དབུ་མ་རྩ་བའི་མཆན་འགྲེལ་གནས་ལུགས་རབ་གསལ་ཀླུ་དབང་དགོངས་རྒྱན།― MR01_Page_0203 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནཱགེནྡྲཱཤཡཱལངྒཱརནཱམམདྷྱཱམཀམཱུལབྱཉྫནབྲྀཏྟིབིཥམསྠིཏིསུཔྲཀཊཱསྟི། ། ― MR01_Page_0204 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གང་གི་ཟབ་ཡངས་མཁྱེན་པའི་མཁའ་དབྱིངས་སུ། །རྟག་ཆད་མུན་སྟུག་བསལ་བའི་འོད་སྟོང་པ། །མཐའ་བྲལ་དབུ་མའི་ཉིན་བྱེད་དཀྱིལ་འཁོར་རྒྱས། །ཀུན་མཁྱེན་ཐུབ་དབང་སྟོན་པ་ཟླ་མེད་མཆོད། །ཐོག་མེད་སྙིང་ལ་ཉལ་བའི་སྲིད་པའི་གདོན། །དངོས་དང་དངོས་མེད་འཆིང་བའི་དྲྭ་བ་བརྒྱ། །ཡེ་ཤེས་རལ་གྲི་རྣོན་པོས་གཅོད་མཁས་ལྷ། །འཇམ་ ― MR01_Page_0205 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔལ་མཁྱེན་པའི་གཏེར་གཅིག་གཙུག་ན་མཛེས། །དབུ་མ་རྩ་བའི་མཆན་འགྲེལ་གནས་ལུགས་རབ་གསལ་ཀླུ་དབང་དགོངས་རྒྱན། ཆོས་དབྱིངས་རྒྱ་མཚོར་བདེན་དོན་ནོར་བུའི་ཐོར་ཚུགས་མཛེས། །ཟབ་མོ་བཟོད་པའི་གདེངས་ཀས་རབ་བརྗིད་རྟེན་འབྱུང་གི །རིགས་ཚུལ་འབུམ་བརྒྱན་སྟོང་ཉིད་ཕུགས་སྒྲ་ཆེར་སྒྲོགས་པ། །ཀླུ་སྒྲུབ་ཡབ་སྲས་བརྒྱུད་པར་བཅས་ལ་གུས་ཕྱག་འཚལ། །དབུ་མའི་རྩ་བ་ལེགས་བཤད་པའི། །གཞུང་མང་བཅུད་བསྡུས་འཇམ་དཔལ་དབྱངས། །དགྱེ༷ས་པའི་བློ་མཆོག་མངའ་བ་ཡི། །ཕྱག་བཏབ་མཆན་འགྲེལ་འདི་ན་དགོད། ། ― MR01_Page_0206 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལ་འདིར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་འདི་འཆད་པ་ལ། ཀླད་དོན། གཞུང་དོན། མཇུག་དོན་གསུམ་ལས། དང་པོ་ལ། མཚན་སྨོས་པ་དང་། འགྱུར་གྱི་ཕྱག་གཉིས། དང་པོ་ནི། རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མ་དྷྱཱ་མ་ཀ་ཀཱ་རི་ཀཱ། བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་སྟེ། དེ་ཡང་སྒྲ་ཐད་ཀར་བསྒྱུར་ན། པྲཛྙཱ་དང་། ན་མ་དང་། མཱུ་ལ་དང་། མདྷྱཱ་མ་ཀ་དང་། ཀཱ་རི་ཀཱ་དང་ལྔ་རིམ་པ་བཞིན་དུ་བོད་སྐད་དུ་བསྒྱུར་ན། ཤེས་རབ་དང་། ཞེས་བྱ་བ་དང་། རྩ་བ་དང་། དབུ་མ་དང་། ཚིག་ལེའུར་བྱས་པའོ། །དེ་ལ་དབུ་མ་ནི་མཐའ་བརྒྱད་དང་བྲལ་བའི་རང་བཞིན་གང་ཡིན་པའོ། །རྩ་བ་ནི་གཞུང་རིགས་ཚོགས་རྗེས་མ་རྣམས་ཀྱི་ཕྱི་མོ་ལྟ་བུར་གྱུར་པའོ། །དེའི་ཚིག་ལེའུར་བྱས་པའང་། ལེའུ་གྲངས་སུ་བཅད་པ་དང་། ཤོ་ལོ་ཀ་ཚིགས་སུ་བཅད་པའི་དོན་གཉིས་ཀ་ལ་འཇུག་པས། ངག་ཚིགས་སུ་བཅད་པར་བསྡེབས་པའོ། །ཤེས་རབ་ཅེས་བྱ་བ་མིང་སྒྲོགས་པ་སྟེ་གཞུང་འདི་ལ་ཐོས་བསམ་གྱི་སྒོ་ནས་ཞུགས་ན། ― MR01_Page_0207 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐའ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་བསྐྱེད་པས་ཏེ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བཏགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ཆོས་ཐམས་ཅད་ཀྱི་དོན་དམ་པའི་གནས་ལུགས་ཡང་དག་པར་སྟོན་པའི་ཤེས་རབ་ཀྱི་ལྷ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སྔ་འགྱུར་གྱི་སྐབས་འགྱུར་བྱེད་པའི་དང་པོར་དེའི་བར་ཆད་ཞི་བར་བྱ་བའི་ཕྱིར་ལོ་ཙཱ་བས་ཕྱག་མཛད་པའོ། །གཉིས་པ་གཞུང་དོན་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག་མཆོད་པར་བརྗོད་པ་དང་། ཡན་ལག་ཅན་གྱི་བསྟན་བཅོས་དངོས་དང་། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་མཆོད་དང་གསུམ། དང་པོ་ནི། མགོན་པོ་གང་གིས་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཇི་བཞིན་པར་ཐུགས་སུ་ཆུད་ནས་འཕགས་པའི་རིགས་ཤེས་ངོར་མཐར་འགག་པ་མེད་པ་དང་། དང་པོར་སྐྱེ་བ་མེད་པ་དང་། ངོ་བོའི་རྒྱུན་ཆད་པ་མེད་པ་དང་། ངོ་བོ་ཐེར་ཟུག་ཏུ་གནས་པའི་ ― MR01_Page_0208 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟག་པ་མེད་པ་དང་། གཞན་ནས་འདིར་འོང་བ་མེད་པ་དང་འདི་ནས་གཞན་དུ་འགྲོ་བ་མེད་པ་དང་། དོན་སོ་སོ་པའམ་ཐ་དད་པའི་དོན་མིན་པ་དང་། དོན་གཅིག་པ་ཡང་མིན་པས། བརྗོད་བྱ་དང་རྗོད་བྱེད་མཚན་ཉིད་དང་མཚོན་བྱ་ལ་སོགས་པའི་མཐའ་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བ་དང་། སེམས་དང་སེམས་བྱུང་ཤེས་དང་ཤེས་བྱའི་ཐ་སྙད་ལས་འདས་པས་སྐྱེ་རྒ་ལ་སོགས་པའི་ཉེར་འཚེ་ཞི་བའི་ལམ་གང་དེ་བསྟན་པར་མཛད་པ། རྫོགས་པའི་སངས་རྒྱས་ཞེས་གྲགས་པ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་མཆོག་དམ་པ་དེ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟན་བཅོས་རྩོམ་པ་པོས་ཐོག་མར་ཕྱག་མཛད་པའོ། །འདིས་དགོས་འབྲེལ་བཞི་ཡང་བསྟན་ཏེ། ཁ་ཅིག་གིས་སྤྲོས་མཐའ་བརྒྱད་བྲལ་ཙམ་གྱི་མེད་དགག་ལ་བརྗོད་བྱར་འདོད་པ་དག་འགག་མེད་སོགས་བརྒྱད་ཀྱིས་ཁྱད་པར་དུ་བྱས་པའི་རྟེན་འབྲེལ་བརྗོད་བྱར་འདོད་པ་ནི་ཀུན་རྫོབ་བདེན་པ་དངོས་བསྟན་གྱི་བརྗོད་བྱར་སོང་ཟེར་ཡང་། འདིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་གནས་ལུགས་སྤྲོས་པ་ཉེར་ཞི་ཞེས་པ་ནི་བརྗོད་ ― MR01_Page_0209 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ། གཞུང་འདིར་བཤད་པའི་རིགས་པས་དོན་དེ་བདེ་བླག་ཏུ་རྟོགས་པ་དགོས་པ། ཞིར་བསྟན་པ་ཞེས་མི་གནས་པའི་མྱང་འདས་ནི་ཉིང་དགོས། དགོས་པ་དང་བསྟན་བཅོས་ཐབས་ཐབས་བྱུང་གིས་འབྲེལ་བས་ན་འབྲེལ་བའོ། །གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་དངོས་ལ། རབ་བྱེད་སྤྱིའི་འབྲེལ། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱང་ལྟར་ན། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་ལས། དང་པོ་ཉི་ཤུ་རྩ་ལྔས་ནི་ཐེག་པ་ཆེན་པོའི་ལམ་ལ་འཇུག་ཚུལ་བསྟན་ལ། ཐ་མ་གཉིས་ཀྱིས་ནི་ཉན་ཐོས་ཀྱི་ལམ་ལ་འཇུག་ཚུལ་བསྟན་ཏེ་ཞེས་སོགས་གསུངས་ལ། སློབ་དཔོན་ལེགས་ལྡན་འབྱེད་ནི། ཐ་མ་གཉིས་ཉན་ཐོས་ཀྱི་ལམ་གྱི་འཇུག་ཚུལ་ལོགས་སུ་བསྟན་པར་མི་བཞེད་ལ། སློབ་དཔོན་ཟླ་བ་གྲགས་པ་ཡང་དེ་དང་མཐུན་ནོ། །བྱེ་བྲག་ཏུ། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་ལས། དང་པོ་རྐྱེན་བརྟག་པའི་རབ་བྱེད་ལ། ཐོག་མར་འབྲེལ་བཀོད་པ་ལས། མདོ་ཡི་འབྲེལ་ནི། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་ ― MR01_Page_0210 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེར་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་སྐྱེ་བ་མེད་དེ་ཞེས་སོགས་ཀྱི་དོན་སྟོན་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། མཆོད་བརྗོད་དུ། སྐྱེ་བ་མེད་པ་ཞེས་པའི་དོན་རིགས་པས་ངེས་པའི་དོན་དུ་བཤད་པའོ། །འབྲེལ་འདི་གཉིས་རབ་བྱེད་ཕྱི་མ་རྣམས་ལའང་ཤེས་པར་བྱའོ། །འདི་ལ་གཉིས་ཏེ། གཞུང་གི་དོན་རྒྱས་པར་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གསུམ། མཐའ་བཞིའི་སྐྱེ་བ་དགག་པ་གཞན་སྐྱེ་བྱེ་བྲག་ཏུ་དགག་པ། རྐྱེན་གྱི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། ཆོས་གང་ཡང་བདག་ལས་སྐྱེ་བ་ཡོད་པ་མ་ཡིན་ཏེ། གལ་ཏེ་སྐྱེ་ན། སྐྱེ་བ་དོན་མེད་དང་། ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་གཞན་ལས་སྐྱེ་བ་ཡང་ཡོད་པ་མིན་ཏེ། མེ་ལྕེ་ལས་མུན་པ་སོགས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པར་སྐྱེ་བ་ཡང་མིན་ཏེ། འབྲས་བུ་དེ་རྟག་ཏུ་ཡོད་མེད་དུ་ཐལ་བ་དང་རྒྱུ་ ― MR01_Page_0211 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྐྱེན་གྱི་རྩོམ་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་བརྟེན་པ་དངོས་པོ་གང་དག་རྟེན་ཡུལ་དུས་གྲུབ་མཐའ་གང་ན་ཡང་། སྐྱེ་བ་དུས་ནམ་ཡང་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའོ། །འདིར་ལེགས་ལྡན་འབྱེད་ལྟར་ན། དངོས་པོ་གང་དག་ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ནའང་རང་བཞིན་གྱིས་སྐྱེ་བ་ནམ་ཡང་མེད་དེ། དོན་དམ་པར་བདག་ལས་ཀྱང་སྐྱེ་བ་མ་ཡིན་ཞེས་སོགས་འགོད་དེ། འདིའི་ཕྱོགས་ཆོས་རང་རྒྱུད་དུ་ཁས་ལེན། དཔལ་ལྡན་ཟླ་བའི་ཞབས་ཀྱིས། དངོས་པོ་གང་དག་ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ནའང་ནམ་ཡང་མི་སྐྱེ་སྟེ། བདག་ལས་མི་སྐྱེ་སོགས་སོ། །འདི་ལ་དངོས་པོ་གང་དག་བདག་ལས་སྐྱེ་བ། གང་ནའང་ནམ་ཡང་མེད་ཅེས་སོགས་དམ་བཅའ་བཞི་ཀའི་མཇུག་ཏུ་སྦྱར་རོ། །འདི་ལ་སངས་རྒྱས་བསྐྱངས་ཀྱིས་སྐྱེ་བ་དོན་མེད་པར་ཐལ་བས་བཀག་པ་ལ། ལེགས་ལྡན་གྱིས་གཏན་ཚིགས་དང་དཔེ་མ་བཀོད་པས་སྐྱོན་ཡོད་དོ་ཟེར་ཡང་ཕ་རོལ་པོ་རང་གི་འདོད་པ་ཁས་བླང་འགལ་བས་དེ་བཟློག་པས་གཏན་ཚིགས་དང་དཔེ་མི་དགོས་ཞེས་ཟླ་བས་གསུངས། ཚིག་ ― MR01_Page_0212 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསལ་ལས་དབུ་མ་པ་ཡིན་ན་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླང་བ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་དང་། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དྲངས་ཏེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ལ་དགག་པ་མཛད་དོ། །གཉིས་པ་ལ་གཉིས། གཞན་གྱི་འདོད་པ་བརྗོད་པ། འགོག་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། དེ་ལ་རང་སྡེ་དངོས་སྨྲ་བ་རྣམས་ན་རེ། སྐྱེ་བ་གཞན་གསུམ་བཀག་པར་རིགས་ནའང་གཞན་སྐྱེ་ནི་ཡོད་དེ། དངོས་པོ་རྣམས་རྐྱེན་གཞན་ལས་སྐྱེ་དགོས་པའི་ཕྱིར་རོ། །འབྲས་བུ་རང་ལས་དོན་གཞན་པའི་རྐྱེན་ནི་རྣམ་པ་བཞི་སྟེ། མྱུག་སོགས་འབྲས་བུའི་སྐྱེད་བྱེད་ས་བོན་གྱི་ངོ་བོར་གནས་པ་རྒྱུ་ཡི་རྐྱེན་དང་ནི། དམིགས་པ་ཡུལ་གཟུགས་སོགས་གང་གིས་ ― MR01_Page_0213 ―
[མ་དཔེ་གཟིགས་ན་འདིར་གནོན།]
མིག་ཤེས་སོགས་བསྐྱེད་པ་དམིགས་པའི་རྐྱེན་དང་ནི། རྒྱུ་འགགས་མ་ཐག་པར་འབྲས་བུ་འབྱུང་བས་དེ་མ་ཐག་རྐྱེན་ཏེ། དཔེར་ན་ས་བོན་འགགས་མ་ཐག་པ་མྱུ་གུ་འབྱུང་བའི་རྐྱེན་ཡིན་པ་བཞིན་ནོ། །བདག་པོ་ཡང་ནི་དེ་བཞིན་ཏེ་རྐྱེན་གསུམ་ལས་གཞན་པའི་དངོས་པོ་གང་ཞིག་ཡོད་པས་གང་འབྱུང་བ་མིག་དབང་ལས་མིག་ཤེས་ལྟ་བུ་བདག་པོའི་རྐྱེན་ནོ། །དབང་ཕྱུག་རྟག་པ་སོགས་རྐྱེ༷ན་ལྔ་པ་ནི་ཡོད་པ་མ་ཡིན་ཞེས་ཟེར་རོ། །གཉིས་པ་ལ་བཞི་སྟེ། རྒྱུ་འབྲས་གཞན་དུ་འདོད་པ་དགག་པ། རྐྱེན་གྱི་འཇོག་བྱེད་དོན་ལྡོག་དགག་པ། ཡོད་མེད་བརྟགས་ནས་སྐྱེ་བ་དགག་པ། རྐྱེན་བཞི་སོ་སོའི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས་ཏེ། རྐྱེན་རྫས་གཞན་ལས་སྐྱེ་བ་དགག་པ། བྱ་བ་རྫས་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ནི། དེ་ལ་འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ནི་རང་ལས་གཞན་དུ་གྱུར་པའི་རྐྱེན་བཞི་ལ་སོགས་པ་ཞེས་སོགས་སྒྲས་མུ་སྟེགས་པའི་འདོད་པའི་རྐྱེན་ཀུན་ཀྱང་བསྡུས་ཏེ་རྐྱེན་རྣམས་ཀྱི་ཚོགས་པའམ་སོ་སོ་བ་སྟེ་རེ་རེ་ལ་རང་སྐྱེས་པའི་སྔ་རོལ་ཏུ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་གཟུང་དུ་ཡོད་པའམ་སྐྱེ་བ་དོན་ ― MR01_Page_0214 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པར་འགྱུར་རོ། །དེ་ལྟར་འབྲས་བུ་བདག་རང་གི་དངོས་པོ་ཡོད་པ་མིན་ན་དེ་ལ་ལྟོས་པའི་རྐྱེན་སོགས་གཞན་གྱི་དངོས་པོའང་ཡོད་པ་མ་ཡིན་ནོ་སྟེ་ཕ་རི་མེད་པའི་ཚུ་རི་བཞིན་ནོ། །གལ་ཏེ་བྱམས་པ་ཉེར་སྦས། ཕན་ཚུན་ཐ་དད་པ་ལ་གཞན་དང་གཞན་དུ་བྱར་རུང་ན་ཡང་རྒྱུ་འབྲས་དུས་ནམ་ཡང་མི་མཉམ་པས་གཞན་ལས་བྱུང་བ་ཞེས་མི་འཐད་དོ། །གཉིས་པ་ནི། ཡང་ཁོ་ན་རེ། མིག་དང་གཟུགས་སོགས་ཀྱིས་དངོས་སུ་མིག་ཤེས་སོགས་སྐྱེད་པར་མི་བྱེད་ཀྱི། མིག་ཤེས་སོགས་སྐྱེ་བའི་བྱ་བ་དེ་ཉིད་བསྒྲུབ་པའི་ཕྱིར་རྐྱེན་ཡིན་ཏེ། བྱ་བ་དེས་མིག་ཤེས་སོགས་དངོས་སུ་སྐྱེད་དོ་སྙམ་ན། བྱ་བ་ནི་རྐྱེན་དང་ལྡན་པའམ། འོན་ཏེ་མི་ལྡན་པའི་ཕྱོགས་གཉིས་གང་དུ་བརྟགས་ཀྱང་མི་འཐད་དེ། དང་པོ་ལྟར་ན་བྱ་བ་ནི། རང་མེད་པས་དེ་རྐྱེན་དང་ལྡན་པ་སྲིད་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་བ་ལང་དང་ལྡན་ནོ་ཞེས་པ་བཞིན་ཏེ། ཅིའི་ཕྱིར་བྱ་བ་མེད་ན་རྣམ་ཤེས་སྐྱེས་ཟིན་ལ་བྱ་བ་མི་ལྡན་ཏེ། བྱ་བ་དངོས་པོ་སྒྲུབ་བྱེད་ཡིན་ན། དངོས་པོ་གྲུབ་ཟིན་པ་ལ་དེ་མི་དགོས་ཏེ་སྐྱེས་ཟིན་པ་སླར་ཡང་མི་སྐྱེ་བས་སོ། །མ་སྐྱེས་པ་ལའང་མིན་ཏེ། སྐྱེ་བ་འདི་ནི་བྱེད་པོ་ ― MR01_Page_0215 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པར་རིགས་པའི་ངོ་བོའང་མིན། ཞེས་པ་བཞིན་ནོ། །སྐྱེ་བཞིན་པ་ལའང་མི་སྲིད་དེ་སྐྱེས་མ་སྐྱེས་གཉིས་ཀ་མ་གཏོགས་པའི་སྐྱེ་བཞིན་པའི་དངོས་པོ་དོན་དུ་མི་སྲིད་པས་སོ། །དེ་ནི་ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། ཞེས་གསུངས་པ་བཞིན་ནོ། །འོ་ན་རྐྱེན་དང་མི་ལྡན་པར་འགྱུར་རོ། །སྙམ་ན། རྐྱེན་དང་མི་ལྡན་པའི་འབྲས་བུ་བསྐྱེད་པའི་བྱ་བ་འདི་ཞེས་བྱ་བ་ལོགས་སུ་ནི་ནམ་ཡང་མེད་དེ། གལ་ཏེ་ཡོད་ན་མེ་སོལ་སོགས་རྐྱེན་མིན་རྣམས་ལས་ཀྱང་མྱུ་གུ་སྐྱེ་བའི་བྱ་བ་འབྱུང་བའམ། ཡང་ན་བྱ་བ་རྒྱུ་མེད་པ་ཅན་དུ་འགྱུར་བས་བྱ་བ་ཉིད་མི་སྲིད་དོ། །སྣལ་མ་མེད་ན་སྣམ་བུ་མེད་པས་ཁྱབ་པ་བཞིན་ནོ། །གལ་ཏེ་དེ་ལྟར་བྱ་བ་མི་འཐད་ཀྱང་རྐྱེན་རང་ཁོ་ན་ཉིད་དངོས་པོ་རྣམས་ཀྱི་སྐྱེད་བྱེད་དུ་འགྱུར་རོ་ཞེ་ན། དེ་ལྟར་བྱ་བ་མེད་ན་བྱ་བ་དང་མི་ལྡན་པ་ནི་དངོས་པོ་བསྐྱེད་པའི་རྐྱེན་མ་ཡིན་ཏེ་དངོས་པོ་བསྐྱེད་པའི་བྱ་བ་དང་བྲལ་བས་སོ། །བྱ་བ་དང་ལྡན་པའི་རྐྱེན་ཡོད་ན་འོན་ཏེ་ན་ཞེས་དེས་བསྐྱེད་དུ་ཆུག་ཀྱང་དེ་མེད་པར་བཤད་ཟིན་ཏོ། །མདོར་ན་བྱ་བ་རྐྱེན་དང་ལྡན་མི་ལྡན། རྐྱེན་བྱ་བ་དང་ལྡན་མི་ལྡན་བཞི་གང་ཡང་མི་འཐད་ ― MR01_Page_0216 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ། ཕན་ཚུན་མི་ལྡན་པ་གཉིས་པོ་ནི་རྐྱེན་དུ་མི་རུང་ལ། ལྡན་པ་གཉིས་པོ་ནི་འབྲས་བུ་ཡོད་པའམ་མེད་པ་གང་ལའང་རྐྱེན་མི་དགོས་པས་མི་འཐད་ཅེས་འགོག་སྟེ་དེ་ནི་འོག་ན་རྒྱས་པར་འཆད་དོ། །གཉིས་པ་རྐྱེན་གྱི་འཇོག་བྱེད་དོན་ལྡོག་དགག་པ་ནི། འོན་ཀྱང་བྱ་བ་ལྡན་མི་ལྡན་སོགས་ཀྱི་དཔྱད་པ་ཞིབ་མོ་ཅི་དགོས་ཏེ་མིག་སོགས་འདི་དག་ལ་བརྟེ༷ན་ནས་མིག་ཤེས་སོགས་སྐྱེ་བས་ན། དེ་ཕྱིར་མིག་སོགས་འདི་དག་རྐྱེན་ཅེས་གྲག་གོ་ཞེས་ཕྱོགས་སྔའོ། །དེ་ལྟ་ན་ནི་རྒྱུ་ལ་བརྟགས་ན་ཇི་སྲིད་མིག་ཤེས་སོགས་མི་སྐྱེ་བ་དེ་སྲིད་དུ་ནི་མིག་སོགས་འདི་དག་དེའི་རྐྱེན་མིན་པ་ཇི་ལྟར་མིན་ཏེ་ཡིན་པར་འདོད་དགོས་ཏེ་རྣམ་ཤེས་སྐྱེས་པ་ལ་ལྟོས་ནས་རྐྱེན་དུ་བཞག་ན་འདིས་མི་སྐྱེད་པའི་དུས་སུ་རྐྱེན་མིན་པ་དང་ནི་མཚུངས་ལ། དེ་ལྟ་ན་བྱེ་མ་ལས་ཏིལ་མར་བཞིན་དུ་རྐྱེན་མིན་པ་རྐྱེན་དུ་མི་རུང་ངོ་། །སྔར་རྐྱེན་མིན་པ་དེ་ཕྱིས་རྐྱེན་གཞན་གྱིས་རྐྱེན་དུ་འགྱུར་རོ་སྙམ་ན་རྐྱེན་ཕྱི་མ་དེ་ལའང་བརྒལ་བརྟག་མཚུངས་པས་སོ། །གསུམ་པ་ཡོད་མེད་བརྟགས་ནས་སྐྱེ་བ་དགག་པ་ནི། འབྲས་བུ་ལ་བརྟགས་ན་འབྲས་བུ་དེ་མེད་པ་ཞིག་སྐྱེད་དམ། འོན་ཏེ་འབྲས་བུ་ཡོད་པ་ཞིག་བསྐྱེད་བརྟགས་ན་མེད་ ― MR01_Page_0217 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དང་ཡོད་པའི་དོན་གཉིས་ཀ་དག་ལ་ཡང་། རྐྱེན་ནི་རུང་བ་མ་ཡིན་ཏེ་ཅིའི་ཕྱིར་ན་མེད་ན་གང་གི་རྐྱེན་དུ་འགྱུར་ཏེ་རྐྱེན་ཅན་མེད་པས་སོ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ་སྟེ་གྲུབ་ཟིན་པས་སོ། །བཞི་པ་རྐྱེན་བཞི་སོ་སོའི་མཚན་ཉིད་དགག་པ་ལས། རྒྱུའི་རྐྱེན་དགག་པ། དེ་ལ་རང་སྡེ་རྣམས་ན་རེ། རྒྱུ་རྐྱེན་ཡོད་དེ་མེད་ན་མོ་གཤམ་གྱི་བུ་ལ་མཚན་ཉིད་ཉེ་བར་སྟོན་པ་མེད་པ་ལྟར་ཡིན་ནའང་། རྒྱུ་རྐྱེན་ལ་མཚན་ཉིད་ཡོད་དེ། བཅོམ་ལྡན་འདས་ཀྱིས་སྒྲུབ་པར་བྱེད་པ་ནི་རྒྱུའོ་ཞེས་རྒྱུ་རྐྱེན་གྱི་མཚན་ཉིད་བཞག་ཏུ་ཡོད་པར་གསུངས་པའི་ཕྱིར་ཞེ་ན། དེ་ཡང་འཇིག་རྟེན་གྲགས་ངོར་ཡིན་གྱི་རིགས་པས་དེ་ལྟར་བརྟགས་ན་མི་འཐད་དེ། གལ་ཏེ་བསྒྲུབ་བྱའི་ཆོས་འགྲུབ་ན་སྒྲུབ་བྱེད་དེ་འགྲུབ་པ་ཞིག་ནའང་། གང་ཚེ་བསྒྲུབ་བྱའི་ཆོས་ནི་ཡོད་པ་གྲུབ་ཟིན་པས་བསྒྲུབ་མི་དགོས་པ་དང་། མེད་པ་ནི་སྒྲུབ་མི་ནུས་པས་བསྒྲུབ་ཏུ་མེད་པ་དང་། ཡོད་མེད་གཉིས་ཡིན་པ་འགལ་ཞིང་མི་སྲིད་པས་གཉིས་ཀ་བསྒྲུབ་བྱར་མི་འགྲུབ་པ་ཡིན་ན་ཇི་ལྟར་དེ་དག་སྒྲུབ་བྱེད་ཀྱི་རྒྱུའོ་ཞེས་བྱ་བ་ནི་མི་སྲིད་པ་དེ་ལྟ་བུ་ཡིན་ན་རྒྱུའི་རྐྱེན་ཡོད་དོ་ཞེས་པ་དེ་མི་རིགས་སོ། །ཡང་དམིགས་ ― MR01_Page_0218 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྐྱེན་དགག་པ་ནི་དམིགས་པ་དང་བཅས་པའི་ཆོས་གང་ཞེ་ན་སེམས་སེམས་བྱུང་གི་ཆོས་ཐམས་ཅད་དོ་ཞེས་པས། གཟུགས་སོགས་དམིགས་པ་ནི་དམིགས་རྐྱེན་ཡིན་ནོ་ཞེ་ན། དེ་ལ་ཡུལ་ཅན་གྱི་བློ་ཡོད་པ་ཞིག་ལ་དམིགས་པའི་རྐྱེན་བྱེད་དམ། མེད་པ་ལ་བྱེད། དང་པོ་ལྟར་ན་དམིགས་བྱེད་ཡུལ་ཅན་ཡོད་པའི་ཆོས་འདི་ལ་རྒྱུར་གྱུར་པའི་དམིགས་པའམ་གཟུང་བ་ཡོད་དོ་ཞེས་འདོད་པ་ནི་དོན་མེད་པ་ཁོ་ན་ཉེ་བར་བསྟན་པ་ཡིན་ཏེ། རྒྱུའི་སྔ་རོལ་ན་ཡོད་ཟིན་པས་དམིགས་རྐྱེན་དོན་མེད་པ་དང་། གཉིས་པ་ལྟར་ན་ཅི་སྟེ་དམིགས་བྱེད་ཀྱི་ཆོས་ནི་དམིགས་པ་མེད་པའམ་མེད་ན། དེའི་རྐྱེན་དུ་གྱུར་པ་དམིགས་པ་ཞེས་བྱ་བ་དེ་ཡང་ཡོད་པར་ག་ལ་འགྱུར་ཏེ་དམིགས་བྱེད་མེད་པས་སོ་ཞེས་འབྲས་བུ་ཡུལ་ཅན་ཡོད་མེད་ལ་དཔྱད་པ་མཛད་པ་དང་། དེ་བཞིན་དུ་ཡུལ་ཡོད་པ་ལ་དམིགས་སམ་མེད་པ་ལ་དམིགས། ཡོད་པའི་ཆོས་ལ་དམིགས་པ་མེད་དེ། དུས་མཉམ་པའི་རྐྱེན་དང་རྐྱེན་ཅན་མི་སྲིད་པས་རྐྱེན་དུ་མི་རུང་ལ། མེད་པ་དམིགས་རྐྱེན་དུ་མི་འཐད་དེ་མོ་གཤམ་བུ་བཞིན་ནོ། །ཕྱོགས་གཉིས་གང་ལྟར་ཡང་མེད་པའི་དཔེ་མོ་གཤམ་བུ་སྟེ་མོ་གཤམ་ལ་དམིགས་རྐྱེན་མེད་པའམ་མོ་གཤམ་བུ་ཉིད་དམིགས་རྐྱེན་ ― MR01_Page_0219 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་མི་རུང་བ་བཞིན་ནོ། །ཡང་དེ་མ་ཐག་རྐྱེན་དགག་པ་མྱུ་གུ་སོགས་འབྲས་བུའི་ཆོས་རྣམས་སྐྱེས་པ་མ་ཡིན་ན་ནི་ས་བོན་སོགས་རྒྱུ་འགགས་པ་འཐད་པར་མི་འགྱུར་རོ། །འགག་པ་མེད་པ་དེའི་ཕྱིར་འགགས་མ་ཐག་པ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་འདི་མི་རིགས་ཏེ། མྱུ་གུ་མ་སྐྱེས་གོང་དུ་ས་བོན་འགགས་ཟིན་ན་མྱུ་གུ་སྐྱེ་བའི་རྐྱེན་གང་ཞིག་ཡིན་ལ་ས་བོན་འགགས་པའི་རྐྱེན་ཡང་གང་ཞིག་ཡིན་ཏེ་འདི་གཉིས་རྒྱུ་མེད་དུ་འགྱུར་རོ། །འགགས་ནའང་རྐྱེན་དུ་མི་རུང་སྟེ་འགགས་པ་ནི་མེད་པ་ཙམ་ཡིན་པས་མེད་པ་རྐྱེན་དུ་མི་རུང་བས་སོ་ཞེས་ག་ལས་འཇིགས་མེད་ལས་སོ། །ཡང་ན་མཐའ་བཞིའི་སྐྱེ་བ་བཀག་པ་དེ་ལ་དགོངས་ནས་ཆོས་སྐྱེས་པ་མེད་ན་དེ་ཅི་ཞིག་འགགས་ཞེས་ཚིག་གསལ་ལས་སོ། །འགགས་ན་རྐྱེན་ཡང་གང་ཞིག་ཡིན་ཞེས་པ་འདིས་སྐྱེ་འགག་གི་རྐྱེན་གཉིས་མེད་པས་དེ་གཉིས་རྒྱུ་མེད་དུ་ཚིག་གསལ་ལས་བཤད་དོ། །བདག་རྐྱེན་དགག་པ། གདུགས་ནམ་མཁའ་ལ་ཡོད་པའི་གྲིབ་མ་ས་ལ་བབ་པ་ལྟར་དངོས་པོ་གང་ཡོད་ན་འབྲས་བུ་གང་སྐྱེ་བ་དེ་བདག་རྐྱེན་དུ་འདོད་ ― MR01_Page_0220 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ལ། འདི་ཡོད་དོ་ཞེས་བྱ་བའི་ཡོད་པ་མི་སྲིད་པས་དེ་ལས་བྱུང་བ་སོགས་ག་ལ་སྲིད་དེ། འདི་ལྟར་ས་བོན་སོགས་དངོས་པོ་རྟེན་ཅིང་འབྲེལ་འབྱུང་གང་ཞིག་རང་བཞིན་ཅུང་ཟད་ཀྱང་གྲུབ་པ་མེད་པ་འདི་རྣམས་ཀྱི་ཡོད་པ་འདིའོ་ཞེས་བྱ་བ་གང་ཕྱིར་ཡོད་པ་མིན་ན་རྒྱུ་འདི་ཡོད་པས་ན་འབྲས་བུ་འདི་འབྱུང་ཞེས་བྱ་བ་འདི་ནི་འཐད་པ་མ་ཡིན་ནོ། །གསུམ་པ་རྐྱེན་གྱི་སྒྲུབ་བྱེད་དགག་པ་ནི། དེ་ལྟར་རྐྱེན་རྣམས་རིགས་པས་དཔྱད་ན་མེད་ཀྱང་། རྒྱུ་སྣལ་མ་སོགས་ལས་སྣམ་སོགས་སྐྱེ་བར་མངོན་སུམ་གྱིས་གྲུབ་པས་སྣལ་སོགས་སྣམ་བུའི་རྐྱེན་ཡིན་ནོ་ཞེ་ན། དེ་མིན་ཏེ། སྣལ་མ་སོགས་རྐྱེན་རྣམས་སོ་སོ་བ་རེ་རེ་ལ་འབྲས་བུ་སྣམ་བུ་སོགས་ཡོད་ན་སྣང་རུང་མ་དམིགས་པ་དང་། འབྲས་བུ་དུ་མར་ཐལ་བས་ན་སྣལ་མ་ཐག་བཟང་སོགས་རེ་རེ་ལའང་མེད་དོ། །རྐྱེན་རྣམས་འདུས་པ་ལའང་འབྲས་བུ་དེ་ནི་མེད་པ་ཉིད་དེ། རྒྱུ་རེ་རེ་ལ་མེད་པས་དང་། ཡོད་ན་འབྲས་བུ་གཅིག་དུམ་བུར་སྐྱེ་བར་ཐལ་བས་སོ། །མེད་ཀྱང་སྐྱེ་ན་རྐྱེན་མིན་འཇག་མ་སོགས་ལས་ཀྱང་སྣམ་བུ་སྐྱེ་བར་ ― MR01_Page_0221 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐལ་ཏེ་དེ་གཉིས་གང་ལའང་འབྲས་བུ་མེད་པར་ཁྱད་པར་ཅུང་ཟད་ཀྱང་མེད་པས་ན་རང་རང་གི་རྐྱེན་རྣམས་ལ་ནི་གང་མེད་པ་ཡི་འབྲས་བུ་དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ་སྟེ་མི་སྐྱེའོ། །ཅི་སྟེ་འབྲས་བུ་དེ་ནི་རྐྱེན་དེ་ལ་མེད་པར་ཡང་རྐྱེན་དེ་དག་ལས་འབྲས་བུ་དེ་དག་སྐྱེ་བར་འགྱུར་བ་ཞིག་ན་ནི། འོ་ན་རྐྱེན་མ་ཡིན་པ་གཞན་དག་ལས་ཀྱང་། ཅི་ཡི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ་སྐྱེ་བར་ཐལ་ལོ། །དེ་ལ་ཁོ་ན་རེ་རྐྱེན་དང་འབྲས་བུ་གཞན་ཡིན་ན། རྐྱེན་ལ་འབྲས་བུ་ཡོད་མེད་བསམ་པར་འགྱུར་མོད། རྐྱེན་གྱི་རང་བཞིན་འབྲས་བུ་ཡིན་པས་དེ་གཉིས་ཐ་དད་པ་མེད་པས། འབྲས་བུ་ནི་རྐྱེན་གྱི་རང་བཞིན་ནམ་རྣམ་འགྱུར་ཙམ་དུ་འདོད་དོ་ཞེ་ན། དེ་ནི་མི་འཐད་དེ། གལ་ཏེ་སྣལ་མ་སོགས་རྐྱེན་རྣམས་བདག་གམ་རང་གི་ངོ་བོའམ་རང་བཞིན་དུ་གྲུབ་ན་སྣམ་བུར་འགྱུར་ནའང་། རྐྱེན་དེ་དག་ཆ་ཤས་ཀྱི་རང་བཞིན་གྱི་རྣམ་འགྱུར་ཡིན་གྱི། རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ལ། དེ་ལྟར་བདག་གི་དངོས་པོ་མིན་པ་སྟེ་རང་བཞིན་མེད་པ་དེ་ལས་འབྲས་བུ་གང་ཡིན་པ་དེ་ནི་ཇི་ལྟར་རྐྱེན་གྱི་རང་བཞིན་དུ་འགྱུར་ཏེ་མི་འགྱུར་བ་བུམ་པ་ ― MR01_Page_0222 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནམ་མཁའི་མེ་ཏོག་གི་རང་བཞིན་མིན་པ་བཞིན་ནོ། །དེ་ཕྱིར་འབྲས་བུ་ནི་རྐྱེན་གྱི་རང་བཞིན་ཅན་ཡང་མིན་ཏེ། ཇི་སྐད་དུ། སྣམ་བུ་རྒྱུ་ལས་འགྲུབ་འགྱུར་ཅིང་། །རྒྱུ་ཡང་གཞན་ལས་འགྲུབ་འགྱུར་བས། །གང་ཞིག་རང་གིས་གྲུབ་མེད་པ། །དེས་གཞན་བསྐྱེད་པར་ཅི་ལྟར་འགྱུར། །ཞེས་སོ། །འོ་ན་རྐྱེན་མིན་པའི་རང་བཞིན་དུ་འགྱུར་རོ་ཞེ་ན། རྐྱེན་མིན་པའི་རང་བཞིན་ཅན་གྱི་འབྲས་བུ་ནི་ཡོད་པ་མིན་ཏེ་སྣམ་བུ་སྣལ་མའི་རང་བཞིན་དུ་མེད་ན་འཇག་མའི་རང་བཞིན་དུ་ག་ལ་འགྱུར། ཁོ་ན་རེ། འབྲས་བུ་དཔྱད་ན་མེད་ཀྱང་རུང་རྐྱེན་རྐྱེན་མིན་ནི་ཡོད་དེ། ཁྱོད་ཀྱིས་ཀྱང་། རྐྱེན་མ་ཡིན་པ་དག་ལས་ཀྱང་། ཞེས་པ་སོགས་ཁས་བླང་བ་མིན་ནམ། དེ་ཡོད་ན་འབྲས་བུའང་ཅིའི་ཕྱིར་མེད་ཟེར་ན། འབྲས་བུ་ཡོད་ན་སྣམ་བུ་ལ་རྐྱེན་སྣལ་མ་དང་། རྐྱེན་མིན་འཇག་མ་སོགས་སུ་རྟོག་གྲང་ན། འབྲས་བུ་སྔར་ཇི་སྐད་དཔྱད་པ་ལྟར་དཔྱད་ན་མེད་པས་ན། འདིར་ནི་རྐྱེན་མིན་པ་དངོས་པོའི་རྐྱེན་ནོ་ཞེས་ཐ་དད་དུ་བཞག་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །ཡང་ན། འབྲས་བུ་རྐྱེན་ལས་བྱུང་བ་ཡིན་ཞེས་འདོད་ན། རྐྱེན་རྣམས་ནི་ ― MR01_Page_0223 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྲས་བུ་ལྟར་རང་ལས་བྱུང་བ་མ་ཡིན་ལ། རྐྱེན་རྣམས་རང་བྱུང་མིན་པ་ལས་བྱུང་བའི་འབྲས་བུ་གང་དེ་ནི་ཇི་ལྟར་རྐྱེན་ལས་བྱུང་ཞེས་གཞག་ཏུ་མེད་པ། དེ་ཡི་ཕྱིར་རྐྱེན་ལས་བྱུང་བ་མ་ཡིན་པ། རྐྱེན་མིན་པ་ལས་བྱུང་བའི་འབྲས་བུ་ནི་ཡོད་པ་མིན་པས། དེ་ལྟར་དཔྱད་ན་འབྲས་བུ་མེད་པས་ན་དེའི་རྐྱེན་མིན་དང་རྐྱེན་དུ་ཞེས་པར་ཡང་དག་པར་ག་ལ་འགྱུར་ཏེ་མི་འགྱུར་བ་བཞིན་ནོ། །ཞེས་ག་ལས་འཇིགས་མེད་དུ་འདི་ལྟར་གསུངས་པ་ལགས་སོ། །གཉིས་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི། རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།གཉིས་པ་འགྲོ་འོང་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་འོང་བ་དང་འགྲོ་བ་མི་སྣང་ངོ་། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། མཆོད་བརྗོད་དུ། འོང་བ་མེད་པ་འགྲོ་མེད་པ། །ཞེས་པའི་དོན་སྟོན་པ་ལ་གཉིས་ཏེ། གཞུང་གི་ཚིག་དོན་རྒྱས་པར་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རིགས་པའི་འཐད་པ་རྒྱས་པར་ ― MR01_Page_0224 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྗོད་པ་དང་། རིགས་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། བསྒྲུབ་བྱ་དགག་པ་དང་། སྒྲུབ་བྱེད་དགག་པ་དང་། རྣམ་པར་བརྟགས་པའི་རིགས་པས་དགག་པའོ། །དང་པོ་ལ་གཉིས་ཏེ་ལས་ལ་དཔྱད་པས་དགག་པ་དང་། བྱེད་པ་པོ་ལ་དཔྱད་པས་དགག་པའོ། །དང་པོ་ནི། འདིར་འགྲོ་བ་པོ་གང་ཟག །འགྲོ་བ་བྱ་བ། བགོམ་པ་ལས་སོ། །རེ་ཞིག་གི་སྒྲས་དགག་པའི་རིགས་པ་སྟོན་ཏོ་ཞེས་དུས་གསུམ་སོ་སོ་ནས་དགག་པའི་དོན་ཏེ། སོང་ཟིན་པ་འདས་པ་དང་། མ་སོང་བ་འགྲོ་བའི་བྱ་བ་མ་སྐྱེས་པས་མི་འཐད་དོ། །དེ་ལ་འདིར་འགྲོ་བ་པོ་གང་དུ་འགྲོ་བའི་ཡུལ་བརྒལ་ན་སོང་ལ་མ་བརྒལ་བ་མ་སོང་བ་སྟེ། དེ་གཉིས་ལས་གཞན་ཞིག་ནི་མི་སྲིད་དོ། །གལ་ཏེ་ད་ལྟ་འགྲོ་བཞིན་པའི་རྐང་པས་མནན་པའི་ཕྱོགས་གང་ཡིན་པ་དེ་བགོམ་པའོ་སྙམ་ན། རྐང་པ་ཡང་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡིན་པས་སོར་རྩེའི་རྡུལ་ཕྲན་གྱི་རྒྱབ་ཕྱོགས་སོང་བའི་ཁོངས་དང་། རྟིང་པའི་རྡུལ་ཕྲན་གྱི་མདུན་ཕྱོགས་མ་སོང་བའི་ཁོངས་སུ་གཏོགས་པ་ཡིན་པ་བཞིན་དཔྱད་པས། ཕྱེད་སོང་ཕྱེད་མ་སོང་བའི་བགོམ་པ་ཞེས་ ― MR01_Page_0225 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕུང་གསུམ་པ་ཞིག་ནམ་ཡང་མི་སྲིད་དོ། །རེ་ཞིག་དང་པོར་འགྲོ་བ་ལ་དཔྱད་ན་ལམ་དུ་འགྲོ་བའི་བྱ་བ་འགགས་ཟིན་པས་ན་སྔར་སོང་བའི་ལམ་ལ་མི་འགྲོ་སྟེ། འགྲོ་བའི་བྱ་བ་མ་སྐྱེས་པས་ན་མ་སོང་བ་ཡི་ལམ་ལའང་འགྲོ་བ་མིན་ལ། སོང་ཟིན་པ་དང་དེ་སྔ་མ་སོང་བའི་ལམ་གཉིས་མ་གཏོགས་པར་ད་ལྟ་འགྲོ་བའི་བྱ་བས་ཟིན་པའི་བགོམ་པ་ཞེས་པ་ཚད་མས་ཤེས་པར་མི་འགྱུར་རོ། །ཁོ་ན་རེ། གང་ན་ལུས་རྐང་པ་འདེགས་འཇོག་གི་གཡོ་བ་ཡོད་པའི་ཡུལ་དེ་ན་འགྲོ་བའི་བྱ་བ་ཡོད་ལ་དེ་ཡང་གང་ཟག་གང་གི་ད་ལྟ་འགྲོ་བཞིན་པའི་བགོམ་པ་དེ་ཁོ་ན་ལ་གཡོ་བ་ཡོད་ཀྱི་གཡོ་བ་དེ་སྔར་སོང་བ་ཡང་མིན་ཅིང་མ་སོང་བ་ལ་མིན་པ་དེ་ཕྱིར་བགོམ་བཞིན་པ་ལ་ཡུལ་གཞན་དུ་འགྲོ་བ་ཡོད་དོ་ཞེ་ན། དེ་ལ་འགྲོ་བའི་བྱ་བ་གཅིག་ལས་མེད་ལ། གཅིག་པོ་དེ་བགོམ་པ་ཞེས་པ་ལས་ཚིག་དང་འགྲོ་བ་ཞེས་པ་བྱ་ཚིག་གཉིས་ལས། བགོམ་པ་ལ་སྦྱར་ན་ནི་བགོམ་པ་དང་འགྲོ་བ་དོན་གཅིག་མིང་གི་རྣམ་གྲངས་ཙམ་སྟེ། དེ་ལྟ་ན་བགོམ་པ་ལ་ཞེས་པ་ཙམ་ལས་འགྲོའོ་ཞེས་སྨྲོས་པ་མི་འཐད་དེ། བགོམ་བཞིན་པ་ལ་འགྲོ་བ་རང་ ― MR01_Page_0226 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གྱིས་ཡོད་པ་ཡིན་པར་ནི་ཇི་ལྟ་བུར་ན་འཐད་པར་འགྱུར་ཏེ། རྒྱུ་མཚན་ནི་གང་ཚེ་ལམ་གསུམ་དུ་བརྟགས་ན་འགྲོ་བ་ཡི་བྱ་བ་མེད་པ་ཡི་བགོམ་པ་འཐད་པ་མེད་དེ་བྱ་ཚིག་དོན་གྱིས་སྟོང་པའི་ཕྱིར་རོ། །གལ་ཏེ་གང་གི་བགོམ་པ་ལ་འགྲོ་བ་ཞེས་བྱ་ཚིག་དེ་འགྲོ་བ་དང་སྦྱར་ན་ནི། དེ་ཡི་བགོམ་པ་ལ་ནི་འགྲོ་བའི་བྱ་བས་སྟོང་པའམ་མེད་པར་ཐལ་བར་ཁོང་དུ་ཆུད་པར་འགྱུར་ཏེ་གང་གི་ཕྱིར། བགོམ་པ་རང་ལ་ནི་འགྲོ་བ་མེད་པ་ཡིན་པས་ལས་ཀྱི་ཚིག་དོན་གྱིས་སྟོང་པའི་ཕྱིར་རོ། །ཡང་བགོམ་པ་དང་འགྲོ་བ་གཉིས་ཀ་ལ་ཡང་འགྲོ་བ་ཡི་བྱ་བ་ཡོད་པར་འདོད་ན་ནི། འགྲོ་བ་ཡི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གི་ལམ་ལ་འགྲོ་བ་དེ་བགོམ་པའི་ཐ་སྙད་བྱེད་པར་འགྱུར་བ་ཡི་བྱ་བ་དང་གཅིག་བགོམ་པ་དེ་ལ་ཡོད་པའི་འགྲོ་བ་རང་གི་བྱ་བ་གང་ཡིན་པ་དང་གཉིས་པའོ། །འགྲོ་བ་ཡི་བྱ་བ་གཉིས་སུ་ཐལ་བར་འགྱུར་ན་འགྲོ་བ་པོ་ཡང་གཉིས་སུ་འགྱུར་ཏེ་གང་ཕྱིར་རྟེན་འགྲོ་བོ་མེད་པར་ནི་རྟེན་ཅན་འགྲོ་བ་འཐད་པར་མི་འགྱུརབའི་ཕྱིར་རོ། །མདོར་ན་འདི་དག་གི་སྐབས་སུ། འགྲོ་བའི་ངོ་བོ། རྟེན་ ― MR01_Page_0227 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་ཟག །རྒྱུ་རྩོམ་པ་གསུམ་དགག་པ་དང་། སྡོད་པའི་རྒྱུ་འབྲས་སོགས་ཀྱང་དགག་གོ །གཉིས་པ་བྱེད་པ་པོ་ལ་དཔྱད་པས་དགག་པ་ནི། གལ་ཏེ་འགྲོ་བའི་བྱ་བ་ནི་ཡོད་དེ་འགྲོ་བ་པོ་མེད་པར་གྱུར་ན། འགྲོ་བ་ཡི་བྱ་བ་འཐད་པར་མི་འགྱུར་བ་ཞིག་ན་དེ་ནི་མ་ཡིན་ཏེ་འཇིག་རྟེན་ན་ལྷས་བྱིན་སོགས་ལམ་དུ་འགྲོ་བ་པོ་མཐོང་བས་སོ་སྙམ་ན། དེ་མི་སྲིད་དེ་འགྲོ་བ་པོ་ནི་འགྲོ་བའི་བྱ་བ་ལ་ལྟོས་ཏེ་འཇོག་ན་འདིར་འགྲོ་བ་ཡི་བྱ་བ་མེད་ན་འགྲོ་བ་པོ་ཡང་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་འགྲོ་བ་མེད་ན་འགྲོ་བ་དང་མི་ལྡན་པའི་ལྷས་བྱིན་ལ་འགྲོའོ་ཞེས་བརྗོད་པར་མི་འགྱུར་ཏེ། འཁར་བ་མེད་ན་འཁར་བ་ཅན་དུ་མི་བརྗོད་པ་བཞིན་ནོ་ཞེ་ན། འགྲོ་བ་ཞེས་པའི་དོན་རང་གི་དངོས་པོ་ཡོད་ན་མཐའ་གསུམ་པོ་འདི་གང་རུང་དུ་ཡོད་དགོས་པས་དེར་བརྟགས་ན། རེ་ཞིག་འགྲོ་བ་པོ་ནི་མི་འགྲོ་སྟེ་འཆད་པར་འགྱུར་རོ། །འགྲོ་བ་པོ་མིན་པའང་འགྲོ་བ་མིན་ཏེ་འགྲོ་བའི་བྱ་བ་དང་བྲལ་བས་སོ། །འགྲོ་པོ་དང་འགྲོ་པོ་མིན་པ་ལས་གཞན་ཕུང་པོ་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ་དེ་མི་སྲིད་པས་སོ། །གལ་ཏེ་ཕྱི་མ་ ― MR01_Page_0228 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་མི་འགྲོ་ཡང་དང་པོ་འགྲོའོ་སྙམ་ན། དེ་ལ་འགྲོ་ཞེས་པའི་བྱ་བ་ནི་གཅིག་ལས་མེད་ལ། བྱ་བ་དེ་འགྲོ་བ་པོ་ལ་འབྲེལ་ལམ། འགྲོ་ཞེས་པའི་དོན་དུ་འབྲེལ་ལམ་གཉིས་ཀ་ལ་འབྲེལ། དང་པོ་ལྟར་ན་འགྲོ་བ་མེད་པའི་འགྲོ་བ་པོ་ཙམ་བརྗོད་རིགས་ནའང་འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་ཙམ་ནི་མི་སྲིད་པས་སོ། །གཉིས་པ་ལྟར་ན་འགྲོ་བ་པོ་ནི་འགྲོ་བའི་བྱ་བ་དང་བྲལ་བས་འགྲོ་བ་མེད་པའི་འགྲོ་པོ་ཡིན་པར་ཐལ་ལ། གསུམ་པ་ལྟར་ན་འགྲོ་བའི་བྱ་བ་གཉིས་ཡོད་པས་བྱེད་པོ་གཉིས་སུ་ཐལ་སོགས་སྔར་བཞིན་དཔྱད་པ་མཛད་ལ། འདིར་རང་གི་འགྲོ་བའི་བྱ་བ་དེ་འགྲོ་པོ་དང་ངོ་བོ་གཅིག་ཡིན་ནམ། འོན་ཏེ་ཐ་དད་པའི་ཚུལ་དུ་ལྡན་པ་ཡིན། དང་པོ་ལྟར་ན། གང་ཚེ་འགྲོ་བ་ཡི་བྱ་བ་མེད་པར་ནི་འགྲོ་པོ་འཐད་པར་མི་འགྱུར་ན་དེ་ལྟ་ན་རེ་ཞིག་འགྲོ་བ་པོ་འགྲོའོ་ཞེས་པ་འདི་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་འགྲོ་བ་ཉིད་མ་གྲུབ་པས་སོ། །གཉིས་པ་ལྟར་ན་འགྲོ་བ་པོ་ཉིད་འགྲོ་བའི་བྱ་བ་དང་བྲལ་བར་འགྱུར་ཏེ། རྒོལ་བ་གང་གི་ཕྱོགས་ལ་འགྲོ་བ་པོ་འགྲོ་བ་སྟེ་འགྲོ་པོ་འགྲོ་བ་དང་ལྡན་པར་འདོད་པ་དེ་ལ་འགྲོ་བ་མེད་པའི་འགྲོ་པོ་ཉིད་ཡིན་པར་ ― MR01_Page_0229 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐལ་བར་འགྱུར་ཏེ་འགྲོ་པོ་ཞེས་བྱ་བ་འགྲོ་བ་མིན་ལ་ད་གདོད་འགྲོ་བར་འདོད་ཕྱིར་རོ། །གལ་ཏེ་དེ་གཉིས་ཐ་དད་ཀྱང་འགྲོ་པོ་འགྲོ་བའི་བྱ་བ་དང་མི་འབྲལ་བར་འགྲོ་པོ་འགྲོ་བར་གྱུར་ན་འགྲོ་བ་ཡི་བྱ་བའང་གཉིས་སུ་ཐལ་བར་འགྱུར་ཏེ་གང་ཞེ་ན་གང་གིས་འགྲོ་བ་པོར་མངོན་པ་ཡི་བྱ་བ་གཅིག་དང་། འགྲོ་པོར་གྱུར་ནས་སླར་ཡང་གང་འགྲོ་བ་ཡོད་པའི་བྱ་བ་གཉིས་ཡོད་པའོ། །དེས་ན་འགྲོ་བ་པོ་དང་འགྲོ་སོགས་ཕན་ཚུན་ལྟོས་ནས་བཏགས་པ་ཙམ་ལས་རང་གི་ངོ་བོ་བརྟགས་ན་མི་རྙེད་པའི་དོན་ཏོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། གལ་ཏེ་ལྷས་བྱིན་སྡོད་པ་བཏང་ནས་འགྲོ་བར་རྩོམ་པ་ཡོད་པས་ན་འགྲོ་བ་ཡོད་དེ་གལ་ཏེ་འགྲོ་བ་མེད་ན་རྩོམ་པའང་མི་སྲིད་དེ། རུས་སྦལ་གྱི་སྤུ་མེད་ན་དེས་གོས་རྩོམ་པ་མི་སྲིད་པས་སོ། །ཞེས་ཟེར་ན། རྩོམ་པ་ཞེས་བྱ་བ་དེ་ཡོད་ན་དུས་གསུམ་གང་རུང་ལ་ཡོད་དགོས་ན། བགོམ་པའི་བྱ་བ་སོང་བ་ལ་མི་སྲིད་དེ་རྩོམ་པ་ད་ལྟ་བ་ཡིན་པས་སོ། །མ་འོངས་པ་ལ་དེ་མི་སྲིད་དེ། དུས་འགལ་བས་ཏེ་མ་སྐྱེས་པའི་ཆོས་རྟེན་མེད་ན་དེ་མི་འཐད་པས་སོ། །ད་ལྟ་བའི་བགོམ་པ་ལའང་རྩོམ་པ་དེ་མེད་དེ་འདས་མ་ ― MR01_Page_0230 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོངས་གཉིས་མིན་པའི་བགོམ་པ་ངོ་བོ་ཉིད་ཀྱིས་མེད་པ་དང་། དེ་ལ་འགྲོ་བའི་རྩོམ་པ་དེ་ཡོད་ན་བྱ་བ་གཉིས་སུ་ཐལ་བས་བྱེད་པོ་གཉིས་སུ་ཐལ་བས་སོ། །དེས་ན་སོང་ཟིན་པ་ཡི་ལམ་ལ་འགྲོ་བའི་རྩོམ་པ་མེད་དེ་འགགས་ཟིན་པས་སོ། །མ་སོང་བ་ལའང་འགྲོ་བའི་རྩོམ་པ་མེད་དེ་མ་འོངས་པ་དང་ད་ལྟ་བ་འགལ་བས་སོ། །ད་ལྟ་བགོམ་བཞིན་པ་ལ་རྩོམ་པ་ཡོད་པ་མིན་པས་ཐམས་ཅད་དུ་འགྲོ་རྩོམ་མེད་པ་དེས་ན་ལམ་གང་དུ་འགྲོ་བ་རྩོམ་པར་བྱེད་དེ་ལམ་ཡོད་དུ་ཆུག་ཀྱང་འགྲོ་རྩོམ་མི་འཐད་པའོ། །དེ་ལ་ཁོ་ན་རེ་འགྲོ་བ་ཡོད་དེ། ཞུགས་པ་དང་། འཇུག་བཞིན་པ། མ་ཞུགས་པའི་སྒོ་ནས་ལམ་གསུམ་དུ་བསྙད་དོ་ཞེ་ན། གལ་ཏེ་འགྲོ་པོ་ཡོད་དུ་ཆུག་ཀྱང་། ལྷས་བྱིན་འདུག་བཞིན་པ་ལས་འགྲོ་བ་རྩོམ་དགོས་ན། རྩོམ་པ་དེ་ལ་མ་རྩོམ་པའམ་འགྲོ་བ་རྩོམ་པའི་སྔ་རོལ་ལྷས་བྱིན་བསྡད་པའི་དུས་ན་ལམ་གང་དུ་འགྲོ་བརྩོམ་པར་འགྱུར་བ་ནི་ལམ་དེ་ལ་འཇུག་བཞིན་པའི་བགོམ་པ་མེད་ཅིང་ལམ་ལ་སོང་ཟིན་པ་མེད་དེ། དེ་ལྟ་ནའང་མ་སོང་བའི་ལམ་ལ་རྩོམ་པ་ཡོད་དོ་སྙམ་ན། མ་སོང་བ་ཞེས་པ་འགྲོ་བའི་བྱ་བ་མ་སྐྱེས་ཤིང་མ་རྩོམ་པ་ཡིན་པས་ ― MR01_Page_0231 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལ་འགྲོ་བ་རྩོམ་པ་ག་ལ་ཡོད་དེ། མི་འདུག་བཞིན་པ་ལམ་དུ་སོང་བ་མིན་པ་བཞིན་ནོ། །དེས་ན་འགྲོ་བ་རྩོམ་ཞེས་པ་འགྲོ་བའི་བྱ་བ་སྐྱེས་པ་ཞིག་ཡིན་ཏེ། ཇི་སྲིད་རྩོམ་པ་དེ་མ་སྐྱེས་བར་དུ་འགྲོ་བའི་ཐ་སྙད་མེད་དེ། སོང་བ་དང་བསྡད་པ་བཞིན་ནོ། །དེ་ལྟར་ལམ་གསུམ་ལ་འགྲོ་བའི་རྩོམ་པ་མེད་ཀྱང་། སོང་མ་སོང་བགོམ་པ་ཞེས་བྱ་བ་གསུམ་ནི་ངེས་པར་ཡོད་པས་འགྲོ་བ་མེད་ན་འདི་མི་རུང་ངོ་ཞེ་ན། གང་གི་ཚེ་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་ཚད་མ་ལ་སྣང་བ་མེད་པའམ་དམིགས་པ་མེད་པ་ཉིད་ཡིན་ན་སྔར་སོང་བ་ཅི་ཞིག་ད་ལྟ་བགོམ་བཞིན་པ་ཅི་མ་སོང་བ་ཅི་ཞིག་སྟེ་འདིའོ་ཞེས་རྣམ་པར་བརྟག་ཏུ་མེད་དེ་ཕྱིན་ཅི་ལོག་ཏུ་དུས་གསུམ་བརྟགས་པས་ཅི་ཞིག་བྱ། ཁོ་ན་རེ། འགྲོ་བ་ཡོད་དེ་དེའི་ཟླ་བོ་སྡོད་པ་ཡོད་པས་ཏེ། གང་ལ་གཉེན་པོ་ཡོད་པ་དེ་ནི་ཡོད་དེ། སྣང་མུན་དང་ཕ་རོལ་ཚུ་རོལ་བཞིན་ནོ་ཞེ་ན། སྡོད་པའམ་གནས་པ་ངོ་བོ་ཉིད་ཀྱིས་ཡོད་ན་གསུམ་ལས་མི་འདའ་བས་དེ་ལ་བརྟགས་ན་རེ་ཞིག་འགྲོ་པོ་ཉིད་ནི་མི་སྡོད་དེ་འཆད་པར་འགྱུར་ལ། འགྲོ་བ་པོ་མིན་པ་གཞན་སྡོད་པ་མིན་ཏེ་དེ་ནི་སྡོད་པར་ ― MR01_Page_0232 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲུབ་ཟིན་ལ་སྡོད་པའི་བྱ་བ་གཉིས་ཡོད་ན་སྡོད་པ་པོ་གཉིས་སུ་ཐལ་བའི་ཕྱིར་གསུངས། དེ་ལ་ལྷས་བྱིན་ཝ་ར་ཎ་སིར་འགྲོ་བ་པོ་དང་། མཆོད་སྦྱིན་དེར་འགྲོ་བ་པོ་མིན་པས་དེ་སྡོད་དོ་སྙམ་ན། མཆོད་སྦྱིན་གང་དུ་བསྡད་ཅེས་དྲིའོ། །རྒྱལ་པོའི་ཁབ་ཏུའོ་ཞེ་ན་དེར་སོང་ངམ་མ་སོང་ཞེས་དྲི་བར་ཡང་བྱའོ། །ལར་འགྲོ་བ་མིན་པ་ལ་བསྡད་པ་ཞེས་མི་བསྙད་དེ། ནམ་མཁའ་བསྡད་ཡོད་ཟེར་རམ། དེ་ལ་སྡོད་པ་ངོ་བོས་གྲུབ་ན་འགྲོ་པོ་ལས་ཐ་དད་དུ་ཡོད་དགོས་ལ། སྡོད་པོ་ནི་སྡོད་པ་མིན་ཏེ། བྱེད་པོ་དང་བྱ་བ་མི་གཅིག་པས་སོ། །དེས་ན་སྡོད་མཁན་མེད་པས་སུ་ཞིག་སྡོད་དེ། འགྲོ་བ་པོ་ཡིན་པ་དང་འགྲོ་པོ་མིན་པ་ལས་གཞན་ཕུང་པོ་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ་དེ་མི་སྲིད་པས་སོ། །ཕྱི་མ་གཉིས་མི་སྡོད་ཀྱང་འགྲོ་པོ་སྡོད་དོ་སྙམ་ན་གང་ཚེ་འགྲོ་བ་མེད་པར་ནི་འགྲོ་བ་པོ་ཞེས་བྱ་བར་འཐད་པར་མི་འགྱུར་བས་འགྲོ་བ་ཡོད་ན་སྡོད་པོར་མི་འགྱུར་ན་རེ་ཞིག་འགྲོ་པོ་སྡོད་དོ་ཞེས་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་རོ། །ཡང་འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་དེ་འགྲོ་བ་ལས་ལྡོག་པ་ཡོད་ལ་དེ་ལས་གནས་རྩོམ་པས་སོ་སྙམ་ ― MR01_Page_0233 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན། དེ་མིན་ཏེ་ལྡོག་པ་གསུམ་དུ་བརྟགས་ན། བགོམ་བཞིན་པ་ལས་འགྲོ་བའི་བྱ་བ་མི་ལྡོག་སྟེ། བགོམ་པ་ཉིད་སོང་མ་སོང་ལས་གཞན་དུ་མི་དམིགས་པ་དང་། བགོམ་པ་ཉིད་ཡོད་དུ་ཆུག་ཀྱང་དེ་ལ་འགྲོ་བའི་བྱ་བ་མི་འཐད་པ་སྔར་བཤད་ཟིན་པའི་ཕྱིར་དང་། བྱ་བ་འཐད་དུ་ཆུག་ཀྱང་འགྲོ་ལྡོག་གཉིས་དུས་གཅིག་ལ་འགལ་བས་སོ། །འདས་མ་འོངས་ཀྱི་ལམ་ལ་ནི་འགྲོ་བའི་བྱ་བ་མེད་པས་དེ་ལྡོག་པའང་མེད་དེ་མོ་གཤམ་གྱི་བུ་ལ་ཤི་བ་མེད་པ་བཞིན་ནོ། །དེ་ཡང་བགོམ་བཞིན་པ་ལས་ལྡོག་པར་མི་འགྱུར་ཏེ་སོང་ཟིན་པ་དང་། མ་སོང་ལས་ཀྱང་ལྡོག་པ་མིན་ཡང་གནས་པ་དེ་སྒྲུབ་ཕྱིར་དེའི་ཟླ་བོ་འགྲོ་བ་དང་ནི་དེ་ལ་འཇུག་པ་ཡི་རྩོམ་པ་དང་། གནས་པ་དེ་ལས་ལྡོག་པ་ཡང་ནི་འགྲོ་བའི་དེ་གསུམ་བཀག་པ་དང་མཚུངས་ཏེ། རེ་ཞིག་གནས་པོ་མི་འགྲོ་སྟེ་ཞེས་སོགས་དང་། གནས་ལ་གནས་པའི་རྩོམ་མེད་དེ། ཞེས་སོགས་དང་། གནས་བཞིན་པ་ལ་མི་ལྡོག་སྟེ། །ཞེས་སོགས་འདོན་པ་བསྒྱུར་བས་འགྲུབ་བོ། །གསུམ་པ་རྣམ་པར་བརྟགས་པའི་རིགས་པས་དགག་པ་ལ་གཉིས་ཏེ། རྟེན་ལ་གཅིག་དང་དུ་མར་བརྟགས་ ― MR01_Page_0234 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་དགག་པ་དང་། བྱ་བ་ལ་གཅིག་དང་དུ་མར་བརྟགས་པས་དགག་པའོ། །དང་པོ་ནི། དེ་ལྟར་ལམ་གསུམ་སོགས་སུ་བརྟགས་ན་འགྲོ་བ་མེད་ཀྱང་སྐྱེས་བུའི་རྐང་པ་གོམ་པ་འདོར་བའི་བྱ་བ་མངོན་སུམ་མཐོང་བས་ན་འགྲོ་བ་པོ་དང་འགྲོ་བའི་བྱ་བ་ཡོད་དོ་ཟེར་ན། བྱ་བ་དེ་དང་བྱེད་པ་པོ་གཉིས་ཀ་ངོ་བོས་གྲུབ་པ་ཡོད་ན་གཅིག་གམ་ཐ་དད་ཞེས་དྲིའོ། །དེ་གཉིས་གང་དུའང་མི་འཐད་དེ། འགྲོ་བ་ཞེས་བྱ་བའི་བྱ་བ་དེ་དང་འགྲོ་བ་པོ་གཉིས་ཀ་ཕན་ཚུན་དེ་ཉིད་དེ་གཅིག་ཅེས་ཀྱང་བྱར་མི་རུང་ལ། འགྲོ་བ་དང་ནི་འགྲོ་བ་པོ་དེ་གཉིས་གཞན་ཐ་དད་ཉིད་ཅེས་ཀྱང་བྱར་མི་རུང་ངོ་། །ཇི་ལྟར་མི་རུང་ན་གལ་ཏེ་བྱ་བ་འགྲོ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡང་ཡིན་གྱུར་ན་བྱེད་པ་པོ་དང་ལས་ཏེ་དེའི་བྱ་བ་ཉིད་ཀྱང་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ་དེ་ལྟ་ན་འདི་བྱེད་པ་པོའོ། །འདི་བྱ་བའོ་ཞེས་ཐ་དད་དུ་ཤེས་པར་མ་འགྱུར་བ་ཞིག་ན། དེ་མི་སྲིད་དེ། བཅད་པའི་བྱ་བ་དང་གཅོད་པ་པོ་ནི་ཁྱད་པར་མེད་པའང་མིན་པས་སོ། །དེ་གཉིས་ཐ་དད་དུ་ངོ་བོ་ཉིད་ཀྱིས་གྲུབ་ན། ཕན་ཚུན་མ་ལྟོས་པར་བུམ་སྣམ་ལྟར་གཅིག་མེད་པའི་གཅིག་ཤོས་ ― MR01_Page_0235 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོགས་སུ་ཡན་གར་བར་འཛིན་དགོས་ན་དེ་མེད་དེ། གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་བརྟགས་ན་ནི་འགྲོ་པོ་མེད་པའི་འགྲོ་བ་རྐྱང་པ་དང་། འགྲོ་བ་མེད་པའི་འགྲོ་པོར་ཏེ་འགྲོ་པོ་རྐྱང་པ་ཙམ་པོ་ཡོད་པར་འགྱུར་ལ། གང་དག་དེ་གཉིས་དངོས་པོ་གཅིག་པ་ཡི་རང་བཞིན་དང་དངོས་པོ་གཞན་པ་ཉིད་དུ་ནི་གྲུབ་པར་གྱུར་པ་ཡོད་པ་མིན་ན་དེ་གཉིས་ལ་རང་བཞིན་ནམ་དངོས་པོ་གྲུབ་པ་ཇི་ལྟར་ཡོད་དེ་མེད་དོ། །གཉིས་པ་བྱ་བ་བརྟགས་པ་ལ་གཉིས་ཏེ། རྣམ་པ་གཉིས་སུ་བརྟགས་པ་དང་། བྱ་བྱེད་རྣམ་གྲངས་དུ་མའི་སྒོ་ནས་དགག་པའོ། །དང་པོ་ནི། ཡང་འདི་སྙམ་དུ་འགྲོ་བ་པོ་ལྷས་བྱིན་འགྲོའོ། །སྨྲ་བ་པོ་ཚིག་སྨྲའོ། །བྱེད་པ་པོ་བྱ་བ་བྱེད་དོ་ཞེས་འཇིག་རྟེན་ན་གྲགས་པ་བཞིན་འགྲོ་བ་པོ་ཉིད་འགྲོ་བ་ཡིན་པས་ཇི་སྐད་བརྗོད་པའི་ཉེས་པ་མེད་དོ་ཞེ་ན། དེ་ལ་འགྲོ་པོ་དང་འགྲོ་བའི་བྱ་བ་ངོ་བོ་ཉིད་ཀྱིས་ཡོད་ན་འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་ཞིང་གསལ་བར་མཚོན་པ་ཡིན་ན་དེ་འདྲ་བའི་འགྲོ་བ་ཡི་བྱ་བ་དེ་ཡིས་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མིན་ཏེ་རྒྱུ་མཚན་ནི་གང་ཕྱིར་ ― MR01_Page_0236 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྲོ་བའི་བྱ་བ་མ་སྐྱེས་པའི་སྔ་རོལ་ན་འགྲོ་བ་པོ་མེད་པ་དེས་ན་འགྲོ་པོ་གང་ཞིག་ཡུལ་གྲོང་ངམ་གྲོང་ཁྱེར་གང་ཞིག་ཏུ་འགྲོ་བར་འགྱུར་ཏེ་འགྲོ་བའི་བྱ་བ་མེད་པས་སོ། །དེ་ཡང་འགྲོ་བའི་བྱ་བ་དེས་འགྲོ་བ་པོར་མཚོན་པས་དེ་གཉིས་དུས་གཅིག་པ་ཡིན་པས་ན་ཕན་ཚུན་མཚོན་པས་མི་སྐྱོན་སྙམ་ན། དེ་མིན་ཏེ་འགྲོ་བའི་བྱ་བ་དེ་མ་སྐྱེས་བར་དུ་འགྲོ་པོ་མིན་ལ་སྐྱེས་ནས་བྱ་བ་ནུས་པ་ན་འགྲོ་པོ་ཡང་ལྷན་ཅིག་སྐྱེ་འགག་གཅིག་པས་སོ། །ཡང་འགྲོ་བ་པོར་འགྲོ་བ་དེས་མངོན་པར་བྱེད་ན་འགྲོ་བ་མ་སྐྱེས་པའི་སྔ་རོལ་ཏུ་འགྲོ་པོར་གྲུབ་ཟིན་ན་དེ་བྱེད་པོར་མི་འགྱུར་ལ་འགྲོ་པོ་མིན་པ་ནི་དེས་འགྲོ་པོར་ནམ་ཡང་མཚོན་མི་ནུས་ལ། འགྲོ་པོར་བྱེད་པའི་འགྲོ་བ་རང་བཞིན་གྱིས་ཡོད་པ་ཕྱོགས་གཉིས་སུ་བརྟགས་པས་མི་རྙེད་པས་དེས་གང་ཟག་དེ་འགྲོ་བ་པོར་གསར་དུ་མཚོན་པའི་བྱ་བ་བྱེད་མི་ནུས་སོ། །གལ་ཏེ་འགྲོ་བ་ཡི་བྱ་བ་གང་གིས་འགྲོ་པོར་མངོན་ཞིང་མཚོན་པར་བྱེད་པ་དེ་ལས་གཞན་ཐ་དད་པ་ཞིག་གིས་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མིན་ཏེ་གང་ཕྱིར་འགྲོ་པོ་གཅིག་པུ་ལ་རང་ཉིད་འགྲོ་པོར་མཚོན་པའི་བྱ་བ་དང་དེ་ལས་གཞན་པའི་འགྲོ་བ་ཡི་བྱ་བ་གཉིས་སུ་ ― MR01_Page_0237 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོང་བ་མི་འཐད་དོ། །གཉིས་པ་ནི། འགྲོ་པོ་ཡིན་པར་གྱུར་པ་འགྲོ་བའི་བྱ་བ་དང་ལྡན་པ་ནི་འགྲོ་བྱའི་ཡུལ་སོང་མ་སོང་བགོམ་པ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་ལ་འགྲོ་བའི་བྱ་བ་དང་བྲལ་བས་འགྲོ་བ་པོ་མ་ཡིན་པར་ནི་གྱུར་དེ་ཡང་འགྲོ་རྣམ་གསུམ་དུ་འགྲོ་བར་མི་བྱེད་དེ། འགྲོ་བ་ཡིན་པ་དང་མ་ཡིན་པ་གཉིས་ཀར་གྱུར་པ་ཡང་འགྲོ་རྣམ་གསུམ་དུ་འགྲོ་བར་མི་བྱེད་དོ། །དེ་ལ་ཚིག་གསལ་ལས། འགྲོ་རྣམ་གསུམ་ནི་ལས་ཡིན་པར་གྱུར་པ་དང་མ་ཡིན་པ་དང་། གཉིས་ཀར་གྱུར་པ་གསུམ་སྟེ། རབ་བྱེད་བརྒྱད་པ་ལས་དང་བྱེད་པོ་བརྟག་པ་ན། ཡིན་པར་གྱུར་ལ་བྱ་བ་མེད་སོགས་འཆད་པར་འགྱུར་རོ་གསུངས། བུདྷ་པཱ་ལི་ཏ་ལས། སོང་མ་སོང་བགོམ་པ་གསུམ་ལ་ཞེས་འཆད། དེ་ལ་འགྲོ་བ་ཡིན་པར་གྱུར་པ་འགྲོ་པོར་གྲུབ་ཟིན་པས་དང་སོགས་སྔར་ལྟར་བརྟགས་པས་སོ། །འགྲོ་བ་མིན་པ་ནི་ལམ་གསུམ་དུ་མི་འགྲོ་སྟེ། འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར་སྡོད་པ་པོ་བཞིན་དང་། གཉིས་ཀ་ཡིན་པ་ནི་ཕྱོགས་གཉིས་ཀའི་རིགས་པས་གནོད་པའམ་དེ་མི་སྲིད་པས་སོ། །ཕར་འགྲོ་བ་དང་ཚུར་ ― MR01_Page_0238 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདིར་ལྷགས་པ་ཙམ་ལས་གཉིས་ཀའང་འགྲོ་བ་ཡིན་པས་འོང་བ་ལ་རིགས་པ་ལོགས་སུ་མི་དགོས་སོ། །གཉིས་པ་གྲུབ་དོན་བསྡུ་བ་ནི། དེ་ཕྱིར་དེ་ལྟར་བརྟགས་ན་འགྲོ་བའི་བྱ་བ་དང་འགྲོ་བ་པོ་དང་། བགྲོད་པར་བྱ་བ་ཡི་ལམ་གསུམ་ཀའང་ཡོད་པ་མ་ཡིན་ནོ། །དེས་ན་ཡུལ་གཅིག་ནས་གཅིག་ཏུ་བགོམ་པ་སོགས་ངོ་བོས་གྲུབ་པ་ནམ་ཡང་མི་འཐད་པས། རྒྱ་ལས་རྒྱ་ཡི་འབུར་དང་མེ་ལོང་ལ་གཟུགས་བརྙན་ལ་སོགས་པ་མདོར་ན་ཆོས་འདི་འདི་ནས་འདིར་འོང་བ་ནས་འདིར་འགྲོ་ཞེས་པའི་འགྲོ་འོང་ལ་སོགས་པའི་བྱ་བྱེད་ཐམས་ཅད་དང་བྲལ་བ་ནམ་མཁའི་དཀྱིལ་ལྟ་བུའི་ཡེ་ཤེས་སྣང་བ་མེད་པ་གསལ་བར་བྱས་པའོ། །རྩ་བའི་གཉིས་པ་ནི། འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།གསུམ་པ་སྐྱེ་མཆེད་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། ཡུམ་ལས་མིག་ནི་མིག་གིས་སྟོང་ངོ་ཞེས་སོགས་དང་། རབ་བྱེད་འབྲེལ། སྐྱེ་མཆེད་བཅུ་གཉིས་ཡོད་དེ། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཅེས་མིག་སོགས་དབང་པོ་དྲུག་དང་། དེ་དག་གི་སྤྱོད་ཡུལ་གཟུགས་སོགས་ཡུལ་གྱི་སྐྱེ་མཆེད་དྲུག་ཡོད་ ― MR01_Page_0239 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས་སོ་ཞེ་ན། དེའི་དོན་སྟོན་པ་ལ་གཉིས་ཏེ། གཞུང་གི་དོན་རྒྱས་པར་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དབང་པོ་ལྟ་བ་པོ་འདོད་པ་དགག་པ་དང་། བདག་གམ་རྣམ་ཤེས་ལྟ་བ་པོ་འདོད་པ་དགག་པ་དང་། ཚུལ་དེས་གཞན་ཡང་ཁེགས་པའོ། །དང་པོ་ནི། འདིར་འགྲོ་བ་སོགས་བཀག་མོད་ཀྱི་དེ་ལྟ་ནའང་། ཆོས་མངོན་པ་ལས། བལྟ་དང་ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་ཀྱི་བར་མིག་སོགས་དབང་པོ་དྲུག་སྟེ་དེ་དག་གི་སྤྱོད་ཡུལ་གཟུགས་ལ་བལྟ་བར་བྱ་ལ་སོགས་པ་ཡུལ་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་གསུངས་པས་ན་དེ་ཡོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་མིག་ལྟ་བ་པོ་ཡིན་ཞེས་པ་མེ་ལ་ཚ་བ་དང་ཆུ་ལ་ན་ལྟར་མིག་རང་གི་སྟེང་ན་ལྟ་བ་ཞེས་པ་ལྟོས་མེད་དུ་ངོ་བོ་ཉིད་ཀྱིས་གྲུབ་དགོས་ཏེ། བཞི་བརྒྱ་པ་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །ཐོག་མར་བདག་ལ་སྣང་གྱུར་ན། །མིག་ཉིད་ལ་ནི་མིག་གིས་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་སོ། །དེས་ནི་མིག་རང་ལ་རང་གིས་བལྟ་ ― MR01_Page_0240 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་ལྟ་བ་དེ་གྲུབ་ཏུ་ཆུག་ཀྱང་ཆུ་ལ་ཚ་བ་དང་མེ་ལ་རླན་ལྟར་དེ་མི་སྲིད་པས་ལྟ་བ་ཞེས་བྱ་བ་ཅུང་ཟད་ཀྱང་མ་གྲུབ་པའི་ཕྱིར། དེས་གཞན་ལ་མི་ལྟ་སྟེ་གཟུགས་ལ་ལྟ་བ་མིག་གི་དབང་པོ་དེ་རང་གི་བདག་ཉིད་ནི་དེ་ལ་སྟེ་རང་གིས་རང་ལ་ལྟ་བ་མ་ཡིན་པ་ཉིད་དེ་ཡུལ་མེད་པས་སམ་རང་ལ་རང་བྱེད་པ་འགལ་བས་སོ། །དེ་ལྟར་གང་ཞིག་བདག་ལ་མི་ལྟ་བའམ་ལྟ་བ་དང་བྲལ་བ་དེ་དག་གིས་གཞན་གཟུགས་སྔོན་པོ་སོགས་ལ་ཇི་ལྟར་བལྟ་སྟེ་རྣ་བ་བཞིན་ནོ། །རང་ལ་མི་བལྟ་ཡང་གཞན་ལ་བལྟ་བ་མི་འགལ་སྟེ། དཔེར་ན་མེས་རང་མི་སྲེག་ཀྱང་གཞན་བུད་ཤིང་བསྲེགས་པ་བཞིན་ནོ་སྙམ་ན། རང་ལ་མི་བལྟ་ཡང་གཞན་ལ་བལྟ་བ་ངོ་བོ་ཉིད་ཀྱིས་རབ་ཏུ་བསྒྲུབ་པའི་ཕྱིར་བཀོད་པའི་མེ་ཡི་དཔེས་ནི་དེ་འགྲུབ་པར་ནུས་པ་མ་ཡིན་ཏེ་འདི་ལྟར་སྔར་སོང་དང་མ་སོང་བགོམ་པ་གསུམ་གྱིས་འགྲོ་བ་བརྟགས་པ་ཡིས་མེ་དཔེ་དེ་དང་ནི་དོན་ལྟ་བའང་ལྟོས་གྲུབ་ཡིན་པས་ལྟ་བ་དང་བཅས་པའི་ལན་དོན་གྱིས་བཏབ་བོ་ཞེས་ཏེ། ཇི་ལྟར་ན། མེས་ཀྱང་བསྲེགས་པ་མི་བསྲེག་མ་སྲེག་པ་ལ་མི་བསྲེག་ཞེས་སོགས་བསྲེག་བྱའི་ལས་བུད་ཤིང་དང་། ཡང་རེ་ཞིག་བལྟས་ལ་མི་ལྟ་སྟེ་ ― MR01_Page_0241 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་སོགས་བལྟ་བྱའི་ཡུལ་གཟུགས་ལ་དུས་གསུམ་དུ་དཔྱད་པ་དང་རིགས་པའི་གནད་གཅིག་པས་སོ། །ཡང་རེ་ཞིག་སྲེག་པོ་མི་བསྲེག་སྟེ་སོགས་སྲེག་པར་བྱེད་པ་པོ་མེ་དང་། ལྟ་པོ་མི་བལྟ་སྟེ་ཞེས་སོགས་ལྟ་བར་བྱེད་པ་པོ་མིག་ལ་རྣམ་གསུམ་སྦྱར་རོ། །གང་ཚེ་རང་དང་གཞན་ལ་ཅུང་ཟད་མི་བལྟ་བ་དེ་ནི་ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ངོ་བོས་ཡོད་པའི་ལྟ་བས་གཟུགས་ལ་བལྟ་བར་བྱེད་ཅེས་བྱ་བར་བརྗོད་པ་དེ་ནི་ཇི་ལྟར་རིགས་པར་འགྱུར་ཏེ་ཀ་བ་བཞིན་ནོ། །དེ་ལ་མིག་ལྟ་བ་ཡི་རང་བཞིན་ཅན་ཞིག་བལྟ་བའི་བྱ་བ་དང་འབྲེལ་པ་ཉིད་གཟུགས་ལ་བལྟ་བ་མ་ཡིན་ཏེ། མིག་རང་བཞིན་གྱིས་ལྟ་བ་ཡིན་པ་ཞིག་བལྟ་བའི་བྱ་བ་དང་འབྲེལ་མི་རིགས་ཏེ། བྱ་བ་གཉིས་སུ་ཐལ་བས་བྱེད་པོ་ཡང་གཉིས་སུ་ཐལ་བས་སོ། །མིག་ལྟ་བ་ཡི་རང་བཞིན་ཅན་མིན་པ་ཡང་མི་ལྟ་བ་ཉིད་ཡིན་ཏེ་བལྟ་བའི་བྱ་བ་དང་བྲལ་ཕྱིར་སོར་རྩེ་བཞིན་ནོ། །གཉིས་པ་ནི། ལྷས་བྱིན་གྱི་སྟ་རེས་ཤིང་གཅོད་ཅེས་པ་ལྟར་མིག་རྐྱེན་ཙམ་ལས་ལྟ་པོ་དངོས་ནི་བདག་གམ་རྣམ་ཤེས་ཡིན་ནོ་སྙམ་ན། བལྟ་བ་འགོག་པ་དེ་ཉིད་ཀྱིས་བདག་གམ་རྣམ་ཤེས་ལྟ་བ་པོ་ཡིན་པར་ ― MR01_Page_0242 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདོད་པའང་འགོག་པའི་རིགས་པའི་ཚུལ་རྣམ་པར་བཤད་ཟིན་པར་ཤེས་པར་བྱ་སྟེ། ལྟ་པོ་རང་གི་བདག་ཉིད་ནི། །དེ་ལ་བལྟ་བ་མ་ཡིན་ཉིད། །ཞེས་སོགས་བསྒྱུར་ཏེ་འགོག་གོ །ཡང་ལྟ་བ་པོ་ཡོད་དེ་དེའི་ལས་དང་བྱེད་པ་ཡོད་པས་སོ་ཞེ་ན། ལྟ་པོ་ཡོད་ན་དེའི་ལས་དང་བྱེད་པ་ཡོད་པར་རིགས་ནའང་དེ་མེད་དེ། བལྟ་བའི་བྱ་བ་ལ་ལྟོས་པའམ། མི་ལྟོས་པའི་བྱེད་པོ་ཡོད་པར་འདོད། དང་པོ་ལྟར་ན། བལྟ་བའི་བྱ་བ་མ་སྤང་བའམ་བྱ་བ་ལ་ལྟོས་པའི་ལྟ་བ་པོ་ཡོད་པ་མིན་ཏེ། དེ་ལ་ལྟ་པོ་རང་བཞིན་གྱིས་གྲུབ་ཟིན་ཞིག་གམ་མ་གྲུབ་པ་ཞིག་ལྟོས། གྲུབ་ཟིན་བལྟ་བ་ལ་ལྟོས་པ་འགལ་ལ། མ་གྲུབ་པ་མི་ལྟོས་ཏེ་རི་རྭ་བཞིན་ནོ། །གཉིས་པ་ལྟར་ན་བལྟ་བའི་བྱ་བ་སྤངས་པར་གྱུར་པའི་ལྟ་པོ་ཡོད་པ་ཉིད་ཀྱང་མི་འཐད་པར་སྣང་ངོ་སྟེ་བལྟ་བའི་བྱ་བ་ལ་མ་ལྟོས་པའི་ལྟ་པོ་མེད་དེ་བལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །ཞེས་སོ། །དེ་ལྟར་རྒྱུ་ལྟ་བ་པོ་མེད་ན་དེས་བལྟ་བྱ་གཟུགས་ལས་དང་ལྟ་བ་མིག་གམ་བྱ་བ་དེ་དག་ག་ལ་ཡོད་དེ་མེད་དོ། །ཡང་བལྟ་བྱ་དང་ལྟ་བ་རང་བཞིན་གྱིས་ཡོད་དེ། དེ་གཉིས་ཀྱི་ ― MR01_Page_0243 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྲས་བུ་རྣམ་ཤེས་དང་། གསུམ་འདུས་པའི་རེག་པ། དེ་ལས་བྱུང་བའི་ཚོར་བ། དེའི་རྐྱེན་གྱིས་སྲེད་པ་ཡོད་པས་སོ། །དེའི་དཔེ་ཇི་ལྟར་ན་ཕ་དང་མ་ལ་བརྟེན་ནས་བུ་འབྱུང་བ་བཞིན་ནོ་ཞེ་ན། སྔར་བཤད་པ་བཞིན་བལྟ་བྱ་དང་ལྟ་བ་གཉིས་ཀ་མེད་པའི་ཕྱིར་དེའི་འབྲས་བུ་རྣམ་པར་ཤེས་པ་དང་ལ་སོགས་པས་རེག་པ་དང་ཚོར་བ་དང་སྲེད་པ་བཞི་པོ་ཡོད་པ་མིན་ལ། དེས་ན་ཉེ་བར་ལེན་པ་དང་ལ་སོགས་ཀྱི་སྒྲས་སྲེད་པ་དང་སྐྱེ་བ་རྒ་ཤི་རྣམས་ཀྱང་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་རྒྱུ་མེད་པས་སོ། །གསུམ་པ་ཚུལ་དེས་གཞན་ཡང་ཁེགས་པ་ནི། ཇི་སྐད་བཤད་པའི་ལྟ་བས་ནི། ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་བྱེད་དང་ཡིད་དེ་དབང་པོ་ལྔ་དང་ཉན་པ་པོ་དང་སྣོམ་པ་པོ་སོགས་རྣམ་ཤེས་ལྔ་དང་། མཉན་པར་བྱ་བ་ལ་སོགས་པའི་ཡུལ་ལྔ་པོ་འགོག་བྱེད་ཀྱི་རིགས་པའང་ཚུལ་དེ་ལྟར་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ཉན་དེ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་མ་ཡིན་ཉིད། །ཅེས་སོགས་སྦྱར་རོ། །རྩ་བའི་གཉིས་པ། འདི་ལ་འགྲེལ་ཆེན་གཞན་ ― MR01_Page_0244 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་ལས་སྐྱེ་མཆེད་བརྟག་པ་དང་། ཚིག་གསལ་ལས་དབང་པོ་བརྟག་པ་ཞེས་གསུངས། དབང་པོ་གཙོ་བོར་གྱུར་པའི་སྐྱེ་མཆེད་ལ་རང་བཞིན་གྱིས་གྲུབ་པ་ཡོད་མེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།བཞི་པ་ཕུང་པོ་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ཤེར་ཕྱིན་ལས། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཞེས་སོགས་དང་། རབ་བྱེད་འབྲེལ། ཕུང་པོ་ལྔ་ཡོད་དེ་ཆོས་མངོན་པ་ལས་བསྟན་པས་སོ། །དེའི་ཁོངས་སུ་སྐྱེ་མཆེད་རྣམས་ཀྱང་འདུས་པས་དེ་ཡོད་དོ་ཞེ་ན། དེ་མེད་པར་སྟོན་པ་ལ་གཉིས་ཏེ། གཞུང་གི་དོན་རྒྱས་པར་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། གཟུགས་ཀྱི་ཕུང་པོ་དགག་པ་དང་། རིགས་པ་དེ་གཞན་ལ་སྦྱར་བ་དང་། རྩོད་ལན་གྱི་ཚུལ་ལ་བསླབ་པའོ། །དང་པོ་ལ་གཉིས་ཏེ་དམ་བཅའ་དང་། དེའི་འཐད་པའོ། །དང་པོ་ནི། གཟུགས་ཀྱི་རྒྱུ་འབྱུང་བ་བཞི་པོ་ནི་མ་གཏོགས་པར་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྱུར་པའི་འབྲས་གཟུགས་ཡུལ་ལྔ་དབང་ལྔ་ནི་དམིགས་པར་མི་འགྱུར་རོ། །འབྲས་བུའི་གཟུགས་ཞེས་བྱ་བ་མ་ ― MR01_Page_0245 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཏོགས་པར་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྱུར་པའི་གཟུགས་ཀྱི་རྒྱུ་འབྱུང་བ་བཞི་ཡང་ལོགས་སུ་མི་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། དང་པོ་དང་གཉིས་པའི་འཐད་པའོ། །དང་པོ་ནི། དེའི་རྒྱུ་མཚན་གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་ལོགས་ཤིག་ཏུ་འབྲས་གཟུགས་ངོ་བོ་ཉིད་ཀྱིས་ཡོད་ན་འབྲས་གཟུགས་ནི་རྒྱུ་མེད་པར་ཐལ་བར་འགྱུར་ཏེ་བུམ་སྣམ་ལྟར་འབྲེལ་མེད་དུ་འགྱུར་བའམ། ངོ་བོས་ཡོད་པ་རྒྱུ་ལ་མི་ལྟོས་པས་སོ། །དེས་ན་དོན་གྱི་དངོས་པོ་གང་ཡང་རྒྱུ་མེད་པ་ནི་ཡུལ་དུས་གང་ནའང་མེད་དེ། རྟག་ཏུ་ཡོད་མེད་སོགས་སུ་ཐལ་བས་སོ། །གཉིས་པ་ནི། གལ་ཏེ་འབྲས་བུའི་གཟུགས་ནི་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཞིག་ཡོད་པར་འདོད་ན་ནི་འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། རྒྱུ་རྒྱུ་ཉིད་དུ་འཇོག་པའི་རྒྱུ་མཚན་དང་བྲལ་བའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །དེས་ན་འབྲས་བུ་མེད་པའི་རྒྱུ་ནི་ནམ་ཡང་མེད་དོ། །ཡང་གལ་ཏེ་འབྲས་གཟུགས་དེ་རང་བཞིན་གྱིས་ཡོད་ན་ཡང་གཟུགས་ཀྱི་ནི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ་གྲུབ་ཟིན་པ་ལ་རྒྱུ་མི་དགོས་པས་སོ། །འབྲས་གཟུགས་དེ་མེད་ན་ཡང་གཟུགས་ཀྱི་ནི་རྒྱུ་ཡང་འཐད་པར་མི་འགྱུར་ ― MR01_Page_0246 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཉིད་དེ་མེད་པ་བསྐྱེད་མི་ནུས་པས་སོ། །དེ་ལྟར་བརྟགས་པས་གཟུགས་ཀྱི་རྒྱུ་མེད་ལ་རྒྱུ་མེད་པ་ཡི་གཟུགས་དག་ཡོད་པར་ནི་འཐད་པར་ནམ་ཡང་མི་རུང་རུང་མིན་ཉིད་ཅེས་དགག་པ་ལན་གཉིས་སྨྲོས་པ་ནི་ཡང་ཡང་ངེས་པར་བཟུང་སྟེ། རྒྱུ་མེད་དུ་སྨྲ་བ་ཤིན་ཏུ་ཐ་ཆད་པར་སྟོན་པ་སྟེ། མངོན་རྗེས་གཉིས་ཀྱི་ཚད་མས་ཤིན་ཏུ་གནོད་པའི་དོན་ཏོ། །དེ་ལྟར་གཟུགས་ལ་དཔྱད་ན་རྣམ་པ་ཐམས་ཅད་དུ་མེད་པ་དེ་ཡི་ཕྱིར་དོན་གཟིགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐོགས་བཅས་ཐོགས་མེད་སོགས་དང་སྔོ་སེར་སོགས་གཟུགས་ཀྱི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟགས་པར་མི་བྱ་སྟེ་དེ་རང་བཞིན་དང་བྲལ་བའི་ཕྱིར་རོ། །གཞན་ཡང་འབྱུང་བ་གཟུགས་ཀྱི་རྒྱུར་རྟོག་ན། དེས་རང་དང་འདྲ་བའམ་མི་འདྲ་བའི་འབྲས་བུ་གང་ཞིག་བསྐྱེད། འབྲས་བུ་རྒྱུ་དང་འདྲ་བ་འབའ་ཞིག་བསྐྱེད་དོ་ཞེས་བྱ་བ་ནི་འཐད་པ་མ་ཡིན་ཏེ་རྒྱུ་སྲ་གཤེར་སོགས་དང་འབྲས་བུ་དབང་ལྔ་དང་དོན་ལྔ་ས་མྱུག་བཞིན་མཚན་ཉིད་ཐ་དད་པའམ་མི་འདྲ་བས་སོ། །ཡང་འབྲས་བུ་རྒྱུ་དང་གཏན་ནས་མི་འདྲ་བ་ཞིག་བསྐྱེད་དོ་ཞེས་བྱ་བའང་འཐད་པ་མ་ཡིན་ནོ་སྟེ་མི་འདྲ་བ་ཐམས་ཅད་རྒྱུ་འབྲས་སུ་འགྱུར་བ་དང་རྒྱུ་ ― MR01_Page_0247 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྲས་རྗེས་སུ་འགྲོ་ལྡོག་གི་ངེས་པ་བཞག་ཏུ་མེད་པར་ཐལ་བས་སོ། །གཉིས་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། གཞན་ཡང་འབྲས་བུ་ཚོར་བ་དང་རྒྱུ་རེག་པ་འདུ་ཤེས་དང་དེ་དང་ལྷན་ཅིག་འབྱུང་བའི་རྣམ་ཤེས་འདུ་བྱེད་དང་མ་རིག་པ། སེམས་རྣམ་ཤེས་དང་དེ་དང་ལྷན་ཅིག་འབྱུང་བའི་འདུ་བྱེད་རྣམས་དང་། མཚན་ཉིད་དང་མཚན་གཞི་ཡན་ལག་དང་ཡན་ལག་ཅན་སོགས་དངོས་པོ་ཐམས་ཅད་ཀྱང་རྣམ་པ་དག་ནི་ཐམས་ཅད་དུའམ་སྒོ་ཀུན་ནས་གཟུགས་ཉིད་ཀྱི་ནི་རང་བཞིན་འགོག་པའི་རིགས་པའི་རིམ་པ་མཚུངས་སོ། །དེ་ཡང་། རེག་པ་མ་གཏོགས་ཚོར་བ་མེད། །ཚོར་བ་མ་གཏོགས་རེག་པ་མེད། །ཅེས་སོགས་འདོན་པ་བསྒྱུར་རོ། །གསུམ་པ་རྩོད་ལན་གྱི་ཚུལ་ལ་བསླབ་པ་ནི། ཆོས་གཅིག་གི་རང་བཞིན་སྟོང་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན། གཟུགས་རང་བཞིན་མེད་པར་དམ་བཅས་ཏེ། གཟུགས་ཀྱི་རང་བཞིན་ཡོད་པར་སྨྲ་བའི་ཕྱོགས་སུན་འབྱིན་པའི་ངག་གིས་སྟོང་པ་ཉིད་དུ་སྨྲ་བའི་དབུ་མ་པ་རྣམས་ཀྱིས་བརྩད་པར་བྱས་ཚེ། གང་ཞིག་ཕ་རོལ་པོས་དེ་མི་སྟོང་བའི་སྒྲུབ་བྱེད་དུ་ཚོར་ ― MR01_Page_0248 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་སོགས་གང་དང་གང་བཀོད་དེ་ལན་འདེབས་པའི་ཚིག་སྨྲ་བར་བྱེད་པ་དེ་ཡིས་རྣམ་པ་ཐམས་ཅད་དུ་ལན་བཏབ་པ་ཉིད་དོན་དུ་འགྱུར་བ་མིན་ཏེ་སྒྲུབ་བྱེད་ཀྱི་ལན་དེ་དང་དེ་ཡང་བསྒྲུབ་པར་བྱ་བ་དང་མཚུངས་པར་གྱུར་པས་དགག་ནུས་པའི་ཕྱིར་རོ། །ཡང་གང་སྟོང་པ་ཉིད་དུ་སྨྲ་བའི་དབུ་མ་པ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པའི་དོན་འདིའོ་ཞེས་བཤད་པར་བྱས་ཚེ་གང་ཞིག་དེ་ལ་ཐེ་ཚོམ་ཟ་ནས་དེ་མི་འཐད་དོ་སྙམ་དུ་སྐྱོན་འདོགས་སྨྲ་བར་བྱེད་པ། དེ་ཡིས་ཐམས་ཅད་སྐྱོན་བཏགས་པར་འགྲོ་བ་མིན་ཏེ་རྒྱུ་མཚན་གང་གིས་སྐྱོན་བཏགས་པ་དེའང་བསྒྲུབ་པར་བྱ་བ་དང་མཚུངས་པར་རང་བཞིན་མེད་པར་སྟོན་ནུས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་མཚན་ནི། ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།ལྔ་པ་ཁམས་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། ཤེར་ཕྱིན་ལས། སའི་ཁམས་ལ་རང་བཞིན་མེད་དེ། ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ་ས་ལ་སོགས་པའི་ཁམས་ཡོད་པ་ཡིན་ཏེ། དེ་དག་གི་མཚན་ཉིད་རྣམ་པར་བཞག་པའི་ཕྱིར་ཞེ་ན། དེ་མེད་པར་སྟོན་པ་ལ། གཞུང་དང་མཚན་གཉིས། དང་པོ་ ― MR01_Page_0249 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་གསུམ་སྟེ། ནམ་མཁའི་ཁམས་དགག་པ་དང་། རིགས་པ་དེ་གཞན་ལ་སྦྱར་བ་དང་། མཐར་འཛིན་གྱི་ལྟ་བ་སྨད་པའོ། །དང་པོ་ལ་བཞི་སྟེ། མཚན་གཞི་དགག་པ། མཚན་ཉིད་འཇུག་ཚུལ་དགག་པ། དངོས་དང་དངོས་མེད་དགག་པ། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ་ཞེས་གསུངས་ལ། དེ་དག་གི་མཚན་ཉིད་ཀྱང་སྲ་གཤེར་དྲོ་གཡོ་མི་སྒྲིབ་པ། སོ་སོར་རྣམ་པར་རིགས་པ་རྣམས་ཡིན་ནོ་ཞེ་ན། དེ་ལ་མཚན་ཉིད་གྲུབ་ན་མཚན་གཞི་གྲུབ་ཏུ་ཆུག་མོད། དེ་མི་འགྲུབ་སྟེ་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་ཤིང་། མཚན་མཚོན་ཕན་ཚུན་ལྟོས་པས་ཡིན་གྱི་ངོ་བོས་མི་འགྲུབ་པའི་ཚུལ་ལས་མི་སྒྲིབ་པའི་མཚན་ཉིད་ཀྱིས་མཚན་གཞི་ནམ་མཁའ་ཉིད་ཡོད་པར་སྒྲུབ་མི་ནུས་ཏེ། འདི་ལྟར་ནམ་མཁའི་མཚན་ཉིད་མི་སྒྲིབ་པའི་སྔ་རོལ་ན་མཚན་ཉིད་འཇུག་པའི་གཞི་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་དེའི་རྒྱུ་མཚན་གལ་ཏེ་མཚན་ཉིད་ལས་སྔ་བར་མཚན་གཞི་ནམ་མཁའ་ཡོད་པར་གྱུར་ན་སྔ་རོལ་གྱི་ནམ་མཁའ་དེ་ལ་མཚན་ཉིད་སྒྲིབ་མེད་ ― MR01_Page_0250 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་མེད་པར་ཐལ་བར་འགྱུར་ཡང་མི་སྲིད་དེ་མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་ནི་འགའ་ཡང་སྟེ་གཅིག་ཀྱང་ཡུལ་དུས་གང་ནའང་ཡོད་པ་མ་ཡིན་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །དེས་ན་མཚན་ཉིད་མེད་པའི་རྟེན་མཚན་གཞིའི་དངོས་པོ་ནམ་་ཡང་མེད་ན་བརྟེན་པ་མཚན་ཉིད་འདི་གཞི་གང་དུ་འཇུག་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། གཞན་ཡང་མཚན་ཉིད་འཇུག་ན། སྔར་ནས་མཚན་ཉིད་དེ་མེད་པ་ཞིག་གམ། མཚན་ཉིད་དང་བཅས་པ་འམ། དེ་གཉིས་ལས་གཞན་པ་ཞིག་ལ་འཇུག་བརྟགས་ན། སྔར་མཚན་ཉིད་དེ་མེད་པ་ལ་མཚན་ཉིད་ནི་འཇུག་མི་སྲིད་པས་མི་འཇུག་སྟེ་མཚན་ཉིད་དང་བྲལ་བའི་ཕྱིར་ཐ་སྙད་དུ་ཡང་མི་སྲིད་དེ་རི་བོང་རྭ་བཞིན་ནོ། །མཚན་ཉིད་དང་བཅས་པ་ལའང་འཇུག་པ་མིན་ཏེ་གྲུབ་ཟིན་ལ་སླར་ཡང་གྲུབ་པར་བྱར་མེད་པས་མཚན་ཉིད་གཉིས་པ་དགོས་པ་མེད་ལ། གལ་ཏེ་དགོས་ན་ཐུག་མེད་ཀྱིས་ནམ་ཡང་མཚན་ཉིད་མི་འགྲུབ་པ་དང་མཚན་གཞི་ཡང་དུ་མར་ཐལ་བ་སོགས་འབབ་བོ། །མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་ལའང་འཇུག་པར་མི་འགྱུར་རོ་ཏེ་དེ་གཉིས་དངོས་འགལ་ཡིན་པས་དེ་ ― MR01_Page_0251 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་ཡིན་པའི་གཞི་མཐུན་ནམ་གཉིས་ཀ་མིན་པའང་མི་སྲིད་པས་སོ། །དེ་ལྟར་མཚན་ཉིད་འཇུག་པ་མེད་ན་ཡང་མཚན་གཞི་ནི་སྲིད་དོ་སྙམ་ན། གང་ལ་མཚན་ཉིད་འཇུག་པ་མ་ཡིན་ན་མཚན་གཞི་ཞེས་བྱ་བ་འཐད་པར་མི་འགྱུར་རོ་ཏེ་མཚན་ཉིད་འཇུག་པའི་རྒྱུ་མཚན་གྱིས་མཚན་གཞིར་བཞག་དགོས་པས་སོ། །ཡང་ཁྱོད་ཀྱིས་མཚན་ཉིད་མཚན་གཞི་ལ་འཇུག་པ་བཀག་གི་མཚན་ཉིད་དངོས་ནི་མ་བཀག་པས་མཚན་ཉིད་ཡོད་ལ། དེ་ཡོད་པས་མཚན་གཞི་འང་གྲུབ་བོ་སྙམ་ན་མིན་ཏེ། རྟེན་མཚན་གཞི་ཉིད་ཡོད་པར་འཐད་པ་མ་ཡིན་ན་བརྟེན་པ་དེའི་མཚན་ཉིད་ཀྱང་ནི་ཡོད་མ་ཡིན་ཏེ་མོ་གཤམ་བུ་མོའི་རྣམ་འགྱུར་བཞིན། དེ་ཕྱིར་རྟེན་མཚན་གཞི་ཡོད་པ་མིན་ཏེ། དེ་མེད་པས་བརྟེན་པ་མཚན་ཉིད་ཀྱང་མེད་པས་གཉིས་ཆར་ཡང་ཡོད་པ་ཉིད་མ་ཡིན་ནོ་ཞེས་མཇུག་བསྡུས་སོ། །གསུམ་པ་དངོས་དང་དངོས་མེད་དགག་པ་ལ་གཉིས་ཏེ། བསྒྲུབ་བྱ་དགག་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ནི། ཡང་དེ་ལྟར་མཚན་མཚོན་རེ་རེར་བརྟགས་ན་མེད་ཀྱང་རུང་། ནམ་མཁའ་རང་གི་དངོས་པོ་ཙམ་ཞིག་ཡོད་ལ། དེ་ཡོད་ན་ནི་མཚན་མཚོན་ཡང་ ― MR01_Page_0252 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲུབ་བོ་སྙམ་ན། དེ་མིན་ཏེ་བཀག་ཟིན་པའི་མཚན་གཞི་དང་མཚན་ཉིད་དེ་གཉིས་མ་གཏོགས་པའི་ནམ་མཁའི་དངོས་པོ་ཞེས་བྱ་བ་ཡང་ནི་ནམ་མཁའི་མེ་ཏོག་ལྟར་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ནོ། །ཡང་ཁ་ཅིག་ནམ་མཁའ་གོ་འབྱེད་པའི་དངོས་པོར་མ་གྲུབ་ནའང་ནམ་མཁའ་དེ་དངོས་པོ་མེད་པའི་རང་བཞིན་དུ་ཡོད་པར་འགྱུར་རོ་ཞེ་ན། དངོས་པོ་ཞེས་བྱ་བ་དེ་ཡོད་པ་མ་ཡིན་ན་དངོས་མེད་ཅེས་བྱ་བ་དེ་ཆོས་དགག་བྱ་གང་གི་དངོས་མེད་ཡིན་པར་འགྱུར་ཏེ་མི་འགྱུར་བ་ནི། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་མེད་པ་འགྲུབ་མི་འགྱུར། །དངོས་པོ་མེད་ཅེས་སྐྱེ་བོ་སྨྲ། །ཞེས་འཆད་པར་འགྱུར་ལ། དེ་ལྟར་དཔྱད་ན་ཐ་སྙད་ཙམ་དུའང་དངོས་པོ་ཞེས་པ་མ་གྲུབ་ན་དེའི་དངོས་མེད་ཀྱང་ཡོད་པར་ག་ལ་འགྱུར་ཏེ་མི་སྲིད་དོ། །གཉིས་པ་ནི། དངོས་དངོས་མེད་ཡོད་དེ་འདིར་དེ་གཉིས་སུ་རྟོག་པ་པོ་ཁྱོད་ལ་སོགས་པ་ཡོད་པའི་ཕྱིར་ཞེ་ན། རྟོག་པར་བྱེད་པ་པོ་དེ། དངོས་པོ་དང་། དངོས་མེད་དང་། དེ་གཉིས་དང་མི་མཐུན་པའམ་དངོས་དངོས་མེད་ཀྱི་ཆོས་གཞི་གཅིག་པའི་ཕུང་གསུམ་པའི་གང་ཟག་གསུམ་པོ་གང་གིས་དངོས་དང་དངོས་མེད་དུ་ཤེས་པའམ་རྟོགས་པར་བྱེད། དེ་གསུམ་ ― MR01_Page_0253 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་ལྟར་ཡང་མི་འཐད་དེ་གོང་དུ་བཤད་མ་ཐག་པས་དངོས་པོ་ཙམ་དང་དངོས་མེད་ཙམ་སྤྱིར་བཀག་པའི་ཕྱིར་དང་། དངོས་འགལ་ལ་དགག་ཕྱོགས་ཀྱི་ཕུང་གསུམ་མི་སྲིད་པས་སོ། །བཞི་པ་བཀག་པས་གྲུབ་དོན་བསྡུ་བ་ནི། མཚན་ཉིད་འཇུག་པ་མི་འཐད་པ་དེ་ཡི་ཕྱིར་ནམ་མཁའ་ནི་དངོས་པོ་མིན་ལ་དངོས་མེད་ཀྱང་མ་ཡིན། མཚན་གཞི་མིན་ལ་མཚན་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། ས་ཆུ་སོགས་ཁམས་ལྷག་མ་ལྔ་པོ་གཞན་གང་དག་ཀྱང་ནམ་མཁའ་ལ་ཇི་ལྟར་བརྟགས་པ་དེ་དང་མཚུངས་ཏེ། ས་ཡི་མཚན་ཉིད་སྔ་རོལ་ན། །ས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་སོགས་ཐམས་ཅད་ལ་སྔ་མ་ལྟར་ཁ་བསྒྱུར་ཏེ་བརྟག་གོ །དངོས་པོ་ལ་སྐུར་འདེབས་རྒྱང་འཕེན་པའི་ལུགས་གསལ་བར་བྱེད་པ་མིན་ནམ་ཞེ་ན། ཤེར་སྒྲོན་ལས་ངོ་བོ་ཡོད་པ་ཉིད་དགག་པར་བྱས་ཀྱི་མེད་པ་ཉིད་དུ་མ་སྨྲས་སོ། །འདིར་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་གསུངས། བུདྡྷ་པཱ་ལི་ཏ་ལས། ཕུང་ ― MR01_Page_0254 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོ་སོགས་མེད་པར་མི་སྨྲ་ཡི་ངོ་བོ་ཉིད་ཡོད་པ་སེལ་བར་བྱེད་དོ། །མཐའ་གཉིས་སུ་འཛིན་པ་ནི་སྐྱོན་ཏེ། འོག་ཏུ་ཡོད་ཅེས་བྱ་བ་རྟག་པར་འཛིན། །ཞེས་སོགས་ཚིག་བཅད་འཐད་པའི་དོན་དུ་དྲང་ངོ་། །འདིར་ཏིང་རྒྱལ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དག་དང་མ་དག་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤོང་ནས། །མཁས་པས་དབུས་ལ་གནས་པར་ཡང་མི་བྱེད། །ཅེས་སོགས་གསུངས་པ་བཞིན་མཐའ་ཐམས་ཅད་བཀག་པའི་རིགས་ཤེས་དེས་སྤྲོས་བྲལ་ཡིན་ནོ་ཞེས་ཞེན་པར་ཡང་མི་བྱེད་ཀྱི་མྱུ་གུའི་སྟེང་དུ་ཡོད་མེད་སོགས་གང་ཡང་མ་མཐོང་བ་ལ་རྗེས་ཀྱི་ཤེས་པས་ཡོད་མེད་སོགས་སྤྲོས་པ་གང་དུའང་གདགས་པ་མེད་པས་སྤྲོས་བྲལ་ཞེས་ཐ་སྙད་བྱེད་པ་ཡིན་ནོ་ཞེས་ལེགས་པར་བཤད་དོ། །གསུམ་པ་མཐར་འཛིན་གྱི་ལྟ་བ་སྨད་པ་ནི། དེ་ལྟར་དངོས་པོ་རྣམས་ཀྱི་རང་བཞིན་དེ་ལྟར་གནས་སུ་ཟིན་ཀྱང་མ་རིག་པའི་རབ་རིབ་ཀྱིས་ནོན་པའི་བློ་ཆུང་གང་དག་དངོས་པོའི་ཆོས་རྣམས་ལ་ཡོད་མེད་ཀྱི་མཐའ་དང་བྲལ་བའི་རང་བཞིན་སྤྲོས་བྲལ་དུ་མི་ཤེས་པར་ཡོད་པ་ཉིད་དང་། ཡང་ན་མེད་ ― MR01_Page_0255 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཉིད་དུ་ལྟ་བ་དེ་ནི་དོན་དམ་པའི་བལྟ་བར་བྱ་བ་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་བ། སྡུག་བསྔལ་སོགས་གཏན་དུ་ཞི་བ་ཆོས་སྐུ་སྟོང་པ་ཉིད་མི་མཐོང་སྟེ་མཐར་འཛིན་གྱི་རྟོག་པ་ཅན་ཡིན་པས་སོ། །གཉིས་པ་མཚན་ནི། ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།དྲུག་པ་འདོད་ཆགས་དང་ཆགས་པ་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། ཡུམ་ལས། འདོད་ཆགས་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ་ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། ཕུང་ཁམས་སྐྱེ་མཆེད་ཡོད་དེ་དེའི་རྟེན་ཅན་ཀུན་ནས་ཉོན་མོངས་པ་ཡོད་པའི་ཕྱིར་སྙམ་ན། དེ་མེད་པར་སྟོན་པ་ལ། གཞུང་དང་མཚན་གཉིས། དང་པོ་ལ་གཉིས་ཏེ། འདོད་ཆགས་སོགས་ཉོན་མོངས་པ་དགག་པ་དང་། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། སྔ་ཕྱི་རིམ་གྱིས་འབྱུང་བ་དགག་པ། ལྷན་ཅིག་ཏུ་འབྱུང་བ་དགག་པ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་ཡོད་དེ། དེའི་རྟེན་ཅན་གྱི་ཀུན་ནས་ཉོན་མོངས་པ་ཡོད་དེ་རྟེན་མེད་ན་བརྟེན་པ་མེད་དེ་མོ་གཤམ་གྱི་བུའི་ཉོན་ ― MR01_Page_0256 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོངས་པ་བཞིན་དང་། ཡང་ཉོན་མོངས་པ་གང་ལ་དམིགས་ནས་སྐྱེ་བའི་རྒྱུ་ནི་ཡོད་པ་ཡིན་ཏེ། མདོ་ལས། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྟག་པར་ལྷུང་བ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་སུ་མངོན་པར་ཞེན་ཏེ་ཆགས་པར་འགྱུར་རོ་ཞེས་གསུངས་པས་སོ་སྙམ་ན། དེ་མི་འཐད་དེ། ཇི་ལྟར་ན་འདོད་ཆགས་ནི་ཟག་བཅས་ཀྱི་ཡུལ་ཡིད་འོང་ལ་སྲིད་པའི་རྣམ་ཅན་གྱི་སེམས་བྱུང་ཡིན་ལ། ཆགས་པ་ནི་ཡུལ་ལ་ཆགས་པའི་སེམས་སམ་གང་ཟག་སྟེ། འདོད་ཆགས་ཀྱི་རྟེན་གང་ཡིན་པའོ། །དེ་ལ་འདོད་ཆགས་རང་བཞིན་གྱིས་ཡོད་ན་ཆགས་པ་སྔར་ཡོད་པ་འམ་མེད་པ་ཞིག་ལ་ཡོད། དང་པོ་ལྟར་ན། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་ཞིག་ཡོད་ན། ཆགས་པ་དེ་ལ་བརྟེན་ནས་འདོད་ཆགས་ཀྱང་ཡོད་པར་རིགས་ནའང་། ཆགས་པ་ཞིག་སྔར་ཡོད་མི་སྲིད་པས་འདོད་ཆགས་ཀྱང་ཡོད་པར་མི་འགྱུར་ཏེ། གལ་ཏེ་འདོད་ཆགས་མེད་པའི་ཆགས་པ་ཞིག་ཡོད་སྲིད་ན་དགྲ་བཅོམ་ལ་ཡང་ཆགས་པ་ཡོད་པར་ཐལ་བས་སོ། །གཉིས་པ་ལྟར་ན། ཆགས་པ་སྔར་ ― MR01_Page_0257 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོད་པར་མ་གྱུར་ནའང་། འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ་རྟེན་མེད་པའི་ཕྱིར་ཤིང་ཐོག་མེད་ན་དེའི་སྨིན་པ་མེད་པ་བཞིན་ནོ། །ཡང་ཆགས་པ་རང་བཞིན་གྱིས་ཡོད་ན་འདོད་ཆགས་སྔར་ཡོད་པའམ་མེད་པ་ཞིག་ལ་ཡོད་ཅེས་བརྟགས་ན། ཆགས་པ་ལ་ཡང་འདོད་ཆགས་ནི་སྔར་ཡོད་དམ་འོན་ཏེ་མེད་ཀྱང་རུང་། དཔྱད་ན་མི་འཐད་པས་རིམ་པར་སྔར་དང་མཚུངས་ཏེ། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཆགས་པ་ཡོད་པར་འགྱུར། །འདོད་ཆགས་ཡོད་པར་མ་གྱུར་ནའང་། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་སྦྱར་རོ། །གཉིས་པ་ལྷན་ཅིག་འབྱུང་བ་དགག་པ་ལ་གཉིས་ཏེ། ལྟོས་མེད་དུ་ཐལ་བས་དགག་པ། ལྷན་ཅིག་ཏུ་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་དེ་ལྟར་ཆགས་པ་དང་འདོད་ཆགས་སྔ་ཕྱིར་ཡོད་པ་མི་འཐད་པས། དེ་གཉིས་དུས་གཅིག་སྟེ། སེམས་དང་ལྷན་ཅིག་འབྱུང་བའི་འདོད་ཆགས་ཀྱིས་སེམས་ཆགས་པར་བྱས་པས་ན་དེ་གཉིས་ཡོད་དོ་ཟེར་ན། འདོད་ཆགས་དང་ནི་ཆགས་པ་དག་ལྷན་ཅིག་ཉིད་དུ་ ― MR01_Page_0258 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་སྐྱེ་མི་རིགས་ཏེ་རྒྱུ་མཚན་ནི་འདི་ལྟར་འདོད་ཆགས་དང་ཆགས་པ་དང་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་མེད་པར་འགྱུར་ཏེ་བ་ལང་གི་རྭ་གཡས་གཡོན་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། གཅིག་དང་ཐ་དད་གཉིས་ཀ་འགོག་པ་དང་། བྱེ་བྲག་ཏུ་ཐ་དད་ལ་འགོག་པའོ། །དང་པོ་ནི། དེ་གཉིས་གཅིག་ཉིད་ཡིན་པ་ལ་ནི་ལྷན་ཅིག་ཉིད་མེད་དེ། འདོད་ཆགས་དེ་ཉིད་དེ་དང་ལྷན་ཅིག་མིན་པ་བ་ལང་རང་ཉིད་རང་དང་ལྷན་ཅིག་མེད་པ་བཞིན་ནོ། །ཅི་སྟེ་ཐ་དད་ཉིད་ཡིན་ནའང་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ་སྣང་མུན་དང་འཁོར་འདས་བཞིན། ཐ་དད་ཀྱི་མི་མཐུན་ཕྱོགས་ལྷན་ཅིག་ཡིན་པས་ངོ་བོ་ཉིད་ཀྱིས་ཐ་དད་ན་ལྷན་ཅིག་པ་མི་སྲིད་དོ། །གལ་ཏེ་ངོ་བོ་གཅིག་པུ་ཉིད་ལ་ལྷན་ཅིག་ཡིན་པར་འདོད་ན་གང་ན་གཅིག་ཡོད་པ་དེ་ན་ལྷན་ཅིག་པ་ཡོད་པས་གྲོགས་གཞན་མེད་པ་ཡང་ལྷན་ཅིག་པ་དེ་རུ་འགྱུར་རོ། །གལ་ཏེ་ངོ་བོ་ཐ་དད་པ་ཉིད་ལ་ལྷན་ཅིག་པ་ཉིད་འདོད་ན། ཤར་ནུབ་ཀྱི་རིའི་རྟ་བ་ལང་ལྟར་ཕན་ཚུན་གྲོགས་སུ་གནས་པ་མེད་པར་ཡང་ལྷན་ཅིག་དེ་ཡོད་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ལྷན་ཅིག་ཏུ་མི་འགྲུབ་པར་བསྟན་པ་དང་། རྟོག་པ་ཕན་ཚུན་བརྟེན་པར་ཐལ་བའོ། ― MR01_Page_0259 ―
[མ་དཔེ་གཟིགས་ན་འདིར་གནོན།]
།དང་པོ་ནི། གལ་ཏེ་གཅིག་ཉིད་ལྷན་ཅིག་མི་རུང་ཡང་ཐ་དད་པ་དག་ལ་ལྷན་ཅིག་འཇོག་སྟེ་ཐ་དད་དུ་གྲུབ་པ་རྟ་དང་བ་ལང་ལྟ་བུ་ལྷན་ཅིག་ཏུ་མཐོང་བ་བཞིན་ནོ་ཞེ་ནའང་། ཅི་གོ་ཞེས་བོས་ནས་འདོད་ཆགས་དང་ཆགས་པ་དག་སྟེ་དེ་གཉིས་ཕན་ཚུན་མ་ལྟོས་པར་ཐ་དད་ཉིད་དུ་གྲུབ་པར་འགྱུར་རམ་སྟེ་མི་འགྱུར་བ་དེས་ན་དེ་གཉིས་ཐ་དད་ཀྱི་ལྷན་ཅིག་ཡིན་པར་ཇི་ལྟར་འགྱུར་ཏེ། ལྷན་ཅིག་ལ་གཉིས་མེད། གཉིས་ཐ་དད་ན་ལྷན་ཅིག་ཀྱང་མེད་པའི་གནད་འདྲའོ། །གལ་ཏེ་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱིས་ཐ་དད་པའི་ངོ་བོ་ཉིད་དུ་གྲུབ་པ་ཡིན་པར་གྱུར་ན་དེ་དག་ལྷན་ཅིག་ཉིད་དུ་ནི་དགོས་པ་ཅི་ཡི་ཕྱིར་ན་ཡོངས་སུ་རྟོག་སྟེ་ཁྱོད་ཀྱིས་ཕ་རོལ་པོ་ལ་འདོད་ཆགས་འདིས་ཆགས་ལྡན་འདི་ཡུལ་འདི་ལ་ཆགས་སོ་ཞེས་འགྲུབ་དགོས་པའི་དོན་གྱིས་ཡིན་ན། དེ་གཉིས་ཐ་དད་ལྟོས་མེད་དུ་ཡོད་ཟིན་པ་ལ་གཅིག་ལ་གཅིག་མི་མཁོ་བས་ཕན་ཚུན་ལྷན་ཅིག་ཏུ་རྟོག་པས་ཅི་ཞིག་བྱ། གཉིས་པ་ནི། གལ་ཏེ་དེ་གཉིས་ཐ་དད་པ་ཉིད་གྲུབ་པར་མ་གྱུར་པས་དེ་གྲུབ་པར་བྱ་བའི་ཕྱིར་ལྷན་ཅིག་ཡིན་ནོ་ཞེས་འདོད་པར་བྱེད་ན། དེ་ཐ་དད་མིན་པ་ལ་མེད་པས་ལྷན་ཅིག་རབ་ ― MR01_Page_0260 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏུ་གྲུབ་པའི་ཕྱིར་ཐ་དད་ཉིད་དུ་ཡང་འདོད་དམ་སྟེ་འདོད་པར་བྱ་དགོས་པས་ཐ་དད་དང་ལྷན་ཅིག་གྲུབ་པ་ཕན་ཚུན་རྟེན་པར་འགྱུར་རོ། །དེའི་ཕྱིར་ཐ་དད་པའི་དངོས་པོ་མ་གྲུབ་པས་ལྷན་ཅིག་པ་ཞེས་པའི་དངོས་པོ་འགྲུབ་པར་མི་འགྱུར། དེའི་ཕྱིར་མི་སྲིད་པའི་ཐ་དད་དངོས་པོ་གང་འདི་ཞེས་བསྟན་དུ་ཡོད་ན་ནི་ལྷན་ཅིག་དངོས་པོར་འདོད་པར་བྱེད་པ་ཡོད་རུང་ངམ་ཞེས་སོ། །དེ་བཞིན་དུ་ལྷན་ཅིག་ལ་ལྟོས་ནས་ཐ་དད་མི་འགྲུབ་པའང་། ལྷན་ཅིག་དངོས་པོ་མ་གྲུབ་པས། །ཐ་དད་དངོས་པོ་གྲུབ་མི་འགྱུར། །ལྷན་ཅིག་དངོས་པོ་གང་ཡོད་ན། །ཐ་དད་དངོས་པོ་འདོད་པར་བྱེད། །ཅེས་འདོན་པ་བསྒྱུར་ནས་ཤེས་པར་བྱའོ། །དེས་ན་རྣམ་པ་ཀུན་ཏུ་ཕན་ཚུན་རྟེན་པར་གྱུར་པ་གང་ཡིན་པ་དེ་ནི་གང་གྲུབ་པས་གང་ཞིག་གྲུབ་སྟེ་གཉིས་ཀ་ངོ་བོས་མ་གྲུབ་པར་གསལ་ལོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་དང་ལྷན་ཅིག་མིན་པ་སྔ་ཕྱིར་ཡང་མི་འགྲུབ་བོ། །གཉིས་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། འདོད་ཆགས་དེ་ཇི་ལྟ་བ་བཞིན་དུ་ཀུན་ཉོན་གྱི་ཆོས་རྣམས་ཀུན་ལྷན་ཅིག་དང་ལྷན་ཅིག་མིན་པ་སྔ་ཕྱིར་ཡང་མི་འགྲུབ་སྟེ། ― MR01_Page_0261 ―
[མ་དཔེ་གཟིགས་ན་འདིར་གནོན།]
གལ་ཏེ་ཞེ་སྡང་སྔ་རོལ་ན། ཞེ་སྡང་མེད་པའི་སྡང་ཡོད་ན། །ཞེས་སོགས་དང་། དེ་བཞིན་དུ་གཏི་མུག་རྨོངས་སོགས་ལ་ཁ་བསྒྱུར་རོ། །དེ་ཕྱིར་བཅོམ་ལྡན་འདས་ཀྱིས་གང་འདོད་ཆགས་པ་དང་། གང་ལ་འདོད་ཆགས་པ་དང་། གང་གིས་འདོད་ཆགས་པར་འགྱུར་བ་དང་། གང་ཞེ་སྡང་བ་དང་། གང་ལ་ཞེ་སྡང་བ་དང་། གང་གིས་ཞེ་སྡང་བ་དང་། གང་གཏི་མུག་པ་དང་། གང་ལ་གཏི་མུག་པ་དང་། གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་མི་དམིགས་སོ། །ཞེས་སོགས་གསུངས་སོ། །གཉིས་པ་མཚན་ནི། འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །།བདུན་པ་འདུས་བྱས་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་རྡུལ་ཙམ་མི་དམིགས་ཚེ། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། འདུས་བྱས་ཡོད་དེ་སྐྱེ་གནས་འཇིག་གསུམ་བསྟན་པའི་ཕྱིར་ཞེ་ན། དེ་མེད་པར་སྟོན་པ་ལ། གཞུང་དང་མཚན་གཉིས། དང་པོ་ལ་གསུམ་ ― MR01_Page_0262 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེ། འདུས་བྱས་དགག་པ་དང་། འདུས་མ་བྱས་དགག་པ། ལུང་དང་འགལ་བ་སྤང་བའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། སྤྱིར་དགག་པ་དང་། སོ་སོར་དགག་པའོ། །དང་པོ་ལ་གསུམ། འདུས་བྱས་དང་འདུས་མ་བྱས་ལ་དཔྱད་པ་དང་། རེ་རེ་བ་དང་འདུས་པ་ལ་དཔྱད་པ་དང་། མཚན་ཉིད་གཞན་ཡོད་མེད་ལ་དཔྱད་དེ་དགག་པའོ། །དང་པོ་ནི། དེ་ལ་ཕུང་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་ཡོད་དེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་ཡོད་པས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གསུམ་པོ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་དག་སྟེ། འདུས་བྱས་སྐྱེ་བར་ཡང་མངོན། འཇིག་པར་ཡང་མངོན། གནས་པ་ལས་གཞན་དུ་འགྱུར་བ་ཡང་མངོན་ནོ་ཞེས་གསུངས་པས་མེད་པ་ལ་རི་རྭ་ལྟར་སྐྱེ་སོགས་མི་སྲིད་དོ་ཞེ་ན། གལ་ཏེ་མཚན་ཉིད་སྐྱེ་བ་ཞེས་བྱ་བ་དེ་འདུས་བྱས་སམ། འདུས་མ་བྱས་གང་ཡིན་ཞེས་བརྟགས་ན། གལ་ཏེ་སྐྱེ་བ་ཞེས་བྱ་བ་དེ་འདུས་བྱས་ཡིན་ན། དེ་ལའང་སྐྱེ་གནས་འཇིག་པའི་མཚན་ཉིད་གསུམ་ལྡན་པར་འགྱུར་ཏེ། འདུས་བྱས་ཡིན་ ― MR01_Page_0263 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་དེར་མཚོན་པའི་མཚན་ཉིད་གསུམ་ངེས་པར་ཡོད་དགོས་ལ། དེ་ལྟ་ན་དེ་མཚན་གཞིར་འགྱུར་རོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ན་དེ་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ་མིན་པ་དཔེར་ན་ནམ་མཁའ་བཞིན་ནོ། །དེ་བཞིན་གནས་པ་སོགས་ལའང་སྦྱར་རོ། །གཉིས་པ་ནི། ཡང་གལ་ཏེ་སྐྱེ་སོགས་འདུས་བྱས་ཀྱི་མཚན་ཉིད་དུ་རྟོག་ན། སྐྱེ་སོགས་རེ་རེ་བ་མཚན་ཉིད་ཡིན་ནམ། འདུས་པ་གང་ཡིན། དེ་གཉིས་གང་ལྟར་ཡང་མི་འཐད་དེ། སྐྱེ་ལ་སོགས་པ་གསུམ་པོ་སོ་སོ་བ་རེ་རེ་ཡིས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་ནི་ནུས་མིན་ཏེ་དེ་དེའི་རང་དུས་ན་གཞན་གཉིས་པོ་མེད་པས་གནས་འཇིག་བྲལ་བའམ་སྐྱེ་འཇིག་བྲལ་བ་སོགས་ཀྱིས་སོ། །དངོས་པོ་གཅིག་ལ་དེ་གསུམ་དུས་སྐད་ཅིག་མ་གཅིག་ཏུ་འདུས་པ་ཡང་ནི་སྣང་མུན་ལྟར་འགལ་བས་ན་ཇི་ལྟར་རུང་སྟེ་མི་རུང་ངོ་། །གསུམ་པ་མཚན་ཉིད་གཞན་ཡོད་མེད་ལ་དཔྱད་དེ་དགག་པ་ལ་གཉིས། ཧ་ཅང་ཐལ་བས་དགག་པ། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་འདུས་བྱས་ན། དེ་ལ་མཚན་ཉིད་གསུམ་ལྡན་འགྱུར་ཞེས་བརྗོད་ ― MR01_Page_0264 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ལ་དེ་ལྟར་ཁས་བླངས་ན་མི་རུང་བ་ཅི་ཡོད་སྙམ་ན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་ཡང་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་སོགས་གཞན་ཞིག་ནི་གལ་ཏེ་ཡོད་ན་མཚན་ཉིད་དེ་ལའང་གཞན་ཡོད་དགོས་པས་ཐུག་པ་མེད་པར་འགྱུར་ལ་དེ་ལྟ་ན་རྩ་བའི་མཚན་ཉིད་ནི་མི་འགྲུབ་བོ། །གལ་ཏེ་སྐྱེ་སོགས་ལ་མཚན་ཉིད་གཞན་མེད་ན་དེ་དག་འདུས་བྱས་ཀྱི་མཚན་ཉིད་དང་བྲལ་བས་འདུས་བྱས་མིན་པར་འགྱུར་རོ། །གཉིས་པ་ལ་གཉིས། ཉེས་སྤོང་དང་པོའི་ལན་དགག་པ་དང་། གཉིས་པའི་ལན་དགག་པའོ། །དང་པོ་ནི། མང་བཀུར་བ་སོགས་ན་རེ། དགེ་བའམ་ཉོན་མོངས་པ་ཅན་གྱི་ཆོས་གཅིག་སྐྱེན་བཅོ་ལྔ་སྐྱེ་སྟེ། མཚན་གཞིའི་ཆོས་དེ་ཉིད་དང་། དེའི་མཚན་ཉིད་སྐྱེ་བ། ལྡན་པ། གནས་པ། རྒ་བ། མི་རྟག་པ་སྟེ་ལྔ་དང་། ཆོས་དེ་ཉོན་མོངས་ཅན་ཞིག་ཡིན་ན། ཉོན་མོངས་ཅན་དེ་ཉིད་དང་། དེའི་ལོག་པའི་རྣམ་པར་གྲོལ་བ་དང་བདུན། དེ་བཞིན་དུ་དགེ་བ་ཞིག་ཡིན་ན། དགེ་བ་དེ་ཉིད་དང་། དེའི་ཡང་དག་པའི་རྣམ་པར་གྲོལ་བ་དང་བདུན། ངེས་པར་འབྱུང་བ་ཞིག་ཡིན་ ― MR01_Page_0265 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན། ངེས་འབྱུང་དེ་ཉིད་དང་། དེའི་ངེས་པར་འབྱུང་བ་དང་བདུན། ངེས་པར་འབྱུང་བ་མ་ཡིན་པ་ཞིག་ཡིན་ན། ངེས་འབྱུང་མིན་པ་དེ་ཉིད་དང་། དེའི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་དང་བདུན་ཏེ། དེ་དག་ནི་མཚན་གཞི་འདུས་བྱས་གང་ཡིན་པ་དེའི་འཁོར་ཡིན་ལ། སྐྱེ་བའི་སྐྱེ་བ་སོགས་བདུན་ནི་འཁོར་གྱི་འཁོར་ཡིན་ཅིང་གཙོ་འཁོར་བཅོ་ལྔ་ཡིན་པས། དེ་ཡང་མཚན་ཉིད་སྐྱེ་སོགས་དང་རྗེས་མཐུན་གྱི་མཚན་ཉིད་རྣམས་ཕན་ཚུན་སྒྲུབ་པར་བྱེད་པའི་ཕྱིར། འདི་ལྟར་མཚན་གཞི་འདུས་བྱས་དེ་ཉིད་དང་། མཚན་ཉིད་སྐྱེ་སོགས་བདུན་དང་རྗེས་མཐུན་གྱི་མཚན་ཉིད་སྐྱེ་བའི་སྐྱེ་སོགས་བདུན་ཏེ་བཅོ་ལྔ་ཡོད་པ་ལས། སྐྱེ་བའི་སྐྱེ་བས་རྩ་བ་ཡི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་སྐྱེ་བ་ཡི་སྐྱེ་བ་ལ་སོགས་པ་རང་ཉིད་ལས་གཞན་པའི་ཆོས་བཅུ་བཞི་པོའང་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལྡན་པ་དང་གནས་པ་སོགས་ལ་ཡང་སྦྱར་ཏེ་ཉེས་པ་གཉིས་པ་མེད་ལ་ཐུག་མེད་དུ་ཡང་མི་འགྱུར་རོ་ཞེ་ན། གལ་ཏེ་ཁྱོད་ཀྱི་ལྟར་ན་སྐྱེ་བའི་སྐྱེས་ཞེས་སྐྱེ་བ་དེས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་དུ་ཆུག་ནའང་། ― MR01_Page_0266 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྱོད་ཀྱི་རྩ་བས་ཏེ་རྩ་བའི་སྐྱེ་བས་སྔར་མ་བསྐྱེད་པ་སྐྱེ་བའི་སྐྱེ་བ་དེས། རྩ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། བྱེད་མི་རིགས་ཏེ་རང་མ་སྐྱེས་པའི་ཕྱིར་རོ། །མདོར་ན་འབྲས་བུ་གང་སྐྱེད་བྱེད་ཀྱི་རྒྱུ་གང་ལ་རག་ལས་པ་དེའི་རྒྱུ་གྲུབ་ཟིན་ན་དེའི་འབྲས་བུ་རེ་ཞིག་ཡོད་དུ་ཆུག་ཀྱང་། དེའི་རྒྱུ་རང་ཉིད་རྒྱུ་མེད་ཅན་དུ་འགྱུར་བས་མེད་ལ། རྒྱུ་མེད་ན་དེའི་འབྲས་བུའང་མི་སྲིད་པས་ཕན་ཚུན་ལྟོས་ནས་གང་བསྒྲུབ་ན་སྒྲུབ་བྱེད་ཉིད་མི་གྲུབ་པས། དེ་གཉིས་ངོ་བོས་གྲུབ་པ་ལ་བརྟགས་ན་མི་སྲིད་དོ། །སྐྱེ་སྐྱེས་མ་བསྐྱེད་བར་དུ་རྩ་སྐྱེ་ནམ་ཡང་མི་གྲུབ་ལ། རྒྱུ་སྐྱེ་ཆུང་ཡོད་ཟིན་ལ་སླར་ཡང་སྐྱེ་བ་མི་འཐད་པས་སོ། །གལ་ཏེ་ཁྱོད་ཀྱིས་རྩ་བ་ཡིས་བསྐྱེད་པ་ཡི་སྐྱེ་ཆུང་དེ་ཡིས་རྩ་བ་ཡི་སྐྱེ་བ་སྐྱེད་དོ་སྙམ་ན་སྐྱེ་ཆུང་དེས་རང་གི་སྔ་རོལ་ཏུ་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེས། སྐྱེ་ཆུང་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར་རོ། །ཡང་ཁོ་ན་རེ། དེ་གཉིས་ཅིག་ཤོས་སྔར་སྐྱེས་ནས་ཕན་ཚུན་བསྐྱེད་པ་མིན་ཡང་། དེ་གཉིས་སྐྱེ་བཞིན་པས་ཕན་ཚུན་སྐྱེད་དོ་ཞེ་ན། གལ་ཏེ་ཁྱོད་ཀྱི་མ་སྐྱེས་པ་སྐྱེ་བཞིན་པ་དེ་ཡིས་རང་འབྲས་ ― MR01_Page_0267 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་སྐྱེད་པར་ནི་བྱེད་ནུས་ན་ནི། ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས་དེ་སྐྱེད་པར་ནི་འདོད་ལ་རག་སྟེ་འདོད་རུང་ནའང་དེ་མི་སྲིད་དེ། སྐྱེ་བཞིན་པ་ཞེས་པ་དེ་མ་འོངས་པ་ཡིན་གྱི་གང་གྲུབ་ཟིན་པ་ལ་སླར་སྐྱེ་དགོས་པ་ཅུང་ཟད་ཀྱང་མེད་པས་སྐྱེ་བཞིན་པ་མིན་ཏེ་སྐྱེ་བའི་བྱ་བ་རྫོགས་པས་སོ། །དེ་ལ་མ་འོངས་པ་ད་ལྟར་མེད་ན་དེས་འབྲས་བུ་སྐྱེད་པ་ནམ་ཡང་མི་སྲིད་དེ། དཔེར་ན་སང་ཕོད་ཀྱི་ལོ་ཏོག་གིས་ད་ལྟའི་བཀྲེས་པ་མི་སེལ་བ་བཞིན་ནོ། །དེ་གནས་པ་སོགས་ལའང་སྦྱར་རོ། །གཉིས་པ་ལ་གཉིས་ཏེ། ཉེས་སྤོང་གི་ལན་དང་། དེ་དགག་པའོ། །དང་པོ་ནི། ཡང་ཁོ་ན་རེ། སྐྱེ་གནས་འཇིག་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་གཞན་མེད་པས་ཐུག་མེད་དམ་འདུས་བྱས་སུའང་མི་འགྱུར་ཏེ་ཇི་ལྟར་མར་མེ་སྣང་བའི་རང་བཞིན་ཡིན་པས་རང་དང་གཞན་བུམ་སོགས་གཉིས་ཀ་དུས་གཅིག་ཆར་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བའང་སྐྱེ་བའི་རང་བཞིན་ཡིན་པས་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས། དཔེ་མ་གྲུབ་པ་དང་། དོན་མི་འཐད་པའོ། །དང་པོ་ལ་གཉིས། ཁྱབ་བྱེད་མ་དམིགས་པ་དང་། ཧ་ཅང་ ― MR01_Page_0268 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐལ་བའི་སྐྱོན་ནོ། །དང་པོ་ནི། མར་མེ་རང་ཉིད་དང་ནི་གང་དག་ན་མར་མེ་དེ་འདུག་པའི་འོད་ཀྱིས་ཁྱབ་པ་དེ་ན་མུན་པ་ཅུང་ཟད་མེད་ན་མར་མེས་ཅི་ཞིག་སྣང་བར་བྱེད་དེ་འདི་ལྟར་མུན་པ་སེལ་བས་ན་སྣང་བྱེད་དུ་འཇོག་པ་ཡིན་པས་སོ། །གལ་ཏེ་མར་མེས་མུན་པ་སེལ་བ་བརྟགས་ན་མི་འཐད་རུང་། མར་མེས་མུན་པ་སེལ་བས་ཡོད་དགོས་ཏེ་མེད་ན། བུམ་སོགས་བཞིན་དུ་མར་མེ་ཡོད་ཀྱང་མུན་པ་མི་སེལ་དགོས་ན་དེ་མི་སྲིད་པས། མར་མེ་སྐྱེ་བཞིན་པས་མུན་པ་བསལ་ལོ་སྙམ་ན། དེ་གཉིས་གཅིག་ཡོད་ན་ཅིག་ཤོས་ནམ་ཡང་མི་སྲིད་པ། དཔེར་ན་གླིང་བར་གྱི་མུན་པ་དང་ཉི་མའི་འོད་དམ། ཁར་སང་གི་མུན་པ་དང་དོ་ནུབ་ཀྱི་སྒྲོན་མེ་བཞིན་དུ། གང་ཚེ་མར་མེ་སྐྱེ་བཞིན་པ་མུན་པ་དང་ནི་ཕྲད་པ་མེད་དེ་མར་མེ་མ་སྐྱེས་པའི་དུས་སུ་མུན་པ་ཡོད་ཀྱང་སྐྱེས་ནས་མེད་ལ་མུན་པ་ཡོད་དུས་མར་མེ་མེད་ན་ཇི་ལྟར་མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་པ་ཡིན་ཏེ་མིན་ནོ། །མར་མེ་མུན་པ་ཕྲད་པ་མེད་པར་ཡང་གལ་ཏེ་མུན་པ་སེལ་བྱེད་ན་གླིང་བར་ལ་སོགས་འཇིག་རྟེན་ཀུན་ན་གནས་པའི་མུན་པ་ཐམས་ཅད་འདི་ན་གནས་པ་ཡི་མར་མེ་གཅིག་པུ་དེས་སེལ་བར་འགྱུར་ ― MR01_Page_0269 ―
[མ་དཔེ་གཟིགས་ན་འདིར་གནོན།]
བར་ཐལ་ལོ། །ཡང་ཡེ་ཤེས་ཀྱིས་མ་རིག་པ་མ་ཕྲད་པར་འཇོམས་པ་དང་། མིག་གིས་གཟུགས་མ་ཕྲད་པར་མཐོང་བ་དང་། ཁབ་ལེན་གྱིས་ཡུལ་རུང་བ་ན་གནས་པའི་ལྕགས་མ་ཕྲད་པར་འདྲེན་པ་བཞིན་དུ་མ་ཕྲད་པར་མུན་པ་སེལ་ལོ་སྙམ་ན་སྒྲུབ་བྱེད་རྣམས་ཀྱང་བསྒྲུབ་བྱ་དང་མཚུངས་པས་དེས་སྒྲུབ་པར་མི་ནུས་སོ། །གཉིས་པ་ནི། ཁྱོད་དེ་ལྟར་མར་མེ་སྣང་བྱེད་ཡིན་པས་རང་དང་གཞན་གྱི་དངོས་པོ་གལ་ཏེ་སྣང་བར་བྱེད་པ་འགྱུར་བར་རྟོག་པ་ན་མུན་པའང་མུན་པ་རང་དང་བུམ་སོགས་གཞན་གྱི་དངོས་པོ་གཉིས་ཀ་སྒྲིབ་པར་འགྱུར་བ་ཐེ་ཚོམ་མེད་དེ་སྒྲིབ་བྱེད་ཡིན་པའི་ཕྱིར། འདོད་ན་མུན་པ་མི་སྣང་བར་ཐལ་ལོ། །གཉིས་པ་དོན་མི་འཐད་པ་ལ་གཉིས། རྒྱུ་ཕྱོགས་ནས་དགག་པ་དང་། འབྲས་ཕྱོགས་ནས་དགག་པའོ། །དང་པོ་ལ་གཉིས། རང་བསྐྱེད་པ་མི་འཐད་པ་དང་། གཞན་བསྐྱེད་པ་མི་འཐད་པའོ། །དང་པོ་ནི། སྐྱེ་བ་འདིས་རང་ཉིད་བསྐྱེད་པར་བྱེད་ན་དེ་མ་སྐྱེས་པའམ། སྐྱེས་པ་ཞིག་གིས་སྐྱེད་ཅེས་བརྟགས་ན། སྐྱེ་བ་འདི་ནི་རང་ཉིད་མ་སྐྱེས་པས་ན་རང་གི་བདག་ཉིད་ཇི་ལྟར་སྐྱེད་དེ་ནམ་ ― MR01_Page_0270 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཁའི་མེ་ཏོག་གིས་རང་སྐྱེད་པ་བཞིན་ནོ། །ཅི་སྟེ༷༷་རང་ཉིད་སྐྱེས་ཟིན་པས་རང་སྐྱེས་པར་བྱེད་ཟེར་ན་རང་ཉིད་སྐྱེས་ཟིན་ན་ཅི་ཞིག་བསྐྱེད་དུ་ཡོད་དེ་བསྐྱེད་དུ་མེད་དོ། །གཉིས་པ་ལ་གཉིས། དུས་གསུམ་དུ་རྣམ་པར་དཔྱད་པ་དང་། སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དཔྱད་པའོ། །དང་པོ་ལ་གཉིས། སྐྱེ་བ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པའོ། །དང་པོ་ནི། སྐྱེ་བ་འདིས་གཞན་བསྐྱེད་ན་དེ་སྐྱེས་ཟིན་པ་དང་། མ་སྐྱེས་པ་དང་། སྐྱེ་བཞིན་པ། ཇི་ལྟ་བུར་ཡང་མི་སྐྱེད་པ་ཡི་ཚུལ་དེ་ནི་སོང་དང་མ་སོང་དང་། བགོམ་པ་བརྟགས་པའི་རིགས་པས་རྣམ་པར་བཤད་པ་ཡིན་ཏེ། རེ་ཞིག་སྐྱེས་པ་མི་སྐྱེ་སྟེ། མ་སྐྱེས་པ་ལ་སོགས་པ་བསྒྱུར་རོ། །གཉིས་པ་ནི། ཁོ་ན་རེ། སྐྱེས་མ་སྐྱེས་གཉིས་མི་སྐྱེ་ཡང་། སྐྱེ་བཞིན་པ་ཁོ་ན་སྐྱེའོ་ཞེ་ན། སྐྱེ་བཞིན་པ་ཞེས་པ་དེ་འགྲུབ་ན་དེ་སྐྱེར་ཆུག་ནའང་དེ་མི་འགྲུབ་སྟེ། གང་ཚེ་སྐྱེ་བ་ཞེས་བྱ་བ་དེ་ཡོད་པ་ཞིག་ན་སྐྱེ་བཞིན་པ་ཞེས་པ་འདི་འབྱུང་རིགས་ནའང་སྐྱེ་བ་རང་ཉིད་བརྟགས་ནས་མེད་པའི་ཚེ་ཇི་ལྟར་སྐྱེ་བ་ལ་བརྟེན་ནས་ནི་བཞག་པའི་སྐྱེ་བཞིན་པ་ ― MR01_Page_0271 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོད་དོ་ཞེས་པ་ནི་ཇི་ལྟར་བརྗོད་པར་བྱ་སྟེ་མི་རིགས་སོ། །ཡང་ཁོ་ན་རེ་རྒྱལ་བས་འདི་ཡོད་ན་འདི་འབྱུང་ཞེས་རྟེན་འབྲེལ་གསུངས་ན། ཁྱོད་ཀྱིས་སྐྱེ་བ་ནམ་ཡང་མེད་པར་བཀག་པས་རྟེན་འབྲེལ་བཀག་པ་ཡིན་ནོ་ཞེ་ན། རྟེན་འབྲེལ་བཀག་པ་མིན་ཏེ། རྟེན་འབྱུང་གི་དོན་ཟབ་མོ་གསལ་བར་བྱས་པ་སྟེ། སྐྱེ་སོགས་རང་བཞིན་གྱིས་གྲུབ་པ་ལ་རྟེན་འབྱུང་མི་རུང་སྟེ། རྟེན་ནས་འབྱུང་བས་ན་ཞི་བ་ཉིད་དུ་སྒྲུབ་པ་ཡིན་ནོ། །ཞེས་བཤད་པ། ཆོས་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྐྱེ་བ་མེད་པའམ་མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ཞི་བ་ཡིན་པ་དེ་ཕྱིར་སྐྱེ་བཞིན་པ་ཉིད་དང་ནི་སྐྱེ་བ་ཡང་ནི་རང་བཞིན་མེད་པའི་སྤྲོས་པ་ཉེ་བར་ཞི་བ་ཉིད་ཡིན་གྱི་རང་བཞིན་གྱིས་གྲུབ་པ་ལ་རྟེན་འབྲེལ་མི་རུང་ངོ་། །ཡང་སྐྱེ་བཞིན་པ་ཡོད་དེ་བུམ་པ་མ་འོངས་པ་དེ་སྐྱེ་བས་སྐྱེ་བར་འགྱུར་རོ་སྙམ་ན། དེ་མི་སྲིད་དེ་གལ་ཏེ་དངོས་པོ་མ་སྐྱེས་པ་ཞེས་བྱ་བ་འགའ་ཞིག་ཕྱོགས་སམ་མ་འོངས་པའི་དུས་སོགས་གང་ན་ཡང་ཡོད་པར་དམིགས་སུ་རུང་བར་གྱུར་ན། འགྲེལ་པ་གཞན་གསུམ་ལས། ― MR01_Page_0272 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནི་ཅི་ཕྱིར་དེ་སྐྱེ་འགྱུར། །ཡོད་ན་སྐྱེ་བར་མི་འགྱུར་རོ། །ཞེས་ད་ལྟ་ཡོད་ན་སླར་ཡང་མི་སྐྱེ་བའི་དོན་དུ་གསུངས་སོ། །ཕྱི་འགྱུར་འདིར། དེ་ལ་ནི་ཇི་ལྟར་སྐྱེ་འགྱུར་དུ་བཞག་རུང་མོད། དངོས་པོ་དེ་འདྲ་བ་ཡུལ་དུས་གང་ནའང་མེད་ན་ཅི་ཞིག་སྐྱེ་བར་འགྱུར་ཏེ་སྐྱེ་བའི་བྱ་བ་འཇུག་ཡུལ་མེད་པས་སོ། །གཉིས་པ་སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དཔྱད་པ་ནི། གལ་ཏེ་སྐྱེ་བ་དོན་གཞན་པ་དེ་ཡིས་ནི་དངོས་པོ་སྐྱེ་བཞིན་པ་ནི་སྐྱེད་པར་བྱེད་ན། སྐྱེ་བ་དོན་གཞན་པ་དེ་རང་ནི་སྐྱེ་བཞིན་པ་ལྟ་བུར་གང་ཞིག་གིས་ནི་སྐྱེད་པར་བྱེད་ཅེས་དྲིའོ། །དེ་ལ་གལ་ཏེ་སྐྱེ་བ་གཞན་ཞིག་གིས་དེ་ཉིད་སྐྱེད་ན་དེའི་སྐྱེ་བ་བསྐྱེད་པའི་སྐྱེ་བ་གཞན་དགོས་པས་ཐུག་པ་མེད་པར་འགྱུར་ཏེ། དཔེར་ན་ཟས་ཟ་བ་ལ་གཡོས་དགོས། དེ་ལ་མེ་དགོས། དེ་ལ་མེ་ལྕགས་དགོས་སོགས་ནམ་ཡང་དེའི་རྒྱུ་ཚོགས་ལ་མཐའ་ཐུག་པ་མེད་ན། ཟས་ཟ་བའི་དུས་མི་སྲིད་པ་ལྟ་བུའོ། །ཅི་སྟེ་སྐྱེ་བ་དེ་ནི་སྐྱེ་བ་གཞན་མེད་པར་སྐྱེ་ན་དངོས་པོའི་ཆོས་ཐམས་ཅད་དེ་བཞིན་དུ་སྐྱེ་བ་གཞན་མེད་ཀྱང་སྐྱེ་བར་འགྱུར་ཏེ་རྒྱུ་མཚན་མཚུངས་པས་སོ། །གཉིས་པ་འབྲས་ཕྱོགས་ ― MR01_Page_0273 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་དགག་པ་ནི། རེ་ཞིག་འབྲས་བུ་ཡོད་པ་ལ་སྐྱེ་བས་སྐྱེ་བར་མི་རུང་བ་དང་། མེད་པ་ལ་ཡང་སྐྱེ་བར་རིགས་པ་མ་ཡིན་ཞིང་ཡོད་མེད་གཉིས་ཀ་ཡིན་པ་ཉིད་ཀྱང་མི་སྲིད་པས་སྐྱེ་རིགས་པ་མ་ཡིན་ཞེས་གོང་དུ། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་པས་བསྟན་ཟིན་པ་ཉིད་ཡིན་ནོ། །གཉིས་པ་སོ་སོར་དགག་པ་གསུམ། སྐྱེ་བ་དགག་པ། གནས་པ་དགག་པ། འཇིག་པ་དགག་པའོ། །དང་པོ་ནི། ད་ལྟ་བའི་དངོས་པོ་འགག་བཞིན་པ་ཉིད་ལ་ནི་སྐྱེ་བ་འཐད་པར་མི་འགྱུར་ཏེ་སྐྱེ་བའི་བྱ་བ་དང་འགལ་བའི་འགགས་པའི་བྱ་བ་ཡོད་པའི་ཕྱིར་རོ། །གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་དངོས་པོ་ཡིན་པར་མི་འཐད་པས་དེ་ལ་སྐྱེ་བ་མེད་དོ། །གཉིས་པ་ལ་གསུམ། ལས་རྣམ་པ་གསུམ་དུ་དཔྱད་པ་དང་། འགགས་མ་འགགས་ལ་དཔྱད་པ་དང་། སྔར་གྱི་རིགས་པ་མཚུངས་པའི་ཚུལ་ལོ། །དང་པོ་ནི། གནས་པའི་བྱ་བ་དོན་གཞན་དེས་དངོས་པོ་གནས་པར་བྱེད་ན་དངོས་པོ་གནས་པ་ནི་མི་གནས་ཏེ་གནས་པོ་གཅིག་ལ་གནས་པའི་བྱ་བ་གཉིས་མེད་པའི་ཕྱིར་ ― MR01_Page_0274 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྲོ་པོ་འགྲོ་བ་དང་མཚུངས་སོ། །དངོས་པོ་མི་གནས་པ་ཡང་གནས་པ་མིན་ཏེ་གནས་པའི་བྱ་བ་མེད་པའི་ཕྱིར་རོ། །གནས་བཞིན་པ་ཡང་མི་གནས་ཏེ་གནས་མི་གནས་གཉིས་ལས་ལོགས་སུ་དེ་མེད་པས་སོ། །གཞན་ཡང་མ་སྐྱེས་པའི་དངོས་པོ་ནི་གང་ཞིག་གནས་པར་འགྱུར་ཏེ་དེ་མེད་པའི་ཕྱིར་གནས་པ་དང་འགལ་ལོ། །གཉིས་པ་ནི། ཡང་དངོས་པོ་འགག་བཞིན་ཉིད་ལ་ནི་དེ་དང་འགལ་བའི་ཕྱིར་གནས་པ་ཡོད་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ་དེ་ནི་དངོས་པོར་མི་འཐད་ན་དེ་ལ་དངོས་པོའི་མཚན་ཉིད་གནས་པ་ག་ལ་ཡོད་དེ་མེད་དོ། །དེས་ན་དངོས་པོ་ཡིན་ནོ་ཅོག་ཐམས་ཅད་དུས་ཀུན་ཏུ་རྒ་བ་དང་འཆི་བའི་རང་བཞིན་ཅན་ཁོ་ནའི་ཆོས་ཡིན་ན་གང་དག་རྒ་བ་དང་འཆི་བ་མེད་པ་སྟེ་དེ་གཉིས་དང་འགལ་བར་གྱུར་པའི་གནས་པའི་དངོས་པོ་གང་ཞིག་ཡོད་དེ་མི་སྲིད་དོ། །གསུམ་པ་ནི། གནས་པ་ཉིད་ལ་གནས་པ་ཉིད་དུ་བྱེད་པ་གཞན་དང་ནི་གནས་པ་དེ་ཉིད་ཀྱིས་ཀྱང་རང་གནས་པར་བྱེད་པ་གཉིས་ཀ་མི་རིགས་ཏེ། ཇི་ལྟར་ན་གོང་དུ་སྐྱེ་བ་རང་དང་ནི་གཞན་གྱིས་བསྐྱེད་པ་རིགས་པ་མ་ཡིན་ཞེས་བསྟན་པ་ ― MR01_Page_0275 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་ཐུག་མེད་དུ་ཐལ་བ་དང་རང་ལ་བྱ་བྱེད་འགལ་བའི་ཕྱིར། གནས་པ་འདི་ནི་མི་གནས་པས། །རང་གི་བདག་ཉིད་ཇི་ལྟར་གནས། །ཞེས་དང་། གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཞེས་སོགས་འདོན་པ་བསྒྱུར་རོ། །གསུམ་པ་འཇིག་པ་དགག་པ་ལ་གཉིས། གནོད་བྱེད་ཀྱི་རིགས་པ་བརྗོད་པ་དང་། རང་ལ་མཚུངས་པ་སྤོང་བའོ། །དང་པོ་ལ་ལྔ་སྟེ། བྱ་བ་ལ་བརྟག་པ། རྟེན་ལ་བརྟག་པ། རྒྱུ་ལ་བརྟག་པ། དངོས་པོ་ཡོད་མེད་ལ་དཔྱད་པ། སྔར་བཤད་ཀྱི་རིགས་པ་སྦྱར་བའོ། །དང་པོ་ནི། དུས་གསུམ་དུ་དཔྱད་ན་འགགས་པ་ནི་འགག་པར་མི་འགྱུར་ཏེ་འགགས་ཟིན་པས་སོ། །མ་འགགས་པ་ཡང་འགག་པར་མི་འགྱུར་ཏེ་འགགས་པའི་བྱ་བ་མ་སྐྱེས་པས་སོ། །འགག་བཞིན་པ་ཡང་དེ་བཞིན་དུ་འགག་པར་འགྱུར་བ་མིན་ཏེ་དེ་གཉིས་ལས་གཞན་དུ་མེད་པས་དང་། མ་སྐྱེས་པ་ནི་གང་ཞིག་འགག་པར་འགྱུར་ཏེ་དེ་མེད་པས་སོ། །གཉིས་པ་ནི། རེ་ཞིག་དངོས་པོ་གནས་པ་ཞིག་ལ་ནི་འགག་པ་འཐད་པར་མི་འགྱུར་རོ་སྟེ་དེ་གཉིས་འགལ་བས་སོ། །དངོས་པོར་མི་གནས་པ་ལ་ཡང་འགག་པ་འཐད་པར་མི་འགྱུར་རོ་སྟེ་གནས་པ་མེད་པས་སམ་འགོག་རྒྱུའི་དངོས་པོ་མེད་པས་སོ། །རྒྱུ་འགགས་ནས་འབྲས་བུ་འབྱུང་ ― MR01_Page_0276 ―
[མ་དཔེ་གཟིགས་ན་འདིར་གནོན།]
བར་འདོད་ན། རྒྱུ་འོ་མའི་གནས་སྐབས་དེ་ཡི་རྒྱུ་འོ་མའི་གནས་སྐབས་ནི་དེ་ཉིད་འགག་པ་ཉིད་མི་འགྱུར་ཏེ་རང་གིས་རང་ལ་བྱ་བྱེད་འགལ་བས་སོ། །འབྲས་བུ་ཞོའི་གནས་སྐབས་གཞན་གྱིས་ཀྱང་གནས་སྐབས་ནི་གཞན་རྒྱུ་འོ་མའི་གནས་སྐབས་ཡང་འགག་པ་ཉིད་མི་འགྱུར་ཏེ་དེ་གཉིས་ཕྲད་པ་མེད་པས་སོ། །གསུམ་པ་ནི། གང་ཚེ་འབྲས་བུ་ཞོ་སྐྱེ་བ་མཐོང་བས་རྒྱུ་འོ་མའི་གནས་སྐབས་འགག་པ་ཅི་ཕྱིར་མེད་ཅེ་ན། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་སྔར་དཔྱད་པ་བཞིན་དུ་འཐད་པར་མི་འགྱུར་བ་དེ་ཡི་ཚེ་ཆོས་རྣམས་ཐམས་ཅད་ཀྱི་འགག་པ་ནི་སྐྱེ་བ་ཡོད་པ་ལ་བཞག་དགོས་ན་དེ་མེད་པས་འགག་པ་འཐད་པར་མི་འགྱུར་རོ། །བཞི་པ་ནི། རེ་ཞིག་དངོས་པོ་ཡོད་པ་ལ་ནི་འགག་པ་འཐད་པར་མི་འགྱུར་རོ་ཏེ་དེའི་རྒྱུ་མཚན་དེ་གཉིས་ཀྱི་བྱ་བ་འཇུག་པའི་དངོས་པོ་གཞི་གཅིག་ཉིད་ན་ནི་དངོས་པོ་ཡོད་པ་དང་། འགག་པ་དངོས་པོ་མེད་པ་གཉིས་ཀ་ཡིན་པ་འཐད་པ་མེད་པས་སོ། །འདིར་སྔ་འགྱུར་ལྟར་ན། དངོས་དང་དངོས་པོ་མེད་པ་དག །གཅིག་ཉིད་ལ་ནི་འཐད་བ་མེད། །ཅེས་འབྱུང་ངོ་། །དངོས་པོ་མེད་པར་གྱུར་པ་ལའང་འགག་པ་འཐད་པར་མི་འགྱུར་རོ་སྟེ་རྟེན་མེད་པའི་ཕྱིར། དཔེར་ན་མགོ་གཅིག་པའི་གང་ཟག་ལ་མགོ་གཉིས་པ་ ― MR01_Page_0277 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པས་དེ་ལ་ཇི་ལྟར་ན་གཅད་དུ་མེད་པ་དེ་བཞིན་ནོ་ཞེས་མགོ་གཉིས་ཡོད་མ་མྱོང་བས་སོ། །ལྔ་པ་ནི། འགག་པ་འགག་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་འགག་མི་རིགས། །ཞེས་པའི་འགྱུར་རམ། འགག་པ་དེ་རང་གིས་བདག་ཉིད་ཀྱིས་འགག་པར་བྱེད་པ་ཡོད་པ་མིན་ལ་དེ་ལས་འགག་པ་གཞན་གྱིས་ཀྱང་མིན་ཏེ་ཇི་ལྟར་ན་སྐྱེ་བ་རང་དང་ནི་གཞན་གྱིས་སྐྱེད་པ་མ་ཡིན་པ་བཞིན་ཏེ་འདོན་པར་བསྒྱུར་བས་ཤེས་སོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་སྐྱེ་དང་གནས་པ་དང་འཇིག་པ་དག། རིགས་པས་མ་གྲུབ་པའི་ཕྱིར་ན་འདུས་བྱས་ཀྱི་དངོས་པོ་གཟུགས་སོགས་རང་བཞིན་གྱིས་མེད་པར་བསྟན་ཏོ། །གཉིས་པ་འདུས་མ་བྱས་དགག་པ་ནི། འདུས་བྱས་ཡོད་དེ་དེའི་འགལ་ཟླ་འདུས་མ་བྱས་ཡོད་པས་སོ་སྙམ་ན། ཇི་སྐད་བཤད་པའི་ཚུལ་གྱིས་དཔྱད་ན་འདུས་བྱས་རབ་ཏུ་མ་གྲུབ་པས་དེ་འགག་པའི་འདུས་མ་བྱས་པ་ཡང་ནི་ཇི་ལྟར་འགྲུབ་སྟེ་མི་འགྲུབ་བོ། །གསུམ་པ་ལུང་དང་འགལ་བ་སྤང་བ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་མངོན། འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན་ནོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ ― MR01_Page_0278 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངེས་པའི་དོན་དུ་གསུངས་པ་མ་ཡིན་གྱི། རང་བཞིན་གྱིས་མ་སྐྱེས་པ་ཡིན་པས་རྨི་ལམ་དང་སྒྱུ་མ་སོགས་བཞིན་དུ་འཇིག་རྟེན་ན་སྐྱེ་གནས་འགག་པའི་རྣམ་པ་སྣང་བ་ཡིན་པས་དེ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་པའི་ཆོས་མེད་ཀྱང་དམིགས་པ་ཞེས་བྱ་བ་དེ་ནི་རྨི་ལམ་ཇི་བཞིན་པ་དང་སྒྱུ་མ་བཞིན་དང་དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ་དེ་བཞིན་ཆོས་རྣམས་སྐྱེ་དང་དེ་བཞིན་གནས་པ་དང་དེ་བཞིན་དུ་ནི་འཇིག་པ་ཡིན་པར་གསུངས་སོ། །གཉིས་པ་ནི། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། ༈ །།བརྒྱད་པ་བྱེད་པ་པོ་དང་ལས་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། ཡུམ་ལས། གང་ན་བྱེད་པ་པོ་མི་དམིགས་པ་དེ་ལ་ལས་ཀྱང་མི་དམིགས་སོ། །ཞེས་སོགས་ཀྱི་དོན། རབ་བྱེད་འབྲེལ། འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་ཡོད་དོ། །དེའི་རྒྱུ་ལས་དང་བྱེད་པོ་ཡོད་པས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མ་རིག་པ་དང་རྗེས་སུ་འབྲེལ་བའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་སོགས་གསུངས་པའི་ཕྱིར་སྙམ་ན། དེ་མེད་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་ ― MR01_Page_0279 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ། དོན་དམ་པར་ལས་དང་བྱེད་པ་པོ་དགག་པ་དང་། ཐ་སྙད་ཙམ་དུ་རྣམ་པར་བཞག་པ་དང་། རིགས་པ་གཞན་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ་གཉིས། ཕྱོགས་མཐུན་གྱི་བྱ་བྱེད་དགག་པ་དང་། ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པའོ། །དང་པོ་ནི། དེ་ལ་གང་ཟག་བྱེད་པ་པོ་གང་གིས་འདོད་པའམ་འཇུག་བྱའི་ལས་ཞིག་བྱེད་པ་ན་ལས་དང་བྱེད་པོ་ངོ་བོས་གྲུབ་ན། ལས་དེ། བྱེད་པོའམ། བྱེད་པོ་མིན་པའམ། གཉིས་ཡིན་ཏེ་གསུམ་གང་གིས་བྱེད། དེ་བཞིན་ལས་ཀྱང་། ལས་ཡིན་པར་གྱུར་སོགས་གསུམ་གང་བྱེད་སོགས་བརྟག་པ་ལ། བྱེད་པོ་ཡིན་པར་གྱུར་པ་ལ་ནི་ལས་དེ་བྱེད་པའི་བྱ་བ་མེད་དེ། བྱེད་པ་པོར་གྲུབ་ཟིན་པ་དེས། སླར་ཡང་དེར་འགྲུབ་པའི་བྱ་བ་གཉིས་པ་མེད་པས། ལས་དེ་ནི་བྱེད་པ་པོའི་ལས་མིན་པས་ན། བྱེད་པོ་མེད་པའི་ལས་སུ་འགྱུར་ཏེ། དེ་ལྟ་ན་མོ་གཤམ་བུས་བྱས་པའི་བུམ་པ་ཡོད་པར་ཐལ་ལོ། །དེས་ན་བྱ་བ་དང་ལྡན་པས་བྱེད་པོར་འཇོག་ལ། བྱ་བ་དང་ལྡན་པས་ལས་ཀྱང་འཇོག་པ་ཡིན་ལ་དེ་གཉིས་རང་ངོས་ནས་གྲུབ་ན། བྱེད་པོའི་ལས་སུ་མི་འགྱུར་བ་དང་། ལས་མེད་ཀྱང་བྱེད་པོ་ཡིན་པར་ཐལ་བ་འབྱུང་སྟེ། ལས་དེའི་བྱ་བ་དང་ལྡན་པས་བྱེད་པ་པོ་ཡིན་ ― MR01_Page_0280 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་གྱུར་པ་དེ་ཉིད་ཀྱིས་ལས་སུ་གྱུར་པའམ་བྱ་བ་དང་ལྡན་པའི་ལས་དེ་ངོ་བོས་མི་བྱེད་དོ། །དེ་བཞིན་དུ་བྱ་བ་དང་མི་ལྡན་པས་བྱེད་པོ་མ་ཡིན་པར་གྱུར་པ་ཡང་བྱ་བ་དང་མི་ལྡན་པའམ་ལས་སུ་མ་གྱུར་པ་མི་བྱེད་དོ་ཞེས་དམ་བཅའ། དེའི་རྒྱུ་མཚན་ནམ་འཐད་པ། བྱེད་པོ་ཡིན་པར་གྱུར་པ་ལ་ནི་ལས་དེ་བྱེད་པའི་བྱ་བ་མེད་དེ། བྱེད་པོར་གྲུབ་ཟིན་པ་དེས་སླར་ཡང་དེ་འགྲུབ་པའི་བྱ་བ་གཉིས་པ་མེད་པས་ལས་དེ་བྱེད་པ་པོའི་ལས་མིན་པའི་ཕྱིར་བྱེད་པོ་མེད་པའི་ལས་སུའང་འགྱུར་རོ། །དེ་བཞིན་ལས་ཡིན་པར་གྱུར་པ་ལ་བྱེད་པ་པོའི་བྱ་བ་མེད་དེ། ལས་ཡིན་པ་ནི་ལས་རང་གི་ངོ་བོ་བྱ་བ་དང་ལྡན་པའམ་གྲུབ་ཟིན་པ་ལ་སླར་ཡང་བྱ་བ་གཉིས་པ་མི་སྲིད་པས། ལས་དེ་ནི་སུས་ཀྱང་གསར་དུ་བྱ་མི་ནུས་པས་ལས་དེའི་བྱེད་པ་པོ་ཞེས་འདོད་ན་ཡང་ངོ་བོ་ཉིད་ཀྱིས་དེ་ལ་ལས་ནི་ནམ་ཡང་མེད་དོ། །དེ་ལྟ་ན་ལས་མེད་པའི་བྱེད་པ་པོར་ཡང་འགྱུར་དགོས་ན་དེ་མི་སྲིད་དེ་འཇོག་བྱེད་མེད་པས་སོ། །མདོར་ན་བྱེད་པོ་དང་ལས་ཡིན་པར་གྱུར་པ་གཉིས་ཕན་ཚུན་ལྟོས་ནས་འཇོག་དགོས་ལ། ལྟོས་པ་མེད་པར་དེ་གཉིས་ཡོད་ན་ལས་མེད་པའི་བྱེད་པ་པོ་དང་། བྱེད་པོ་མེད་པའི་ལས་སུ་འགྱུར་རོ། །དེ་ལྟ་ན་བྱེད་པོ་བྱེད་པོ་དང་ལས་ཀྱང་ལས་མ་ཡིན་པར་འགྱུར་ ― MR01_Page_0281 ―
[མ་དཔེ་གཟིགས་ན་འདིར་གནོན།]
རོ། །གལ་ཏེ་བྱེད་པོར་མ་གྱུར་པ་ཡིས་ལས་སུ་མ་གྱུར་པ་བྱེད་པར་འདོད་ན་ནི་བྱེད་པ་པོར་མ་གྱུར་པས་ན་ལས་ལ་ལས་སུ་བསྙད་པ་ཉིད་རྒྱུ་ནི་མེད་པར་འགྱུར་ཞིང་ལས་མེད་པས་བྱེད་པ་པོ་ཡང་བྱེད་པོར་བསྙད་པའི་རྒྱུ་ཡང་མེད་པར་འགྱུར་ཏེ། དེ་ལྟར་བྱ་བ་ལས་དང་བྱེད་པོ་གཉིས་ཀ་ལ་རྒྱུ་མེད་ན་ནི་སྤྱིར་རྒྱུས་བསྐྱེད་པར་བྱ་བའི་འབྲས་བུ་བུམ་པ་ལྟ་བུ་སོགས་དང་། འབྲས་བུ་བསྐྱེད་པར་བྱེད་པའི་རྒྱུ་འཁོར་ལོ་ལ་སོགས་པ་ཡང་འཐད་པར་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རྒྱུ་འབྲས་དེ་དག་མེད་ན་ནི་བུམ་པ་བསྒྲུབ་པའི་བྱ་བ་དང་། བྱེད་པ་པོ་རྫ་མཁན་དང་། སྒྲུབ་པར་བྱེད་པ་འཇིམ་པ་ཉིད་ཀྱང་སྒྲུབ་བྱེད་དུ་མི་རིགས་སོ། །དེ་ལྟར་བྱ་བ་ལ་སོགས་གསུམ་པོ་མི་རིགས་ན་ཁྱབ་བྱེད་མེད་པས། བླང་བྱ་དཀར་པོའི་ཆོས་དང་སྤང་བྱ་ཆོས་མིན་ཀྱི་ལས་ཡོད་པ་མ་ཡིན་ལ། ཆོས་དང་ཆོས་མིན་མེད་ན་ནི་དེ་ལས་བྱུང་བའི་འབྲས་བུ་འདོད་པ་དང་མི་འདོད་པ་ཡང་མེད་དོ། །འབྲས་བུ་མེད་ན་འབྲས་བུའི་གྲངས་སུ་གཏོགས་པ་ཐར་པ་དང་། མཐོ་རིས་སུ་འགྱུར་བའི་ལམ་ཞེས་བྱ་བ་དེ་ཡང་མི་འཐད་དོ། །དེ་ལྟར་རྒྱུ་དང་འབྲས་བུ་མེད་ན་འཇིག་རྟེན་པའི་ཞིང་ལས་ལ་སོགས་པའི་བྱ་བ་དག་ནི་ཐམས་ ― MR01_Page_0282 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅད་ཀྱང་རྩོམ་པ་དོན་མེད་ཉིད་དུ་ཐལ་བར་འགྱུར་ན་དེ་མི་འཐད་པས་བྱེད་པོ་མིན་པས་ལས་སུ་མ་གྱུར་པ་བྱེད་དོ་ཞེས་སྐུར་འདེབས་འདི་མི་བྱའོ། །ཡང་བྱེད་པ་པོར་གྱུར་པ་དང་མ་གྱུར་པ་གཉིས་འདུས་ཀྱིས་ལས་སུ་གྱུར་པ་དང་མ་གྱུར་གཉིས་འདུས་དེ་བྱེད་དོ་སྙམ་ན། དེ་མི་བྱེད་དེ་ཡིན་དང་མ་ཡིན་གྱུར་པ་གཉིས་བྱེད་པོ་གཅིག་དང་ལས་གཅིག་ལ་སྣང་མུན་བཞིན་ཕན་ཚུན་འགལ་བས་ན་ག་ལ་ཡོད་དེ་མེད་དོ། །གཉིས་པ་ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པ་ལ་གསུམ། བྱེད་པ་པོ་རེ་རེས་རེ་རེ་བྱེད་པ་དགག་པ། རེ་རེས་རེ་རེ་དང་གཉིས་འདུས་བྱེད་པ་དགག་པ། གཉིས་འདུས་ཀྱིས་རེ་རེ་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས་མ་གྱུར་ལས་ཏེ་ལས་སུ་མ་གྱུར་པ་ནི་མི་བྱེད་དེ། བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དོ་ཞེས་དམ་བཅའ། དེའི་འཐད་པ་ནི། འདིར་ཡང་གོང་གི་སྐྱོན་དེར་ཐལ་བར་འགྱུར་ཞེས་པ་སྟེ། བྱེད་པོར་གྱུར་པ་དང་། ལས་སུ་མ་གྱུར་པ་དང་། བྱེད་པོར་མ་གྱུར་པ་དང་། ལས་སུ་གྱུར་པ་བཞི་ལ་རིམ་པ་ལྟར། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་ ― MR01_Page_0283 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། བྱེད་པོར་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་དང་། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི། བྱེད་པ་པོར་ནི་གྱུར་པ་བྱ་བ་དང་བཅས་པ་དེས་ལས་སུ་ནི་མ་གྱུར་པ་དང་། གྱུར་པ་དང་མ་གྱུར་པ་གཉིས་འདུས་ཞིག་མི་བྱེད་དེ་ཞེས་དམ་བཅའ། དེའི་གཏན་ཚིགས་གོང་དུ་བསྟན་ཕྱིར་རོ་ཞེས་པ་གོ་རིམ་བཞིན། ཡིན་པར་གྱུར་ལ་དང་། ལས་སུ་མ་གྱུར་དང་། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་བཤད་པ་ཡིན་ནོ། །ཡང་བྱེད་པ་པོར་ནི་མ་གྱུར་པས་ལས་སུ་ནི་གྱུར་པ་བྱ་བ་དང་བཅས་པ་དང་། གྱུར་པ་དང་མ་གྱུར་པ་གཉིས་འདུས་ཀྱི་ལས་མི་བྱེད་དེ་ཞེས་དམ་བཅའ། དེའི་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ་ཞེས་རིམ་པ་ལྟར། བྱེད་པོར་མ་གྱུར་དང་། ཡིན་པར་གྱུར་ལ་དང་། ཡིན་དང་མ་ཡིན་སོགས་གོང་བཞིན་ནོ། །གསུམ་པ་ནི། བྱེད་པ་པོར་གྱུར་པ་དང་མ་གྱུར་པ་ཕན་ཚུན་འགལ་བ་གཉིས་འདུས་ཀྱིས་ནི། ལས་སུ་གྱུར་པ་དང་མ་གྱུར་པ་རེ་རེ་ནས་མི་བྱེད་དེ་ཞེས་དམ་བཅའ། འདི་ལ་ཡང་གཏན་ཚིགས་ནི་གོང་དུ་བསྟན་པས་ཤེས་པར་བྱ་སྟེ། ― MR01_Page_0284 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིམ་པ་ལྟར། ཡིན་དང་མ་ཡིན་དང་། ཡིན་པར་གྲུབ་ལ་དང་། ལས་སུ་མ་གྱུར་སོགས་ཐམས་ཅད་རྐང་པ་གཉིས་གཉིས་ཀྱིས་བསྟན་པ་སྔར་བཞིན་ནོ། །གཉིས་པ་ཐ་སྙད་ཙམ་དུ་རྣམ་པར་བཞག་པ་ནི། འོ་ན་ཁྱོད་ཀྱིས་རྒྱུ་འབྲས་དང་བྱེད་པོ་དང་ལས་ཀྱི་རྣམ་བཞག་མི་འཐད་པར་བཀག་པས་དེ་དག་ལ་སྐུར་པ་བཏབ་བོ་ཞེ་ན། གང་གིས་དངོས་པོར་སྨྲ་བ་ལྟར་ན་ལས་འབྲས་མི་འཐད་ཅིང་། སྔར་ཡོད་ཕྱིར་འཇིག་པ་སོགས་བྱེད་པོ་དང་ལས་མི་འཐད་ལ། རང་བཞིན་མེད་པར་སྨྲ་བ་ལྟར་ན། བྱེད་པོ་དང་ལས་ཕན་ཚུན་ལྟོས་པ་ཙམ་གྱིས་འཇོག་པས་ཆེས་འཐད་ཅིང་། ཀུན་རྫོབ་ཏུ་ཡང་དངོས་པོ་ལ་སྐུར་པ་བཏབ་པ་མེད་པར་ལས་འབྲས་དང་བྱ་བྱེད་སོགས་རྣམ་པར་བཞག་པ་ཆེས་བདེའོ་ཞེས་སྟོན་པའི་ཕྱིར། འདི་ལྟར་བྱེད་པ་པོ་ཞེས་པ་ནི་ལས་ལ་བརྟེན་ནས་བཏགས་པར་བྱས་ཤིང་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་ཕན་ཚུན་ལྟོས་ནས་གྲུབ་པ་ཙམ་མ་ཏོགས་པ་རང་གི་ངོ་བོས་འགྲུབ་པའི་རྒྱུ་མཚན་ནི་ནམ་ཡང་མ་མཐོང་ངོ་། །གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི། དེ་བཞིན་ཉེར་ལེན་ཏེ་ཉེ་བར་ལེན་པ་པོ་བདག་དང་བླང་བྱ་ཕུང་པོ་གཉིས་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་མ་གྲུབ་པར་ཤེས་པར་བྱ་སྟེ་གོང་དུ་ ― MR01_Page_0285 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་དང་བྱེད་པོ་བསལ་བའི་རིགས་པ་མཚུངས་པའི་ཕྱིར་རོ། །དེར་མ་ཟད་བྱེད་པ་པོ་དང་ལས་ལ་དཔྱད་པའི་ཚུལ་འདི་དག་གིས་དངོས་པོ་ལྷག་མ་བསྐྱེད་བྱ་སྐྱེད་བྱེད་དང་འགྲོ་དང་འགྲོ་བྱེད་བལྟ་དང་ལྟ་བྱེད་ཡན་ལག་དང་ཡན་ལག་ཅན་ཚད་མ་དང་གཞལ་བྱ་སོགས་ཀྱང་ལྟོས་གྲུབ་ཙམ་ལས་རང་བཞིན་གྱིས་མ་གྲུབ་པར་ཤེས་པར་བྱའོ། །གཉིས་པ་ནི། བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།དགུ་པ་སྔ་རོལ་ན་གནས་པ་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། འདུ་བྱེད་བདག་དང་བདག་གིས་སྟོང་སྟེ་ཞེས་དང་། སེམས་ཅན་མེད་ན་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་དག་ནི་ལྦུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །ཞེས་གསུངས་པའི་དོན་དང་། རབ་བྱེད་འབྲེལ། མང་བཀུར་བ། གནས་མའི་བུ། བཟང་ལམ་པ། བླ་མ་པ། ཆོས་སྦས་པ་ལྔ་པོས་གང་ཟག་རྫས་ཡོད་དུ་སྨྲ་བར་རྟོག་གེ་འབར་བར་བཤད། དེ་མི་འཐད་པར་སྟོན་པ་ལ། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། ཕྱོགས་སྔ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། དེ་ལ་ལྟ་བ་དང་ཉན་པ་མྱོང་བ་དང་རེག་པ་ལ་སོགས་ ― MR01_Page_0286 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དབང་པོ་ལྔ་ཡུལ་བཅས་གཟུགས་ཕུང་དང་། ཚོར་རེག་ཡིད་བྱེད་སོགས་སེམས་བྱུང་དང་ཕུང་པོ་ལྷག་མ་ཡང་། མདོར་ན་དབང་དུ་བྱས་པ་ཅན་ལེན་པ་པོ་གང་གིས་ཉེ་བར་བླང་བྱ་ཡིན་པ་ལྟ་སོགས་དེ་དག་གི་སྔ་རོལ་ན་དེ་དག་ཉེ་བར་ལེན་པ་པོ་དེ་ཡོད་ཅེས་ཁ་ཅིག་མང་བཀུར་བ་སྨྲ་སྟེ། དེའི་རྒྱུ་མཚན་ནི་འདི་ལྟར་ཉེ་བར་ལེན་པ་པོ་བདག་གམ་གང་ཟག་དངོས་པོ་ཡོད་པ་མ་ཡིན་ན་ལྟ་བ་ལ་སོགས་པ་བླང་བྱར་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་དེ་ཕྱིར་བླང་བྱ་དེ་དག་གི་སྔ་རོལ་ན་ཉེ་བར་ལེན་པོ་བདག་གི་དངོས་པོ་གནས་པ་དེ་ཡོད་དོ་ཞེས་འདོད་དེ། འདི་ན་ལྷས་བྱིན་ཡོད་པས་ནོར་སོག་པར་བྱེད་ཀྱི། དེ་མེད་ན་མོ་གཤམ་གྱི་བུས་ནི་ནོར་སོག་པ་མིན་པ་བཞིན་དུ་ལྟ་སོགས་ཀྱི་སྔ་རོལ་ན་ལེན་པ་པོ་གང་ཟག་མེད་ན་ལྟ་སོགས་སུ་ཞིག་གིས་ཉེ་བར་ལེན་པར་བྱེད་དེ་མི་བྱེད་དོ་ཞེས་ཟེར། གཉིས་པ་ལ་གསུམ། ལེན་པ་པོའི་བདག་དགག་པ་དང་། ཚུལ་དེས་གཞན་ཡང་ཁེགས་པ་དང་། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་གསུམ། ལེན་པ་པོ་བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་དགག་པ། རེ་རེའི་སྔ་རོལ་ན་ཡོད་པ་དགག་པ། རྒྱུའི་ལེན་པ་པོ་ཡོད་པ་དགག་པའོ། །དང་པོ་ལ་གཉིས། བདག་ཏུ་གདགས་པའི་རྒྱུ་མེད་པས་དགག་པ། བདག་ཏུ་གདགས་ ― MR01_Page_0287 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་རྒྱུ་ལ་མི་ལྟོས་པ་དགག་པའོ། །དང་པོ་ནི། ཉེ་བར་བླང་བྱ་ལྟ་དང་ཉན་པ་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་དང་། ཚོར་བ་རེག་པ་སེམས་པ་ལ་སོགས་པ་ཉིད་ཀྱི་ནི་སྔ་རོལ་ན་ཉེ་བར་ལེན་པ་པོ་བདག་གི་དངོས་པོ་གང་གནས་པ་དེ་ནི་རྒྱུ་མཚན་གང་གིས་ཉེ་བར་ལེན་པ་པོར་གདགས་པར་བྱ་སྟེ་གདགས་པའི་རྒྱུ་ལྟ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཡུལ་དྲུག་ལ་སྤྱོད་པའི་ཉེ་བར་ལེན་པོ་བདག་གཅིག་པུ་ཡོད་པར་འདོད་པ་ལ་དེ་ལྟར་ན་ཡུལ་མེད་དུས་སུའི་ཉེ་བར་ལེན་པོ་ཡིན་ཅེས་བསམས་ཏེ་ལྟ་སོགས་ཐམས་ཅད་ཚང་བའི་ཉེ་བར་ལེན་པོར་ཡོད་ན། སྤྱིར་ལེན་པ་པོ་གང་ཟག་ཏུ་དང་། བྱེ་བྲག་ལྟ་བ་པོ་སོགས་སུ་གདགས་པའི་རྒྱུ་མེད་པས། ནོར་མེད་ན་ནོར་ཅན་མེད་པ་བཞིན་དུ། འདི་ནི་འདིའི་རྒྱུའོ། །འདི་ནི་འདིའི་འབྲས་བུའོ། །འདི་འདིའི་བླང་བྱ། འདི་འདིའི་ལེན་པ་པོ་ཞེས་མ་བཟུང་བར། དེ་ཡན་གར་བར་ཡོད་ན་གང་གིས་ལེན་པོ་དང་། གང་བླང་བྱ་ཡིན་ཏེ། ཡིན་ན། ལེན་པོ་དང་བླང་བྱ་མིན་པའང་དེར་ཐལ་ལོ། །གཉིས་པ་ནི། གལ་ཏེ་བླང་བྱ་ལྟ་བ་ལ་སོགས་ཕུང་པོ་མེད་པར་ཡང་གལ་ཏེ་ཉེ་བར་ལེན་པ་པོ་བདག་དེ་ནི་སྔ་རོལ་ན་ཡོད་པའམ་གནས་པར་གྱུར་ན། ཉེ་བར་ལེན་པོ་དེ་མེད་པར་ཡང་བླང་བྱ་དེ་དག་ནི་ཡོད་པར་ ― MR01_Page_0288 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར་བར་ཐེ་ཚོམ་མེད་དེ་རྒྱུ་མཚན་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ་བླང་བྱ་ཅི་ཡིས་ལེན་པོ་གང་ཞིག་ཏུ་འདོགས་པའམ་གསལ་བར་བྱེད་ལ་ལེན་པོ་གང་གིས་བླང་བྱ་ཅི་ཞིག་ཏུ་འདོགས་པའམ་གསལ་བར་བྱེད་དེ། གང་བླང་བྱ་ཅི་ཡང་མེད་ན་དེའི་ལེན་པ་པོ་གང་ཞིག་ག་ལ་ཡོད་དེ་མེད་ལ་ལེན་པ་པོ་གང་མེད་ན་དེའི་བླང་བྱ་ཅི་ཞིག་ག་ལ་ཡོད་དེ་མེད་དོ། །གཉིས་པ་རེ་རེའི་སྔ་རོལ་ན་ཡོད་པ་དགག་པ་ནི། ཁོ་ན་རེ། ལྟ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཉེ་བར་ལེན་པོ་བདག་གང་ཞིག་ཡོད་པ་མིན་ནོ། །འོ་ན་ཅི་ཞེ་ན། ལྟ་བ་ལ་སོགས་པ་རྣམས་ཀྱི་ནང་ནས་ལྟ་སོགས་ལས་གཞན་ཉན་པོ་སོགས་ཞིག་གིས་གཞན་གྱི་ཚེ་སྟེ་ལྟ་བ་མེད་པའི་དུས་ན་ལེན་པ་པོའི་བདག་ཏུ་གསལ་བའམ་འདོགས་པར་བྱེད་པས་བདག་ཏུ་གདགས་པའི་རྒྱུ་མེད་པའི་ཉེས་པ་མེད་དོ་ཞེ་ན། ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་དེ་གལ་ཏེ་ཡོད་པ་མིན་ན་ལྟ་བ་ལ་སོགས་པ་རེ་རེ་ཡི་སྔ་རོལ་ན་ཡང་དེ་ནི་ཇི་ལྟར་ཡོད་དེ། ཤིང་ཐམས་ཅད་ཀྱི་སྔ་རོལ་ན་ནགས་མེད་ན། ཤིང་རེ་རེའི་སྔ་རོལ་ན་མེད་པ་བཞིན་ནོ། །རེ་རེ་ནས་སྔ་རོལ་ཏུ་ཡོད་ན་ཐམས་ཅད་ཀྱི་སྔ་རོལ་ཏུ་ཡང་ཅི་སྟེ་མེད། དཔེར་ན་བྱེ་མ་ཐམས་ཅད་ལ་སྣུམ་མེད་ན་རེ་རེ་ལ་ཡང་མེད་པ་བཞིན་ནོ། །དེ་ལྟ་ན་ལྟ་བ་པོ་ཡི་ ― MR01_Page_0289 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་དེ་ཉིད་ཉན་པོ་ཡང་དེ་ཡིན་ཅིང་གལ་ཏེ་ཚོར་པོའང་དེ་ཉིད་ཡིན་ན། བླང་བྱ་ལྟ་བ་སོགས་རེ་རེའི་སྔ་རོལ་ན་རང་གི་ཉེ་བར་ལེན་པ་པོ་ཡོད་པར་གྱུར་ཏུ་ཆུག་ནའང་བྱ་བ་ཐ་དད་རིམ་ཅན་གྱི་བྱེད་པོ་གཅིག་ཡིན་པ་དེ་ནི་དེ་ལྟར་ཡིན་པར་མི་རིགས་ཏེ། ལྟ་བ་དང་བྲལ་བའི་ཉན་པོ་ཡང་ལྟ་པོ་ཡིན་པ་དང་། ཉན་པོ་དང་བྲལ་བའི་ལྟ་པོ་ཡང་ཉན་པོ་ཡིན་དགོས་པས་སོ། །གལ་ཏེ་ལྟ་བ་པོ་ཡང་གཞན་ཉིད་ལ་ཉན་པ་པོ་ཡང་གཞན་ལ་ཚོར་བ་པོ་ཡང་གཞན་ཡིན་ན་དེ་དག་ཕན་ཚུན་མི་ལྟོས་པས་རྟ་དང་བ་ལང་བཞིན་སྔར་ལྟ་བ་པོ་ཡོད་པའི་ཚེ་ཉན་པ་པོ་ལ་སོགས་པའང་ཡོད་པར་འགྱུར་དགོས་པས། དེ་ལྟ་ན་རྒྱུད་གཅིག་ལ་བདག་ཀྱང་མང་པོ་ཡོད་པ་ཉིད་དུ་འགྱུར་རོ། །གསུམ་པ་རྒྱུའི་ལེན་པ་པོ་དགག་པ་ནི། ཡང་ཁོ་ན་རེ། ལྟ་སོགས་ཀྱི་སྔ་རོལ་ན། བདག་ཉེ་བར་ལེན་པ་པོར་གདགས་པའི་རྒྱུ་མེད་པར་མི་འགྱུར་ཏེ། མིང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་ཅེས་གསུང་བས། ལྟ་ཉན་སོགས་ཀྱི་སྔ་རོལ་ན། གཟུགས་འབྱུང་བཞི་ཡོད་ལ། དེ་ཉིད་ཉེ་བར་ལེན་པ་པོར་གདགས་པའི་རྒྱུ་ཡིན་ལ། རྒྱུ་འབྱུང་བའི་སྔར་དེ་ཉིད་ཉེ་བར་ལེན་པ་པོ་ཡོད་དོ་སྙམ་ན། དེ་མེད་དེ། ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ ― MR01_Page_0290 ―
[མ་དཔེ་གཟིགས་ན་འདིར་གནོན།]
ག་ལ་ཡོད། །ཅེས་སྔར་བཤད་པ་བཞིན་ནོ། །དེས་ན་ལེན་པོ་དང་བླང་བྱ་ཕན་ཚུན་ལྟོས་ཏེ་བཏགས་པ་ལས། དེ་གཉིས་ངོ་བོས་གྲུབ་པ་མེད་དེ། སྔ་མ་སྔ་མ་ལ་ཡར་བསམས་ཀྱང་བཏགས་པ་ཙམ་དུ་རྟོགས་པའི་ཕྱིར་བསྟན་པ། ལྟ་བ་དང་ཉན་པ་ལ་སོགས་པ་དབང་པོ་དང་ཚོར་བ་དག་ལ་སོགས་པ་ལ་ཡང་གང་ལས་འབྱུང་བར་འགྱུར་བའི་རྒྱུ་མིང་གཟུགས་འདུས་པའི་མེར་མེར་པོ་ལ་སོགས་པའི་འབྱུང་བ་དེ་ལ་ཡང་སྔ་རོལ་ན་ཉེར་ལེན་བདག་དེ་ནི་ཡོད་པ་མ་ཡིན་ནོ་སྟེ་དེ་མི་སྲིད་དོ། །གཉིས་པ་ཚུལ་དེས་གཞན་ཡང་ཁེགས་པ་ནི། ཇི་སྐད་བཤད་པའི་རིགས་པས་བརྟགས་ན་ལྟ་བ་དང་ཉན་པ་ལ་སོགས་པ་དང་ཚོར་བ་དག་ལ་སོགས་པ་ཐམས་ཅད་ལ་ཡང་གང་གི་ཉེ་བར་ལེན་པ་པོ་གང་ཡིན་པ་བདག་དེ་གལ་ཏེ་མེད་ན་བླང་བྱ་ལྟ་སོགས་དེ་དག་ཀྱང་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། ཉེར་ལེན་གྱི་བདག་གང་ཞིག་ལྟ་བ་ལ་སོགས་པ་ཡི་སྔ་རོལ་དང་ད་ལྟ་དང་ཕྱི་ན་ཡང་མེད་དེ། བླང་བྱའི་སྔ་རོལ་ན་ཡོད་པ་བཀག་ཟིན་ལ། ཕྱི་ན་ཡོད་ན་ཉེ་བར་ལེན་པོ་མེད་པའི་བླང་བྱ་སྔར་ཡོད་དགོས་ན་ཡང་དེ་རྒྱུ་མེད་ཅན་དུ་འགྱུར་བར་རིགས་པ་མཚུངས་ལ། དུས་མཉམ་པ་ངོ་བོས་གྲུབ་པ་མེད་དེ་སོ་སོར་གྲུབ་པ་ལ་ལྷན་ཅིག་མེད་པ་སོགས་ ― MR01_Page_0291 ―
[མ་དཔེ་གཟིགས་ན་འདིར་གནོན།]
གོང་བཤད་བཞིན་ཡིན་པས་ཉེར་ལེན་གྱི་བདག་དེ་ལ་ཡོད་དོ་ཞེས་དང་མེད་དོ་ཞེས་རྟོག་པ་དེ་ནི་ལྡོག་པར་འགྱུར་རོ། །དེ་ལྟ་ན་ཚིག་གསལ་ལས། ཅི་བདག་མེད་སྙམ་དུ་དེ་ལྟར་ཁྱོད་ཀྱིས་ངེས་སམ། དེ་སྐད་སུས་སྨྲས། ལྟ་བ་ལ་སོགས་པ་མེད་པའི་ཕྱིར་བདག་ཀྱང་མེད་དོ་ཞེས་ཐལ་བ་སྨྲས་པ་མ་ཡིན་ནམ་ཞེ་ན། དེ་སྐད་དུ་ཁོ་བོ་ཅག་གིས་སྨྲས་མོད་ཀྱི། འདིའི་དོན་ནི་ཁྱོད་ཀྱིས་ཡང་དག་པར་གཏན་ལ་མ་ཕབ་པ་ཡིན་ནོ། །གང་ཕྱིར་བདག་དངོས་པོའི་རང་བཞིན་ཅན་ཡོད་དོ་ཞེས་བརྟགས་པ་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཞིང་བདག་གིས་ཀྱང་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་གཉེན་པོར་དེ་ལ་རང་བཞིན་དུ་མངོན་པར་ཞེན་པ་ཟློག་པའི་ཚིག་སྨྲས་པ་ཡིན་གྱི། འདིའི་དངོས་པོ་མེད་པར་བརྟག་པ་ནི་མ་ཡིན་ཏེ། འདི་ལྟར་འདི་གཉིས་ཀྱི་སྤང་པར་བྱ་བ་ཡིན་ཏེ། གང་དངོས་པོ་ལ་མངོན་པར་ཞེན་པ་དང་། གང་ཡང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའོ་ཞེས་རང་བཞིན་མི་དམིགས་པའི་ངོ་བོ་དེ་ལ་སུ་ཞིག་ཡོད་དང་མེད་པར་རྟོག་པར་བྱེད་ཅེས་སོ། །གཉིས་པ་ནི། སྔ་རོལ་ན་གནས་པའམ་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བྱ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།བཅུ་པ་མེ་དང་བུད་ ― MR01_Page_0292 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤིང་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ནི། ཇི་ལྟར་རྩུབ་ཤིང་དང་ནི་རྩུབ་གཏན་དང་། །ལག་པའི་རྩོལ་བ་འདི་གསུམ་འདུས་པ་ཡི། །རྐྱེན་འདི་དག་ལས་མེ་ནི་འབྱུང་འགྱུར་ཞིང་། །བྱུང་ནས་བྱ་བ་བྱས་ཏེ་མྱུར་དུ་འགག །དེ་ནས་འདི་ནི་གང་ནས་འོངས་སམ་གར། །སོང་ཞེས་མཁས་པ་དག་གིས་ཚོལ་བར་བྱེད། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བཙལ་བ་དང་། །འདི་ཡི་འགྲོ་དང་འོང་བ་རྙེད་མིན་བཞིན། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །ཐམས་ཅད་བདག་གིས་དབེན་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་སོགས་ཀྱི་དོན་སྟོན་པ་དང་། རབ་བྱེད་འབྲེལ། ཉེ་བར་ལེན་པོ་བདག་དང་བླང་བྱ་ཡོད་དེ། ཕན་ཚུན་ལྟོས་པའི་ཕྱིར། མེ་དང་བུད་ཤིང་བཞིན་ཞེ་ན། དེ་མ་གྲུབ་པར་སྟོན་པ་ལ། གཞུང་དང་མཚན་གཉིས། དང་པོ་ལ་གསུམ། མེ་དང་བུད་ཤིང་དགག་པ། རིགས་པ་དེ་གཞན་ལ་སྦྱར་བ་མི་མཐུན་པའི་ཕྱོགས་ལ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ། ཕྱོགས་སྔར་བརྟགས་ཏེ་དགག་པ། ལྟོས་ནས་གྲུབ་པ་དགག་པ། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་གཅིག་དང་ཐ་དད་དུ་དཔྱད་པས་གཅིག་ཏུ་གྲུབ་པ་ ― MR01_Page_0293 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགག་པ་ནི། ཉེར་ལེན་དང་བླང་བྱ་ངོ་བོ་ཉིད་ཀྱིས་མ་གྲུབ་ཅེས་པ་མི་འཐད་དེ། དངོས་པོ་ལྟོས་བཅས་ལ་ངོ་བོ་ཉིད་ཡོད་པར་མཐོང་བའི་ཕྱིར་ཏེ། བུད་ཤིང་ལ་ལྟོས་ནས་མེ་འབྱུང་མོད། མེའི་རང་བཞིན་མེད་པ་མིན་ཏེ། ཚ་བ་དང་སྲེག་པའི་རང་བཞིན་དང་འབྲས་བུ་དམིགས་པས་སོ། །དེ་བཞིན་མེ་ལ་ལྟོས་ནས་བུད་ཤིང་ཡིན་ཡང་། དེའི་རང་བཞིན་ཡོད་དེ། བསྲེག་པར་བྱ་བ་འབྱུང་བཞིའི་རང་བཞིན་ཡིན་པས་སོ་སྙམ་ན། དེ་གཉིས་ཡོད་ན་དེ་ལྟར་འགྱུར་ཡང་དེ་མེད་དེ། གལ་ཏེ་བསྲེག་བྱའི་བུད་ཤིང་གང་དེ་སྲེག་བྱེད་མེ་དང་ངོ་བོ་གཅིག་ཡིན་ན་བྱེད་པ་པོ་དང་ལས་སུ་བྱ་བ་གཅིག་ཏུ་འགྱུར་རོ། །དེ་ལྟ་ན་རྫ་མཁན་དང་བུམ་པ་ཡང་གཅིག་ཏུ་འགྱུར་བས་མི་འཐད་དོ། །གཉིས་པ་གཞན་དུ་གྲུབ་པ་དགག་པ་ལ་གསུམ། ཧ་ཅང་ཐལ་བས་དགག་པ་དང་། ཉེས་སྤོང་གི་ལན་དགག་པ་དང་། གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི། གལ་ཏེ་ཤིང་ལས་མེ་ངོ་བོ་ཉིད་ཀྱིས་གཞན་ཡིན་ན་བུམ་སྣམ་བཞིན་དུ་ཤིང་ལ་ལྟོས་པ་མེད་པར་ཡང་མེ་འབར་བ་འབྱུང་བར་འགྱུར་དགོས་ལ། དེ་ལྟ་ན་བུད་ཤིང་མེད་ཀྱང་རྟག་ཏུ་མེ་ནི་འབར་བ་ཉིད་དུ་འགྱུར་བ་དང་འབར་བྱེད་ ― MR01_Page_0294 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་རྒྱུ་བུད་ཤིང་ལས་མེ་མི་འབྱུང་ཞིང་། ༡ བུད་ཤིང་ལ་སྤར་བ་སོགས་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བ་དང་། ༢ སྤར་བ་སོགས་ནམ་ཡང་མེད་པ་དེ་ལྟ་ཡིན་ན་མེ་དེ་ལ་བསྲེག་བྱའི་ལས་ཀྱང་མེད་པས་བུད་ཤིང་སོགས་བསྲེག་པ་མེད་པའི་སྲེག་བྱེད་དུ་འགྱུར་བ་དང་། བུད་ཤིང་སོགས་གཞན་ལ་ལྟོས་པ་མེད་པའི་ཕྱིར་འབར་བར་བྱེད་པ་རྒྱུ་ལས་མི་འབྱུང་བ་དང་། ༡ ལྟོས་པ་མེད་ན་ནམ་ཡང་རྒྱུ་མ་ཚང་བ་དང་ལོག་པ་མེད་པས་མེ་ནི་རྟག་ཏུ་འབར་དགོས་པ་ཡིན་པས་དེ་ལྟ་ན་ནི་དེ་གསར་དུ་སྤར་བ་མེད་པས་འབར་བའི་རྒྱུན་བསྲིང་བ་སོགས་ཀྱི་ཆེད་དུ་བུད་ཤིང་ལེན་པ་སོགས་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། ༢ །གཉིས་པ་ནི། ཁོ་ན་རེ། ཤིང་ལས་མེ་གཞན་ན་ཡང་ཤིང་མེད་པར་མེ་འབྱུང་དགོས་པ་མིན་ཏེ། དེ་གཉིས་གཞན་ཡིན་ཀྱང་། བུད་ཤིང་མེད་པར་མེ་མེད་དེ་གང་གི་ཕྱིར་འབར་བར་འགྱུར་ཏེ་དེའི་དོན་མེས་བསྲེག་པར་བྱ་བའི་མཚན་ཉིད་ཅན་ནི་བུད་ཤིང་ཡིན་ལ་མེ་ཡང་དེ་ལ་བརྟེན་ནས་དམིགས་ཀྱི་སོ་སོར་མིན་ནོ། །དེ་ལྟར་མེ་དང་འབྲེལ་བ་ལས་བུད་ཤིང་དུ་བརྗོད་ཅིང་མེ་ཡང་དེ་ལ་བརྟེན་པའི་ཕྱིར་ལྟོས་བཅས་ཀྱི་གཞན་ཡིན་གྱི་བུམ་སྣམ་ལྟར་ལྟོས་མེད་ཀྱི་གཞན་མ་ཡིན་པས་གང་གི་ཉེས་པ་དེར་མི་འགྱུར་བའི་ཚུལ། དེ་ལ་ ― MR01_Page_0295 ―
[མ་དཔེ་གཟིགས་ན་འདིར་གནོན།]
གལ་ཏེ་འདི་སྙམ་དུ་མེ་བུད་ཤིང་ལ་ལྟོས་དགོས་ཏེ་བསྲེག་བཞིན་པ་དེ་བུད་ཤིང་ཡིན་ནོ་སྙམ་དུ་སེམས་ན། གང་ཚེ་བསྲེག་བཞིན་པ་དེ་ཙམ་བུད་ཤིང་དེ་ཡིན་ན། དེ་ལས་གཞན་དུ་མེ་མེད་པས་གང་གིས་བུད་ཤིང་དེ་སྲེག་པར་བྱེད་དེ་མི་བྱེད་པར་འགྱུར་རོ། །འདི་ལ་སྲེག་བཞིན་པ་ཞེས་པ་བུད་ཤིང་གི་དངོས་པོ་བཏང་ནས་མེར་གྱུར་ཟིན་ན་ནི་མེ་ལས་གཞན་དུ་མེད་ལ་བུད་ཤིང་གི་དངོས་པོ་མ་བཏང་པར་མེ་དེ་ལ་གནས་ན་དེས་དེ་ཅི་ལ་བསྲེག་སྟེ་འབྲེལ་པ་མེད་པས་ལྟོས་མེད་ཀྱི་གཞན་དུ་འགྱུར་ཏེ། ཤར་གྱི་མེ་དང་ནུབ་ཀྱི་བུད་ཤིང་བཞིན་ནོ། །གསུམ་པ་གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པ་ལ་གཉིས། དགག་པ་དངོས་དང་། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། མེ་དང་བུད་ཤིང་གཞན་ཡིན་པའི་ཕྱིར་དེ་གཉིས་ནམ་ཡང་སྣང་མུན་ལྟར་མི་ཕྲད་ལ་གལ་ཏེ་ཕྲད་པ་མེད་ན་ཤར་ནུབ་ཀྱི་མེ་དང་བུད་ཤིང་ལྟར་སྲེག་པར་མི་འགྱུར་ཞིང་མི་སྲེག་ན་བུད་ཤིང་ཟད་སྟོབས་ཀྱིས་མེ་འཆི་བར་མི་འགྱུར་ལ་མི་འཆི་ན་རང་གི་རྟགས་རྟག་ཏུ་འབར་བ་དང་ཡང་ལྡན་པར་ཐེར་ཟུག་ཏུ་གནས་པར་འགྱུར་རོ། །གཉིས་པ་ནི། ཇི་ལྟར་བུད་མེད་སྐྱེས་པ་ལ་ཕྲད་པ་དང་སྐྱེས་པའང་བུད་མེད་དང་ཕྲད་པ་བཞིན་དུ། གལ་ཏེ་ཤིང་ ― MR01_Page_0296 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་མེ་གཞན་དུ་གྲུབ་པ་ཡིན་ནའང་ཤིང་དང་ཕྲད་དུ་རུང་བར་འགྱུར་རོ་ཞེ་ན། གལ་ཏེ་མེ་དང་ཤིང་དག་ནི་བུད་མེད་དང་སྐྱེས་པ་བཞིན་ཕན་ཚུན་མི་ལྟོས་པར་གཅིག་གིས་གཅིག་ནི་སྤང་བའམ་བསལ་ཏེ་སོ་སོར་ངོ་བོས་གྲུབ་པར་གྱུར་ན་ཤིང་ལས་མེ་གཞན་ཉིད་ཡིན་ན་ཡང་སྐྱེས་པ་བུད་མེད་བཞིན་ཤིང་དང་ཕྲད་པར་འདོད་ལ་རག་ཀྱང་དེ་མི་སྲིད་པས་དཔེ་དོན་མི་མཚུངས་སོ། །གཉིས་པ་ལྟོས་ནས་གྲུབ་པ་དགག་པ་ལ། ལྟོས་ནས་གྲུབ་པ་དགག་པ་དངོས་དང་། ཞར་ལ་རིགས་པ་གཞན་བཤད་པའོ། །དང་པོ་ལ་གསུམ། སྔ་ཕྱི་ལྟོས་པ་དགག་པ། གྲུབ་མ་གྲུབ་ལྟོས་པ་དགག་པ། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་མེ་དང་བུད་ཤིང་ཕན་ཚུན་ལྟོས་པ་ཡོད་པ་དེ་ཉིད་ཀྱིས་ཡོད་པར་གྲུབ་སྟེ། མེད་ན་ལྟོས་པ་ཡང་མི་འཐད་དེ། མོ་གཤམ་གྱི་བུ་དང་བུ་མོ་དག་ཕན་ཚུན་ལྟོས་པ་མེད་པ་བཞིན་ནོ་ཞེ་ན། གལ་ཏེ་ཤིང་ལ་ལྟོས་ནས་མེ་གྲུབ་པ་ཡིན་ལ། གལ་ཏེ་མེ་ལ་ལྟོས་ནས་བུད་ཤིང་གྲུབ་པ་ཡིན་ན་ལྟོས་ས་གང་ལ་ལྟོས་ནས་ལྟོས་ཆོས་མེ་དང་ཤིང་དུ་འགྱུར་བ་དེ་གཉིས་ལས་དང་པོར་གྲུབ་པ་གང་ཞིག་ཡིན་ཅེས་དྲིའོ། །གལ་ཏེ་ཤིང་དང་པོར་གྲུབ་ནས་དེ་ལ་ལྟོས་ཏེ་མེ་གྲུབ་པ་ཡིན་ན་ནི་མེ་མ་གྲུབ་ན་ ― MR01_Page_0297 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟོས་ས་མེད་པས་ལྟོས་པར་མི་འཐད་ལ། མེ་གྲུབ་ཟིན་པ་ལ་ནི་སླར་ཡང་མེའོ་ཞེས་བུད་ཤིང་གིས་སྒྲུབ་པར་བྱེད་པ་དོན་མེད་དུ་འགྱུར་རོ། །དེ་ལྟར་མེའི་སྔ་རོལ་ཏུ་དང་པོར་གྲུབ་པར་འདོད་པ་བུད་པར་བྱ་བའི་ཤིང་ལ་ཡང་མེ་ལ་ལྟོས་པ་མེད་པར་ནི་བུད་ཤིང་དུ་འགྱུར་བ་ཡིན་ལ་དེ་ལྟ་ན་ལྟོས་པར་འདོད་པ་ཉམས་སོ། །སྤྱིར་ལྟོས་ས་མེད་ན་དེ་ལ་ལྟོས་པར་མི་འཐད་དེ། རི་རྭ་ལ་ལྟོས་ས་མེད་པ་བཞིན། ལྟོས་ས་ཡོད་ན་ནི་དེ་གྲུབ་ཟིན་པ་ལ་གཅིག་ཤོས་ལ་ལྟོས་ནས་གཟོད་གྲུབ་ཅི་ཞིག་དགོས། གང་མ་སྐྱེས་པའི་སྔ་རོལ་ཏུ་གང་ཁས་བླངས་ཀྱང་། སྔ་བ་དེ་ལ་ལྟོས་ས་གཅིག་ཤོས་མེད་པར་གྲུབ་ལ་མེད་ན་དེ་གང་གིས་གྲུབ་སྟེ། དེར་འཇོག་བྱེད་མེད་པས་ཕ་མེད་པའི་བུ་བཞིན་ནོ། །དེས་ན་བུད་ཤིང་དང་པོར་གྲུབ་ན། སྲེག་བཞིན་མིན་པ་དེ་བུད་ཤིང་མིན་པས་རྩྭ་སོགས་གཞན་ཡང་བུད་ཤིང་དུ་ཐལ་བས་སོ། །ཡང་མེ་སྔར་གྲུབ་ཞེ་ན། དེ་མི་སྲིད་ལ་སྲིད་ན་མེ་དེ་རྒྱུ་མེད་དུ་ཐལ་བ་དང་། སླར་བུད་ཤིང་ལ་ལྟོས་པ་དགོས་པ་མེད་པས་གནོད་དོ། །གཉིས་པ་ནི། དེ་ལྟར་དེ་གཉིས་སྔ་ཕྱིར་གྲུབ་པ་མིན་ཀྱང་། དུས་གཅིག་ཁོ་ནར་མེ་གྲུབ་པས་བུད་ཤིང་གྲུབ་ལ། བུད་ཤིང་གྲུབ་པས་མེ་གྲུབ་ ― MR01_Page_0298 ―
[མ་དཔེ་གཟིགས་ན་འདིར་གནོན།]
བོ་ཞེ་ན། དེ་ལྟ་ན་དུས་མཉམ་ཀྱང་རུང་བུད་ཤིང་ལས་མེ་གྲུབ་ན་གལ་ཏེ་ཤིང་ལྟོས་སོགས་སྔ་མ་བཞིན་དུ་སྐྱོན་སྤོང་མི་ནུས་པ་དང་། གལ་ཏེ་མེའི་དངོས་པོ་གང་ཞིག་བུད་ཤིང་གི་དངོས་པོ་གང་ལ་ལྟོས་ནས་གྲུབ་ཅིང་། མེ་དེ་ཉིད་ལ་ཡང་ལྟོས་ནས་ནི་མེའི་ལྟོས་བྱའམ་ལྟོས་ས་བུད་ཤིང་གང་ཡིན་པ་དེ་འགྲུབ་པོ་ཞེ་ན་གང་ལ་ལྟོས་ནས་གང་ཞིག་འགྲུབ་པ་སྨོས་ཤིག་ཅེས་དེ་གཉིས་གང་རུང་ཅིག་སྔོན་ལ་མ་གྲུབ་ན་ནི་སྒྲུབ་བྱེད་ཉིད་ཀྱང་མི་འགྲུབ་པས་མཐར་གཉིས་ཀ་མི་འགྲུབ་ལ། གཉིས་ཀ་གྲུབ་ན་ནི་སྒྲུབ་བྱེད་ལ་ཡང་ལྟོས་ཅི་དགོས། ཆུ་ནང་དུ་འཕྱན་པའི་མི་གྲུ་མི་བསྐྱོད་པར་བྱ་ཕྱིར། ཕན་ཚུན་གཅིག་ལ་གཅིག་འཇུས་ཀྱང་སྐྱབས་སུ་མི་འགྱུར་བ་བཞིན་ནོ། །དེས་ན་དངོས་པོ་ལྟོས་ནས་གྲུབ་བོ་ཞེས་འདོད་པ་གང་ཡིན་པ་དེའང་དངོས་པོ་གྲུབ་མ་གྲུབ་གང་ལྟོས། དངོས་པོ་དེ་མ་གྲུབ་པ་ཞིག་ཡིན་ན་ནི་དེ་ཇི་ལྟར་ལྟོས་ཏེ་བོང་བུའི་རྭ་བཞིན་མེད་པའི་ཕྱིར། ཅི་སྟེ་གྲུབ་པ་ཞིག་ལྟོས་ཤེ་ན་ཡང་དེ་ནི་ལྟོས་པར་མི་རིགས་སོ་སྟེ་གྲུབ་ཟིན་པའི་ཕྱིར་རོ། །གསུམ་པ་བསྡུ་བ་ནི། ཤིང་ལ་ལྟོས་པའི་མེ་ངོ་བོས་གྲུབ་པ་མེད་དེ་མེ་གྲུབ་པ་དང་མ་གྲུབ་པ་གཉིས་གང་ཡང་ལྟོས་པ་བཀག་ཟིན་པས་སོ། །ཤིང་ལ་མ་ལྟོས་པའི་མེ་ནི་ཐ་སྙད་དུ་ཡང་མེད་དེ་ ― MR01_Page_0299 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞན་ལ་ལྟོས་མེད་དུ་ཐལ་བ་དང་། འབར་བྱེད་ཀྱི་རྒྱུ་ལ་མི་ལྟོས་པ་དང་། རྟག་ཏུ་འབར་བར་ཐལ་བའི་སྐྱོན་སྔར་བཞིན་ནོ། །དེ་བཞིན་མེ་ལ་ལྟོས་པའི་ཤིང་རང་བཞིན་གྱིས་གྲུབ་པ་མེད་དེ་ལྟོས་པ་བཀག་པའི་ཕྱིར་རོ། །མེ་ལ་མ་ལྟོས་པའི་བུད་ཤིང་ཐ་སྙད་དུ་ཡང་མེད་དེ་བསྲེག་བཞིན་པ་མིན་པ་བུད་ཤིང་དུ་མི་འཐད་པའི་ཕྱིར་རོ། །སྲེག་བཞིན་མིན་པ་བུད་ཤིང་མིན་པ་འདིས་སང་འབུད་རྒྱུ་བུད་ཤིང་མིན་ནོ་ཞེ་ན། དེ་ལ་གེགས་བྱེད་པ་དག་སྲིད་པའི་ཕྱིར་མིན་ནོ། །དེ་ལྟ་ན་རྟ་གདོང་གི་མེ་ཅི་ཞེ་ན། སྐབས་འདིར་མེའི་བྱེ་བྲག་བུད་ཤིང་ལས་བྱུང་བའི་མེ་ཉིད་ལ་ངེས་པར་བཟུང་དགོས་པས། དེ་ནི་བུད་ཤིང་ལས་བྱུང་བ་མིན་ཕྱིར་མེ་མིན་ཞེས་སམ། དེ་བུད་ཤིང་གི་ཉེ་བར་ལེན་པ་པོ་དེ་མིན་པས་སྐབས་འདིའི་ཉེ་བར་ལེན་པོ་བདག་སྒྲུབ་བྱེད་དུ་མི་རུང་ངོ་། །གཉིས་པ་ཞར་ལ་རིགས་པ་གཞན་བཤད་པ་ལ་གཉིས། རྣམ་པར་བརྟགས་ཏེ་དགག་པ་དང་། སྔར་གྱི་རིགས་པ་སྦྱར་ཚུལ་ལོ། །དང་པོ་ནི། གལ་ཏེ་མེ་ཡོད་དེ། ཤིང་མེས་མངོན་སུམ་དུ་བསྲེག་པ་མཐོང་བས་སོ། །དེས་ན་ཁོ་བོ་ཅག་ལ་དཔྱད་པ་ཤིན་ཏུ་ཞིབ་པ་འདི་ཅི་ཡང་མི་དགོས་པས་མེ་དང་བུད་ཤིང་དག་ཡོད་དོ་ཞེས་བྱ་བ་འདི་ཙམ་ཞིག་སྨྲའོ་ཞེ་ན། ― MR01_Page_0300 ―
[མ་དཔེ་གཟིགས་ན་འདིར་གནོན།]
གལ་ཏེ་མེས་བུད་ཤིང་བསྲེག་ན་དེ་ལྟར་འགྱུར་མོད་ཀྱང་། སྲེག་པ་ནི་མེད་དེ། མེ་མ་དམིགས་པས་སོ། །ཇི་ལྟར་ན། མེ་དེ་བུད་ཤིང་མིན་པ་གཞན་ལས་འོངས་ནས་བུད་ཤིང་བསྲེག་གམ། བུད་ཤིང་དེ་ཉིད་ལས་འོང་ནས་བསྲེག་གཉིས་ཀ་ལྟར་ཡང་མི་འཐད་དེ། མེ་ནི་བུད་ཤིང་མིན་པ་གཞན་ལས་མི་འོང་སྟེ་མེ་བུད་ཤིང་མིན་པ་གཞན་ལས་འོང་ན། དེ་ལྟར་དམིགས་དགོས་ཀྱང་མ་དམིགས་པའི་ཕྱིར་དང་། མེ་དེ་རྒྱུ་མེད་དུ་ཐལ་བར་འགྱུར་ལ། བུད་ཤིང་རང་ལའང་མེ་ནི་སྔར་ནས་ཡོད་པ་མ་ཡིན་ཏེ་སྣང་རུང་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། དེ་བཞིན་མེ་དང་བུད་ཤིང་གི་འགོག་བྱེད་འདིར་བཤད་པའི་རིགས་པ་ལྷག་མ་ནི་གོང་དུ་སོང་དང་མ་སོང་བགོམ་པས་བསྟན་ཏེ། རེ་ཞིག་བསྲེག་ལ་མི་སྲེག་སྟེ་སོགས་འདོན་པར་བསྒྱུར་རོ། །དེ་ལྟར་རྣལ་འབྱོར་པས་མེ་དང་བུད་ཤིང་བརྟགས་པ་དེའི་ཚུལ་གྱིས་ཆོས་རྣམས་ཁོང་དུ་ཆུད་པའི་ལུས་ནི་ཕྱི་དུས་མཐའི་མེ་དང་། ནང་དུག་གསུམ་གྱི་མེས་མི་འཚིག་སྟེ། ཏིང་རྒྱལ་ལས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་མ་ཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་གཞར་ཡང་མེ་ནང་ཡོངས་མི་འཚིག ། ― MR01_Page_0301 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅེས་སོ། །རབ་བྱེད་འདིས་གཙོ་ཆེར་གཅིག་ཐ་དད་བརྟགས་པའོ། །གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། དེ་ལྟར་ན་ཤིང་ཉིད་མེ་ནི་མ་ཡིན་ཏེ། །བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པས་གནོད་དོ། །དེ་བཞིན་ཤིང་ལས་གཞན་ལ་མེ་ཡང་མེད་དེ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་སོ། །རིགས་པ་དེ་གཉིས་ཀྱིས་མེ་ནི་ཤིང་དང་ངོ་བོ་གཅིག་པ་དང་ཐ་དད་པ་གཉིས་ཀ་བཀག་ཟིན་པའི་ཕྱིར་གཅིག་ཐ་དད་ཀྱི་ལྡན་པ་ཡོད་པ་མ་ཡིན་ཞིང་། རྟེན་མེ་ལ་ཤིང་བརྟེན་པ་མེད་ལ། ཤིང་དེར་མེ་དེ་བརྟེན་པར་ཡང་མེད་དེ་ཐ་དད་རྟེན་བརྟེན་པས་ཁྱབ་ན་དེ་མ་གྲུབ་པས་སོ། །གཉིས་པ་རིགས་པ་གཞན་ལ་སྦྱར་བ་ནི། དེ་ལྟར་མེ་དང་ཤིང་ལ་གཅིག་ཐ་དད་ལྡན་པ་རྟེན་བརྟེན་པ་སྟེ་རྣམ་པ་ལྔར་བརྟགས་ན་མེད་པ་དེ་དག་གིས་ཉེ་བར་ལེན་པ་པོའི་བདག་དང་ནི་ཉེ་བར་ལེན་པའམ་བླང་བྱའི་ཕུང་པོ་སོགས་ལའང་རྣམ་པ་ལྔའི་རིམ་པ་ཀུན་མཚུངས་པར་བཤད་དེ་དེ་གཉིས་ཀྱང་དེ་ལྟར་དཔྱད་ན་མ་གྲུབ་པའི་ཕྱིར། དེ་བཞིན་དངོས་པོ་གཞན་བུམ་པ་སྣམ་བུ་ཡན་ལག་དང་ཡན་ལག་ཅན་རྒྱུ་འབྲས་སོགས་དང་ལྷན་ཅིག་ཏུ་ལྔ་པོ་དེ་མ་ལུས་པར་ནི་དཔྱད་ ― MR01_Page_0302 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་མ་གྲུབ་པར་རྣམ་པར་བཤད་དོ། །གསུམ་པ་མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་ནི། དངོས་པོར་སྨྲ་བ་གང་དག་ཉེ་བར་ལེན་པ་པོ་བདག་དང་དེས་ཉེ་བར་བླང་བྱ་ཕུང་པོ་དང་བཅས་པ་དང་འབྲས་བུ་སོགས་ཀྱི་དངོས་པོ་རྣམས་རྒྱུ་སྤུན་ལ་སོགས་པ་དེ་དང་བཅས་པ་ཉིད་ངོ་བོ་གཅིག་པ་དང་ཐ་དད་པར་སྟོན་པ་དེ་དག་སངས་རྒྱས་ཀྱི་བསྟན་པ་རྟེན་འབྲེལ་རྟག་ཆད་བྲལ་བའི་དོན་ཟབ་མོ་དེ་ཉིད་ལ་མཁས་སོ་སྙམ་དུ་ཀླུ་སྒྲུབ་བདག་མི་སེམས་སོ་སྟེ་དེ་ལྟར་འཛིན་པ་ལ་ཚད་མས་གནོད་པས་སོ། །གཉིས་པ་ནི། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། ༈ །།བཅུ་གཅིག་པ་འཁོར་བ་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། བདག་གི་ངོ་བོ་དང་དཔེ་མེ་དང་བུད་ཤིང་བཀག་མོད་ཀྱང་། འཁོར་བ་ཡོད་པས་འཁོར་བ་པོའི་བདག་ཡོད་དེ། བདག་མེད་ན་འགྲོ་བ་ལྔའི་འགྲོ་བར། སྔ་མ་ནས་འདིར་འོང་། འདི་ནས་ཕྱི་མར་འགྲོ་ལ་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པས་སུ་ཞིག་འཁོར། སྟོན་པས་ཀྱང་། སྐྱེ་བ་དང་རྒ་ ― MR01_Page_0303 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་དང་། སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ། སྲིད་པའི་ཀུན་ཏུ་སྦྱོར་བ་ཅན་སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིང་བ་འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་ནི་མི་མངོན་ནོ་ཞེས་གསུངས་པས། འཁོར་བ་ན་འཁོར་བ་པོ་དེ་ལ་བདག་ཅེས་བྱའོ་སྙམ་ན། འཁོར་བ་ཉིད་མ་གྲུབ་པར་དཔྱད་པ་འདི་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། རྟེན་འཁོར་བ་མ་གྲུབ་པ་དང་། བརྟེན་པ་སྐྱེ་འཆིའི་ཆོས་མ་གྲུབ་པ་དང་། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ནི། འཁོར་བ་ཡོད་ན་འཁོར་བ་པོ་བདག་དེ་ཡོད་དུ་ཆུག་ཀྱང་འཁོར་བ་ངོ་བོ་ཉིད་ཀྱིས་མེད་དེ། འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ་ཐུབ་པ་ཆེན་པོས་མངོན་པ་མིན་ཞེས། དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པའི་ཕྱིར་དང་། འཁོར་བ་ཡོད་ན་བུམ་པ་བཞིན་ཐོག་མཐའི་ཆ་ཡོད་དགོས་ཀྱང་། དེ་ནི་མགལ་མེའི་འཁོར་ལོ་བཞིན་དུ་ཐོག་མཐའི་ཆ་གཟུང་དུ་མེད་པས་སོ། །དེས་ན་འཁོར་བ་ལ་ཐོག་མ་དང་མཐའ་མེད་དེ་སྐྱེ་ཤིའི་འཁོར་བ་དེ་ལ་སྔོན་གྱི་མཐའ་བཟུང་དུ་མེད་པས་ཕྱི་མ་ཡང་བཟུང་དུ་མེད་པས་སོ། ། ― MR01_Page_0304 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ཡང་ཐོག་མཐའ་ནི་སྔ་ཕྱིའི་མཐའ་ཡིན་ལ། སྔ་ཕྱིའི་གོ་རིམ་མིན་ནོ། །དེ་ལ་དབུས་ཡོད་པར་སེམས་ན། འཁོར་བ་གང་ལ་ཐོག་མ་མེད་ཅིང་མཐའ་མེད་པར་གྲུབ་ན་དེ་ལ་དབུས་ནི་ག་ལ་ཡོད། དེ་དབུས་ནི་ཐོག་མཐའ་ལ་ལྟོས་དགོས་པས་སོ། །དེ་ལྟར་འཁོར་བ་ནི་དོན་དམ་པར་ནམ་མཁའ་ལྟ་བུ་སྟེ། ཐ་སྙད་ཐོག་མ་མེད་ཀྱང་མཐའ་མ་ཡོད་དེ་ས་བོན་བཞིན་ནོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ཐོག་མཐའ་དབུས་གསུམ་མེད་པ་དེ་ཕྱིར་འཁོར་བ་མེད་པས་དེའི་སྐྱེ་རྒ་གཉིས་པོ་དེ་ལ་དུས་སྔ་ཕྱི་དང་། ལྷན་ཅིག་པའི་རིམ་པ་མི་འཐད་དོ། །གཉིས་པ་ནི། ཇི་ལྟར་མི་འཐད་ན། གལ་ཏེ་སྐྱེ་བ་སྔ་བར་གྱུར་ལ་རྒ་ཤི་ཕྱི་མ་ཡིན་ན་ནི་སྐྱེ་བ་ལ་རྒ་ཤི་མེད་པས་སྐྱེ་བ་རྟག་པ་དང་། དེའི་སྔོན་དུ་རྒ་ཤི་མ་སོང་བས་ཚེ་སྔ་མར་མ་ཤི་བར་ཡང་འདིར་སྐྱེ་བར་འགྱུར་བས་སྐྱེ་བ་ལ་རྒྱུ་མེད་པ་དང་། གལ་ཏེ་སྐྱེ་བ་དུས་ཕྱི་བར་འགྱུར་ལ་རྒ་ཤི་དེ་སྔ་བ་ཡིན་ན་ནི་སྐྱེ་བ་མེད་པའི་རྒ་ཤི་དེ་འདྲ་བ་ནི། རང་གི་རྒྱུ་སྐྱེ་བ་སྔོན་དུ་སོང་བ་མེད་པར་ནི་ཇི་ལྟར་འབྱུང་བར་འགྱུར་ཏེ་མི་འགྱུར་རོ། །སྐྱེ་བ་དང་ནི་རྒ་ཤི་གཉིས་པོ་དག་ན་ཅིག་ཏུ་རུང་བ་མ་ཡིན་ཏེ་སྐྱེ་བཞིན་པ་དེ་ནི་འཆི་བཞིན་པར་ཡང་འགྱུར་ཏེ་ ― MR01_Page_0305 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགལ་བ་དེ་གཉིས་དུས་གཅིག་ཏུ་འདུ་ཞིང་སྐྱེ་ཤི་དེ་གཉིས་ཀ་ལ་རྒྱུ་སྔོན་དུ་སོང་བ་མེད་པ་ཅན་དུ་འགྱུར་ཏེ་སྐྱེ་བ་ལ་རྒ་ཤི་དང་རྒ་ཤི་ལ་སྐྱེ་བ་སྔོན་དུ་མ་སོང་བས་དེ་གཉིས་ལྟོས་པ་མེད་པར་རང་དབང་ཅན་དུ་གྱུར་པས་ཕན་ཚུན་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་གང་ལ་སྐྱེ་བ་དང་རྒ་ཤི་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པའི་ཕྱིར་སྐྱེ་བ་དེ་དང་རྒ་ཤི་དེ་ཅི་ཡི་ཕྱིར་ན་ཡོད་དོ་ཞེས་རྣམ་པར་རྟོག་པས་སྤྲོ༷་བར་བྱེད་དེ་སྤྲོ་མི་རིགས་སོ། །གསུམ་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། འཁོར་བ་ཞེས་བྱ་བ་འབའ་ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི་གཞན་རྒྱུ་དང་འབྲས་བུ་ཉིད་དང་ནི་མཚན་ཉིད་དང་ནི་མཚན་གཞི་ཉིད་དང་། ཚོར་བ་དང་ཚོར་པོ་ཉིད་དང་ནི་གཞན་ཡང་ཤེས་པ་དང་ཤེས་བྱ་སོགས་ཕན་ཚུན་ལྟོས་པའི་དོན་ཡོད་པར་འདོད་པའི་དངོས་པོ་གང་དག་ཅི་ཡང་རུང་སྟེ་འཁོར་འདས་ཚད་འབྲས་གཞལ་བྱ་འཇལ་བྱེད་སོགས་དངོས་པོ་དེ་དག་རྣམས་ཐམས་ཅད་ཉིད་ལ་ཡང་གཅིག་སྔོན་དུ་གྲུབ་པའི་སྔོན་གྱི་མཐའ་དང་ལྷན་ཅིག་ཏུ་ནི་ཡོད་པ་མ་ཡིན་པས་ལྟོས་གྲུབ་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་སྟོང་པ་ཉིད་དང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ཏེ། འདི་ལྟར་ ― MR01_Page_0306 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུ་སྔ་ན་དེའི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་མེད་པ་དང་། འབྲས་བུ་སྔ་ན་འབྲས་བུ་རྒྱུ་མེད་དང་། དུས་མཉམ་ན་ཕན་ཚུན་མི་ལྟོས་པས་གཉིས་ཀ་རྒྱུ་མེད་དུ་འགྱུར་ལ། དེ་བཞིན་མཚན་མཚོན་སོགས་ཐམས་ཅད་ལ་སྦྱར་བར་བྱའོ། །གཉིས་པ་ནི། སྔོན་དང་ཕྱི་མའི་མཐའ་འམ་འཁོར་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།བཅུ་གཉིས་པ་སྡུག་བསྔལ་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། སྡུག་བསྔལ་བ་ཡང་སྡུག་བསྔལ་བས་སྟོང་ངོ་། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། དེ་ལ་བདག་ཡོད་དེ། དེ་དང་འབྲེལ་བའི་སྡུག་བསྔལ་ཡོད་པས་སོ། །བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་པས། སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་བདག་མེད་ན། སྡུག་བསྔལ་བར་མི་འཐད་དེ། མོ་གཤམ་གྱི་བུ་ན་བ་མེད་པ་བཞིན་ནོ་སྙམ་ན། དེ་མ་གྲུབ་པར་སྟོན་པ་ལ། གཞུང་དང་། མཚན་ནོ། །དང་པོ་ལ་གསུམ། གཞན་གྱི་འདོད་པ་བརྗོད་པ་དང་། གནོད་བྱེད་ཀྱི་རིགས་པ་བརྗོད་པ། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ནི། སྡུག་བསྔལ་དེ་ལ་རྒྱུ་མཐའ་བཞིར་དཔྱད་ན། གྲངས་ཅན་པ་ ― MR01_Page_0307 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་ཁ་ཅིག་སྡུག་བསྔལ་བདག་གིས་བྱས་པ་དང་། རང་སྡེ་ཕལ་ཆེར་སྡུག་བསྔལ་རྒྱུ་གཞན་གྱིས་བྱས་པ་དང་། གཅེར་བུ་པས་རང་གཞན་གཉི་གས་བྱས་པ་དང་། རྒྱང་འཕེན་པས་རྒྱུ་མེད་པ་ལས་འབྱུང་བར་འདོད། གྲངས་ཅན་པས་སྡུག་བསྔལ་སྡུག་བསྔལ་རང་ཉིད་ལས་སྐྱེ་བར་འདོད། བྱེ་བྲག་པས་སྡུག་བསྔལ་གང་ཟག་གི་བདག་གིས་བྱས་པར་འདོད། སྡུག་བསྔལ་དང་ངོ་བོ་ཐ་དད་པའི་རྒྱུ་གཞན་ལས་བྱུང་བར་རང་སྡེ་དང་གཞན་ཡང་འདོད། གཅེར་བུ་པས་ལུས་ཀྱིས་བྱས་པ། ལུས་སྡུག་བསྔལ་ཡིན་པས་རང་གིས་བྱས་པ་དང་སྲོག་གི་བྱས་པ་ནི་སྲོག་སྡུག་བསྔལ་ལས་གཞན་ཡིན་པས་གཞན་གྱིས་བྱས་པར་སྨྲ་བ་སོགས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྡུག་བསྔལ་བདག་དང་གཞན་དང་གཉི་ག་ལས་བྱུང་བ་དང་རྒྱུ་མེད་པར་དམ་བཅའ་བ་དེ་ལྟ་བུ་ནི་ནམ་ཡང་བྱ་བར་མི་རུང་ངོ་། །གཉིས་པ་ལ་ལྔ། སྡུག་བསྔལ་བདག་གིས་བྱས་པ་དགག་པ། གཞན་གྱིས་བྱས་པ་དགག་པ་དང་། རིགས་པ་གཞན་གྱིས་བདག་བྱས་དང་གཞན་བྱས་དགག་པ་དང་། གཉིས་ཀས་བྱས་པ་དགག་པ་དང་། རྒྱུ་ ― MR01_Page_0308 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་ལས་འབྱུང་བ་དགག་པའོ། །དང་པོ་ལ་སྡུག་བསྔལ་ཉིད་ཀྱིས་བྱས་པ་ལ་བདག་བྱས་སུ་བརྗོད་པ་དང་། གང་ཟག་གིས་བྱས་པ་ལ་བདག་བྱས་སུ་བརྗོད་པ་གཉིས་ལས། དང་པོ་དགག་པ་ནི། གལ་ཏེ་སྡུག་བསྔལ་དེ་སྡུག་བསྔལ་བདག་གིས་བྱས་པར་གྱུར་ན་བདག་ཉིད་ཀྱིས་བདག་ཉིད་བྱས་པ་དེ་ཕྱིར་སྡུག་བསྔལ་དེ་སྔ་མའི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མི་འགྱུར་ཏེ་སྡུག་བསྔལ་རང་གི་ངོ་བོ་སྔར་ནས་གྲུབ་པའམ་ཡོད་པས་སོ། །དེ་མི་འཐད་དེ་གང་གི་ཕྱིར་འགག་པའི་ཆར་གཏོགས་འཆི་དུས་ཀྱི་ཕུང་པོ་འདི་དག་ལ་བརྟེན་ནས་སྐྱེ་དུས་ཀྱི་ཕུང་པོ་དེ་དག་འབྱུང་བར་མཐོང་བ་ཡིན་པས་སོ། །གཉིས་པ་སྡུག་བསྔལ་གཞན་བྱས་དགག་པ་ལ། སྡུག་བསྔལ་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་བརྗོད་པ་དང་། གང་ཟག་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་བརྗོད་པ་གཉིས་ལས། དང་པོ་དགག་པ་ནི། གལ་ཏེ་འཆི་དུས་ཀྱི་ཕུང་པོ་འདི་ལས་སྐྱེ་དུས་ཀྱི་ཕུང་པོ་དེ་གཞན་དུ་འགྱུར་ཞིང་། གལ་ཏེ་སྐྱེ་དུས་ཀྱི་ཕུང་པོ་དེ་ལས་འཆི་དུས་ཀྱི་ཕུང་པོ་འདི་གཞན་ཡིན་ན་དེའི་ཚེ་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ཞིང་། གཞན་དེ་དག་གིས་དེ་བྱས་པར་འགྱུར་ནའང་དེ་མི་འཐད་དོ། །སངས་བསྐྱང་ ― MR01_Page_0309 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ཤེར་སྒྲོན་དུ། གཞན་དེ་དག་གིས་འདི་བྱས་པས། སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ཞེས་པ་དེའོ། །དེ་ལ་རང་གི་ངོ་བོ་མེད་ན་རང་གིས་བྱས་པ་མེད་ལ། ཡོད་ན་རྐྱེན་ལ་ལྟོས་མི་དགོས་པས་དེ་ལ་རྟེན་འབྱུང་མི་རུང་ཞིང་། དེ་དག་རྟེན་འབྱུང་ཡིན་ཏེ། ཕུང་པོ་སྔ་མ་ལས་ཕྱི་མ་འབྱུང་བས་སོ། །རྟེན་འབྱུང་མིན་ན་མི་འཐད་པ་གོང་དུ་རྒྱས་པར་བསྟན་ཟིན་ཏོ། །གལ་ཏེ་གཞན་དུ་ངོ་བོས་གྲུབ་པ་ལ། རྒྱུ་འབྲས་ཀྱི་འབྲེལ་བ་མི་གནས་པས་གཞན་གྱིས་བྱས་པ་ག་ལ་འཐད། ཅེས་སོ། །འདི་སྐབས་སྡུག་བསྔལ་ཞེས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་ཉིད་ལ་སྡུག་བསྔལ་དུ་བྱས་པ་དེ་ལ་འཛིན་དགོས་སོ། །སྔ་མའི་གཉིས་པ་གང་ཟག་གིས་བྱས་པ་ལ་བདག་བྱས་སུ་བརྗོད་པ་དགག་པ་ནི། གལ་ཏེ་སྡུག་བསྔལ་རང་གིས་རང་བྱས་པ་མིན་ལ་གང་ཟག་གཞན་གྱིས་བྱས་པ་གཞན་ལ་བྱིན་པ་ལྟ་བུ་མ་ཡིན་གྱི་སྡུག་བསྔལ་གང་གིས་དེར་བཏགས་པའི་གང་ཟག་བདག་གིས་ནི་བདག་གི་སྡུག་བསྔལ་བྱས་པ་ཡིན་ནོ་ཞེ་ན། སྡུག་བསྔལ་དེ་ཉིད་ལ་བཏགས་པའི་གང་ཟག་བདག་གིས་ནི་སྡུག་བསྔལ་དེ་བྱས་པའི། གང་ཟག་དེ་ནི་སྡུག་བསྔལ་གྱི་ཕུང་པོ་ལྔ་པོ་ཉིད་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ་མི་ ― MR01_Page_0310 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྣང་བས་སམ་བྱེད་པོ་མི་འགྲུབ་ཅེས་སོ། །དེ་ལ་མིའི་སྡུག་བསྔལ་ཉེ་བར་ལེན་པ་ཅན་གྱི་གང་ཟག་གིས་མིའི་སྡུག་བསྔལ་དེ་བྱས་སོ་ཞེ་ན། མིའི་གང་ཟག་དེ་མིའི་སྡུག་བསྔལ་དང་ཐ་དད་དུ་མ་དམིགས་པས། འདི་བྱེད་པོ་དང་། འདི་བྱ་རྒྱུ་སྡུག་བསྔལ་ཞེས་ཕྱེ་སྟེ་བསྟན་མི་ནུས་ཤིང་རང་ལ་བྱ་བྱེད་འགལ་ལ། གལ་ཏེ་ཚེ་སྔ་མའི་མིའི་སྡུག་བསྔལ་ཉེར་ལེན་ཅན་གྱི་གང་ཟག་གིས། ཚེ་ཕྱི་མའི་ལྷའི་སྡུག་བསྔལ་བྱས་པར་གྱུར་ན། གཞན་བྱས་སུ་ཇི་སྟེ་མི་འགྱུར། ཚེ་སྔ་ཕྱིའི་ཉེར་ལེན་ཏེ་སྡུག་བསྔལ་ལམ་ཕུང་པོ་ཐ་དད་ཀྱང་གང་ཟག་ཐ་མི་དད་པ་ཡིན་ཅེ་ན། ཉེར་ལེན་ནམ་ཕུང་པོ་ལས་ཐ་དད་པའི་གང་ཟག་བསྟན་པར་མི་ནུས་པས་སོ། །ཕྱི་མའི་གཉིས་པ་གང་ཟག་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་འདོད་པ་དགག་པ་ནི། གལ་ཏེ་ཚེ་སྔ་ཕྱིའི་གང་ཟག་གཅིག་མིན་པས་གཞན་མའི་གང་ཟག་གིས་བསགས་པའི་ལས་ཀྱིས་ནི་ཕྱི་མའི་ལྷའི་སྡུག་བསྔལ་འབྱུང་བར་བྱས་ནས་དེ་ལྷའི་གང་ཟག་ལ་བྱིན་པས་སྡུག་བསྔལ་དེ་ལ་ལྷའི་གང་ཟག་ཏུ་འདོགས་པའི་ཕྱིར་སྡུག་བསྔལ་གཞན་བྱས་ཡིན་ནོ་སྙམ་ན། སྟེར་བ་པོ་མིའི་གང་ཟག་གཞན་ཞིག་གིས་སྡུག་བསྔལ་དེ་བྱས་ནས་ཡུལ་ལྷའི་གང་ཟག་གང་ལ་སྦྱིན་པར་བྱ་བ་དེ་བླང་བྱའི་སྡུག་ ― MR01_Page_0311 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྔལ་ཉིད་ལས་མ་གཏོགས་པའི་ལེན་པ་པོ་ཇི་ལྟར་རུང་སྟེ་མི་རུང་ངོ་། །མདོར་ན་གཞན་གྱིས་མ་བྱིན་པའི་སྔ་རོལ་ན་སྡུག་བསྔལ་མེད་པའི་ལེན་པ་པོ་གང་ཟག་དེ་བསྟན་དགོས་ན་དེ་ཡོད་པར་ཇི་ལྟར་རུང་ཞེས་སོ། །གལ་ཏེ་སྟེར་བ་པོ་མིའི་གང་ཟག་གཞན་ལས་ཕྱི་མའི་ལྷའི་སྡུག་བསྔལ་འབྱུང་ན་བྱེད་པོ་མིའི་གང་ཟག་གང་གིས་སྡུག་བསྔལ་དེ་བྱས་ནས་གཞན་ལྷའི་གང་ཟག་ལ་སྟེར་བར་བྱེད་པའི་གང་ཟག་གཞན་དེ་མིའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར། སྟེར་བ་པོ་འགོག་པའི་ཚིག་བཅད་འདི་ཚིག་གསལ་ལས་བྱུང་ངོ་། །དེ་ལྟར་ན་སྟེར་བྱ་སྟེར་བྱེད་ཀྱི་གང་ཟག་གཉིས་ཀ་བྱ་རྒྱུའི་ཕུང་པོའམ་སྡུག་བསྔལ་ལས་ལོགས་སུ་མེད་ན། སྡུག་བསྔལ་དེ་གང་ཟག་གཞན་གྱིས་བྱས་ཞེས་ཇི་ལྟར་བརྟགས་ཏེ། སྡུག་བསྔལ་ལས་ཐ་དད་པའི་བྱེད་པོ་གང་ཟག་མི་དམིགས་པས་སོ། །ཞེས་སོ། །གསུམ་པ་རིགས་པ་གཞན་གྱིས་བདག་བྱས་དང་གཞན་བྱས་དགག་པ་ནི། སྡུག་བསྔལ་བདག་གིས་བྱས་པ་ཞེས་པ་དེ་སྔོན་དུ་གྲུབ་ན། གཞན་གྱིས་བྱས་པ་འགྲུབ་པ་ཞིག་ན། སྡུག་བསྔལ་བདག་གིས་བྱས་པ་མ་གྲུབ་ན། དེ་གཞན་ ― MR01_Page_0312 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་བདག་གིས་བྱས་ཞེས་པ་ཅི་ཞིག་སྟེ། དེ་ཡང་དེའི་བདག་གིས་བྱེད་དགོས་པས་སོ། །དཔེར་ན་བྱམས་པའི་གོས་ཉེར་སྦས་ཀྱིས་བྱས་ན། གོས་དེ་ཐོག་མར་ཉེར་སྦས་ཀྱིས་བདག་གིར་བྱ་དགོས་པ་བཞིན་ཏེ། འདི་ལྟར་བྱེད་པོ་མིའི་གང་ཟག་གི་བདག་གིས་མིའི་སྡུག་བསྔལ་བྱས་པར་མ་གྲུབ་པས་ལྷའི་སྡུག་བསྔལ་དེ་མིའི་གང་ཟག་གཞན་གྱིས་ག་ལ་བྱས་ཏེ་མི་བྱེད་དོ། །དེ་ཡང་མིའི་གང་ཟག་གཞན་གྱིས་ལྷའི་སྡུག་བསྔལ་གང་ཞིག་བྱེད་པ་དེ་ལ་ནི་མིའི་གང་ཟག་གཞན་དེ་ཡིས་བདག་གིས་བྱས་པར་འགྱུར་དགོས་པས། རེ་ཞིག་ཕུང་པོ་སྡུག་བསྔལ་དེ་བདག་གིས་བདག་བྱས་པ་མིན་ཏེ། དེ་ཉིད་ཀྱིས་ནི་སྡུག་བསྔལ་དེ་མ་བྱས་པས་ཏེ་རང་ལ་རང་བྱེད་པ་འགལ་བས་སོ། །གལ་ཏེ་ཕུང་པོ་ལས་གཞན་དུ་ངོ་བོས་གྲུབ་པའི་བདག་གིས་མ་བྱས་ན། སྡུག་བསྔལ་གཞན་གྱིས་བྱས་པའང་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེ་ལ་སྡུག་བསྔལ་དེ་གང་ཟག་རང་གིས་བྱས་ལ། གང་ཟག་ཀྱང་སྡུག་བསྔལ་ལས་གཞན་མིན་པ་ལ་བསམ་ནས་སྡུག་བསྔལ་སྡུག་བསྔལ་གྱིས་བྱས་སོ་ཞེས་སྨྲ་ལ། ཡང་གང་ཟག་དེ་སྡུག་བསྔལ་མིན་པ་ལ་བསམ་ནས་གཞན་གྱིས་བྱས་སོ་སྙམ་ན། ཚིག་སྔ་མ་གཉིས་ཀྱིས་བདག་བྱས་འགོག་སྟེ། རྐང་པ་ ― MR01_Page_0313 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་པོས་ཕུང་པོ་ལས་ཐ་དད་པའི་བདག་མེད་པས་སྡུག་བསྔལ་བདག་གིས་བྱས་པ་འགོག་གཉིས་པས་སྡུག་བསྔལ་དེ་ཉིད་སྡུག་བསྔལ་གྱིས་བྱས་པ་འགོག །ཕྱི་མ་གཉིས་ཀྱིས་སྡུག་བསྔལ་ལམ་ཕུང་ལྔར་མ་གཏོགས་པའི་བདག་མེད་པས་སྡུག་བསྔལ་གཞན་བྱས་འགོག་ཅེས་སངས་རྒྱས་བསྐྱང་གསུངས། གཞན་ཡང་རྐང་པ་དང་པོས་སྡུག་བསྔལ་དེ་གཞན་ནམ་རང་གི་གང་ཟག་གི་བདག་གིས་བྱས་པ་མིན་ལ། རྐང་པ་གཉིས་པས་སྡུག་བསྔལ་རང་གིས་མ་བྱས་པ་དང་། ཕྱི་མ་གཉིས་ཀྱིས་གཞན་གྱིས་མ་བྱས་པར་འཆད་པ་འདྲའོ། །བཞི་པ་གཉིས་ཀས་བྱས་པ་དགག་པ་ནི། སྡུག་བསྔལ་བདག་གཞན་སོ་སོ་བ་རེ་རེས་བྱས་པ་མེད་ཀྱང་གཉིས་ཀ་ཚོགས་པས་བྱས་པ་ཡོད་སྙམ་ན་དེ་མི་འཐད་དེ། གལ་ཏེ་རང་གཞན་གཉིས་པོ་གང་རུང་རེ་རེས་སྡུག་བསྔལ་བྱས་པར་གྱུར་ན་ནི་སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར་སྲིད་ནའང་། དེ་རེ་རེས་བྱས་པ་བཀག་ཟིན་པས་སྐྱོན་གཉིས་ཀར་འགྱུར་རོ། །དེ་ལ་ཡན་ལག་རེ་རེ་ལ་ཤིང་རྟ་མེད་ཀྱང་ཚོགས་པ་ལ་ཤིང་རྟར་བཞག་པ་ནི་ལྟོས་བཏགས་ཡིན་པས་འདིར་དེ་ལྟར་མི་རུང་སྟེ། སྲོག་གཅོད་པ་རེ་རེ་ནས་མ་བྱས་ན་འདི་གཉིས་ཀས་སྲོག་གཅོད་ ― MR01_Page_0314 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱས་སོ་ཞེས་འཇོག་མི་ནུས་པ་ལྟར། རང་གཞན་དེ་གཉིས་ལས་གཞན་པའི་ཚོགས་པའི་བྱེད་པོ་ནམ་ཡང་མི་སྲིད་པས་གཉིས་ཀས་བྱས་པ་མེད་དོ། །ལྔ་པ་རྒྱུ་མེད་པར་འབྱུང་བ་དགག་པ་ནི། བདག་གིས་མ་བྱས་ཤིང་གཞན་གྱིས་ཀྱང་མ་བྱས་གཉིས་ཀས་ཀྱང་མ་བྱས་པའི་སྡུག་བསྔལ་དེ་རྒྱུ་མེད་ཉིད་དུ་ཡོད་པར་ག་ལ་འགྱུར་ཏེ་ནམ་མཁའི་མེ་ཏོག་གི་དྲི་ཞིམ་བཞིན། རྒྱུ་མེད་ནི་རྟག་ཏུ་ཡོད་མེད་དུ་ཐལ་བས་ནམ་ཡང་མི་སྲིད་དོ། །གསུམ་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི་། ནང་སེམས་ཅན་གྱི་རྒྱུད་ཀྱི་ཕུང་པོ་ལྔའམ་སྡུག་བསྔལ་འབའ་ཞིག་ལ་བདག་གིས་བྱས་པ་སོགས་རྣམ་པ་བཞི་ཡོད་པ་མ་ཡིན་པར་མ་ཟད་ཀྱི་ཕྱི་རོལ་གྱི་དངོས་པོ་ས་མྱུག་བུམ་སྣམ་སོགས་ཐམས་ཅད་དག་ལ་ཡང་བདག་བྱས་སོགས་རྣམ་པ་བཞི་པོ་ཡོད་པ་མ་ཡིན་ནོ། །དེས་ན་དོན་དམ་པར་དཔྱད་ན་ནི་མཐའ་བཞིའི་སྐྱེ་བའི་ཁྱབ་བྱེད་ཁེགས་པས་སྡུག་བསྔལ་སོགས་རང་བཞིན་མེད་ལ། ཐ་སྙད་དུ་ནི། རབ་བྱེད་བརྒྱད་པར་བཤད་པ་ལྟར་རྟེན་འབྱུང་དུ་ལྟ་སྟེ། སྡུག་བསྔལ་བདག་གིས་བྱས་པ་དང་སོགས། ཁྱོད་ཀྱིས་རྟེན་ནས་འབྱུང་བར་གསུངས། ཞེས་པ་ལྟར་མཐའ་བཞིར་མི་སྐྱེ་བས་རྟེན་ནས་འབྱུང་བ་སྒྱུ་མ་ལྟ་བུའི་ཚུལ་དུ་ཡོད་དོ། །གཉིས་པ་ ― MR01_Page_0315 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི། བདག་གིས་བྱས་པ་དང་གཞན་གྱིས་བྱས་པའམ་སྡུག་བསྔལ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།བཅུ་གསུམ་པ་དེ་ཁོ་ན་ཉིད་དམ་འདུ་བྱེད་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་ཁོ་ན་ཏེ། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བསླུ་བའི་ཆོས་ཅན་ནོ་ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། དེ་ལྟར་བརྟགས་ན་དངོས་པོ་ཐམས་ཅད་མཐའ་བཞིའི་སྐྱེ་བ་དང་བྲལ་བས་རང་བཞིན་མེད་ཀྱང་། མ་རིག་པའི་རབ་རིབ་ཀྱིས་བློའི་མིག་ཉམས་པ་རྣམས་ལ་རང་བཞིན་གྱིས་སྐྱེ་བའི་ངོ་བོར་ཡང་སྣང་སྟེ། སྒྱུ་མ་མི་ཤེས་པ་དག་སྒྱུ་མའི་རྟ་གླང་སོགས་ཀྱིས་བསླུ་བར་བྱེད་པ་བཞིན་ནོ། །དེའི་ཕྱིར་ཤེས་བྱ་ཐམས་ཅད་ལ་གཟིགས་པ་རབ་རིབ་དང་བྲལ་བའི་དེ་བཞིན་གཤེགས་པས། མདོ་ལས། དགེ་སློང་དག་འདུས་བྱས་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ་ཞེས་གསུངས། དེ་ལ་བསླུ་བའི་ཆོས་ཅན་ནི་འདྲིད་པར་བྱེད་ཅིང་ཕྱིན་ཅི་ལོག་ཏུ་སྣང་བ་སྟེ་མགལ་ ― MR01_Page_0316 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེའི་འཁོར་ལོ་བཞིན་ནོ་ཞེས་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་བཞི་སྟེ། ལུང་གི་དགོངས་པ་བརྗོད་པ། དགོངས་པ་གཞན་དུ་འདོད་པ་དགག་པ། གཞན་གྱི་རྩོད་པ་སྤང་བ། སྟོང་ཉིད་གསུངས་པའི་དགོས་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་བསླུ་བ་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ནོ་ཞེས་གསུངས་པས་འདུ་བྱེད་ཐམས་ཅད་ནི་དེའི་རང་བཞིན་མིན་པ་བསླུ་བའི་ཆོས་ཕྱིན་ཅི་ལོག་སྣང་གི་ཆ་ནས་ཡིན་པ་དེས་ན་འདུ་བྱེད་དེ་དག་བརྟགས་སྟོང་ངམ་བརྫུན་པའམ་ཀུན་རྫོབ་པ་ཡིན་ཏེ་སྨིག་རྒྱུའི་ཆུ་བཞིན་ནོ། །གལ་ཏེ་བརྫུན་པ་དང་བསླུ་བ་ཞེས་བྱ་བ་གཉིས་ཀ་མེད་པའི་དོན་ཡིན་པས་བསླུ་བའི་ཆོས་ཀྱིས་བརྫུན་པ་ཇི་ལྟར་འགྲུབ། གལ་ཏེ་འདུ་བྱེད་ཐམས་ཅད་བརྫུན་པའམ་མེད་པའི་དོན་དུ་ལྟ་ན། དོན་བྱེད་ནུས་པའི་དངོས་པོ་གང་ཡང་མེད་པས་ཐ་སྙད་ཀྱི་དངོས་པོ་ཐམས་ཅད་ལ་སྐུར་འདེབས་ཀྱི་ལོག་ལྟ་རུ་འགྱུར་རོ་ཞེས་རྩོད་དེ། སྔར་དྲངས་པའི་མདོ་ལུང་དེ་ཉན་ཐོས་སྡེ་པ་ལ་གྲགས་པའི་ལུང་ཡིན་ལ། དེ་དག་གིས་བརྫུན་པ་ཡིན་ན་རི་རྭ་ལྟར་ཡེ་མེད་ཞིག་ཏུ་གོ་ནས། ངོ་བོ་ཉིད་ཀྱིས་མ་གྲུབ་བཞིན་དེར་སྣང་བ་ལ་བརྫུན་པར་འཇོག་ཅིང་། སྣང་ ― MR01_Page_0317 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཙམ་གྱི་དོན་དེ་དག་གིས་ཐ་སྙད་དུ་བྱ་བ་བྱེད་ནུས་པ་སྒྱུ་མ་དང་འདྲ་བར་མི་ཤེས་པས་སོ། །དེས་ན་ཁྱོད་དང་ཁྱོད་འདྲ་བ་དག་ཆོས་རྣམས་ངོ་བོ་ཉིད་ཀྱིས་ཡོད་དོ་སྙམ་པའི་ཚུལ་འདིས་བསླུས་པས་ན་བསླུ་བའི་ཆོས་ཞེས་སུ་བཞག་པ་ཡིན་ནོ། །གལ་ཏེ་སྒྲུབ་བྱེད་བསླུ་བའི་ཆོས་ཅན་དུ་གྱུར་པའི་དངོས་པོ་གང་ཡིན་པ་དེ་ཡི་བསྒྲུབ་བྱ་བརྫུན་པ་རང་བཞིན་མེད་པ་ཉིད་དོ་ཞེས་བཞག་ན་དངོས་པོ་དེ་ལ་ཅི་ཞིག་བསླུ་བ་སྟེ་དངོས་པོ་མེད་པའི་སྐུར་འདེབས་སུ་ཅི་ཞིག་འགྱུར། འདི་ལྟར་རང་བཞིན་གྱིས་ཡོད་པ་ཞིག་ལ་དེ་མེད་པ་བསླུ་བར་བཤད་ན་སྐུར་བར་འགྱུར་བ་ཞིག་ན། འདིར་ཁོ་བོ་ཅག་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡོད་པར་ནམ་ཡང་མི་འདོད་པས། དངོས་པོ་དེའི་གནས་ཚུལ་ལ་སྐུར་འདེབས་སུ་ག་ལ་འགྱུར་ཏེ་རང་བཞིན་གྱིས་བསླུ་བའམ་མ་གྲུབ་པ་ཡིན་པས་སོ། །དེ་ཡང་འདི་རྫུན་མི་རྫུན་ཞེས་དཔྱོད་པ་གང་གིས་དངོས་པོ་ཡོད་པ་བདེན་པ་གཞིར་བཞག་གི་སྟེང་ནས་དེའི་འགལ་ཟླ་བརྫུན་པའོ་སྙམ་ན་སྐུར་འདེབས་འདྲ་བའི་རྣམ་པར་འཆར་ཏེ། ལྷས་བྱིན་ལ་མིག་མེད་སྙམ་པ་ལྟ་བུའོ། །དངོས་པོ་རང་བཞིན་མེད་པ་གཞིར་བཞག་གི་སྟེང་ནས་བསམ་ན། ― MR01_Page_0318 ―
[མ་དཔེ་གཟིགས་ན་འདིར་གནོན།]
དངོས་པོ་རྣམས་རང་བཞིན་གྱིས་བརྫུན་པའི་ཆོས་ཉིད་དུ་གྲུབ་པ་དེ་ལ་དེ་བརྫུན་ནོ་ཞེས་བཞག་པས་སྐུར་པ་ག་ལ་ཡིན་ཏེ། གཟུགས་བརྙན་ལ་གཟུགས་ཀྱི་རང་བཞིན་མེད་ཅེས་པ་བཞིན་ནོ། །གལ་ཏེ་དངོས་མེད་དུ་ལྟ་བ་ཡང་མི་སྟོན་ན་ལུང་འདིས་ཅི་སྟོན་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱེད་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་ནོ་ཞེས་དེ་སྐད་དུ་གསུངས་པ་གང་ཡིན་པ་དེ་ནི་འདི་མེད་ཅེས་སྟོན་པ་མིན་གྱི་ཡོད་པ་འདི་རང་བཞིན་སྟོང་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །དེས་ན་འདི་བསླུ་བ་ཀུན་རྫོབ་ཏུ་བསྟན་པ་དེ་ནི་འདི་གནས་ཚུལ་ལ་སྐུར་བ་འདེབས་པ་མ་ཡིན་གྱི་འདིའི་གནས་ཚུལ་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པ་ཡིན་ནོ་ཞེས་སོ། །ཁྱོད་ལྟར་ན་བསླུ་བ་ཞེས་པ་མེད་པའི་དོན་དུ་འདོད་པས་བསླུ་བ་ཅི་ཞིག་ཡོད་དེ་མེད་པས་སུ་ཡང་བསླུ་མི་སྲིད་པས་སོ། །དེས་ན་མེད་སྣང་གཉིས་ཚོགས་ཡིན་པར་རམ། རང་གིས་དེ་གཉིས་དགག་སྒྲུབ་ཀྱི་ཕྱོགས་ནས་བཤད་ཚུལ་ཡིན་ནོ། །འདིར་བསླུ་བའི་དོན་མེད་པར་མི་འདོད་ལ། བསླུ་བའི་ཆོས་ཅན་དུ་ཡོད་པར་འདོད་དེ། སྒྱུ་མའི་རྟ་གླང་མེད་པར་མི་འདོད་ཀྱི། རྟ་གླང་གི་རང་བཞིན་དུ་མེད་པས་བསླུ་བར་འདོད་པ་བཞིན་ནོ། །གཉིས་པ་ལ་གཉིས། གཞན་གྱི་ ― MR01_Page_0319 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདོད་པ་བརྗོད་པ་དང་། དེ་བཀག་པའོ། །དང་པོ་ནི། དེ་དག་ན་རེ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་བསླུ་བར་གསུངས་པ་ནི་ཁྱོད་ཀྱི་འདོད་པ་ལྟར་རང་བཞིན་སྟོང་པར་གསུངས་པ་ནི་མིན་ཏེ། དངོས་པོ་རང་བཞིན་ཡོད་པའི་ཆོས་དེ་དག་ནི་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་འཇིག་པས་ན་བསླུ་བ་ཞེས་བཤད་དེ། མདོ་དེ་ལས་ཀྱང་འདི་ནི་བསླུ་བར་བྱེད་པ་དང་། འདི་ནི་འཇིག་པའི་ཆོས་ཅན་ནོ་ཞེས་གསུངས་པས་སོ། །དེ་ལྟ་མིན་ན་མི་འཐད་དེ་དངོས་པོ་མེད་ན་གནས་སྐབས་གཞན་དུ་འགྱུར་བ་དམིགས་པ་དང་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པ་ཡང་མི་གྲུབ་སྟེ། དེ་གཉིས་ཀྱི་རྟེན་གཞིར་གྱུར་པ་མེད་པས་མོ་གཤམ་གྱི་བུ་ལ་ཆོས་སྔོ་བསངས་མི་འཐད་པ་བཞིན་ནོ་སྙམ་ནས་དངོས་པོ་རྣམས་ནི་ཕྱི་རོལ་པའི་འདོད་པ་རང་གི་རང་བཞིན་དུ་རྟག་པའམ་གནས་པའི་ངོ་བོ་ཉིད་མེད་པ་སྟེ་དེ་དག་གནས་སྐབས་གཞན་དུ་འགྱུར་བ་མི་རྟག་པ་ཉིད་དུ་མངོན་སུམ་དུ་སྣང་བའི་ཕྱིར་རོ། །དེ་ཙམ་མིན་པར་དངོས་པོ་རང་ལ་ངོ་བོ་ཉིད་མེད་པ་ནི་གཅིག་ཀྱང་མེད་དེ་གང་གི་ཕྱིར་ན་ཆོས་ཅན་དངོས་པོ་རྣམས་གང་ཟག་གི་བདག་གིས་སྟོང་པ་ཉིད་དུ་འདོད་དགོས་པ་དང་། གལ་ཏེ་ངོ་བོ་ཉིད་ཀྱང་མེད་ན་ ― MR01_Page_0320 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནམ་མཁའི་མེ་ཏོག་ལྟར་གཞན་དུ་འགྱུར་བ་ཞེས་བྱ་བའི་ཆོས་འདི་ཡང་ཆོས་ཅན་གང་གི་ཡིན་ཏེ་མི་འཐད་པས་སོ་ཟེར། གཉིས་པ་ནི། གལ་ཏེ་ཁྱོད་ལྟར་ན་སྒྲུབ་བྱེད་གཞན་དུ་གྱུར་པ་ཞེས་པ་དེ་མི་འཐད་དེ་ཆོས་རྣམས་ལ་ངོ་བོ་ཉིད་རང་བཞིན་གྱིས་ཡོད་ན་གཞན་དུ་འགྱུར་བར་ཇི་ལྟར་རུང་སྟེ་དཔེར་ན་མེ་ཚ་བ་དང་བྲལ་བ་མི་སྲིད་པ་བཞིན་རང་བཞིན་ཡོད་པ་དེ་ལས་ནམ་ཡང་གཞན་དུ་འགྱུར་བའི་སྐབས་མི་སྲིད་པས་སོ། །དངོས་པོ་ཁོ་རང་གི་གནས་སྐབས་ལ་གནས་པ་དེ་ཉིད་ལ་ནི་གཞན་འགྱུར་མེད་དེ་དེ་ཉིད་མ་འགྱུར་པ་ཡིན་པས་སོ། །གཞན་དུ་འགྱུར་ཟིན་ཉིད་ལ་ཡང་ཡོད་པ་མ་ཡིན་ཏེ་དེ་གཞན་དུ་གྱུར་ཟིན་པས་སོ། །དེ་དག་དཔེས་བསྟན་པ་ནི། གང་ཕྱིར་གཞོན་ནུ་ཡིན་བཞིན་མི་རྒ་སྟེ་དེ་གཉིས་གནས་སྐབས་འགལ་བའི་ཕྱིར་རོ། །གང་ཕྱིར་ཐོག་མ་ནས་རྒས་ཟིན་པ་ཉིད་ཁོ་ནའང་མི་རྒའོ་སྟེ་སླར་ཡང་རྒས་པ་དོན་མེད་དོ། །གལ་ཏེ་སྔར་གྱི་གནས་སྐབས་དེ་ཉིད་ཡིན་བཞིན་དུ་གཞན་དུ་འགྱུར་རོ་སྙམ་ན་སྔ་མའི་གནས་སྐབས་དེ་ཉིད་མ་བཏང་བཞིན་དུ་འགྱུར་དགོས་པས་འོ་མ་ཉིད་ནི་ཡིན་བཞིན་དུ་ཞོར་འགྱུར་རོ། །དེ་ལས་གཞན་ཞིག་འགྱུར་བ་མིན་ཏེ་འོ་མ་ལས་གཞན་ཆུ་ལ་སོགས་པ་དངོས་པོ་གང་ཞིག་ནི་ཞོ་ཡི་དངོས་པོ་ ― MR01_Page_0321 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་པར་འགྱུར་ཏེ་ཞོར་འགྱུར་རུང་གཞན་ཅི་ཡང་མེད་པས་སོ། །གསུམ་པ་གཞན་གྱིས་རྩོད་པ་སྤང་བ་ནི། དེ་དག་ན་རེ། རྟེན་ཆོས་ཅན་ཡོད་དེ། བརྟེན་པ་སྟོང་ཉིད་ཡོད་པའི་ཕྱིར། སྟོང་ཉིད་ཡོད་དེ་དེ་འཁོར་བའི་གཉེན་པོ་ཡིན་པས་དེ་དབུ་མ་པ་ཁྱོད་ཀྱིས་ཀྱང་ཁས་མི་ལེན་ནམ། བཅོམ་ལྡན་འདས་ཀྱིས་ཀྱང་། མྱ་ངན་ལས་འདས་པ་ནི་བདེན་པའི་མཆོག་གོ་ཞེས་གསུངས་པའི་ཕྱིར། དེ་ལྟར་སྟོང་ཉིད་གྲུབ་ན་དེའི་འགལ་ཟླ་འམ། སྟོང་གཞི་ཡང་གྲུབ་པར་འགྱུར་རོ་ཞེ་ན། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་གྲུབ་པར་གྱུར་ན་དེ་ལྟ་མོད། དེ་ནི་མེད་དེ། གལ་ཏེ་སྟོང་པ་ཉིད་མིན་པ་ཅུང་ཟད་ཡོད་ན་ནི་དེ་ལ་ལྟོས་པའི་སྟོང་པ་ཅུང་ཟད་ཡོད་པར་འགྱུར་ནའང་ཤེས་བྱའི་ཁོང་ན་མི་སྟོང་པའི་ཆོས་ཅུང་ཟད་གཅིག་ཀྱང་ཡོད་པ་མིན་ན་སྟོང་པ་ཞེས་བྱ་བ་དེའང་ངོ་བོས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེ་ལ་དོན་སྨྲ་བ་དག་སྟོང་གཞི་ཆོས་ཅན་དང་། དེའི་སྟེང་ན་སྟོང་པ་ཡོད་པ་གཉིས་ཀ་སོ་སོར་གྲུབ་པར་ཁས་ལེན་ལ། དེ་ལྟ་ན་ནི་ཆོས་འདི་དག་གི་ནང་ན་ལ་ལ་སྟོང་ཡང་གལ་ཏེ་གཏན་ནས་མི་སྟོང་པའི་ཆོས་ཅན་ཅུང་ཟད་ཞིག་ཡོད་ན། དེ་སྟོང་ཉིད་ལས་གཞན་དུ་གྱུར་པ་ཡིན་པས། མི་སྟོང་པའམ་ཡོད་པ་གང་ཡིན་ ― MR01_Page_0322 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏེ་གཉེན་པོ་སྟོང་པ་ཉིད་ཀྱིས་སྟོང་དགོས་པས་གཉེན་པོ་ལ་ལྟོས་པ་ཡོད་པས་སྟོང་པ་ཅུང་ཟད་ཞིག་ཡོད་ཀྱང་ཞེས། དཔེར་ན་གང་སྐྱེ་བ་ཡོད་པ་དེ་ལ་འགག་པ་ཡོད་པས། གལ་ཏེ་སྐྱེ་བ་ཅུང་ཟད་ཡོད། འགག་པ་ཅུང་ཟད་ཡོད་པ་སྟེ་ལྷས་བྱིན་འགག་པ་དང་། བུམ་པ་འགག་པ་ལ་སོགས་པ་བཞིན་ནོ། །མ་སྐྱེས་ན་མི་འགག་སྟེ། མོ་གཤམ་གྱི་བུ་ཤི་བ་མེད་པ་བཞིན་ནོ། །དེས་ན་སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པས་གང་ཞིག་ཡོད་པར་སྣང་བ་ཡིན་ན་སྟོང་པ་ཡིན་པས་ཁྱབ་པ་དེའི་ཚེ། སྟོང་པ་དེས་ཅི་སྟོང་སྟེ་ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་སྟོང་པ་ཡང་རང་བཞིན་གྱིས་མ་གྲུབ་བོ། །དེས་ན་དང་པོར་ཡོད་འཛིན་ཡོད་པ་ཉིད་ལ་བརྟེན་ཏེ། དེ་བཟློག་བྱེད་ཀྱི་འཛིན་སྟངས་ཙམ་མོ། །དངོས་པོའི་གནས་ཚུལ་ལ་སྟོང་པ་ཉིད་འདིས་ཅི་ཞིག་སྟོང་སྟེ་དགག་བྱ་མེད་པས་སོ། །དགག་བྱ་མེད་པའི་སྟོང་པ་ཉིད་ནི་ཇི་ལྟར་དམིགས་ཞེས་སོ། །བཞི་པ་སྟོང་ཉིད་གསུངས་པའི་དགོས་པ་ནི། དེ་དག་ན་རེ། རྒྱལ་བ་སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཆོས་རྣམ་པར་ཐར་བའི་སྒོ་གསུམ་གསུངས་པ་ཟབ་མོའི་སྟོང་ཉིད་མེད་དོ་ཞེས་སྐུར་བ་འདེབས་པ་ཁྱོད་ནི་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྒྱུན་གཅོད་པའོ་སྙམ་ན། སྨན་པའི་ ― MR01_Page_0323 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱལ་པོ་ཆེན་པོ་རྒྱལ་བ་རྣམས་ཀྱིས་ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། སྟོང་བ་ཉིད་སྟོང་པ་ཉིད་ཅེས་སོགས་བསྟན་པ་དེ་ནི་དངོས་དངོས་མེད་སོགས་ལྟ་བ་ཡིན་ནོ་ཅོག་ཀུན་ལས་ངེས་པར་འབྱུང་བར་རམ་འབྱིན་པའི་གཉེན་པོ་ཉིད་དུ་གསུངས་ཏེ་ཡིན་ན་གང་དག་དངོས་པོ་བཀག་ཟིན་གྱི་སྟོང་པ་ཉིད་རང་ལ་ངོ་བོས་ཡོད་པར་ལྟ་བ་དེ་དག་ཐབས་གང་གིས་ཡང་དག་པར་བསྒྲུབ་ཏུ་མེད་པར་ཏེ་གསོར་མི་རུང་བར་བཀྲུ་སྨན་ལོག་པ་ལྟ་བུར་གསུངས་ཏེ། ཇི་ལྟར་གསུངས་ན། དཀོན་བརྩེགས་ལས། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་སྨོན་པ་མེད་པར་གང་དག་དེ་ལྟར་སོ་སོར་རྟོགས་པ་དེ་ནི་འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོགས་པ་ཞེས་བྱའོ། །འོད་སྲུང་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོགས་པ་དེ་དག་ནི་ངའི་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ ― MR01_Page_0324 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་དག་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ནད་པ་ཞིག་ཡོད་ལ་སྨན་པས་དེ་ལ་སྨན་བཏང་ནས་སྨན་དེས་ནད་ཐམས་ཅད་སྐྱེད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན། འོད་སྲུང་འདི་ཅི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །གང་སྨན་དེས་ནད་ཐམས་ཅད་སྐྱེད་ནས་སྨན་ལྟོར་མཆིས་པ་དེ་ཉིད་མ་བྱུང་ན། མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ན། འོད་སྲུང་གང་དག་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ་ཞེས་གསུངས་པ་བཞིན། མཁྲིས་ནད་ལྟ་བུ་སྨན་དེས་སེལ་ནུས་ཀྱང་། སྨན་དེ་ཉིད་ནད་དུ་སོང་ནས། སྨན་དེས་འབྱིན་མི་ནུས་པ་བཞིན་ནོ། །དེས་ན་སྟོང་ཉིད་སྨན་ལྟ་བུ་རང་ལ་ ― MR01_Page_0325 ―
[མ་དཔེ་གཟིགས་ན་འདིར་གནོན།]
མངོན་པར་ཞེན་ན། དེ་ལ་སྟོང་པ་ཉིད་རྟོགས་པའི་ཐབས་སྒྲུབ་ཏུ་མེད་དེ། གང་ཟག་དེའི་ངོར་གཉེན་པོ་ཉིད་ཟས་སྐྲན་དུ་སོང་བས་སོ། །གང་དག་དངོས་པོ་དང་དངོས་མེད་མི་སྟོང་པ་དང་སྟོང་པ་ཐམས་ཅད་ལྟོས་གྲུབ་ཙམ་ལས་རང་གི་ངོ་བོས་གྲུབ་པ་མེད་པས་ན། སྟོང་པ་ཉིད་ཅེས་པ་མཚན་འཛིན་འཇིག་པའི་ཐབས་ཙམ་ཡིན་གྱི་དེ་རང་ལ་ཞེན་པར་མི་བྱ་སྟེ་ཟོང་སྟེར་རྒྱུ་ཅི་ཡང་མེད་དོ་ཞེས་སྨྲ་ན། ཅི་ཡང་མེད་པ་ཞེས་བྱ་བ་དེ་བདག་ལ་བྱིན་ཅིག་ཟེར་ན། དེ་མེད་པར་འཛིན་དུ་གཞུག་དཀའ་བ་བཞིན་ནོ། །གཉིས་པ་ནི། དེ་ཁོ་ན་ཉིད་དམ་འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའོ།། །།བཅུ་བཞི་པ་ཕྲད་པ་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། རབ་རྩལ་རྣམ་གནོན་མདོ་ལས། གཟུགས་ལ་ཕྲད་པའམ་བྲལ་བ་མེད་དོ་ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་དེ། དེ་དག་གི་ཕྲད་པ་བསྟན་པའི་ཕྱིར་ཞེས་དང་། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་དང་། གསུམ་འདུས་པ་ལས་རེག་པའོ་ཞེས་གསུངས་པའི་ཕྱིར་ཞེ་ན། ཕྲད་པ་དཔྱད་ན་མི་འཐད་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ ― MR01_Page_0326 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནོ། །དང་པོ་ལ་གསུམ། དམ་བཅའི་སྒོ་ནས་མདོར་བསྟན་པ་དང་། འཐད་པའི་སྒོ་ནས་རྒྱས་པར་བཤད་པ་དང་། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། བལྟ་བར་བྱ་བ་གཟུགས་དང་། ལྟ་བ་མིག་དབང་དང་། ལྟ་བ་པོ་བདག་གམ་མིག་ཤེས་གསུམ་པོ་དེ་དག་གཉིས་གཉིས་ཏེ་གཟུགས་དང་མིག་གམ། གཟུགས་དང་མིག་ཤེས་སམ། མིག་དང་མིག་ཤེས་ཕྲད་པ་མེད་པ་དང་གསུམ་པོ་དེ་ཐམས་ཅད་ཀྱང་ནི་ཅིག་ཆར་དུ་ཕན་ཚུན་དུ་ཕྲད་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་དང་ཆགས་པ་པོ་རྣམ་ཤེས་དང་། ཆགས་པར་བྱ་བ་ཡུལ་དང་། དེ་བཞིན་དུ་ཞེ་སྡང་སོགས་ཉོན་མོངས་པ་ལྷག་མ་རྣམས་དང་། སྐྱེ་མཆེད་ཀྱི་ལྷག་མ་མཉན་བྱ་སོགས་ལའང་རྣམ་པ་གསུམ་དུ་ཕྱེ་བ་ཉིད་ཀྱིས་གཉིས་གཉིས་སམ་གསུམ་ཆར་ཕན་ཚུན་དུ་ཕྲད་པ་མེད་དེ་མོ་གཤམ་གྱི་བུ་དང་བུ་མོ་འཕྲད་པ་མེད་པ་བཞིན་ནོ། །གཉིས་པ་ལ་གཉིས། ཆོས་ཅན་མ་གྲུབ་པས་ཕྲད་པ་མི་འཐད་པ་དང་། གཅིག་ཐ་དད་མེད་པས་ཕྲད་པ་མི་འཐད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། འཐད་པ་རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་འདི་དག་རང་ལས་རྫས་གཞན་དང་གཞན་དུ་ཡོད་ན་ཆུ་དང་འོ་མ་བཞིན་དུ་ ― MR01_Page_0327 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྲད་པར་འགྱུར་ནའང་གང་གི་ཕྱིར་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་ལ་སོགས་ལ་ཕྲད་རྒྱུ་རྫས་གཞན་དེ་ལོགས་སུ་ཡོད་པ་མ་ཡིན་པ་དེ་ཡི་ཕྱིར་དེ་དག་ཕྲད་པར་མི་འགྱུར་རོ། །གཉིས་པ་ལ་གཉིས། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་མི་འཐད་པ་དང་། གཞན་ཉིད་ཀྱི་སྤྱི་མ་གྲུབ་པའོ། །དང་པོ་ལ་གཉིས། རིགས་པ་གཞན་ལ་སྦྱར་ཚུལ་དང་། གཞན་གྱི་ངོ་བོ་ཉིད་དགག་པའོ། །དང་པོ་ནི། དེ་ལྟར་བལྟ་བྱ་དང་ལྟ་བ་ལ་སོགས་རྒྱུ་འབྲས་སམ་ཕན་ཚུན་ལྟོས་ཆོས་སུ་གནས་པ་འདིར་བཤད་པ་དེ་རྣམས་འབའ་ཞིག་ལ་གཞན་ཉིད་མེད་པས་ཕྲད་པ་མེད་པར་མ་ཟད་ཀྱི་བུམ་སོགས་དངོས་པོ་གང་ཡང་སྣམ་སོགས་དངོས་པོ་གང་དང་ལྷན་ཅིག་ཏུ་གྲུབ་པའི་གཞན་པ་ཉིད་དུ་མི་འཐད་དོ། །གཉིས་པ་ནི། འཇིག་རྟེན་ན་བུམ་སོགས་གཞན་ནི་སྣམ་སོགས་གཞན་ལ་བརྟེ༷ན་ཏེ་གཞན་དུ་བཞག་པ་ཡིན་ལ་ལྟོས་པས་སྣམ་སོགས་མེད་ན་གཞན་དེ་མེད་པར་གཞན་བུམ་སོགས་ལ་གཞན་གྱི་ཐ་སྙད་གྲུབ་པར་མི་འགྱུར་རོ། །དེས་ན་གང་ལ་བརྟེན་ཏེ་གཞན་དུ་བཞག་པ་གང་ཡིན་པ་དེ་ནི་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མི་འཐད་དེ་ཕན་ཚུན་ལྟོས་ནས་གྲུབ་པས་སོ། །གལ་ཏེ་གཞན་དེ་ནི་གཅིག་ཤོས་གཞན་ལས་ངོ་བོ་ཉིད་ཀྱིས་ ― MR01_Page_0328 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞན་ཡིན་ན་དེ་ཚེ་གཞན་མེད་པར་ཡང་གཞན་དུ་གྲུབ་པར་འགྱུར་ནའང་གཞན་མེད་པར་ནི་གཞན་དུ་འགྱུར་བ་ཡོད་པ་མིན་པ་དེ་ཡི་ཕྱིར་ན་གཞན་ངོ་བོས་གྲུབ་པ་མེད་དོ། །དེས་ན་ཕྲད་པ་ཡོད་ན་ཕྲད་པས་གཞན་ཡོད་དགོས་ཀྱང་དེ་མེད་དེ། ཕན་ཚུན་བརྟེན་ཏེ་བརྟགས་པ་ཙམ་ལས་གཞན་ཞེས་པ་ངོ་བོས་གྲུབ་པ་མེད་དོ། །དེ་ཕྱིར་ཕྲད་པའང་ངོ་བོས་གྲུབ་པ་ག་ལ་སྲིད་དེ། ས་མྱུག་དང་རིང་ཐུང་བཞིན་ནོ། །གལ་ཏེ་གཞན་ཞེས་པ་དེ་གཞན་ལ་བརྟེན་ཅིང་ལྟོས་པ་ཡིན་མོད། ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པ་ཡང་ཡིན་ན་ཅི་འགལ་ཞེ་ན། ངོ་བོས་གཞན་ཡིན་ན་ལྟོས་པ་མེད་པར་གཞན་དུ་གྲུབ་དགོས་ན་དེ་མི་སྲིད་པས་སོ། །གཉིས་པ་གཞན་ཉིད་ཀྱི་སྤྱི་མ་གྲུབ་པ་ནི། གལ་ཏེ་གཟེགས་གཟན་པ་སོགས་ཀྱིས་དངོས་པོ་གཞན་ལ་ལྟོས་ནས་གཞན་དུ་འཇོག་པ་མ་ཡིན་གྱི། གཞན་ཉིད་ཅེས་པའི་སྤྱི་ཡོད་པས་དེ་དང་འདུ་བས་གཞན་གྱི་ཐ་སྙད་དུ་འཇོག་པ་ཡིན་ནོ་ཞེ་ན། གཞན་ཉིད་ཀྱི་སྤྱི་ཡོད་ན་དེ་ལྟར་རུང་ནའང་། དེ་འདྲ་བའི་གཞན་ཉིད་ཀྱི་སྤྱི་མེད་དེ་ཡོད་ན་གཞན་ཡིན་པ་ལ་དེ་འདུའམ། མིན་པ་ལ་འདུ་གཞན་དུ་གྲུབ་ཟིན་ཡིན་པ་ལ་དེ་འདུ་བ་ཡོད་པ་མ་ཡིན་ཏེ། གཞན་དུ་གྲུབ་པར་བྱ་ཕྱིར་དེ་འཇུག་ན། གྲུབ་ཟིན་ན་གཞན་མི་དགོས་ཤིང་ ― MR01_Page_0329 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགོས་ན་ཐུག་མེད་དུ་ཐལ་ལོ། །གཞན་མ་ཡིན་པ་ལའང་དེ་འདུ་བ་ཡོད་པ་མ་ཡིན་ཏེ་འགལ་བའི་ཆོས་སུ་གནས་པས་སོ། །ཡོད་ན་གཞན་དང་གཞན་མིན་ཕན་ཚུན་འཆོལ་བར་འགྱུར་རོ། །གཞན་གཞན་མིན་ལས་གཞན་ན་དེ་མི་སྲིད་དེ་དེ་གཉིས་དངོས་འགལ་ཡིན་པས་སོ། །སྤྱི་བཀག་ཀྱང་གཞན་ཙམ་ཡོད་ལ། དེ་ཡོད་ན་སྤྱི་ཡང་གྲུབ་བོ་ཞེ་ན། སྤྱིར་གཞན་ཙམ་གྲུབ་ན། གཞན་བྱེ་བྲག་ག་ལ་འགྲུབ་སྟེ། ཤིང་མེད་པའི་ཤ་བ་བཞིན་དུ། གཞན་ཉིད་ཞེས་པའི་སྤྱི་ཡོད་པ་མ་ཡིན་ན་གཞན་ནམ་ཏེ་གཞན་བྱེ་བྲག་པ་གཞན་མིན་པས་དེ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་གཅིག་དང་ཐ་དད་མེད་པས་ཕྲད་པ་མི་འཐད་པ་ནི། གལ་ཏེ་ཕྲད་པའི་སྒྲུབ་བྱེད་དུ་གྱུར་པ་གཞན་མེད་ཀྱང་རུང་། བསྒྲུབ་བྱ་ཕྲད་པ་ཉིད་ནི་དམིགས་པས་དེ་ཡོད་ན་གཞན་ཡང་གྲུབ་བོ་ཟེར་ན། ཕྲད་པ་མེད་དེ། རང་ལ་རང་མི་འཕྲད་ལ། གཞན་གྱི་ངོ་བོ་མ་གྲུབ་པས་དེ་ལའང་མི་འཕྲད་ན་ཕྲད་པ་ཞེས་བྱ་བ་ཅི་ཞིག་སྟེ་མེད་དོ་ཞེས་ཕྲད་བྱ་དེ་ནི་དེ་ཉིད་དང་ཕྲད་པ་མེད་དེ་ཆུ་ལ་མ་ལྟོས་པའི་འོ་མ་གཅིག་པུ་ལ་ཕྲད་པ་མེད་པ་བཞིན་ནོ། །གཞན་དང་གཞན་དངོས་པོ་ཐ་དད་ན་ཡང་ཕྲད་པར་མི་འགྱུར་ཏེ་ཆུ་ལས་ཐ་དད་དུ་གནས་པའི་འོ་མ་ཆུ་དང་ ― MR01_Page_0330 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྲད་པ་མིན་པ་བཞིན་ནོ། །གསུམ་པ་དོན་བསྡུ་བ་ནི། ཕྲད་པ་རང་གི་ངོ་བོ་ཕྲད་བཞིན་པ་དང་། ཕྲད་ཟིན་པ་དང་། ཕྲད་པ་པོ་ཡང་ཡོད་པ་མ་ཡིན་ཏེ་རིགས་པ་དེ་ཉིད་ཀྱིས་སོ། །གཉིས་པ་ནི། ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།བཅོ་ལྔ་པ་དངོས་དང་དངོས་མེད་དམ་རང་བཞིན་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཆད་པའི་དངོས་པོའམ་རྟོགས་པའི་དངོས་པོ་མེད་དོ་ཞེས་སོགས་ཀྱིས་དོན་དང་། རབ་བྱེད་ཀྱི་འབྲེལ། དངོས་པོ་རྣམས་ལ་རང་བཞིན་ཡོད་དེ་རྒྱུ་རྐྱེན་ལ་ལྟོས་པའི་ཕྱིར། གང་མེད་པ་ལ་རྐྱེན་ལ་ལྟོས་པར་མི་འཐད་དེ་ནམ་མཁའི་མེ་ཏོག་བཞིན་ནོ། །སྐྱོབ་པས་ཀྱང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པ་ཁྱོད་ཀྱིས་ཀྱང་ཁས་ལེན་པ་མིན་ནམ་ཞེ་ན། དེ་ཁོ་ན་ཉིད་དུ་ནི་རྒྱུ་རྐྱེན་མ་གྲུབ་ཅིང་ཐ་སྙད་དུ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཉིད་ཀྱིས་སྒྱུ་མ་ལྟར་རང་བཞིན་མེད་པ་ཡིན་ནོ་ཞེས་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། ཕྱོགས་བཞིའི་སྤྲོས་པ་དགག་པ་དང་། མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་དང་། དབུ་མ་ལ་བློ་སྦྱང་བར་གདམས་པའོ། །དང་པོ་ལ་གཉིས། ― MR01_Page_0331 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་བཞིན་དང་གཞན་དངོས་དགག་པ་དང་། དངོས་ཡོད་དང་དངོས་མེད་དགག་པའོ། །དང་པོ་ནི། དེ་ལ་རང་བཞིན་མེད་པ་བརྟེན་ནས་འབྱུང་གི་རང་བཞིན་ཡོད་པ་ལ་ནམ་ཡང་རྟེན་འབྱུང་མི་རུང་སྟེ། འདུ་བྱེད་མྱུ་གུ་སོགས་ལ་རང་བཞིན་ཡོད་ན་མ་རིག་པ་དང་ས་བོན་སོགས་ཀྱི་རྒྱུ་རྐྱེན་ལས་འབྱུང་བར་མི་རིགས་ཏེ་རང་གི་ངོ་བོ་ཡོད་ཟིན་པ་ལ་རྒྱུ་མི་དགོས་ཏེ་འདུ་བྱེད་མྱུ་གུ་ད་ལྟ་བ་ལ་བཞིན་ནོ། །གལ་ཏེ་དངོས་པོའི་སྔ་རོལ་ན་རང་བཞིན་མེད་ཀྱང་རྒྱུ་རྐྱེན་ལས་དེའི་རང་བཞིན་བྱུང་ངོ་སྙམ་ན་དེ་བྱས་པ་ཅན་དུ་ཐལ་ལ། འདོད་ན་ཅི་འགལ་སྙམ་ན་མི་རུང་སྟེ་ཕན་ཚུན་འགལ་བས་ཆུ་ལ་ཚ་བ་ལྟར་ཆོས་དེ་རང་གི་གཤིས་མ་ཡིན་པས་དེ་དེའི་རང་བཞིན་དུ་མི་རུང་ངོ་། །འོ་ན་རང་བཞིན་ཞེས་པ་ཇི་ལྟ་བུ་ཞིག་ལ་བྱ་ཟེར་ན། རང་བཞིན་ཞེས་པ་ཆོས་དེའི་ཡིན་ལུགས་མ་བཅོས་པ་ཞིག་ཡིན་ཏེ། ཅི་ཙམ་བཅོས་པ་དང་རྐྱེན་ལས་བྱུང་བ་དེ་དག་ནི་དེའི་གཤིས་ལ་དང་པོ་ནས་མེད་པས་དེའི་རང་བཞིན་དུ་མི་རུང་སྟེ། ཤེལ་ཚོན་ཅན་བཞིན་ནོ། །དེ་ལྟ་ན་རྐྱེན་ལས་བྱུང་བ་མིན་པས་ངོ་བོ་དཔྱད་བཟོད་པ་རང་དབང་དུ་ནམ་ཡང་མི་གྲུབ་པས་རང་བཞིན་ཡོད་པ་འདིའོ་ཞེས་རང་བཞིན་གྱིས་གྲུབ་པ་ནམ་ཡང་མི་རྙེད་དོ། ། ― MR01_Page_0332 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་བཞིན་མ་རྙེད་པ་དེ་ཙམ་དེའི་ཡིན་ལུགས་ཡིན་པའི་ཆ་ནས་གནས་ལུགས་དོན་དམ་མཐོང་བ་ཞེས་ཐ་སྙད་དུ་བསྙད་ཀྱི་འདི་མཐོང་ངོ་ཞེས་ཅི་ཡང་མེད་དེ། ནམ་མཁའ་མཐོང་ཞེས་སོགས་དང་། མ་མཐོང་བ་ནི་མཐོང་བ་དམ་པའོ་ཞེས། ཅི་ཡང་མ་མཐོང་བ་དེ་ཡང་། ལོང་བས་གཟུགས་མ་མཐོང་བ་ལྟ་བུ། མཐོང་བ་བཀག་པ་ཙམ་མིན་གྱི་སྤྲོས་པ་ཀུན་ལ་རང་བཞིན་མེད་པར་མཐོང་བའི་རིག་ཤེས་མིག་ལྡན་ནམ་མཁའ་ལ་བལྟ་བ་ལྟ་བུའོ། །དེ་ལ་ཡང་ཁོ་ན་རེ། འདི་སྙམ་དུ་དངོས་པོ་རྣམས་རང་བཞིན་གྱི་ཡོད་པ་བཀག་པས་རང་དངོས་བཀག་ཀྱང་། གཞན་དངོས་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་པའི་ཕྱིར་སྙམ་ན། གང་ལ་རང་བཞིན་མེད་པར་གྲུབ་ན། དེའི་བྱེ་བྲག་གཞན་ལ་རང་བཞིན་གྲུབ་པའི་རྒྱུ་མཚན་མེད་དོ། །དེ་ཡང་སྔ་འགྱུར་དུ་ངོ་བོ་ཉིད་དང་ཕྱི་འགྱུར་དུ་རང་བཞིན་ཞེས་པ་འགྱུར་ཁྱད་ཙམ་ལས་དོན་ལ་ཁྱད་མེད་པས་དངོས་པོའི་ངོ་བོ་ཉིད་དམ་རང་བཞིན་ཡོད་པ་དེ་རྒྱུ་དང་རྐྱེ༷ན་ལས་ནི་འབྱུང་བར་རིགས་པ་མ་ཡིན་ཏེ་དེ་གྲུབ་ཟིན་པའི་ཕྱིར་ད་ལྟའི་མྱུ་གུ་བཞིན་ནོ། །གལ་ཏེ་འབྱུང་ན་རྒྱུ་དང་རྐྱེ༷ན་ལས་བྱུང་བ་ཡི་རང་བཞིན་དེ་ནི་ཡིན་ལུགས་མ་ཡིན་པར་གཞན་གྱིས་བྱས་པའམ་བཅོས་མ་ཅན་དུ་འགྱུར་བས་དེའི་ ― MR01_Page_0333 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་བཞིན་ག་ལ་ཡིན་ཏེ། རང་བཞིན་བྱས་པ་ཅན་ཞེས་བྱར་ཇི་ལྟ་བུར་ན་རུང་བར་འགྱུར་ཏེ་ཆུ་ལ་ཚ་བ་ལྟར་དེའི་རང་བཞིན་དུ་མི་འགྱུར་རོ། །འོ་ན་རང་བཞིན་ཞེས་པ་ཅི་ལྟ་བུ་ཞེ་ན། རང་བཞིན་དག་ནི་ཡིན་ལུགས་དྲང་པོ་རྐྱེན་གཞན་གྱིས་བཅོས་པ་མིན་པ་དང་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པ་དང་གཞན་དུ་མི་འགྱུར་བ་སྟེ་གཉུག་མའི་ངོ་བོ་ཡིན་ལ། མཚན་གཞི་ནི། ཟུང་འཇུག་སྤྲོས་བྲལ་གྱི་ཆོས་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་གནས་པ་ཁོ་ནའོ་ཞེས་གསུངས་སོ། །དེ་ལྟར་དངོས་པོ་རྣམས་ལ་རང་གི་རང་བཞིན་ཞེས་བྱ་བ་ཡོད་པ་མ་ཡིན་ན་གཞན་གྱི་དངོས་པོ་ཡི་རང་བཞིན་ཡང་ག་ལ་ཡོད་དེ། གཞན་གྱི་དངོས་པོ་གང་ཡིན་པ་དེའི་ངོ་བོ་ཉིད་དམ་རང་བཞིན་དེ་ལ་ནི་རང་གི་རང་བཞིན་ལ་ལྟོས་ནས་གཞན་གྱི་དངོས་པོ་ཡི་རང་བཞིན་ཡིན་ཞེས་བརྗོད་པ་ཙམ་ཡིན་པས་སོ། །གཉིས་པ་ནི། དེ་ལྟར་རང་བཞིན་དང་གཞན་དངོས་མེད་ཀྱང་དངོས་པོ་ཙམ་ཡོད་པར་འགྱུར་རོ་སྙམ་ན། དེ་གཉིས་ལས་གཞན་པའི་དངོས་པོ་ཞེས་བྱ་བ་ཡོད་ན་དེ་གཉིས་མེད་ཀྱང་དངོས་པོ་གྲུབ་ཏུ་ཆུག་ནའང་དེ་མེད་པས་སོ། །ཇི་ལྟར་ན་ཆོས་རྣམས་ ― MR01_Page_0334 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་གི་ངོ་བོ་ཉིད་དམ་རང་བཞིན་དང་ནི། གཞན་གྱི་དངོས་པོ་དག་སྟེ་དེ་གཉིས་མ་གཏོགས་པའི་གཞན་པའི་དངོས་པོ་ཙམ་ཞེས་པ་དེ་ག་ལ་ཡོད་དེ་མེད་དོ། །དེས་ན་རང་གི་རང་བཞིན་དང་ནི་གཞན་གྱི་དངོས་པོ་དག་ལས་གཞན་དུ་ཡོད་ན་དངོས་པོ་ཞེས་བྱ་བ་དེ་ཡང་འགྲུབ་པར་འགྱུར་ཡང་དེ་མི་སྲིད་པས་སོ། །གལ་ཏེ་དངོས་པོ་བཀག་ཀྱང་དངོས་མེད་ནི་ཡོད་ལ་དེ་ལྟ་ན་དེའི་ཟླ་བོ་དངོས་པོའང་ཡོད་པར་འགྱུར་རོ་ཞེ་ན། དངོས་མེད་ཡོད་ན་དེ་ལྟ་ཡིན་ནའང་དེ་མེད་དེ། གལ་ཏེ་དངོས་པོ་ཉིད་མ་གྲུབ་ན་དེ་ལ་བརྟེན་པའི་དངོས་མེད་ཀྱང་འགྲུབ་པར་མི་འགྱུར་རོ། །གང་གིས་ན་བུམ་སོགས་དངོས་པོ་ད་ལྟ་བ་དེ་གཞན་དུ་གྱུར་པ་ནི་སྔར་གྱི་དངོས་པོ་དེ་མེད་པ་ཡིན་པར་འཇིག་རྟེན་ན་སྐྱེ་བོ་དག་གིས་སྨྲ་བས་སོ། །དགག་བྱ་བཅད་པ་ཙམ་མིན་པའི་དངོས་མེད་རང་རྐྱ་བ་ནི་ནམ་ཡང་མི་གྲུབ་སྟེ། གྲུབ་ན་དངོས་མེད་དུ་ག་ལ་རུང་སྟེ་ཐོགས་བཅས་ཡིན་ན་ནམ་མཁའ་མིན་པ་བཞིན་ནོ། །འདིར་དགག་བྱ་ཤེས་བྱ་ལ་མི་སྲིད་པའི་དངོས་མེད་ལ་བདེན་པ་བཀག་པ་ནི་འདིའི་ཤུགས་ཀྱིས་ཁེགས་པར་ཤེས་སླ་བས་མ་གསུངས་སོ། །གཉིས་པ་མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་ནི། གང་དག་གིས་སའི་རང་བཞིན་ནི་སྲ་བའོ་ཞེས་ཆོས་རང་ལ་རང་ ― MR01_Page_0335 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་ཡོད་པར་ཞེན་པ་དང་། མིག་ལས་མིག་ཤེས་གཞན་ནོ་ལྟ་བུ་གཞན་དངོས་སུ་ལྟ་བ་དང་། དོན་བྱེད་ནུས་པའི་མིག་ཤེས་སོགས་ད་ལྟ་བ་ལ་དངོས་པོ་དང་། དེ་དང་བྲལ་བ་འདས་པ་སོགས་ལ་དངོས་པོ་མེད་པ་ཉིད་དོ་སྙམ་དུ་ཞེན་ཅིང་ལྟ་བ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ལ་བསྟན་པ་ལྟར་གྱི་རྟེན་འབྱུང་མཆོག་ཏུ་ཟབ་པའི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། །རྟེན་འབྱུང་གི་རང་བཞིན་ནི་དེ་བཞི་གང་དུའང་མེད་པས་སོ། །རྒྱལ་བ་རྣམས་ནི་དངོས་པོའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས། རང་བཞིན་མ་ནོར་བར་སྟོན་པར་མཛད་ཀྱི་ཕྱིན་ཅི་ལོག་ཏུ་མི་སྟོན་ཏོ། །དེས་ན་ནམ་ཡང་རིགས་པ་དང་འགལ་བ་མེད་ལ། དེའི་ཕྱིར་མཁས་པ་རྣམས་ནི་དེ་ཁོ་ནའི་རྗེས་སུ་འབྲང་བར་བྱེད་དོ། །དེ་ལྟར་ཡང་ལུང་གི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་དངོས་དང་དངོས་མེད་སོགས་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པས་ཀ་ཏ་ཡཱ་ན་ཡི་འདུལ་བའི་ལུང་གདམས་ངག་ཅེས་བྱ་བའི་མདོ་ལས་ནི། ཀ་ཏ་ཡཱ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་ ― MR01_Page_0336 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དང་འཁྲུགས་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འཆི་བས་གདུང་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་མི་འགྱུར་རོ་ཞེས་གསུངས་པས་ཡོད་པ་དང་མེད་པ་གཉིས་ཀའང་དགག་པ་མཛད་པ་ཡིན་ནོ། །མདོ་འདི་ཡང་སྡེ་པ་ཐམས་ཅད་ཀྱིས་འདོན་པའི་ལུང་ཡིན་པས་དྲངས་པ་སྟེ་ལུང་ལས་བརྒལ་བར་མི་ནུས་སོ། །གལ་ཏེ་ཆོས་གང་རང་བཞིན་གྱིས་ཡོད་ན་དེ་ནི་སླར་ཡང་མེད་པ་ཉིད་དུ་མི་འགྱུར་རོ། །རང་བཞིན་གང་དེ་རྐྱེན་གྱིས་སམ་ངོ་བོས་ཀྱང་སྟེ་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་རོ། །གང་གི་ཕྱིར་ན་བཅོས་མ་མིན་པའི་རང་བཞིན་ཞིག་ཡོད་ན་དེ་རང་གི་ངོ་བོར་ནི་གྲུབ་ཟིན་ལ་དེ་སུ་ལའང་ལྟོས་པ་མི་སྲིད་པས་གང་གིས་ལྟོས་པ་མེད་པ་དེའི་རང་བཞིན་ནམ་ཞིག་ན་འདོར་མི་སྲིད་དོ། །ནམ་མཁའི་མི་སྒྲིབ་པ་ནམ་ཡང་གཞན་དུ་མི་འགྱུར་བར་འདོད་པ་དེ་བཞིན་དུ་ཁས་ལེན་དགོས་སོ། །ཡང་ཆོས་གང་གི་རང་བཞིན་ཡོད་པ་མ་ཡིན་ན་དེ་གཞན་དུ་འགྱུར་བ་མཐོང་བ་དེ་གང་གི་ཡིན་ཏེ་མོ་གཤམ་བུའི་གར་བསྒྱུར་ལྟར་མི་རིགས་སོ་ཞེ་ན། རང་བཞིན་ཡོད་པ་ཡིན་ན་ཡང་གཞན་དུ་འགྱུར་བ་ཇི་ལྟར་རུང་སྟེ་མི་རུང་ངོ་། །ཡང་ན་ཤོ་ལོ་ཀ་འདི་རང་གིས་འདོད་པ་སྟེ། ཕྱེད་གོང་ཕྱོགས་སྔ་མི་བྱེད་པར་ ― MR01_Page_0337 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་བཞིན་མེད་པ་དང་ཡོད་པ་གང་ལའང་གཞན་འགྱུར་མི་འཐད་ཅེས་བཤད་དོ། །དེ་བུདྡྷ་པཱ་ལི་ཏའི་ལུགས་སོ། །གསུམ་པ་དབུ་མ་ལ་བློ་སྦྱང་བར་གདམས་པ་ནི། དེས་ན་གནས་ལུགས་ལ་སེམས་པའི་ཚེ་དངོས་པོ་འདི་ནི་ཡོད་ཅེས་བྱ་བ་རྟག་པར་འཛིན་པ་དང་དངོས་པོ་འདི་ནི་མེད་དོ་ཅེས་བྱ་བ་ཆད་པར་ལྟ་བ་སྟེ། དེ་ཡང་བློའི་ཡུལ་གང་ལ་འདི་ཡོད་དོ་ཞེས། རང་བཞིན་ཡོད་པར་བཟུང་ན་རང་བཞིན་ཡོད་པ་ལ་སྟོང་པ་དང་། གཞན་འགྱུར་སོགས་མི་འཐད་པས་མེད་པའི་ཟློག་ཕྱོགས་སུ་འགྱུར་བས་རྟག་ལྟ་ཡིན་ལ། གང་ལ་དེ་མེད་དོ་ཞེས་བཟུང་ན་རང་བཞིན་ཡོད་པ་ཞིག་ཅུང་ཟད་ཀྱང་ལྷག་མ་མེད་པར་སོང་བ་ལྟ་བུའི་རྣམ་པ་ཞིག་འཆར་བ་དེ། སྔར་ཡོད་རྒྱུ་དེ་ཆད་པར་བལྟས་པ་ཡིན་ནོ། །གང་ལང་རང་བཞིན་མེད་པར་ལྟ་བ་དེ་ལ་ནི། དེ་གཉིས་ཀ་མེད་དོ། །ཡོད་ཙམ་དང་མེད་ཙམ་དང་། རང་བཞིན་གྱིས་གྲུབ་པ་མེད་དོ་སྙམ་པ་ནི་རྟག་ཆད་རགས་པ་ཉིད་དུ་མི་འགྱུར་ཡང་དེ་རེ་རེར་ཞེན་པ་དེ་སྲིད་མཚན་མའི་སྤྲོས་པ་ལས་མི་འདའ་བས། མེད་དགག་གི་སྨན་ནི་བདེན་འཛིན་གྱི་ནད་ཡོད་པ་སྲིད་དུ་བརྟེན་ནས། ནད་དང་སྨན་ཡང་ཆབ་གཅིག་འབྱིན་པར་བྱས་ཏེ་ཟུག་རྔུའི་སྤྲོས་མཚན་ཐམས་ཅད་ཞི་བའི་མཐའ་བཞི་སྤྲོས་བྲལ་ ― MR01_Page_0338 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་གནས་ན། གཟུང་འཛིན་གྱི་སྤྲོས་པའི་རྟག་ཆད་ཕྲ་མོ་ཡང་སྤང་བ་ཡིན་ནོ། །མདོར་ན་རང་བཞིན་ཡོད་པ་དགག་གི །རང་བཞིན་མེད་པ་ཁོ་ན་མི་སྒྲུབ་བོ། །ཚིག་གསལ་ལས། ལྟ་བ་འདི་གཉིས་བསལ་ཏེ་དབུ་མའི་ལམ་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །ཞེས་གསུངས་སོ། །མདོར་ན་ནད་མ་འབྱིན་པར་སྨན་ལ་བརྟེན་དགོས་པ་ལྟར་དགག་བྱ་མ་ཁེགས་པ་དེ་སྲིད་དུ་མེད་དགག་གི་འཛིན་སྟངས་འཕེན་ཡང་ཁེགས་ན་ཅི་ཞིག་མེད་ཅེས་འཛིན་ཏེ་ཡོད་པ་དང་བྲལ་བའི་མེད་པ་རྐྱང་པ་དམིགས་པའི་ཡུལ་དུ་འོང་ན་རྩ་ཤེས་ནས་སྟོང་སྟོང་མིན་ལ་སོགས་པ་ཇི་ལྟར་དྲང་། བདེན་གྲུབ་མ་དམིགས་པའི་བློ་དང་། བདེན་སྟོང་འཛིན་པའི་བློ་གཉིས་ཁྱད་ཆེ་ཞེས་ཤཱཀ་མཆོག་པ་གསུང་། དེ་ལྟར་མཐར་ལྟ་ཡིན་པ་དེ་ཕྱིར་ཡོད་པ་དང་མེད་པ་ལ་དེ་ཁོ་ན་ཉིད་ལ་མཁས་པས་མཐའ་དེ་ལྟ་བུ་ལ་ནམ་ཡང་གནས་པར་མི་བྱའོ། །ཅིའི་ཕྱིར་རྟག་ཆད་ཡིན་ཞེ་ན། གང་ཞིག་ངོ་བོ་ཉིད་དམ་རང་བཞིན་གྱིས་ཡོད་པ་དེ་ནི་མེད་པ་དང་རྣམ་པ་ཀུན་ཏུ་འགལ་བས་མེད་པ་མིན་པས་ན་རྟག་པ་ཡིན་ལ་དངོས་པོ་གང་སྔོན་བྱུང་བའི་ཡོད་པ་ཉིད་འགགས་ནས་ད་ལྟར་མེད་ཅེས་པ་དེས་ན་དངོས་པོ་ཡོད་པ་རྒྱུན་ཆད་པས་ཆད་པར་ཐལ་བར་འགྱུར་བ་ཡིན་ནོ། །གཉིས་པ་ནི། དངོས་དངོས་ ― MR01_Page_0339 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་དམ་རང་བཞིན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའོ།། ༈ །།བཅུ་དྲུག་པ་བཅིང་ཐར་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ནི། གཟུགས་མ་སྐྱེས་པའི་ཕྱིར་མ་བཅིང་མ་གྲོལ་ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། འདི་སྙམ་དུ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དེ་འཁོར་འདས་བཅིང་གྲོལ་དམིགས་པས་སོ་སྙམ་ན། དེ་དག་གྲུབ་ན། དེ་ལྟ་ན་ཡང་དེ་མི་འགྲུབ་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། འཁོར་འདས་དགག་པ་དང་། བཅིང་གྲོལ་དགག་པ་དང་། གཞན་གྱི་ཉེས་པ་སྤང་བའོ། །དང་པོ་ནི། འདི་ལྟར་བསྒྲུབ་བྱ་འཁོར་འདས་དང་། སྒྲུབ་བྱེད་བཅིང་ཐར་མི་འཐད་པས་སོ། །དང་པོ་མི་གྲུབ་སྟེ་བླང་བྱ་ཕུང་པོ་དང་ལེན་པོ་སེམས་ཅན་གཉིས་ཀ་འཁོར་བ་མི་འཐད་པས་སོ། །དེ་ཡང་གལ་ཏེ་ཉེ་བར་བླང་བྱ་འདུ་བྱེད་ཕུང་པོ་ལྔ་དག་འགྲོ་བ་ནས་འགྲོ་བ་གཞན་དུ་སོང་སྟེ་འཁོར་རོ་ཞེ་ན། འདུ་བྱེད་དེ་དག་རྟག་ན་ནི་མི་འཁོར་ཏེ་རྟག་པ་ལ་འགྱུར་བ་མེད་པས་སོ། །མི་རྟག་ན་ཡང་འཁོར་བར་མི་འགྱུར་ཏེ་སྐད་ཅིག་མ་ལ་གཞན་དུ་འགྲོ་བ་མེད་པས་སོ། །ལེན་པ་པོ་སེམས་ཅན་ལ་ཡང་རྟག་མི་རྟག་བརྟགས་ནས་འཁོར་མི་སྲིད་པ་རིགས་ ― MR01_Page_0340 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་རིམ་པ་འདི་དང་མཚུངས་སོ། །གལ་ཏེ་མི་མཚུངས་ཏེ་རྟག་མི་རྟག་ཏུ་བརྗོད་དུ་མེད་པའི་གང་ཟག་འཁོར་རོ་ཞེ་ན། ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་གང་ཟག་བདག་དེ་ནི་སྔར་བཤད་པ་མེ་དང་ཤིང་གིས་ཞེས་སོགས་ལྟར་ངོ་བོ་གཅིག་དང་ཐ་དད་དང་ལྡན་པ་དང་རྟེན་དང་བརྟེན་པ་རྣམ་པ་ལྔས་བཙལ་ན་མོ་གཤམ་གྱི་བུ་ལྟར་མེད་ན། གང་ཟག་གང་ཞིག་འཁོར་བར་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་ཉེ་བར་ལེན་པ་སྲིད་པ་ཕུང་པོ་མེད་པར་གང་ཟག་འཁོར་སྲིད་ན། དེ་ལྟར་འདོད་ལ་རག་མོད། འཁོར་བར་གདགས་པའི་རྒྱུ་སྲིད་པ་མེད་ན་དེ་མི་རུང་ལ། སྲིད་པ་ཡང་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་གོ་འཕོ་དགོས་ན་སྔ་མ་མ་བཏང་བར་ནི་མི་རུང་ལ། སྔ་མ་གཏོང་ན་སྔ་ཕྱིའི་སྲིད་པ་དེ་གཉིས་ཀྱི་བར་དུ་སྲིད་པ་སྟེ་ཕུང་པོ་གཞན་མེད་པར་འགྱུར་ཏེ། དེ་ལྟ་ན་དེའི་དུས་ཀྱི་གང་ཟག་དེ་གདགས་པའི་རྒྱུ་ཉེ་ལེན་གྱི་ཕུང་པོ་དང་བྲལ་བས་འཁོར་བ་མིན་པར་འགྱུར་རོ། །བར་མེད་པར་འདོད་ན་ལྷ་མིའི་སྲིད་པ་གཉིས་དུས་ཅིག་ཆར་དུ་ཐལ་ལོ། །དེ་ལྟ་ན་གང་ཟག་གཉིས་སུ་ཐལ་ལོ། །ཡང་འཁོར་བ་ཐམས་ཅད་ཅིག་ཆར་དུ་འབྱུང་བར་ཐལ་ལོ། །འདིར་ག་འཇིགས་དང་བསྟུན་ན་རང་གིས། འཁོར་བ་སྲིད་པའམ་ཕུང་པོ་ ― MR01_Page_0341 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལས་ཐ་དད་པའི་འཁོར་བ་པོ་དེ་འདྲའི་གང་ཟག་དེ་སྲིད་པར་འཁོར་ན། སྲིད་པ་སོ་སོའི་ཉེར་ལེན་ལ་མི་ལྟོས་པར་གང་ཟག་འབའ་ཞིག་འཁོར་རམ། ཉེར་ལེན་སོ་སོ་ལ་ལྟོས་ཏེ་ཉེར་ལེན་ནས་ཉེར་ལེན་དུ་འཁོར། གཉིས་པ་ལྟར་ན། ལྷ་མིའི་སྲིད་པ་སོགས་དུས་ཅིག་ཆར་དུ་ནི་མི་ལེན་ལ། སྔ་མ་བཏང་ནས་ཕྱི་མ་ལེན་དགོས་ན། སྔ་ཕྱིའི་སྲིད་པ་སོ་སོ་ལ་གནས་པའི་གང་ཟག་ནི་གཅིག་མིན་པས་དེ་གཉིས་གང་ཡང་མིན་པའི་སོ་སོ་ཡིན་ལ། དེ་གཉིས་ཀྱི་བར་མ་གང་ཡང་མིན་པར་གནས་པའི་གང་ཟག་དེ་ལ་ནི་སྲིད་པ་མེད་པར་འགྱུར་ལ། དེ་ལ་ལྷ་མིའི་སྲིད་པ་དང་། དེའི་གདགས་གཞི་ཉེ་བར་ལེན་པ་མེད་ན་འཁོར་བ་པོ་ཅི་ཡང་མིན་པ། དེ་ལྟ་བུ་གང་སྲིད་པ་དང་ཉེར་ལེན་དང་བྲལ་བས་ཅི་ཞིག་འཁོར་བའི་དོན་ཡོད་དེ་མེད་ཅེས་སོ་སྙམ། སྔ་ཕྱི་སོ་སོ་བ་གང་ཟག་རེ་རེ་ཡིན་ན་མི་རྟག་པ་དང་དུ་མར་ཐལ་ལོ། །དེ་ལྟ་ན་སྔར་སྐྱོན་སོ་ན་གནས་སོ། །དེ་འདྲའི་འཁོར་བ་པོ་དེ་མིའི་ཉེ་བར་ལེན་པ་བཏང་ནས་ལྷའི་ཉེ་བར་ལེན་པར་འཁོར་ན། དེ་གཉིས་ཀྱི་བར་དུ་ཉེར་ལེན་རྐྱང་པ་བླང་བྱ་སྲིད་པ་ཕུང་པོ་མེད་པར་འགྱུར་རོ། །བར་དེར་སྲིད་པ་མེད་ཅིང་ཉེ་བར་ལེན་པའི་ཕུང་པོ་དང་བྲལ་ཏེ་མེད་ན་འཁོར་བ་པོ་བདག་དེ་གང་ཅི་ཞིག་འཁོར་བར་ ― MR01_Page_0342 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར་ཏེ་འཁོར་བ་པོར་འཇོག་པའི་རྒྱུ་དང་བྲལ་བས་སོ། །ཡང་འཁོར་བ་ནི་ཡོད་དེ་དེའི་འགལ་ཟླ་མྱང་འདས་ཡོད་པས་སོ་ཞེ་ན། མྱང་འདས་མི་གྲུབ་སྟེ། འདུ་བྱེད་དང་སེམས་ཅན་ངོ་བོས་མེད་པས་སམ། ཡོད་དུ་ཆུག་ཀྱང་རྟག་མི་རྟག་གང་ཡིན་ཀྱང་མྱང་འདས་མི་སྲིད་དེ་འདུ་བྱེད་ཕུང་པོ་མྱ་ངན་འདའ་བར་ནི་རྣམ་པ་གང་གིས་ཇི་ལྟ་བུར་ཡང་མི་འཐད་དོ་ཞེས་རྟག་པ་འགྱུར་མེད་དང་མི་རྟག་པ་སྐད་ཅིག་མར་འགགས་པ་ལ་བརྟགས་ནས་སྔར་བཞིན་བཀག་གོ །སེམས་ཅན་ཙམ་དང་བརྗོད་མེད་སྔ་མ་ལྟར་དཔྱད་ན་མྱ་ངན་ལས་འདའ་བར་ཡང་ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་རོ། །གཉིས་པ་ནི། འཁོར་འདས་བཀག་ཀྱང་བཅིང་ཐར་ནི་ཡོད་ལ་དེ་ཡོད་པས་འཁོར་འདས་གྲུབ་སྟེ། ཆགས་སོགས་ཀྱིས་བཅིངས་པ་ཁམས་གསུམ་ལས་མི་འདའ་འོ་ཞེ་ན། བཅིངས་ཐར་མེད་དེ་འདུ་བྱེད་རྟག་པ་ལ་བཅིང་གྲོལ་མེད་པར་རྟོགས་སླ་བས་མ་གསུངས་ལ། འདིར་སྐད་ཅིག་དང་པོར་སྐྱེ་ཞིང་གཉིས་པར་འཇིག་པའི་ཆོས་ཅན་གྱི་འདུ་བྱེད་རྣམས་ནི་ཉོན་མོངས་པས་སྔར་མི་འཆིང་ལ་ཕྱིས་གྲོལ་བར་ཡང་མི་འགྱུར་ཏེ་སྐད་ཅིག་སྐྱེས་ཟིན་ཉིད་ནི་གྲུབ་ཟིན་ལ་དེ་ལས་གཞན་དུ་འགྱུར་ཁོམ་མེད་པར་ཞིག་པས་སོ། །སྔ་མ་འདུ་བྱེད་ལ་བརྟགས་པ་བཞིན་དུ་སེམས་ཅན་སུ་ཡང་མི་ ― MR01_Page_0343 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཆིང་ཞིང་གྲོལ་བར་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་འཆིང་བྱེད་ཆགས་སོགས་ཉེ་བར་ལེན་པ་ཡོད་པས་དེས་བཅིང་པ་ཡོད་པར་གྲུབ་ཟེར་ན། དེས་སུ་ཞིག་ཇི་ལྟར་བཅིངས་ཏེ་བཅིང་ན་དེས་ཉེར་ལེན་དང་བཅས་པའམ་བྲལ་བ་ཞིག་འཆིང་། དང་པོ་ནི་མི་འཆིང་སྟེ་བཅིངས་ཟིན་པས་སོ། །གཉིས་པ་མི་འཆིང་སྟེ། འགལ་བས་ན་དེ་བཞིན་གཤེགས་པ་བཞིན་ནོ། །གལ་ཏེ་ཆགས་སོགས་ཉེ་བར་ལེན་པས་འཆིང་བ་ཡིན་ནོ་ཞེ་ན། དེས་ཉེ་བར་ལེན་པ་དང་བཅས་པ་ནི་འཆིང་བར་མི་འགྱུར་ཏེ་དོན་མེད་པའི་ཕྱིར་དང་། ཉེ་བར་ལེན་པ་མེད་པ་ཡང་མི་འཆིང་སྟེ་སངས་རྒྱས་བཞིན་བཅིང་མི་ནུས་ལ་དེས་ན་བཅིང་བྱ་གཞན་ཕུང་གསུམ་པ་མེད་པས་གནས་སྐབས་གང་ཞིག་འདིས་འཆིང་བར་འགྱུར་ཏེ་མི་འགྱུར་རོ། །གཞན་ཡང་ལྕགས་སྒྲོག་ལ་སོགས་པའི་འཆིང་བྱེད་སྔར་ཡོད་པས་བཅིང་བྱ་ལྷས་བྱིན་བཅིངས་པ་བཞིན་དུ་འཆིང་བ་ཆགས་སོགས་སྔར་ཡོད་ན་དེས་བཅིང་བར་རིགས་ཀྱང་དེ་མེད་དེ། རྟེན་མེད་པར་བརྟེན་པ་མི་རུང་པ་དང་། གལ་ཏེ་སྔར་འཆིང་བ་གྲུབ་ན་ཕྱིས་བཅིང་བྱ་དང་ལྷན་ཅིག་འབྲེལ་བ་དགོས་པ་མེད་པས་དང་། འཆིང་བ་ལས་ཐ་དད་པར་གྲུབ་པའི་བཅིང་བྱ་ལ་ཡང་འཆིང་བ་དགོས་པ་མེད་པས་སོ། ། ― MR01_Page_0344 ―
[མ་དཔེ་གཟིགས་ན་འདིར་གནོན།]
གལ་ཏེ་བཅིང་བར་བྱ་བའི་གང་ཟག་གི་སྔ་རོལ་ན་འཆིང་བྱེད་ཆགས་སོགས་ཉེར་ལེན་གྱི་འཆིང་བ་ཡོད་ན་དེས་འཆིང་བ་ལ་རག་ལས་མོད་དེ་ཡང་མེད་དེ་རྟེན་མེད་པའི་ཕྱིར། སུན་འབྱིན་ལྷག་མ་ནི་སོང་དང་མ་སོང་བགོམ་པ་ལ་འགྲོ་བའི་བྱ་བ་བཀག་པས་བསྟན་ཏེ། རེ་ཞིག་བཅིང་བ་མི་འཆིང་སྟེ་སོགས་བསྒྱུར། འཆིང་བ་བཀག་ཀྱང་འགལ་ཟླ་ཐར་པ་ཡོད་པས་དེ་གྲུབ་བོ་ཞེ་ན། མེད་དེ་རེ་ཞིག་བཅིངས་པ་ནི་མི་གྲོལ་ཏེ་བྱ་བ་དེ་གཉིས་འགལ་བས་སོ། །མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ་གྲོལ་ཟིན་པས་ལྕགས་སྒྲོག་མེད་པ་ལ་དཀྲོལ་རྒྱུ་མེད་པ་བཞིན་ནོ། །གལ་ཏེ་བཅིངས་བཞིན་པ་ཉིད་གྲོལ་བཞིན་པ་ཡིན་ནོ་སྙམ་པར་འགྱུར་ན་བཅིངས་དང་གྲོལ་བ་འགལ་བ་གཉིས་དུས་གཅིག་ཏུ་ཡོད་པར་འགྱུར་རོ། །གསུམ་པ་གཞན་གྱི་ཉེས་པ་སྤོང་བ་ནི་བཅིང་ཐར་མེད་ན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ནས་བདག་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་ནམ་ཞིག་འདའ་བར་འགྱུར་སྙམ་དུ་ལམ་ལ་སློབ་པ་སོགས་མི་འཐད་པས། དེ་དོན་མེད་པར་འགྱུར་རོ་ཞེ་ན། ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་སོགས་དང་མཚུངས་པ་ལ་ཕྱིན་ཅི་ལོག་གི་རྟོག་པས་མྱང་འདས་ཐོབ་པ་པོ་བདག་དང་། ཐོབ་བྱ་མྱང་འདས་ལ་བདག་གིར་ཞེན་པའི་ ― MR01_Page_0345 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇིག་ལྟ་དེ་ནི་མྱང་འདས་ཀྱི་གེགས་ཡིན་ནོ་ཞེས་སྟོན་པ། བདག་ནི་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་འོ། །ལྷག་མེད་ཀྱི་མྱང་འདས་དེ་ནི་མ་འོངས་པ་ན་བདག་གིར་འགྱུར་རོ་ཞེས་དེ་ལྟར་གང་དག་རློམ་སེམས་སུ་འཛིན་པ་ནི་དེ་ཡི་བདག་དང་བདག་གིར་ལྟ་བ་ཉེར་ལེན་ལ་འཛིན་པ་ཕྱིན་ཅི་ལོག་ཆེན་པོ་ཡིན་ཏེ། ཇི་སྲིད་དེ་དང་མ་བྲལ་བ་དེ་སྲིད་དུ་ཐར་པ་བླ་མེད་མི་འཐོབ་སྟེ། འཛིན་པ་སྤོང་པ་ཁོ་ནས་ཐར་པ་ཐོབ་པས་སོ། །གང་གི་ཕྱིར་ཐར་པ་འདོད་པས་འདི་དག་ཐམས་ཅད་ཡོངས་སུ་བཏང་ནས་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱིས། གནས་ལུགས་དོན་དམ་པ་གང་ལ་མྱ་ངན་ལས་འདས་པ་ཞེས་གསར་དུ་བསྐྱེད་པ་མེད་ལ་འཁོར་བ་ཞེས་བྱ་བ་སྔར་ཡོད་བསལ་བའང་ཡོད་པ་མིན་པ་ཡི་ཆོས་ཉིད་མཐོང་བ་དེ་ལ་འཁོར་བ་ཞེས་པ་ཅི་ཞིག་ཡིན་ཏེ་མྱ་ངན་ལས་འདས་པའང་འདིའོ་ཞེས་ཅི་ཞིག་བརྟགས་སུ་ཡོད་དེ་མེད་དོ། །གཉིས་པ་ནི། བཅིངས་པ་དང་ཐར་བ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།བཅུ་བདུན་པ་ལས་དང་འབྲས་བུ་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད་ ― MR01_Page_0346 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་པའི་དོན་དང་། རབ་བྱེད་འབྲེལ། དེ་ལ་འཁོར་བ་ཡོད་དེ་ལས་འབྲས་ཀྱི་འབྲེལ་བ་ཡོད་པའི་ཕྱིར། རྟེན་འཁོར་བ་མེད་ན་ལས་འབྲས་འབྲེལ་བར་མི་རིགས་ཏེ། བསགས་པ་པོ་དང་མྱོང་པོ་ལ་འབྲེལ་བ་མེད་པས་འདིར་བྱས་པ་གཞན་དུ་ཇི་ལྟར་སྨིན་ཞེས་རྒོལ་བ་ལ། ལས་འབྲས་རང་བཞིན་མེད་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། གཞན་གཞུང་རྗེས་སུ་བརྗོད་པ། དེ་ལ་རྟག་ཆད་ཀྱི་མཐའ་སྤང་ཚུལ། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ་གཉིས། ལས་མདོར་བསྟན་པ་དང་། ལས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི། ལས་འབྲས་དེ་གང་ཞེ་ན། བདག་ཉིད་སྒོ་གསུམ་གྱི་ཉེས་སྤྱོད་ལས་ལེགས་པར་སྡོམ་པ་གང་ཡིན་པ་དང་། བསྡུ་དངོས་སོགས་གཞན་ལ་ཕན་འདོགས་པ་དང་གཞན་ལ་བྱམས་སེམས་གང་ཡིན་པ་དེ་འདྲ་བ་དེ་ནི་ཆོས་ཡིན་ཏེ་དེ་ནི་སྐྱེ་བ་འདི་དང་གཞན་དུ་འབྲས་བུ་རྣམ་སྨིན་ཡིད་འོང་དག་གི་ས་བོན་ཏེ་རྒྱུ་ཐུན་མིན་ཡིན་པའི་ཕྱིར་ས་ལུའི་ས་བོན་ས་ལུའི་མྱུ་གུའི་རྒྱུ་བཞིན་ནོ། །དེ་ལས་ལྡོག་པ་ཉེས་སྤྱོད་ལ་འཇུག་པ་མི་བསྡོམ་པའི་སེམས་དང་། གནོད་སེམས་རྣམ་འཚེ་ནི་ཆོས་མ་ཡིན་པར་ཤེས་པར་བྱའོ། །ཆོས་ཀྱི་ ― MR01_Page_0347 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྒྲ་རང་གི་མཚན་ཉིད་འཛིན་པ་དང་། ངན་འགྲོ་ལས་འཛིན་པའི་དོན་དང་། འགྲོ་བ་ལྔའི་འཁོར་བ་ལས་འཛིན་པའི་དོན་གྱིས་ཐར་པ་མྱང་འདས་ལ་ཆོས་སུ་བཏགས་པ་གསུམ་ལས། འདི་བར་བའོ། །གཉིས་པ་ལ་གཉིས། མདོར་བསྟན་དང་། རྒྱས་པར་དབྱེ་བའོ། །དང་པོ་ནི། དེ་བཞིན་ཉིད་ཐུགས་སུ་ཆུད་པའི་དྲང་སྲོ༷ང་མཆོག་རྫོགས་པའི་སངས་རྒྱས་དག་གིས་ལས་རྣམས་ནི་གཉིས་སུ་མདོར་བསྡུས་ཏེ། སེམས་པ་ཡིད་དང་ནི་བསམ་པར་ཏེ་ལུས་ངག་གི་ལས་ཞེས་གསུངས་སོ། །ལས་དེ་དག་གི་བྱེ་བྲག་ནི་གཞན་དུ་ཡང་རྣམ་པ་དུ་མར་ཡོངས་སུ་བསྒྲགས་ཏེ་འཆད་པར་འགྱུར་རོ། །གཉིས་པ་ནི། དེ་ལ་དགེ་མི་དགེའི་ངག་གི་ཚིག་འབྲུ་གསལ་པོར་བརྗོད་པ་ངག་གི་རིག་བྱེད་ཀྱི་ལས་དང་། དགེ་མི་དགེའི་ལུས་ཀྱི་བསྒུལ་བསྐྱོད་ལུས་ཀྱི་རིག་བྱེད་དང་གཉིས། ཡང་སྲོག་གཅོད་སོགས་གཏན་ནས་མི་སྤོང་བ་སྡོམ་མིན་གྱི་རིག་བྱེད་མིན་པ་དང་། དེ་སྤོང་བ་སྡོམ་པའི་རིག་བྱེད་མིན་པ་གཉིས། ཡང་བར་མའི་རིག་བྱེད་མིན་པ་ལ་ཡང་དགེ་མི་དགེ་གཉིས་སུ་ཡོད་དེ་དགེ་འདུན་ལ་གཙུག་ལག་ཁང་སོགས་ཕུལ་བ་ཇི་སྲིད་ལོངས་སྤྱོད་པ་མ་ཆད་ཀྱི་བར་དུ་དེ་བྱེད་པ་པོ་ལ་དགེ་བའི་རིག་མིན་རྒྱུན་མི་ཆད་ ― MR01_Page_0348 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་འབྱུང་བ་དང་། དེ་བཞིན་སྲོག་གཅོད་པའི་ཁང་པ་བྱས་པ་ལྟ་བུ་བསོད་ནམས་མིན་པའང་དོན་དེ་དག་མ་ཆད་ཀྱི་བར་དུ་བར་མ་མི་དགེའི་རིག་མིན་འབྱུང་བས་སོ། །དེ་དག་ཀུན་གྱི་ཀུན་སློང་དུ་གྱུར་པ་དགེ་མི་དགེའི་ལས་མངོན་པར་འདུ་བྱེད་པའི་སེམས་པ་དང་ནི་བདུན་པོའོ། །དེ་ལ་ལས་གང་ཞིག་སེམས་པ་ཞེས་བྱ་བ་གསུངས་པ་དེ་ནི་ཡིད་ཀྱི་སྡེ་ཡིད་ཀྱི་ལས་ཡིན་པར་འདོད་ལ་བསམས་པར་བྱས་པའི་ལས་ཞེས་ནི་གང་གསུངས་པ་དེ་ནི་མ་བསམ་པར་བྱ་མི་ནུས་པའི་རྒྱུ་མིང་འབྲས་བུར་བཏགས་པས་ལུས་དང་ངག་གི་ལས་ཞེས་བྱ་བ་ཡིན་ཏེ་དེ་ལྟ་ན་སྒོ་གསུམ་གྱི་ལས་གསུམ་མོ། །༡ ངག་དང་ལུས་བསྐྱོད་༢ དང་། མི་དགེ་བ་མི་སྤོང་བའི་སྡོམ་མིན་གྱི་རྣམ་པར་རིག་བྱེད་མིན་པ་ཞེས་བྱ་གང་ཡིན་༣པ་དང་། སྤོང་བའི་རྣམ་པར་རིག་བྱེད་ ༤ མིན་པ་གཉིས་སུ་ཕྱེ་བ་དེ་བཞིན་སྡོམ་སྡོམ་མིན་ལས་གཞན་རིག་བྱེད་མིན་པ་བར་མ་དག་ཀྱང་ནི་དེ་བཞིན་དགེ་མི་དགེ་གཉིས་སུ་ཡོད་པར་འདོད་པ་དང་། ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་ ༥ དང་། བསོད་ནམས་མ་ཡིན་པ་ལོངས་སྤྱོད་པ་ལས་བྱུང་བའི་ཚུལ་དེ་བཞིན་ ༦ དང་། འདུ་བྱེད་སེམས་པ་ ༧ དང་ནི་ཆོས་དེ་བདུན་པོ་ལ་ལས་སུ་མངོན་པར་འདོད་པ་ཡིན་ནོ། །གཉིས་པ་རྟག་ཆད་སྤོང་ཚུལ་ལ་ ― MR01_Page_0349 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས། རྩོད་པ་དགོད་པ་དང་། ཉེས་སྤོང་གི་ལན་བརྗོད་པའོ། །དང་པོ་ནི། དེ་ལ་རྒོལ་བ་གང་ཞིག་ན་རེ། གལ་ཏེ་ལས་དེ་རྣམས་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་གནས་ན་ལས་དེ་རྟག་པར་འགྱུར་ལ་གལ་ཏེ་འགགས་ན་ས་བོན་ཚིག་པ་ལས་མྱུ་གུ་ལྟར་འགགས་པར་གྱུར་པ་ཞིག་ནས་ཅི་ཡང་མེད་པ་དེས་ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར་ཏེ་ཞེས་འབྲས་བུ་སྨིན་པའི་བར་དུ་རྒྱུ་ལས་ཉིད་གནས་མི་གནས་ལ་དེ་ལྟར་བརྟགས་ནས་རྩོད་པ་བཀོད་པའི་ལན་དུ་ཕྱོགས་ཕྱི་མ་ཁས་བླངས་ཀྱང་མི་སྐྱོན་པའི་ཕྱིར་ཉན་ཐོས་སྡེ་པ་ཁ་ཅིག་རྒྱུན་ཁས་ལེན་པ་དང་། ཁ་ཅིག་ཆུད་མི་ཟ་བའི་རྫས་ཁས་བླངས་ནས་རྟག་ཆད་ཀྱི་སྐྱོན་སྤོང་བར་བྱེད་དོ། །གཉིས་པ་ལ་གཉིས། མདོ་སྡེ་པའི་ཉེས་སྤོང་དང་། བྱེ་བྲག་སྨྲ་བའི་ཉེས་སྤོང་བརྗོད་ཚུལ་ལོ། །དང་པོ་ལ་གཉིས། རྟག་ཆད་སྤོང་ཚུལ་དང་། ལས་ཀྱི་འབྲས་བུ་བཤད་པའོ། །དང་པོ་ནི། འདི་ལྟར་མྱུ་གུ་སྡོང་བུ་སྦུབས་འཆའ་བ་ལོ་མ་ལ་སོགས་པའི་རྒྱུན་གང་ནི། དང་པོའི་ས་བོན་ཡོད་པ་ལས་ནི་མངོན་པར་འབྱུང་ཞིང་། རྒྱུན་དེ་ལས་འབྲས་བུ་འབྱུང་བ་རྗེས་འགྲོ་དང་ས་བོན་ནི་མེད་ན་འབྲས་བུ་ལ་སོགས་པ་དེ་ཡང་འབྱུང་བར་མི་འགྱུར་བས་ལྡོག་པ་སྟེ་དེའི་སྒོ་ནས་རྒྱུ་འབྲས་སུ་གྲུབ་བོ། །རྟག་ཆད་ཀྱི་ ― MR01_Page_0350 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉེས་པ་མི་འབྱུང་བ་གང་ཕྱིར་ས་བོན་འགགས་པ་ལས་རྒྱུན་སྐྱེ་བ་དང་། རྒྱུན་འགགས་པ་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་ས་བོན་ནི་འབྲས་བུའི་སྔོན་དུ་ངེས་པར་འགྲོ་བ་དེ་ཕྱིར་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བས་ཆད་པ་མིན་ལ་རྒྱུ་ས་བོན་འགགས་ཟིན་པས་རྟག་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་དགེ་སྡིག་གི་སེམས་ཀྱི་རྒྱུན་ནི་གང་ཡིན་པ། སེམས་པ་སོགས་ཀྱི་ལས་ལས་མངོན་པར་འབྱུང་བར་འགྱུར་ལ། དེ་ལས་ལས་ཀྱི་འབྲས་བུ་བདེ་སྡུག་འབྱུང་བས་རྗེས་འགྲོ་དང་། སེམས་པའི་ལས་ལྟ་བུ་ཞིག་མེད་ན་འབྲས་བུ་སེམས་ཀྱི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་བའི་ལྡོག་པ་ངེས་སོ། །འདི་ལའང་གང་ཕྱིར་སེམས་པ་ལ་སོགས་པའི་ལས་ལས་དགེ་སྡིག་གི་སེམས་ཀྱི་རྒྱུན་དང་ནི་རྒྱུན་ལས་འབྲས་བུ་བདེ་སྡུག་འབྱུང་བར་འགྱུར་ཞིང་། ལས་ནི་འབྲས་བུའི་སྔོན་དུ་འགྲོ་བ་ཡི་སྒོ་ནས་རྣམ་སྨིན་གྱི་དུས་སུ་འགགས་པ་དེ་ཡི་ཕྱིར་ཆད་པ་མིན་ལ་རྟག་པའང་མ་ཡིན་ནོ། །གཉིས་པ་ནི། ལས་ལམ་དངོས་གཞི་བྱེད་བཞིན་པ་ལ་དཀར་པོའི་ལས་དང་། དེ་རྫོགས་པ་ལ་ཆོས་སམ། ཡང་ན་སྔར་བཤད་པ་ལྟར་གྱི་སྡོམ་པ་དང་ཕན་པ་དང་བྱམས་པའི་སེམས་གསུམ་ལ་ཆོས་ཞེས་བྱ་བའམ། ཡང་ན་ཆོས་ནི་སྤྱིར་བཏང་ལེགས་བྱས་ཀྱི་ལས་ལ་དགོངས་པའོ། །དེ་ལྟར་དཀར་ ― MR01_Page_0351 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོའི་ལས་ཀྱི་ལམ་དགེ་བ་བཅུ་པོ་ཆོས་སྒྲུབ་པ་ཡི་ཐབས་ཡིན་ཏེ་ཆོས་ཀྱི་འབྲས་བུ་ནི་སྐྱེ་བ་འདི་དང་གཞན་དུ་འདོད་པའི་ཡོན་ཏན་ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་རྣམ་པ་ལྔའོ། །ཆོས་མ་ཡིན་པའི་འབྲས་བུ་དེ་ལས་བཟློག་པའི་སྒོ་ནས་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་སྨྲ་བའི་འདོད་ཚུལ་ལ་གཉིས། གཞན་ལ་ཉེས་པ་བརྗོད་པ་དང་། རང་གི་འདོད་ཚུལ་བཞག་པའོ། །དང་པོ་ནི། སྡེ་པ་གཞན་དག་ན་རེ། དེ་ལྟའི་ལས་འབྲས་ལ་རྒྱུན་ཁས་ལེན་པའི་བརྟགས་པ་དེར་འགྱུར་ན་ནི། དེ་ལ་ཉེས་པ་ཆེན་པོ་དང་། ཉེས་པའི་རྣམ་གྲངས་མང་པོར་འགྱུར་ཏེ། དཔེ་ས་མྱུག་སོགས་འདྲ་བར་རྒྱུན་ལས་འབྲས་བུ་འབྱུང་ན། ས་ལུའི་ས་བོན་ལས་རང་གི་རིགས་མཐུན་ཁོ་ན་ལས་རིགས་མི་མཐུན་པའི་མི་འབྱུང་བ་བཞིན་དུ། དགེ་སོགས་ཀྱི་སེམས་ཀྱི་རྒྱུན་ལས་དེ་ཁོ་ན་རིགས་འདྲ་རྒྱུན་མི་ཆད་པར་འབྱུང་བ་དང་། ཁམས་དང་འགྲོ་བ་སོ་སོའི་གང་ཟག་གི་ལས་སེམས་པ་ལས་རང་གི་རྒྱུན་རིགས་འདྲ་ལས་རིགས་མི་མཐུན་གཞན་གྱི་བར་ཆོད་པ་མི་འཐད་ལ། ཆོད་ན་རྒྱུན་མེད་པར་ཐལ་བས་དེ་མི་འཐད་དོ་ཞེས། གལ་ཏེ་མདོ་སྡེ་པས་བཤད་མ་ཐག་པའི་དཔེ་དོན་སྦྱར་བའི་བརྟགས་པ་དེ་ལྟ་བུར་འགྱུར་ཏེ་ཁས་ལེན་ན་རིགས་འདྲ་ལས་རིགས་མི་ ― MR01_Page_0352 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐུན་གྱིས་བར་བཅད་དུ་མེད་པ་སོགས་དེའི་ཉེས་པ་ཆེན་པོ་མང་པོ་ཞིག་ཡོད་པར་འགྱུར་ལ་དེ་ལྟ་བས་ན་བརྟགས་པ་དེ་ནི་ལས་འབྲས་ཀྱི་སྐྱོན་རྟག་ཆད་སྤོང་པའི་ལན་དུ་སྐབས་འདིར་ནི་འཐད་པ་མ་ཡིན་ནོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། འོ་ན་ལན་ཇི་ལྟར་གདབ་ན་རང་བཟོ་སྤང་སྟེ་སངས་རྒྱས་འཁོར་བཅས་ཀྱིས་གསུང་པ་ནི་ལས་ཆུད་མི་ཟ་བ་ཞེས་ལས་བྱས་ཏེ་འགགས་ན་ཡང་། བྱེད་པ་པོའི་རྒྱུད་ལ་ཆུད་མི་ཟ་བ་ཞེས་བྱ་བ་ལྡན་མིན་འདུ་བྱེད་དུ་གཏོགས་པ། བུ་ལོན་གྱི་དཔང་རྒྱ་འདྲ་བ་ཞིག་སྐྱེའོ། །ལས་བུ་ལོན་ལྟ་བུ་ལ་ཆུད་མི་ཟ་བ་ནི་དཔང་རྒྱ་བཞིན་ནོ། །དཔང་རྒྱ་བཞག་ནས་ནོར་སྤྱད་ཀྱང་དུས་གཞན་གྱི་ཚེ་ནོར་བདག་གིས་ནོར་སྐྱེད་དང་བཅས་པ་འགུག་འོང་བ་དེ་བཞིན་དུ་ལས་ཞིག་ཀྱང་ཆུད་མི་ཟ་བས་ལས་བྱེད་པ་པོས་ལས་ཀྱི་འབྲས་བུ་མྱོང་བར་བྱེད་དོ། །དཔང་རྒྱས་གཏོང་བ་པོ་ལ་ནོར་བཀུག་ཟིན་ནས་ཡིག་རོར་གྱུར་པ་དེ་ཡོད་དམ་མེད་ཀྱང་རུང་སྟེ། སླར་དེས་ནོར་འགུག་མི་ནུས་པ་བཞིན་དུ། རྣམ་སྨིན་དབྱུང་ཟིན་ནས་ཆུད་མི་ཟ་བ་ཡོད་དམ་མེད་ཀྱང་རུང་སྟེ་སླར་རྣམ་སྨིན་མྱོང་བར་བྱེད་མི་ནུས་སོ། །ཆུད་མི་ཟ་བ་དེ། འདོད་གཟུགས་གཟུགས་མེད་དང་ཟག་མེད་དེ་ཁམས་ཀྱི་དབྱེ་བ་ལས་རྣམ་ ― MR01_Page_0353 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་བཞིའོ། །དེ་ཡང་དེ་དང་དེར་གཏོགས་པས་ཕྱེ་བས་ཟག་བཅས་ཟག་མེད་དུ་བཞག་ཀྱང་། ངོ་བོ་ནི་ལུང་མ་བསྟན་ཏེ་ཟག་བཅས་ཟག་མེད་གང་དུའང་བརྡའ་མི་སྤྲོད་དེ་ཞེས་ཟག་བཅས་མིན་པར་བཤད་པའང་ལས་ཟག་བཅས་མིན་པ་ལ་འདོགས་ཀྱི། སྤྱིར་ཟག་བཅས་ཏེ་དེ་སྤང་བྱ་ཡིན་པས་སོ་ཟེར། དེ་དགེ་མི་དགེ་གང་ཡང་མིན་ཏེ་ཆགས་བྲལ་དང་དགེ་རྩ་ཆད་པ་གཉིས་ཀ་ལ་ཡོད་པས་སོ། །ལས་སྤོང་བས་ཀྱང་དེ་སྤོང་བ་མིན་ཏེ། འཕགས་པའི་མཐོང་ལམ་གྱིས་སོ་སྐྱེའི་ལས་སྤངས་ཀྱང་། འཕགས་པ་དགྲ་བཅོམ་པ་ལ་སོ་སྐྱེའི་ལས་ཀྱི་ནུས་པ་མཐོང་བ་ནི་ཆུད་མི་ཟ་བ་ཡོད་པས་སོ། །འོན་ཀྱང་བསྒོམ་པས་སྤོངས་ལ། ཀྱང་སྒྲས་འདས་ལམ་གྱི་ཁམས་ལས་འདས་ན་དེར་གཏོགས་ཀྱི་དེ་སྤོང་ངོ་ཞེས་དང་། ཁམས་གསུམ་ལས་ཤིན་ཏུ་འདས་པས་ཀྱང་སྤོང་ཞེས་བཤད་ལ། ཡང་ཀྱང་སྒྲས་ཟག་མེད་སྤོང་བྱ་མིན་པའང་ཡོད་དགོས་པས་དེ་སྟོན་ནམ་སྙམ། དེ་ལྟར་རང་ལུགས་སངས་རྒྱས་རྣམས་དང་རང་རྒྱལ་དང་ཉན་ཐོས་རྣམས་ཀྱིས་གང་གསུངས་པའི་བརྟགས་པ་གང་ཞིག་འདིར་ལས་འབྲས་རྟག་ཆད་དང་བྲལ་བའི་འཐད་པ་དེ་ནི་རབ་ཏུ་བརྗོད་པར་བྱའོ། །གཉིས་པ་ལ་ལྔ། ཆུད་མི་ཟ་བའི་དཔེ་བསྟན་པ། དབྱེ་བ་དང་རང་བཞིན་བསྟན་པ། ― MR01_Page_0354 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔང་རྒྱ་གང་དུ་གཏོགས་པ་སྐྱེ་འགག་བྱེད་པའི་ཚུལ། ངོ་བོའི་སྒོ་ནས་དབྱེ་བ་བསྟན་པའོ། །དང་པོ་ནི། དེ་གང་ཞེ་ན། དཔེ་ཇི་ལྟར་འཇིག་རྟེན་ན་བུ་ལོན་གྱི་དཔང་རྒྱ་དེ་བཞིན་དུ་ཆུད་མི་ཟ་བའི་ལས་ནི། བུ་ལོན་བཞིན་དུ་རྣམ་སྨིན་འགུག་གོ །ཡང་ན། ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། དེ་ལྟར་ལས་དང་ཆུད་མི་ཟ་ཞེས་བུ་ལོན་ལྟ་བུ་ལས་དང་དཔང་རྒྱ་ལྟ་བུ་ཆུད་མི་ཟ་བ་སྟེ། མདོར་ན་ལས་ནི་བུ་ལོན་བཞིན་དུ་སྐྱེས་མ་ཐག་ཏུ་རྫས་འགགས་པས་རྟག་པར་མི་འགྱུར་ཞིང་། དཔང་རྒྱ་དང་འདྲ་བས་ཆུད་མི་ཟ་བས་དུས་ནམ་ཞིག་གི་ཚེ་དེའི་འབྲས་བུ་སྐྱེད་དང་བཅས་པ་འབྱིན་པས་ཆད་པར་ཡང་མི་འགྱུར་རོ་གསུངས། གཉིས་པ་ནི། ཆུད་མི་ཟ་བ་དེ་ནི་ཁམས་ལས་ཕྱེ་ན་ཁམས་གསུམ་དུ་གཏོགས་པ་དང་ཟག་མེད་དང་རྣམ་པ་བཞི་སྟེ། དེ་ཡང་ངོ་བོའམ་རང་བཞིན་ནི་དགེ་མི་དགེ་གཉིས་ཀ་མིན་པས་ལུང་མ་བསྟན་ནོ། །གསུམ་པ་ནི། མཐོང་ལམ་གྱིས་སོ་སྐྱེའི་ལས་མཐོང་སྤང་སྤོང་བས་ཆུད་མི་ཟ་བ་དེ་སྤང་བ་མ་ཡིན་ཏེ་བསྒོམ་པས་སྤང་བ་ཉིད་ཀྱང་ཡིན་ལ་མཐོང་སྤང་སྤོང་ཡང་སྔོན་ལས་ཀྱི་ཆུད་མི་ཟ་བ་མི་སྤང་བ་དང་། ལས་འགགས་ཀྱང་དེ་ཆུད་མི་ཟ་བའི་རྒྱུན་མི་འཇིག་པ་དེ་ཡི་ཕྱིར་རིམ་པ་ལྟར་འཕགས་པ་དང་བྱིས་པ་ལ་སྔར་བྱས་ཀྱི་ལས་དགེ་མི་དགེའི་ ― MR01_Page_0355 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་ཡིད་དུ་འོང་མི་འོང་གདོན་མི་ཟ་བར་སྐྱེད་པར་འགྱུར་རོ། །གལ་ཏེ་ལས་མཐོང་སྤང་སྤོང་བས་དེའི་ཆུད་མི་ཟ་བ་སྤང་བ་དང་། ལས་འཕོ་བ་སྟེ་ལས་རིགས་མི་མཐུན་སྔོན་དུ་བྱས་པ་ཡིས་སྔ་མའི་ཆུད་མི་ཟ་བའི་རྒྱུན་འཇིག་པར་འགྱུར་ན་དེ་ལ་ལས་ཀྱི་འབྲས་བུ་འཇིག་པ་དང་། མ་བྱས་པ་དང་འཕྲད་པ་དང་། ལས་བྱས་པ་ཆུད་ཟོས་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་ཞེས། འཕགས་པ་ལ་ལས་ཀྱི་རྣམ་སྨིན་མྱོང་བ་མེད་པ་དང་། སོ་སྐྱེ་ལ་མ་བྱས་པའི་ལས་ཀྱི་འབྲས་བུ་མྱོང་བར་ཐལ་བ་དང་། ལས་འབྲས་མེད་པར་ཐལ་བའོ། །བཞི་པ་སྐྱེ་འགག་བྱེད་ཚུལ་ནི། འདོད་གཟུགས་གཟུགས་མེད་དེ་ཁམས་མཚུངས་པར་གྱུར་པའི་ལས་ནི་དགེ་སོགས་གང་རིགས་སམ་ཆ་མཚུངས་པ་དང་། ཕན་ཚུན་ཆ་མི་མཚུངས་པ་དགེ་མི་དགེ་ལྟ་བུ་ཐམས་ཅད་ཀྱི་ཆུད་མི་ཟ་བ་དུ་མ་དེ་ནི་ཉིང་མཚམས་སྦྱོར་བའི་ཚེ་སོ་སོར་བ་བཏང་ནས་ཁམས་དེའི་ཐོབ་པ་གཅིག་པོ་ཁོ་ན་ཉིད་དུ་ཐོབ་སྟེ་སྐྱེ་བར་འགྱུར་རོ། །མཐོང་བའི་ཆོས་ཚེ་འདི་ལ་ནི་ཟག་ཟག་མེད་དམ་དགེ་མི་དགེ་རྣམ་གཉིས་པོ་སེམས་པ་དང་། བསམ་པ་ཀུན་གྱི་ལས་དང་། ལས་ ― MR01_Page_0356 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་ཆུད་མི་ཟ་བ་དེ་ལས་ཀྱི་གྲངས་བཞིན་ཐ་དད་པར་ནི་སྐྱེ་བར་འགྱུར་ཞིང་ཚེ་འདིར་ཡོད་པའི་ཆུད་མི་ཟ་བ་གང་གིས་རྣམ་པར་སྨིན་པ་འབྱིན་པར་གྱུར་ཟིན་ཀྱང་ཁོ་རང་མི་འགག་པར་གནས་པ་ཡིན་ཀྱང་འབྲས་བུ་འབྱིན་མི་ནུས་ཏེ་དཔང་རྒྱ་རོར་གྱུར་པ་ལྟར་རོ། །ཚེ་སྔ་མའམ་འདིའི་ལས་ཀྱི་མཐོང་ཆོས་མྱོང་གྱུར་ཡིན་ཀྱང་འདྲ་སྟེ། དེར་ཆུད་མི་ཟ་བ་འགག་བྱེད་ཀྱི་རྒྱུ་མེད་པས་འབྲས་བུ་འབྱིན་ཀྱང་རང་མི་འགག་པའོ། །དེ་ནི་ནམ་འགག་ན་འབྲས་བུ་འཕོ་བ་དང་ཤི་བར་གྱུར་ན་འགོག་པར་འགྱུར་ཏེ། འབྲས་བུ་འཕོ་བ་ནི་འགག་པ་བསྒོམ་པས་སྤང་བ་ཉིད་ཀྱང་ཡིན་ཞེས་པས་བསྟན་ལ། ཤི་བ་ན་འགག་པ་ནི། དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། གཅིག་པུ་ཐོབ་སོགས་ཀྱིས་བསྟན་ཟིན་ཏོ། །ལྔ་པ་ངོ་བོའི་དབྱེ་བ་ནི། དེ་ཡི་རྣམ་དབྱེ་ཟག་མེད་དང་ཟག་པ་དང་བཅས་པ་ལ་ལྟོས་པའི་དེ་གཉིས་ཡིན་པར་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། ཆུད་མི་ཟ་བ་ཉིད་ཀྱིས་རྒྱུ་འབྲས་འབྲེལ་ཞིང་དེ་ལ་བདག་གིས་སྟོང་པ་སོགས་བཤད་པའི་འབྲེལ་བ་ཡོད་ལ། ཆུད་མི་ཟ་བ་དེས་ལས་ལ་སྟོང་པ་ཉིད་སོགས་བཞི་བྱུང་བར་སྟོན་པ་སྟེ། དེ་ལྟར་ཁས་བླངས་ན་ལས་སྐད་ཅིག་གཉིས་པར་མི་ ― MR01_Page_0357 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་པས་རང་གི་རང་བཞིན་དུ་མི་གནས་པས་སྟོང་པ་དང་། ལས་འགགས་ཀྱང་ལས་ཀྱི་རྣམ་སྨིན་རྒྱུན་ཆད་པ་མེད་པ་དང་། རྒྱུན་ལྟ་བུ་མིན་པས་འགྲོ་བ་སོ་སོའི་རྒྱུད་ལ་ཡོད་རུང་བས་སྲིད་པ་སྣ་ཚོགས་སུ་འཁོར་བར་འཐད་པ་དང་། ལས་རྣམ་སྨིན་གྱི་བར་དུ་གནས་པའི་རྟག་པ་མིན་པར་བྱེད་པའི་ཆུད་མི་ཟ་ཞེས་སོ། །དེ་ལྟ་ན་སྟོང་པ་ཉིད་དུ་རུང་བ་དང་ཚད་མེད་པ་དང་ཁམས་དང་འགྲོ་བ་སོ་སོར་འཁོར་བ་རུང་བ་དང་ནི་རྟག་པ་མིན་པའི་ཡོན་ཏན་བཞི་དང་ལྡན་པ་ལས་རྣམས་ཆུད་མི་ཟ་བའི་ཆོས་ཞེས་བྱ་བ་དེ་སངས་རྒྱས་ཀྱིས་ནི་བསྟན་པ་ཡིན་ཞེས་ཟེར་རོ། །གསུམ་པ་ཉེས་སྤོང་གི་ལན་དགག་པ་ལ་བཞི། རང་བཞིན་མེད་པས་རྟག་ཆད་མེད་པའི་ཚུལ་དང་། རང་བཞིན་ཡོད་པར་འདོད་པ་ལའང་གནོད་པ་བརྗོད་པ། བདེན་པར་ཡོད་པའི་སྒྲུབ་བྱེད་དགག་པ་དང་། ཐ་སྙད་དུ་ཇི་ལྟར་བཞག་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ལས་ཞེས་བྱ་བ་ཡོད་པར་མ་གྱུར་ན་དེ་ལ་རྣམ་སྨིན་ཇི་ལྟར་འབྱུང་ཚུལ་ལ་བརྟགས་ཏེ། འབྲས་བུའི་རྒྱུ་ཅན་གྱི་རྩོད་པར་བྱེད་པ་ཁྱེད་དག་དྲི་ཟའི་གྲོང་ཁྱེར་འཇིག་པས་དོགས་ནས་བསྲུང་པའི་ ― MR01_Page_0358 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངལ་བར་རྩོལ་བ་བཞིན་ནོ། །འདི་ལྟར་ལས་རང་གི་ངོ་བོས་སྐྱེ་ནས་དེ་རྣམ་སྨིན་གྱི་བར་དུ་སྡོད་ན་རྟག་པ་དང་། མི་སྡོད་པར་འཇིག་ན་ཆད་པར་འགྱུར་ཡང་། དེ་མེད་དེ། དེ་ལ་རང་བཞིན་མི་འཐད་པར་གོང་གི་རིགས་པས་བསྟན་ཟིན་པས་སོ། །འོ་ན་སངས་རྒྱས་ཀྱིས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་གསུངས་པ་གང་ལ་དགོངས་ཞེ་ན། གང་གི་ཕྱིར་རྟག་ཆད་ཀྱི་གཞི་ཐ་སྙད་བརྫུན་པའི་ལས་ནི་སྐྱེ་བ་མེད་པ་སྟེ་རྒྱུ་མཚན་འདི་ལྟར་ལས་དེ་ལ་རང་བཞིན་མེད་པ་དེའི་ཕྱིར་ནའོ། །གང་ཕྱིར་ལས་དེ་ནི་རང་བཞིན་གྱིས་མ་སྐྱེས་པ་ཡི་རྒྱུ་མཚན་དེ་ཡི་ཕྱིར་ནམ་ཡང་ཆུད་ཟར་མི་འགྱུར་རོ། །སྐྱེས་ན་ཆུད་ཟ་སྟེ་འཆད་པར་འགྱུར་རོ། །གཉིས་པ་ལས་རང་བཞིན་ཡོད་པར་འདོད་པ་ལའང་གནོད་བྱེད་བརྗོད་པ་ནི། དེ་ཅིའི་སླད་དུ་གལ་ཏེ་ལས་ལ་རང་བཞིན་ཡོད་ན་ནི་དེ་རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། རང་བཞིན་ལ་གཞན་དུ་འགྱུར་བ་ནམ་ཡང་མི་འཐད་པའི་ཕྱིར་རོ། །རྟག་པར་འགྱུར་ན་ལས་ནི་བྱས་པ་མ་ཡིན་པར་འགྱུར་ཏེ་རྒྱུ་མཚན་རྟག་པ་ལ་བྱ་བ་འཇུག་པ་མེད་པའི་ཕྱིར་རོ། །ཅི་སྟེ་ལས་ནི་ ― MR01_Page_0359 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱར་མི་རུང་བས་ན་སུས་ཀྱང་ལས་མ་བྱས་ན་ཡང་འབྲས་བུ་མྱོང་ན་ནི་རྣམ་སྨིན་དེ་ལ་རྒྱུ་ལས་བྱས་པ་མེད་པས་མ་བྱས་པ་ཡི་རྣམ་སྨིན་དང་ཕྲད་པའི་འཇིགས་པ་ཆེན་པོར་འགྱུར་ཏེ། སྲོག་གཅོད་གང་གིས་མ་བྱས་པ་དེ་ལ་ཡང་ལས་དེ་མ་བྱས་ཀྱང་ཡོད་པས་སོ། །ཚངས་པར་སྤྱོད་པ་ལ་གནས་པ་ཡོད་པ་མ་ཡིན་པའང་ཚངས་སྤྱོད་ལ་གནས་པ་ཡོངས་སུ་དག་པ་རྣམས་ལ་ཡང་། མི་ཚངས་པར་སྤྱོད་པ་མ་བྱས་པར་ཡོད་པས། ཐམས་ཅད་ཚངས་སྤྱོད་མ་ཡིན་པ་ལ་གནས་པའི་ཕྱིར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་བས་རང་གི་བསྟན་བཅོས་དང་གྲུབ་མཐར་འགལ་ལོ། །ཚངས་པ་ནི་མྱང་འདས་ལ། དེ་ཐོབ་པ་ཡི་སྤྱོད་པ་ལས་སོ། །མི་དགེ་བ་མ་བྱས་ཀྱང་ཕྲད་པའི་འཇིགས་པ་དོན་མེད་དུ་འོང་ན་ཚངས་སྤྱོད་ལ་གནས་པའང་དོན་མེད་པ་སོགས་ལས་རང་བཞིན་ཡོད་པར་འདོད་པའི་ཕྱོགས་དེ་ལ་སྐྱོ༷ན་དུ་མ་ཐལ་བར་འགྱུར་རོ། །འཇིག་རྟེན་གྱི་ཐ་སྙད་བུམ་སྣམ་བྱེད་པ་ཞིང་ལས་སོགས་ཐམས་ཅད་ཉིད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་དེ་འབྲས་བུ་དེ་དག་མ་བྱས་པར་ཡང་ཡོད་པས་ ― MR01_Page_0360 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་གསར་དུ་ནམ་ཡང་བྱ་བ་མེད་པས་སོ། །གང་ཟག་བསོད་ནམས་དང་ནི་སྡིག་པ་བྱེད་པའི་རྣམ་པར་དབྱེ་བའང་འཐད་མི་འགྱུར་ཏེ་དགེ་སྡིག་ཐམས་ཅད། ཐམས་ཅད་ལ་ལྡན་པ་དང་གསར་དུ་བྱ་མི་ནུས་པས་སོ། །ལས་དེ་ནི་རྣམ་སྨིན་སྨིན་ཟིན་པར་གྱུར་པ་དག་ཀྱང་སླར་ཡང་ཡང་དང་ཡང་དུ་རྣམ་པར་སྨིན་པར་འགྱུར་ཏེ་དེའི་རྒྱུ་མཚན་ནི་གལ་ཏེ་ལས་རང་བཞིན་གྱིས་ཡོད་པར་ཁས་བླངས་པ་དེས་ན་ནི་གང་གི་ཕྱིར་རྒྱུ་ལས་མ་ཉམས་པར་གནས་པ་དེ་ཡི་ཕྱིར་ན་འབྲས་བུའང་མི་ལྡོག་གོ །གསུམ་པ་བདེན་པར་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གསུམ། རྒྱུ་ཉོན་མོངས་པ་དགག་པ་དང་། འབྲས་བུ་རྣམ་སྨིན་དགག་པ་དང་། ལོངས་སྤྱོད་པ་པོ་དགག་པའོ། །དང་པོ་ནི། ལས་ཡོད་དེ། དེའི་རྒྱུ་ཉོན་མོངས་ཡོད་པའི་ཕྱིར་གང་མེད་པ་ལ་རྒྱུ་མི་སྲིད་དེ། རུས་སྦལ་གྱི་སྤུའི་གོས་བཞིན་ནོ་སྙམ་ན། ཅི་ལས་འདི་ནི་ཉོན་མོངས་པ་ལ་རག་ལས་པའི་བདག་ཉིད་ཡིན་ནོ་ཞེས་ཉོན་མོངས་མེད་པའི་ཟག་བཅས་ཀྱི་ལས་མེད་པ་ཡིན་ལ་ཞེས་ཁྱབ་པ་བསྒྲུབས་ནས། ཕྱོགས་ཆོས་ཉོན་མོངས་མེད་པར་བསྒྲུབས་པས་ལས་ཀྱང་མེད་པར་ ― MR01_Page_0361 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲུབ་པའོ། །དེ་ཡང་རྒྱུ་ཉོན་མོངས་དེ་དག་རྟེན་ནས་འབྱུང་བའི་ཕྱིར་ཡང་དག་པར་ཡོད་པ་མིན་ནོ། །གལ་ཏེ་དེ་ལྟར་ཉོན་མོངས་ཡང་དག་མིན་ན་དེའི་རྒྱུ་ཅན་ལས་ནི་ཡང་དག་པ་ཇི་ལྟར་ཡིན་ཏེ། ཉོན་མོངས་མེད་ཚུལ་ནི། སྔར་སྐྱེ་བ་བཀག་ཟིན་པའི་ཕྱིར་དང་། རབ་བྱེད་དྲུག་པར་ཉོན་མོངས་པའི་ངོ་བོ་བཀག་ཟིན་པ་དང་། འོག་ཏུ་ཡང་། གང་དག་སྡུག་དང་མི་སྡུག་སོགས་ཀྱིས་འགོག་པར་འགྱུར་བས་སོ། །གཉིས་པ་ནི། ལས་དང་ཉོན་མོངས་ཡོད་དེ། དེའི་འབྲས་བུ་རྣམ་པར་སྨིན་པའི་ལུས་ཡོད་པས་སོ་ཞེ་ན། ལས་དང་ཉོན་མོངས་པ་དག་ནི་རྣམ་སྨིན་གྱི་ལུས་རྣམས་ཀྱི་ནི་རྐྱེན་དུ་མདོ་ལས་བསྟན་པ་ནི་ཐ་སྙད་ཙམ་ཡིན་གྱི་དོན་དམ་པར་མིན་ཏེ། གལ་ཏེ་ལས་དང་ཉོན་མོངས་པ་གཉིས་པོ་དེ་རང་བཞིན་སྟོང་པར་བསྟན་ཟིན་པས་ལུས་ལ་དེ་དག་རྒྱུ་ཉིད་དུ་ཇི་ལྟར་བརྗོད་རིགས་ཏེ། རྒྱུ་ལས་ཉོན་གཉིས་པོ་སྟོང་ན་ལུས་ནི་དེ་དག་གི་འབྲས་བུའོ་ཞེས་ཇི་ལྟར་བརྗོད་པར་རིགས་ཏེ་མི་རིགས་སོ། །གསུམ་པ་ལོངས་སྤྱོད་དགག་པ་ནི། ལས་ཡོད་དེ། དེའི་འབྲས་བུ་ཟ་བ་པོ་ཡོད་པས་སོ། །ལས་མེད་ན་དེའི་འབྲས་བུ་སུས་ ― MR01_Page_0362 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོངས་སྤྱོད་དེ་ནམ་མཁའི་ཨ་མྲའི་འབྲས་བུ་བཞིན་ནོ་ཞེ་ན། དེ་མེད་དེ་འདི་ལྟར་ཟ་པོ་ཞེས་བྱ་བ་དེ་ནི། བློ་གྲོས་ཀྱི་མིག་མ་རིག་པས་བསྒྲིབས་པའི་སྐྱེ་བོ་གང་ཞིག་ཡུལ་ལ་སྲེད་པའི་འཆིང་བ་དང་ལྡན་པ་དེ་ནི་ཟག་བཅས་ལས་ཀྱི་རྣམ་སྨིན་ཟ་བ་པོ་ཡིན་ལ་ཟ་བ་པོ་དེ་ཡང་ལས་བྱེད་པོ་ལས་གཞན་ཐ་དད་པ་མིན་ཞིང་ཟ་པོ་དེ་ཉིད་ལས་བྱེད་པོ་དེ་ཡང་མ་ཡིན་ནོ་ཞེས་ལས་བྱེད་པ་དང་རྣམ་སྨིན་དུས་མཉམ་མི་སྲིད་ལ། བྱེད་པོ་ལས་གཞན་དུ་སྨིན་པར་མི་སྲིད་པས་སོ་སྙམ་པའོ། །གལ་ཏེ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཟ་བ་པོ་ཡོད་པས་ལས་ཡོད་དོ་ཞེ་ན། དེ་མེད་དེ་གང་གི་ཕྱིར་ན་ལས་འདི་ནི་རྐྱེན་ལས་བྱུང་བ་མ་ཡིན་པར་རྐྱེན་བརྟགས་པར་བཤད་ཟིན་པ་ཡིན་ཞིང་རྐྱེན་མིན་པའི་རྒྱུ་ལས་བྱུང་བའང་ཡོད་པ་མིན་པ་ལས་དང་བྱེད་པོ་བརྟགས་པར་བཀག་ཟིན་པ་དེ་ཕྱིར་ལས་མེད་དོ། །དེ་མེད་པས་བྱེད་པ་པོ་ཡང་མེད་ལ་གལ་ཏེ་བྱ་རྒྱུ་ལས་དང་དེ་བྱེད་པོ་གཉིས་ཀ་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ག་ལ་ཡོད་དེ་ནམ་མཁའི་ལྗོན་ཤིང་གི་འབྲས་བུ་བཞིན་ནོ། །ཅི་སྟེ་བཟའ་བྱ་འབྲས་བུ་ཡོད་པ་མིན་ན་ཟ་བ་པོ་དེ་ལྟ་ག་ལ་ཡོད་ཅེས་སོ། །བཞི་ ― MR01_Page_0363 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཐ་སྙད་དུ་ཇི་ལྟར་བཞག་པའི་ཚུལ་ནི། གལ་ཏེ་ཁྱོད་ཀྱིས་དེ་ལྟར་དངོས་པོ་རྣམས་རང་བཞིན་མེད་པར་རྣམ་པར་བཞག་ན། བཅོམ་ལྡན་འདས་ཀྱིས་རང་གིས་བྱས་པའི་ལས་ཀྱི་རྣམ་སྨིན་རང་གིས་མྱོང་བར་གསུངས་པ་ལས་འབྲས་ལ་སྐུར་བ་བཏབ་པས་ཁྱོད་མེད་པ་པོའི་གཙོ་བོར་གྱུར་པ་ཡིན་ནོ་ཞེ་ན། ཚིག་གསལ་ལས། ཁོ་བོ་ཅག་མེད་པ་པོ་མ་ཡིན་ཏེ། ཁོ་བོ་ཅག་ནི་ཡོད་པ་དང་མེད་པ་གཉིས་སུ་བཀག་ནས་གཉིས་མེད་པའི་ལམ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་གསལ་བར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ལས་འབྲས་བྱེད་པོ་མེད་དོ་ཞེས་སྨྲ་བ་མིན་ཏེ། འདི་དག་ལ་རང་བཞིན་མེད་དོ་ཞེས་བྱའོ། །རང་བཞིན་མེད་པ་ལ་བྱ་བྱེད་མི་འཐད་སྙམ་ན། རང་བཞིན་ཡོད་པ་ལ་བྱ་བྱེད་རྣམ་པ་ཀུན་ཏུ་མི་འཐད་ཀྱི། རང་བཞིན་མེད་པ་ཁོ་ནའི་དབང་གིས་བྱ་བྱེད་འཐད་པ་ཡིན་ནོ། །དེ་དཔེས་བསྟན་པ། ཤེས་རབ་སྒྲོན་མེ་ལས། ཇི་ལྟར་སྤྲུལ་པ་སྟོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པའང་གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་ལྟར། །དེ་བཞིན་བྱེད་པོས་ལས་བྱས་གང་། །དེ་ཡང་ ― MR01_Page_0364 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྤྲུལ་པའི་རྣམ་པ་བཞིན། །ཞེས་འབྱུང་། འདིར་ཇི་ལྟར་སྟོན་པས་ཏེ་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ནི་རྫུ་འཕྲུལ་ཚད་མེད་པ་ཕུན་ཚོགས་ཀྱིས་རྩ་བའི་སྤྲུལ་པ་སྤྲུལ་ཞིང་། སྤྲུལ་པ་དེ་སྤྲུལ་ཟིན་པ་ན། སླར་ཡང་གཞན་ཞིག་སྤྲུལ་པ་ཞེས་ལན་གཉིས་པ་ཉིད་དུ་ཚིག་གསལ་ལས་སོ། །ཡང་ན་སྤྲུལ་པ་དེ་ཡང་གཞན་ཞིག་སྤྲུལ་ལ། ཉིང་སྤྲུལ་དེས་སླར་ཡང་སྤྲུལ་པ་དེ་སུམ་བརྒྱུད་བྱས་ནས་སྤྲུལ་པ་གསུམ་པོ་བྱེད་པོ་ལས་རྣམ་སྨིན་གསུམ་ལ་སྦྱར་རོ། །སྤྲུལ་པ་དེ་དག་གིས་སླར་ཡང་སྤྲུལ་པ་གཞན་ཞིག་སྤྲུལ་པ་ན། ཉིང་སྤྲུལ་དེས་ཀྱང་སླར་ཡང་གཞན་ནི་སྤྲུལ་པ་ལྟར་དེ་བཞིན་རང་བཞིན་མེད་པའི་བྱེད་པོ་དེ་དང་ལས་གང་བྱས་པའང་སྤྲུལ་པའི་རྣམ་པ་བཞིན། དཔེར་ན་བྱེད་པོ་ལྟ་བུ་སྤྲུལ་པས་ལས་དང་རྣམ་སྨིན་སྤྲུལ་གཞན་ཞིག་སྤྲུལ་པ་མཛད་པ་དེ་བཞིན་ནོ་དེ་ལྟར་ན་ཉོན་མོངས་དང་ལས་དང་། རྣམ་སྨིན་གྱི་ལུས་ཁོག་པ་རྣམས་དང་ལས་བྱེད་པ་པོ་གང་ཟག་དང་རྣམ་སྨིན་རྒྱུན་སོགས་འབྲས་བུ་དག་ཐམས་ཅད་ངོ་བོས་མ་གྲུབ་བཞིན་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་དང་། རྨི་ལམ་གྱི་སྣང་བ་འདྲ་བ་སྣང་ལ་རང་བཞིན་མེད་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བདུན་པའོ།། །། ― MR01_Page_0365 ―
[མ་དཔེ་གཟིགས་ན་འདིར་གནོན།]
༈ བཅོ་བརྒྱད་པ་བདག་དང་ཆོས་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ནི། གཟུགས་ནི་བདག་དང་བདག་གིས་སྟོང་ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། དེ་ལྟར་ལས་དང་ཉོན་མོངས་བྱེད་པ་པོ་ལ་སོགས་པ་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་བྱིས་པ་རྣམས་ལ་སྣང་བ་དེ་ཁོ་ན་ཉིད་མ་ཡིན་པ་རྫུན་པ་ཡིན་ན། འོ་ན་དེ་ཁོ་ན་ཉིད་གང་ཞིག་ཡིན། དེ་ལ་ཇི་ལྟར་འཇུག་པར་བྱ་ཞེ་ན། ཕྱི་ནང་གི་དངོས་པོ་མ་དམིགས་པས། དེ་དག་ལ་བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ། ཟད་པ་ནི་འདིར་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ནི། ཉེས་སྐྱོན་ཐམས་ཅད་འཇིག་ལྟ་ལས་བྱུང་བར་ཤེས་ནས། དེ་ལ་བརྟགས་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་དང་། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ་དང་། དེ་ཁོ་ན་ཉིད་ལ་སློབ་པའི་འབྲས་བུའོ། དང་པོ་ལ་གསུམ། བདག་དང་བདག་གི་བ་དགག་པ་དང་། འཛིན་པ་ཟད་པས་གྲོལ་བ་ཐོབ་ཚུལ་དང་། ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། སངས་རྒྱས་བསྐྱང་གིས་ཀྱང་རབ་བྱེད་བཅོ་ ― MR01_Page_0366 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྒྱད་པ་འདི་དེ་ཁོ་ན་ཉིད་བསྟན་པ་སྙིང་པོ་ལྟ་བུར་གསུངས། དེ་ལ་ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་བདག་དེ་ཡོད་ན་ཕུང་པོ་དང་གཅིག་དང་ཐ་དད་གང་དུ་ཡོད་བརྟགས་པ་སྟེ། དེ་བཞིན་གཤེགས་པ་བརྟགས་པ་དང་མེ་དང་བུད་ཤིང་བརྟགས་པ་སོགས་སུ་ཕྱོགས་ལྔར་བརྟགས་ཀྱང་འདིར་དེ་དག་གི་སྙིང་པོར་དྲིལ་ཏེ་ཕྱོགས་གཉིས་སུ་བརྟགས་པའོ། །དེ་ལ་དང་པོ་ལྟར་ན་གལ་ཏེ་ཕུང་པོ་ལྔ་པོ་འདི་བདག་ཡིན་ན་བདག་ཀྱང་སྐྱེ་བ་དང་འཇིག་པ་ཅན་དུ་དང་མང་པོར་དང་ཉེ་བར་ལེན་པོ་མིན་པའང་འགྱུར་ཏེ་ཕུང་པོ་དང་ངོ་བོ་དབྱེར་མེད་པའི་ཕྱིར། གལ་ཏེ་བདག་ཕུང་པོ་རྣམས་ལས་གཞན་ཡིན་ན་ཕུང་པོའི་མཚན་ཉིད་སྐྱེ་འཇིག་གནས་གསུམ་ཡང་མེད་པར་འགྱུར་ཏེ། འདོད་ན་བདག་དངོས་པོར་མེད་དེ་འདུས་མ་བྱས་སུ་ཐལ་ལོ། །འདུས་མ་བྱས་ནི་ངོ་བོ་ཅུང་ཟད་མེད་དེ་ནམ་མཁའི་མེ་ཏོག་བཞིན་ནོ། །རྟག་པ་ལ་བདག་གི་དོན་དུ་བྱ་བ་རྩོམ་པ་སོགས་དོན་མེད་དོ། །དེས་ན་བདག་གི་ངོ་བོ་ཉིད་ཡོད་པ་མ་ཡིན་ན་ཕུང་སོགས་བདག་གི་བ་ཡོད་པར་ག་ལ་འགྱུར་ཏེ། དེ་བདག་ལ་རག་ལས་པས་སོ། །དེ་ལྟར་དམིགས་ཡུལ་བདག་དང་བདག་གི་བའི་དངོས་པོ་མ་དམིགས་པའམ་རང་བཞིན་གྱིས་ཞི་ ― MR01_Page_0367 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱིར་དེའི་ཡུལ་ཅན་ངར་འཛིན་པ་དང་ང་ཡིར་འཛིན་པ་གཉིས་ཀ་ལྡོག་སྟེ་མེད་པར་འགྱུར་རོ། །གཉིས་པ་ནི། ང་དང་ང་ཡིར་འཛིན་པ་མེད་པར་མཐོང་བའི་རྣལ་འབྱོར་པ་ཡོད་ལ། དེས་ན་བདག་གྲུབ་བོ་ཞེ་ན། ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་མཐོང་བའི་རྣལ་འབྱོར་པ་གང་ཡིན་པ་དེ་ཡང་བདག་ཕུང་དེ་གཉིས་ལས་གཞན་དུ་མི་སྲིད་པས་བདག་གི་རང་བཞིན་ཅན་དུ་ཡོད་པ་མ་ཡིན་ཏེ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་གང་གིས་མཐོང་བས་རྣལ་འབྱོར་པས་བདག་ཀྱང་མི་མཐོང་ངོ་། །དེས་ན་ང་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་མཐོང་བ་དེས། དེ་ཁོ་ན་ཉིད་ཀྱི་དོན་མི་མཐོང་ཞིང་འཇིག་ལྟ་སྤོང་མི་ནུས་ཞེས་སོ། །ཉོན་མོངས་པ་ཐམས་ཅད་འཇིག་ལྟའི་རྩ་བ་ཅན་ཡིན་ལ། དེ་མེད་པས་ཉེར་ལེན་ཀུན་ཟད་ནས་ལས་མི་བསོགས་ལ། དེས་སྐྱེ་བ་མི་ལེན་ཏོ། །ཅིའི་ཕྱིར་ན་ལས་ཉོན་མོངས་དང་དེ་རྣམ་རྟོག་ལས་སྐྱེ་བ་སྟེ། འདི་ལྟར་ཉོན་མོངས་དེ་ཡང་སྡུག་མི་སྡུག་དང་ཕྱིན་ཅི་ལོག་གི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་འབྱུང་བས་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ། །ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་དག་ནི་ ― MR01_Page_0368 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་པ་དང་ཤེས་བྱ་བརྗོད་བྱ་རྗོད་བྱེད་བུམ་སྣམ་སྐྱེས་པ་བུད་མེད། རྙེད་མ་རྙེད་སོགས་ལ་མངོན་པར་ཞེན་པའི་སྤྲོས་པ་ཐོག་མེད་ནས་གོམས་པ་ལས་སྐྱེའོ། །བདེན་འཛིན་གྱི་སྤྲོས་པ་དེ་དག་དེའི་ཡུལ་སྟོང་པ་ཉིད་དུ་མཐོང་བས་འགག་པར་འགྱུར་རོ། །ཇི་ལྟར་ན་མོ་གཤམ་གྱི་བུ་མོ་མེད་པས་འདི་བུ་མོའི་སྙམ་པའི་སྤྲོས་པ་མི་སྐྱེ་ལ་དེ་མེད་པས། དེ་ལ་གཙང་བདེ་སོགས་དང་ཡིད་འོང་གི་རང་བཞིན་དུ་དམིགས་པའི་ཚུལ་མིན་ཡིད་བྱེད་མི་སྐྱེ་ལ། དེ་མེད་པས་དེ་ལ་ཆགས་པ་མི་སྐྱེ། དེ་མ་སྐྱེས་ན། དེ་ལ་རེག་པ་སོགས་ཀྱི་ལས་མི་རྩོམ་པ་བཞིན་ནོ་ཞེས། ནང་ཟིན་པའི་ཕུང་པོ་དང་། ཕྱི་རོལ་མ་ཟིན་པའི་ཕུང་པོ་ཉིད་དག་ལ་རིམ་པ་བཞིན་དུ་བདག་དང་བདག་གིའོ་སྙམ་པའི་འཇིག་ལྟ་དེ་ཟད་ན་འདོད་པ་དང་ལྟ་བ་དང་ཚུལ་བརྟུལ་མཆོག་འཛིན་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི་པོ་འགག་པར་འགྱུར་ཞིང་ཉེར་ལེན་དེ་ཟད་པས་ན་ཡང་སྲིད་པའི་མཚན་ཉིད་ཅན་སྐྱེ་བ་ཟད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་གཉིས་པོ་ཟད་པས་ན་དེ་ལ་ཐར་བ་ཞེས་བྱའོ། །ལས་དང་ཉོན་མོངས་པ་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་སྐྱེ་ལ་རྣམ་རྟོག་དེ་དག་ཐ་སྙད་སྣ་ཚོགས་ཀྱི་ ― MR01_Page_0369 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚན་མའི་སྤྲོས་པ་ལས་སྐྱེའོ། །སྤྲོས་པ་ནི། རང་བཞིན་མེད་པའི་ཡུལ་གྱི་མཚན་མ་དེ་མ་དམིགས་པར་བདག་དང་བདག་གིར་འཛིན་པ་སོགས་སྟོང་པ་ཉིད་མཐོང་བ་ཉིད་ཀྱིས་འགག་པར་འགྱུར་རོ། །དེ་ལ་མཚན་འཛིན་གྱི་སྤྲོས་པ་མཐའ་དག་མ་བཀག་ན་ཆོས་ཐམས་ཅད་ལ་བདེན་གྲུབ་ཏུ་མ་བཟུང་ཡང་། དེ་དང་དེའི་མཚན་མར་བཟུང་བའི་རྣམ་རྟོག་མི་ལྡོག་ལ། དེའི་ཕྱིར་འཕགས་པའི་མཉམ་བཞག་ལ་བདེན་གྲུབ་ཀྱི་གཉིས་སྣང་མེད་དུ་ཆུག་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བདེན་གྲུབ་ཀྱི་འཁོར་གསུམ་དུ་མི་རྟོག་པ་ཙམ་ཡིན་ན། དེ་འདྲའི་མི་རྟོག་ཡེ་ཤེས་དེས་བདེན་གྲུབ་ཏུ་མི་རྟོག་ཀྱང་། བདག་མེད་དང་ཕྱི་ནང་སྣོད་བཅུད་སོགས་ཆོས་ཐམས་ཅད་ཀྱི་མཚན་མ་མི་འགོག་པས་སྤྲོས་པ་ཉེ་བར་ཞི་བར་ག་ལ་འགྱུར་ཏེ་བདེན་གྲུབ་ཀྱི་སྤྲོས་པ་ཙམ་ཁེགས་ཀྱི། དེ་མིན་སྤྲོས་པ་སྣ་གཅིག་མི་འགོག་གོ །ཆོས་ཐམས་ཅད་རི་བོང་རྭ་མེད་ཙམ་དུ་རྟོག་པ་བཞིན་ནོ། །བདེན་མེད་ཀྱང་བདེན་གྲུབ་བཅད་པའི་མཚན་མར་བཟུང་ནས། བདེན་མེད་ཀྱི་སྤྲོས་པ་ཅིག་ཡིན་ལ། དེས་བུམ་སོགས་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་སྤྲོས་པ་མི་ཁེགས། དེས་ན་མི་རྟོག་ཡེ་ཤེས་ནི། ― MR01_Page_0370 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཚན་མའི་སྤྲོས་པ་གང་ཡང་མེད་པ་ཡིན་པས། སྤྲོས་པ་ཀུན་བྲལ་ཡིན་གྱི། བདེན་གྲུབ་འབའ་ཞིག་གི་སྤྲོས་བྲལ་ནི་མ་ཡིན་ཏེ། གང་ལ་སྤྲོས་པ་ཞིག་བློ་ཡུལ་དུ་ཡོད་ཕྱིན། དེའི་ཟློག་ཕྱོགས་མི་འཛིན་མོད། དེས་རང་ལས་གཞན་པའི་སྤྲོས་པ་ཀུན་མི་ཁེགས་པས། བདེན་མེད་དུ་འཛིན་པའང་སྤྲོས་པ་ལས་མ་འདས་སོ། །མཚན་མའི་སྤྲོས་པ་གང་ཡང་མེད་པ་ལ། དམིགས་མེད་དང་། མི་རྟོག་ཡེ་ཤེས་དང་། སྤྲོས་བྲལ་ཞེས་བྱ་སྟེ། དེ་འདྲའི་གནས་ལུགས་ཀྱི་དབང་དུ་ན། ཁས་ལེན་དང་དམིགས་པ་གང་ཡང་མེད་དོ། །དེ་ལ་མཐར་ཐུག་གི་དབང་དུ་དགག་སྒྲུབ་བསལ་བཞག་ཅི་བྱས་ཀྱང་། སྤྲོས་པ་ལས་མི་འདའ་བས་ཁས་ལེན་དང་བཅས་པ་ཡིན་ནོ། །དེས་ན་སྤྲོས་པ་ནི་མཚན་མའི་སྤྲོས་པ་དང་། བདེན་གྲུབ་ནི་སྤྲོས་པའི་བྱེ་བྲག་ལོག་ཤེས་ཀྱི་ཡུལ་ཡིན་ཏེ། བདེན་མེད་དང་མཚན་མེད་ལ་ཁྱད་ཆེ་བ་འདི་ཤེས་པ་གལ་ཆེ། ཆོས་སུ་དམིགས་པའི་རྒྱུ་དེ་དང་དེའི་མཚན་མ་ཡིན། དེ་སྟོང་པར་གྲུབ་ན་གཙང་མི་གཙང་ཞེས་རྟོག་པས་ཆོས་དེ་དེའི་ངོ་བོར་མི་འཛིན་པ་སྟོང་པ་ཉིད་གྲུབ། དེ་གྲུབ་ན་ཆོས་དེ་དང་དེ་ལ་བླང་དོར་གྱི་སྨོན་པ་མེད་པ་འབྱུང་བས་འདི་གནད་གལ་ཆེ་ ― MR01_Page_0371 ―
[མ་དཔེ་གཟིགས་ན་འདིར་གནོན།]
གལ་ཆེའོ། །གསུམ་པ་ལུང་འགལ་སྤང་བ་ནི། གལ་ཏེ་དེ་ལྟར་ཕྱི་ནང་ལ་ང་དང་ང་ཡིར་མེད་པ་དེ་ཁོ་ན་ཉིད་ཡིན་ན་སངས་རྒྱས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་དང་ཇི་ལྟར་མི་འགལ་སྙམ་ན། བཅོམ་ལྡན་འདས་ཀྱིས། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་དང་། བདག་གཟུགས་མ་ཡིན་སོགས་གསུངས་པས་དེའི་དགོངས་པ་བཙལ་བར་བྱ་སྟེ། སངས་རྒྱས་ཀྱིས་སྐབས་འགའ་ཞིག་དུ། མེད་ལྟ་རྒྱང་འཕེན་སོགས་དཀྲི་ཆེད་བདག་གོ་སྟེ་བདག་ཡོད་དོ་ཞེས་ཀྱང་བརྟགས་པར་གྱུར་ཅིང་འཇིག་ལྟ་ལ་གནས་པ་དགག་ཆེད་བདག་མེད་ཅེས་ཀྱང་བསྟན་པར་འགྱུར་ལ། གང་དག་སྔོན་གོམས་པའི་ཟབ་མོའི་ཆོས་ལ་ལྷག་པར་མོས་པ་མྱང་འདས་ལ་ཉེ་བ་བདག་ལ་ཆགས་པ་བྲལ་བ་ཐུབ་པའི་གསུང་རབ་ཀྱི་དེ་ཉིད་མཆོག་ཏུ་ཟབ་པའི་གཏིང་དཔོགས་པར་ནུས་པ་གདུལ་བྱ་མཆོག་ལ་སངས་རྒྱས་རྣམས་ཀྱིས་བདག་དང་ནི་དེའི་དགག་བྱ་བཅད་པའི་བདག་མེད་ ― MR01_Page_0372 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་ཀའང་འགལ་མེད་ཅེས་ཀྱང་བསྟན་ཏེ། ཇི་ལྟར་བདག་ལྟ་ཡང་དག་མིན་པ་དེ་བཞིན་དུ། དེའི་གཉེན་པོ་བདག་མེད་ཀྱང་ཡང་དག་མིན་པ་ཉིད་དོ། །དེ་ལྟ་ན་བདག་འགའ་ཡང་མེད་ལ་བདག་མེད་པ་འགའ་ཡང་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ། མདོ་ལས། འོད་སྲུང་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི། གཟུགས་མེད་པ་བསྟན་དུ་མེད་སོགས་གསུངས་སོ། །རིན་ཕྲེང་ལས། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་ནི། །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་སོགས་གསུངས་པ་དང་། དེ་ལྟར་གདུལ་བྱ་དམན་པ་དང་བར་མ་མཆོག་གི་རིམ་པ་ལྟར་གསུང་ཞེས་ཚིག་གསལ་ལས་སོ། །དེའི་ཕྱིར་འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་བྱ་སྟེ། །ཐ་མ་ལྟ་གཞི་ཀུན་བཟློག་པ། །གང་གིས་དེ་ཤེས་མཁས་པ་ཡིན། །ཞེས་དང་། མདོ་ལས། བརྡའ་སྤྲོད་རིགས་པ་ཇི་ལྟ་བུ། །ཡི་གེའི་ཕྱི་མོའང་སློབ་འཇུག་ལྟར། །དེ་བཞིན་སངས་ ― MR01_Page_0373 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་སོ། །གཞན་ཡང་ཤེར་ཕྱིན་ལས། བདག་ཡོད་ཅེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད། བདག་མེད་དོ་ཞེས་སོགས་དང་། ཕུང་འདི་སྟོང་ཞེས་སོགས་གསུངས་སོ། །འོ་ན་སངས་རྒྱས་རྣམས་ཀྱིས་བདག་བདག་མེད་གཉིས་ཀ་མ་བསྟན་ན། ཇི་ཞིག་བསྟན་ཞེ་ན། དོན་དམ་པར་བརྗོད་པར་བྱ་བ་སོགས་འདིར་བརྗོད་བྱ་འགའ་ཞིག་ཡོད་ན་དེ་སྟོན་པར་འགྱུར་བ་ཞིག་ནའང་། གང་ཚེ་བརྗོད་བྱ་ཚིག་དག་གི་ཡུལ་ཡོད་པ་མིན་པས་ན་སངས་རྒྱས་རྣམས་ཀྱིས་ཅི་ཡང་མ་བསྟན་ཏོ། །ཅི་ཕྱིར་བརྗོད་བྱ་མེད་ཅེ་ན། གལ་ཏེ་སེམས་ཀྱི་སྤྱོད་ཡུལ་འགའ་ཞིག་ཡོད་པར་གྱུར་ན། དེར་ཚིག་དག་འཇུག་ན་ཡང་དེ་མེད་པས་སོ། །ཅི་ཕྱིར་སེམས་ཀྱི་སྤྱོད་ཡུལ་མེད་ཅེ་ན། སྐྱེ་འགགས་ཀྱི་མཐའ་གཉིས་ཆར་ཡང་བྲལ་བས་སོ། །དོན་དུ་དེ་ལྟ་ན་འོ་ན་ཀུན་རྫོབ་ཏུ་རྒྱལ་བ་ཐབས་ལ་མཁས་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དེ་ལ་ཐབས་ཚུལ་གྱིས་གཟུང་བར་མ་བྱས་ན་སུས་ཀྱང་དེ་མངོན་སུམ་བྱར་མི་ནུས་པས། དང་པོར་འཇིག་རྟེན་དང་སྒོ་བསྟུན་ནས། སྣོད་བཅུད་ཀྱི་རྒྱུ་འབྲས་རབ་དབྱེ་སོགས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ ― MR01_Page_0374 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་དམིགས་པ་ཅན་གྱིས་དམིགས་པ་ལྟར་དེ་དང་མཐུན་པར་ཡང་དག་པའོ་ཞེས་དང་པོ་སྟོན་ཅིང་། དུས་ཕྱིས་དེ་ཐམས་ཅད་ཡང་དག་མིན་ནོ་ཞེས་སྟོན་ལ། ཁ་ཅིག་ལ་ལྟོས་པའི་དབང་གིས་གཉིས་ཀའི་རྣམ་པ་དང་། དེ་ཉིད་ལྟ་བ་ལ་གོམས་པ་སྒྲིབ་པའི་ལྷག་མ་ཅུང་ཟད་མ་སྤང་བ་ལ་དེ་ཁོ་ན་ཉིད་ཁོང་དུ་ཆུབ་ཕྱིར་གཉིས་ཀ་མིན་པར་སྟོན་ནོ། །སྒྲིབ་པ་མ་ལུས་པར་སྤངས་པ་ལ་སྟོན་མི་དགོས་སོ། །དེ་ལྟར་དོན་དམ་པར་བསྟན་བྱ་བརྗོད་པར་བྱ་བ་ལྡོག་པ་བརྗོད་བྱ་ཅི་ཡང་མ་བསྟན་པ་སྟེ། རྒྱུ་མཚན་གང་ལ་དམིགས་བྱའི་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཅི་ཕྱིར་ལྡོག་ན་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པ་དང་མ་འགགས་པ་ཡི་ཆོས་ཉིད་དེ་མྱ་ངན་ལས་འདས་པ་དང་མཚུངས་པར་སྒྲ་རྟོག་གི་ཡུལ་མིན་པས་སོ། །དེ་ལྟ་ན་འཇིག་རྟེན་ཐ་སྙད་དུ་ཆོས་ཇི་ལྟར་བསྟན་ཞེ་ན། ཐོག་མར་དབང་རྟུལ་རིམ་གྱིས་དྲང་བའི་ཕྱིར་ཕུང་སོགས་ཐམས་ཅད་ཡང་དག་པར་བདེན་ནོ་ཞེས་བསྟན། ཕྱིས་དེ་ལ་ཞེན་པ་སྤང་ཕྱིར་ཡང་དག་མིན་པར་ཡང་བསྟན། དེ་གཉིས་འགའ་བ་སྤང་ཕྱིར་དབང་འབྲིང་ལ་ཐ་སྙད་དུ་ཡང་དག་དང་། དེ་ཁོ་ན་ཉིད་དུ་ཡང་དག་མ་ཡིན་པ་ཉིད་དོ་ཞེས་གཉིས་ཀ་ལ་ཡང་བསྟན། དབང་རབ་ལ་སྤྲོས་མཐའ་ཀུན་བསལ་ཕྱིར་ཡང་དག་མིན་པ་ཡང་མིན་ལ་ཡང་དག་ཀྱང་མིན་ཞེས་ཐོག་མ་ནས་མཐའ་ཀུན་གྱི་སྤྲོས་པ་དང་བྲལ་བར་བསྟན་ཏོ། །དེ་ནི་ ― MR01_Page_0375 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་ཀྱིས་གདུལ་བྱའི་བློ་དང་འཚམས་པར་རྗེས་སུ་བསྟན་པའམ་རིམ་གྱིས་དེ་ལྟར་སྟོན་པའོ། །དེ་ལྟར་གང་དག་ཇི་སྙེད་གསུངས་པ་ཐམས་ཅད་དེ་ཁོ་ན་ཉིད་ཞོགས་པའི་ཐབས་སུ་འགྱུར་རོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ་ནི། འོ་ན་རྟོགས་བྱའི་དེ་ཁོ་ན་ཉིད་ཅི་ལྟ་བུ་ཞེ་ན། དེ་བསམ་བརྗོད་ལས་འདས་པར་བསྟན་ཟིན་ཏོ། །འོན་ཀྱང་འཇིག་རྟེན་ཐ་སྙད་ཀྱི་རྗེས་སུ་འབྲང་ནས་དེའི་མཚན་ཉིད་བརྗོད་ཅིག་ཅེ་ན། རྟགས་དཔེ་སོགས་གཞན་གྱིས་བསྟན་པས་ཇི་བཞིན་ཤེས་མི་ནུས་ཏེ་རབ་རིབ་ཅན་ལ་དེ་མེད་པར་བསྟན་པས་རབ་རིབ་མེད་པར་ལྟ་བ་ལྟར་ངོ་བོ་མ་མཐོང་བའི་ཚུལ་གྱིས་རྟོགས་བྱ་ཇི་ལྟ་བ་རྟོགས་མི་ནུས་ཀྱང་། འདི་ཕྱིན་ཅི་ལོག་གོ་བྱ་བ་ཙམ་ཞིག་རྟོག་གོ །རབ་རིབ་སེལ་བའི་སྨན་གྱིས་རབ་རིབ་ཟད་ན་དེའི་གནས་ཚུལ་མངོན་དུ་འགྱུར་བ་བཞིན་ནོ། །དེ་བཞིན་འཕགས་པ་རྣམས་ཀྱིས་སྒྲོ་བཏགས་པའི་སྒོ་ནས་དེ་ཉིད་སྟོན་མོད་ཀྱི། དཔེ་དང་རྟགས་དང་སྒྲ་སོགས་གཞན་ལས་ཇི་ལྟ་བ་བཞིན་ཤེས་པ་མིན་པ་དང་གཟོད་མ་ནས་མཐའ་བཞིའི་རང་བཞིན་ཞི་བ་དང་། འདི་དང་འདིའོ་ཞེས་ངག་གི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་དང་། གང་ ― MR01_Page_0376 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་སེམས་ཀྱི་རྒྱུ་བའང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གསུངས་བཞིན། དམིགས་བྱའི་ཡུལ་ཅན་གྱི་རྣམ་རྟོག་གང་ཡང་མེད་པ་དང་། འདི་ལ་དོན་ཐ་དད་པ་སོ་སོར་མེད་པས་ན་མཉམ་པ་ཉིད་ཀྱི་བདག་ཉིད་གང་ཡིན་པ་སྟེ་ལྔ་པོ་དེ་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ་ཞེས་དེ་འཕགས་པའི་དེ་ཁོ་ན་ཉིད་དོ། །དེ་ཡང་སྔ་མ་སྔ་མ་ཕྱི་མ་ཕྱི་མས་བཤད་པའོ། །འཇིག་རྟེན་པའི་ཐ་སྙད་ཙམ་གྱི་དེ་ཁོ་ན་ཉིད་རྗེས་མཐུན་པ་ནི་ཆོས་གང་ལ་བརྟེ༷ན་ཏེ་གང་འབྱུང་བ། མྱུ་གུ་དེ་ནི་རེ་ཞིག་ས་བོན་དེ་ཉིད་མིན་ལ་ས་བོན་དེ་ལས་ངོ་བོ་ཉིད་ཀྱིས་གཞན་པའང་མ་ཡིན་པའི་ཕྱིར། དེ་ཕྱིར་ཆད་པ་མིན་ལ་རྟག་པའང་མ་ཡིན་པ་དེ་ནི་སངས་རྒྱས་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱི་བསྟན་པ་རྒ་བ་དང་འཆི་བ་གཏན་དུ་གཅོད་པའི་བདུད་རྩིར་གྱུར་པ་དེ་ཁོ་ན་ཉིད་ཀྱི་དོན་ཟབ་མོ་དེ་ནི་དོན་གཅིག་མ་ཡིན་ཐ་དད་པའང་མིན། ཆད་པ་མ་ཡིན་རྟག་པ་མ་ཡིན་པ་མཐའ་ཀུན་དང་མཆོག་ཏུ་བྲལ་བའོ། །དེ་ཡང་ས་མྱུག་གཅིག་མིན་ཏེ་བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་ཐལ་བ་སོགས་ཀྱིས་སོ། །དེས་ན་ས་བོན་མྱུ་གུར་འཕོས་པའི་རྟག་པ་མ་ཡིན་ནོ། །གཞན་མིན་ཏེ་ས་བོན་མེད་པར་མྱུ་གུ་ཡོད་པར་ཐལ་བ་སོགས་ཀྱིས་སོ། །དེ་ ― MR01_Page_0377 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་ས་བོན་ཞིག་སྟེ་རྒྱུན་ཆད་པའི་སྐྱོན་ཡང་མེད་དོ། །དོན་དུ་མཁའ་ལྟར་ཞི་བ་ལ་བདེན་གཉིས་དབྱེར་མེད་ནམ་མཁའི་དཀྱིལ་ལྟ་བུ་འཕགས་པའི་མཉམ་བཞག་ལྟ་བུ་དང་། རྗེས་ཐོབ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མ་རྟག་ཆད་དང་བྲལ་བའི་དོན་ཏོ། །གསུམ་པ་དེ་ཁོ་ན་ཉིད་ལ་སློབ་པའི་འབྲས་བུ་ནི། དེ་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་རེག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ས་ལམ་མཐར་ཕྱིན་ཏེ་མི་གནས་པའི་མྱང་འདས་ལ་རེག་པར་འགྱུར་ལ་ཉན་རང་གི་རིགས་ཅན་རང་དོན་ཞི་བདེ་ཙམ་དོན་དུ་གཉེར་བས་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ཇི་སྐད་བཤད་པ་འདི་ལ་ཞུགས་ན་རྒ་ཤི་གཏན་དུ་འཇོམས་པའི་མྱང་འདས་ནི་ལམ་འདི་ཁོ་ནས་སྦྱིན་ནོ། །ཅི་སྟེ་ཡང་དགེ་རྩ་མ་སྨིན་པའི་ཚེ་འདི་ལ་ཐར་བ་མཐོང་ནའང་། འདིར་གོམས་པའི་རྒྱུ་སྟོབས་ཀྱིས་ཚེ་གཞན་དུ་ངེས་པར་ཐར་པ་ཐོབ་ཅེས་སོ། །དེར་མ་ངེས་ཏེ་དེ་ཁོ་ན་ཉིད་སྟོན་པའི་བཤེས་གཉེན་སོགས་རྒྱུ་མི་ཚང་བ་སྲིད་དོ་སྙམ་ན། ཆོས་ཉིད་ལ་གོམས་པ་ཉིད་ཀྱིས་སྲིད་པ་བཟློག་པ་ལ་ནམ་ཡང་མ་ངེས་པའམ་བསླུ་བ་མེད་དེ། རྫོགས་པའི་སངས་རྒྱས་རྣམས་མ་བྱུང་ཞིང་ཉན་ཐོས་རྣམས་ནི་ ― MR01_Page_0378 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟད་པར་གྱུར་ཏེ་མ་བཞུགས་ཀྱང་། སྔོན་གོམས་པས་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་སྟོན་པ་པོ་གཞན་མེད་པ་ལས་རབ་ཏུ་སྐྱེ་བའམ་ཡང་ན་རྟེན་པ་སྟེ་རྐྱེན་གཞན་བཤེས་གཉེན་ཚོལ་བ་སོགས་ལ་མི་བརྟེན་པའོ། །འདིས་མཚོན་ཏེ་དེ་ཁོ་ན་ཉིད་སྟོབས་ཆེ་བས་བདུད་རྩི་འདི་དང་ཕྲད་ན་ངེས་པར་མྱ་ངན་ལས་འདའ་བ་ལ་ཐེ་ཚོམ་མེད་ཅེས་བསྟན་པའོ། །དེས་ན་ལུས་སྲོག་ཀྱང་བཏང་ནས་དེ་ཁོ་ན་ཉིད་བཙལ་བར་བྱ་སྟེ། བྱང་སེམས་རྟག་ངུས་བཅོམ་ལྡན་འདས་མ་ཇི་ལྟར་བཙལ་བ་བཞིན་ནོ། །ཉན་ཐོས་རྣམས་ལ་དོན་ཆེན་པོར་འགྱུར་ཚུལ་དེ་ལྟ་ཡིན་ལ། བྱང་སེམས་རྣམས་ལ་ནི། དམུས་ལོང་དམིགས་བུ་ཞེས་སོགས་བཞིན་དུའོ། །དེ་ཡང་རྟེན་འབྱུང་གི་ཆོས་ལ་བརྟགས་པའི་དེ་ཉིད་ཀྱང་དེས་རིམ་པས་སངས་རྒྱ་བ་ལ་གེགས་སུས་ཀྱང་མི་ནུས་ལ་ངེས་པ་ཉིད་དོ་ཞེའོ། །རང་རྒྱལ་གྱི་དེ་ཁོ་ན་ཉིད་ནི། གོང་དུ་བདག་བརྟགས་པའི་བདག་དང་བདག་གི་སྙམ་ཟད་ཀྱི་དེ་ཙམ་མིན་ནོ། །དེས་ན་རབ་བྱེད་འདི་བདག་མེད་གཉིས་ཀྱི་བསྒོམ་པའི་གནད་སྙིང་པོར་དྲིལ་བ་ཡིན་ནོ། །ཐར་ཞེས་པ་ཡན་ཆད་གང་ཟག་གི་བདག་མེད་ཐུན་མོང་པའི་སྒོམ་རིམ་དང་། དེ་མན་ཆད་ནས་རྟག་མ་ཡིན་ ― MR01_Page_0379 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་པའི་བར་ཆོས་ཀྱི་བདག་མེད་ཐུན་མིན་ནོ། །གཉིས་པ་ནི། བདག་དང་ཆོས་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།། ༈ །།བཅུ་དགུ་པ་དུས་བརྟག་པའི་རབ་བྱེད་ལ། མདོའི་འབྲེལ་ནི། ཡུམ་ལས། འདས་པ་མི་དམིགས། མ་འོངས་པ་མི་དམིགས། ད་ལྟར་བྱུང་བ་མི་དམིགས། ཞེས་སོགས་དང་། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། དངོས་པོ་ཡོད་དེ། དེ་དུས་གསུམ་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་དང་། སངས་རྒྱས་ཀྱིས་ཀྱང་དུས་གསུམ་གསུངས་པ་མིན་ནམ་ཞེ་ན། དེ་མ་གྲུབ་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། དུས་ཀྱི་ངོ་བོ་དགག་པ་དང་། དུས་ཀྱི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། དུས་གསུམ་དཔྱོད་པའི་རིགས་པ་དང་། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས། འདས་པ་ལ་སྦྱར་ཏེ་དགག་པ་དང་། ལྷག་མ་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ་གསུམ། ལྟོས་ནས་གྲུབ་པ་དགག་པ་དང་། མ་ལྟོས་པར་གྲུབ་པ་དགག་པ་དང་། དོན་བསྡུ་ ― MR01_Page_0380 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའོ། །དང་པོ་ནི། དུས་མ་གྲུབ་སྟེ། ད་ལྟ་དང་མ་འོངས་པ་རང་བཞིན་གྱིས་ཡོད་ན་དེ་འདས་དུས་ལ་ལྟོས་སམ་མི་ལྟོས། དང་པོ་ལྟར་ན། ད་ལྟར་བྱུང་བ་དང་། མ་འོངས་པ་གལ་ཏེ་འདས་པའི་དུས་ལ་ལྟོས་པར་གྱུར་ན་ད་ལྟར་བྱུང་བ་དང་མ་འོངས་པ་འདས་པའི་དུས་ན་ཡོད་པར་འགྱུར་རོ། །ཡོད་ན་དེ་གཉིས་འདས་པར་ཐལ་ལོ། །ད་ལྟར་བྱུང་བ་དང་མ་འོངས་པ་གལ་ཏེ་འདས་པའི་དུས་དེ་ན་མེད་པར་གྱུར་ན་ད་ལྟར་བྱུང་བ་དང་མ་འོངས་པ་ཇི་ལྟར་འདས་པ་དེ་ལ་ལྟོས་པར་འགྱུར་ཏེ་གང་ལྟོས་པ་ཉིད་མེད་པར་དེ་ལ་ལྟོས་ནས་གྲུབ་ཞེས་པ། མི་ལ་བརྟེན་པའི་མོ་གཤམ་བུ་བཞིན་ནོ། །བུམ་སོགས་དངོས་པོ་སྐྱེས་ལ་འགགས་པ་འདས་པ། སྐྱེས་ལ་མ་འགག་པ་ད་ལྟ་བ། འབྱུང་རུང་མ་བྱུང་བའམ་བདག་གི་དངོས་པོ་མ་རྙེད་པ་མ་འོངས་པའོ། །དེ་ལ་ཁྱད་པར་ནི་ད་ལྟའི་བུམ་པ་གཅིག་ལ། འགག་གནས་འབྱུང་རུང་གི་ཆ་ནས་བཏགས་ཀྱི་དུས་རང་གི་ངོ་བོས་ཅུང་ཟད་ཀྱང་མི་གྲུབ་བོ། །གཉིས་པ་ནི། གལ་ཏེ་འདས་པ་ལ་ནི་མ་ལྟོས་པར་གྲུབ་སྙམ་ན། ད་ལྟ་དང་མ་འོངས་པ་དེ་གཉིས་རང་ངོས་ནས་གྲུབ་པ་ཡོད་པ་མ་ཡིན་ཏེ་བོང་བུའི་རྭ་བཞིན་ནོ། །གསུམ་པ་ནི། ― MR01_Page_0381 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟོས་མ་ལྟོས་གང་དུ་ཡང་མ་གྲུབ་པ་དེ་ཡི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་ལྷག་མ་ལ་སྦྱར་བའི་ཚུལ་ནི། དཔྱད་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་དུས་ལྷག་མ་གཉིས་པོའང་དཔྱད་ཚུལ་བསྣོར་བ་དང་སྟེ། འདས་པ་དང་ནི་མ་འོངས་པ། གལ་ཏེ་ད་ལྟར་བྱུང་ལྟོས་ན་སོགས་དང་། འདས་དང་ད་ལྟར་བྱུང་བ་ནི། གལ་ཏེ་མ་འོངས་ལྟོས་གྱུར་ན་ཞེས་སོགས་དང་། དེ་ཡང་དུས་དེ་དག་དུས་མཉམ་དུ་ཕྲད་པ་ནམ་ཡང་མི་སྲིད་ལ། ངོ་བོ་ཉིད་ཀྱིས་ཡོད་པ་ལ་ལྟོས་ན་རང་དུས་སུ་ལྟོས་པའམ། ལྟོས་རྒྱུ་གཉིས་པོ་མེད་ན་ཅི་ལྟར་ལྟོས་ཞེས་སོ། །གཉིས་པ་རིགས་པ་དེ་གཞན་ལ་སྦྱར་ཚུལ་ནི། དུས་གསུམ་ལ་དཔྱད་པ་དེ་བཞིན་དུ་གཞན་ཡང་མཆོག་དང་ཐ་མ་འབྲིང་ལ་སོགས་གསུམ་པ་ཅན་གྱི་ཆོས་རྣམས་ཏེ། སོགས་སྒྲས། དགེ་སོགས་གསུམ། སྐྱེ་གནས་མི་རྟག་སྔོན་དབུས་ཕྱི་མཐའ། འདོད་སོགས་ཁམས། སློབ་མི་སློབ་གཉིས་མིན་སོགས་གསུམ་དང་འབྲེལ་བ་ཇི་སྙེད་ཡོད་པ་རྣམས་སོ། །དེ་བཞིན་གྲངས་གཅིག་ལ་སོགས་པའང་གཉིས་དང་མང་པོ་དག་སྡུད་དེ། དེ་ ― MR01_Page_0382 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐམས་ཅད་ཀྱང་ཕན་ཚུན་ལྟོས་པ་དང་མི་ལྟོས་པ་གང་ལྟར་ཡང་མ་གྲུབ་པ་དེའི་ཚུལ་དུ། མཆོག་ཏུ་གྱུར་དང་ཐ་མ་དག །གལ་ཏེ་འབྲིང་ལ་ལྟོས་གྱུར་ན། །སོགས་བསྒྱུར་ནས་ཤེས་པར་བྱའོ། །གཉིས་པ་དུས་ཀྱི་སྒྲུབ་བྱེད་དགག་པ་ནི། དུས་ཡོད་དེ་དེའི་ཚད་ཡོད་པའི་ཕྱིར་གང་མེད་པ་ལ་ཚད་མི་སྲིད་དེ། རི་བོང་རྭའི་རིང་ཐུང་བཞིན་ནོ། །དེས་ན་དུས་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་ནས་ལོ་བསྐལ་བའི་བར་དུ་དབྱེ་བས་ཚད་དང་ལྡན་པས་སོ་ཞེ་ན། གལ་ཏེ་དུས་ཞེས་བྱ་བ་ཞིག་ཡོད་ན་དེ་ཚད་དང་ལྡན་པར་རྟོགས་ཀྱང་། དེ་མེད་དེ། དུས་ཞེས་སྐད་ཅིག་ལ་སོགས་པ་འགགས་སུ་ཟིན་ཀྱང་། དུས་དེ་ནི་དེ་དག་སྔ་ཕྱིའི་གཞིར་གནས་པ་ཞིག་ཡོད་ན་ཚད་ཀྱིས་དེ་གསལ་བར་བྱས་ཀྱང་རུང་མོད། ཚད་མི་གནས་པའི་དུས་ནི་ཚད་ཀྱིས་མི་འཛིན་ལ། གནས་པ་བཟུང་བྱ་ཚད་ཉིད་ལས་ཐ་དད་དུ་མི་གནས་པས་སམ། དངོས་པོ་མི་གནས་པ་ཚད་ཀྱིས་བཟུང་མི་རུང་ལ། གནས་པ་སྐད་ཅིག་སོགས་ལས་ཐ་དད་དུ་མེད་པས་སོ། །སྐད་ཅིག་སྔ་ཕྱིའི་ཚད་རྫོགས་ཀྱི་བར་དུ་དུས་དེ་མི་གནས་ན་ནི། དེ་ཚད་ཀྱིས་འཛིན་པར་མི་རུང་ལ། བཟུང་བྱའི་དུས་གང་ཞིག་དེ་ལྟར་ ― MR01_Page_0383 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་པ་མི་སྲིད་པས་སོ། །སྐད་ཅིག་མ་དེའང་ཆ་དཔྱད་ན་གཟུང་དུ་མེད་དོ། །དེ་ལྟར་དུས་ནི་སྐད་ཅིག་ལ་སོགས་པའི་གཞིར་མི་གནས་པས་ཚད་ཀྱི་གཞིར་གྱུར་པའི་དུས་ནི་སྐད་ཅིག་སོགས་ལས་ལོགས་སུ་ཚད་མས་འཛིན་པར་མི་བྱེད་དོ། །སྐད་ཅིག་ལ་སོགས་པའི་བདག་ཉིད་ཅན་གང་ཞིག་གཟུང་བར་བྱ་བའི་དུས་དེ་ནི་སྐད་ཅིག་སོགས་ཀྱིས་འགགས་པས་གཞན་གྱི་ཚེ་ན་གནས་པ་ཡོད་པ་མ་ཡིན་པས་ཚད་ཀྱི་གཞིར་མ་བཟུང་དུས་ནི་ཚད་ཀྱི་གཞིའོ་ཞེས་ཇི་ལྟར་གདགས་ཏེ་རི་རྭའི་ཚད་བཞིན་ནོ། །གལ་ཏེ་དུས་ཞེས་བྱ་བ་ནི་དངོས་པོ་ཁོ་ན་ལ་བརྟེན་ཏེ་རྒྱུ་མཚན་དངོས་པོ་མེད་པ་ལ་དུས་ཀྱི་རྣམ་པ་ནི་ག་ལ་ཡོད་དེ་མེད་དོ། །དུས་ཞེས་བྱ་བ་གཟུགས་སོགས་ལས་ཐ་དད་པའི་རྟག་པ་ཞིག་མེད་པ་བདེན་ཏེ་འདུ་བྱེད་གཟུགས་སོགས་ལ་བརྟེན་པའི་དུས་ནི་ཡོད་དོ། །དེ་སྐད་ཅིག་ལ་སོགས་པའི་བརྗོད་བྱར་འགྱུར་རོ་ཞེ་ན། དེ་ལྟ་ནའང་དངོས་པོ་ཉིད་ནི་འགའ་ཡང་ཡོད་པ་མིན་ན་དེ་ལ་བརྟེན་པའི་དུས་ལྟ་ཡོད་པར་ག་ལ་འགྱུར་ཏེ་རྟེན་དངོས་པོ་མེད་པས་སོ། །གཉིས་པ་ནི། དུས་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །། ― MR01_Page_0384 ―
[མ་དཔེ་གཟིགས་ན་འདིར་གནོན།]
༈ ཉི་ཤུ་པ་ཚོགས་པ་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། གང་ཕྱིར་འཇིག་རྟེན་ཇི་སྙེད་མང་། །ཚོགས་པ་ཡིན་ལ་སྣང་གྱུར་པ། །དེ་ཕྱིར་དངོས་པོ་ཡོད་མིན་ཏེ། །དངོས་པོ་ཚོགས་པའང་ཡོད་མ་ཡིན། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། དུས་ཡོད་དེ་འབྲས་བུ་འབྱུང་བ་ལ་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། མྱུ་གུ་ནི། ས་བོན་དང་འབྱུང་ལྔ་དུས་ཀྱི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བའི་ཕྱིར་དང་། ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས་སོ་ཞེ་ན། དེ་མ་གྲུབ་པར་སྟོན་པ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། རྒྱུ་རྐྱེན་ཚོགས་པས་འབྲས་བུ་བསྐྱེད་པ་དགག་པ་དང་། རྒྱུ་ཡིས་འབྲས་བུ་བསྐྱེད་པ་དགག་པ་དང་། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་གསུམ། ཚོགས་པ་སྔ་མ་ལས་སྐྱེ་བ་དགག་པ་དང་། དུས་མཉམ་པ་ལས་སྐྱེ་བ་དགག་པ་དང་། ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པའོ། །དང་པོ་ནི། དེ་ལ་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བ་མེད་དེ། འབྲས་བུ་དེ་རྒྱུ་རྐྱེན་ཚོགས་པ་ལ་གནས་པ་ཞིག་ ― MR01_Page_0385 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེའམ། མི་གནས་པ་ཞིག་སྐྱེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་། དེ་ཡང་ཚོགས་པ་དེ་དག་ལ་འབྲས་བུ་དེ་སྔར་ཡོད་པ་ཞིག་ན་ནི་ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་བར་རུང་སྟེ་རྒྱུའི་དུས་སུ་གྲུབ་ཟིན་པས་ཚོགས་པ་ལས་གསར་དུ་ཅི་ཞིག་སྐྱེ་སྟེ། མཁར་གཞོང་ན་ཡོད་པ་མཁར་གཞོང་གིས་བསྐྱེད་པ་མིན་པ་བཞིན་ནོ། །གལ་ཏེ་འབྲས་བུ་གང་ཞིག་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་དེ་ཡང་ཚོགས་པ་དེ་དག་ལ་འབྲས་བུ་དེ་སྔར་མེད་ན་ནི་ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ་འབྲས་བུ་དེ་ཡོད་པ་མིན་པས་བྱེ་མ་དག་གི་ཏིལ་མར་བཞིན་ནོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་རང་བཞིན་གྱིས་ཡོད་ན་ནི་ཚོགས་པ་དེ་ལ་འབྲས་བུ་འདི་ཞེས་ཚད་མས་གཟུང་དུ་ཡོད་པར་རིགས་ན་ཚོགས་པ་ཉིད་ལ་གཟུང་དུ་མེད་དེ་སྣང་རུང་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ཡོད་ཀྱང་མི་མཐོང་བའི་རྒྱུ་ཡོད་པས་གསལ་བྱེད་ཀྱི་རྐྱེན་མ་ཚང་བ་དེ་སྲིད་དུ་མི་མཐོང་ངོ་ཞེ་ན་ཡོད་པར་ཅིས་མངོན། རྗེས་དཔག་དང་དཔེ་ཉེར་འཇལ་དང་ལུང་རྣམས་ཀྱིས་ཏེ། ― MR01_Page_0386 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་མེད་པ་མི་སྐྱེ་བའི་རྗེས་དཔག་གིས་སོ་སྙམ་ན། དེ་ལྟ་ན་གང་ཡོད་པའང་མི་སྐྱེ་བས་གནོད་དོ། །འོ་ན་ཅི་སྟེ་ཕྱོགས་གཉིས་ཀ་དང་རྗེས་དཔག་དང་འགལ་བས་ཚོགས་པ་ལ་འབྲས་བུ་ཡོད་པ་མི་རིགས་པ་བཞིན་དུ་མེད་པའང་མི་རིགས་སོ་ཞེ་ན། ཁོ་བོ་ཅག་ཚོགས་པ་ལ་འབྲས་བུ་མེད་པ་ཁོ་ན་མི་སྒྲུབ་ཀྱི་ཚོགས་པ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པར་གཞན་གྱིས་བརྟགས་པ་འགོག་གོ །དེ་བཞིན་ཚོགས་པ་ལ་འབྲས་བུ་རང་བཞིན་གྱིས་ཡོད་པར་མི་སྒྲུབ་ཀྱི། གཞན་གྱི་དེ་ལ་འབྲས་བུ་མེད་པར་རང་བཞིན་གྱིས་གྲུབ་པར་བརྟགས་པ་སེལ་ཏེ། ཡོད་མེད་ཀྱི་མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པས་སོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་མེད་ན་ནི་རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་རྒྱུ་རྐྱེན་མ་ཡིན་པ་གཞན་རྣམས་དང་མཚུངས་པར་འགྱུར་ཏེ་སུ་ལའང་འབྲས་བུ་མེད་པས། སོལ་བ་དང་ས་བོན་མྱུ་གུའི་རྒྱུར་མཚུངས་སོ། །རྒྱུ་དང་རྒྱུ་མིན་གྱི་ཁྱད་པར་དང་འབྲས་བུ་སོ་སོར་ངེས་པའི་ཕྱིར་འབྲས་བུ་ཡོད་དོ་ཞེ་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་གཏན་ཚིགས་མེད་དོ། །མངོན་སུམ་མཐོང་བས་ཆོག་གི་གཏན་ཚིགས་ཅི་དགོས་ ― MR01_Page_0387 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཟེར་ན། མངོན་སུམ་མཐོང་བ་དེ་ཡང་རྒྱུ་རྐྱེན་ལ་འབྲས་བུ་ཡོད་ན་འཐད་ཀྱི་གཞན་དུ་མིན་པས་མི་འགྲུབ་བོ། །དེ་བཞིན་རྒྱུ་འབྲས་བརྟགས་ན་མེད་ཀྱང་གལ་ཏེ་ཚོགས་པ་ལ་མེད་ཀྱང་རྒྱུས་ནི་རང་གི་འབྲས་བུ་ལ་དངོས་སུ་མིན་ཀྱང་བརྒྱུད་ནས་ཕན་བཏགས་པའི་རྒྱུ་ཡི་ནུས་པ་བྱིན་ནས་ནི་རྒྱུ་དེ་འགག་པར་འགྱུར་ཏེ། འདི་ལྟར་རྒྱུ་འབྲས་སྔ་ཕྱི་ཡིན་པར་ནི་ཁས་བླངས་གཞིར་བཞག་གི་སྟེང་དུ་ཚོགས་པ་ལ་འབྲས་བུ་ཡོད་པར་མི་འཐད་ལ། དེས་འབྲས་བུ་ལ་ཕན་མ་བཏགས་ན་རྒྱུ་མེད་དུ་ཐལ་བས། རྒྱུ་ནི་འགགས་ན་ཡང་འབྲས་བུ་ལ་བྱ་བ་མ་བྱས་པར་འགགས་པ་མིན་ཏེ། འབྲས་བུ་ལ་སྐྱེ་རུང་གི་རྒྱུ་བྱིན་ནས་འགག་གོ་སྙམ་ན། དེ་གཉིས་དུས་མི་མཉམ་པས་རྒྱུའི་ཆ་གཅིག་ནི་མི་རྟག་པས་འགགས་ལ། ཆ་གཅིག་འབྲས་དུས་སུ་སྡོད་པའི་རྟག་པར་ཐལ་ལོ། །འབྲས་བུ་རྒྱུ་དུས་སུ་མེད་ན་རྒྱུ་སུ་ལ་བྱིན་ཏེ། བྱམས་པའི་དུས་ཀྱི་ཁྱེའུ་ལ་ཟས་སྦྱིན་མི་ནུས་པ་བཞིན་ནོ། །གལ་ཏེ་རྒྱུ་མ་བྱས་པའམ། ཕན་མ་བཏགས་པའམ། རྒྱུ་མ་བྱིན་པར་འགགས་ན་འབྲས་བུ་རྒྱུ་མེད་དུ་འགྱུར་ཏེ་གང་བྱིན་པ་ཡི་རྒྱུ་དང་། གང་འགགས་པའི་རྒྱུ་ཡི་བདག་ཉིད་དེ་རྒྱུ་ ― MR01_Page_0388 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་སུ་འགྱུར་རོ། །གལ་ཏེ་རྒྱུས་ནི་འབྲས་བུ་ལ་རྒྱུ་མ་བྱིན་པར་འགག་པར་གྱུར་ན། རྒྱུ་ཟད་པར་འགགས་ནས་ནི་སྐྱེས་པ་ཡི་འབྲས་བུ་དེ་དག་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །གཉིས་པ་དུས་མཉམ་པ་ལས་སྐྱེ་བ་དགག་པ་ནི། སྔ་ཕྱིར་མི་འཐད་པས་གལ་ཏེ་རྒྱུ་ཚོགས་པ་དེ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་ཏེ་སྒྲོན་མེས་འོད་བསྐྱེད་པ་བཞིན་ནོ་ཞེ་ན། སྐྱེད་པར་བྱེད་པ་དང་བསྐྱེད་བྱ་གང་རྭ་གཡས་གཡོན་ལྟར་ཡིན་ན་ཡང་དུས་གཅིག་པར་ནི་ཐལ་བར་འགྱུར་ཏེ་དེ་ལྟ་ན་ཕན་ཚུན་མི་ལྟོས་པས་རྒྱུ་འབྲས་སུ་མི་རུང་ངོ་། །རྒྱུ་ཉིད་མ་སྐྱེས་གོང་འབྲས་བུ་བསྐྱེད་པའི་ནུས་པ་མེད་ལ་ནུས་པ་ཡོད་པའི་ཚེ་འབྲས་བུའང་གྲུབ་ཟིན་པས་རྒྱུ་ལ་དགོས་པ་མེད་པར་འགྱུར་རོ། །གསུམ་པ་ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པ་ནི། གྲངས་ཅན་བདག་སྔར་མ་བྱུང་བ་ཞིག་གསར་དུ་སྐྱེ་བ་ནི་མེད་ཀྱི། དངོས་པོ་དེ་རྒྱུ་རྐྱེན་ཚོགས་པའི་སྔ་རོལ་མ་འོངས་པར་གནས་པ་ལ། རྒྱུ་རྐྱེན་གྱི་རྫས་སྔར་གནས་དེ་ད་ལྟ་བའི་སར་འདྲེན་པ་ཙམ་ཡིན་ནོ་ཞེ་ན། གལ་ཏེ་རྒྱུ་རྐྱེན་ཚོགས་པའི་སྔ་རོལ་དུ་འབྲས་བུ་རང་གི་ངོ་བོས་སྐྱེས་ཟིན་པར་གྱུར་ན་ནི་རྒྱུ་དང་རྐྱེན་རྣམས་ལ་ལྟོས་པ་ཅུང་ཟད་ཀྱང་མེད་པ་ཡི་ ― MR01_Page_0389 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྲས་བུ་དེ་དག་རྒྱུ་མེད་པར་འབྱུང་བར་འགྱུར་རོ། །དེ་ལྟར་ན་རི་རྭ་སོགས་ཀྱང་ཡོད་པར་ཐལ་བ་སོགས་སུ་འགྱུར་རོ། །གཉིས་པ་རྒྱུ་ཡིས་འབྲས་བུ་སྐྱེད་པ་དགག་པ་ལ་གཉིས། རྒྱུ་ལ་དཔྱད་པས་དགག་པ་དང་། འབྲས་བུ་ལ་དཔྱད་པས་དགག་པའོ། །དང་པོ་ལ་ལྔ། རྒྱུ་བཀག་པས་བསྐྱེད་པ་དགག་པ་དང་། འབྲེལ་མ་འབྲེལ་ལ་བརྟགས་པས་དགག་པ། མཐོང་མ་མཐོང་ལ་བརྟགས་པས་དགག་པ། ཕྲད་མ་ཕྲད་ལ་བརྟགས་ནས་དགག་པ། སྟོང་མི་སྟོང་ལ་བརྟགས་ནས་དགག་པའོ། །དང་པོ་ནི། གཞན་དག་འབྲས་བུ་རྒྱུ་ཁོ་ནས་བསྐྱེད་ཀྱི་ཚོགས་པས་མིན་ལ། དེ་ཡང་རྒྱུ་བྱིན་ནས་སམ་མ་བྱིན་ནས་འགགས་ཞེས་སོགས་ཀྱི་བརྟགས་པ་མི་འཇུག་སྟེ། རྒྱུ་འབྲས་གཞན་མིན་ཏེ། རྒྱུ་འགགས་ནས་འབྲས་བུ་ཉིད་ཀྱི་ངོ་བོར་གྲུབ་པས་སོ་ཞེ་ན། གལ་ཏེ་རྒྱུ་འགགས་ནས་དེ་ཉིད་འབྲས་བུ་ཉིད་དུ་གྲུབ་པའམ་གནས་འགྱུར་ན་རྒྱུ་ནི་ཀུན་ཏུ་འཕོ་བར་ཏེ་མི་རྟག་པར་འགྱུར་གྱི་འབྲས་བུ་སྔར་མེད་སྐྱེ་བ་ནི་མིན་པར་ཐལ་ཏེ། གར་མཁན་ཆ་ལུགས་བསྒྱུར་བ་ཙམ་དུ་འགྱུར་གྱི་འབྲས་བུ་དང་རྒྱུ་གཅིག་པས་འབྲས་བུ་གསར་དུ་ཅི་སྐྱེད། རྒྱུ་རྟག་ ― MR01_Page_0390 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཕྱིར་སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི་ཡང་སྐྱེ་བར་ནི་ཐལ་བར་འགྱུར་བ་དེ་མི་རིགས་ཏེ་དགོས་པ་མེད་པས་སོ། །རྒྱུ་འགགས་པ་གང་ད་ལྟ་ནུབ་པར་གྱུར་པ་ཅུང་ཟད་མེད་པ་ཡིས་འབྲས་བུ་སྐྱེས་ཟིན་པ་ཇི་ལྟར་སྐྱེད་དེ་མི་བསྐྱེད་དོ། །གཉིས་པ་ནི། གལ་ཏེ་རྒྱུ་སྔར་ཞིག་པས་མིན་གྱི་གནས་པས་བསྐྱེད་དོ་ཞེ་ན། འབྲས་བུ་དང་ནི་འབྲེལ་བར་གྱུར་པའི་རྒྱུད་ལྟ་གནས་པས་ཀྱང་ནི་ཇི་ལྟར་སྐྱེད་དེ་འབྲས་བུ་ནི་ཡོད་ལ་རྒྱུ་ནི་མ་འགྱུར་བས་དེ་རྒྱུ་ཉིད་དུ་ཅི་ལྟར་རུང་སྟེ་མི་རུང་ངོ་། །ཅི་སྟེ་རྒྱུ་དང་འབྲས་བུ་མ་འབྲེ༷ལ་ན་མ་འབྲེལ་བའི་ཕྱིར་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ་མ་འབྲེལ་ཀྱང་སྐྱེད་ན་རྒྱུ་གཅིག་གིས་འབྲས་བུ་ཡིན་ནོ་ཅོག་ཐམས་ཅད་བསྐྱེད་པའམ། ཡང་ན་གཅིག་ཀྱང་མི་སྐྱེད་པར་འགྱུར་རོ། །གསུམ་པ་ནི། རྒྱུས་འབྲས་བུའི་ངོ་མཐོང་ནས་སམ། མ་མཐོང་ནས་སྐྱེད། མཐོང་ན་ནི་འབྲས་བུ་ཡོད་དགོས་ལ་ཡོད་ན་དེ་རྒྱུར་མི་རུང་ངོ་། །མ་མཐོང་ན་ནི་དེས་ཅི་སྐྱེད་དེ་མི་སྐྱེད་སྐྱེད་ན་ཐམས་ཅད་སྐྱེད་དོ། །མཐོང་ཞེས་བྱ་བ་ནི་དམིགས་པའོ། །དབང་པོ་མེད་པས་ས་བོན་སོགས་ལ་འདི་མི་སྲིད་དོ་ཞེ་ན། སྲིད་དམ་མི་སྲིད་ཀྱང་རུང་སྐྱེ་བར་སྨྲ་བ་དེ་ལ་བརྒལ་བའོ། །ཡང་ན་སྐྱེས་བུའི་ ― MR01_Page_0391 ―
[མ་དཔེ་གཟིགས་ན་འདིར་གནོན།]
བློ་སྔོན་དུ་གཏོང་བ་རྒྱུར་སྨྲ་བའམ། གཅེར་བུ་པ་ས་བོན་དབང་པོ་གཅིག་པར་རྟོག་པ་རྣམས་ལའོ། །ཚིག་གསལ་ལས་སོ། །ཤེར་སྒྲོན་ལས། མིག་སོགས་རྣམ་ཤེས་སྐྱེད་ན། །དེའི་ཡུལ་གཟུགས་སོགས་མཐོང་ནས་སམ། ཞེས་སོགས་གསུངས་ཀྱང་། བསྐྱེད་བྱ་གང་ལ་བྱ་བ་འཇུག་པའི་གཞི་དམིགས་ནས་ཞེས། རྒྱུ་འབྲས་ཐམས་ཅད་ལ་འདི་བདག་གི་སྐྱེད་དོ་སོགས་མེད་པར་བསྟན་པ་འདྲ། རྫ་མཁན་གྱི་བུམ་པ་བྱེད་པ་ལའང་། དེ་གཉིས་ཀ་མིན་ཏེ་མཐོང་ན་དགོས་པ་མེད་ལ། མ་མཐོང་ན་འཇུག་པ་མི་འཐད་སྙམ་དཔྱད། དེ་ལྟར་རྒྱུས་ནི་མཐོང་བ་དང་མ་མཐོང་བར་འབྲས་བུ་སྐྱེད་པར་མི་བྱེད་དོ། །བཞི་པ་ཕྲད་མ་ཕྲད་བརྟགས་ནས་དགག་པ་ནི། འབྲས་བུ་འདས་པ་ནི་རྒྱུ་འདས་པ་དང་། མ་སྐྱེས་པ་མ་འོངས་པ་དང་། ད་ལྟ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་པ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ་ཏེ་དེ་གསུམ་རིམ་པ་བཞིན་རྒྱུ་འབྲས་གཉིས་ཀ་འདས་ནས་མེད་པའི་ཕྱིར་དང་། འབྲས་བུ་འདས་པ་དང་། རྒྱུ་མ་སྐྱེས་པས་མེད་པའི་ཕྱིར་དང་། རྒྱུ་འབྲས་དུས་མི་མཚུངས་པས་སོ། །དེ་བཞིན་དུ་འབྲས་བུ་སྐྱེས་པ་ད་ ― MR01_Page_0392 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྟ་བ་ནི་རྒྱུ་མ་སྐྱེས་པ་དང་འདས་པ་དང་ནི་སྐྱེས་པ་ད་ལྟ་བ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ་སྟེ་རིམ་པར་རྒྱུ་མ་སྐྱེས་ནས་མེད་པ་དང་། རྒྱུ་འདས་ནས་མེད་པ་དང་། དུས་མཉམ་ན་ཕྲད་ཀྱང་ལྟོས་པ་མེད་པས་སོ། །ཡང་འབྲས་བུ་མ་སྐྱེས་པ་མ་འོངས་པ་ནི་རྒྱུ་སྐྱེས་པ་ད་ལྟ་བ་དང་མ་སྐྱེས་པ་དང་འདས་པ་དང་ནི་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ་ཏེ་རིམ་པར་དུས་མི་མཚུངས་ཤིང་འབྲས་བུ་མ་སྐྱེས་ནས་མེད་པ་དང་། གཉིས་ཀ་མ་སྐྱེས་ནས་མེད་པ་དང་། འབྲས་བུ་མ་སྐྱེས་པ་དང་། རྒྱུ་འགགས་ནས་མེད་པའི་ཕྱིར་དང་། འདི་ལྟར་རྒྱུ་འབྲས་སུ་ཡང་རུང་འདས་མ་འོངས་ནི་ད་ལྟ་མེད་པས་ཕྲད་པར་མི་རུང་ལ། རྒྱུ་འབྲས་ད་ལྟ་བ་མི་ཕྲད་དེ་རྒྱུ་འབྲས་དུས་མཉམ་དུ་ཐལ་བས་སོ། །དུས་མི་མཚུངས་པ་དག་ནི་ཕྲད་པ་མེད་དེ་དུས་མི་མཉམ་པས་སོ། །གང་ཕྲད་པ་མེད་པ་ནི་སྣང་མུན་དང་ཤར་ནུབ་ཀྱི་རི་བཞིན་རྒྱུ་འབྲས་སུ་མི་རུང་ལ། རུང་ན་རྒྱུ་མིན་རྒྱུར་འགྱུར་རོ། །ཕྲད་པ་ཡོད་ནའང་རྒྱུ་འབྲས་སུ་མི་རུང་སྟེ་གཉིས་ཀ་སོ་སོར་གྲུབ་པ་ཡོད་པས་སོ། །དེའི་ཕྱིར་ཕྲད་པ་ཡོད་པ་མ་ཡིན་ན་རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ་མི་ ― MR01_Page_0393 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐྱེད་ལ་ཕྲད་པ་ཡོད་པ་ཡིན་ན་ཡང་རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ་མི་སྲིད་དོ། །ལྔ་པ་སྟོང་མི་སྟོང་ལ་བརྟགས་ནས་དགག་པ་ནི་གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་བསྐྱེད་དམ། མི་སྟོང་བའི་རྒྱུས་བསྐྱེད། དང་པོ་ལྟར་ན། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་ཇི་ལྟར་འབྲས་བུ་སྐྱེད་པར་བྱེད་དེ་ཆུ་ལས་མར་བཞིན་ནོ། །གལ་ཏེ་འབྲས་བུས་མི་སྟོང་བའི་རྒྱུས་ཇི་ལྟར་འབྲས་བུ་སྐྱེད་པར་བྱེད་དེ་གྲུབ་ཟིན་པའི་ཕྱིར་རོ། །འདི་རྒྱུའི་སྟེང་ན་དང་། གོང་དུ་ཚོགས་པ་སྐབས་ཐ་དད་ཡིན་པས་མི་ཟློས་སོ་སྙམ། གཉིས་པ་འབྲས་བུ་ལ་དཔྱད་ནས་དགག་པ་ལ་བཞི། སྟོང་མི་སྟོང་ལ་དཔྱད་པས་དགག་པ་དང་། གཅིག་ཐ་དད་ལ་བརྟགས་པས་དགག་པ། ངོ་བོ་ཉིད་ཡོད་མེད་ལ་བརྟགས་པས་དགག་པ། ཁྱབ་བྱེད་མ་དམིགས་པས་དགག་པའོ། །དང་པོ་ནི། དེ་ཡན་རྒྱུ་ཕྱོགས་ནས་དཔྱད་ནས་ད་འབྲས་ཕྱོགས་ནས་བརྟག་ན། དེ་ཡང་འབྲས་བུ་རང་གི་ངོ་བོ་མི་སྟོང་པ་ཞིག་གམ་སྟོང་པ་ཞིག་སྐྱེད་གྲང་། དང་པོ་ལྟར་ན། ཤེར་སྒྲོན་ལས། བྱེ་སྨྲས་འབྲས་བུ་སྐྱེས་པའི་སྔ་རོལ་ན་འབྲས་བུ་མི་སྟོང་པར་འདོད་པས་སམ། གང་ལྟར་ཡང་འབྲས་ ― MR01_Page_0394 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུ་རང་གི་ངོ་བོ་མི་སྟོང་ན་ནི་མི་ལྟོས་པས་རྒྱུ་ཅི་ལས་ཀྱང་སྐྱེ་བར་མི་འགྱུར་ལ་མི་སྟོང་པ་དེ་ནི་རང་བཞིན་མི་འགྱུར་བས་འགག་པར་ཡང་མི་འགྱུར་རོ། །དེ་ལྟ་ན་མི་སྟོང་པའི་འབྲས་བུ་དེ་ནི་མ་འགགས་པ་དང་། མ་སྐྱེས་པར་ཡང་འགྱུར་བ་ཡིན་ན་དེ་མི་འདོད་པས་སོ། །གང་རང་བཞིན་མེད་པ་སྟོང་པ་ཡི་འབྲས་བུ་ནི་ཇི་ལྟར་སྐྱེ་བར་འགྱུར་ཏེ་ངོ་བོ་མེད་པ་ཡིན་ཞིང་སྟོང་པ་ལ་ཇི་ལྟར་འགག་པ་ཡོད་པར་འགྱུར་ཏེ་མོ་གཤམ་གྱི་བུ་ཤི་བ་མེད་པ་བཞིན་ནོ། །གང་འབྲས་བུ་སྟོང་པ་ཉིད་དུ་འདོད་ན་དེ་འདྲའི་འབྲས་བུ་དེ་ཡང་མ་འགགས་པ་དང་། མ་སྐྱེས་པར་ཡང་ཐལ་བར་འགྱུར་རོ། །གཉིས་པ་ནི། རྒྱུ་དང་འབྲས་བུ་གཅིག་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་ངོ་བོས་གྲུབ་པའི་གཞན་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་རོ་ཞེས་དམ་བཅའ། རྒྱུ་མཚན་ནི་རྒྱུ་དང་འབྲས་བུ་གཅིག་ཉིད་ཡིན་ན་བསྐྱེད་བྱ་དང་སྐྱེད་བྱེད་གཅིག་ཏུ་འགྱུར་རོ། །རྒྱུ་དང་འབྲས་བུ་གཉིས་ངོ་བོ་ཉིད་ཀྱིས་གཞན་ཉིད་ཡིན་ན་ནི་རྒྱུ་དང་རྒྱུ་མིན་གཉིས་ཀ་མཚུངས་པར་འགྱུར་ཏེ། རྒྱུ་འབྲས་གཅིག་ན་ཕ་བུ་དང་མིག་དང་མིག་ཤེས་གཅིག་ཏུ་ཐལ་བར་འགྱུར་ལ། གཞན་ཡིན་ན་གཞན་ ― MR01_Page_0395 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་མི་ལྟོས་པའི་མར་མེ་ལས་མུན་པ་འབྱུང་བར་ཐལ་བ་སོགས་གསུངས་པ་ལྟ་བུའོ། །གསུམ་པ་ནི། འབྲས་བུ་རང་གི་ངོ་བོ་ཉིད་ཡོད་ན་གྲུབ་ཟིན་པས་རྒྱུས་ནི་གསར་དུ་ཅི་ཞིག་སྐྱེད་པར་བྱེད་དེ་དོན་མེད་དོ། །འབྲས་བུ་ངོ་བོ་ཉིད་མེད་ན་རི་རྭ་ལྟར་བསྐྱེད་དུ་མེད་པས་རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད་དེ་མི་སྐྱེད་དོ། །འདིར་འབྲས་བུ་ཡོད་མེད་བསྟན་པ་ནི་གོང་གི་འབྲས་བུ་མི་སྟོང་སྐྱེ་མི་འགྱུར་གཉིས་མི་ཟློས་ཏེ་སྔ་མ་འབྲས་ཕྱོགས་ནས་དང་། འདི་རྒྱུ་ཕྱོགས་ནས་སམ། ཡང་ན་གོང་གི་དེ་འབྲས་བུ་རང་གི་ངོ་བོ་དེ་འདྲ་དངོས་སུ་མི་སྐྱེ་ཞེས་དང་། འདིར་འབྲས་བུ་ཡོད་མེད་དེ་འདྲ་ལ་རྒྱུས་བྱ་མི་ནུས་ཞེས་སོགས་ཀྱི་ཁྱད་ཡོད་དོ། །མེད་པ་རྒྱུ་ལས་སྐྱེ་སྟེ་གཟུགས་བརྙན་གྱིས་མ་ངེས་སོ་ཞེ་ན། དེ་ལྟ་མོད། མ་ངེས་ཀྱང་རང་བཞིན་མེད་པར་གྲུབ་པས་ཁོ་བོ་ཅག་གི་རྗེས་སུ་སྨྲ་བར་གྱུར་ལ། ཡང་། འདི་ལ་ཁྱོད་དེ་ལྟར་ཁས་ལེན་ནམ་ཟེར། རྒྱུ་ལས་རང་བཞིན་མེད་ཀྱང་སྐྱེ་ཞེས་རང་གིས་ཁས་ལེན་པ་བཞིན་ནོ། །ཞེས་དང་། དངོས་པོ་རང་བཞིན་ཡོད་པ་འགའ་ཡང་མེད་པའི་འགལ་ཟླ་མེད་པས་རང་བཞིན་མེད་པའང་མེད་ ― MR01_Page_0396 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ། དེའི་ཕྱིར་མ་ངེས་པ་ག་ལ་ཡིན། གཟུགས་བརྙན་ནི་རང་བཞིན་ཡོད་མེད་གཉིས་སུ་མ་གྲུབ་སྟེ། གང་ལྟར་ཡང་དེའི་གནས་ལུགས་མིན་པས་སོ། །བཞི་པ་ཁྱབ་བྱེད་མ་དམིགས་པ་ནི། གལ་ཏེ་དེ་ལྟར་བཀག་མོད་ཀྱི་རྒྱུ་ཙམ་ཡོད་ལ། དེས་ན་འབྲས་བུའང་ཡོད་དོ་ཞེ་ན། དེ་མི་འགྲུབ་སྟེ། འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ན་དེ་དག་རྒྱུ་ཉིད་དུ་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་དུ་འཐད་པ་ཡོད་པ་མིན་ན་འབྲས་བུ་དེ་རྒྱུ་གང་གི་འབྲས་བུ་ཡིན་པར་འགྱུར་ཏེ་མི་འགྱུར་རོ། །གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི་ཡང་རྒྱུ་ཡིན་པ་ཙམ་ཞིག་གིས་འབྲས་བུ་མི་སྐྱེད་ཀྱང་། རྒྱུ་རྐྱེན་མ་ཚང་བ་མེད་པར་ཚོགས་པ་ན་དེས་འབྲས་བུ་སྐྱེད་དོ་ཞེ་ན། དེ་མིན་ཏེ་ཚོགས་པ་རང་གི་དངོས་པོ་མ་རྙེད་པ་དེ་སྲིད་དུ་ཚོགས་པ་མིན་ལ། རྙེད་ན་རང་ལ་རང་བྱེད་པ་འགལ་བ་དང་། དགོས་པ་མེད་པས་རང་མི་སྐྱེད་དོ་ཞེས་རྒྱུ་ཚོགས་པ་ཞེས་བྱ་བ་འབྲས་བུ་ལ་ལྟོས་ཏེ། གང་འབྲས་བུ་སྐྱེད་པའི་རྒྱུ་གཅིག་མ་ཚང་ན་ཡང་ཚོགས་པར་མི་རུང་ལ། དུ་ཙམ་ཞིག་ཚོགས་དགོས་པ་འབྲས་བུ་ལ་རག་ལས་པ་ཡིན་གྱི་གང་བྱུང་བྱུང་ཚོགས་པ་ཙམ་ཞིག་ཚོགས་པ་མིན་པས་ཚོགས་པས་ ― MR01_Page_0397 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་སྟོབས་ཀྱིས་རང་བསྐྱེད་མི་ནུས་པས་ན། དེ་མ་གྲུབ་བཞིན་དུ་འབྲས་བུ་ག་ལ་སྐྱེད་ཅེས། ཚོགས་པ་རྫས་སུ་མེད་པར་སྟོན་པའོ། །དེ་འདྲ་བའི་ཁྱད་པར་མ་ཤེས་ན། རང་མི་བསྐྱེད་ན་གཞན་མི་བསྐྱེད་པས་རྒྱུ་མཚན་ཅི་ཞེས་དྲིས་ན། ཡང་ན་མི་སྨྲ་བའམ། ཡང་ན་རང་ལ་མི་ལྟ་ན་གཞན་ལ་མི་ལྟ་བ་ལྟ་བུར་ཚོགས་པ་ལ་སྦྱར་དགོས། དེ་སྦྱར་ན་དོན་དུ་རྫས་སུ་མེད་པར་གྲུབ་ཀྱི་གཞན་དུ་གནད་མི་ཟིན་ནོ། །དེ་ལྟར་ན་རྒྱུ་ཚོགས་པ་དང་། རྒྱུ་རེ་རེ་བ་དང་། ཚོགས་རྐྱང་གསུམ་འདྲའོ། །དེ་ལྟར་རྒྱུ་རྣམས་དང་ནི་རྐྱེན་དག་གི་ཚོགས་པ་གང་ཡིན་པ་དེ་ཡིས་ནི་བདག་གིས་བདག་ཉིད་ནི་མི་སྐྱེད་ན་དེ་ཉིད་ཀྱིས་འབྲས་བུ་གཞན་ཇི་ལྟར་སྐྱེད་པར་བྱེད་དེ་མི་བྱེད་པ་དེ་ཡི་ཕྱིར་རྒྱུ་རྐྱེན་ཚོགས་པས་འབྲས་བུ་བྱས་པ་མེད་དོ། །ཚོགས་མིན་གྱིས་བྱས་པའི་འབྲས་བུ་མེད་དེ་རྒྱུ་མ་ཚོགས་པས་འབྲས་བུ་བསྐྱེད་ན་རྒྱུ་མིན་རྒྱུར་ཐལ་བས་ཧ་ཅང་འགལ་ལོ། །དེ་ལྟར་ཚོགས་མིན་དང་ཚོགས་པ་གཉིས་ཀས་བྱས་པའི་འབྲས་བུ་ཡོད་པ་མ་ཡིན་ན། རྒྱུ་མཚན་མེད་པས་དེའི་རྒྱུ་རྐྱེ༷ན་གྱི་ཚོགས་པ་ག་ལ་ཡོད་དེ་མོ་གཤམ་བུའི་རྒྱུ་རྐྱེན་ཚོགས་པ་མེད་ ― MR01_Page_0398 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་བཞིན་ནོ། །གཉིས་པ་ནི། ཚོགས་པ་རྒྱུ་དང་འབྲས་བུ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།ཉེར་གཅིག་པ་འབྱུང་འཇིག་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། །གཟུགས་ལ་འཆི་བའམ་སྐྱེ་བ་མེད་དོ། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། མྱུ་གུ་དགུན་དུས་ན་འཇིག་པ་དང་། དཔྱིད་ནི་སྐྱེ་བ་སོགས་དུས་ནི་འབྱུང་འཇིག་གི་རྒྱུ་ཡིན་ལ། འབྱུང་བ་དང་འཇིག་པ་ཡོད་པས་ན་དེའི་རྒྱུ་དུས་ཀྱང་ཡོད་དགོས་སོ་ཞེ་ན། དེ་མི་འཐད་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། རང་བཞིན་ཡོད་པ་ལ་གནོད་བྱེད་བརྗོད་པ་དང་། ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་ལྔ། ལྷན་ཅིག་ཏུ་གྲུབ་མ་གྲུབ་ལ་དཔྱད་པས་དགག་པ་དང་། ཟད་མ་ཟད་ལ་དཔྱད་པས་དགག་པ། རྟེན་དང་བརྟེན་པར་གྲུབ་པ་དགག་པ། སྟོང་མི་སྟོང་ལ་དཔྱད་པས་དགག་པ། གཅིག་དང་ཐ་དད་ལ་བརྟགས་པས་དགག་པའོ། །དང་པོ་ལ་གསུམ། དམ་བཅའ་བརྗོད་པ། འཐད་པ་དགོད་པ། དོན་བསྡུ་བའོ། །དང་པོ་ནི། ― MR01_Page_0399 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུས་ཡོད་པ་མི་འཐད་དེ། འབྱུང་འཇིག་མེད་པའི་ཕྱིར། རྟགས་གྲུབ་སྟེ། འཇིག་པ་ནི་འབྱུང་བ་མེད་པར་རམ་འབྱུང་བ་དང་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ལ་འབྱུང་བ་ཡང་འཇིག་པ་མེད་པར་རམ་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ནོ་ཞེས་དམ་བཅའོ། །གཉིས་པ་ནི། འཇིག་པ་འབྱུང་བ་མེད་པར་ནི་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་གལ་ཏེ་ཡོད་ན་སེམས་ཅན་རྣམས་སྐྱེ་བ་མེད་པར་ཡང་འཆི་བར་འགྱུར་ན་དེ་མི་སྲིད་དོ། །དེས་ན་འཇིག་པ་ནི་སྐྱེ་བའམ་འབྱུང་བ་མེད་པར་མེད་དོ། །འཇིག་པ་ནི་འབྱུང་བ་དང་འགལ་བས་དེ་གཉིས་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ་དེའི་རྒྱུ་མཚན་འཆི་བ་དེ་སྐྱེ་བ་དང་དུས་གཅིག་ཏུ་ཡོད་པ་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་འབྱུང་བ་དེ་འཇིག་པ་མེད་པར་ནི་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ། དངོས་པོ་ཡིན་ནོ་ཅོག་རྣམས་ལ་མི་རྟག་པ་ཉིད་དུས་ནམ་ཡང་མེད་པ་མ་ཡིན་ཏེ་གང་སྐྱེས་ཙམ་ནས་མི་རྟག་པས་ཁྱབ་པ་ཡིན་ནོ། །འབྱུང་བ་ཡང་འཇིག་པ་དང་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ་རྒྱུ་མཚན་སྐྱེ་བ་ནི་འཆི་བ་དང་དུས་གཅིག་ཏུ་ཡོད་པ་ཉིད་ནི་མ་ཡིན་ནོ། །གསུམ་པ་དོན་ ― MR01_Page_0400 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྡུ་བ་ནི། དེ་ལྟར་འབྱུང་འཇིག་གང་དག་ཕན་ཚུན་ལྷན་ཅིག་གམ། ཕན་ཚུན་ལྷན་གཅིག་ཏུ་མ་ཡིན་པར་སོ་སོར་གྲུབ་པ་ཡོད་པ་མ་ཡིན་པ་དེ་དག་རི་རྭ་གཡས་གཡོན་ལྟར་རང་བཞིན་དུ་གྲུབ་པ་ཇི་ལྟར་ཡོད་དེ་མེད་དོ། །ངོ་བོ་སྔར་ཡོད་ཟད་པ་ལ་འབྱུང་བ་ཡོད་པ་མ་ཡིན་ཏེ་མར་མེ་ཤི་ཟིན་པ་བཞིན་འབྱུང་བ་དང་འགལ་ལོ། །མ་ཟད་པ་ལའང་འབྱུང་བ་མེད་དེ་དངོས་པོ་གྲུབ་པ་སྟོང་བཞིན་པའི་ཕྱིར། དེ་བཞིན་དུ་ཟད་པ་ལ་འཇིག་པ་ཡོད་མ་ཡིན་ཏེ་འཇིག་རྒྱུའི་རྟེན་མེད་པས་སོ། །མ་ཟད་པ་དེ་ལའང་འཇིག་པ་མེད་དེ་འཇིག་པར་འགལ་བའི་ཕྱིར་རོ། །གསུམ་པ་རྟེན་དང་བརྟེན་པར་གྲུབ་པར་དགག་པ་ནི། འབྱུང་འཇིག་ཡོད་དེ། དེ་གཉིས་ཀྱི་རྟེན་དུ་གྱུར་པའི་དངོས་པོ་ཡོད་པས་སོ་ཞེ་ན། མི་འཐད་དེ་དངོས་པོ་མེད་པས་སམ། དེ་གཉིས་ཕན་ཚུན་བརྟེན་པས་གང་གིས་གང་མི་འགྲུབ་སྟེ། འདི་ལྟར་རྟེན་དངོས་པོ་ཡོད་པ་མ་ཡིན་པར་དེའི་མཚན་ཉིད་འབྱུང་བ་དང་། འཇིག་པ་ཡོད་པ་མ་ཡིན་ཏེ་རྟེན་མེད་པས་བརྟེན་པ་མི་སྲིད་པའི་ཕྱིར། འབྱུང་འཇིག་སྔར་བཀག་ཟིན་པས་ན་འབྱུང་དང་འཇིག་པ་དེ་མེད་པར་ནི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། ། ― MR01_Page_0401 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེས་ན་རྟེན་དངོས་པོ་མི་འགྲུབ་བོ། །བཞི་པ་སྟོང་མི་སྟོང་ལ་དཔྱད་པས་དགག་པ་ནི། འབྱུང་འཇིག་ཡོད་ན། དེས་དངོས་པོ་སྟོང་པ་ཞིག་འབྱུང་འཇིག་བྱེད་དམ། མི་སྟོང་པ་ཞིག་ལ་བྱེད། གཉིས་ཀ་ལྟར་ཡང་མི་འཐད་དོ་ཞེས་དངོས་པོ་སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་ནི་མ་ཡིན་ཏེ་ནམ་མཁའ་བཞིན་ནོ། །མི་སྟོང་པ་ལའང་གཞན་དུ་འགྱུར་བ་མི་འཐད་པས་དང་ལྟོས་པ་མེད་པས་འབྱུང་འཇིག་དག་འཐད་པ་ཉིད་ནི་མ་ཡིན་ནོ། །ལྔ་པ་གཅིག་ཐ་དད་ལ་བརྟགས་པས་དགག་པ་ནི། འབྱུང་འཇིག་ཡོད་ན་ངོ་བོ་གཅིག་པའམ་གཞན་དུ་ཡོད། འབྱུང་བ་དང་ནི་འཇིག་པ་དག་ཕན་ཚུན་ངོ་བོ་འགལ་བས་སྣང་མུན་བཞིན་དུ་གཅིག་པ་ཉིད་དུ་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག་ངོ་བོ་ཉིད་ཀྱི་གཞན་ཉིད་དུ་ཡང་མི་འཐད་དོ་སྟེ་ལྟོས་མེད་དུ་དམིགས་དགོས་པས་སོ། །གཞན་ཉིད་དུ་མི་འཐད་པ་འདི་ལ་འགྲེལ་བ་རྣམས་ན་བུམ་སོགས་དངོས་པོ་གཅིག་ལ་བརྟེན་པའི་ཕྱིར་དང་། མི་རྟག་པ་དང་ནམ་ཡང་འགལ་བ་མེད་པའི་ཕྱིར་དང་། ཕན་ཚུན་མི་འཁྲུལ་པའི་ཕྱིར་ཞེས་གསུངས་ཏེ། གཅིག་མེད་པར་ ― MR01_Page_0402 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅིག་མ་དམིགས་ལ་གཅིག་ཡོད་ན་གཅིག་ཡོད་པས་ཁྱབ་པས་སོ། །གཉིས་པ་དངོས་པོ་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གཉིས། མངོན་སུམ་གྱི་སྒྲུབ་བྱེད་དགག་པ་དང་། རྗེས་དཔག་གི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དེ་ལྟར་ཞིབ་མོར་དཔྱད་པ་འདིས་ཅི་བྱ། འབྱུང་བ་དང་ནི་འཇིག་པ་དག་བ་ལང་རྫི་ཡན་ཆོད་ཀྱིས་མངོན་སུམ་དུ་མཐོང་ངོ་སྙམ་དུ་ཁྱོད་སེམས་ན་འབྱུང་བ་དང་ནི་འཇིག་པ་དག་མཐོང་བ་ནི་ཡང་དག་པ་མིན་གྱི་གཏི་མུག་པ་ཉིད་ཀྱིས་བློ་བསླད་ནས། རབ་རིབ་དང་སྨིག་རྒྱུ་ལ་སོགས་པ་བཞིན་དུ་མཐོང་བ་ཡིན་ནོ། །གཉིས་པ་ལ་གཉིས། སྐྱེ་བ་མེད་པས་དགག་པ་དང་། ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། གལ་ཏེ་འབྱུང་འཇིག་ནི་ཡོད་དེ་དེའི་རྟེན་དངོས་པོ་ཡོད་པའི་ཕྱིར་ཞེ་ན། དངོས་པོ་རང་བཞིན་གྱིས་ཡོད་ན་དེ་དངོས་པོ་དངོས་མེད་གང་ལས་སྐྱེ། དངོས་པོ་དངོས་པོ་རང་ཉིད་ལས་མི་སྐྱེ་སྟེ་གྲུབ་ཟིན་པ་དང་རྒྱུ་འབྲས་དུས་གཅིག་མེད་པས་སོ། །དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ་འགལ་ཞིང་དངོས་མེད་ལ་ནུས་པ་མེད་པས་མོ་གཤམ་བུ་མོ་ལས་བུ་བཞིན་ནོ། །དེ་བཞིན་དུ་དངོས་མེད་དངོས་མེད་རང་གིས་མི་སྐྱེ་སྟེ་རྒྱུ་འབྲས་གཉིས་ཀ་མེད་པས་ ― MR01_Page_0403 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐྱེད་བྱ་སྐྱེད་བྱེད་ནུས་པ་མེད་དོ། །དངོས་མེད་དངོས་པོ་ལས་མི་སྐྱེའོ་སྟེ་འགལ་བ་དང་དངོས་མེད་སྐྱེ་བ་མི་སྲིད་པས་སོ། །དེ་ལྟར་དངོས་པོ་ཡོད་པ་དང་། དངོས་མེད་གཉིས་ཀ་མེད་ན་འབྱུང་བའི་དངོས་པོ་ཅི་ཞིག་ཡིན་ལ། དངོས་པོ་འཇིག་པ་དང་། ཞིག་ཟིན་གྱི་དངོས་མེད་ཅི་ཞིག་ཡིན་ཞེས་སོ། །ཡང་ན། དངོས་པོ་འབྱུང་བ་དེ་དངོས་པོ་ལས་མི་སྐྱེ། དངོས་མེད་འཇིག་པ་དེ་ཞེས་ཤཱཀ་མཆོག་པ་གསུངས། དེ་བཞིན་དུ་དངོས་པོ་བདག་ལས་མི་སྐྱེ་སྟེ་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བས་སོ། །ངོ་བོ་ཉིད་ཀྱིས་གཞན་ལས་སྐྱེ་བ་ཉིད་མ་ཡིན་ཏེ། རབ་བྱེད་དང་པོར་བཤད་ཟིན་ཏོ། །བདག་དང་གཞན་གཉི་ག་ལས་སྐྱེ་བ་ནི་ཡོད་པ་མིན་ན་དངོས་པོ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་བས་དངོས་པོ་རྣམས་སྐྱེ་བ་མེད་པ་ཡིན་ནོ། །གཉིས་པ་ལ་གསུམ། ཧ་ཅང་ཐལ་བ་བརྗོད་པ་དང་། ཉེས་སྤོང་གི་ལན་དགག་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་དངོས་པོ་སྐྱེ་མེད་དེ་མིན་པར་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ཏེ་དེ་དུས་གཉིས་པར་མི་འཇིག་ན་རྟག་པ་དང་། དེ་ཞིག་ན་ཆད་ ― MR01_Page_0404 ―
[མ་དཔེ་གཟིགས་ན་འདིར་གནོན།]
བར་ལྟ་བར་ནི་ཐལ་བར་འགྱུར་ཏེ་གང་ཡོད་པའི་དངོས་པོ་དེ་ནི་ཡང་ན་རྟག་པར་ཁས་ལེན་པ་དང་མི་རྟག་པ་ཉིད་དུ་ཁས་བླངས་པར་འགྱུར་ཕྱིར་རོ། །གཉིས་པ་ནི། དངོས་པོ་ཡོད་པར་ཁས་བླངས་ཀྱང་ཆད་པར་མི་འགྱུར་ཞིང་རྟག་པར་མི་འགྱུར་ཏེ། འབྲས་བུ་དང་རྒྱུ་ཡི་འབྱུང་འཇིག་གི་རྒྱུན་ཞེས་བྱ་བ་དེ་སྲིད་པ་འཁོར་བ་ཡིན་ཕྱིར་རོ་ཞེ་ན། དངོས་པོ་མི་རྟག་ཀྱང་། རྒྱུ་འབྲས་ཀྱི་རྒྱུན་གཅིག་ཡོད་པ་དེ་འཁོར་བ་ཡིན་པས་ཆད་པར་མི་འགྱུར་རོ་ཞེས་འདོད་ན། དེ་ལྟ་ན་ཡང་། རྒྱུན་ཞེས་བྱ་བ་ཡོད་ཀྱང་། རྒྱུ་ཁོ་རང་ཞིག་པ་ལ་ཡང་སྐྱེ་བ་མེད་པས་རྒྱུ་རང་རྒྱུན་ཆད་པར་ཅིས་མི་འགྱུར། རང་ལ་མི་མཚུངས་ཏེ། རྒྱུ་རང་བཞིན་མེད་ལས་ཅི་ཞིག་ཆད་དེ་མི་སྲིད་དོ། །ཡང་རྒྱུ་ཡི་དངོས་པོ་ལ་རང་བཞིན་ཡོད་ན། རང་བཞིན་ལ་ལྡོག་པ་མེད་པས་རྟག་པར་ཐལ་བ་སོ་ན་གནས་སོ། །ཡང་ན་རྒྱུའམ་འབྲས་བུའི་རྒྱུན་དེ་ངོ་བོས་ཡོད་ན་ཞེས་སམ། ཡང་ན་རྒྱུན་རང་བཞིན་གྱིས་ཡོད་ན་ཞེས་ཀྱང་རང་གིས་སོ། །དེ་ལྟར་འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི་རྒྱུན་དེ་སྲིད་པ་ཡིན་པར་འགྱུར་ནའང་རྟག་ཆད་སོ་ན་གནས་ཏེ། གང་འཇིག་པ་དེ་ལ་སླར་ཡང་སྐྱེ་བ་ ― MR01_Page_0405 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པའི་ཕྱིར་རྒྱུ་ནི་ཆད་པར་ཐལ་བར་འགྱུར་ལ་དངོས་པོ་ལ་ངོ་བོ་ཉིད་རང་བཞིན་གྱིས་ཡོད་ན་དེ་ནམ་ཡང་དངོས་མེད་དུ་འགྱུར་བར་མི་རིགས་སོ་སྟེ་ངོ་བོ་འགལ་ལ་ནམ་ཡང་མི་འགྱུར་བས་སོ། །མྱ་ངན་འདས་པའི་དུས་ནའང་ཆད་པར་ཐལ་ཏེ་སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་རོ། །གཞན་ཡང་སྲིད་པ་སྔ་མ་ལྡོག་པའི་སྐད་ཅིག་མཐའ་མ་རྒྱུ་ཡིན་ལ། ཕྱི་མ་སྐྱེ་བའི་སྐད་ཅིག་དང་པོ་འབྲས་བུ་ཡིན་ཞིང་དེ་འདྲའི་ཚུལ་དུ་བར་མ་ཆད་པ་ལ། སྲིད་པའམ་འཁོར་བ་ཞེས་བསྙད་པ་ཡིན་ན། དེ་འདྲའི་སྲིད་པ་དེ་བརྟགས་ན་མེད་དེ། ཡོད་ན་ཕྱི་མའི་སྲིད་པ་དང་པོ་འབྲས་བུའི་ངོ་བོ་ཉིད་དུ་གནས་པ་དེ། སྔ་མའི་སྲིད་པ་ཐ་མ་འགགས་པའམ། མ་འགགས་པའམ། འགག་བཞིན་པ་ལས་སྐྱེད་གྲང་། སྲིད་པ་སྔ་མའི་སྐད་ཅིག་ཐ་མ་ངོ་བོ་ཉིད་ཀྱིས་འགགས་པར་གྱུར་པ་ན་སྲིད་པ་དང་པོ་རིགས་པར་མི་འགྱུར་ཏེ་རྒྱུ་མེད་པར་ཐལ་བ། ས་བོན་ཚིག་པའི་མྱུ་གུ་བཞིན་ནོ། །ཐ་མ་འགགས་པར་མ་གྱུར་ཚེ་ནའང་སྲིད་པ་དང་པོར་སྐྱེ་བ་རིགས་པར་མི་འགྱུར་ཏེ། སྲིད་པ་དང་པོ་རྒྱུ་མེད་དུ་ཐལ་ལ། དེ་ལྟ་ན་སེམས་ཅན་གཅིག་ལ་ངོ་བོ་གཉིས་ཡོད་པ་དང་། སྔོན་ ― MR01_Page_0406 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་པའི་སེམས་ཅན་འབྱུང་བ་དང་། སྔ་མ་རྟག་པ་དང་། ས་བོན་མ་ཞིག་པ་ལས་མྱུ་གུ་སྐྱེ་བར་ཐལ་བས་སོ། །འགགས་བཞིན་པ་ད་ལྟ་བ་དང་སྐྱེ་བཞིན་པ་མ་འོངས་པ་ཡིན་པས་དེ་གཉིས་མི་ཕྲད་པ། ཐ་མ་འགགས་བཞིན་པའི་སྐབས་སུ་དང་པོ་སྐྱེ་བ་ཡིན་ན། དེ་གཉིས་དུས་མཉམ་པས། འགགས་བཞིན་པ་ནི་སྲིད་པ་གཅིག་ཏུ་འགྱུར་ལ། སྐྱེ་བཞིན་པ་དེ་ལས་གཞན་པའི་སྲིད་པ་ཡིན་པས་སྲིད་པ་གཉིས་དུས་ཅིག་ཆར་ཡོད་པར་ཐལ་ལོ་ཞེས་གལ་ཏེ་ཐ་མ་འགགས་བཞིན་པའི་ཚེ་ན་སྲིད་པ་དང་པོར་སྐྱེ་བར་འགྱུར་ན་ནི་འགགས་བཞིན་པ་ནི་སྲིད་པ་གཅིག་ཏུ་འགྱུར་ཞིང་སྐྱེ་བཞིན་པ་ཡང་སྔ་མ་ལས་སྲིད་པ་གཞན་དུ་འགྱུར་རོ། །གལ་ཏེ་སྔ་མ་འགགས་བཞིན་པ་དང་ཕྱི་མ་སྐྱེ་བཞིན་དག་ནམ་ཡང་ལྷན་ཅིག་ཏུ་ཡང་རིགས་པ་མིན་ན། འདིར་ཁྱོད་ལ་ཕུང་པོ་གང་དག་ལ་འཆི་བ་འབྱུང་བར་འགྱུར་བ་དེ་ལ་སྐྱེ་བ་ཞེས་པ་འབྱུང་བར་འགྱུར་རམ་ཏེ་དེ་གཉིས་འགལ་བས་སོ། །ཡང་སྒྲས་སྔ་མ་གཉིས་སྡུད་དོ། །གསུམ་པ་དོན་བསྡུ་བ་ནི། དེས་ན་གང་སྐྱེ་བ་ལ་འཆི་བ་མེད་ལ། འཆི་བ་ལ་སྐྱེ་བ་མེད་ན་དེའི་རྒྱུན་ཞེས་བྱ་བ་མེད་དེ། དེ་ལྟར་དུས་གསུམ་དག་ཏུ་ ― MR01_Page_0407 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་འགགས་མ་འགགས་སོགས་གཉིས་པོ་ལ་སྲིད་པའི་རྒྱུན་ནི་མི་རིགས་ན་ཤེས་བྱ་དུས་གསུམ་དག་ཏུ་གང་མེད་པ་དེ་ནི། ཇི་ལྟར་སྲིད་པའི་རྒྱུན་ཡིན་པར་འཐད་དེ་མི་འཐད་དོ། །གཉིས་པ་ནི། འབྱུང་བ་དང་འཇིག་པ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །།ཉེར་གཉིས་པ་དེ་བཞིན་གཤེགས་པ་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། འཁོར་བའི་རྒྱུན་ཡོད་དེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར། འདི་ལྟར་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་ཡོངས་སུ་རྫོགས་ནས་སངས་རྒྱས་སུ་འགྱུར་དགོས་ཀྱི། ཚེ་རེ་རེ་དང་སྐད་ཅིག་རེ་རེ་ཙམ་ལ་མིན་པས་སོ་ཞེ་ན། དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་མེད་པར་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། དེ་བཞིན་གཤེགས་པ་བདེན་པར་གྲུབ་པ་དགག་པ་དང་། ལྟ་བ་ཐམས་ཅད་སྤང་བར་གྲུབ་པའི་ ― MR01_Page_0408 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚུལ་དང་། རིགས་པ་གཞན་ལ་ཇི་ལྟར་སྦྱར་བའི་ཚུལ་ལོ། །དང་པོ་ལ་གསུམ། ལེན་པ་པོའི་གང་ཟག་དགག་པ། ཉེ་བར་བླང་བྱའི་ཕུང་པོ་དགག་པ། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས། ལེན་པ་པོ་རྫས་སུ་ཡོད་པ་དགག་པ་དང་། བཏགས་པའི་རང་བཞིན་དུ་ཡོད་པ་དགག་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱིས་ཡོད་ན་དེ་དུས་རིང་པོའི་རྒྱུན་གྱིས་འགྲུབ་ཕྱིར་སྲིད་རྒྱུན་ཡོད་ཀྱང་དེ་བཞིན་གཤེགས་པ་ཞེས་ངོ་བོས་མ་གྲུབ་སྟེ་དེ་ཡོད་ན་ཕུང་པོ་དང་གཅིག་པ་དང་། གཞན་སོགས་སུ་བརྟགས་ན་མི་འཐད་དེ། ཕུང་པོ་དེ་བཞིན་གཤེགས་ཡིན་ན། བུད་ཤིང་གང་དེ་མེ་ཡིན་ན་སོགས་དང་། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་སོགས་བཞིན་དང་། ཕུང་པོ་ལས་གཞན་ན་དེའི་ཟློག་ཕྱོགས་སྦྱར་རོ། །རི་ལ་ཤིང་ལྟ་བུ་དེ་བཞིན་གཤེགས་པ་ལ་ཕུང་པོ་བརྟེན་པ་མེད་དེ་གཞན་ཉིད་དུ་མེད་པས་དང་། ནགས་ཁྲོད་ན་གཅན་གཟན་ལྟར་ཕུང་པོ་ལའང་དེ་བཞིན་གཤེགས་པ་བརྟེན་པ་མེད་དེ་གཞན་དུ་མེད་པས་སོ། །འཁོར་བསྒྱུར་ལ་མཚན་བཟང་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་མི་ལྡན་ཏེ། ཕུང་པོ་དང་གཅིག་དང་། ཐ་དད་དུ་མེད་པས་སོ། །ཁ་ཅིག་ན་རེ། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཚུལ་དུ་མེད་ཀྱི། ཕུང་པོ་ལ་བརྟེན་ནས་ ― MR01_Page_0409 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅིག་ཐ་དད་གང་དུའང་བརྗོད་དུ་མེད་པའི་རྣམ་པར་ཡོད་དོ་ཞེ་ན། རང་གི་ངོ་བོས་མེད་ན་གཞན་དངོས་ལས་ཡོད་པར་མི་ནུས་ཏེ། རང་གི་ངོ་བོ་མེད་ན་གཞན་གྱི་ངོ་བོ་ཡང་མི་འཐད་པ་སོགས་ཡིན་ཀྱང་འདི་ཀུན་རྒྱས་བཤད་འོག་ནས་འབྱུང་བཞིན། འདི་ལྟར་དེ་བཞིན་གཤེགས་པ་གཟུགས་སོགས་ཕུང་པོའི་ངོ་བོ་མིན་ཏེ་སྐྱེ་འཇིག་ཅན་དང་དུ་མ་དང་ལས་དང་བྱེད་པོ་གཅིག་ཏུ་འགྱུར་ཕྱིར་རོ། །ཕུང་པོ་ལས་གཞན་རང་རྐྱ་བ་ཞིག་མིན་ཏེ་འདུས་མ་བྱས་སུ་ཐལ་བས་སོ། །དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པ་མེད་ཅིང་། དེ་བཞིན་གཤེགས་པ་དེ་ཕུང་པོ་དེར་བརྟེན་པས་མེད་ལ་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་མིན་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་གང་ཞིག་ཡིན་ཏེ་དེ་ལྟར་རྣམ་པ་ལྔས་བརྟགས་ན་མི་རྙེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ། རང་ངོས་དང་གཞན་ངོས་ལས་གྲུབ་པ་དགག་པ། ཉེ་བར་ལེན་པ་མེད་པའི་རིགས་པས་དགག་པ། གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་སངས་རྒྱས་ཞེས་པ་ཕུང་པོ་ལ་བརྟེན་ནས་འཇོག་གི་ངོ་བོ་ཉིད་དམ་རང་བཞིན་ལས་ཡོད་པ་མིན་པར་འདོད་ན་རང་བཞིན་ལས་ནི་ ― MR01_Page_0410 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་མེད་པ་དེ་གཞན་གྱི་དངོས་པོ་ལས་ནི་ག་ལ་ཡོད་པར་འགྱུར་ཏེ་གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་བྱུང་བ་དེ་བཅོས་མ་གཟུགས་བརྙན་ལྟ་བུ་བདག་གི་བདག་ཉིད་དུ་ཡོད་པར་མི་འཐད་དོ། །གང་ཞིག་བདག་ཉིད་མེད་པ་དེ་ཇི་ལྟར་ན་དེ་བཞིན་གཤེགས་པར་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་རང་གི་རང་བཞིན་ཡོད་པ་མིན་ན་དེ་ལས་གཞན་གྱི་དངོས་པོ་ཡོད་པར་ཇི་ལྟར་འགྱུར་ལ། རང་བཞིན་དང་ནི་གཞན་དངོས་པོ་དག་མ་གཏོགས་པར་དེ་བཞིན་གཤེགས་དེ་ནི་གང་ཞིག་ཡིན་ཏེ་མེད་དོ། །གཉིས་པ་ནི། མང་བཀུར་པ་དག་དེ་བཞིན་གཤེགས་པ་ཡོད་དེ། སངས་རྒྱས་ཀྱི་རྒྱུད་ཀྱི་ཕུང་ལྔ་ཉེ་བར་ལེན་པ་པོ་ཡིན་ནོ་ཟེར། དེ་ལ་ཕུང་པོ་ལ་མ་བརྟེན་པའི་དེ་བཞིན་གཤེགས་པ་ཞིག་གྲུབ་ན་དེ་ཉེ་བར་ལེན་པ་པོར་འཐད་དུ་ཆུག་ཀྱང་། ཕུང་པོ་ལ་མ་བརྟེན་པའི་དེ་བཞིན་གཤེགས་པ་མི་གྲུབ་པས་སོ། །ཅི་ཡང་མ་གྲུབ་པ་དེས་ཕུང་པོ་ཇི་ལྟར་ཉེ་བར་ལེན། ལེན་པ་པོ་སུས་ཀྱང་མ་བླང་བས་སོ་ཞེས། གལ་ཏེ་ཕུང་པོ་ལ་མ་བརྟེ༷ན་པར་ནོར་གྱི་སྔོན་དུ་ནོར་ལེན་པ་པོ་ལྷས་སྦྱིན་ལྟར་ཕུང་པོ་ཉེ་བར་ལེན་པའི་དེ་བཞིན་གཤེགས་པ་རུ་འགྱུར་བ་འགའ་ཞིག་ ― MR01_Page_0411 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོད་ན་གྲུབ་ཟིན་དེ་ནི། ད་གདོད་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་བརྟེན་ནས་དེ་ནས་དེའི་ཉེ་བར་ལེན་པ་པོར་འགྱུར་བ་ལ་རག་མོད་ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལོགས་སུ་གྱུར་པ་འགའ་ཡང་མེད་ལ་གང་ཞིག་ཕུང་པོ་ལ་མ་བརྟེན་པའི་དེ་བཞིན་གཤེགས་པ་ཡོད་པ་མིན་ན་དེས་ནི་ཇི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ་ལེན་པ་པོ་མེད་པས་སོ། །དེས་ན་ཕུང་པོ་ཉེ་བར་བླངས་པ་མ་ཡིན་པ་ལ་ཉེ་བར་ལེན་པར་རློམ་པ་ཉིད་དུ་ཅིས་མི་འགྱུར་ཏེ་འགྱུར་རོ། །དེ་ལྟར་ཕུང་པོ་ཉེ་བར་ལེན་པ་མེད་པ་ཡི་དེ་བཞིན་གཤེགས་པ་ཉེ་བར་ལེན་པ་པོ་ཞེས་པ་དེ་ཅི་ཡང་མེད་དོ། །གསུམ་པ་ནི། དེ་ལྟར་ཚུལ་རྣམ་པ་ལྔས་ནི་བཙལ་བྱས་ན་གང་ཞིག་ཕུང་པོ་དང་དེ་ཉིད་དང་གཞན་གྱི་ཕྱོགས་རྣམ་པ་བཞི་ཉིད་དུ་མེད་པའི་དེ་བཞིན་གཤེགས་པ་དེ་ལ་ཉེ་བར་ལེན་པ་པོའི་མཚན་ཉིད་ཅན་དུ་ཡོད་དོ་ཞེས་ཉེ་བར་ལེན་པ་ཡི་སྒྲས་ཇི་ལྟར་གདགས་ཏེ་གདགས་མི་རིགས་སོ། །གཉིས་པ་ཉེ་བར་བླང་བྱའི་ཕུང་པོ་དགག་པ་ནི། ཉེ་བར་ལེན་པ་པོ་གང་ཞིག་ཡོད་དེ། ཉེ་བར་བླང་བར་བྱ་བ་ཕུང་པོ་དེ་ཡོད་དོ་སྙམ་ན་དེ་ནི་ཁོ་རང་གི་རང་བཞིན་ལས་ ― MR01_Page_0412 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོད་པ་མིན་ཏེ་ཉེ་བར་ལེན་པ་པོ་ལ་ལྟོས་པའི་རྟེན་འབྱུང་ཡིན་ལ་ཕུང་པོ་བརྟགས་པར་བཀག་ཟིན་པས་སོ། །ཕུང་པོ་དེ་དག་རང་གི་ངོ་བོས་མེད་ཀྱང་རྒྱུ་རྐྱེན་གཞན་གྱི་དངོས་པོ་ལ་བརྟེན་ནས་ཡོད་དོ་ཞེ་ན། མི་འཐད་དེ། བདག་གི་དངོས་པོ་ཉིད་ལས་གང་མེད་པར་གྱུར་པ་དེ་གཞན་གྱི་དངོས་པོ་ལས་ཡོད་པར་བྱ་ནུས་རེ་ཀན་ཏེ་མོ་གཤམ་གྱི་བུ་དངོས་པོ་གཞན་གྱི་སྟོབས་ལས་ཡོད་པ་མིན་པ་བཞིན་ནོ། །གསུམ་པ་བཀག་པས་གྲུབ་དོན་བསྡུ་བ་ནི། དེ་ལྟར་ཉེར་བླང་སྟེ་བླང་བྱ་ཕུང་པོ་དང་དེ་ཉེར་ལེན་ཏེ་ལེན་པོ་དག་རང་དངོས་གཞན་དངོས་གཅིག་དང་ཐ་དད་སོགས་རྣམ་པ་ཀུན་གྱིས་སྟོང་པ་ཡིན་པའི་ཕྱིར་དེ་ལྟར་ཆོས་ཀུན་ནམ་ཉེར་ལེན་དང་ལེན་པོས་སྟོང་པས་ན་དེ་བཞིན་གཤེགས་པའང་སྟོང་པ་ཡིན་པ་དེ་ཕྱིར་ཇི་ལྟ་བུར་ན་དེ་བཞིན་གཤེགས་པ་ནི་ཡོད་དོ་ཞེས་འདོགས་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ལྟ་བ་ཐམས་ཅད་སྤང་པའི་ཚུལ་ནི། རང་སྡེ་དངོས་སྨྲ་བ་རྣམས་ན་རེ། ཁོ་བོ་ཅག་གི་གཟེགས་གཟན་པ་སོགས་སྤང་ནས་དེ་བཞིན་གཤེགས་པ་བསམ་མི་ཁྱབ་པའི་ཡོན་ཏན་དང་ཐུགས་རྗེའི་བདག་ཉིད་ལ་སྐྱབས་སུ་སོང་ནས་ཐར་བ་དོན་ ― MR01_Page_0413 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་གཉེར་ན། ཁྱོད་ཀྱིས་དེ་བཞིན་གཤེགས་པ་མེད་དོ་ཞེས་ཁོ་བོ་ཅག་གི་སྐྱབས་དང་ཐར་པའི་རེ་ཐག་བཅད་པ་མ་ཡིན་ནམ་ཞེ་ན། ཁྱེད་ཅག་སངས་རྒྱས་ལ་སྐྱབས་སུ་སོང་ཡང་། སངས་རྒྱས་པའི་བདག་མེད་པའི་སེང་གེའི་སྒྲ་མུ་སྟེགས་ཅན་དང་ཐུན་མོང་མིན་པ་མི་བཟོད་པས་ཐར་བའི་ལམ་ལས་རིང་དུ་གནས་སོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་ཆོས་དང་། མྱང་འདས་ཀྱང་སྒྱུ་མ་རྨི་ལམ་ལྟར་གསུངས་ཤིང་། བརྟགས་མཐའ་བཟུང་སྟེ་མྱང་འདས་ལས་ལྷག་པའི་ཆོས་ཞིག་ཡོད་ན་སྒྱུ་མ་རྨི་ལམ་ལྟར་གསུངས་པས། བདག་ཅག་དེ་བཞིན་གཤེགས་པ་ལ་སྐུར་བ་བཏབ་པ་མེད་དེ། དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་ཡིན་པ་དེ་ཐ་སྙད་ཀྱི་ཚིག་གིས་བསྟན་གྱི། དེ་བཞིན་གཤེགས་པ་མེད་ཅེས་མི་སྒྲུབ་བོ། །ཇི་ལྟར་ན། ཡང་དག་པའི་གནས་ལུགས་ནི་མཐའ་བཞི་གང་དུ་གྲུབ་པ་མེད་པས་དེ་གང་དུའང་མི་བརྗོད་ལ་གང་མཐའ་བཞི་སྤྲོས་བྲལ་དང་འགལ་བར་བཟུང་བས་མཐའ་གང་དང་གང་ཡིན་པ་དགག་པའི་སླད་དུ་དེ་སྐད་མ་སྨྲས་ན། རྟོགས་པ་པོ་རྣམས་ཀྱི་ཡིན་ཚུལ་མི་ཤེས་པས། ཐ་ ― MR01_Page_0414 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྙད་ཀྱི་དོན་དུ་གདུལ་བྱའི་ངོར་ལྷག་པར་སྒྲོ་བཏགས་ནས། བདེན་པས་སྟོང་ངོ་ཞེས་དང་། ཐ་སྙད་དུ་གྲུབ་པས་མི་སྟོང་ངོ་དང་། བདེན་པས་སྟོང་ཡང་ཐ་སྙད་ཀྱི་མི་སྟོང་ངོ་ཞེས་དང་། གཉིས་ཀ་ལྟར་ཡང་གྲུབ་པ་མེད་དོ་ཞེས་སྟོན་ཏོ། །དེ་ལྟ་ན་སྟོང་ཞེས་བྱ་བ་འདིས་མི་མཐུན་ཕྱོགས་བསལ་བ་ཙམ་སྟེ། ལྟ་ཀུན་འབྱིན་པའི་ཐབས་སུ་དེ་སྐད་བསྟན་གྱི། སྟོང་པ་འབའ་ཞིག་སྒྲུབ་པ་མིན་ནོ། །དེས་ན་སྟོང་པར་བརྗོད་པ། གང་སྟོང་རྒྱུ་དེའི་དམིགས་གཏད་ཀྱི་སྤྲོས་པ་འཇིག་པའི་ཆེད་ཡིན་གྱི། སྟོང་སོགས་ཀྱི་སྤྲོས་པ་སྐྱེད་པའི་ཕྱིར་མིན་ནོ། །དེ་ལྟར་ཡང་དག་པའི་དོན་དུ་དེ་བཞིན་གཤེགས་པ་སྟོང་ངོ་ཞེས་ཀྱང་མི་བརྗོད་དེ་མི་སྟོང་བདེན་པར་གྲུབ་པོ་ཞེས་ཀྱང་མི་བྱ་ཞིང་གཉིས་ཀ་ཡིན་པ་དང་། གཉིས་ཀ་མིན་པའི་དེ་བཞིན་གཤེགས་པ་ཡོད་དོ་ཞེས་མི་བྱ་སྟེ་མཐའ་བཞིའི་སྤྲོས་པ་མེད་པས་སོ། །འོ་ན་ཅི་ཞེ་ན། དོན་དམ་ལ་གཞུག་པའི་ཕྱིར་སྒྲོ་འདོགས་བསལ་བའི་ཆེད་དམ། ཐ་སྙད་གདགས་པའི་དོན་དུ་སྟོང་ངོ་སོགས་སུ་བརྗོད་པར་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སྟོང་སོགས་བཞི་མི་མངའ་བ་ ― MR01_Page_0415 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབའ་ཞིག་ཏུ་མ་ཟད་ཀྱི་རྟག་དང་མི་རྟག་ལ་སོགས་སྒྲས་གཉིས་ཡིན་གཉིས་མིན་བཞི་རང་བཞིན་གྱི་སྤྲོས་པ་མཐའ་དག་ཞི་བ་དེ་བཞིན་གཤེགས་པ་འདི་ལ་ག་ལ་ཡོད་དེ་མེད་ཅིང་། མཐའ་ཡོད་པ་དང་མཐའ་མེད་ལ་སོགས་བཞི་ཞི་བ་འདི་ལ་ག་ལ་ཡོད་དེ་དེ་བཞིན་གཤེགས་པ་ནི་སྤྲོས་པ་མཐའ་དག་དང་བྲལ་བའི་ཆོས་ཉིད་དེ་ཁོ་ན་ཉིད་དང་མཉམ་པ་ཉིད་དུ་གྱུར་པས་རབ་ཏུ་ཕྱེ་བ་ཡིན་པས་སོ། །བུདྡྷ་པཱ་ལི་ཏའི་བསྒྱུར་ལས། གང་གིས་འཛིན་སྟུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེའམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །སོགས་བསྒྱུར་བ་ལེགས་གསུངས་སོ། །གང་ཟག་གང་གིས་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་ཅེས་མངོན་ཞེན་གྱི་འཛིན་པ་སྟུག་པོ་ཡིས་བཟུང་བར་གྱུར་པ་དེ་ནི་སངས་རྒྱས་མྱ་ངན་ལས་འདས་པ་ལ་དེ་ཕན་ཆད་མེད་དང་ཡོད་ཅེས་སོགས་སུ་རྣམ་རྟོག་གིས་རྟོག་པར་བྱེད་མོད་ཀྱི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ནི་སྟོང་པར་མཐོང་བ་དེ་ལ་སངས་རྒྱས་མྱ་ངན་འདས་ནས་ནི། ད་རུང་ཡོད་དོ་ཞེའམ་རྒྱུན་ཆད་དེ་མེད་དོ་ཞེས་བསམ་པ་ཡོད་ ― MR01_Page_0416 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་འཐད་པ་ཉིད་དུ་མི་འགྱུར་རོ། །གང་དག་སངས་རྒྱས་བཅོམ་ལྡན་འདས་ནི་སྤྲོས་པ་ཀུན་ལས་འདས་ཤིང་སྐྱེ་བ་མེད་པས་ན་འགགས་པ་མེད་ཅིང་ནམ་ཡང་ཟད་པ་མེད་ལ་ཡོད་མེད་རྟག་མི་རྟག་སོགས་སུ་སྤྲོས་པར་བྱེད་པ་རང་སེམས་ཀྱི་རྟོག་པའི་སྤྲོས་པས་ཡང་དག་ལྟ་བའི་བློ་ཉམས་པ་དེ་ཀུན་གྱིས་དེ་བཞིན་གཤེགས་པ་ཉིད་ནི་མཐོང་བར་མི་འགྱུར་ཏེ། དེའི་རང་བཞིན་སྐྱེ་འགག་བྲི་གང་མེད་པའི་མཉམ་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་སྤྲོས་པའི་དམིགས་པས་སོ། །གསུམ་པོ་རིགས་པ་དེ་གཞན་ལ་ཇི་ལྟར་སྦྱར་ཚུལ་ནི། དེ་བཞིན་གཤེགས་པའི་རང་བཞིན་སྤྲོས་བྲལ་གང་ཡིན་པ་དེ་ནི་འགྲོ་འདིའི་རང་བཞིན་ཡིན་ཏེ་རང་བཞིན་ཆོས་ཀུན་ལ་མཉམ་པས་སོ། །རྒྱུ་མཚན་དེ་བཞིན་གཤེགས་པ་རང་བཞིན་མེད་པའི་ཆོས་ཉིད་དེ་བཞིན་འགྲོ་བ་འདི་ཡི་རང་བཞིན་ཀྱང་མེད་པས་དབྱེར་མེད་མཉམ་པ་ཉིད་དོ། །གཉིས་པ་ནི། དེ་བཞིན་གཤེགས་པ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའོ།། ༈ །།ཉེར་གསུམ་པ་ཕྱིན་ཅི་ལོག་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། འདོད་ཆགས་ ― MR01_Page_0417 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། སྲིད་པའི་རྒྱུན་ནི་ཡོད་དེ། དེའི་རྒྱུ་ཡོད་པས་སོ། །འདི་ལྟར་ཉོན་མོངས་པས་ལས་བསགས། དེ་ལས་སྲིད་པ་རྒྱུད་མར་སྐྱེ་བས་སོ་སྙམ་ན། ཉོན་མོངས་པ་རང་བཞིན་མེད་པར་བསྟན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། ཉོན་མོངས་པ་དགག་པ་དང་། དེ་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། ཐུན་མོང་དུ་དགག་པ་བསྟན་པ། སོ་སོར་དགག་པ་བསྟན་པའོ། །དང་པོ་ལ་བཞི། རྟེན་འབྱུང་གི་རྟགས་ཀྱིས་དགག་པ་དང་། རྟེན་མེད་པའི་རྟགས་ཀྱིས་དགག་པ། རྒྱུ་མེད་པའི་རྟགས་ཀྱིས་དགག་པ། དམིགས་པ་མེད་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། ཉོན་མོངས་མེད་དེ། དེ་ཅིའི་སླད་དུ་ན། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང་། །ཞེས་པ་ལྟར། ཉོན་མོངས་ཀུན་གྱི་རྒྱུ་ཀུན་རྟོག་ཡིན་ལ་འདིར་གསུམ་སྨྲོས་པ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་སོ། །དེ་ཡང་སྡུག་པའི་ཀུན་རྟོག་ལ་བརྟེན་ནས་འདོད་ཆགས། ― MR01_Page_0418 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་སྡུག་པ་ལ་བརྟེན་ནས་ཞེ་སྡང་། ཕྱིན་ཅི་ལོག་ལ་བརྟེན་ནས་གཏི་མུག་འབྱུང་བས་སོ། །དེ་ཡང་སངས་རྒྱས་རྣམས་ཀྱིས་འདོད་ཆགས། ཞེ་སྡང་། གཏི་མུག་རྣམས་ནི་ཐུན་མོང་གི་རྒྱུ་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་ཤིང་། སོ་སོའི་རྒྱུ་རིམ་པར་དེའི་ཡུལ་སྡུག་པ་དང་། མི་སྡུག་པ་དང་། ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་ལ་དེའི་ཕྱིར་གང་དག་སྡུག་པ་དང་། མི་སྡུག་པ་དང་། ཕྱིན་ཅི་ལོག་ལས་ཏེ་དེ་ལ་བརྟེན་ནས་འབྱུང་བ་དེ་དག་རང་བཞིན་ལས་ནི་གྲུབ་པ་མེད་དེ་དེ་ཕྱིར་ཉོན་མོངས་པ་རྣམས་ཡང་དག་པར་མེད་དོ། །གཉིས་པ་ནི། གང་ཟག་གི་བདག་གི་རང་བཞིན་ཡོད་པ་ཉིད་དང་མེད་པ་ཉིད་ནི་ཇི་ལྟ་བུར་ཡང་ངོ་བོས་གྲུབ་པ་མེད་པར་བདག་བརྟགས་པར་བཀག་ཟིན་ལ། རྟེན་དེ་མེད་ན་ཉོན་མོངས་རྣམས་ཀྱི་ནི་ཡོད་པ་ཉིད་དང་མེད་ཉིད་ཀྱང་ཇི་ལྟར་འགྲུབ་སྟེ་མི་གྲུབ་ལ། ཉོན་མོངས་རྣམས་རྩིག་ངོས་ལ་རི་མོ་ལྟར་རྟེན་ལ་བརྟེན་པས་ན་ཉོན་མོངས་དེ་དག་གང་ཞིག་གི་ཡིན་པའི་བདག་གམ་སེམས་ཅན་དེ་ཡང་གྲུབ་པ་ཡོད་པ་མ་ཡིན་ན་རྟེན་འགའ་སྟེ་གང་ཡང་མེད་པར་ནི། བརྟེན་པ་གང་གི་ཡང་ཉོན་མོངས་པ་དག་ཅུང་ཟད་ཡོད་པ་མ་ཡིན་ནོ། ། ― MR01_Page_0419 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལ་ཉོན་མོངས་རྣམས་ཀྱི་རྟེན་ཡུལ་སྔར་གྲུབ་པ་ནི་མེད་ལ་བདག་ཀྱང་མེད་ནའང་ཉོན་མོངས་ཅན་གྱི་སེམས་ལ་བརྟེན་ནས་སྐྱེ་ལ། དེ་ཡང་སེམས་དང་ཉོན་མོངས་པ་ལྷན་ཅིག་སྐྱེའོ་སྙམ་ན། རང་ལུས་ལ་ལྟ་བའི་འཇིག་ལྟ་བཞིན་དུ་ཉོན་མོངས་པ་རྣམས་ཉོན་མོངས་ཅན་གྱི་སེམས་སམ་རྒྱུད་ལ་རྣམ་པ་ལྔར་ཡོད་པ་མེད་པར་རང་ལུས་ལ་བལྟ་བ་བཞིན་དུ་ཉོན་མོངས་ཅན་དེ་ཉིད་ཉོན་མོངས་པ་ལ་རྣམ་ལྔར་གྲུབ་པ་མེད་དེ། རང་ལུས་ནི་གཟུགས་སོགས་ཕུང་པོའི་ཚོགས་པའོ། །དེ་ལ་བདག་དང་བདག་གིར་ལྟ་བ་ནི་འཇིག་ལྟ་སྟེ། དེ་ནི། ཕུང་མིན་ཕུང་པོ་ལས་གཞན་མིན། །ཞེས་སོགས་ལྟར་དཔྱད་པ་རྣམ་པ་ལྔར་གྲུབ་པ་མེད་པ་དེ་བཞིན་དུ། ཉོན་མོངས་པར་བྱེད་པ་ཆགས་སོགས་དང་། ཉོན་མོངས་པར་བྱ་བའི་སེམས་གཉིས་གཅིག་ཡིན་ན་བསྲེག་བྱ་སྲེག་བྱེད་གཅིག་པ་སོགས་དང་། གཞན་ཡིན་ན་ལྟོས་མེད་དུ་ཐལ་ལ་གཞན་མིན་པས་ལྡན་པ་སོགས་ཕྱོགས་ལྷག་མ་གསུམ་པོ་ཁེགས་སོ། །གསུམ་པ་ནི། ཉོན་མོངས་བཀག་ཀྱང་དེའི་རྒྱུ་སྡུག་མི་སྡུག་སོགས་གསུམ་ནི་ཡོད་ལ། དེ་ཡོད་ན་རྒྱུ་ཅན་ཉོན་ ― MR01_Page_0420 ―
[མ་དཔེ་གཟིགས་ན་འདིར་གནོན།]
མོངས་ཀྱང་གྲུབ་བོ་སྙམ་ན། དེ་མེད་དེ། སྡུག་པ་དང་། མི་སྡུག་པ་དང་ཕྱིན་ཅི་ལོག་ནི་བརྟེན་ནས་འབྱུང་བས་རང་བཞིན་ལས་ནི་གྲུབ་པ་ཡོད་པ་མིན་ན་སྡུག་དང་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་བྱུང་བའི་ཉོན་མོངས་རྣམས་གང་དག་ཡིན་ཏེ་ཡོད་པར་མི་རིགས་སོ། །བཞི་པ་ནི། ཉོན་མོངས་ཡོད་དེ་དེའི་དམིགས་པ་ཡོད་པས་སོ་ཞེ་ན། དམིགས་པ་གཟུགས་སོགས་དྲུག་མེད་དེ། ཡུལ་གཟུགས་དང་སྒྲ་དང་རོ་དང་རེག་པ་དང་དྲི་དང་ཆོས་དག་སྟེ་དམིགས་པ་རྣམ་པ་དྲུག་ནི་ཉོན་མོངས་པ་སྐྱེ་པའི་གཞི་སྟེ་དེ་ལ་དམིགས་ནས་སྡུག་པ་རྣམས་ལ་འདོད་ཆགས། མི་སྡུག་པ་ལ་ཞེ་སྡང་དང་བདག་དང་རྟག་པ་སོགས་སུ་སྒྲོ་བཏགས་པ་གཏི་མུག་གི་ནི་གཞི་ཡིན་པར་ཁྱོད་ཀྱིས་བརྟགས་ཀྱང་རབ་རིབ་ཅན་གྱིས་སྐྲ་ཤད་ལྟར་གཟུགས་སྒྲ་རོ་དང་རེག་པ་དང་དྲི་དང་ཆོས་དག་ནི་བཏགས་པའམ་སྣང་ཙམ་འབའ་ཞིག་སྟེ་མེད་ཀྱང་དམིགས་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་དང་རྨི་ལམ་འདྲ་བ་ཡིན་ནོ། །གཉིས་པ་སོ་སོར་དགག་པ་བསྟན་པ་ལ་གཉིས། འདོད་ཆགས་དང་ཞེ་སྡང་དགག་པ། གཏི་མུག་བྱེ་བྲག་ཏུ་དགག་པའོ། དང་པོ་ལའང་གཉིས། ― MR01_Page_0421 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུ་སྡུག་མི་སྡུག་དགག་པ། འབྲས་བུ་ཉོན་མོངས་པ་དགག་པའོ། །དང་པོ་ལ་གཉིས། རྟེན་བརྫུན་པས་དགག་པ། ཕན་ཚུན་ལྟོས་པས་དགག་བའོ། །དང་པོ་ནི། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་གཟུགས་བརྙན་འདྲ་བ་རྟེན་རྫུན་པ་དེ་དག་ལ་སྡུག་པ་དང་ནི་མི་སྡུག་པ་ཡི་མཚན་མ་བདེན་པ་ཞིག་འབྱུང་པར་ཡང་ནི་ག་ལ་འགྱུར་ཏེ་རང་མཚན་མ་གྲུབ་པས་སོ། །གཉིས་པ་ནི། མི་སྡུག་པ་གང་ལ་བརྟེ༷ན་ནས་སྡུག་པ་ཞེས་གདགས་པར་བྱ་བ་ཡི་ལྟོས་ས་མི་སྡུག་པ་དེ་ཉིད་ཀྱང་ཚུར་སྡུག་པ་ལ་མི་ལྟོས་པར་ཡོད་པ་མིན་པས་རིང་པོ་དང་ཐུང་ངུ་ལྟར་སྒྲུབ་བྱེད་མེད་པ་བརྟེན་ནས་གདགས་པ་དེ་ཕྱིར་སྡུག་པ་ངོ་བོས་ཡོད་པ་འཐད་པ་མ་ཡིན་ལ། སྡུག་པ་གང་ལ་བརྟེན་ནས་མི་སྡུག་པ་རིག་དྭགས་པར་བྱ་བ་ལ་སྡུག་པ་ཞེས་ནི་མི་སྡུག་པ་ལ་མི་ལྟོས་པར་ཡོད་མིན་པས་དེ་ཕྱིར་མི་སྡུག་པའང་འཐད་པ་མ་ཡིན་ནོ། །གཉིས་པ་འབྲས་བུ་ཉོན་མོངས་པ་དགག་པ་ནི། ཕྱིན་ཅི་ལོག་གི་མཚན་མ་སྡུག་པ་ཡོད་པ་མ་ཡིན་ན་དེ་ལ་བརྟེན་པའི་འདོད་ཆགས་ཡོད་པར་ག་ལ་འགྱུར། དེ་བཞིན་མི་སྡུག་པ་ཡང་ཡོད་པ་མ་ཡིན་ན་ཞེ་སྡང་ཡང་ཡོད་པར་ག་ལ་འགྱུར་ཏེ་མི་ ― MR01_Page_0422 ―
[མ་དཔེ་གཟིགས་ན་འདིར་གནོན།]
འགྱུར་རོ། །གཉིས་པ་གཏི་མུག་བྱེ་བྲག་ཏུ་དགག་པ་ལ་གཉིས། ཡུལ་ཕྱིན་ཅི་ལོག་དགག་པ་དང་། བཀག་པས་གྲུབ་པའི་འབྲས་བུའོ། །དང་པོ་ལ་གཉིས། ཕྱིན་ཅི་ལོག་མ་ལོག་གི་ཁྱད་པར་དགག་པ། འཛིན་པ་པོའི་གང་ཟག་དགག་པའོ། །དང་པོ་ལ་གསུམ། ཡུལ་གྲུབ་མ་གྲུབ་པར་མཚུངས། ཡུལ་ཡོད་མེད་མཚུངས་པའི་ཚུལ། འཛིན་པ་ཙམ་ཡང་མ་གྲུབ་པའོ། །དང་པོ་ནི། འདི་ལྟར་གཏི་མུག་གི་རྒྱུ་ཕྱིན་ཅི་ལོག་ཕུང་ལྔ་སྐད་ཅིག་རེ་རེར་འཇིག་པ་ལ་རྟག་གོ་སྙམ་པ་དང་། ཕུང་ལྔ་སྡུག་བསྔལ་ལ་བདེའོ་སྙམ་པ་དང་། ལུས་མི་གཙང་བ་ལ་གཙང་འཛིན་དང་། ཕུང་པོ་བདག་གི་མཚན་ཉིད་དང་མི་མཐུན་པ་ལ་བདག་ཏུ་འཛིན་པའོ། །དེ་ལ་གལ་ཏེ་ཕུང་པོ་མི་རྟག་པ་ལ་རྟག་པའོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ལ་འཇོག་པ་ཡིན་ན་ཕུང་པོ་རང་བཞིན་གྱིས་སྟོང་པ་གང་ལ་མི་རྟག་པའང་ཡོད་པ་མིན་པས་ན་རྟག་པར་འཛིན་པ་དེ་ཇི་ལྟར་ཕུང་པོ་ལ་ཕྱིན་ཅི་ལོག་ཏུ་རང་བཞིན་གྱིས་ཡོད་པ་ཡིན་ཏེ་ཕྱིན་ཅི་ལོག་མེད་དོ། །དེ་བཞིན་སྡུག་བསྔལ་སོགས་ཀྱང་མེད་པར་སྦྱར་རོ། །ཡུལ་སྡུག་བསྔལ་སོགས་མེད་པ་དེ་དག་གི་ཡུལ་ཅན་ཕྱིན་ཅི་ལོག་ཀྱང་ ― MR01_Page_0423 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྫུན་ནོ། །ཞེས་སོ། །དེས་ན་དེའི་རྒྱུ་ཅན་གཏི་མུག་ཀྱང་མེད་དོ། །གཉིས་པ་ནི། འགྲེལ་བ་གཞན་གསུམ་ན། གལ་ཏེ་མི་རྟག་མི་རྟག་ཅེས། །དེ་ལྟར་འཛིན་པ་ལོག་མིན་ན། །ཞེས་འབྱུང་ཡང་། འདིར་ཟླ་བ་ལྟར། གལ་ཏེ་མི་རྟག་པ་ལ་རྟག་གོ་ཞེས། དེ་ལྟར་འཛིན་པ་ནི་ཕྱིན་ཅི་ལོག་ཡིན་ན་ཡང་སྟོང་པ་ལ་མི་རྟག་པ་མེད་པས་མི་རྟག་པའོ་ཞེས་འཛིན་པའང་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་ཏེ་ཡིན་ནོ། །དེ་ཡང་དངོས་པོའི་ཡིན་ལུགས་རང་བཞིན་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་ལ་རྟག་མི་རྟག་གང་དུའང་གྲུབ་པ་མེད་པས། མི་རྟག་པར་འཛིན་པ་དང་། རྟག་འཛིན་གཉིས་ཀ་དངོས་པོའི་གནས་ཚུལ་ལ་ཞུགས་མ་ཞུགས་ཁྱད་པར་ཅི་ཡང་མེད་ཅེས་སོ། །རྟག་པར་འཛིན་པ་ཕྱིན་ཅི་ལོག་མིན་ནོ། །ཞེས་པ་འདིས་དེ་སྒྲུབ་པ་མིན་པ་དང་། དེ་བཞིན་ཚིག་བཅད་འདི་སྟོང་འཛིན་ལའང་བསྒྱུར་ན་གསལ་ལོ་སྙམ། གསུམ་པ་ནི། གལ་ཏེ་དེ་ལྟར་རྟག་པ་སོགས་སུ་འཛིན་པ་ཕྱིན་ཅི་ལོག་མེད་ཀྱང་རེ་ཞིག་འཛིན་པ་ཙམ་ནི་ཡོད་དེ། དེ་ཡོད་ན་འཛིན་པོ། གཟུང་བྱ། བྱ་བ་རྣམས་གྲུབ་བོ་ཞེ་ན། རྟག་མི་རྟག་ ― MR01_Page_0424 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་འཛིན་སྟངས་གང་གིས་འཛིན་པ་དང་། འཛིན་པའི་བྱ་བ་གང་ཡིན་པ་དང་། བདག་གམ་སེམས་འཛིན་པ་པོ་དང་། གང་གཟུང་བར་བྱ་བ་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་ཉེ་བར་ཞི་བ་སྟེ་རང་བཞིན་མ་སྐྱེས་པའི་ཕྱིར་དེ་ཡང་གལ་ཏེ་མི་རྟག་རྟག་པ་སོགས་དང་། བདག་གི་ཡོད་ཉིད་སོགས་དང་། གཟུགས་སྒྲ་རོ་སོགས་དང་། ཡང་ན་རྐྱེན་བརྟགས་པ་སོགས་སུ་བཤད་པ་བཞིན་ནོ། །བྱེད་པོ་དང་བྱ་བ་དང་ལས་གསུམ་པོ་རང་བཞིན་མེད་པ་དེ་ཡི་ཕྱིར་འཛིན་པ་ཡོད་པ་མ་ཡིན་ནོ། །གཉིས་པ་འཛིན་པ་པོའི་གང་ཟག་དགག་པ་ལ་གཉིས། སྤྱིར་དགག་པ། བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། ཕྱིན་ཅི་ལོག་ཡོད་དེ། ཕྱིན་ཅི་ལོག་དང་ལྡན་པའི་གང་ཟག་ཡོད་པ། ཕྱིན་ཅི་ལོག་དང་ལྡན་པའི་ལྷས་བྱིན་ཡོད་པ་བཞིན་ནོ་ཞེ་ན། ཕྱིན་ཅི་ལོག་པའམ་མ་ལོག་པ་ཡང་དག་པ་ཉིད་དུ་ནི་འཛིན་པ་ཞེས་བྱ་བ་དེ་ཡོད་པ་མ་ཡིན་ན་གང་ཟག་གང་ལ་ཕྱིན་ཅི་ལོག་དང་ལྡན་པ་ཡོད་ཅིང་གང་ལ་ཕྱིན་ཅི་མ་ལོག་པ་དང་ལྡན་པ་ཡོད་དེ་མེད་དོ། །གཉིས་པ་ནི། གང་ཟག་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ནི་ཕྱིན་ཅི་ལོག་དག་མི་སྲིད་དེ་སྔར་གྲུབ་ཟིན་ལ་ ― MR01_Page_0425 ―
[མ་དཔེ་གཟིགས་ན་འདིར་གནོན།]
མི་དགོས་པས་སོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལ་ཡང་ཕྱིན་ཅི་ལོག་དག་མི་སྲིད་དེ་སངས་རྒྱས་བཞིན་ནོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་ལ་ཕྱིན་ཅི་ལོག་དག་མི་སྲིད་དེ་གྱུར་མ་གྱུར་གཉིས་མིན་པའི་གྱུར་བཞིན་པ་མི་སྲིད་དེ་ཕྱེད་མ་ལོག་ཕྱེད་ལོག་མི་སྲིད་པས་སོ། །དེ་གསུམ་དུ་མི་སྲིད་པས་ན་སུ་གང་ལ་ཕྱིན་ཅི་ལོག་སྲིད་པ་ཡིན་ཞེས་བདག་ཉིད་ཀྱིས་ནི་བློ་གཟུ་བོས་རྣམ་པར་དཔྱོད་ཅིག །ཕྱིན་ཅི་ལོག་རྣམས་གདོད་ནས་རང་བཞིན་གྱིས་མ་སྐྱེས་ན་ཇི་ལྟ་བུར་ན་དེ་ཡོད་པར་འགྱུར་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །ཕྱིན་ཅི་ལོག་རྣམས་སྐྱེ་བ་མེད་ན་ཕྱིན་ཅི་ལོག་ཅན་ག་ལ་ཡོད་དེ་མོ་བཤམ་གྱི་བུ་ཅན་བཞིན་ནོ། །གཞན་ཡང་ཕྱིན་ཅི་ལོག་གི་དངོས་པོ་ཐམས་ཅད་ནི་བདག་ལས་མི་སྐྱེ་སྟེ་དེ་བཞིན་གཞན་ལས་སྐྱེ་བ་ཉིད་མ་ཡིན་ལ་བདག་དང་གཞན་གཉིས་ཀ་ལས་ཀྱང་མིན་ན་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་ཅན་ཞེས་བྱ་བ་ག་ལ་ཡོད་དེ་མེད་དོ། །གཞན་ཡང་གལ་ཏེ་བདག་ཅེས་བྱ་བ་དང་། གཙང་བ་དང་། རྟག་པ་དང་། བདེ་བ་ཞེས་པ་དེ་ཡོད་ན་ནི་དེའི་ཡུལ་ཅན་བདག་ཏུ་འཛིན་པ་དང་། གཙང་དང་། རྟག་པ་དང་། བདེ་བ་དེ་དག་ཏུ་ཤེས་པ་ ― MR01_Page_0426 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིན་ཅི་ལོག་མ་ཡིན་ཏེ་ཡུལ་དེ་དག་ཡོད་པས་བདག་མེད་བཞིན་ནོ། །གལ་ཏེ་བདག་དང་གཙང་བ་དང་། རྟག་པ་དང་བདེ་བ་མེད་ན་ནི་དགག་བྱ་མེད་ན་དེ་བཀག་པའི་བདག་མེད་དང་མི་གཙང་དང་མི་རྟག་དང་། སྡུག་བསྔལ་ཡང་འགལ་ཟླ་མེད་ཅིང་ལྟོས་ས་མེད་པས་ཡོད་པ་མ་ཡིན་ནོ་སྟེ་དེ་ལྟར་རྟོག་པ་བདག་བཞིན་ནོ། །དེ་ཕྱིར་ཐར་འདོད་རྣམས་ཀྱིས་ཕྱིན་ཅི་ལོག་བརྒྱད་ཅར་སྤང་བར་བྱའོ། །གཉིས་པ་བཀག་པས་གྲུབ་པའི་འབྲས་བུ་ནི། དེ་ལྟར་ཚུལ་བཞིན་མིན་པར་འཛིན་པའི་ཕྱིན་ཅི་ལོག་འགགས་པས་དེའི་རྒྱུ་ཅན་མ་རིག་པ་ནི་འགགས་པར་འགྱུར་ལ་མ་རིག་པ་འགགས་པར་གྱུར་ན་ནི་འདུ་བྱེད་ལ་སོགས་ནས་རྒ་ཤིའི་མཐར་ཐུག་པ་འགགས་པར་འགྱུར་རོ། །གཉིས་པ་ཡོད་པའི་སྒྲུབ་བྱེད་དགག་པ་ནི། གལ་ཏེ་དེ་ལྟར་དགག་བྱ་མ་རིག་པ་ཡོད་པ་མིན་ན་ཅི་ཞིག་འགག་སྟེ། ནམ་མཁའི་ཚེར་མ་མེད་པ་ལ་སུ་ཡང་སྤང་བའི་ཐབས་མི་ཚོལ་བ་བཞིན་ནོ། །དེས་ན་དེའི་འབྲས་བུ་རྣམས་ཡོད་ལ། དེ་ལྟ་ན་སྲིད་པའང་ཅིས་མི་གྲུབ་སྙམ་ན། དེ་འདྲའི་སྤང་བྱ་དོན་དམ་པར་མེད་དེ། དེ་ཡོད་ན་རང་བཞིན་གྱིས་ཡོད་པའམ། མེད་པ་ཞིག་ཡིན། གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་ཡོད་ན་རང་བཞིན་ ― MR01_Page_0427 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ལྡོག་ཏུ་མི་གཏུབ་པས་ཇི་ལྟ་བུར་ན་སྤོང་བར་འགྱུར་ཏེ་དེའི་རྒྱུ་མཚན་ཡོད་པ་ནི་སུ་ཞིག་གིས་སྤོང་བར་བྱེད་དེ་ནམ་མཁའི་མི་སྒྲིབ་པ་སྤོང་མི་ནུས་པ་བཞིན་ནོ། །གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་མེད་ན་དེ་ཇི་ལྟ་བུར་ན་སྤོང་བར་འགྱུར་ཏེ་གང་མེད་པ་སུ་ཞིག་སྤོང་བར་བྱེད་དེ་སྤང་བྱ་མེད་པས་སོ། །གཉིས་པ་ནི། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའོ།། ༈ །།ཉེར་བཞི་པ་བདེན་བཞི་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། འཇམ་དཔལ་འདུ་བྱེད་མ་སྐྱེས་པར་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། དེ་ལ་ཕ་རོལ་པོས་དབུ་མ་པ་ཁྱོད་ཀྱིས་དེ་ལྟར་ཤེས་བྱ་ཐམས་ཅད་རང་བཞིན་མེད་དོ་ཞེས་འགོག་ན། ཤེས་བྱ་བདེན་བཞི། དཀོན་མཆོག་གསུམ། ལས་འབྲས་འཇིག་རྟེན་གྱི་ཐ་སྙད་རྣམས་མེད་པར་ཐལ་ལོ། །ཞེས་རྩོད་པ་བཀོད་པ་སྤང་བའི་དོན་དུ་ལན་བསྟན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། གཞན་གྱིས་རྩོད་པ་དགོད་པ། རྩོད་པའི་ལན་བཤད་པའོ། ། ― MR01_Page_0428 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་པོ་ལ་བཞི། ཤེས་བྱ་བདེན་བཞི་མེད་པར་ཐལ་བ། དཀོན་མཆོག་གསུམ་མེད་པར་ཐལ་བ། ལས་འབྲས་མེད་པར་ཐལ་བ། འཇིག་རྟེན་གྱི་ཐ་སྙད་མེད་པར་ཐལ་བའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོའི་རྣམ་པ་འདི་དག་ཀུན་སྟོང་པ་ཉིད་དོ་ཞེས་སྒྲུབ་ན་མོ་གཤམ་གྱི་བུ་ལྟར་དངོས་པོ་གང་ཡང་དང་པོར་འབྱུང་བ་མེད་ཅིང་མཐར་འཇིག་པ་མེད་ལ་དེ་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ཀུན་འབྱུང་ལས་སྡུག་བསྔལ་སྐྱེ་བ་དང་། ལམ་གྱིས་སྡུག་བསྔལ་དགག་པ་སོགས་འཕགས་པའི་བདེན་པ་བཞི་པོ་མེད་པས་ན་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། ལམ་སྒོམ་པ་དང་། འགོག་པ་མངོན་དུ་བྱ་བ་དག་ནམ་ཡང་འཐད་པར་འགྱུར་བ་མ་ཡིན་ནོ། །གཉིས་པ་ལ་གསུམ་ལས་རིམ་པར། དགེ་འདུན་མེད་པར་ཐལ་བ་ནི། བདེན་བཞི་བླང་དོར་རྒྱུད་ལ་བསྐྱེད་པ་དེ་དག་ཡོད་པ་མ་ཡིན་པས་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་ལ་འབྲས་བུ་མེད་ན་འབྲས་བུ་ལ་གནས་པ་དག་ཀྱང་མེད་ཅིང་། འབྲས་བུ་ལ་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་ ― MR01_Page_0429 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནོ། །གལ་ཏེ་ཞུགས་གནས་ཀྱི་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་ཉན་ཐོས་ཀྱི་དགེ་འདུན་མེད་དོ། །དམ་པའི་ཆོས་མེད་པར་ཐལ་བ་ནི། འཕགས་པའི་བདེན་པ་བཞི་པོ་རྣམས་མེད་པའི་ཕྱིར་དེ་སྟོན་པ་དང་རྟོགས་པའི་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །སངས་རྒྱས་མེད་པར་ཐལ་བ་ནི། ཉེ་བར་བླང་བྱ་ཆོས་དང་ལེན་པོ་དགེ་འདུན་གཉིས་ཀ་ཡོད་པ་མིན་ན། དེའི་འབྲས་བུ་སངས་རྒྱས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ། སངས་རྒྱས་སོགས་ཐམས་ཅད་སྟོང་ངོ་ཞེས་དེ་སྐད་དུ་སྟོང་པ་ཉིད་སྨྲ་ན་དཀོན་མཆོག་གསུམ་ལ་གནོད་པ་ནི་བྱེད་ཅིང་སྟེ་བྱེད་པ་ཡིན་ནོ། །གསུམ་པ་ལས་འབྲས་མེད་པར་ཐལ་བ་ནི། དེ་ལྟ་ན་དགེ་སྡིག་གི་འབྲས་བུ་ཡོད་པ་དང་དེའི་རྒྱུ་ཆོས་མ་ཡིན་པ་མི་དགེ་བ་དང་། ཆོས་དགེ་བ་ཉིད་ཀྱང་མེད་པར་འགྱུར་བ་དང་། བཞི་བ་འཇིག་རྟེན་གྱི་ཐ་སྙད་མེད་པར་ཐལ་བ་ནི། ཡང་འཇིག་རྟེ༷ན་པ་ཡི་མཐོང་ཐོས་སོགས་དང་། བུམ་པ་གྱིས། འབྲས་ཆན་ཚོས་སོགས་ཐ་སྙད་ནི་ཀུན་ལའང་གནོད་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་རྩོད་པའི་ལན་བཤད་པ་ལ་གསུམ། རྩོད་པ་འཇུག་པའི་རྒྱུ་བརྗོད་པ། སྐྱོན་མི་འཇུག་ ― MR01_Page_0430 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་འཐད་པ། དབུ་མ་རྟོགས་པའི་ཆེ་བའོ། །དང་པོ་ནི། དེ་ལྟར་རྩོད་པ་པོ་དེ་ལ་ལན་བཤད་པ། རྩོད་པ་པོ་ཁྱོད་ཀྱིས་ནི་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་ནི་མ་རྟོགས་པས། རྒྱུ་མཚན་དེ་ཡི་ཕྱིར་བདེན་བཞི་སོགས་ལ་དེ་ལྟར་གནོད་པར་བྱེད་པ་གང་ཡིན་པ་ཁྱོད་ནི་རང་གི་རྣམ་པར་རྟོག་པས་མེད་པ་ཙམ་ཞིག་སྟོང་པ་ཉིད་ཀྱི་དོན་དུ་བསམ་ནས་ཕྱིན་ཅི་ལོག་ཏུ་བཟུང་སྟེ། གལ་ཏེ་འདི་དག་ཀུན་སྟོང་ན་ཞེས་སོགས་ལྟ་བུའི་ཀླན་ཀ་སྨྲ་བས་ནི། དབུ་མ་པ་ལ་མི་གནོད་དེ། ཁྱོད་ཀྱིས་སྟོང་ཉིད་ཀྱི་དོན་མེད་རྐྱང་དུ་བཟུང་བ་འདི་འདྲ་བ་ཁོ་བོ་ཅག་གི་བསྟན་བཅོས་འདིར་སྨྲས་པའི་སྟོང་ཉིད་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་ཡོད་མེད་སོགས་སྤྲོས་པ་ཀུན་གྱིས་སྟོང་པའི་སྤྲོས་བྲལ་ལ་འཇུག་གི་མེད་རྐྱང་ཙམ་གྱི་བློ་ནི་ཕྱིན་ཅི་ལོག་སྟོང་ཉིད་ཀྱི་དགག་བྱར་འདོད་པ། དེས་ན་དངོས་པོ་མེད་པ་རྐྱང་བ་དང་བདེན་གྲུབ་ཏུ་ཁས་བླང་བ་གཉིས་ཀ་ལ་བདེན་བཞི་སོགས་མེད་པར་ཐལ་བ་མཚུངས་པས་ཁོ་བོ་ཅག་དེ་གཉིས་ཀ་མི་འདོད་དོ། །དེ་ལ་ཁྱོད་ནི་སྟོང་པ་ཉིད་ཅེས་བྱ་བ་སྤྲོས་པ་མཐའ་དག་འགོག་པའི་རང་བཞིན་ཅན་ཡིན་པས་དེའི་དགོས་པ་མི་ཤེས་པར་ཡོད་པའི་མཐའ་ཁོ་ན་བཀག་ཙམ་གྱི་དགོས་པར་གོ་བའི་དགོས་པ་མ་ཤེས་པ་ ― MR01_Page_0431 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་ལ། འདིར་དེ་ལྟ་བུ་ནི་མིན་ཏེ། དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་དགག་སོགས་དང་། །རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་སོགས་བཤད་པ་བཞིན་ནོ། །ཁྱོད་སྟོང་ཉིད་རང་གི་ངོ་བོ་ཡོད་མཐའ་གཅིག་པུ་བཀག་ཙམ་གྱི་མེད་པ་འབའ་ཞིག་པའི་སྤྲོས་པ་ཅན་དུ་བལྟས་པ་ཡིན་པས་ནོངས་ལ། འདིར་ནི། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་པ་ལ་སོགས་པ་ལྟར་མཐའ་བཞི་ཆར་གྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་གྱི་ཕྱོགས་རེ་བ་ཉི་ཚེ་བ་གཞན་ལ་ལྟོས་ན་སྟོང་ཡང་སྟོང་པ་སོགས་གང་རློམ་པ་དེས་མ་སྟོང་པས་སྟོང་པ་མཚན་ཉིད་པ་ཅུང་ཟད་ཀྱང་ག་ལ་ཡིན། སྟོང་པ་ཉིད་ཅེས་བྱ་བའི་སྒྲ་འཇུག་པའི་དོན་ཡང་མ་ཤེས་པ་དེ། ཁྱོད་ནི་སྟོང་པ་ཉིད་ཅེས་པའི་དོན། དགག་བྱ་བཅད་པའི་མེད་རྐྱང་འབའ་ཞིག་པའི་དོན་དུ་གོ་ནས། མི་སྟོང་པ་ཞེས་པའི་ཟློག་ཕྱོགས་སྟོང་ངོ་ཞེས་དེ་འབའ་ཞིག་རང་ལ་དམིགས་འདུག་ཀྱང་། སྟོང་པ་ཞེས་པ་འབའ་ཞིག་པ་གཟུང་དུ་ཡོད་པ་མིན་ཏེ། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ནི་སྟོང་པ་ཉིད་དུ་བཤད་ཅེས་སོགས་ལྟར། རྐྱེན་ལས་གང་བྱུང་བ་དེ་ཉིད་ལ། རང་བཞིན་མེད་པ་ཉིད་སྟོང་པའི་དོན་ཡིན་གྱི། སྣང་ ― MR01_Page_0432 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་སྤང་བའི་སྟོང་པ་འབའ་ཞིག་པ་ཡོད་པ་མིན་ནོ། །དེས་ན་ཁྱོད་སྟོང་པ་ཉིད་ཅེས་པ་སྣང་བ་ཉིད་སྟོང་ཞིང་། སྟོང་པ་ཉིད་སྣང་བའི་རྟེན་འབྱུང་ཙམ་གྱི་དོན་དུ་མ་ཤེས་པས་སྟོང་ཉིད་མཐའ་བྲལ་གྱི་ངོ་བོ་མི་ཤེས་ལ། དེ་མ་ཤེས་པས་དེ་ལ་བརྟེན་ནས་ཡོད་མེད་ལ་སོགས་པའི་སྤྲོས་པའི་དྲྭ་བ་མ་ལུས་པ་འགོག་པའི་དགོས་པ་ཡང་མི་ཤེས་པར། སྟོང་པ་ཞེས་པ་མེད་པའི་རང་བཞིན་ཅན་དུ་སྤྲོས་པ་ལ་བཟུང་ནས་རྩོད་པའོ། །ཞེས་ཚིག་གསལ་ལས་གསུངས་པའི་དོན་གོ་བ་དེར་བྲིས་པའོ། །དེས་ན་སྟོང་ངོ་ཞེས་མ་སྨྲས་ན། མཐར་འཛིན་མི་ཁེགས་ལ། སྨྲས་ཀྱང་དེ་སྒྲུབ་པ་མིན་པའི་ཚུལ་བཤད་ན། སངས་རྒྱས་རྣམས་ཀྱིས་ཆོས་གང་ཡང་རུང་བ་ཇི་སྐད་བསྟན་པ། དེ་དག་ནི་བདེན་པ་གཉིས་ལ་ཡང་དག་པར་བརྟེ༷ན་པ་ཡིན་ལ་དེ་གང་ཞེ་ན་འཇིག་རྟེ༷ན་ཀུན་རྫོབ་ཀྱི་བདེན་པ་དང་། གནས་ལུགས་དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་དེ་གཉིས་ཀྱི་རྣམ་པའི་དབྱེ་བ་རྣམ་པར་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ནི་ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་སོ། །བསྟན་བྱ་དོན་དམ་སྟོན་པར་མཛད་ནའང་བརྗོད་བྱ་རྗོད་བྱེད་དང་ཤེས་བྱ་ཤེས་བྱེད་ལ་སོགས་པའི་འཇིག་རྟེན་ཐ་སྙད་ཀྱི་བདེན་པ་ལ་ནི་མ་ ― MR01_Page_0433 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྟེ༷ན་པར་དམ་པའི་དོན་ནི་བསྟན་པར་ནམ་ཡང་མི་ནུས་ལ། དེ་མ་བསྟན་ན་རྟོགས་མི་ནུས་པས་དམ་པའི་དོན་ནི་མ་རྟོགས་པར་མཐར་ཐུག་གི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེ་ཡང་སྟོང་པ་ཉིད་ཅེས་པ་མཐའ་རེ་རེ་བཀག་ཙམ་མིན་ཀྱང་བཞི་ཆར་བཀག་པའི་སྤྲོས་བྲལ་ཞིག་ཐ་སྙད་པའི་བློ་ངོར་འཇལ་བར་དཀའ་ནས། འཇིག་རྟེན་ལས་འདས་པ་སྟེ་འཇིག་རྟེན་པའི་བློའི་ཡུལ་ལས་འདས་པའི་གནས་ལུགས་དོན་དམ་པ་ལ་གཞུག་པའི་དོན་དུ། མཐའ་གང་དང་གང་དུ་ཞེན་པ་དེ་རྟེན་འབྱུང་གི་རིགས་པས་སུན་ཕྱུང་ནས། མཐར་སྤྲོས་པ་ཀུན་བྲལ་ལ་གནས་དགོས་ཀྱི། མཐའ་རེ་རེ་བཀག་པའི་སྟོང་པ་ཙམ་ནི་ཐ་སྙད་ཡིན་གྱི། དོན་དམ་དངོས་མིན་ནོ། །དེའི་དགོས་པའང་སྟོང་ཉིད་ལ་སྤྲོས་པ་ཀུན་ལོག་དགོས་པས་གང་ལ་ཞེན་པ་དེ་སུན་དབྱུང་བ་ཙམ་སྟེ་ནད་འདོན་ཆེད་བཀྲུ་སྨན་བཏང་བ་བཞིན་ཏེ། སྨན་ཉིད་ཕྱིར་མི་འབྱིན་པར་ཁོང་དུ་འཛིན་རྒྱུ་མིན་པ་བཞིན་ནོ། །དེས་ན་གཟུགས་མེད་དོ་ཞེས་བརྗོད་ན་བྱིས་པ་རྣམས་ཀྱིས་གཟུགས་བཀག་པ་དེ་ཙམ་གྱིས་སྟོང་ཉིད་དང་དེའི་དགོས་པ་དང་དོན་གྲུབ་པར་བསམས་ནས་མཐའ་ཐམས་ཅད་མི་འགོག་པ་ནི་གཉེན་པོ་ཉིད་སྤྲོས་པར་ ― MR01_Page_0434 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོང་བ་ཡིན་ནོ། །དེས་ན་གང་སྟོང་ངོ་ཞེས་བརྗོད་པ་ཐམས་ཅད་ཐ་སྙད་དུ་གདགས་པ་ཙམ་སྟེ། དེ་ལྟར་མ་གདགས་ན་ཞེན་ཡུལ་སུན་མི་ཕྱིན། མ་ཕྱིན་ན། སྤྲོས་བྲལ་ལ་ནམ་ཡང་མི་རེག་སྟེ། དེའི་ཕྱིར་སྟོང་པ་ཉིད་དུ་མི་བརྗོད་པར་བྱ་ཐབས་བྲལ་བ་ཡིན་ཏེ། གདགས་པའི་དོན་དུ་བསྟན་ཕྱིར་རོ། །ཞེས་པ་བཞིན་ནོ། །དེས་ན་སྟོང་པ་ཙམ་པོ་དེ་ཡང་ཐ་སྙད་ཙམ་དུ་གནས་ལུགས་མཐར་ཐུག་རྟོགས་པའི་ཐབས་མེད་ན་མི་འབྱུང་གི་རྒྱུ་ཙམ་དང་། མཐར་ཐུག་གི་དོན་ནི་སྟོང་མི་སྟོང་སོགས་སྤྲོས་པའི་ཐ་སྙད་ཀུན་ལས་འདས་པར་མི་ཤེས་པར། ཐ་སྙད་ཙམ་པོ་རང་ལ་དོན་དམ་དུ་ཞེན་པ་དེས་ཐ་སྙད་ལས་འདས་པ་ཟབ་མོའི་དེ་ཉིད་ནམ་ཡང་མི་ཤེས་སོ། །འོ་ན་དོན་དམ་ཁོ་ན་བསྟན་པས་ཆོག་གི་ཐ་སྙད་ཀྱིས་ཅི་བྱ་ཞེ་ན། ཐ་སྙད་ཀྱི་སྤྲོས་པས་བཅིངས་པ་ལ། དང་པོ་ཐ་སྙད་ཀྱི་སྤྲོས་པ་མ་བསལ་པར་དེ་ཁོ་ན་ཉིད་མཐོང་མི་ནུས་ཤིང་ཐ་སྙད་ཀྱི་ལམ་ནས་བཀྲི་བར་མ་བྱས་པར་ཡང་དེ་ཉིད་ཁོ་ན་བསྟན་མི་ནུས་པས་ངེས་པར་ཆུ་སྒྲོལ་བ་ལ་གྲུ་བཞིན་ཏེ། དམ་པའི་དོན་མ་བསྟན་པར་ཐ་སྙད་ཙམ་ལ་གནས་ནས་སྤྲོས་ཀུན་ཞི་བ་མཐར་ཐུག་གི་མྱང་འདས་མི་ཐོབ་པས་སོ། །དེའི་སླད་དུ་གང་ལ་སོ་སོ་རང་གིས་རིག་བྱ་མཐའ་བཞིའི་སྤྲོས་བྲལ་ཅིག་ཆར་ ― MR01_Page_0435 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་མི་ནུས་པས། རིམ་གྱིས་སྒྲོ་འདོགས་སུན་ཕྱུངས་ཏེ་སྟོང་ཉིད་བསྟན་པ་ནི། སྟོང་ཉིད་ཁོ་ན་དོན་དམ་པའོ་སྙམ་དུ། དོན་དང་དགོས་པ་དང་ངོ་བོ་ཕྱིན་ཅི་ལོག་ཏུ་བལྟ་བ་དེ་ནི་བཀྲུ་སྨན་ཁོང་པར་འཁྱིལ་བ་ལྟར་ཕུང་སྟེ། ནམ་མཁའི་ཟླ་བ་བསྟན་པ་ན་སོར་རྩེ་ལ་ཚུར་བལྟ་བའམ་ནམ་མཁའ་མེད་པར་གོ་བའི་སླད་དུ་ནམ་མཁའ་ནི་ཅི་ཡང་མེད་དོ་ཞེས་སྨྲས་ན། དེས་ནམ་མཁའི་འདུ་ཤེས་མི་ཟློག་པར་ནམ་མཁའ་ནི་ཅི་ཡང་མེད་པའི་མཚན་ཉིད་ཅན་དུ་ཡོད་དོ་སྙམ་དུ་སླར་ཞེན་ན། སླར་ཡང་སྨྲས་ཀྱང་དེ་འདྲ་བས་ཞེན་པ་དེ་སུན་ཕྱུང་བར་དཀའ་བ་བཞིན་ནོ། །ཚིག་གསལ་ལས། ཤེས་བརྗོད་འཇུག་གསུམ་ཐམས་ཅད་ཐ་སྙད་དེ། དོན་དམ་པར་མེད་དེ་བརྗོད་པར་བྱ་བ་ལྡོག་པ་སྟེ་ཞེས་སོགས་གསུང་། དེ་ལྟར་དངོས་པོ་རང་བཞིན་མེད་པ་ལ་རྒྱུ་འབྲས་བྱ་བྱེད་ལ་སོགས་པའི་རྣམ་བཞག་འཐད་ལ། གཞན་དུ་ནམ་ཡང་མི་འཐད་པའི་ཚུལ་དང་། མཐའ་ཀུན་དང་བྲལ་བའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བཟུང་བ་ནི་རྒ་ཤི་འཇོམས་པའི་བདུད་རྩིས་སྲིད་པའི་ཉེས་པ་དྲུང་ནས་འབྱིན་ཏེ་མི་གནས་པའི་མྱང་འདས་ཆོས་ཀྱི་སྐུ་རྟག་བརྟན་སྤྲོས་དང་བྲལ་བ་འཐོབ་པས། གང་གིས་སྟོང་པ་ཉིད་ཤིན་ཏུ་ཟབ་པས་ལྟ་དཀའ་ ― MR01_Page_0436 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དེ་ལ་ལྟ་ཉེས་ན་ཤེས་རབ་ཆུང་བ་རྣམས་ཕུང་བར་འགྱུར་རོ། །ཇི་སྟེ་འབྲུ་ལེགས་པར་མ་བཏབ་ན་འབྲས་བུ་མེད་ཀྱང་བྱེད་པོ་བརླག་པ་མིན་པ་བཞིན་དུ་ཅི་སྟེ་བརླག་སྙམ་ན་དེ་ལྟ་བུ་མིན་ཏེ། ཇི་ལྟར་སྦྲུལ་ལ་གཟུང་ཉེས་དང་རིག་སྔགས་ཉེས་པར་བསྒྲུབས་པ་བཞིན་ཏེ། དཔེར་ན་སྦྲུལ་སྔགས་སྨན་མན་ངག་གིས་ཚུལ་བཞིན་བཟུང་ན་ནོར་འགུགས་ལ། དེ་དང་བྲལ་ན་འཛིན་པ་པོ་ཕུང་བ་བཞིན་ནོ། །ཡང་རིག་སྔགས་གང་ཞིག་མན་ངག་ཇི་ལྟ་བ་བཞིན་བསྒྲུབས་ན་སྒྲུབ་པ་པོ་ལ་ཕན་འདོགས་ཀྱང་། མན་ངག་ལས་ཉམས་པས་སྒྲུབ་པོ་ཕུང་བ་བཞིན་དུ། ཐམས་ཅད་སྟོང་པ་ཙམ་དུ་བཟུང་ནས་རྒྱུ་འབྲས་བྱ་བྱེད་ལ་སྐུར་བ་འདེབས་ལ། ཡང་ན་སྟོང་པ་ཉིད་དང་དེའི་རྟེན་དངོས་པོ་སོ་སོར་བདེན་པར་བཟུང་ནས་སྟོང་ཉིད་ཉིད་སྨན་བཏང་བ་ཁོང་སྐྲན་དུ་འགྱུར་ལ། ཡང་ན་དངོས་པོ་ཐམས་ཅད་དམིགས་བཞིན་ཅི་ལ་སྟོང་ཞེས་ཆོས་སྤང་ངོ་། །དེ་འདྲ་བའི་ནང་ནས་འདིར་སྟོང་ཉིད་མེད་པ་འབའ་ཞིག་ཏུ་འཛིན་པ་དེས་ཕུང་བར་བྱེད་ཅེས་སོ། །དེ་ལྟ་བུའི་ཕྱིར་ན་བློ་ཞན་པས་བློ་ལས་འདས་པའི་ཆོས་འདི་ཡི་ཟབ་མོའི་གཏིང་རྟོགས་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པའི་ཐུགས་ནི་འདི་ལྟ་བུའི་ཆོས་བསྟན་པ་ལས་རེ་ཞིག་རབ་ཏུ་ལོག་པར་གྱུར་པ་ཡིན་ཏེ། མདོ་ལས། ― MR01_Page_0437 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོར་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། ངས་ཆོས་ཟབ་མོ་ཟབ་པར་སྣང་བ་བརྟགས་པར་བྱ་བ་མ་ཡིན་ཞིང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་མཁས་ཤིང་མཛངས་པས་རིག་པར་བྱ་བ་ཐུགས་སུ་ཆུབ་སྟེ། དེ་གལ་ཏེ་ངས་གཞན་དག་ལ་བསྟན་ན། གཞན་གྱིས་ངའི་དེ་རྟོགས་པར་མི་འགྱུར་ལ། དེས་ང་ལ་གནོད་པར་ཡང་འགྱུར་ཞིང་ཞུམ་པར་ཡང་འགྱུར། ཐུགས་སྤྲོ་བར་མི་འགྱུར་བས་གང་བདག་ཉིད་གཅིག་པུ་དགོན་པ་རབ་ཏུ་དབེན་པར་མཐོང་བའི་ཆོས་ལ་བདེ་བ་ལ་རེག་པར་གནས་པ་རབ་ཏུ་ཐོབ་པས་གནས་པར་བྱའོ། །ཞེས་སོགས་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་སྐྱོན་མི་འཇུག་པའི་འཐད་པ་ལ་བཞི། སྐྱོན་གྱི་གཞི་མི་འདོད་པ། སྐྱོན་ཡོན་གྱི་གནས་བསྟན་པ། ཉེས་པ་བཟློག་ ― MR01_Page_0438 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྟེ་བསྟན་པ། ཉེས་པ་གཞན་ཡང་འཇུག་པའི་ཚུལ་ལོ། །དང་པོ་ནི། བདེན་བཞི་མི་འཐད་པ་སོགས་ཇི་སྐད་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་བ་ནི་ངེད་ཀྱིས་འདོད་པའི་རང་བཞིན་སྟོང་པ་ཕྱིན་ཅི་མ་ལོག་པ་འདི་ལ་འཐད་པ་མ་ཡིན་པས་ཁྱོད་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་པ་སྟོང་པ་ཉིད་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་ང་ལ་མི་འཐད་དོ། །འདི་ལ་སྔ་འགྱུར་ལས། ཁྱོད་ནི་ང་ལ་སྟོང་པ་ཉིད། །སྐྱོན་དུ་ཐལ་བར་འགྱུར་བ་ཡིས། །སྤོང་བར་བྱེད་པ་གང་ཡིན་པ། །དེ་ནི་སྟོང་ལ་མི་འཐད་དོ། །ཞེས་སོ། །གཉིས་པ་ནི། ཅི་ཕྱིར་མི་འཐད་ན། ཕྱོགས་གང་ལ་རྟེན་འབྱུང་གི་སྟོང་པ་ཉིད་རྟེན་འབྱུང་ལ་རུང་བ་གང་རང་གི་ངོ་བོས་མ་གྲུབ་པའི་རྒྱུ་རྐྱེན་གྱིས་སྣ་ཚོགས་སུ་འཆར་རུང་བས་ཅིར་ཡང་གྲུབ་པ་མེད་པ་དེ་ལ་བདེན་བཞི་རུང་ཞིང་དེས་ལྷག་མ་ཐམས་ཅད་ཀྱང་རུང་ངོ་། །ངོ་བོས་ཡོད་པ་ལ་མི་རུང་བའི་ཤུགས་ཀྱིས་རང་བཞིན་མེད་པས་ན་དེ་ཀུན་ཡོད་རུང་པའི་ངེས་ཤེས་ཁྱད་པར་ཅན་བསྐྱེད་པར་བྱའོ། །གང་ལ་སྟོང་པ་རུང་བ་དེ་ལ་རྟེན་འབྲེལ་རུང་བས་བདེན་བཞི་སོགས་ཐམས་ཅད་འཐད་ཅིང་རུང་བར་འགྱུར་ལ་གང་ལ་སྟོང་ ― MR01_Page_0439 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་མི་རུང་བ་མི་སྟོང་བའི་རྣམ་པར་ལྟ་བ་དེ་ལ་རྟེན་འབྲེལ་མི་རུང་བས་བདེན་བཞི་སོགས་སྲིད་ཞིའི་ཐ་སྙད་ཐམས་ཅད་རུང་བར་མི་འགྱུར་རོ། །དེས་ན་ཁྱོད་ནི་མི་སྟོང་པར་འདོད་པས་བདེན་བཞི་སོགས་མི་རུང་བའི་རང་གི་བློ་ཡི་སྐྱོན་རྣམས་ནི། རང་བཞིན་སྟོང་པར་སྨྲ་བའི་ཕྱོགས་ང་ལ་ཡོངས་སུ་སྒྱུར་བར་བྱེད་པ་ནི། རང་གི་སྐྱོན་མ་མཐོང་ནས། དཔེར་ན་རང་ཉིད་རྟ་ལ་མངོན་པར་ཞོན་བཞིན་དུ་རྟ་ཉིད་བརྗེད་པར་གྱུར་པ་ངའི་རྟ་ཁྱོད་ཀྱིས་ཕྲོགས་སོ་ཞེས་གཞན་ལ་ཀླན་ཀ་ཚོལ་བ་བཞིན། ཁྱོད་ཀྱང་སྟོང་ཉིད་རྟེན་འབྱུང་གི་མཚན་ཉིད་ཅན་གྱི་རྟ་ལ་ཞོན་བཞིན་དུ། ཤིན་ཏུ་གཡེང་བས་དེ་མ་དམིགས་པས། རྟེན་འབྱུང་གི་དོན་ཅན་སྟོང་པར་སྨྲ་བ་ཁོ་བོ་ཅག་ལ་རྩོད་པ་ཡིན་ནོ། །རང་ཉིད་བདེན་བཞི་སོགས་ཐ་སྙད་ཐམས་ཅད་དང་། འཇིག་རྟེན་གྱི་ཐ་སྙད་ཟོ་ཞིག་འདུག་ཅིག་ལ་སོགས་པ་རང་བཞིན་སྟོང་པ་རྟེན་འབྱུང་གི་ངང་ཚུལ་ཅན་གྱི་ཐ་སྙད་སྣ་ཚོགས་པ་ལ་གནས་བཞིན་དུ། ཐ་སྙད་སྣ་ཚོགས་དེ་རྟེན་འབྱུང་གི་སྟོབས་ཀྱིས་ཡིན་པར་མ་ཤེས་ནས། དེ་མི་སྟོང་ངོ་ཞེས་པས། དེ་རྟེན་འབྱུང་མིན་པར་ཁས་ ― MR01_Page_0440 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླངས་པས་དེ་བརྗེད་པར་འགྱུར་བ་དང་འདྲའོ། །དེས་ན་གཞན་སྟོང་པར་སྨྲ་བ་ལ་རྟ་ལྟ་བུའི་ཐ་སྙད་ཐམས་ཅད་ཁྱོད་ཀྱིས་བརླག་གོ་ཞེས་རྩོད་པ་བཞིན་ནོ། །རང་རྟེན་འབྱུང་གི་རྟ་ལ་ཞོན་བཞིན་དུ་མི་སྟོང་ཞེས་སྨྲས་པས། མི་སྟོང་ན་ཐ་སྙད་དེ་ཀུན་བརླག་འགྲོ་བས་རྟ་ཞོན་བཞིན་དུ་རྟ་མེད་ཅེས་ཟེར་བ་དང་འདྲ་བས། དོན་དུ་བདེན་བཞི་མེད་པ་སོགས་ཀྱི་སྐྱོན་རང་གི་ཁས་ལེན་གྱི་ལུགས་ལ་ཡོད་པར་མ་མཐོང་ནས། སྐྱོན་མེད་པའི་ལུགས་ཅན་གཞན་ལ་འགོད་པ་ནི་རང་གི་རྟེན་འབྱུང་གི་རང་བཞིན་རྟ་བརྗེད་པའི་སྐྱོན་ཡིན་པར་མ་ཤེས་ནས། གཞན་གྱིས་རྟ་ཕྲོགས་པའི་སྐྱོན་ཡིན་པར་བསམ་པའོ། །མདོར་ན་ཚུར་སྨྲས་པའི་ཉེས་པ་རྣམས་ཀྱིས་རྟ་ལ་ཁྱོད་རང་ཉིད་ཞོན་བཞིན་དུ། རང་གི་ཉེས་པ་རྟ་ལྟ་བུ་བརྗེད་ནས་མ་མཐོང་བ་དང་འདྲ་སྟེ། སྐྱོན་འདི་ཀུན་ཁྱོད་ལ་འདུག་གོ་ཞེས་སྙམ། དཔེ་འདི་ཡང་ཕྲ་ཞིང་ཟབ་པར་འདུག་གོ །མི་སྟོང་ན་བདེན་བཞི་སོགས་ཇི་ལྟར་མི་རུང་སྙམ་ན། གལ་ཏེ་དངོས་རྣམས་རང་བཞིན་ལས་ནི་ཡོད་པར་རྗེས་སུ་ལྟ་བར་བྱེད་ན་དེ་ལྟ་ཡིན་ན་རང་བཞིན་ཡོད་པ་རྒྱུ་རྐྱེན་ལ་མི་ལྟོས་པས་དངོས་པོ་རྣམས་རྒྱུ་རྐྱེན་ནམ་རྟེན་ ― MR01_Page_0441 ―
[མ་དཔེ་གཟིགས་ན་འདིར་གནོན།]
འབྱུང་མེད་པར་ཁྱོད་ཀྱིས་ལྟའོ། །དེ་ལྟ་ན་རྒྱུ་རྐྱེན་གྱིས་བྱས་པའི་འབྲས་བུ་བུམ་པ་ལྟ་བུ་དང་ནི་དེའི་རྒྱུ་འཇིམ་སོགས་ཉིད་དང་བྱེད་པ་པོ་རྫ་མཁན་དང་། བྱེད་པ་དབྱུག་གུ། འཁོར་ལོ་སོགས་དང་། བུམ་པ་བྱ་བ་དང་། དེ་སྐྱེ་བ་དང་ནི་འགག་པ་དང་། རྒྱུ་རྐྱེན་ལས་བྱུང་བའི་འབྲས་བུ་ལ་ཡང་གནོད་པ་བྱེད་དེ། དང་པོ་ནས་འབྲས་བུ་བུམ་པ་རང་བཞིན་གྱིས་ཡོད་པ་ལ། རྒྱུ་མི་དགོས་པས་འཇིམ་པ་སོགས་ཀྱི་འབྲས་བུ་བུམ་པ་མེད་པར་ཐལ་བས་ན། འཇིམ་སོགས་ལ་འབྲས་བུ་མེད་པ་དང་། ཕྱིས་རྒྱུ་རྐྱེན་ཚོགས་པས་བསྐྱེད་ཟིན་གྱི་འབྲས་བུ་འདི་དག་ནི་མེད་དོ་ཞེས་སྐུར་བ་རྒྱུ་འབྲས་ཀྱི་ངོས་ནས་ཡིན་ནོ། །འགྲེལ་བ་བཞི་ཀར་ཡང་གསལ་ལོ། །དབུ་མ་པས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་གི་ངོ་བོས་སྟོང་པ་ཉིད་དུ་བཤད་དོ། །རྟེན་ནས་འབྱུང་བ་དེ་ནི་རང་གི་གདགས་གཞི་དེ་ལ་བརྟེན་ནས་དེར་གདགས་པ་ཙམ་ཏེ་ཤིང་རྟ་བཞིན་ནོ། །རྟེན་འབྱུང་དེ་ཉིད་རྟག་ཆད་ཡོད་མེད་སོགས་དང་བྲལ་བའི་དབུ་མའི་ལམ་ཡང་དག་པ་ཡིན་ནོ། །རང་བཞིན་ཡོད་པ་ལ་རྟེན་ནས་འབྱུང་བ་མི་འཐད། རྟེན་ནས་འབྱུང་ལ་རང་ ― MR01_Page_0442 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་ཡོད་པར་མི་འཐད་དེ། གཅིག་ཤོས་མེད་པར་མི་འབྱུང་བས་རྒྱུ་རྐྱེན་ལ་བརྟེན་ནས་དེར་སྣང་བས་སྣང་ཙམ་དེ་ནི་གཞན་གྱིས་བཅོས་མ་ཡིན་ལ་བཅོས་མ་དེ་ལ་རང་བཞིན་ནི་མེད་ཀྱང་། རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས་སྣང་ཙམ་དེར་བཅོས་མའམ་ཀུན་རྫོབ་ཀྱི་མིང་དུ་གདགས་པ་དེ་ནི་སྣང་ཙམ་དང་རང་བཞིན་མ་གྲུབ་པ་ཚོགས་པས་ཡོད་མེད་དང་བྲལ་བ་དབུ་མའི་ལམ་སྟེ་ཆུ་ཟླ་ལ་སོགས་པ་བཞིན་ནོ། །དེས་ན་དབུ་མ་ཞེས་པ་དང་། སྟོང་ཉིད་དང་རྟེན་འབྱུང་གསུམ་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། །གང་ཕྱིར་རྣམ་པར་དཔྱད་ན་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་པ་དེ་ཡི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ཆོས་ཐམས་ཅད་སྟོང་པས་སྐྱོན་ཐམས་ཅད་མེད་དོ། །གསུམ་པ་གཞན་ལ་ཉེས་པ་བཟློག་སྟེ་རྒྱས་པར་བསྟན་པ་ལ་བཞི། བདེན་བཞི་མེད་པར་ཐལ་བ། དཀོན་མཆོག་གསུམ་མེད་པར་ཐལ་བ། རྒྱུ་འབྲས་མེད་པར་ཐལ་བ། ཐ་སྙད་མི་འཐད་པར་བསྟན་པའོ། །དང་པོ་ལ་གཉིས། ཡུལ་བདེན་བཞི་མེད་པར་ཐལ་བ་དང་། ཡུལ་ཅན་ཡེ་ཤེས་མེད་པར་ཐལ་བའོ། །དང་པོ་ ― MR01_Page_0443 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་འདི་ཀུན་ཐམས་ཅད་མི་སྟོང་བའི་ངོ་བོ་ཡིན་ན། རྟེན་འབྱུང་མི་རུང་བས་འབྱུང་བ་མེད་ཅིང་འཇིག་པ་མེད་དོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱང་མི་སྟོང་བར་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །གཉིས་པ་ནི། རྟེན་ཅིང་འབྲེ༷ལ་འབྱུང་མ་ཡིན་ན་སྡུག་བསྔལ་ཡོད་པར་ག་ལ་འགྱུར་ཏེ་མི་ལྟོས་པ་ནམ་མཁའི་མེ་ཏོག་བཞིན་ནོ། །སྐད་ཅིག་གིས་མི་རྟག་པའི་རང་བཞིན་ན་སྡུག་བསྔལ་བདེན་པར་གསུངས་པ་དེ་རང་བཞིན་ཡོད་པ་ཉིད་ལ་ཡོད་པ་མ་ཡིན་ཏེ་མི་འགྱུར་བས་སོ། །དངོས་པོ་རང་བཞིན་ལས་ནི་ཡོད་པ་ཡིན་ན་སྡུག་བསྔལ་ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ་ཀུན་འབྱུང་རྒྱུ་རྐྱེན་ལས་འབྱུང་བ་ཡིན་ན་རང་བཞིན་ཡོད་པ་རྒྱུ་རྐྱེན་ལ་མི་ལྟོས་པས་སོ། །དེ་ཕྱིར་སྟོང་པ་ཉིད་ལ་གནོད་པ་བྱེད་པ་སྟེ་མི་འཐད་པར་འདོད་པ་ལ་ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་རང་བཞིན་གྱིས་ཡོད་ན་དེ་དགག་པའི་འགོག་པ་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་སྡུག་བསྔལ་རང་བཞིན་གྱིས་ནི་ཡོངས་སུ་གནས་པའི་ ― MR01_Page_0444 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་དེ་ནམ་ཡང་མི་འགག་པས། དེ་ལྟར་ཁས་ལེན་པ་ཁྱོད་འགོག་པ་ལ་གནོད་པ་བྱེད་པ་ཡིན་ནོ། །ལམ་ལ་རང་བཞིན་ཡོད་ན་ནི་མ་སྒོམ་པར་ཡང་ཡོད་ལ་གསར་དུ་སྒོམ་པ་འཐད་པར་མི་འགྱུར་རོ་སྟེ་རྟག་པ་ལ་བྱ་བ་མི་འཇུག་པས་དང་། ཡང་དག་ལྷ་སོགས་ཀྱིས་ལམ་ཡང་ཡང་བསྐྱེད་བྱ་ཡིན་པས་སོ། །ཅི་སྟེ་ལམ་དེ་བསྒོམ་པར་བྱ་རུང་ན་ཁྱོད་ཀྱི་འདོད་པའི་ལམ་རང་བཞིན་གྱིས་ཡོད་ཅེས་བྱ་བ་དེ་ཡོད་པ་མ་ཡིན་ཏེ་དེ་ལྟར་བརྗོད་པ་དོན་མེད་དོ། །གསུམ་པ་ནི། དེ་ལྟར་གང་གི་ཚེ་སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་ཡོད་པ་མ་ཡིན་ན། གཉེན་པོའི་ལམ་གྱིས་སྡུག་བསྔལ་འགོག་པའི་འགོག་པ་ནི། གང་ཞིག་ཡིན་ཏེ་ཇི་ལྟར་ཐོབ་པར་འགྱུར་བར་འདོད་དེ་མི་རིགས་སོ། །གཉིས་པ་ཡུལ་ཅན་ཡེ་ཤེས་མེད་པར་ཐལ་བ་ནི། གལ་ཏེ་ཡུལ་ཅན་ཡེ་ཤེས་མེད་ན་མ་བསྒོམ་པར་ཡང་ཡེ་ནས་རང་བཞིན་ཉིད་ཀྱིས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་མ་ཡིན་ན་ནི་སྡུག་བསྔལ་དེ་ནི་གཟོད་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར། ཡོངས་ཤེས་རང་བཞིན་གནས་པ་ཞེས་སྨྲས་པ་མ་ཡིན་ནམ་དེ་ལྟ་ན་རང་ ― MR01_Page_0445 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གནས་པ་གསར་དུ་རྐྱེན་ལ་མི་ལྟོས་པས་སོ། །དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི་ཀུན་འབྱུང་སྤང་བ་དང་འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པ་དང་། དེའི་འབྲས་བུ་རྒྱུན་ཞུགས་སོགས། བཞི་པོ་དག་ཀྱང་ཡོངས་ཤེས་བཞིན་དུ་གསར་དུ་གྲུབ་པར་མི་རུང་ངོ་། །གཉིས་པ་དཀོན་མཆོག་གསུམ་མེད་པར་ཐལ་བ་ལ་གསུམ། དགེ་འདུན་དང་། ཆོས་དང་། སངས་རྒྱས་མེད་པར་ཐལ་བའོ། །དང་པོ་ནི། རང་བཞིན་ཡོངས་སུ་འཛིན་པ་མི་གཏོང་ན་དེ་ཡིས་འབྲས་བུ་བཞི་པོ་དག་ཀྱང་སྔར་རང་བཞིན་ཉིད་ཀྱིས་ནི་ཐོབ་པ་མིན་པ་གང་ཡིན་པ་དེ་ཕྱིས་ཇི་ལྟར་གསར་དུ་འཐོབ་པར་ནུས་པར་འགྱུར་ཏེ་མི་འགྱུར་རོ། །སྤྱིར་འབྲས་བུ་བཞི་པོ་མེད་ན། འབྲས་གནས་མེད་ལ་དེ་མེད་པས་དེའི་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་མེད་དོ། །གཉིས་པ་ནི། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་ལུང་རྟོགས་ཀྱི་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། ཆོས་དང་ ― MR01_Page_0446 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགེ་འདུན་ཡོད་པ་མིན་ན་སངས་རྒྱས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །ཁྱོད་ཀྱིས་སངས་རྒྱས་རང་བཞིན་གྱིས་ཡོད་པར་འདོད་པས་བྱང་ཆུབ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེ༷ན་པར་ཡང་ཐལ་བར་འགྱུར་ཏེ་གཞན་ལ་མི་ལྟོས་པས་སོ། །ཁྱོད་ཀྱིས་བྱང་ཆུབ་རང་བཞིན་གྱིས་ཡོད་པར་འདོད་ན་དེ་མངོན་དུ་བྱེད་པ་པོ་སངས་རྒྱས་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་རོ། །ཁྱོད་ཀྱི་ལྟར་ན་སྔར་རང་བཞིན་ཉིད་ཀྱིས་ནི་སངས་རྒྱས་མིན་པ་ལམ་སློབ་པ་པོ་གང་ཡིན་དེས་བྱང་ཆུབ་ཀྱི་སྤྱོད་པ་ལ་བྱང་ཆུབ་ཐོབ་པའི་ཕྱིར་ཅི་ཙམ་བརྩོན་པས་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ་སྔར་གྱི་རང་བཞིན་ལས་ནམ་ཡང་མི་འགྱུར་བས་སོ། །གསུམ་པ་རྒྱུ་འབྲས་མེད་པར་ཐལ་བ་ནི། གང་ཟག་འགའ་ཡང་ཆོས་དང་ཆོས་མིན་པ་ནམ་ཡང་བྱེད་པར་མི་འགྱུར་ཏེ། རྒྱུ་མཚན་མི་སྟོང་པ་ལ་དེས་ཅི་ཞིག་བྱ་སྟེ་རང་བཞིན་ཡོད་པ་རྟག་པ་ལ་ནི་བྱ་བ་འཇུག་པ་མེད་དོ། །གལ་ཏེ་འབྲས་བུ་རང་བཞིན་གྱིས་ཡོད་པར་འདོད་ན་རྒྱུ་ཆོས་དང་ཆོས་མིན་མེད་པར་ཡང་དེའི་རྣམ་སྨིན་གྱི་འབྲས་བུ་ཁྱོད་ལ་ ― MR01_Page_0447 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུ་མེད་པར་ཡོད་པར་འགྱུར་ཏེ། འདོད་ན་འཇིག་རྟེན་དང་བསྟན་བཅོས་དང་འགལ་ལོ། །ཁྱོད་ཀྱི་འབྲས་བུ་རྒྱུ་ལ་མི་ལྟོས་པས་ཆོས་དང་ཆོས་མིན་གྱི་རྒྱུས་བྱུང་བའི་འབྲས་བུ་ཁྱོད་ཀྱི་ལུགས་ལ་ཡོད་སྲིད་པ་མ་ཡིན་པས་སོ། །དེ་ལྟ་ན་ལས་བྱས་པ་དོན་མེད་དུ་ཐལ་ལོ། །ཆོས་དང་ཆོས་མིན་གྱི་རྒྱུས་བྱུང་བའི་འབྲས་བུ་གལ་ཏེ་ཁྱོད་ལ་ཡོད་ན་ནི་ཆོས་དང་ཆོས་མིན་པ་ལ་ལྟོས་པ་ལས་བྱུང་བའི་འབྲས་བུ་ཅི་ཕྱིར་སྟོང་པ་མ་ཡིན་ཏེ་རྟེན་འབྲེལ་ཡིན་པའི་ཕྱིར་གཟུགས་བརྙན་བཞིན་ནོ། །བཞི་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་མེད་པར་ཐལ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི་དོན་ཅན་གྱི་སྟོང་པ་ཉིད་ལ་གནོད་པར་བྱེད་པ་རང་བཞིན་ཡོད་པར་འདོད་པ་གང་ཡིན་པ་དེས་འཇིག་རྟེན་པ་ཡི་ཐ་སྙད་ནི་བུམ་པ་བྱིན་ཅིག་ཅེས་སོགས་ཀུན་ལ་གནོད་པ་བྱེད་པ་ཡིན་ནོ། །ཡང་བྱ་བྱེད་སོགས་སྟོང་པ་ཉིད་ལ་མི་འཐད་པར་བཟུང་ནས་གནོད་པ་བྱེད་ན་ཆོས་ཐམས་ཅད་རང་བཞིན་ཡོད་པའི་རྟག་པ་ལ་བྱ་བ་ཅི་ཡང་མེད་པར་འགྱུར་ཞིང་ཏེ་ནམ་མཁའི་མི་སྒྲིབ་ ― MR01_Page_0448 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་སུས་ཀྱང་མི་བྱེད་པ་བཞིན། གང་ཟག་བྱེད་པོ་སུས་བྱ་བ་རྩོམ་བཞིན་པའང་མེད་པ་རང་བཞིན་ཡོད་པའི་བྱ་བར་འགྱུར་བས་སུས་ཀྱང་བྱ་བ་རྩོམ་པ་མེད་པར་འགྱུར་རོ། །དེ་ལྟ་ན་བུམ་སོགས་སུས་མི་བྱེད་པ་ཡང་བྱ་བ་བྱེད་པོར་འགྱུར་བར་ཐལ་ལོ། །བཞི་པ་ཉེས་པ་གཞན་ཡང་འཇུག་པའི་ཚུལ་ནི། རང་བཞིན་ཡོད་ན་འགྲོ་བ་རྣམས་སྔར་མ་སྐྱེས་པ་དང་ཕྱིས་མ་འགགས་དང་དུས་ཀུན་ཐེར་ཟུག་ཏུ་ནི་གནས་པར་འགྱུར་ཞིང་། དེ་ལྟ་ན་བདེ་སྡུག་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་གནས་སྐབས་སྣ་ཚོགས་ཡོད་པ་དང་བྲལ་བར་འགྱུར་རོ། །གལ་ཏེ་སྟོང་པ་ཡོད་པ་མིན་ན་འཇིག་རྟེན་ལས་འདས་པའི་ཁྱད་པར་སྔར་མ་ཐོབ་པ་གསར་དུ་ཐོབ་པར་བྱ་བ་དང་སྡུག་བསྔལ་གཏན་དུ་ཟད་པའི་མཐར་བྱེད་པ་དང་། ལས་དང་ནི་ཉོན་མོངས་ཐམས་ཅད་སྔར་ཡོད་གསར་དུ་སྤོང་བའང་མེད་པར་འགྱུར་རོ། །གསུམ་པ་དབུ་མ་རྟོགས་པའི་ཆེ་བ་བརྗོད་པ་ནི། དེ་ལྟ་བས་ན་གང་ཟག་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེ་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་ནི་འགོག་པ་དང་ལམ་ཉིད་དེ་དག་ཡང་དག་པར་མཐོང་བ་ཡིན་ཏེ། ― MR01_Page_0449 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ནི་ཀུན་འབྱུང་སྤོང་བ་ཡིན་ནོ་ཞེས་སོགས་ལྟར་སྡུག་བསྔལ་མི་བསྔལ་གཉིས་དང་བྲལ་བའི་རྟེན་འབྱུང་སྟོང་པ་ཉིད་གང་ཡིན་པ་དེ་བདེན་པའི་དེ་ཁོ་ན་ཉིད་ཡིན་ལ་དེ་མ་མཐོང་བར་བདེན་པ་ཡང་དག་པ་མཐོང་བ་མེད་དོ་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། འཕགས་པའི་བདེན་པ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། ༈ །།ཉེར་ལྔ་པ་མྱ་ངན་ལས་འདས་པ་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུའོ། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་འབྲེལ། དེ་ལ་ཐམས་ཅད་སྟོང་ན་ལྷག་མེད་ཀྱི་མྱང་འདས་ཅི་ལྟར་རུང་། འཇིག་ལྟ་སོགས་ཉོན་མོངས་པའི་ཆོམ་རྐུན་མ་ལུས་པ་བསད་ནས་ཕུང་པོའི་གྲོང་ཙམ་ལྷག་པ་ཕུང་པོ་ལྷག་མ་དང་བཅས་པ་དང་། གྲོང་ཡང་ཞིག་པ་ལྷག་མེད་དོ། །དེས་ན་གང་སྤོང་བ་དང་འགག་པ་ ― MR01_Page_0450 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕུང་པོ་དང་ལས་ཉོན་མེད་ན་མྱང་འདས་ག་ལ་ཡོད། མྱང་འདས་ཡོད་པས་དེ་དག་ཀྱང་ཡོད་དོ་ཞེས་བརྒལ་བ་ལ་ལན་བསྟན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གཉིས། གཞན་གྱི་འདོད་པ་བརྗོད་པ། གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་ཆོས་འདི་དག་ཀུན་སྟོང་པ་ཡིན་ན་འདི་ལ་སྐྱེ་བའི་འབྱུང་བ་མེད་ཅིང་། འགག་པའམ་འཇིག་པ་མེད་ལ་དེ་ལྟ་ན་གཉེན་པོས་རྒྱུ་ལས་ཉོན་གང་ཞིག་སྤོང་བ་དང་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་གང་ཞིག་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ་ཁྱོད་ལ་མྱང་འདས་མི་འཐད་དོ་ཞེ་ན། གཉིས་པ་ལ་གཉིས། ཉེས་པ་གཞན་ལ་ཡོད་པར་བསྟན་པ། དབུ་མ་པ་ལ་མེད་པའི་ཚུལ་བསྟན་པའོ། །དང་པོ་ནི། གལ་ཏེ་ཆོས་འདི་ཀུན་མི་སྟོང་ན་ངོ་བོས་ཡོད་པ་ལ་གསར་དུ་འབྱུང་བ་མེད་ཅིང་འཇིག་པ་མེད་ན། རྒྱུ་གང་ཞིག་སྤོང་བ་དང་འབྲས་བུ་གང་འགགས་པ་ལས་ཇི་ལྟར་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ་མི་རིགས་སོ། །གཉིས་པ་ལ་གསུམ། མྱང་འདས་མཐའ་བྲལ་དུ་བསྟན་པ། ― MR01_Page_0451 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐའ་བཞིའི་སྤྲོས་པ་དགག་པ། ཆོས་བསྟན་པ་དོན་མེད་པར་ཐལ་བ་སྤང་བའོ། །དང་པོ་ནི། རྒྱུ་ལས་ཉོན་སྤང་བ་དང་འབྲས་བུ་ཕུང་པོ་ལོག་པའི་མཚན་ཉིད་ཅན་དུ་མྱང་འདས་མི་འདོད་ན། འོ་ན་མྱང་འདས་ཀྱི་རང་བཞིན་ཅི་ཞེ་ན། ཀུན་ཉོན་གྱི་ཆོས་སྔར་ཡོད་སྤངས་པ་མེད་པ་དང་རྣམ་བྱང་གི་ཆོས་སྔར་མེད་གསར་དུ་ངོ་བོས་ཐོབ་པ་མེད་པ་དང་ཕུང་པོའི་རྒྱུན་ཆད་པ་མེད་པ་དང་ཐེར་ཟུག་ཏུ་གནས་པའི་རྟག་པ་མེད་པ་དང་སྔར་ཡོད་འཇིག་པས་འགག་པ་མེད་པ་དང་སྔར་མེད་འབྱུང་བའམ་སྐྱེ་བ་མེད་པའི་ཆོས་ཉིད་དེ་ལྟ་བུ་ནི་མྱ་ངན་ལས་འདས་པར་བརྗོད་དོ། །གཉིས་པ་ལ་གསུམ། མྱང་འདས་མཐའ་བཞིར་དགག་པ་དང་། རྟོགས་པ་པོའི་མྱང་འདས་དགག་པ། །དེའི་གྲུབ་པའི་དོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། མྱང་འདས་དངོས་པོ་དང་དངོས་མེད་དུ་འདོད་པ་དགག་པ། གཉིས་ཀར་འདོད་པ་དགག་པ། གཉིས་ཀ་མིན་པར་འདོད་པ་དགག་པའོ། །དང་པོ་ལ་གཉིས། སོ་སོར་དགག་པ་དང་། ཐུན་མོང་དུ་དགག་པའོ། །དང་པོ་ལ་གཉིས། མྱང་འདས་དངོས་པོར་འདོད་པ་ ― MR01_Page_0452 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགག་པ། དངོས་མེད་དུ་འདོད་པ་དགག་པའོ། །དང་པོ་ནི། བྱེ་བྲག་སྨྲ་བ་ན་རེ། མྱང་འདས་ནི་ལས་ཉོན་སྐྱེ་བའི་རྒྱུན་ཕྱི་མ་འགོག་བྱེད་ཆུ་ལོན་ལྟ་བུ་ཡིན་པས་དངོས་པོ་ཡིན་ཏེ། དངོས་མེད་ཀྱི་དོན་བྱེད་མི་ནུས་པའི་ཕྱིར་ཞེ་ན། རེ་ཞིག་སྟེ་དང་པོ་ཁྱོད་འདོད་པ་ལྟར་མྱ་ངན་ལས་འདས་པ་དངོས་པོ་མིན་ཏེ་དངོས་པོ་ཡིན་ན་རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་ཏེ་གཞན་འགྱུར་གྱི་རྒ་བ་དང་རྒྱུན་འཇིག་པའི་མཚན་ཉིད་ཅན་གྱི་འཆི་བ་མེད་པ་ཡི་དངོས་པོ་གང་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་ཏེ། དངོས་པོ་ཡིན་པ་ལ་འདུས་བྱས་མ་ཡིན་པ་འགའ་ཡང་ཕྱོགས་དུས་གང་ན་ཡོད་པ་མ་ཡིན་ནོ། །ཡང་གལ་ཏེ་མྱ་ངན་འདས་པ་དངོས་པོ་ཡིན་ན་ཇི་ལྟར་མྱང་འདས་དེ་ལ་བརྟེན་ནས་བྱུང་བ་ཅི་ཞིག་མིན་ཞེས་ཡིན་ཏེ། དངོས་པོ་ལ་བརྟེ༷ན་ནས་འབྱུང་བ་མ་ཡིན་པ་འགའ་ཡང་ཡོད་པ་མ་ཡིན་ནོ་སྟེ་མ་ལྟོས་པའི་དངོས་པོ་ནམ་མཁའི་མེ་ཏོག་བཞིན་ནོ། །གཉིས་པ་མྱང་འདས་དངོས་མེད་དུ་འདོད་པ་དགག་པ་ནི། གལ་ཏེ་ལས་ ― MR01_Page_0453 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉོན་གྱི་སྐྱེ་བ་ལོག་ཙམ་མྱང་འདས་ཡིན་པས། མྱང་འདས་དངོས་མེད་དུ་ངོ་བོ་ཉིད་ཀྱིས་ཡོད་ཅེས་དང་། ཡང་ན་མར་མེ་ཤི་བ་ལྟར་རྒྱུན་ཆད་དོ་ཞེ་ན། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་ན་དེ་དངོས་མེད་དུའང་རང་བཞིན་གྱིས་གྲུབ་པ་ཇི་ལྟར་རུང་བར་འགྱུར་ཏེ། དེའི་རྒྱུ་མཚན་ཕྱོགས་གང་ལ་མྱ་ངན་ལས་འདས་པ་རང་བཞིན་གྱིས་དངོས་པོ་མིན་པར་འདོད་པའི་ཕྱོགས་དེ་ལ་དངོས་པོ་བཀག་པ་ལ་མི་ལྟོས་པའི་དངོས་མེད་ཀྱང་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ཏེ། དངོས་པོ་གཞན་དུ་འགྱུར་བ་ལ་དངོས་མེད་དུ་འདོད་དགོས་པས་སོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་པ་ངོ་བོས་གྲུབ་ན། ཇི་ལྟར་མྱང་འདས་དེ་དངོས་པོ་ལ་བརྟེ༷ན་པ་མིན་ཏེ་ཡིན་ནོ། །དེའི་རྒྱུ་མཚན། གང་ཞིག་དངོས་པོའི་ཆོས་ལ་བརྟེན་ནས་འདོགས་པ་མ་ཡིན་པའི་སྡུག་ཀུན་ལོག་པའི་མྱང་འདས་དངོས་མེད་ངོ་བོས་ཡོད་པ་མ་ཡིན་ནོ། །དངོས་མེད་ཡིན་ན་གཞན་འགྱུར་ཡིན་པས་མ་ཁྱབ་པའི་དངོས་མེད་གཞན་དུ་མ་ཡོད་པས་སོ་སྙམ་ན། དངོས་མེད་ཀྱི་ངོ་བོར་ཡོད་ན་འདི་མེད་ཀྱི་དངོས་མེད་ ― MR01_Page_0454 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེས་མ་བཟུང་བར་དངོས་པོ་མེད་ན་མི་འགྲུབ་བོ། །དེ་ལ་འདིར་ཕ་རོལ་པོས་སྡུག་ཀུན་ལོག་པའི་དངོས་མེད་ལ་མྱང་འདས་སུ་བཟུང་བས། སྡུག་ཀུན་ཞིག་པའི་དངོས་མེད་དེ་འདྲ་བ་དངོས་པོ་ལ་མ་བརྟེན་པར་མེད་ཅེས་སོ། །འོ་ན་མོ་གཤམ་གྱི་བུ་ཅི་ལ་བརྟེན་ཞེ་ན་དེ་དངོས་མེད་ཡིན་པར་སུས་སྨྲས། དངོས་པོ་གཞན་འགྱུར་མིན་པས་དངོས་མེད་མིན་ནོ། །ཡང་གང་དུ། ནམ་མཁའ་རི་བོང་རྭ་དག་དང་། །མོ་གཤམ་གྱི་ནི་བུ་དག་ཀྱང་། །མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། །དངོས་ལ་རྟོག་པའང་དེ་བཞིན་ནོ། །ཞེས་གསུངས་པ་ཡང་དེར་དངོས་པོར་རྟོག་པ་བཀག་པ་ཙམ་ཡིན་གྱི། དངོས་མེད་དུ་རྟོག་པ་ནི་མིན་ཏེ། རྟེན་དངོས་པོ་ཉིད་མ་གྲུབ་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ཞེས་པ་སྒྲ་ཙམ་ཞིག་ཏུ་ཟད་ཀྱི། དོན་གང་ཞིག་དངོས་པོའམ་དངོས་མེད་དུ་འགྱུར་བ་འདིའི་དོན་མ་དམིགས་སོ། །དེའི་ཕྱིར་དམིགས་མེད་ཀྱི་རང་བཞིན་ལ་དངོས་མེད་དུ་བརྟགས་པ་ག་ལ་རིགས་ཞེས་ཁྱད་གཞི་མེད་པའི་ཁྱད་པར་ལྟ་བུར་ཚིག་གསལ་ལས་གསུངས། མྱང་འདས་དེ་དོན་གྱི་དངོས་མེད་རང་ངོས་གྲུབ་པའི་དབང་དུ་བྱས་པ་ཡིན་གྱི་ཐ་སྙད་ ― MR01_Page_0455 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་མིན་ཏེ་ཞེས་མ་གསུང་ངམ། མོ་གཤམ་གྱི་བུ་ནི་ཤེས་བྱ་མིན་པས་སོ། །དེ་ལ་མོ་གཤམ་གྱི་བུ་འདི་ཅི་ཡིན་ཞེ་ན། དངོས་མེད་དོ། །ཞེས་སྨྲས་ན། མོ་གཤམ་གྱི་བུ་དངོས་མེད་ཀྱི་མཚན་ཉིད་ཅན་དུ་ཤེས་བྱར་བྱེད་ལ། གཉིས་ཀ་མིན་ནོ་ཞེས་བརྗོད་ན་གཉིས་མིན་གྱི་མཚན་ཉིད་དུ་ཞེན་ན་མི་རུང་བ་བཞིན་ནོ། །ཟླ་བ་ལྟར་ན་གང་ལ་དངོས་དངོས་མེད་ཞེས་པའི་ཆོས་དེ་གཉིས་ཀྱི་མཚན་གཞི་དམིགས་སུ་རུང་བ་ཞིག་མེད་ན་དེ་དེ་ཡིན་ཞེས་མི་རུང་སྟེ། མོ་གཤམ་གྱི་བུ་དཀར་པོ་ཡིན་ཞེས་པ་བཞིན་ནོ། །དེས་ན་མྱང་འདས་དངོས་པོ་མིན་ན་དེ་མེད་པས། མྱང་འདས་ནི་དངོས་པོ་མེད་པ་སྙམ་དུ་ཇི་ལྟར་རུང་སྟེ། མེད་པ་ནི་ཟློག་ཕྱོགས་རྣམ་པར་བཅད་ཙམ་ཞིག་ཡིན་གྱི་ཁོ་རང་ཡོད་ཡོད་དུ་གྲུབ་པ་ཅུང་ཟད་མེད་པས་ཡིན་སྒྲ་མི་སྦྱར་རོ། །ལེགས་ལྡན། གལ་ཏེ་མྱང་འདས་དངོས་མིན་ཡིན་ནོ་ཞེ་ན། དེ་དངོས་མེད་དུ་རང་བཞིན་གྱིས་མི་གྲུབ་སྟེ་སྡུག་ཀུན་ལོག་པའི་སྔ་རོལ་ཏུ་དེ་མེད་པས་མི་ལྟོས་པར་མེད་པས་སོ། །ལྟོས་ན་རང་བཞིན་གྱིས་མེད་དོ། །ཞེས་སོ། །དོན་ལ། གལ་ཏེ་མྱ་ ― MR01_Page_0456 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངན་འདས་དངོས་མིན་ཞེས་པའི་ཚིག་གཉིས་ཀ་ཕྱོགས་སྔ། དང་པོས་དངོས་མེད་མྱང་འདས་དེ་ངོ་བོས་གྲུབ་ན་མི་རྟེན་ལ། མི་རྟེན་ན་གཞན་འགྱུར་མིན་ཕྱིར་དངོས་མེད་ཉིད་མི་གྲུབ་ཅེས་དང་། གཉིས་པས་རྟེན་ན་རང་བཞིན་ནམ་ངོ་བོས་ཡོད་པ་ཉིད་མི་གྲུབ་ཅེས་སོ། །ཡང་ན་མྱང་འདས་དངོས་པོ་མིན་པའི་རང་བཞིན་དུ་ཡོད་པར་ཁས་ལེན་ན། ལུགས་དེ་ལ་དངོས་མེད་ཞེས་བྱ་བའི་ཤེས་བྱ་ཡོད་པར་མི་རུང་སྟེ། དངོས་མིན་ཞེས་བྱ་བའང་གྲུབ་པར་གྱུར་ན། དངོས་མེད་མི་སྲིད་ཞེས་སོ། །ཡང་ན། མྱང་འདས་ཡོད་དམ་མེད་ཅེས་དྲིའོ། །མེད་པར་ནི་མི་སྨྲ་སྟེ་རྩོད་གཞི་ཡིན་པས་སོ། །ཡོད་ན་དངོས་པོར་ཡོད་དམ། དངོས་མེད་ཡིན། དང་པོ་ལྟར་ན་བཀག་ཟིན། དངོས་མེད་ཡིན་ནོ་ཞེ་ན། དངོས་མེད་ནི་ཅི་ཡང་མེད་པ་ཙམ་ཡིན་གྱི་དོན་དུ་མྱང་འདས་མེད་པར་འདོད་དམ་མི་འདོད་དེ། དངོས་མེད་ཀྱི་ངོ་བོ་ཉིད་དུ་ཡོད་ཟེར་ན། དངོས་མེད་ཡོད་པར་ཐལ། འདོད་ན་དངོས་མེད་ཀྱང་ཡིན། ཡོད་པ་ཡིན་ན། མྱང་འདས་དངོས་མེད་དུ་མི་རུང་སྟེ། དངོས་མེད་ཀྱི་ཟློག་ཕྱོགས་ཡོད་པ་ཡིན་པས་སོ། །དེས་ན་དངོས་མེད་ཅེས་བྱ་བ་ངོ་བོ་ཉིད་ཀྱིས་མེད་དོ། །ཡང་མྱང་འདས་དངོས་ ― MR01_Page_0457 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་ཀྱི་ངོ་བོ་མེད་དོ་ཞེ་ན། མྱང་འདས་མེད་པ་ཡོད་དམ་མེད། ཡོད་ན་མེད་པ་དང་ཡོད་པ་མི་འགལ་ལ། མེད་པ་མེད་ན་མྱང་འདས་ཡོད་པར་ཐལ་ལོ། །ཞེས་དཔྱད་དོ། །མྱང་འདས་རང་གི་ངོ་བོ་དངོས་མིན་དུ་གྲུབ་པ་ལ་ནི། དངོས་མེད་ཞེས་བྱ་བ་མ་གྲུབ་སྟེ། དེ་དངོས་མེད་ལ་སླར་ཡང་དངོས་མེད་དུ་འགྱུར་མི་སྲིད་པས་སོ། །དེ་རང་ཡོད་པ་ཙམ་ནི་ཡིན་ལ། དངོས་མེད་ཡིན་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ། །གལ་ཏེ་ལས་ཉོན་གྱི་སྐྱེ་བ་ལ་སོགས་པའི་དངོས་པོ་མེད་ཅེས་བྱ་ན། མྱང་འདས་ཀྱི་ངོ་བོ་དངོས་མེད་ཡིན་པ་འགལ་ཏེ། སྐྱེ་བ་ལོག་པའི་ཆ་ནས་མྱང་འདས་ལ་དངོས་མེད་དུ་བཏགས་པའོ། །མྱང་འདས་རང་གི་ངོ་བོས་གཟུང་དུ་མེད་དོ། །མྱང་འདས་ཞེས་བྱ་བ་མཚན་གཞིར་བཟུང་ནས་དེ་དངོས་དངོས་མེད་གང་དུ་བསྟན་ཀྱང་ཡོད་པ་ལས་མི་འདའ་སྟེ། རྟ་དཀར་པོ་ཡིན་མིན་ཞེས་པ་བཞིན་ནོ། །ནམ་མཁའ་དཀར་པོ་མིན་ཞེས་དང་། ནམ་མཁའི་རང་བཞིན་ཞེས་ཐ་དད་ལྟ་བུར་སྟོན་ཀྱང་ཐ་དད་དུ་ཡོད་པ་མིན་པ་བཞིན་ནོ། །འོ་ན་མྱང་འདས་དངོས་དངོས་མེད་གཉིས་ཀ་མིན་ན་ཅི་ཞེ་ན། སྲིད་པ་འགྲོ་འོང་གི་དངོས་པོ་གང་ཞིག་ ― MR01_Page_0458 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུར་བྱས་བརྟེན་ནས་འབྱུང་བའམ་རེས་འགའ་ཕན་ཚུན་བརྟེན་ནས་ཡོད་པར་བཏགས་པའི་སྤྲོས་པ་གཉིས་ཀ་དང་བྲལ་ཏེ། རྒྱུར་བྱས་པ་མིན་པར་མ་ཟད། རྟེན་ནས་གདགས་པའི་སྤྲོས་པ་ཙམ་ཡང་ཟད་པ་དེ་མྱང་འདས་ཡིན་ལ། དེ་དངོས་དངོས་མེད་གང་དུའང་བཏགས་པར་མི་ནུས་སོ། །ཞེས་རྒྱུར་བྱས་དངོས་པོ་དང་། རྟེན་ནས་བཏགས་པ་དངོས་མེད་གཉིས་ཀ་དང་བྲལ་བའོ། །གཉིས་པ་ཐུན་མོང་དུ་དགག་པ་ལ་གཉིས། རིགས་པས་མི་འཐད་པ་དང་། ལུང་གིས་མི་འཐད་པའོ། །དང་པོ་ནི། སྲིད་པ་འགྲོ་འོང་གི་དངོས་པོ་གང་ཞིག །སྔ་མ་ལ་བརྟེན་ནས་འཁོར་བར་འཇུག་པ་འདུ་བྱེད་དེ་ཕུང་པོ་འཁོར་བ་དང་། ཉེར་ལེན་གྱི་ཕུང་པོ་རྒྱུར་བྱས་ནས་འཇུག་པ་སྔར་བཤད་པའི་གང་ཟག་འཁོར་བའོ། །དེ་ལྟར་བརྟེན་ནས་སམ་རྒྱུར་བྱས་ནས་བཞག་པའམ་གདགས་པའི་སྐྱེ་འཇིག་དངོས་དངོས་མེད་ལ་སོགས་པ་དེ་དག་རང་བཞིན་གྱིས་བརྟེན་ནས་འབྱུང་བའམ་རྟེན་ནས་བཏགས་པ་ཙམ་གྱི་ངོ་བོར་ཡང་མ་གྲུབ་པའི་དེ་ཁོ་ན་ཉིད་རང་བཞིན་ཞི་བ་མཐའ་ཀུན་ལས་འདས་པ་དེ་མྱང་འདས་སོ་ཞེས་སྟོན་པ། བདག་དང་ཕུང་པོ་ཚེ་སྔ་མ་ནས་འདིར་འོང་བ་དང་ནི་ ― MR01_Page_0459 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ནས་ཕ་རོལ་དུ་འགྲོ་བའི་དངོས་པོ་རིང་ཐུང་ལྟ་བུར་བརྟེན་ཏམ་སྟེ་བརྟེན་ནས་འདོགས་པ་ཉིད་དམ་མར་མེ་ལས་འོད་ལྟར་རང་གི་རྒྱུ་རྐྱེན་ཚོགས་པ་རྒྱུར་བྱས་པ་ཙམ་གྱི་འཁོར་བ་གང་ཡིན་པ་དེ་ནི། གནས་ལུགས་དེ་ཁོ་ན་ཉིད་དུ་བརྟེན་ནས་གདགས་པ་ཙམ་དུ་དམིགས་པ་མིན་ལ་རྒྱུར་བྱས་ཏེ་འབྱུང་བའང་མིན་པ་སྤྲོས་པ་མཐའ་དག་དང་བྲལ་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་པར་བསྟན་ཏོ་ཞེས་མཐའ་བཞི་ཆར་གྱི་སྤྲོས་བྲལ་ལ་རྟེན་ནས་སམ་རྒྱུར་བྱས་ནས་འདི་ཞེས་བཞག་ཏུ་མེད་པའི་དོན་ཏེ། གང་གིས་མྱང་འདས་རྒྱུ་ཅན་འདུ་བྱེད་དམ་དངོས་པོའི་མཚན་ཉིད་ཅན་ནམ་དངོས་པོ་ལོག་པའི་ཞིག་ཆ་བརྟེན་ནས་གདགས་པ་གཉིས་པོ་མི་འཇུག་པ་ཡིན་པས་དེ་གཉིས་སུ་གདགས་རྒྱུ་མེད་དོ། །ཞེས་སོ། །གཉིས་པ་ནི། མདོ་ལས། དགེ་སློང་དག་གང་འཇུག་པའམ་འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་ནི་དེ་དག་ཡོངས་སུ་མི་ཤེས་པ་ཆེན་པོ་ཡིན་ནོ་ཞེས་འབྱུང་བ་དངོས་པོའི་ཆོས་ཅན་དང་ནི་འཇིག་པ་ལོག་པ་དག་ལ་ལྟ་བ་སྤང་བར་སྟོན་པས་བཀའ་སྩལ་ཏོ། །དེ་ཡི་ཕྱིར་མྱ་ ― MR01_Page_0460 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངན་འདས་པར་ནི་དངོས་པོ་འབྱུང་བའི་མཚན་ཉིད་ཅན་མིན་ལ། དངོས་མེད་ཞིག་པའི་ཆ་མིན་པར་རིགས་སོ། །གཉིས་པ་གཉིས་ཀར་འདོད་པ་དགག་པ་ནི། ཐར་བ་ངོ་བོའི་ཆ་ནས་རང་གི་ངོ་བོར་ཡོད་པས་དངོས་པོ་ཡིན་ལ། ཉོན་མོངས་སོགས་དངོས་པོ་ལྡོག་ཆ་ནས་དངོས་མེད་ཡིན་པས་གཉིས་ཀ་ཡིན་ནོ་ཞེ་ན། གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་དང་དངོས་མེད་གཉིས་ཀའི་རང་བཞིན་ཡིན་ན་དངོས་དང་དངོས་པོ་མེད་པ་གཞི་མཐུན་པ་དེ་དག་ཐམས་ཅད་ཁྱོད་ཀྱི་ཐར་བར་འགྱུར་ན་དེ་མི་རིགས་ཏེ། རྒྱུ་མཚན་ངོ་བོ་ལ་དེ་གཉིས་ཕན་ཚུན་འགལ་བས་གཞི་གཅིག་ལ་མི་འདུ་ལ། ངོ་བོ་ཡོད་ཀྱང་གཞན་བྲལ་ཆས་དེར་གྱུར་པའི་གཉིས་ཡིན་ཙམ་ཐར་བ་ཡིན་ན་འདུ་བྱེད་རྣམས་ཀྱི་རང་གི་བདག་ཉིད་སྐད་ཅིག་དང་པོ་ཐོབ་ལ། དེའི་དུས་གཉིས་པར་དེ་དང་བྲལ་བ་གང་ཡིན་པ་ཐམས་ཅད་ཐར་བར་འགྱུར་ན། འདུ་བྱེད་དག་ཐར་བར་མི་རིགས་སོ། །འདི་མེ་དང་དུ་བ་ལྟ་བུ་ལ་ངོ་བོས་གྲུབ་པའི ― MR01_Page_0461 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱུ་འབྲས་སུ་འདོད་ན་གཞན་རྒྱུ་རྒྱུ་མིན་གང་ཡིན་ཐམས་ཅད་རྒྱུ་འབྲས་སུ་ཐལ་བར་བརྗོད་པ་བཞིན་ཏུ། དངོས་དངོས་མེད་ཀྱི་ཁྱད་པར་ལ་རང་བཞིན་དུ་གྲུབ་པའི་ཐར་བ་འདོད་པ་དེ་ལྟ་ན་སྐད་ཅིག་སྔ་ཕྱི་དེ་གཉིས་དང་རྒྱུ་མཚན་མཚུངས་པ་ཐམས་ཅད་ཀྱང་ཐར་བ་དེར་ཐལ་བའི་རྒྱུ་མཚན་མཚུངས་པའི་མགོ་སྙོམས་མཛད་པའོ། །ཡང་གལ་ཏེ་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་ན་མྱ་ངན་འདས་པ་དངོས་དངོས་མེད་དེ་དག་ལ་མ་བརྟེན་པར་དངོས་པོ་ཡོད་པ་མིན་ཏེ་རྒྱུ་མཚན་དངོས་པོ་ལ་བརྟེན་ནས་དངོས་མེད་ཡིན་ཅིང་། དངོས་མེད་ལ་བརྟེན་ནས་དངོས་པོ་ཡོད་པ་ཡིན་པས། དངོས་དངོས་མེད་དེ་གཉིས་ཕན་ཚུན་བརྟེན་ནས་ཡིན་པའི་ཕྱིར་རྟེན་འབྱུང་དུ་འགྱུར་རོ། །དེས་ན་ཇི་ལྟར་མྱ་ངན་འདས་པ་ནི་དངོས་དང་དངོས་མེད་གཉིས་ཡིན་ཏེ་དེ་མིན་ལ། དེའི་རྒྱུ་མཚན་མྱ་ངན་འདས་པ་ནི་དངོས་དངོས་མེད་གཉིས་ཀ་ལས་འདས་པའི་འདུས་མ་བྱས་ཡིན་ལ་དངོས་པོ་བརྟེན་ནས་སྐྱེས་པ་དང་དངོས་མེད་བརྟེན་ནས་བཏགས་པ་དེ་གཉིས་ཀའང་འདུས་བྱས་ཡིན་པས་དེ་གཉིས་འགལ་བ་ ― MR01_Page_0462 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅིག་ཏུ་ཡོད་པར་ཐལ་བས་སོ། །དེ་ལ་དངོས་པོ་རྒྱུ་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་འདུས་བྱས་ཡིན་ལ། དངོས་མེད་ཀྱང་དངོས་པོ་ལ་བརྟེན་ནས་འབྱུང་བ་དང་། ལུང་ཡང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འདོད་པས། དེ་གཉིས་རྒྱུ་ལས་བྱུང་བའི་ངོ་བོ་ཡིན་གྱི་རྒྱུ་རྐྱེན་ལས་མ་བྱུང་བ་མིན་ནོ། །སྐབས་འདིའི་འདུས་བྱས་འདུས་མ་བྱས་ཞེས་པ། དངོས་པོ་བུམ་སོགས་ལ་འདུས་བྱས་དང་། དངོས་མེད་མཁའ་སོགས་ལ་འདུས་མ་བྱས་སུ་བཤད་པ་དེ་མིན་གྱི་དོན་གྱིས་གཞལ་ནས་རྟེན་འབྱུང་ཐམས་ཅད་རྒྱུ་རྐྱེན་གྱིས་འདུས་བྱས་པ་དང་། རང་བཞིན་མེད་པ་མཐའ་བཞི་ཞི་བ་ནི་རྒྱུ་རྐྱེན་གྱིས་མ་བྱས་པའི་ཆ་ནས་འདུས་མ་བྱས་སུ་བཞག་གོ །དེ་ལྟར་ཡིན་པར་དངོས་དང་དངོས་མེད་འདུས་བྱས་ཡིན། ཞེས་གསུང་གི །དངོས་དང་དངོས་མེད་དངོས་པོ་ཡིན་ཞེས་མ་གསུང་ལ་དེ་ལྟ་ན། འདི་སྐབས་དངོས་པོ་དང་། འདུས་བྱས་དོན་གཅིག་ན། འདུས་མ་བྱས་དང་དངོས་མེད་དོན་གཅིག་པས་དེ་ལྟ་ན་གོང་དུ། མྱང་འདས་དངོས་མེད་ཡིན་པར་བསྟན་པ་དང་། འོག་ཏུ་དངོས་དངོས་མེད་སྣང་མུན་ལྟར་གསུངས་པ་འགལ་ ― MR01_Page_0463 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལོ། །དེས་ན་དངོས་པོའི་སྒྲའང་། སྤྱིར་ཤེས་བྱ་ཙམ་ལ་བཟུང་སྟེ། དབུ་མའི་སྐབས་སུ་གསུངས་པ་དང་། དངོས་དངོས་མེད་ཀྱི་ཟླས་ཕྱེས་པའི་དངོས་པོ་ལ་གོ་ཚུལ་གཉིས་ཡོད་པ་ཆོས་ཀྱི་སྒྲ་སོགས་བཞིན་སྐབས་ཀྱི་ཤན་ཕྱེད་པ་གལ་ཆེའོ། །གལ་ཏེ་མྱང་འདས་དེ་གཉིས་མིན་ཡང་མྱང་འདས་ལ་དེ་གཉིས་རང་བཞིན་གྱིས་ཡོད་དོ་ཞེ་ན། ཇི་ལྟར་མྱ་ངན་འདས་པ་ལ་དངོས་པོ་དང་དངོས་མེད་གཉིས་ག་ལ་ཡོད་དེ་དངོས་དངོས་མེད་དེ་གཉིས་ཡུལ་གཅིག་ལ་ཡོད་པ་མིན་ཏེ་ཕན་ཚུན་འགལ་བས་སྣང་བ་དང་ནི་མུན་པ་བཞིན་ནོ། །བུམ་པ་དངོས་པོ་དང་། དེ་ལ་སྣམ་བུ་མེད་པ་ལྟ་བུ་ནི་བཏགས་པ་ཡིན་པས། ངོ་བོས་གཉིས་ཡོད་ན་གཅིག་ཡོད་པས་གཅིག་ཡོད་མི་ཤེས་སོ། །གསུམ་པ་གཉིས་ཀ་མ་ཡིན་པར་འདོད་པ་དགག་པ་ལ་གཉིས། ངོ་བོ་དགག་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ནི། དངོས་པོ་མིན་ཞིང་དངོས་པོ་མེད་པའང་མིན་པ་ཡི་ཕུང་གསུམ་བདེན་གྲུབ་ཞིག་ཏུ་མྱ་ངན་ལས་འདས་པར་གང་སྟོན་པ་དེ་ལ་དགག་བྱ་དངོས་པོ་མེད་པ་དང་དངོས་པོ་ཞེས་བྱ་བ་གཉིས་པོ་དག་ ― MR01_Page_0464 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྲུབ་ན་དེ་གཉིས་བཀག་པ་གཉིས་མིན་དེ་ནི་གྲུབ་པར་འགྱུར་ནའང་། དངོས་དངོས་མེད་གཉིས་ཀ་ཡོད་པ་མིན་པར་སྔར་བསྟན་ཟིན་པས། དེ་གཉིས་བཀག་པའི་ཁྱད་པར་གཉིས་མིན་མི་སྲིད་པས། དེ་གཉིས་ལྡན་པའི་མྱང་འདས་མི་སྲིད་དོ། །བློ་ངོ་ན་དགག་བྱ་བསལ་བ་ཙམ་ཡོད་པ་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ལ། གནས་ཚུལ་ལ་དགག་བྱ་མེད་པས། དགག་བྱ་སུ་ཞིག་བཀག་པའི་དགག་པ་གཉིས་ལྡན་དུ་ངོ་བོ་ཉིད་ཀྱིས་གྲུབ་སྟེ་མི་གྲུབ་བོ། །གཉིས་པ་ནི། གལ་ཏེ་མྱ་ངན་འདས་པ་ནི་དངོས་པོ་མིན་པ་དང་དངོས་པོ་མེད་པའང་མིན་པའི་རང་བཞིན་ཡིན་ན་དེ་དངོས་པོ་མིན་ཞིང་དངོས་པོ་མེད་པ་མིན་ཞེས་རྒྱུ་མཚན་གང་ཟག་གང་ཞིག་གིས་ནི་དེ་གསལ་བའམ་མངོན་པར་བྱེད་དོ། །དེ་འདྲའི་གཉིས་མིན་དུ་རྟོགས་པ་པོ་ཡོད་དམ་མེད། ཡོད་ན་ལྷག་མེད་ཀྱི་ཚེ་ནའང་བདག་ཡོད་པར་འགྱུར་ལ། དེ་ནི་མི་འདོད་དེ་ཉེ་བར་ལེན་པ་རྒྱུན་ཆད་པས་ན་ཕྱོགས་སྔས་མི་འདོད་དོ། །གལ་ཏེ་འཁོར་བར་གནས་པས་མྱང་འདས་ཡོངས་སུ་གཅོད་ཅེ་ན། རྣམ་ཤེས་ཀྱིས་སམ། ཡེ་ཤེས་ཀྱིས་གཅོད། དང་པོ་ལྟར་མི་ ― MR01_Page_0465 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིགས་ཏེ། མྱང་འདས་མཚན་མ་མེད་ལ། རྣམ་ཤེས་ནི་མཚན་མར་དམིགས་པ་ཡིན་པས་དེས་དེ་མི་གཅོད་དོ། །ཡེ་ཤེས་ཀྱིས་ན། དེ་སྟོང་ཉིད་མ་སྐྱེས་པ་ལ་དམིགས་པས། དེས་གཉིས་ཀའི་རང་བཞིན་དུ་གྲུབ་པ་ལ་ཇི་ལྟར་དམིགས་ཏེ། ཡེ་ཤེས་དེ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་རང་བཞིན་ཡིན་པས་སོ། །དེས་ན་གཉིས་མིན་དེ་རྣམ་ཤེས་དང་ཡེ་ཤེས་གང་གིས་མ་བཟུང་བར་ཡོད་དོ་ཞེས་བྱར་མི་རུང་ངོ་། །གཉིས་པ་རྟོགས་པ་པོའི་མྱང་འདས་དགག་པ་ནི། ཇི་ལྟར་མྱང་འདས་ལ་ཡོད་མེད་གཉིས་གཉིས་མིན་གྱི་རྟོག་པ་བཞི་མི་སྲིད་པ་བཞིན་དུ། མྱང་འདས་ཐུགས་སུ་ཆུད་པ་པོ་སངས་རྒྱས་ལ་རྟོག་པ་འདི་དག་མི་སྲིད་དོ་ཞེས་བསྟན་པ། བཅོམ་ལྡན་མྱ་ངན་ལས་འདས་པར་གྱུར་ནས་ཡོད་པར་མི་མངོན་དེ་བཞིན་དུ་མེད་དོ་ཞེའམ་གཉིས་ཀ་དང་གཉིས་མིན་ཞེས་ཀྱང་མི་མངོན་ཏེ་སྣང་དུས་ཉིད་ནས་རང་བཞིན་གྱིས་ཞི་བར་བཤད་ཟིན་པ་བཞིན་ནོ། །དེར་མ་ཟད་བཅོམ་ལྡན་བཞུགས་པར་གྱུར་ན་ཡང་བླང་བྱ་དང་ལེན་པོ་རང་བཞིན་མེད་པས་ཡོད་པར་མི་མངོན་དེ་བཞིན་དུ་དགག་བྱ་མེད་པས་མེད་དོ་ཞེའམ་ཕན་ ― MR01_Page_0466 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཚུན་འགལ་བས་གཉིས་ཀ་དང་གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཇི་ལྟར་ཡོད་པ་སོགས་མི་མངོན་ཞེ་ན། དེ་བཞིན་གཤེགས་པ་བརྟགས་པར་བཤད་ཟིན་ཏེ། གང་གིས་འཛིན་སྟུག་བཟུང་གྱུར་པ། དེ་ནི་མྱང་འདས་པ་ལ་སོགས་བཞིན་ནོ། །གསུམ་པ་བཀག་པས་གྲུབ་དོན་ལ་གཉིས། སྲིད་ཞི་མཉམ་ཉིད་དུ་གྲུབ་པ་དང་། ལུང་མ་བསྟན་གྱི་ལྟ་བ་བཀག་པར་གྲུབ་པའོ། །དང་པོ་ནི། རིགས་ཤེས་ཀྱི་ངོར་མྱང་འདས་རང་བཞིན་གྱིས་གྲུབ་པ་ཁེགས་ན་འཁོར་བ་ཞེས་པ་མྱ་ངན་འདས་པ་ལས་ལོགས་སུ་དབྱེ་བའི་ཁྱད་པར་ཅུང་ཟད་ཀྱང་ཡོད་མ་ཡིན་ལ་མྱ་ངན་འདས་པ་ཡང་འཁོར་བ་ལས་ཁྱད་པར་ཅུང་ཟད་ཡོད་མ་ཡིན་ཏེ། དེའི་རྒྱུ་མཚན་མྱ་ངན་འདས་པའི་ཡང་དག་པའི་མཐའ་འམ་གནས་ལུགས་སམ་ཆོས་ཉིད་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་ཡིན་ཏེ་དེ་གཉིས་ཆོས་ཉིད་གཅིག་གི་ངང་ལས་ཁྱད་པར་ཅུང་ཟད་ནི་ཤིན་ཏུ་ཕྲ་བའང་ཡོད་མ་ཡིན་ནོ། །དེ་ལྟར་གནས་ལུགས་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ཚད་མའི་དོན། ཡང་དག་པའི་མཐའ་ཡི་རང་བཞིན་སྐྱེ་འགག་གནས་གསུམ་དང་བྲལ་བའི་མཉམ་པ་ ― MR01_Page_0467 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉིད་དེ་ལ། སྲིད་པ་དང་ཞི་བའི་སྣང་ཆ་མ་ལུས་པ་ཡེ་ནས་དབྱེར་མེད་པ་བྲི་གང་བསལ་བཞག་དང་བྲལ་བར་འདུག་པས། འཁོར་བ་སྤང་བའི་སངས་རྒྱས་ངེས་པ་དེ་གང་ནའང་མི་བདོག་སྟེ་མཉམ་པ་ཉིད་དོ། །དེས་ན་དེ་བཞིན་གཤེགས་པའི་མཛད་པ་དང་སེམས་ཅན་གྱི་ཕ་མཐའ་དང་སྲིད་ཞིའི་ཐོག་མཐའ་དང་རྒྱ་ཚད་སོགས་འདི་ཞེས་ནམ་དུ་ཡང་ནི་མི་དམིགས་པས། དམིགས་མེད་མཉམ་པ་ཉིད་ཀྱི་ཀློང་ཡངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པས་ཐེག་མཆོག་རྫོགས་ཆེན་གྱི་ལྟ་བ་ཟབ་མོ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་རིགས་པའི་རྒྱལ་པོས་རིག་རྩལ་གྱི་སྒྲོན་མའི་རིག་མདངས་བདག་ལ་ཤར་ཏེ་ཐེ་ཚོམ་གྱི་སྨག་དང་བྲལ་བའི་ངེས་ཤེས་ཟབ་མོ་སྐྱེ་བ་ནི། ཨེ་མ་ཨ་ལ་ལ་སྟེ་ཤིན་ཏུ་ངོ་མཚར་ཞིང་བློ་བདེའོ། །ཡོད་ནི་ཅི་ཡང་མེད་པ་ལ། །བྱུང་ནི་འཁོར་འདས་སྣ་ཚོགས་བྱུང་། །མེད་པ་ཉིད་ཕྱིར་འདི་ཡི་མཐའ། །ནམ་ཡང་ཐུག་པ་མེད་པས་སོ། །ཡོད་མེད་སྣང་སྟོང་མཉམ་པ་ཉིད། །འཇམ་པའི་རྡོ་རྗེ་ཨ་ཡི་གཟུགས། །ཀླུ་སྒྲུབ་མགྲིན་པའི་ལམ་ལས་བརྒྱུད། །ང་ཡི་སྙིང་ལ་སོན་པའི་ཚེ། ། ― MR01_Page_0468 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་སྣང་ཆུ་ཟླའི་རྟེན་སྙིང་བཀྲལ། །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿསྭཱ་ཧཱ། མེད་པ་ཆོས་ཉིད་རང་བཞིན་ཕྱིར། །གང་སྣང་ཐམས་ཅད་རྟེན་ནས་འབྱུང་། །བརྟེན་ནས་འབྱུང་ཕྱིར་འདི་མི་བསླུ། །རྟེན་འབྱུང་དཀོན་མཆོག་གསུམ་ཞེས་གྲགས། །དེ་ལྟའི་བདེན་པ་མཆོག་འདི་ཡིས། །མཁའ་དབྱིངས་ཁམ་བུར་བཅུག་ནས་ཀྱང་། །ཀླུ་དང་ང་ཡིས་འཇམ་པའི་དབྱངས། །རྟག་ཏུ་དགྱེས་པ་སྒྲུབ་གྱུར་ཅིག །ཅེས་ཀྱང་སྨྲས་སོ། །གཉིས་པ་ལ་གཉིས། དགག་བྱའི་ལྟ་བ་ངོས་བཟུང་བ་དང་། དེར་ལྟ་བ་མི་འཐད་པའི་ཚུལ་ལོ། །དང་པོ་ནི། དེ་ལ་དེ་བཞིན་གཤེགས་པ་འདས་སམ་གང་འདས་ཕན་ཆད་༡འབྱུང་མི་འབྱུང་གཉིས་གཉིས་མིན་བཞི་དང་། འཇིག་རྟེན་མཐའ་ཡོད་མེད་སོགས་༢ཏེ་གཉིས་གཉིས་མིན་བཞི་དང་། འཇིག་རྟེན་༣རྟག་མི་རྟག་གཉིས་གཉིས་མིན་བཞི་དང་ལ་སོགས་པས་ལུས་སྲོག་གཅིག་དང་ཐ་དད་པར་ལྟ་བ་དག་སྟེ་ལུང་མ་བསྟན་བཅུ་བཞི་ལས། དང་པོ་དེ་བཞིན་གཤེགས་པ་མཐའ་ཡོད་མེད་སོགས་བཞི་མྱ་༤ངན་འདས་པ་ལ་བརྟེན་ནས་དང་། གཉིས་པ་འཇིག་རྟེན་ ― MR01_Page_0469 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐའ་ཡོད་མེད་སོགས་བཞི་༡ནི་ཕྱི་མཐའ་ལ་བརྟེན་པ་དང་། གསུམ་པ་རྟག་མི་རྟག་སོགས་བཞི་སྔོན་གྱི་མཐའ་༣ལ་བརྟེན་པ་ཡིན་ནོ། །གཉིས་པ་ནི། དངོས་པོ་ཐམས་ཅད་མཐའ་བཞིའི་སྤྲོས་པ་ཀུན་གྱིས་སྟོང་པ་ལ་ཁྱད་པར་གྱི་ཆོས་བདག་དང་འཇིག་རྟེན་ཕྱིས་འབྱུང་མི་འབྱུང་གི་མཐའ་ཡོད་ཅི་ཞིག་སྟེ་མཐའ་མེད་པའང་ཅི་ཞིག་ཡིན། མཐའ་ཡོད་དང་མཐའ་མེད་གཉིས་ཀ་ཡིན་པ་ཅི་ཞིག་ཡིན་ལ། མཐའ་ཡོད་དང་མཐའ་མེད་གཉིས་ཀ་མིན་པ་ཡང་ཅི་ཞིག་ཡིན། ལུས་སྲོག་དེ་ཉིད་དེ་ངོ་བོ་གཅིག་པ་ཞེས་བྱ་བ་ཅི་ཞིག་ཏེ་ངོ་བོ་ཐ་དད་པའི་གཞན་ཅི་ཞིག་ཡིན། བདག་དང་འཇིག་རྟེན་སྔོན་ཡོད་ཀྱི་རྟག་པ་ཅི་ཞིག་མི་རྟག་པ་ཅི། ཡོད་མེད་གཉིས་ཀའི་རྟག་དང་མི་རྟག་གཉིས་ཀ་ཡིན་པ་ཅི། གཉིས་ཀ་མིན་པ་ཅི་ཞིག་ཡིན་ཏེ་ཁྱད་གཞི་མ་གྲུབ་པས་ཁྱད་ཆོས་མི་འཐད་པས་ན་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་མེད་དོ། །གསུམ་པ་ཆོས་བསྟན་པ་དོན་མེད་པར་ཐལ་བ་སྤང་བ་ནི། གལ་ཏེ་མྱང་འདས་རང་བཞིན་གྱིས་མེད་ན། སེམས་ཅད་མྱ་ངན་འདའ་བའི་དོན་དུ་ཐུགས་རྗེ་ཆེན་པོ་ཐུབ་པས་ཆོས་བསྟན་པ་དོན་མེད་དོ་ཞེ་ན། དམ་ ― MR01_Page_0470 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་དོན་དུ་མྱང་འདས་ནི་སྤྲོས་མཚན་ཉེ་བར་ཞི་བ་དེ་ཡང་རང་བཞིན་གྱིས་ཞི་བས་སོ། །ཡང་ན། ཚིག་མི་འཇུག་པས་སྤྲོས་པ་ཉེར་ཞི། སེམས་མི་འཇུག་པས་ཞི་བའོ། །ཡང་ན་ཉོན་མོངས་མི་འབྱུང་བས་ཉེར་ཞི། སྐྱེ་བ་མི་འབྱུང་བས་ཞི་བའོ། །ཡང་ན་ཉོན་མོངས་སྤོང་བས་སྤྲོས་པ་ཉེར་ཞི། བག་ཆགས་མ་ལུས་སྤང་བས་ཞི་བའོ། །ཡང་ན་ཤེས་བྱ་མ་དམིགས་པས་སྤྲོས་པ་ཉེར་ཞི། ཤེས་པ་མ་དམིགས་པས་ཞི་བའོ། །དེའི་ཕྱིར་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོའི་ལེན་པ་མི་མངའ་བར་མྱ་ངན་ལས་འདས་པར་གྱུར་པ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ་ཞེས་སོགས་གསུངས་པ་བཞིན། ཆོས་ཐམས་ཅད་མྱང་འདས་ཀྱི་རང་བཞིན་ཡིན་པས་སྟོན་པོ་སྟོན་བྱ་ཆོས་སྟོན་ཡུལ་སོགས་ཀྱི་དམིགས་པ་ཐམས་ཅད་ཉེར་ཞི་སྟེ་ཉེ་བར་ཞི་ཞིང་དམིགས་བྱེད་ཀྱི་སྤྲོས་པ་ཉེར་ཞི། གཟུང་འཛིན་གཉིས་སུ་མེད་པའི་རོ་མཉམ། ― MR01_Page_0471 ―
[མ་དཔེ་གཟིགས་ན་འདིར་གནོན།]
རང་བཞིན་གྱིས་ཞི་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་སྤྲོས་པ་ཐམས་ཅད་ཉེར་ཞི་ཞི་བའི་ངོ་བོ་ལ་མི་གནས་པའི་ཚུལ་ལ་གནས་པ་དེའི་ཚེ། མཚན་འཛིན་གྱི་དམིགས་པ་ཐམས་ཅད་ཉེར་བར་ཞི་ཞིང་མི་དམིགས་པ་དེ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱིས་ནི་ཡུལ་དུས་གང་དུ་ཡང་གང་ཟག་སུ་ལའང་ཀུན་བྱང་གི་ཆོས་འགའ་མ་བསྟན་ན། འོག་ཏུ། དམ་པའི་ཆོས་ནི་སྟོན་མཛད་པ། །ཞེས་པ་ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་མཛད་པ་ཡིན་ནོ། །གཉིས་པ་ནི། མྱ་ངན་ལས་འདས་པ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའོ།། །།ཉེར་དྲུག་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྐྱེ་བ་མེད་པ་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །ཞེས་སོགས་ཀྱི་དོན་དང་། རབ་བྱེད་ཀྱི་འབྲེལ། ག་ལས་འཇིགས་མེད་དང་སངས་རྒྱས་བསྐྱང་གཉིས་ཀྱིས། ཁྱོད་ཀྱིས་ཐེག་ཆེན་གྱི་དོན་དམ་ལ་འཇུག་པ་བསྟན་ཟིན་ལ། ད་ཉན་ཐོས་ཀྱི་གཞུང་ལུགས་ཀྱི་དོན་དམ་པ་ལ་འཇུག་པ་སྟོན་ཅིག་ཅེ་ན། ལན་བཤད་པ་ཞེས་ ― MR01_Page_0472 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་ཤེས་རབ་སྒྲོན་མར་ལེགས་ལྡན་གྱིས། གོང་དུ། སུ་ལའང་ཆོས་འགའ་མ་བསྟན་ཅེས་སྨྲ་ན། སངས་རྒྱས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས་པས་མི་གནོད་དམ་ཞེ་ན། ངོ་བོ་ཉིད་ཀྱིས་ཡོད་པར་གསུངས་པ་ནི་མ་ཡིན་གྱི་ཞེས་དང་། ཟླ་བས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །ཞེས་གསུངས་པ་དེ་གང་ཞེ་ན། ཞེས་མཚམས་སྦྱར། འདིར། གང་གིས་རྟེན་ཅིང་འབྲེལ་བ་འབྱུང་། །མཐོང་བ་དེས་ནི་ཞེས་སོགས་བཤད་ན། མྱང་འདས་དང་འཁོར་བ་ནི་རྟེན་འབྲེལ་ལུགས་འབྱུང་ལྡོག་ཡོད་པའི་ཕྱིར་རམ། འཁོར་འདས་གཉིས་མེད་ན་འཁོར་འདས་གཉིས་སུ་སྣང་བ་ཅི་ཞིག་དང་། སྲིད་ཞི་གཉིས་སུ་མེད་ན་སྲིད་པ་ཐ་སྙད་དུ་ཇི་ལྟར་ལྡོག་ཅེ་ན། དེ་མེད་བཞིན་སྣང་བ་རྟེན་འབྲེལ་གྱི་དབང་གིས་སམ། བདེན་བཞི་མཐོང་བ་ནི་དེ་ཁོ་ན་ཉིད་ཀྱིས་ཡིན་ནོ་ཞེས་སྟོན་པ་ལ་གཉིས། གཞུང་དང་མཚན་ནོ། །དང་པོ་ལ་གསུམ། རྟེན་འབྲེལ་གྱི་ཚུལ་བསྟན་པ། མངོན་པར་འདུ་བྱེད་མི་བྱེད་ཀྱི་ཁྱད་པར། ཡན་ལག་འགག་པའི་རིམ་པ་བསྟན་པའོ། །དང་པོ་ནི། ཡང་དག་པའི་དོན་མ་རྟོགས་པའི་མ་རིག་པས་སེམས་བསྒྲིབས་པས་ ― MR01_Page_0473 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་སྲིད་ཉིད་ཀྱི་ཕྱིར་ཏེ་དེའི་དོན་དུ་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་འདུ་བྱེད་རྣམ་པ་གསུམ་པོ་དག་སྒོ་གསུམ་གྱིས་མངོན་པར་འདུ་བྱེད་པ་གང་ཡིན་པའི་ལས་དེ་དག་གིས་རིགས་དྲུག་གམ་རྒྱུད་ལྔའི་འགྲོ་བར་འགྲོ་བའི་རྒྱུ་བྱེད་ལ། འདུ་བྱེད་དེ་དག་གི་རྐྱེན་ཅན་འཁོར་བའི་ས་བོན་དུ་གྱུར་པ་རྣམ་པར་ཤེས་པ་ནི་འདུ་བྱེད་དང་མཐུན་པར་ལྷ་སོགས་འགྲོ་བ་རྣམས་སུ་འཇུག་པར་འགྱུར་རོ། །རྣམ་པར་ཤེས་པ་ཞུགས་པར་གྱུར་ན་དེ་ལ་བརྟེ༷ན་ནས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་དང་མེར་ནུར་སོགས་གཟུགས་ཀྱི་ཕུང་པོ་ནི་ཆགས་པར་འགྱུར་ཏེ། དེ་ལ་གཟུགས་དང་གཟུགས་བརྙན་གྱི་ཚུལ་གྱིས་ཐ་མ་འཆི་བའི་ཕུང་པོ་རྣམས་འགགས་པ་ན་སྐད་ཅིག་མ་གཅིག་ཁོ་ན་ལ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་སྐྱེ་བའི་ཆའི་ཕུང་པོ་རྣམས་ལས་ཀྱིས་ཇི་ལྟར་འཕང་བ་ལྟར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་མའི་མངལ་དུ་རྣམ་ཤེས་བརྒྱལ་བར་གྱུར་ན་རྣམ་ཤེས་ཀྱི་རྐྱེན་ཅན་མིང་གཟུགས་ཆགས་ཏེ་ཞེས་སོགས་ཚིག་གསལ་ལས་སོ། །དེ་ལྟར་མིང་དང་གཟུགས་ནི་ཆགས་པར་གྱུར་ན་དེའི་རྒྱུ་ཅན་མིག་སོགས་སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར་ལ། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི་ཡུལ་དྲུག་དང་སྦྱོར་བའི་རེག་པ་ཡང་དག་པ་འབྱུང་བར་འགྱུར་ཏེ། ― MR01_Page_0474 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ཇི་ལྟར་འབྱུང་ན་བདག་རྐྱེན་མིག་དབང་དང་དམིགས་རྐྱེན་གཟུགས་དང་དེ་མ་ཐག་རྐྱེན་དྲན་བྱེད་ཡིད་དང་ཚོར་སོགས་ཀུན་འགྲོ་བཅས་ལ་བརྟེ༷ན་ནས་རེག་པ་ཞེས་བྱ་བ་དེ་སྐྱེ་བ་ཁོ་ན་ཡིན་ཏེ། རེག་པ་གང་ཞེ་ན། དེ་ལྟར་དེ་མ་ཐག་རྐྱེན་དྲན་བྱེད་མིང་བཞི་དང་མིག་དབང་པོ་དང་གཟུགས་ཡུལ་ཏེ་རྐྱེན་དང་པོ་གཉིས་ནི་གཟུགས་ཏེ་དེ་གསུམ་ལ་བརྟེན་ནས་ན་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ལ། ངོ་བོ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་དང་འདུས་ནས་ཡུལ་ཡིད་འོང་མི་འོང་བར་མ་ཡོངས་སུ་གཅོད་པར་གང་ཡིན་པ་དེ་ནི་མིག་གི་འདུས་ཏེ་རེག་པའོ། །རེག་པ་དེ་ལས་ཡུལ་ཡོངས་སུ་གཅོད་པའི་དོན་ལ་ཡུལ་ཡིད་འོང་ལ་བདེ་སོགས་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་ཏེ། རེག་ཚོར་ལྷག་མ་དང་པོ་ཇི་བཞིན་དུ་བལྟ་བར་བྱའོ། །ཚོར་བ་བདེ་བ་སྐྱེས་ན། དེ་དང་མི་འབྲལ་བར་སྲེད་དོ། །སྡུག་བསྔལ་སྐྱེས་ན་དེ་དང་བྲལ་ཕྱིར་སྲེད་དོ། །བཏང་སྙོམས་ལ་དེ་མི་ཉམས་པར་བྱ་ཕྱིར་སྲེད་དེ་དེ་ལྟར་ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ་གང་གིས་ན་ཡུལ་ཚོར་བའི་དོན་དུ་སྲེད་པར་འགྱུར་བའི་ཕྱིར་རོ། །སྲེད་པར་གྱུར་ན་དེའི་རྐྱེན་གྱིས་ཉེ་བར་ལེན་ཏེ་གང་ལེན་ན་འདོད་པ་དང་ལྟ་བ་དང་ཚུལ་ ― MR01_Page_0475 ―
[མ་དཔེ་གཟིགས་ན་འདིར་གནོན།]
བརྟུལ་མཆོག་འཛིན་དང་བདག་ཏུ་སྨྲ་བ་རྣམ་པ་བཞི་པོ་ཉེར་ལེན་ཏེ་ཉེ་བར་ལེན་པར་འགྱུར་རོ། །ཉེར་ལེན་ཡོད་ན་དེས་ལས་མཐུ་ཅན་དུ་བྱས་པས་ཉེ་བར་ལེན་པ་པོའི་ཡང་སྲིད་སྲིད་པ་རབ་ཏུ་འབྱུང་བར་འགྱུར། དེ་འདི་ལྟར་གལ་ཏེ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཚོར་བ་ལ་མ་བརྟེན་སྲེད་པ་བདག་གིར་མ་བྱས་པར་ཉེ་བར་ལེན་པ་མེད་ན་དེས་གྲོལ་བར་འགྱུར་ཏེ་དེའི་ཚེ་སྲིད་པ་ཡོད་པར་མི་འགྱུར་རོ། །སྲིད་པ་དེ་ཡང་སྒོ་གསུམ་གྱི་ལས་ཏེ་ཕུང་པོ་ལྔ་པ་ཅན་ཡིན་ནོ། །འདི་ལས་མ་འོངས་པའི་ཕུང་པོ་ལྔ་འབྱུང་བས་སྲིད་པ་ཞེས་བྱའོ། །སྒོ་གསུམ་གྱི་ལས་གསུམ་ཆར་ཡང་ཕུང་པོ་ལྔ་པོ་འབྱུང་བས་འབྲས་མིང་རྒྱུར་བཏགས་སོ། །དེ་ལ་ལུས་ངག་གི་ལས་གཟུགས་ཕུང་གི་རང་བཞིན་ཡིན་ལ། ཡིད་ལས་ནི་ཕུང་པོ་བཞིའོ། །འདིར་སྲིད་པ་ནི་ལས་ཀྱི་སྲིད་པ་ཡིན་ལ། སྐྱེ་སྲིད་འགྲུབ་པའི་ཕྱིར་འབྲས་མིང་རྒྱུ་ལ་བཏགས་པའོ། །སྲིད་པ་ལས་ནི་སྲེད་ལེན་གྱིས་གསོས་བཏབ་སྟེ་ཕྱི་མར་སྐྱེ་བར་འགྱུར་ལ། དེ་ལས་རྒ་ཤི་དང་ནི་མྱ་ངན་དང་སྨྲེ༷་སྔགས་འདོན་པ་བཅས། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལ་རྒ་བ་ ― MR01_Page_0476 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕུང་པོ་སྨིན་པའོ། །འཆི་བ་རྒས་པའི་ཕུང་པོ་འཇིག་པའོ། །ཡིད་འོང་དང་བྲལ་བའམ་འཆི་བཞིན་པའི་ཀུན་རྨོངས་ཆགས་པ་བཅས་པའི་སྙིང་གི་གདུང་བ་མྱ་ངན་དང་། མྱ་ངན་དེས་ཀུན་ནས་བསླངས་པའི་ངག་གི་སྨྲེ་སྔགས་འདོན་པ་དང་ལུས་ཀྱིའམ། དབང་ལྔ་ལ་གནོད་པའི་སྡུག་བསྔལ་དང་། ཡིད་ཤེས་ལ་གནོད་པའི་ཡིད་མི་བདེ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ལས་བྱུང་བའི་ལུས་སེམས་ཀྱི་འཁྲུགས་པ་རྣམས་སོ། །དེ་དག་སྐྱེ་བ་ལས་རབ་ཏུ་འབྱུང་བས་དེ་ལྟར་སྡུག་བསྔལ་དུ་མ་མང་བོ་མྱང་བའི་ཕུང་པོ་ནི་བདག་དང་བདག་གི་བ་དང་བྲལ་བའམ་སྟོང་པ་འབའ་ཞིག་པ་འདི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་འགྱུར་རོ། །ཡང་ན་སྡུག་བསྔལ་གྱི་ཕུང་པོ་བདེ་བ་དང་མ་འདྲེས་པ་ཞེས་པའི་དོན་ཏོ། །གཉིས་པ་ནི། ལུགས་ལྡོག་འཁོར་བའི་རྣམ་ཤེས་སོགས་ཕྱི་མ་བཅུ་པོའི་རྩ་བ་འདུ་བྱེད་དེ་དེ་ཕྱིར་དེ་ཁོ་ན་ཉིད་ལ་མཁས་པའི་འཕགས་པ་རྣམས་འཕེན་བྱེད་ཀྱི་ལས་མངོན་པར་འདུ་མི་བྱེད་དོ། །དེ་ཕྱིར་མཁས་རྣམས་འཁོར་བ་ཡི། །རྩ་བ་འདུ་བྱེད་འདུ་མི་བྱེད། །ཅེས་སྔ་འགྱུར་རོ། །འཁོར་རྩ་འདུ་བྱེད་ཡིན་པ་དེ་ཕྱིར་མི་མཁས་པ་སོ་སྐྱེ་ ― MR01_Page_0477 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་འདུ་བྱེད་ཀྱིས་བྱེད་པ་པོ་ཡིན་ལ། མཁས་པས་དེ་འདུ་བྱེད་པ་མིན་ཏེ། དེ་ཁོ་ན་ཉིད་མཐོང་བའི་ཕྱིར་རོ། །ཇི་ལྟར་འདུ་མི་བྱེད་ཅེ་ན། ཐད་ཀར་དགག་མི་ནུས་ཏེ་རྒྱུ་དྲུང་ནས་ཕྱུང་དགོས་ལ། དེ་ཡང་མ་རིག་པ་འགག་པར་གྱུར་ན་ནི་འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །གསུམ་པ་ཡན་ལག་འགག་པའི་རིམ་པ་ནི། མ་རིག་པ་འགག་པར་འགྱུར་བ་ཡི་ཐབས་ནི་རྟེན་འབྱུང་སོར་རྟོག་གི་ཤེས་རབ་བམ་ཤེས་པས་དེ་ཁོ་ན་ཉིད་བསྒོམས་པས་སོ། །རྒྱུ་མ་རིག་པ་སོགས་དེ་དང་དེ་ནི་འགགས་པར་གྱུར་པས་འབྲས་བུ་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་ངོ་། །དེས་ན་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ནི་དེ་ལྟར་སླར་མི་འབྱུང་བས་ཡང་དག་པར་འགག་གོ །གཉིས་པ་ནི། སྲིད་པའི་ཡན་ལག་བཅུ་གཉིས་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའོ།། །།ཉེར་བདུན་པ་ལྟ་བ་བརྟགས་པའི་རབ་བྱེད་ལ། མདོའི་འབྲེལ་ནི། མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བུར་ཡང་དག་པར་མཐོང་བ་དེས་ནི། སྔོན་དང་ཕྱི་མཐའ་དང་ད་ལྟར་ ― MR01_Page_0478 ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱི་མཐའ་ལ་བརྟེན་པར་མི་བྱེད་དོ་ཞེས་གསུངས་པའི་དོན་དང་། རབ་བྱེད་འབྲེལ། ག་འཇིགས་དང་སངས་རྒྱས་བསྐྱང་གིས་ཉན་ཐོས་ཀྱི་ཐེག་པ་དང་མཐུན་པའི་མདོའི་མཐའ་ལ་བརྟེན་ནས་ལྟ་བའི་རྣམ་པ་མི་སྲིད་པའི་ཚུལ་སྟོན་ཅིག་ཅེས་དང་། ལེགས་ལྡན་འབྱེད་ཀྱིས། ཕུང་ལྔ་ཡོད་དེ་ལྟ་བའི་གནས་ཡིན་པའི་ཕྱིར་ཞེ་ན། ལྟ་བ་ཉིད་ཡོད་པ་མིན་པར་བསྟན་པ་ཞེས་དང་། ཟླ་བས། རྟེན་འབྲེལ་མཐོང་ན་སྔ་ཕྱིའི་མཐའ་ལ་བརྟེན་པར་མི་བྱེད་གསུངས་ན་སྔ་ཕྱིའི་མཐའ་གང་། ཇི་ལྟར་བརྟེན་པར་མི་བྱེད་ཅེ་ན། དེ་བསྟན་པའི་ཕྱིར་དུ་བཤད་པ་ཞེས་གསུངས། དེ་ལ་གཞུང་དང་མཚན་གཉིས། དང་པོ་ལ་གཉིས། མི་མཐུན་ཕྱོགས་ཀྱི་ལྟ་བ་ངོས་བཟུང་བ། ལྟ་བ་བཟློག་པའི་རིགས་པ་བསྟན་པའོ། །དང་པོ་ནི། བདག་འདས་དུས་ན་བྱུང་མ་བྱུང་སོགས་དང་། འཇིག་རྟེན་རྟག་སོགས་བཞི་སྟེ་བརྒྱད་ནི་སྔོན་མཐའ་ལ་བརྟེན་སོགས་ལྟ་བ་བཅུ་དྲུག་པོ་རྟེན་འབྱུང་ཤེས་པས་བཟློག་སྟེ། དེ་ཡང་། བདག་འདས་དུས་སུ་བྱུང་ཞེས་པ་དང་། རྟག་ཅེས་པ་གཉིས་དོན་འདྲ། བྱེ་བྲག་དང་སྤྱིའམ། འཛིན་སྟངས་ཀྱིས་ཐ་ ― MR01_Page_0479 ―
[མ་དཔེ་གཟིགས་ན་འདིར་གནོན།]
དད་དོ། །སྔོན་ཕྱིའི་མཐའ་ནི་ད་ལྟ་བའི་ལུས་ཕུང་པོ་ལ་བརྟེན་ནས་སྔོན་དང་ཕྱི་མའི་གནས་སྐབས་སོ། །མཐའ་ནི་དེའི་སྔ་ཕྱིའི་ཆའོ། །མ་འོངས་པའི་དུས་ད་ལྟ་ལས་གཞན་གྱི་ཚེ་འབྱུང་ངམ་མི་འབྱུང་ཞེས་སོགས་སོ། །བདག་འདས་པའི་དུས་ན་བྱུང་མ་བྱུང་དེ་གཉི་ག་གཉི་ག་མ་ཡིན་པ་ཞེས་ལྟ་བ་བཞི་དང་འཇིག་རྟེན་བདག་དང་ཕུང་པོ་གཉིས་ཀ་རྟག་པ་ལ་སོགས་ཏེ་མི་རྟག་གཉིས་ཡིན་གཉིས་མིན་པར་ལྟ་བ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །ཡང་མ་འོངས་དུས་གཞན་ན་བདག་འབྱུང་བར་འགྱུར་བ་དང་མི་འབྱུང་བ་དང་གཉིས་གཉིས་མིན་བཞི་དང་། འཇིག་རྟེན་བདག་ཕུང་མཐའ་དང་ལྡན་པ་སོགས་དང་མི་ལྡན་པ་དང་གཉི་ག་དང་གཉི་ག་མ་ཡིན་པར་ལྟ་བ་སྟེ་བརྒྱད་པོ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་པས་དགག་བྱ་ལྟ་ངན་བསྟན་པའོ། །གཉིས་པ་ལ་གཉིས། ཐ་སྙད་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་གནས་ནས་ལྟ་ངན་དགག་པ་དང་། དོན་དམ་སྤྲོས་བྲལ་ལ་གནས་ནས་ལྟ་ངན་དགག་པའམ། སོ་སོར་དགག་པ་དང་། ཐུན་མོང་དུ་དགག་པའོ། །དང་པོ་ལ་བཞི། སྔོན་གྱི་མཐའ་ལ་བརྟེན་པའི་བྱུང་སོགས་བཞི་དགག་ ― MR01_Page_0480 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ། ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ། སྔོན་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ། ཕྱི་མཐའ་ལ་བརྟེན་པའི་རྟག་བཞི་དགག་པའོ། །དང་པོ་ནི། བདག་འདས་པའི་དུས་ན་བྱུང་བར་གྱུར་ཏོ་ཞེས་བྱ་བ་དེ་ནི་མི་འཐད་དེ། རྒྱུ་མཚན་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བ་ཡི་བདག་དེ་ཉིད་ད་ལྟར་གྱི་མིའི་བདག་འདི་ནི་མ་ཡིན་ནོ། །གལ་ཏེ་སྔར་གྱི་བདག་དེ་ཉིད་ད་ལྟར་གྱི་བདག་ཏུ་འགྱུར་སྙམ་ན་དེ་མིན་ཏེ་ཉེ་བར་ལེན་པ་ཕུང་པོ་ནི་སྔ་ཕྱི་ཐ་དད་པར་འགྱུར་ཏེ་དེ་གཉིས་གཅིག་ཡིན་པ་མི་འཐད་ལ། དེ་ལྟར་ཉེར་ལེན་ཐ་དད་ཀྱང་བདག་གཅིག་ཡིན་ནོ་ཞེ་ན། མི་འཐད་དེ་ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་ནི་གང་ཞིག་ཡིན་ཏེ་མ་དམིགས་པས་མེད་དོ། །དེ་ལྟར་ཉེ་བར་ལེན་པ་ཕུང་པོ་མ་གཏོགས་པའི་བདག་ཅེས་བྱ་བ་ལོགས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱས་པའི་ཚེ་དེ་དག་གིས་ཉེར་བར་ལེན་པ་ཕུང་པོ་ཉིད་བདག་ཡིན་པར་འདོད་ན་ཁྱོད་ཀྱི་འདོད་པ་ལྟར་བདག་ནི་མེད་པ་ཡིན་ཏེ་རྒྱུ་མཚན་ཉེ་བར་ལེན་པ་ཉིད་བདག་མ་ཡིན་ཏེ། ཅིའི་ཕྱིར་ན་ཉེར་ལེན་དེ་དག་ནི་འབྱུང་བ་དང་འཇིག་པ་ཡིན་པས་བདག་གི་མཚན་ཉིད་དང་འགལ་བས་སོ། །གཞན་ཡང་ ― MR01_Page_0481 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཉེ་བར་ལེན་པ་ཉིད་བདག་ཡིན་པས་ཉེས་པ་མེད་དོ་ཞེ་ན། ཉེ་བར་བླང་བར་བྱ་བ་ནི་ཇི་ལྟ་བུར་ན་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ། བྱེད་པོ་དང་ལས་གཅིག་མིན་པས་སོ། །བདག་ཉེར་ལེན་ལས་གཞན་ཡིན་ནོ་སྙམ་ན། བདག་ནི་ཉེ་བར་ལེན་པ་ཕུང་པོ་ལས་གཞན་དུ་འཐད་པ་ཉིད་མ་ཡིན་ཏེ། གལ་ཏེ་ཕུང་པོ་ལས་གཞན་ཡིན་ན་ཉེ་བར་ལེན་པ་ཕུང་པོ་མེད་པར་ཡང་བདག་དེ་ཉིད་གཟུང་དུ་ཡོད་པར་རིགས་ན་གཟུང་དུ་མེད་དོ། །དེ་ལྟར་ན་ཉེ་བར་ལེན་པ་ཕུང་པོ་ལས་གཞན་བདག་མ་ཡིན་ནོ། །བདག་དེ་ནི་ཉེར་ལེན་ཕུང་པོ་ཉིད་ཀྱང་མིན་ལ། བདག་ནི་ཉེ་བར་ལེན་པ་ལ་ལྟོས་པ་མེད་པར་ཡོད་པ་མིན་ཞིང་། ཐ་སྙད་དུ་མེད་པ་ཉིད་དུའང་བདག་དེ་མ་ངེས་ཏེ་བརྟེན་ནས་འདོགས་པས་སོ། །དེས་ན་རི་རྭ་ལྟ་བུ་མིན་ནོ། །ཡང་བདག་འདས་པའི་དུས་ན་མ་བྱུང་ཞེས་བྱ་བ་དེ་ཡང་མི་འཐད་དོ། །འདི་ལྟར་སྔོན་ཚེ་རྣམས་སུ་བདག་ཅེས་གང་བྱུང་བ་དེ་ལས་ད་ལྟའི་བདག་འདི་ངོ་བོས་གཞན་དུ་ཡོད་པ་མ་ཡིན་ནོ། །གལ་ཏེ་ད་ལྟ་བ་འདི་ནི་སྔོན་གྱི་དེ་ལས་ངོ་བོས་གཞན་དུ་གྱུར་ན་དེ་གཉིས་ལྟོས་པ་མེད་པས་སྔོན་གྱི་བདག་དེ་མེད་པར་ ― MR01_Page_0482 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་ད་ལྟའི་བདག་འདི་འབྱུང་བར་འགྱུར་བའི་སྐྱོན་དང་དེ་བཞིན་དུ་སྔར་གྱི་བདག་དེ་ནི་ད་ལྟའང་བདག་འདི་དང་ལྷན་དུ་བུམ་སྣམ་ལྟར་གནས་པར་འགྱུར་ཞིང་རྟེན་སྔ་མ་དེར་མ་ཤི་བར་འདིར་སྐྱེ་བར་འགྱུར་རོ། །གལ་ཏེ་སྔ་ཕྱི་གཞན་སོ་སོར་སྐད་ཅིག་གིས་འཇིག་པར་ངོ་བོས་གྲུབ་པའི་བདག་ཡོད་ན་ད་ལྟའི་བདག་གི་དུས་སྔར་གྱི་བདག་འཇིག་པར་གྱུར་པས་ཆད་པར་ཐལ་བ་དང་། དེ་ལྟ་ན་ལས་བྱེད་པོའི་བདག་གིས་བྱས་པའི་ལས་རྣམས་ཆུད་ཟ་བ་དང་། བདག་སྔ་མ་ཞིག་སོང་བ་གཞན་གྱིས་བྱས་པའི་ལས་རྣམས་ནི་ཕྱིས་གསར་སྐྱེས་ཀྱི་བདག་གཞན་གྱིས་སོ་སོར་མྱོང་བ་མ་བྱས་པ་དང་ཕྲད་པ་དང་། དེ་ལ་སོགས་པར་སྐྱོན་དུ་མར་ཐལ་བར་འགྱུར་རོ། །གཞན་ཡང་སྔ་ཕྱི་བདག་གཉིས་རང་བཞིན་ཐ་དད་ན་སྔར་མ་བྱུང་བ་ལས་ཕྱིས་གསར་དུ་འབྱུང་དགོས་ནའང་བདག་ནི་སྔར་མ་བྱུང་བ་ལས་ཕྱིས་འདིར་གསར་དུ་འབྱུང་བ་མིན་ཏེ། གལ་ཏེ་ཡིན་ན་འདི་ལ་སྐྱོན་དུ་ཐལ་བར་འགྱུར་རོ། །ཇི་ལྟར་འགྱུར་ན་དེ་འདྲ་དེ་རྒྱུ་སྔ་མ་ལ་ལྟོས་ན་བདག་ནི་གསར་དུ་རྒྱུས་བྱས་པར་འགྱུར་བ་དང་། དེ་ལྟར་གྱུར་ན་མི་རྟག་པར་ཐལ་ཏེ་བུམ་པ་བཞིན་ནོ། །བདག་གསར་དུ་བྱས་པར་འདོད་ ― MR01_Page_0483 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་སྔ་ཕྱིའི་དུས་ཀྱི་ཁྱད་པར་དུ་མ་བྱས་པའི་བདག་ཙམ་དེ། ཚེ་འདིའི་བདག་གསར་བྱུང་དང་ངོ་བོ་ཉིད་གཅིག་ཡིན་དགོས་ལ། དེ་ལྟ་ན་ད་ལྟའི་བདག་སྔ་མ་རྣམས་སུ་མ་བྱུང་བ་བཞིན་བདག་ཙམ་པོའང་དེ་དང་འདྲ་བས། དེའི་རིགས་འདྲ་བདག་སྔ་མ་སྔོན་དུ་མ་སོང་བས་ཐོག་མ་ཡོད་པ་དང་། སྔོན་མེད་པའི་སེམས་ཅན་གསར་དུ་འབྱུང་བར་ཐལ་ལོ། །མ་བྱུང་བ་ལས་རྒྱུ་མེད་པར་རམ་མི་ལྟོས་པར་འབྱུང་བའང་ཏེའང་སྒྲས་གང་གིས་སྐྱོན་དང་རྒྱུ་མེད་པ་ཅན་དུ་འགྱུར་རོ། །བདག་གི་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བས་གསར་བྱུང་ཡིན་ན་རྒྱུ་མེད་དུ་འགྱུར། ཡང་ན་འབྱུང་བའམ་ཞེས་བདག་བྱས་པར་འགྱུར་བའམ་བདག་རྒྱུ་མེད་དུ་ཐལ་བ་དང་། ཡང་ན་འདས་དུས་མ་བྱུང་བར་ཁས་མི་བླང་ངོ་། །དེ་ལྟར་བདག་སྔར་བྱུང་བ་དང་། བདག་སྔར་མ་བྱུང་བ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་འདས་པའི་དུས་ལ་བརྟེན་ཏེ་ལྟ་བ་གང་ཡིན་པ་དེ་དག་འཐད་པ་མ་ཡིན་ནོ། །གཉིས་པ་ཕྱི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ་ནི། མ་འོངས་པའི་དུས་གཞན་ན་འབྱུང་བར་འགྱུར་བ་དང་འབྱུང་བར་མི་འགྱུར་བ་དང་གཉིས་ཀ་དང་གཉིས་ ― MR01_Page_0484 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀ་མ་ཡིན་པ་ཞེས་བྱ་བར་ལྟ་བ་གང་ཡིན་དེ་དག་ནི་འདས་པའི་དུས་དང་དཔྱད་པ་མཚུངས་པ་ཡིན་པས། མ་འོངས་པའི་དུས་ན་བདག་འབྱུང་ཞེས། བྱ་བ་དེ་ནི་སོགས་སུ་འདོན་པ་བསྒྱུར་པས་ཤེས་སོ། །གསུམ་པ་སྔོན་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ་ནི། མིའི་འགྲོ་བས་དགེ་བའི་ལས་བྱས་ནས་ལྷའི་འགྲོ་བར་སྐྱེས་པའི་ཚེ་གལ་ཏེ་ལྷ་དེ་ཉིད་མི་དེའང་ཡིན་ན། དེ་ལྟ་ན་ནི་སྲིད་པ་དེ་རྟག་པར་འགྱུར་བས་མི་འཐད་དོ། །ལྷ་ནི་མ་སྐྱེས་པ་ཉིད་དུའང་འགྱུར་ཏེ་རྒྱུ་མཚན་རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་ལྷ་ལས་མི་གཞན་དུ་གྲུབ་ན། དེ་ལྟ་ན་ནི་སྔ་མ་ཞིག་ཅིང་ཕྱི་མར་སྐྱེས་པའི་མི་རྟག་པར་འགྱུར་རོ། །གལ་ཏེ་ལྷ་མི་གཞན་ཡིན་ན་རྒྱུད་ནི་རྒྱུད་གཅིག་ཡིན་པ་ནི་འཐད་པར་མི་འགྱུར་རོ་སྟེ་ཨ་མྲའི་ཤིང་དང་ནིམ་པའི་འབྲས་བུ་བཞིན་ནོ། །སྲོག་གམ་བདག་གི་ཆ་ནས་ལྷ་མི་གཉིས་གཅིག་ལ། ལུས་སོ་སོར་འདོད་པ་ལྟ་བུ་ཡིན་ན། གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ་ཕྱོགས་གཅིག་མི་ནི་ཡིན་པར་གྱུར་ན་རྟག་པ་དང་མི་རྟག་པ་གཉིས་ཀར་འགྱུར་བ་ཡིན་པའི་ཕྱིར་ན་དེ་ལྟ་བུ་ཡང་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། །གལ་ཏེ་རྟག་པ་ཞེས་བྱ་ ― MR01_Page_0485 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དང་མི་རྟག་པ་ཞེས་པ་གཉིས་ཀ་གྲུབ་པར་གྱུར་ན་ནི་རྟག་པ་མ་ཡིན་པ་དང་མི་རྟག་པ་མིན་པར་འགྲུབ་པར་འགྱུར་བ་འདོད་ལ་རག་མོད། གལ་ཏེ་དགག་བྱ་རྟག་མི་རྟག་ཅེས་བྱ་བ་གཉིས་ཀ་བདག་གི་ངོ་བོ་ལ་གྲུབ་པ་ཅུང་ཟད་ཀྱང་མེད་ན། གཉིས་མིན་ཀྱང་མེད་དོ། །འདིར་གཞི་གཅིག་ལ་རྟག་མི་རྟག་གཉིས་ཀའི་ཡིན་པ་ཐ་དད་དུ་གྲུབ་ན་གཉིས་ཡིན་དང་། ཐ་མི་དད་དུ་གྲུབ་ན་གཉིས་མིན་ཡིན་ཀྱང་། རྟག་པ་གང་ཞིག་མི་རྟག་པར་མཐོང་མི་རྟག་པ་གང་རྟག་པར་ཡང་མཐོང་སྲིད་ན་དེ་ཡིན་ཀྱང་དེ་གཉིས་སྣང་མུན་ལྟར་གཅིག་ལ་མིན་ཏེ། གང་དུ་མཐོང་བས་གཅིག་ཤོས་ཡོད་ཅེས་སོ། །གལ་ཏེ་འཁོར་བ་ཐོག་མེད་ནས་སྐྱེ་འཆི་བརྒྱུད་མར་བྱས་ཏེ་འཁྱམས་ཤིང་། ད་དུང་ཡང་འཁྱམས་འགྱུར་གྱི་དངོས་པོ་ཡོད་པས་འཁོར་བ་པོ་རྟག་པ་ཅིག་ཡོད་ལ། དེ་བདག་ཡིན་ནོ་སྙམ་ན། གལ་ཏེ་བདག་གམ་ཕུང་པོ་གང་ཞིག་སྔ་མ་གང་ནས་འདི་གར་འོང་ཞིང་ཅི་ཞིག་ད་གདོད་གང་དུའང་འགྲོ་བར་འགྱུར་བ་རང་བཞིན་གྱིས་ཡོད་ན་དེ་ཕྱིར་དེ་ལ་ཐོག་མ་མེད་པས་འཁོར་བ་ཐོག་མ་མེད་པར་རྟག་པར་འགྱུར་ནའང་དེ་ལྟ་བུ་ནི་ཡོད་མ་ ― MR01_Page_0486 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་ཏེ། བདག་གམ་ཕུང་པོ་རང་བཞིན་གྱིས་གྲུབ་པ་རྟག་མི་རྟག་གང་ཡང་། འགྲོ་འོང་མི་འཐད་པར་རབ་བྱེད་བཅུ་དྲུག་པ་སོགས་ལས་བཤད་ཟིན་པས་སོ། །དེས་ན་འཁོར་བ་ཐོག་མ་མེད་པ་ཞེས་པའང་བློས་བཏགས་པ་ཙམ་མོ། །ཇི་སྐད་བཤད་པའི་ཚུལ་གྱིས་གལ་ཏེ་འཁོར་བ་པོ་རྟག་པ་འགའ་ཡང་མེད་ན་འཁོར་བ་ཐོག་མཐའ་མེད་པར་འཁོར་བའི་མི་རྟག་པ་གང་ཞིག་ཡིན་པར་འགྱུར་ཏེ། ཐོག་མཐའ་མེད་པ་ནི་སྐད་ཅིག་གཅིག་མིན་ལ་མི་རྟག་པ་སྐད་ཅིག་མ་ཡིན་པས། དེ་སྐྱེ་བ་སྔ་ཕྱི་འདོར་ལེན་གྱི་བྱེད་པ་པོར་ཇི་ལྟར་རིགས་ཏེ་མི་རིགས་སོ། །ཡང་ན་དངོས་པོ་རྟག་པ་འགའ་ཡང་མེད་ན་ཞིག་པའི་མི་རྟག་པ་གང་ཞིག་ཡིན་ཏེ། གང་མི་རྟག་པ་ཉིད་ནི་མི་རྟག་པས་ཟ་མི་ནུས་ཏེ་སྐད་ཅིག་མ་ལ་འཇིག་པ་གཞན་མི་འབྱུང་བ་བཞིན་ནམ། ཆུས་ཆུ་བརླན་མི་ནུས་པ་བཞིན་ནོ། །མི་རྟག་པ་མིན་པའི་དངོས་པོ་མེད་དོ། །དེས་ན་མི་རྟག་པ་གང་ཞིག་ཡིན་ཞེས། དཔེར་ན། རྟག་ལ་མི་རྟག་ཡོད་མིན་ཏེ། མི་རྟག་པ་ལའང་མི་རྟག་མེད་ཅེས་པ་སྦྱར་རོ། །མི་རྟག་པ་ལ་རྟག་པ་མེད་ལ། རྟག་པ་ལའང་མི་རྟག་པ་མེད་པས་གཉིས་ ― MR01_Page_0487 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་དང་། གཉིས་མིན་མེད་དེ་དགག་བྱ་བསལ་བར་གྱུར་པའོ། །ཞེས་ཀུན་འཆད། སྒྲུབ་བྱའི་ངོས་ནས་ཀྱང་མེད་དོ། །དེས་ན་རྟག་པ་དང་ནི་མི་རྟག་པ་རེ་རེ་དང་། དེ་གཉིས་ཀ་ཚོགས་པའི་གཉིས་ཀའང་བསལ་བར་གྱུར་པ་གཉིས་མིན་ཡང་མེད་པའོ། །ཞེས་སོ། །བཞི་པ་ཕྱི་མའི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ་ནི། གལ་ཏེ་འཇིག་རྟེན་བདག་དང་ཕུང་པོ་འདི་ལ་མཐའ་ཡོད་དེ་ཆད་ན་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ་དགྲ་བཅོམ་ཐ་མའི་ཕུང་པོ་བཞིན་ནོ། །གལ་ཏེ་འཇིག་རྟེན་མཐའ་མེད་ན་ཡང་འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར་ཏེ་ཕུང་པོ་སྔ་མའི་རྗེས་སུ་ཕྱི་མ་གསར་དུ་སྐྱེ་བ་ལེན་པ་མེད་པས་སྔ་ཕྱི་ཐམས་ཅད་རིལ་བོ་གཅིག་ཏུ་འགྱུར་རོ། །གང་གི་ཕྱིར་ན་ཕུང་པོ་རྣམས་ཀྱི་རྒྱུན་རྗེས་སུ་འགྲོ་ཞིང་སྔ་མ་འགགས་པ་འདི་ནི་མར་མེའི་རྒྱུན་སྐྱེ་འགག་གིས་འོད་འབྱིན་པ་དང་མཚུངས་ཏེ་སྔ་མ་འགགས་པས་ན་མཐའ་མེད་པ་སེལ་ལ། ཕྱི་མ་འབྱུང་བས་ནི་མཐའ་ཡོད་པ་སེལ་ལོ། །དཔེ་དེ་ཡི་ཕྱིར་སྔ་མའི་མཐའ་འདིའོ་ཞེས་ཡོད་པ་ཉིད་དང་ནི་མཐའ་མེད་པ་གཅིག་གོ་ཞེས་པ་ཉིད་ཀྱང་མི་རིགས་སོ། ། ― MR01_Page_0488 ―
[མ་དཔེ་གཟིགས་ན་འདིར་གནོན།]
གལ་ཏེ་སྐད་གཅིག་སྔ་མ་འཇིག་པར་འགྱུར་ཞིང་འཇིག་བཞིན་པའི་ཕུང་པོ་འདི་ལ་བརྟེན་བྱས་ནས་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་བ་ཞིག་ཡིན་ན་ཚུལ་དེས་ན་མར་མེ་ཤི་བ་ལྟར་འཇིག་རྟེན་ལ་མཐའ་ཡོད་པར་འགྱུར་རོ། །གལ་ཏེ་སྔ་མ་མི་འཇིག་ཅིང་ཕུང་པོ་འདི་ལ་བརྟེ༷ན་བྱས་ནས་ཕུང་པོ་ཕྱི་མ་དེ་ནི་གསར་དུ་མི་འབྱུང་ན་དེས་ན་འཇིག་རྟེན་ལ་མཐའ་མེད་པར་འགྱུར་ན་དེ་གཉིས་མི་རིགས་པས་སོ། །གལ་ཏེ་ཕྱོགས་གཅིག་ལ་མཐའ་ཡོད་ལ་ཕྱོགས་གཅིག་གི་མཐའ་ནི་མེད་པར་འགྱུར་ན་འཇིག་རྟེན་མཐའ་ཡོད་མཐའ་མེད་གཉིས་ཀར་འགྱུར་ནའང་དེ་གཉིས་འགལ་བས་ན་དེ་ལྟ་བུ་ཡང་རིགས་པ་མ་ཡིན་ནོ། །རྒྱུ་མཚན་ཇི་ལྟ་བུར་ན་ཉེ་བར་ལེན་པ་པོའི་ཕྱོགས་གཅིག་ནི་རྣམ་པར་འཇིག་པར་འགྱུར་ལ་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་ན་ཕྱོགས་གཉིས་ཀར་བསྟན་པའི་རིགས་པས་གནོད་པས་དེ་ལྟར་ཉེར་ལེན་ལ་དེ་གཉིས་ཡོད་པ་དེ་ནི་མི་རིགས་སོ། །ཡང་རྒྱུ་མཚན་ཇི་ལྟ་བུ་ན་ཉེར་ཏེ་ཉེ་བར་བླང་བ་ཕུང་པོ་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བས་དེ་ལྟར་དེ་ཡང་མི་རིགས་སོ། །གལ་ཏེ་དགག་བྱ་མཐའ་ཡོད་ ― MR01_Page_0489 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མཐའ་མེད་པ་གཉིས་ཀ་གྲུབ་པར་གྱུར་ན་ནི་དེ་བཀག་པའི་མཐའ་ཡོད་མ་ཡིན་མཐའ་མེད་མིན་པའི་ཕུང་གསུམ་ངོ་བོས་འགྲུབ་པར་འགྱུར་བ་འདོད་ལ་རག་ན་ཡང་དེ་མེད་པས་སོ། །དེ་ལྟར་ཕུང་པོ་སྔ་ཕྱིའི་རྒྱུན་འབྲེལ་བར་བར་མཚམས་མེད་པར་རྒྱུ་འབྲས་ལྡོག་འཇུག་བྱེད་པ་ནི་མར་མེ་དང་འདྲ་བར་འཇུག་པའོ། །ཞེས་སོ། །ཉེ་བར་ལེན་པ་རྣམ་པ་ལྔར་བཙལ་ན་མེད་པས་དང་། འཇིག་མི་འཇིག་འགལ་བ་གཞི་གཅིག་ལ་འདུ་བ་མི་སྲིད་དོ། །ཞེས་སོ། །གཉིས་པ་ཐུན་མོང་དུ་དགག་པ་ནི། ཡང་ན་དོན་དམ་སྤྲོས་བྲལ་ལྟ་བུ་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་དག་རྟེན་འབྲེལ་གཟུགས་བརྙན་ལྟར་སྟོང་པའི་ཕྱིར་རྟག་མི་རྟག་ལ་སོགས་མཐའ་བཞིར་ལྟ་བ་བཅུ་དྲུག་པོ་གང་དག་ཡུལ་དུས་གང་དུ་གང་ཟག་གང་ལ་ནི་རྒྱུ་མཚན་ཅི་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་བ་ནི་དེ་ཐམས་ཅད་སྟོང་པར་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་བ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའོ།། །།གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་མཆོད་ནི། མགོན་པོ་གང་གིས་དམ་པའི་ཆོས་སྟོན་པའི་རྒྱུ། ཤིན་ཏུ་རྣམ་པར་དག་ ― MR01_Page_0490 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཐུགས་མཁྱེན་པའི་ཡེ་ཤེས་དང་། དམིགས་མེད་བརྩེ་བའི་ཐུགས་སྙིང་རྗེ་ཆེན་པོས། རྙེད་བཀུར་གྲགས་འདོད་ལན་ལ་རེ་བ་སོགས་ཀྱིས་མ་ཡིན་པར་འགྲོ་བ་འདི་ཀུན་ཉེ་བར་ཏེ་ཉེར་བཟུང་ནས། དགོས་པ་ཕྱིན་ཅི་ལོག་གི་མཐར་འཛིན་གྱི་ལྟ་བ་ངན་པ་གང་ཡོད་པ་ཐམས་ཅད་སྤང་བའི་ཕྱིར། བསྟན་པར་བྱ་བ་མཐའ་གཉིས་ལ་མི་གནས་པའི་མཁྱེན་པའི་ཡེ་ཤེས་དེ་ཡི་རྒྱུ་མཐུན་པ། སྤང་རྟོགས་མཐར་ཕྱིན་པའི་རྒྱུ་ཡིན་པས་དམ་པ། ལེགས་པའམ་དོན་གཉིས་ཕུན་སུམ་ཚོགས་པའི་མཐུ་འཛིན་པས་ཆོས་སམ། ཡང་ན་དམ་པ་འཕགས་པ་རྣམས་དང་། དེའི་ཆོས་སྲིད་ཞིའི་གཡང་ས་ལས་འཛིན་པས་སམ། དམ་པས་བསྔགས་པར་འོས་པས་དམ་པ། མཐར་ལྟའི་དམིགས་པ་ཀུན་གྱི་གཡང་ས་ལས་འཛིན་པར་བྱེད་པས་ན། དམ་པའི་ཆོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྟེན་འབྱུང་སྤྲོས་ཀུན་ཉེ་བར་ཞི་བ་ཉིད་ནི་སྟོན་པར་མཛད་པ། གཽ༷་ཏམ་སྟེ་དྲང་སྲོང་གཽ་ཏ་མའི་རིགས་སུ་འཁྲུངས་པས་གདུང་ལས་བཏགས་པའི་མཚན་ཏེ། མཉམ་མེད་ཤཱཀྱ་སེང་གེ་དེ་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གུས་པས་ཕྱག་འཚལ་ལོ། །ཞེས་སོ། གསུམ་པ་ ― MR01_Page_0491 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཇུག་དོན་བསྟན་བཅོས་ཡོངས་སུ་རྫོགས་པའི་མཛད་བྱང་ནི། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པར་གཏོགས་པས་དེའི་དོན་རྣམ་པར་བཞག་པ། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དྭངས་པའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ། །དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་སྟེ་ཡེ་ཤེས་སྙིང་པོ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་ ― MR01_Page_0492 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདུན། ཤོ་ལོ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་ཞེས་དབུས། གཙུག་ལག་ཁང་རིན་ཆེན་སྦས་པ་ཞེས་བྱ་བའི་དབུས་སུ་ཁ་ཆེའི་མཁན་པོ། རྟོག་གེ་པ་ཆེན་པོ་ཧ་སུ་མ་ཏི་སྟེ་བཞད་པའི་བློ་གྲོས་དང་བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་རྒྱལ་པོ་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་ཁ་ཆེའི་དཔེ་དང་མཐུན་པར་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པའོ། །སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་སྟེ་གསེར་གྱི་གོ་ཆ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་བསྟུན་ནས་ཞུ་ཆེན་བགྱིས་པའོ། །འདིར་སྨྲས་པ། འཕགས་བོད་དམ་པའི་རྣམ་བཤད་དོན། །བློ་མཆོག་མངའ་བས་བདེར་དྲངས་ཏེ། །བླ་མའི་ངག་གིས་ཉེར་བརྒྱན་པས། །འཕགས་པའི་དགོངས་པ་མཆོག་ལ་ཞུགས། །སྔོན་རབས་མཁས་མང་ལུགས་བཟང་ལུགས་བཞིན་དྲི་མ་མེད། །མ་ནོར་དམ་པའི་ངག་གང་དག་གི་དབང་པོ་ཡི། །ཕུལ་བྱུང་འོད་ཟེར་རྣམ་དག་རྣམ་པར་ཐོབ་ ― MR01_Page_0493 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་ཏེ། །དེ་སླད་འདིར་ཞུགས་བློ་གསལ་བློ་ཡི་དཔལ་ཐོབ་འགྱུར། །དགེ་བས་བསྟན་པའི་སྙིང་པོ་དམིགས་མེད་ལམ། །ཕྱོགས་མཐར་རྒྱས་བྱེད་ཡོད་མེད་ཕྱོགས་འཇིག་པའི། །རིགས་པར་སྨྲ་ལ་དཔལ་ལྡན་བློ་བརྙེས་ཏེ། །གནས་ལུགས་སེང་གེའི་སྒྲ་ཆེན་སྒྲོགས་གྱུར་ཅིག །ཅེས་གངས་ཁྲོད་སྨྲ་བའི་སེང་གེ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ཕྱག་མཆན་ལས། སྔར་ཀཿཐོག་ཏུ་སྐྱབས་མགོན་སི་ཏུ་རིན་པོ་ཆེའི་བདག་རྐྱེན་ལས་ཞལ་བཤུས་དང་། གོང་འོག་གི་ཚིགས་བཅད་ལྗགས་རྩོམ་བཅས་གནང་ནའང་མཛད་པ་འཕྲོ་ཅན་དུ་གྱུར་ཏེ་ཞུས་དག་སོགས་ཞིབ་ཆ་མ་གྲུབ་པར། སླར་རབ་ཚེས་མེ་སྟག་ལོར་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ། ༧ཟེ་ཆེན་པ་འགྱུར་མེད་པདྨ་རྣམ་རྒྱལ་དང་། ལུང་རིགས་སྨྲ་བའི་དབང་ཕྱུག་མཁན་རིན་པོ་ཆེ་ཀུན་བཟང་དཔལ་ལྡན་བཅས་ནས་རྩ་བའི་ཕྱག་མཆན་དང་བསྡུར་ཡང་བསྐྱར་གྱིས་ཞུས་ཆེན་བགྱིད་དེ་ལེགས་པར་གཏན་ལ་ཕབ་པ་སྟེ། འདིས་ཀྱང་འཇམ་མགོན་རྡོ་རྗེ་འཆང་ཡབ་སྲས་ ― MR01_Page_0494 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་ཐུགས་དགོངས་རྫོགས་ཤིང་བསྟན་དང་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག ༈ །ཨོཾ་སྭ་སྟི། དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་མཛོད། །མཐའ་བྲལ་དབུ་མའི་ཁང་བཟང་ཉམས་དགའ་བར། །རྒྱལ་བས་ལུང་གི་རྔ་ཆེན་རབ་བསྒྲགས་པ། །ཤིང་རྟ་ཆེན་པོ་དཔལ་ལྡན་ཀླུ་དབང་གི ༡༽ །ལེགས་པར་གསུངས་པའི་དབུ་མ་རྩ་བའི་གཞུང་། །ཚིག་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་འདི། །མི་ཕམ་གཉིས་པ་རྣམ་རྒྱལ་རྒྱ་མཚོས་བྱིན། །འདི་ནི་འཁྲུལ་བྲལ་ནོར་བུ་ཀེ་ཏ་ཀ ༢༽ །བསྟན་པ་སྤྱི་དང་སྔ་རབས་བཞེད་སྲོལ་གྱི། །ངེས་དོན་ཟུང་འཇུག་བདེ་བླག་རྟོགས་པའི་ ― MR01_Page_0495 ―
[མ་དཔེ་གཟིགས་ན་འདིར་གནོན།]
སླད། །ཆོས་སྦྱིན་སྤར་གྱི་སྒོ་ཆེན་འདིར་བཞེངས་དགེས། །སྲིད་གསུམ་བདེ་བར་གཤེགས་པའི་གནས་ཐོབ་ཤོག ༣༽ །ཅེས་པའང་སྐྱབས་རྗེ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་དགོངས་རྫོགས་སུ་བཞེངས་པའི་སྐབས་སྤར་བྱང་སྨོན་ཚིག་འདིའང་དགེ་སློང་ཞིང་སྐྱོང་ནས་གསུང་བསྐུལ་ལྟར་འཇམ་དབྱངས་མཁྱེན་བརྩེའི་བྱིན་བརླབ་ཆ་ཤས་ཙམ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྨོན་པ་སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །། |