མདོ་དབང་ལས་ཉེར་མཁོ།

མདོ་དབང་ལས། ཉེར་མཁོ་རྣམས་བཞུགས་སོ། །ལྕེ་ལ་བདུད་རྩི་བཞག་སྟེ་སློབ་དཔོན་གྱིས། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དང་རྡོ་རྗེ་འཛིན། །དེ་བཞིན་བསྒྲུབ་པའི་རྣལ་འབྱོར་པས། །དེ་དག་ལ་ནི་སྙིང་རིང་ན། །རྡོ་རྗེ་ཡཀྴ་གནོད་སྦྱིན་གྱིས། །ཁྱོད་ཀྱི་སྙིང་ལ་བཞོས་ཏེ་འཐུང་། །སྙིང་ལ་ཡང་དག་གནས་པའོ། །འདི་ནི་སེམས་ཅན་དམྱལ་བའི་ཆུ། །ཨི་དན་ཏི་ན་ར་ཀན །ས་མ་ཡཀྴ་ཧཱུཾ། །ཞེས་མནའ་དགག་ཅིང་དམ་སྒྲག་གོ །ཚིགས་སུ་བཅད་པ་དེ་ཉིད་ཀྱི་དོན་ཡང་བཤད། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །དེ་དག་བྱིན་གྱིས་རླབས་ནས་ཀྱང་། །རྡོ་རྗེ་སྐུ་ཡི་དངོས་གྲུབ་རྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ། ལན་གསུམ་མོ། །བདུན་པ་དམ་ཚིག་སྦྱིན་པ་ནི། སློབ་བུ་རྣམས་ཀྱིས། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་བསྐོངས། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །མི་ཕྱེད་རྡོ་རྗེའི་སྐུ་རང་བཞིན། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེའི་སྐུ་རུ་མཛད་དུ་གསོལ། །ཞེས་གསོལ་བ་གདབ། དབང་ཕྱུག་གི་བནྡྷར་བདུད་རྩི་ཅུང་ཟད་བླུགས་ལ། ༀ་ཨཱཿཧཱུཾ་ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡིག་འབྲུ་གསུམ་གསལ་བར་བསྒོམས་ལ། ༀ་བཛྲ་ཨ་མྲི་ཏ་ཧཱུཾ་ཧྲི་ཐ། །ཞེས་པའི་སྔགས་ལན་གསུམ་གྱིས་བདུད་རྩིར་ཆུར་བྱིན་གྱིས་རླབས་ནས། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྲིན་ལག་གི་བདུད་རྩི་བླངས་ལ། སློབ་མ་རྣམས་ཀྱི་དཔྲལ་བར་ༀ་ཞེས་བརྗོད་ཅིང་། ཐིག་ལེ་བྱས་ལ་ཨཱོཾ་དཀར་པོ་བསམ། དེ་ལས་འོད་དཀར་པོ་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་སྐུའི་བྱིན་རླབས་བསྡུས་ནས། དཔྲལ་བའི་ༀ་ལ་ཐིམ་པར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་བྱིན་གྱིས་རླབས་པས། སློབ་བུས་དམ་ཚིག་ཐོབ་པར་བསམ། དེ་བཞིན་དུ་དཔལ་རྡོ་རྗེ་གསུང་འཆང་བ། །མི་ཕྱེད་རྡོ་རྗེ་གསུང་རང་བཞིན། །དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེའི་གསུང་དུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་བུའི་མགྲིན་པར་ཐིག་ལེ་བྱས་པའི་ཨཱའི་འཕྲོ་འདུ་དང་། ཝ་ཀ་བཛྲའི་སྔགས་ཀྱི་གསུང་གི་དམ་ཚིག་ཐོབ་པར་བསམ། ཡང་དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །མི་ཕྱེད་རྡོ་རྗེའི་ཐུགས་རང་བཞིན། །དེང་བདག་བྱིན་གྱིས་རླབས་ནས་ནི། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་བུའི་སྙིང་ཁར་ཐིག་ལེ་བྱས་པ། ཧཱུཾ་འཕྲོ་དང་ཙིཏྟ་བཛྲའི་སྔགས་ཀྱི་ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ། བརྒྱད་པ་དམ་ཚིག་དབབ་པ་ནི། དབང་ཕྱུག་གི་སློབ་བུའི་སྙིང་ཁར་རྡོ་རྗེ་བཞག་ལ། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པའི། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བགོའོ། །དགུ་པ་ཆུ་ནན་བྱ་བ་ནི། །ཙན་དན་དཀར་དམར་སྦྱར་བའི་ཆུ་ལ། །ཆོ་ག་གསུམ་གྱིས་རྡོ་རྗེ་སེམས་དཔར་བསྐྱེད་ཅིང་། །ཡེ་ཤེས་པ་བཅུག་པས་བདུད་རྩིར་ཞུ་བར་བསམ་ལ། ཐོག་མར་སྐྱོན་གྱི་སྒོ་ནས་ཆུ་ནན་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། རྡོ་རྗེའི་ཆུ་ནི་འཐུང་བར་གྱིས། བཛྲ་ཡཀྵ་ཧཱུཾ། ཞེས་བརྗོད་ཅིང་། རྡོ་རྗེས་ཆུ་བླངས་ལ། སློབ་བུའི་ལྕེ་ལ་ལན་གསུམ་བཞག་གོ། །ཡོན་ཏན་གྱི་སྒོ་ནས་ནན་ཏན་བྱ་བ་ནི། འདི་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག །ༀ་བཛྲ་ཨུཥྛ་ཀ་ཏྲ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་རྡོ་རྗེས་ཆུ་བླངས་ལ་ལན་གསུམ་སློབ་བུའི་ལྕེ་ལ་བཞག་གོ །སློབ་བུ་ཀུན་ལ་ཆུ་ནན་ཟིན་རྗེས། ཐོག་དུ་འདི་སྐད་བརྗོད་དོ། །དེ་ལྟར་བདུད་རྩིའི་ཆུ་དེ་ལྕེ་ལ་བཞག་ཀྱང་། བབས་པ་སྙིང་གི་དཀྱིལ་དུ་བབས་ནས། གལ་ཏེ་དམ་ཚིག་མ་བསྲུངས་ན། ཆུ་དེ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ། ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས། སྙིང་ཁྲག་ཞོ་བཞིན་འཛིན་པས། ཚེ་ཐུང་ཞིང་ནད་མང་བ་དང་། ཚེ་ཕྱི་མ་དམྱལ་བའི་སྡུག་བསྔལ་གྱི་ཉམས་ཐག་པར་འགྱུར་རོ། །དམ་ཚིག་བསྲུངས་ན་ཆུ་དེ་རྡོ་རྗེ་སེམས་དཔར་གྱུར་ནས། དེས་རྟག་ཏུ་བྱིན་གྱིས་རློབས་ཅིང་། ཚེ་འདིར་ཡང་། དགེ་དགུ་དང་། སྨོན་བརྒྱད་དུ་གྱུར་ནས། ནད་བཞི་བརྒྱ་རྩ་བཞི་དང་གདོན་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པ་དང་། ཕྱི་མར་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས། སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་འདྲེན་པའི་དེད་དཔོན་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཅུ་པ་དམ་བསྒྲགས་པ་ནི། དབང་ཕྱུག་གི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པ་སློབ་བུ་རྣམས་ཀྱི་སྤྱི་བོར་བཞག་ལ། ཐབས་དང་ཤེས་རབ་སེམས་ཉིད་ཀྱི། །རྟག་ཏུ་གོས་པ་མེད་བགྱིས་ལ། །འདོད་པ་ལྔའི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མས་ཐམས་ཅད་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་མ་གནོད། །བརྟུལ་ཤུགས་ཅན་གྱི་དེ་གྲོངས་ལ། །ཁྲག་ཆེན་སྙིང་ལ་བསྟུང་བར་བགྱིས། །འདི་ལ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལ་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བྱ་དང་མི་བྱ་ཅུང་ཟད་མེད། །ཅེས་བརྗོད་དོ། །སྤྱི་དོན་གཉིས་པ་དབང་སློབ་བུ་ལ་བསྐུར་བ་ལ་གསུམ་ཏེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ནི། སློབ་བུ་རྣམས་ཀྱིས་དབང་ཕྱུག་དང་། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བཙལ་ནས། གུས་པའི་ཚུལ་གྱིས། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བར་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་རྩལ་བར་མཛོད། ཅེས་གསོལ་བ་གདབ་པར་བྱའོ། །དབང་ཕྱུག་གིས། སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །དབང་བསྐུར་སྣང་བ་ཆེན་པོ་སྦྱིན། །ཞེས་གནང་བ་བྱིན་ལ། སྤོས་དང་རོལ་མོ་དང་བཅས་པས། །ཀུན་གྱིས་དཀྱིལ་འཁོར་ལ་བསྐོར་ཞིང་། །དཀྱིལ་འཁོར་ཀྱི་ལྷ་ཚོགས་ལ་ཕྱོགས་བཅུ་དུས་བཞིས་བསྟོད་ནས། །བེ་ཀ་ཀྲ་མ་ཡཾ་གྱི་སྔགས་དང་། ཕྱག་རྒྱས་གཞལ་ཡས་ལྷ་དང་བཅས་པ་མདུན་ནམ་མཁར་བཏེགས་ལ། དབང་ཕྱུག་གི་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱ་ཏེ། །ཧོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་རྡོ་རྗེ་ཆེ་གེ་མོ་ལ་སོགས་པའི་སློབ་བུ་འདི་རྣམས་ལ་ལྷ་མིའི་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་དུ་གསོལ། །བྱིན་གྱིས་བརླབ་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ལྷ་དང་མི་ཡི་དཀྱིལ་འཁོར་དུ། རྡོ་རྗེ་ཤུགས་ཀྱིས་བསྒྲལ་ནས་ཀྱང་། བྱིན་རླབས་དམ་པ་ནོད་པར་བྱའོ། །ཞེས་བརྗོད། པོ་ཏི་གཏད་ལ། བསྒྲག་ཚིག་ནི། ཏྲཾ། གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་གཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་བརྗོད་ནས། བསྐུར་གནས་སློབ་བུའི་ལག་གཏད་ནས། བསྟིམ་གནས་སྒྲ་རེག་བྱེད། ཉན་ཤེས་ཀྱི་ཐིག་ལེ་ལ་བསྟིམས་པས། སྔོན་ཆད་བཀའ་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་མི་ནུས་པའི་སྒྲིབ་པ་དག་ནས། ད་ཕྱིན་ཆད་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ། རིགས་ཀྱི་བུ་འདི་རྣམས་ལ་ཉན་པའི་དབང་བསྐུར་བས། དེ་བཞིན་གཤེགས་པའི་བཀའ་ཕྱི་ནང་ཐམས་ཅད་ལ་ཐོགས་པ་མེད་པར་ཉན་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་བསྒོམ་དབང་ལ་བསམ་རྒྱུ་ནི། དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ྄་ཆད་དེ། སློབ་བུ་རྣམས་ཀྱི་སྙིང་གི་འདོམ་རྩར་འཕྲོས་པ་ལས་གཞལ་ཡས་ཁང་དབུས་འཁོར་ལོ་རྩིབས་བཞི། གྲུ་ཆད་སྒོ་འདོག་ཅན། ཡང་དབང་ཕྱུག་གི་ཐུགས་ཀ་ནས་ཨཾ་ཟུང་ལྔ་དང་། ཧཱུཾ་ཛ། ཧཱུཾ་ཧཱུཾ་ཧཱུཾ་བཾ་ཧཱུཾ་ཧོ་བཅུ་འཕྲོས་པ་འོད་དུ་ཞུ་བ་ལས། ཕྱག་མཚན་བཅུ་དེ་འོད་དུ་ཞུ་བ་ལས། རང་རང་གི་གདན་ལ། དབུས་སུ་རྣམ་སྣང་ཡབ་ཡུམ། ཤར། ལྷོ། ནུབ། བྱང་རྣམས་ཀྱི་རྩིབས་བཞིར། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ་ཡབ་ཡུམ། །སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་སྒོམ། དེ་ལ་དབང་བསྐུར། བྱིན་གྱིས་རླབས། སྙན་གསན་དབབ། སྤྱན་དྲངས། བཞུགས་སུ་གསོལ། མཆོད་བསྟོད་འོད་དུ་ཞུ་བ་ལས། །སློབ་བུ་རྣམ་སྣང་དུ་བསྐྱེད་ལ། བསྒྲག་ཚིག་ནི། ༀ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། ཞེས་བརྗོད་ཅིང་། བསྐུར་གནས་ནི། ལག་པར་འཕྲེང་བ་གཏད་ལ། བསྟིམ་གནས་ནི་སྙིང་ཁར། བསྟིམ་པ་དང་། སྔོན་ཆད་ལྷ་དང་མི་རྟོག་དབྱེར་མེད་བསྒོམ་མི་ནུས་པའི་སྒྲིབ་པ་དག་ནས། ད་བསྒོམ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམས་ལ། བདེན་པ་ནི། བསྒོམ་པའི་དབང་བསྐུར་བས། ལྷ་དང་མི་རྟོག་པ་ཐམས་ཅད་ལ་ཐོགས་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུམ་པ་ཕྲིན་ལས་ཀྱི་དབང་ལ་བསམ་རྒྱུ་ནི། དབང་ཕྱུག་གི་ཐུགས་ཀ་ནས་བྷྲུཾ་ལྗང་ཁུ་སློབ་བུའི་ལག་པ་གཉིས་སུ་འཕྲོས། དམིགས་པ་གཞུང་བཞིན་བསྒོམ་ལ། བསྒྲག་ཚིག་ནི། ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཁྱོད་ཀྱིས་བྱོས། །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོངས་པ་བྱེད་པ་ཡིན། །ཞེས་སོ། །བསྐུར་གནས་ནི་ལག་པར་རྒྱ་གྲམ་གཏད་ལ། བསྟིམ་གནས་ནི་ལག་པ་གཉིས་ཀྱི་འདོམ་རྩའི་བསྐྱོད་བྱེད་ཀྱི་ཐིག་ལེ་ལ་བསྟིམ་ནས། སྔོན་ཆད་ཕྲིན་ལས་བཞིས་དབང་དུ་འདུལ་མི་ནུས་པའི་སྒྲིབ་པ་དག་ནས། ད་འདུལ་ནུས་པའི་ནུས་པ་དངོས་སུ་སྐྱེས་བར་བསྒོམ་ལ། བདེན་པ། ཕྲིན་ལས་བཞིས་དབང་བསྐུར་བས། ཕྲིན་ལས་རྣམ་པ་བཞིས་སྲིད་པ་གསུམ་གྱི་སེམས་ཅན་མ་ལུས་པའི་དོན་ཇི་ལྟར་འདུལ་བ་བཞིན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཞི་པ་འཆད་དབང་ལ་བསམ་རྒྱུ་ནི། །གཞུང་བཞིན་ལ། བསྒྲག་ཚིག་ནི། ༀ་གྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམ་པ་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །འཐུང་པར་གསང་བསྒྲག་གཞན་དུ་མིན། །ཞེས་སོ། །བསྐུར་གནས་ལག་པ་སྟེ། འཁོར་ལོ། དུང་། ཕྱག་ཤིང་གསུམ་ལ་འཁོར་ལོ་གདན་དུ་བྱས་ལ། ལག་པ་གཡས་སུ་དུང་། གཡོན་དུ་ཕྱག་ཤིང་གཏད་ལ། བསྟིམ་གནས་ནི་ལྕེ་ལ་གནས་པ་སྨྲ་བྱེད་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་ཞིང་། སྔོན་ཆད་སེམས་ཅན་གྱི་ཤེས་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས། ད་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་ནུས་པའི་ནུས། ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ནི། བསྒྲག་ཚིག་ནི། ༀ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱིས་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །བསྐུར་གནས་ནི་ལག་གཡོན་དུ། དབང་ཕྱུག་གི་རྡོ་རྗེ་དང་དྲིལ་བུ་སྣོལ་ལ་གཏད་དེ་སྙིང་ཁར་སྣོལ་དུ་བཅུག་ལ། བསྟིམ་གནས་ནི་ཡན་ལག་ལྔའི་རེག་ཤེས་ཀྱི་ཐིག་ལེ་ལ་བསྟིམ་པས། སྔོན་ཆད་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་། དབང་བསྐུར་བ་ལ་སོགས་པ་གཞན་དོན་བྱ་བར་མི་ནུས་པའི་སྒྲིབ་པ་དག་ནས། ད་དབང་ཕྱུག་ཆེན་པོར་འགྱུར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྤྱོད་ཅིང་བསྒྲུབ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསྒོམ། བདེན་པ་ནི་རིགས་ཀྱི་བུ། འདི་རྣམས་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བས། སློབ་མ་དཀྱིལ་འཁོར་དུ་བཞུགས་ཅིང་དབང་བསྐུར་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དག་ནི་ནང་ནུས་པའི་དབང་གི་ལས་ཀྱི་རིམ་པ་ཏེ། ནང་ལུས་ཀྱི་དཀྱིལ་འཁོར་དུ་བསྐུར་བའོ། །དེ་ཡང་ཉན་དབང་དང་། བསྒོམ་དབང་ཐོབ་པས། བདག་དོན་ནུས་ཕྲིན་ལས་ཀྱི་དབང་དང་འཆད་དབང་ཐོབ་བས་གཞན་དོན་ནུས། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་པས། བདག་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནུས་པའི་ཕྱིར། ནུས་པའི་དབང་ཞེས་ཐ་སྙད་དུ་བྱའོ། །ནང་ནུས་པའི་དབང་ལྔ་པ་རྣམས་ལ་བསྡུས་པའོ། །སྤྲོ་ན་ཚིག་བཅད་དང་། སྔགས་ཙམ་གྱི་ཆོག་གོ། །པོ་ཏི། འཕྲེང་བ། རྡོ་རྗེ་རྒྱ་གྲམ། འཁོར་ལོ་དུང་ཆགས་ཤིང་། རྡོ་རྗེ་དྲིལ་བུ།