་ལྷུན་གྱིས་གྲུབ་པ་འདི་ཉིད་རྟག་ཏུ་སྐྱོངས་ཅིག་པའི་དོན་ཏོ། །འདིར་གཞུང་ལས། རྡོ་རྗེ་ཐོད་ཁྲག་ཁ་ཊཱཾ་བཅས། །ཅེས་རྡོ་རྗེ་གྲི་གུག་དང་རྡོ་རྗེ་གང་ཡིན་མི་གསལ་ཞིང་ཕྱག་མཚན་རྡོ་རྗེ་ནག་པོ་ལ་བྱེད་པ་ཕག་མོའི་སྒྲུབ་སྐོར་འགར་བྱུང་མོད་ཀྱང་འདིར་ནི་རྡོ་རྗེ་གྲི་གུག་ཏུ་ཞལ་གདམས་སུ་གསལ་བར་བྱུང་ངོ་། །ཡབ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་རང་བཞིན་ཐ་མི་དད་ཅིང་རྟག་ཏུ་མི་འབྲལ་བས་ཐབས་ཤེས་ཟུང་འཇུག་ཏུ་སྦྱོར་བ་བརྡས་མཚོན་པའི་ཕྱིར་རྡོ་རྗེའི་ཁ་ཊྭཱཾ་ག་གྲུ་མོ་གཡོན་པར་འཁར་བའི་ཚུལ་གྱིས་སྐུར་བསྟེན་པ་སྟེ་བདེ་སྟོང་དབྱེར་མེད་དུ་མི་འབྲལ་བར་གྱིས་ཤིག་པའི་དོན་ཏོ། །དེ་ལ་རྡོ་རྗེའི་ཁ་ཊྭཱཾ་ག་ནི་ནམ་མཁའི་དབྱུག་པ་ཅེས་བྱ་སྟེ། མཚན་ཉིད་ནི་རྩེ་མོར་རྡོ་རྗེ་རྩེ་ལྔ་པ་ཕྱེད་པ་སྟེ་སྐུ་དང་ཡེ་ཤེས་ཐམས་ཅད་དབྱེར་མེད་དུ་རྫོགས་པའོ། །དེ་ནས་འོག་ཏུ་རིམ་པ་བཞིན་མི་མགོ་སྐམ་པོ་ནི་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བའོ། །རྙིང་པ་ནི་རྒྱལ་སྲས་རྣམས་འདུལ་བ་ལོངས་སྤྱོད་རྫོགས་པའི་སྐུའོ། །རློན་པ་ནི་སོ་སོ་སྐྱེ་བོ་རྣམས་འདུལ་བ་ ― KMC013_Page_0199 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གའང་རྟོག་པའི་མཚན་མ་ཞི་བས་མི་མགོའི་རྣམ་པའོ། །ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདུད་རྩི་དང་བཅས་པའི་བུམ་པའི་རྣམ་པའོ། །འབྱུང་བ་བཞི་དག་པ་ཕྲིན་ལས་བཞིས་འགྲོ་བ་འདུལ་བ་ནི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་པའི་རྣམ་པའོ། །དེ་ལས་ཐབས་དང་ཤེས་རབ་ཀྱི་ཆོས་ཀྱི་འཁོར་ལོའི་བདག་ཉིད་ཌ་མ་རུ་དང་དྲིལ་བུ་སྒྲ་དང་བཅས་པ་དང་གདུལ་བྱའི་དབང་ལས་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱི་བདག་ཉིད་དར་དཔྱངས་རླུང་གིས་བསྐྱོད་པ་འཕྱང་བ་སྟེ། འདི་ཡན་ནི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་བྱ་བ་དང་བཅས་པའི་བདག་ཉིད་དོ། །དེ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ངོ་བོས་བརྒྱད་བཞོགས་སམ། རྣམ་པར་ཐར་པའི་སྒོ་གསུམ་གྱིས་སུམ་བཞོགས་སམ། ཡང་ན་དེ་ཁོ་ན་ཉིད་ཡང་དག་པར་ཤེས་པ་གསང་ཆེན་རིགས་གཅིག་གི་ལམ་གཅིག་པུའི་ངོ་བོས་དཀར་ཞིང་ཟླུམ་ལ་འདྲིལ་བ་སྟེ་ལམ་གྱི་ངོ་བོ་ཡུ་བའི་ཆའོ། །ཟིན་བྲིས་རྣམས་སུ་ནི་ཡུ་བ་གྲུ་བཞི་དང་ཟླུམ་པོ་དང་ཟུར་གསུམ་དང་ཟླ་གམ་ཞེས་ཕྱི་ནང་གི་འབྱུང་བའི་རིམ་བརྩེགས་ཀྱི་ངོ་བོས་བཤད་ ― KMC013_Page_0200 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ། །མར་རྩེ་ནི་རྡོ་རྗེ་རྩེ་ལྔ་པ་ཕྱེད་པ་སྟེ་གཞི་རང་བཞིན་གྱིས་རྣམ་པར་དག་པའི་རྡོ་རྗེའི་ཁམས་ཀྱི་ངོ་བོའོ། །སྲིད་ནི་སྤྱིར་རྟེན་འབྲེལ་བཅུ་གཉིས་དག་པས་སོར་བཅུ་གཉིས་པ་དང་དགའ་བ་བཅུ་དྲུག་གིས་བཅུ་དྲུག་པ་དང་འཇིག་ལྟ་ཉི་ཤུ་དང་བྲལ་བས་སོར་ཉི་ཤུ་པ་སོགས་གསུངས་པ་ནི་བརྟན་པ་མ་ཐོབ་པ་དམ་ཚིག་གི་རྫས་སྦེད་པའི་དུས་ཀྱི་ཁ་ཊྭཱཾ་གའི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། བརྟན་པ་ཐོབ་པས་མངོན་གྱུར་དུ་འཆང་བ་ལ་ནི་རང་གི་ལུས་ཚད་དང་མཉམ་པ་ཁོ་ན་ཡིན་པས་འདིར་ཡང་ཡར་རྩེ་ནི་བཅོམ་ལྡན་འདས་མའི་དབུ་གཙུག་གི་རྡོ་རྗེ་ཕྱེད་པ་དང་མཉམ་ཞིང་གཙོ་མོ་ལ་ཞལ་ཕྱོགས་པས་གྲུ་མོ་གཡོན་དུ་བཅུག་ཞིང་ཞབས་གཡས་ཀྱིས་འཁྱུད་དེ་འཁོར་བ་མི་སྤོང་བའི་ཕྱིར་རོའི་ལྟེ་བའི་ཁུང་བུར་ཟུག་པའོ། །སྤྱིར་རྡོ་རྗེ་རྩེ་གཅིག་པ་དང་གསུམ་པ་དང་ལྔ་པ་དང་དགུ་པ་དང་སྣ་ཚོགས་རྡོ་རྗེའི་ཁ་ཊྭཱཾ་ག་སོགས་ཀྱི་སྐབས་སུ་ནི་རང་རང་གི་རྡོ་རྗེ་ཕྱེད་པ་རྩེ་གཉིས་སུ་འབྱུང་ལ། རྩེ་གསུམ་པ་ལ་གལ་ཏེ་དྲག་པོའི་རྡོ་རྗེ་རྩེ་གསུམ་པ་ཕྱེད་པ་རྩེ་གཉིས་སུ་ཡོད་ན་མཚོན་ཆ་རྩེ་གསུམ་པའི་རྣམ་པར་འབྱུང་མོད་ཀྱང་རྡོ་རྗེའི་མཚན་ཉིད་སོགས་ |