རྒྱུད་དོན་དངོས་བཤད་པ།

གཉིས་པ་རྒྱུད་དོན་དངོས་བཤད་པ་ནི། གསང་བདག་སྒྲོ་ཕུག་པའི་བཞེད་པས། རང་བཞིན་དངོས་པོའི་གནས་ཚུལ།མ་རྟོགས་འཁྲུལ་པའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བའི་ཐུགས་རྗེ་སྐྱེས་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔས་འཆད་པ་སོགས་ཡོད་མོད་ཀྱི། བླ་མ་དམ་པ་རྣམས་སྒྱུ་འཕྲུལ་ཁོག་གཞུང་ལས།རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པའི་རྗེས་སུ་འབྲང་སྟེ་འཆད་པར་མཛད་པས་འདིར་ཡང་དེ་བཞིན་དུ་བཤད་པར་བྱའོ།།

དེ་ལ་གསུམ། མགོ་སྨོས་པས་གོ་བའི་གདུལ་བྱ་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ། ཅུང་ཟད་ཕྱེ་སྟེ་བཤད་པས་གོ་བའི་དབང་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་དང་། རྣམ་པར་སྤྲོས་པས་གོ་བའི་དབང་པོ་ཐ་མ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་བཤད་པའོ།།དེ་ཡང་གདུལ་བྱ་ཤེས་རབ་ཀྱི་འཇུག་པ་མྱུར་བའི་དབང་རྣོན་རྣམས་ལ་མཚན་དོན་བཤད་པ་ཙམ་གྱིས་རྒྱུད་ཀྱི་བརྗོད་བྱའི་གནད་མཐའ་དག་རྟོགས་ནུས་པས་དེའི་ཆེད་དུ་མཚན་བསྟན་པ་ཡིན་ཡང་དེ་ཁོ་ནའི་ཆེད་དུ་མཚན་བསྟན་པ་མིན་ཏེ། དབང་པོ་འབྲིང་ཐ་གཉིས་ལ་མགོ་སྨོས་པས་གོ་བའི་བག་ཆགས་བཞག་པའི་ཆེད་དུའང་བསྟན་དགོས་པའི་ཕྱིར་རོ།།དབང་འབྲིང་ལ་སྤྱི་དོན་བཤད་པས་རྒྱུད་དོན་གྱི་འགངས་གཤོག་པའི་གོ་བ་སྐྱེད་ནུས་པས་གཙོ་བོར་དེ་ལ་བསྟན་པར་བྱ་བ་ཡིན་ཡང༌། དབང་པོ་ཐ་མ་ལའང་འབྲུ་གཉེར་དགྲོལ་བའི་སྔོན་དུ་ལུས་རྣམ་གཞག་ལ་བསླབ་པས་དཀྱུས་མཐོང་ནས་རྟ་རྒྱུག་པ་ལྟར་གཞུང་གི་ཚིག་དོན་བཟུང་བདེ་བའི་དགོས་པ་ཡོད་དོ།།

དང་པོ་མཚན་ལ་རྣམ་གྲངས་གསུམ་གྱི་དང་པོ་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། དེའི་དོན་ཡང་བཤད་རྒྱུད་མེ་ལོང་ལས།ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དོ།།ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས། རྡོ་རྗེ་ནི་མི་ཕྱེད་མི་ཤིགས་པ་སྟེ་ཤེས་རབ་སྟོང་པ་ཉིད་དོ། །འདིའི་གོང་འོག་ཏུ་སྟོང་པ་ཉིད་ཅེས་བཤད་པ་རྣམས་ནི་འོད་གསལ་གྱི་རང་བཞིན་རྣམ་པར་མི་རྟོག་པའི་ཆ་ལ་སྤྲོས་པའི་ཀུན་རྟོག་དང་བདེན་དངོས་གཉིས་ཆར་གྱིས་སྟོང་པས་སྟོང་པ་ཁོ་ནའི་རྣམ་པ་ཅན་ཡིན་པ་དང༌། མན་ངག་དང་ལྡན་པའི་རྣལ་འབྱོར་པས་དེ་ལ་མཉམ་པར་བཞག་པ་ཉིད་ཀྱིས་སྟོང་ཉིད་ལ་མཉམ་པར་བཞག་པར་འགྲོ་བས་དེར་བརྗོད་དེ། འདི་ལ་ཀུན་མཁྱེན་བླ་མ་དང་གཏེར་བདག་གླིང་པ་སོགས་མ་ཡིན་དགག་གི་སྟོང་ཉིད་ཅེས་གསུངས་ཏེ། དེ་ནི་ཐབས་ཤེས་གཉིས་ཀྱི་ནང་ནས་ཤེས་རབ་ཀྱི་ཕྱོགས་ཡིན་པས་ཤེས་རབ་ཅེས་བྱ་ཡི། སེམས་བྱུང་ཤེས་རབ་མིན་ནོ།།སེམས་དཔའ་ནི་ས་ཏྭའི་སྒྲ་སྐབས་འདིར་བརྟན་བསྡུས་རྟོགས་གསུམ་ལ་བཤད་དེ། ཐབས་རང་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་རབ་སྟོང་པ་ཉིད་དང་རོ་གཅིག་པའི་ཟུང་འཇུག་རང་བཞིན་རྣམ་དག་དེ་ཐོག་མ་དང་ཐ་མ་མེད་པའི་དུས་སུ་གནས་ཤིང་མཚན་ཉིད་གཞན་དུ་མི་འགྱུར་བས་བརྟན་པ་དང༌། དེ་ཉིད་ཀྱི་ཕྱག་རྒྱས་བརྟན་གཡོ་ཀུན་ལ་བཏབ་པའམ། བརྟན་གཡོ་ཐམས་ཅད་དེའི་ཆོ་འཕྲུལ་དུ་ཤར་བས་མཉམ་པ་ཉིད་དུ་གནས་པས་ན་བསྡུས་པ་དང༌། གནས་ལུགས་རྡོ་རྗེ་ལྟ་བུའི་དོན་དེ་ཉིད་སྒྲིབ་པ་དང་བྲལ་ཞིང་ཚོགས་ཆེན་གཉིས་རྫོགས་པའི་མཐུས་ཇི་བཞིན་པར་མངོན་དུ་མཛད་པ་ནི་རྟོགས་པ་སྟེ། སྔ་མ་གཉིས་གཞི་འབྲས་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་ཞེས་གནས་ཚུལ་ལ་ལྟོས་ནས་བཞག་ཅིང༌། ཕྱི་མ་འབྲས་བུའི་རྡོར་སེམས་ཞེས་སྣང་ལུགས་དྲི་བྲལ་གྱི་ཆ་ནས་བཞག་གོ།དེ་ཉིད་མཚན་མའི་ཕྱག་རྒྱར་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་མི་བསྐྱོད་པ་ལའང་རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། བརྟན་བསྡུས་རྟོགས་གསུམ་གཅིག་ཏུ་གྱུར་པའི་དཀྱིལ་འཁོར་གྱི་གཙོ་བོ་དངོས་མི་སློབ་ཟུང་འཇུག་ཡིན་ཡང་རྡོ་རྗེ་བརྟན་བསྡུས་གཉིས་བསྒྲུབ་གཞིར་བཟུང་སྟེ་རྟོགས་པའི་རྡོ་རྗེ་ལམ་བྱེད་ལ་གནས་པའི་བསྐྱེད་རིམ་གྱི་རྡོར་སེམས་དང༌། དེ་ཡར་ལྡན་དུ་སོང་བའི་རྫོགས་རིམ་པའི་རྡོར་སེམས་ཀྱང་ཆ་འདྲ་ཙམ་དུ་བྱ་དགོས་སོ།།སྒྱུ་འཕྲུལ་དྲྭ་བ་ནི། རྡོ་རྗེ་ལས།ཐབས་དང་ཤེས་རབ་འབྲེལ་བའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས། རྟོག་ཚོགས། ངེས་དོན། དྲང་དོན། ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་དྲྭ་བཞི་ལས། དང་པོ་ནི།འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པའི་སྐབས་སུ་བཤད་པ་ལྟར་འབྱུང་བ་ལྔའི་བཅུད་འདུས་པའི་ཐིག་ལེའི་ཆ་ཕྲ་བ་རྣམས་ཕུང་ཁམས་ཀྱི་སྣང་བ་རིས་སུ་མ་ཆད་པར་འཆར་བའི་གཞིར་གྱུར་པས་ན་སྒྱུ་མ་དང༌། དེ་ལས་ཕུང་ཁམས་རགས་པའི་ཆ་སྣ་ཚོགས་སུ་ཤར་བ་ནི་འཕྲུལ་པ་དང༌། དེ་གཉིས་རྟེན་དང་བརྟེན་པར་འབྲེལ་བ་ལ་དྲྭ་བ་ཞེས་བྱའོ།།གཉིས་པ་ནི། དེ་ལྟར་སྣང་བ་སྒྱུ་མ་ལྟར་རིས་མེད་དུ་འཆར་བའི་གནད་མཐར་ཐུག་ནི་ཤེས་རབ་སྟོང་པ་ཉིད་ཡིན་པས་དེ་ལ་སྒྱུ་མ་ཞེས་བྱ་ཞིང༌། དེའི་རང་གདངས་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་འཕྲུལ་པ་དང༌། དེ་གཉིས་ངོ་བོ་དབྱེར་མེད་དུ་འབྲེལ་བ་ལ་དྲྭ་བ་ཞེས་བྱའོ།།གསུམ་པ་ནི། དེ་མཚོན་པའི་རྟགས་ཀྱི་ཕྱག་རྒྱར་སྣང་བ་ལྷ་ཡུམ་རྣམས་ནི་སྒྱུ་མ་དང༌། ཡབ་རྣམས་འཕྲུལ་པ། ཡབ་ཡུམ་ཁ་སྦྱོར་བདེ་བའི་སྐུར་བཞུགས་པ་དྲྭ་བའི་དོན་ཏོ།།བཞི་པ་ནི། སྒྱུ་མ་ནི་རྟོག་ཚོགས། དེ་ཉིད་རང་རིག་རྟོགས་པའི་ཐབས་ཀྱིས་ལྷར་ཤར་བ་ནི་འཕྲུལ་པ། ལྷ་རྟོག་རང་བཞིན་གཉིས་སུ་མེད་པར་འབྲེལ་བ་ནི་དྲྭ་བའོ། །འདི་རྣམས་ཀྱང་གཞི་དང་འབྲས་བུའི་དབང་དུ་བྱས་པར་གསུངས་པས་གཞི་ལ་སྦྱར་ན་རྟོག་ཚོགས་དང༌། དེའི་སྣང་གཞི་སེམས་ཉིད་འོད་གསལ་ཏེ། སྒྱུ་དྲྭ་སྔ་མ་གཉིས་ཙམ་དང༌། འབྲས་བུ་ལ་སྦྱར་ན་རྟོག་ཚོགས་ནི། འབྲས་བུའི་ཆོས་ལ་གཞིའི་ཆོས་ཀྱི་མིང་གིས་བཏགས་ན་མ་གཏོགས་མེད་ལ། ངེས་དོན་ནི་རྟོགས་པ་ཆོས་ཀྱི་སྐུ་དང༌། དྲང་དོན་ནི་གསང་སྔགས་ཐུན་མིན་གྱི་གཟུགས་སྐུ་དང༌། ལྷ་རྟོག་དབྱེར་མེད་ནི། ཕུང་ཁམས་ཐམས་ཅད་རོ་མཉམ་རྡོ་རྗེའི་ལྷར་དག་པའོ།།གཙོ་བོའི་དབང་དུ་བྱས་ན། རྡོ་རྗེ་སེམས་དཔའ་ལྷག་པ་དོན་དམ་གྱི་ཕྱོགས་ནས་དང༌། སྒྱུ་འཕྲུལ་དྲྭ་བ་ཀུན་རྫོབ་ཀྱི་ཕྱོགས་ནས་བཤད་པ་འདྲ་ལ། གཞིའི་རྡོར་སེམས་སྒྱུ་དྲྭ་ཤེས་ནས། འབྲས་བུའི་རྡོར་སེམས་སྒྱུ་དྲྭ་འཐོབ་ཕྱིར་དུ་གཞི་འབྲས་གཉིས་ཀ་ལམ་དུ་བྱེད་པའི་ལམ་རྒྱུད་ལའང་མཚན་དེ་ལྟར་འདོགས་པར་གསུངས་སོ།། གཉིས་པ་ཆེ་བ་ལས་མཚན་དུ་བཏགས་པ་ནི། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པ་སྟེ། དེའི་དོན་ཡང་རྡོ་རྗེ་ལས།སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན།།དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་ཏེ། མཚན་ཉིད་ཐེག་པའི་གསུང་རབ་ཀྱི་བརྗོད་བྱར་གྱུར་པ་མངོན་མཐོ་དང༌། ངེས་ལེགས་དང༌། ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་ཐམས་ཅད་འདིའི་ལམ་སྟེགས་སུ་བསྟན་ཅིང༌། གསང་སྔགས་ཕྱི་པའི་མཚན་བཅས་མཚན་མེད་ཀྱི་ལམ་དང༌། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་བརྗོད་བྱའི་སྙིང་པོ་ཟབ་གསལ་གཉིས་མེད་ཀྱི་གནད་གསང་མ་ལུས་པ་རྒྱུད་འདིར་སྟོན་པ་དང༌། སྡེ་སྣོད་དང་རྒྱུད་སྡེ་གཞན་ཐམས་ཅད་འདིར་བསྟན་པའི་དོན་དེ་དག་ཉིད་ལས་བརྩམས་ཏེ་གསུངས་པས་འདི་ལས་འཕྲོས་པ་དང༌། བསྟན་པ་དེ་དག་ཐམས་ཅད་རྒྱུད་འདིའི་དགོངས་དོན་ལྷག་པའི་བདེན་གཉིས་དབྱེར་མེད་ལ་འཇུག་པའི་ཆེད་དུ་དངོས་སམ་བརྒྱུད་ནས་གཞོལ་བ་སྟེ། དེ་དག་གི་ཕྱིར་ལུང་ཐམས་ཅད་སྤྱི་ཆིངས་སུ་གྱུར་པ་ཡིན་ནོ། །འདི་ལ་ལུང་དང་མཐུན་པའི་མཚན་ཞེས་ཀྱང་གསུངས་སོ།།

གསུམ་པ་དོན་རང་གི་ངོ་བོ་ལས་བཏགས་པའམ་མན་ངག་དང་མཐུན་པའི་མཚན་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་གླེགས་བམ་གྱི་ཀླད་དུ་འབྱུང་བ་ཉིད་དེ། འདི་ལ་བི་མ་ལའི་འགྲེལ་ཆུང་དུ།རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་བྱ་སྙིང་པོའི་དོན།།དེ་ཁོ་ན་ཉིད་མཚན་ཉིད་དེ། །ངེས་པས་ངེས་དོན་མདོར་བསྟན་པ། །ཞེས་མཚན་གྱི་ཟུར་བཞི་པོས་རྒྱུད་ཀྱི་རང་བཞིན་དང༌། ཆེ་བ་དང༌། མཚན་ཉིད་དང༌། ངེས་པའི་དོན་རྣམས་བསྟན་པར་བཤད་དོ། །འདིར་སྤྱིའི་དོན་ཕྱོགས་ཙམ་བརྗོད་ན། མདོ་ཕལ་པོ་ཆེ་ལས།སྟོང་གསུམ་གྱི་འཇིག་རྟེན་འདི་རྒྱུ་རྐྱེན་ཆེས་མང་པོ་དང་ཆེས་སྣ་ཚོགས་ལས་འགྲུབ་པ་དཔེར་མཛད་ནས་རྒྱུ་ཚོགས་ཉུང་ངུ་དང་མདོར་བསྡུས་པ་ཙམ་གྱིས་རྫོགས་པའི་བྱང་ཆུབ་མི་འགྲུབ་པར་གསུངས་པ་ལྟར་གདུལ་བྱ་རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་བསྟན་པའི་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་ལྟར་ན་ཚོགས་གཉིས་ཀྱི་སྤྱོད་པའི་བྱེ་བྲག་དང༌། དུས་དང༌། སློབ་ཚུལ་གྱི་ཐབས་མཁས་མཐའ་ཡས་པ་ཞིག་ལ་ངལ་བ་མ་བསྟེན་པར་བྱང་ཆུབ་འཐོབ་པ་གནས་མེད་ཀྱང༌། ཟབ་མོ་ལ་མོས་པའི་གདུལ་བྱ་སྐལ་པ་རབ་མཆོག་ལྡན་པ་རྣམས་ལ་བསྟན་པའི་གསང་བ་བླ་མེད་ཀྱི་སྐབས་འདིར་ནི་དཔལ་ཁ་སྦྱོར་ཐིག་ལེར།དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །ཅེས་སོགས་གསུངས་པ་ལྟར། ལམ་མདོར་བསྡུས་ཀྱིས་འགྲུབ་པ་དང༌། དེའང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འགྲུབ་པ་དང༌། བདེ་བླག་ཉིད་དུ་འགྲུབ་པ་དང༌། ལམ་གཞན་བསྣན་པ་ལ་མི་ལྟོས་པར་འདི་ཉིད་ཁོ་ནས་འགྲུབ་པའི་ཁྱད་པར་དང་ལྡན་ལ། དེའི་རྒྱུ་མཚན་ཡང༌། ཕྱི་རྒྱུད་སྡེ་གསུམ་མན་ཆད་དུ་གསལ་བར་མ་བསྟན་པའི་ཡེ་ཤེས་ལམ་བྱེད་ཀྱི་གནད་ཐུན་མིན་ཅིག་ཡོད་པ་དེ་གཏན་ལ་ཕབ་པ་ཉག་གཅིག་གི་མཐུ་ཡིན་ཞིང༌། དེ་འདྲ་དེ་ལ་རྒྱུད་འདི་ལས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོའི་རྣལ་འབྱོར་ཞེས་གསུངས་ཏེ། འདིའི་བརྗོད་བྱའི་མཐིལ་ནི་དེ་ཡིན་ནོ། །དེའི་ཕྱིར་མཚན་གྱི་ཟུར་འདི་དག་ཐམས་ཅད་ཀྱིས་ཀྱང་གཙོ་བོར་དེ་ཁོ་ན་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ།།སོ་སོར་བཤད་ན་གསང་བའི་དོན་ནི་སྤར་ཁབ་ཏུ་རང་བཞིན་སོགས་གསུམ་དང༌། བི་མ་ལས་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་ཕྱེ་ནའང་འདིར་རྒྱུད་ཉིད་ལས།ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་པ་ལྟར་གབ་སྦས་གཉིས་སུ་འདུ་བར་རྗེ་རོང་ཀློང་གཉིས་བཞེད་པ་ལྟར་བཤད་དེ། གབ་པའི་གསང་བ་ནི། གནས་ལུགས་རང་བཞིན་གྱི་རྒྱུད་དང༌། དེ་ལ་ལྟོས་པའི་ལམ་འབྲས་རྣམས་ཟབ་ཅིང་གཏིང་དཔག་དཀའ་བས་ཤིན་ཏུ་དབང་རྣོན་མ་གཏོགས་པ་གཞན་གྱིས་རྟོགས་མི་ནུས་པའོ།།སྦས་པའི་གསང་བ་ནི། གསང་བ་བླ་མེད་ཀྱི་ལྟ་སྒོམ་སྤྱོད་པའི་གནད་ཐུན་མིན་རྣམས་སྣོད་མིན་ལ་རྣམ་པ་ཐམས་ཅད་དུ་སྦ་དགོས་པས་དེར་བཞག་སྟེ། འདི་གཉིས་རྟོགས་དཀའ་བ་དང༌། རྟོགས་སུ་མི་རུང་བའི་ཁྱད་པར་གྱིས་དབྱེ་བར་བཤད་དོ།།སྙིང་པོའི་དོན་ནི། སྙིང་པོའི་སྐད་དོད་ས་ར། ཧྲི་ད་ཡ། གརྦྷ་གསུམ་ལས། དང་པོའི་སྟེང་ནས་བཤད་ན། གཅིག་ལས་མང་པོ་འཕྲོ་བའི་གཞི་ལ་འཇུག་པས་སེམས་ཉིད་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འཕྲོ་ཞིང༌། དེ་གཏན་ལ་འབེབས་པའི་རྒྱུད་འདི་ཡང་བསྟན་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པའོ།།ཧྲི་ད་ཡ་ལས་བཤད་ན། སྙིང་ལྟར་གཅེས་སྤྲས་སུ་བྱ་བ་ལ་འཇུག་སྟེ། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་འདི་ལས་མི་འདའ་བས་བྱང་ཆུབ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོར་གྱུར་པ་སྟེ་སྔ་མ་ལ་རྒྱུའི་སྙིང་པོ་དང༌། ཕྱི་མ་ལ་འབྲས་བུའི་སྙིང་པོ་ཞེས་བཤད་དོ།།གརྦྷ་ནི་གླེགས་བམ་གྱི་དབུ་ན་བཞུགས་པ་གཙོ་བོའི་དོན་ཏེ། ཤུན་པའི་ནང་གི་སྙིང་པོ་ལྟ་བུ་བཅུད་འདུས་པའི་དོན་ལ་བྱའོ། །དེའང་གོང་འོག་གི་ཐེག་པ་ཐམས་ཅད་ཞལ་བསྡུར་ཡང༌། འདིའི་ལམ་ལ་བྱང་ཆུབ་སྒྲུབ་པའི་ཐབས་མཁས་ཀྱི་གནད་འདུས་ཤིང་རྫོགས་པ་ལས་ལྷག་པའི་ལམ་གཞན་མེད་པས་གཞི་ལམ་འབྲས་བུའི་གནད་བཅུད་དུ་འདྲིལ་བའོ།།དེ་ཁོ་ན་ཉིད་ནི་གསུམ་སྟེ། མ་བཅོས་པའི། མ་ནོར་བའི། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ།།དང་པོ་ནི། གདོད་ནས་རང་བཞིན་དག་པའི་ཡེ་ཤེས་གློ་བུར་བའི་ཀུན་རྟོག་དང་དེའི་བག་ཆགས་ཀྱི་རྙོགས་པས་བསླད་པ་ལ་སེམས་ཅན་དང༌། དེ་གཏན་ལོག་པ་ལ་སངས་རྒྱས་སུ་བཏགས་ཤིང༌། གསང་སྔགས་ཀྱི་ཐབས་མཁས་ཀྱིས་གཉུག་མའི་རང་བཞིན་རྗེན་ལ་ཕྱུངས་ཏེ་བསྒོམས་པ་ཁོ་ནས་ཆབ་རོམ་ཆུར་ཞུ་བ་ལྟར་བསླད་པ་དེ་རང་ལོག་ཏུ་འགྲོ་བས་འོད་གསལ་སྙིང་པོའི་ལམ་ལ་རྒྱུའི་དེ་ཁོ་ན་ཉིད་ཅེས་བྱའོ།།གཉིས་པ་ནི། ལམ་དེས་རང་གནས་ཀྱི་ཡེ་ཤེས་དྲི་བྲལ་དུ་བྱས་པ་ཁོ་ནས་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་གསལ་བར་རང་འབྱུང་བ་སྟེ་འབྲས་བུའི་དེ་ཁོ་ན་ཉིད་ཅེས་བྱ།གསུམ་པ་ནི། དེ་ལྟར་ན་ཤེས་བྱ་གཞི་དང༌། བསྒྲུབ་བྱ་འབྲས་བུ་གཉིས་ཀ་གཉུག་མ་མི་ཤིགས་པའི་སེམས་གཅིག་པུ་ལས་གུད་ན་མེད་དེ། དེ་ལ་རྒྱུ་འབྲས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ།།ངེས་པའི་དོན་ནི། དེ་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་མཛད་པ་དེ་དག་ཀྱང་གདུལ་བྱ་ཁ་དྲང་བའི་དོན་དུ་བསྟན་པའི་ལྡེམ་དགོངས་ལྟ་བུ་མ་ཡིན་ཏེ། དབང་རྣོན་མཆོག་གི་གདུལ་བྱ་ལ་རྒྱལ་བ་ཉིད་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དགོངས་དོན་མཐར་ཐུག་པ་བསྟན་པའོ།།མཚན་ནང་གསང་ལྟར་བཤད་པ་ཕྱོགས་མཐོང་ཙམ་ནི། ནང་ལྟར་ན་སྙིང་གའི་མི་ཤིགས་པ་ནི་གདོད་ནས་རང་ལ་གནས་ཀྱང་མཚོན་དཀའ་བས་གསང་བ། དེ་ཉིད་ལ་གསང་སྔགས་ཀྱི་ཟབ་གནད་ཐམས་ཅད་འདུས་པས་སྙིང་པོ། བླ་མ་དམ་པའི་མན་ངག་གིས་ཡེ་ཤེས་ཀྱི་སྣང་བ་དེ་ཉིད་གསལ་བར་སད་པ་དེ་ཁོ་ན་ཉིད། སྙིང་པོའི་ཐིག་ལེ་དེ་གཞི་ལམ་འབྲས་གསུམ་གྱི་སྲོག་ཏུ་ངེས་པས་ན་ངེས་པ་སྟེ། རྒྱུད་སྡེའི་རྫོགས་རིམ་རྣམས་སུ་རྩ་འཁོར་གང་ལ་གནད་དུ་བསྣུན་པའི་ཁྱད་པར་མི་འདྲ་བ་མང་ཡང་གསང་བ་སྒྱུ་འཕྲུལ་ལས་སྙིང་གའི་འཁོར་ལོ་གཙོ་བོར་བྱས་པས་དེ་ལྟར་གསུངས་ཏེ་བཤད་ཚུལ་གཅིག་གོ།ཡང་འཁོར་ལོ་བཞི་དང་སྦྱར་ན། ལྟེ་བའི་དབྱིངས་ཕྱུག་ལྔའི་ཐིག་ལེ་ནི་གསང་བ་དང༌། སྙིང་གའི་ཡེ་ཤེས་སྙིང་པོའི་ཐིག་ལེ་ནི་སྙིང་པོ་དང༌། མགྲིན་པའི་རྔམས་མའི་ཐིག་ལེ་ནི་དེ་ཁོ་ན་ཉིད་དང༌། སྤྱི་བོའི་ཀུན་ཏུ་བཟང་པོའི་ཐིག་ལེ་ལ་ངེས་པ་ཞེས་བཤད་དོ།།གསང་བ་ལྟར་ན། རྩ་གནས་ཀྱི་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པ་རང་ཆས་སུ་ཡོད་ཀྱང་མ་ཤེས་པས་གསང་བ། ཐིག་ལེ་དེ་ལ་ཕུང་ཁམས་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ། ཐབས་ལམ་ཟབ་མོས་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་རང་ཞལ་ཇི་བཞིན་མཐོང་བ་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་གཞི་ལམ་འབྲས་བུ་གསུམ་ཀའི་གནད་སྲོག་ཏུ་ངེས་པ་ལ་ངེས་པ་ཞེས་བཤད་དེ་བླ་མ་བརྒྱུད་པའི་མན་ངག་གོ །དེ་ལྟར་ན་རྒྱུད་འདི་རྒྱུད་ལུང་མན་ངག་གསུམ་གྱི་གནད་བསྡུས་ཡིན་པས་རྒྱུད་དང་མཐུན་པ་སོགས་མཚན་གསུམ་དུ་བྱུང་ཞིང༌། རང་གི་ངོ་བོ་མ་ཧཱ་ཡོ་ག་ལ་ལྟོས་པའི་མན་ངག་ཨ་ཏི་ཡོ་གའི་རྒྱུད་དུ་གནས་པས་གླེགས་བམ་གྱི་ཀླད་དུ་མན་ངག་དང་མཐུན་པའི་མཚན་འབའ་ཞིག་སྨོས་ཞེས་གསུངས་སོ།།

གཉིས་པ་ཅུང་ཟད་ཕྱེ་སྟེ་བཤད་པས་གོ་བའི་དབང་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བ་ལ་གཉིས་ཏེ། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང༌། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བའོ། །དང་པོ་ལའང༌། རྒྱུད་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་བསླང༌། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་སྟེ་ལྔ་ལས། དང་པོ་ནི།གང་དུ་སྟོན་འཁོར་ཚོགས་པ་དེའི་ཚེ་རྒྱུད་བྱུང་བས་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་གླེང་གཞིའོ། །སྒྲ་བཤད་ནི། གླེང་གཞིའི་སྐད་དོད་དཱ་ན་ཞེས་པ་སྦྱིན་པ་ལ་འཇུག་སྟེ། ཁུངས་ལྡན་གྱི་ལོ་རྒྱུས་མ་རྙེད་པས་ཡིད་མི་ཆེས་པ་རྣམས་ལ་ངེས་པ་སྦྱིན་པའི་ཕྱིར་དང༌། རྒྱུད་དོན་གླེང་བའི་གཞིར་གྱུར་པའི་ཕྱིར་རོ།།

དབྱེ་ན། ཐུན་མོང་མ་ཡིན་པ་དང༌། ཐུན་མོང་གི་གླེང་གཞི་གཉིས་ལས། དང་པོ་ནི། ཐབས་ལམ་དང་སྦྱར་བ་སྟེ། དེ་ལའང་སྟེང་འོག་གི་སྒོའི་ལམ་དང་སྦྱར་བ་གཉིས་ལས། དང་པོ་ནི།གནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བཞི་དང༌། སྟོན་པ་རྩ་འཁོར་དེའི་དབུས་ན་སེམས་མི་ཤིགས་པ་དྭངས་མ་ལྔའི་ཐིག་ལེ་ལ་བརྟེན་ཏེ་བཞུགས་པ་དང༌། འཁོར་རྩ་འདབ་ལ་རྒྱུ་བའི་ལས་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་ཚོགས་བརྒྱད་དང༌། བསྟན་པའམ་ཆོས་བདེ་གསལ་མི་རྟོག་པའི་ཡེ་ཤེས་བསམ་མི་ཁྱབ་ཀྱི་དགོངས་པ་སྟེ་མི་ཤིགས་པ་སད་སྟོབས་ཀྱིས་ལས་རླུང་ཡེ་ཤེས་སུ་སྦྱངས་ཤིང་ཚོགས་བརྒྱད་བདེ་སྟོང་གི་རོས་ཁྱབ་པ་ནི་སྟོན་པས་འཁོར་ལ་ཆོས་བསྟན་པ་དང༌། དུས་ནི་དུས་གསུམ་མཉམ་པ་ཉིད་དུ་བསྡམ་པ་དུས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པའི་དུས་སོ།།

གཉིས་པ་འོག་གི་སྒོའི་ལམ་དང་སྦྱར་བ་ནི། རྡོ་རྗེ་བཙུན་མོའི་པདྨ་ལས་བཞིའི་དབྱིབས་ཅན་ནི་གནས་དང༌། ཐབས་ཀྱི་རྡོ་རྗེ་ནོར་བུའི་དབུས་ན་རྩ་ཁམས་ཀྱི་བཅུད་འདུས་པའི་བྱང་སེམས་ཀྱི་ཐིག་ལེ་བཞུགས་པ་ནི་སྟོན་པ་དང༌། བྱེད་བཅིང་གི་ཐབས་དང་བཅས་པའི་ཡབ་ཡུམ་གཉིས་ཀྱི་གསང་བའི་རྣམ་ཤེས་ནི་འཁོར་དང༌། ཐབས་ལམ་གྱི་སེམས་ལྔ་རྫོགས་པའི་མཐའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཆོས་དང༌། སྟོན་པ་དེའི་མཐུས་འཁོར་དེ་དག་ཆོས་དེའི་ངོ་བོར་སྐྱེས་པ་ནི་སྟོན་འཁོར་ཞུ་འཆད་བྱས་པའི་དོན་དང༌། དུས་སྔར་བཞིན་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔའོ།།འདི་དག་རྒྱུད་ཀྱི་ཐོག་མར་འབྱུང་བའི་ཨེ་ཝྃ་མཱ་ཡཱ་ཞེས་པའི་ཡེ་གེ་བཞི་དང་སྦྱར་ནས་བཤད་རྒྱུད་ཀྱིས་ཇི་ལྟར་འགྲེལ་པ་སོགས་དགོངས་རྒྱན་ལས་ཤེས་ཤིང༌། ལེའུ་གཉིས་པའི་གསང་དབང་སྟོན་པ་དང༌། དབང་ཕྱི་མ་གཉིས་སྟོན་པའི་རྒྱུད་ཚིག་གི་ཤུགས་ཀྱིས་ཀྱང་རིམ་བཞིན་སྟེང་སྒོ་དང་འོག་སྒོའི་གླེང་གཞི་ཐོན་པར་བཤད་རུང་བར་མངོན་ཏེ། ནང་གསང་གི་ཕུན་ཚོགས་ལྔ་ལྡན་འདི་དག་གླེང་གཞིར་འགྱུར་ཚུལ་གྱིས་ཤེས་པའི་ཕྱིར་ཏེ། གླེང་བསླང་གི་སྐབས་སུ་ལྷན་ཅིག་པའི་འཁོར་རྣམས་ལ་སྟོན་པས་འབྲས་དབང་བསྐུར་ནས་དེ་རྣམས་ནང་གི་མངོན་བྱང་ལྔས་བྱང་ཆུབ་པ་ན་གོ་ཕྱེ་བའི་འཁོར་གྱི་ཆེད་དུ།ཨེ་མའོ་ཡེ་ནས་གསང་བའི་ཆོས། །སོགས་ཆེད་བརྗོད་ཞུས་ལན་མཛད་པ་ལས་འཕྲོས་ཏེ་རྒྱུད་ཡོངས་རྫོགས་བྱུང་བ་ཡིན་ལ། དེ་ལྟ་བུའི་མངོན་བྱང་ལྔ་པོའང་སྙིང་ག་དང་གསང་བའི་འོག་མིན་དུ་འཚང་རྒྱ་ཚུལ་ཡིན་པའི་གནད་ཀྱིས་དེ་ལ་ལྟོས་པའི་ཕུན་སུམ་ཚོགས་པ་ལྔ་གླེང་གཞིར་སོང་བ་ཡིན་ཞེས་དམ་པ་སྔ་མ་དག་བཞེད་དོ།།

གཉིས་པ་ཐུན་མོང་གི་གླེང་གཞི་ལ། ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་དང༌། དེའི་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞི་སྟེ་གསུམ་ལས། དང་པོ་ནི།ཁོག་གཞུང་ལས།སྟོན་གནས་འཁོར་དང་སྡུད་པ་དང༌། །བསྟན་པ་དུས་ཀྱིས་ཤེས་པར་བྱ། །ཞེས་ཕུན་སུམ་ཚོགས་པ་དྲུག་ཏུ་བཤད་ཀྱང༌། འདིར་སྡུད་པོ་ཕུན་ཚོགས་འཁོར་ལ་བསྡུས་ནས་ལྔར་བྱའོ།།དེ་ལ་གནས་ནི། སྤྱན་འགྲེལ་ལས།དོན་གྱི། རིག་པའི། གསང་བའི། འཇིག་རྟེན་གནས་ཀྱི། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔར་བཤད་པའི་ཡ་གྱལ་ཕྱི་མ་སྟེ་འདིར་བསྟན་གྱི་དབང་ཕྱུག་ཆེན་པོ་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟ་བུའི་གནས་དེ་རང་བཞིན་དང་ངོ་བོ་གཉིས་ཀྱི་སྒོ་ནས་བཤད་པའི་དང་པོ་ལ་སྤྱིའི་རང་བཞིན་ནི། འགྲེལ་ཆུང་ལས།མཐའ་དབུས་མེད་པའི་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་པ་ལྟར་ཆོས་ཀྱི་དབྱིངས་ཡིན་ལ། ཆ་ཤས་སོ་སོའི་རང་བཞིན་ནི། འོག་གཞི་འཁོར་ལོའི་རང་བཞིན་ཡེ་ཤེས་ལྔ་དང༌། གྲུ་ཆད་ཀྱི་བདེན་བཞི་དང༌། བར་ཁྱམས་ཀྱི་བདེན་པ་དབྱེར་མེད་ལ་སོགས་པའོ།།གནས་ཀྱི་ངོ་བོ་ནི། རྣམ་པའི་ཁྱད་པར་ཏེ་འགྲེལ་ཆུང་ལས།གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང༌།།རྒྱན་དང་སྒོ་ཁྱུད་རྟ་བབས་དང༌། །མཚན་ཉིད་གདན་གྱི་རྣམ་པ་སྟེ།།བཅུ་གཅིག་དག་གིས་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་རོ།།སྟོན་པ་ཕུན་ཚོགས་བཤད་པ་ལའང་རང་བཞིན་དང་ངོ་བོ་གཉིས་ཏེ། དེའང་དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲོད་ལ་དཀྱིལ་འཁོར་གྱི་དེ་ཉིད་བསྟན་པ་ཞེས་བརྗོད་པ་ལྟར་དག་པའི་རྟེན་དང་བརྟེན་པའི་ཡེ་ཤེས་ཀྱི་དེ་ཉིད་ལ་རང་བཞིན་དང༌། གཟུགས་ཀྱི་རྣམ་པ་ལ་ངོ་བོ་ཞེས་བཏགས་པ་ཡིན་པས་རང་བཞིན་ཆོས་སྐུའི་ཕྱོགས་ནས་དང༌། ངོ་བོ་གཟུགས་སྐུའི་ཕྱོགས་ནས་བསྟན་དགོས་སོ།།དེ་ལ་སྟོན་པའི་རང་བཞིན་ནི། འགྲེལ་ཆུང་ལས།བྱང་ཆུབ་མཆོག་གི་ངོ་བོ་དང༌། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང༌།།ཕྱོགས་དུས་བདེ་གཤེགས་བདག་པོ་དང༌། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་བཞིར་བཤད་ཅིང༌། དེའི་དང་པོ་ལའང་ཆོས་ཉིད་དེ་བཞིན་ཉིད་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་སྤངས་པས་མཉམ་པར་མ་བཞག་པ་མེད་པའི་ཚུལ་གྱིས་མངོན་དུ་མཛད་པ་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་དང༌། དེའི་དབང་གིས་འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་རྩོལ་མེད་རང་བྱུང་དུ་བརྙེས་པ་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན། ཡེ་ཤེས་རེ་རེའང་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས་ཚད་འདི་ཙམ་ཞེས་བཟུང་དུ་མེད་པས་ཡེ་ཤེས་མཐའ་དབུས་དང་བྲལ་བའི་རང་བཞིན། སྤངས་རྟོགས་མཐར་ཕྱིན་གྱི་གོ་འཕང་ལ་བཞུགས་ཀྱང་སྲིད་ཞིའི་མཐའ་གཉིས་གང་གི་ཕྱོགས་2སུའང་བརྗོད་དུ་མེད་པའམ། ཡང་ན་མཉམ་བཞག་གི་དགོངས་པ་མཚན་མའི་ཡུལ་ཅན་གང་གིས་ཀྱང་མཚོན་དུ་མེད་པ་འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནོ།།གཉིས་པ་ནི། ཡེ་ཤེས་སྒྱུ་མའི་སྤྱོད་ཡུལ་ཚད་མེད་པ་ལ་དབང་བསྒྱུར་ཡང་གཟུང་འཛིན་དང་བྲལ་བའི་ཆོས་ཉིད་ལས་མི་གཡོ་བ་སྟེ། འདི་ལ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཞེས་ཀྱང་བྱའོ།།གསུམ་པ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་བསྡུས་ན་རིགས་ལྔར་འདུ་ཞིང་ལྔ་པོའང་རིགས་དྲུག་པ་ལ་འདུ་བས་རིགས་ཐམས་ཅད་ཀྱི་བདག་པོར་བཞུགས་པ་སྟེ། གཅིག་དང་དུ་མ་དང་བྲལ་བའི་རང་བཞིན་ཞེས་ཀྱང་བྱའོ།།བཞི་པ་ནི། ཁམས་གསུམ་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ཀྱང་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་ལས་ཕྱི་རོལ་དུ་གྱུར་པ་མེད་ཅིང་བདེན་གཉིས་དེ་དག་ལ་རྒྱལ་བ་དྲུག་པའི་དགོངས་པ་རྟག་ཁྱབ་ཏུ་བཞུགས་པ་སྟེ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ཞེས་ཀྱང་བྱའོ།།གཉིས་པ་ངོ་བོ་ལའང་བཞི་སྟེ། སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་སོ།།དང་པོ་ལའང་ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་སྐུ་མདུན་དང་རྒྱབ་མེད་པར་ཕྱོགས་ཐམས་ཅད་དུ་ཐལ་ལེར་གཟིགས་པ་དང༌། ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་མཚན་དཔེའི་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་དང༌། སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་སྐུའི་བ་སྤུའི་སྒོ་རེ་རེ་ལས་ཀྱང་སྤྲུལ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོ་བའོ།།གཉིས་པ་ནི། སྙིང་རྗེ་ཆེན་པོ་དང༌། མི་དམིགས་པའི་ཤེས་རབ་ཀྱིས་མི་གནས་མྱང་འདས་ལ་བཞུགས་པའི་བརྡར་ཡབ་ཡུམ་གཉིས་ཀ་མཚུངས་པར་སྐྱིལ་ཀྲུང་དུ་བཞུགས་ནས་འཁྲིལ་བའོ།།གསུམ་པ་ནི། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་བརྙེས་པའི་རྟགས་སུ་ཕྱག་དྲུག་དང༌། དེས་འགྲོ་དོན་མཛད་པའི་རྟགས་སུ་རྡོ་རྗེ་ལ་སོགས་པའི་མཚན་མ་དྲུག་འཛིན་པའོ།།བཞི་པ་ནི། སྐུ་སྟོང་པ་ཉིད། གསུང་མཚན་མ་མེད་པ་དང༌། ཐུགས་སྨོན་པ་མེད་པ་སྟེ་གསུམ་པོ་དབྱེར་མེད་པའི་རྟགས་སུ་མཐིང་དཀར་དམར་བའི་ཞལ་གསུམ་མངའ་བའོ།།འཁོར་ཕུན་ཚོགས་ལ་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གཉིས། དང་པོ་ལ་རང་བཞིན་གཉིས་སུ་མེད་པའི། རིག་པ་ཁྱད་པར་ཅན་གྱི། དད་པས་གཏམ་ཉན་པའི་འཁོར་རོ།།དང་པོ་ནི། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སོགས་རྒྱལ་བ་རིགས་ལྔ་སྟེ། རྣམ་པར་ཤེས་པའི་རྒྱལ་པོ་ཞེས་པ་འདི་ལ་ཀུན་མཁྱེན་ཆེན་པོས་རྣམ་པར་སྣང་མཛད་ཡིན་པའི་སྒྲུབ་བྱེད་མང་དུ་འགོད་པར་མཛད་ལ། ཟུར་པ་ནི་གླང་ཆེན་རབ་འབོག་གི་རྒྱུད་དང༌། ཉི་འོད་སེང་གེའི་འགྲེལ་པ་དང༌། རྡོ་རྗེ་ལས་རིམ་སོགས་ཀྱི་ཁུངས་ལ་བརྟེན་ནས་མི་བསྐྱོད་པར་བཞེད་དེ། གཏེར་བདག་གླིང་པ་སྐུ་མཆེད་སོགས་ཀྱང་ཕྱི་མའི་རྗེས་སུ་འབྲང་ངོ༌། །རིགས་ལྔ་འདི་དག་ཐལ་བ་ལས།འཁོར་ལོའི་ལྟེ་བར་མི་འཇིགས་སྟེང༌། །བདག་པོ་ཀུན་བཟང་འཁོར་རྣམས་ལ།།ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པ་ལྟར་རིགས་དྲུག་པ་རྒྱུད་ཀྱི་སྟོན་པར་བཞེངས་པ་ལ་ལྟོས་ཏེ་འཁོར་དང༌། སྤྱིར་འཆད་པའི་སྐྱེས་བུ་རིགས་ལྔ་ཞེས་གྲགས་པ་ལྟར་སྟོན་པའང་ཡིན་པས་སྟོན་འཁོར་གཉིས་ཀའི་གཞི་མཐུན་ནོ།།གཉིས་པ་ནི། རྒྱ་མཚོ་ལས།དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང༌། །ཞེས་པ་ལྟར་སྟོན་པའི་ཐུགས་རིག་པ་སྔགས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ལས་རང་སྣང་བའི་ཕྱིར་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བྱ་སྟེ། དེ་ལའང་རྡོ་རྗེ་མཐོང་བ་དང༌། མཐོང་བར་བྱ་བ་སོགས་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང༌། རྡོ་རྗེ་རེག་པ་དང༌། རྟག་པར་མ་ཡིན་པ་སོགས་འཇོམས་བྱེད་ཁྲོ་བོ་ཡབ་ཡུམ་བརྒྱད་དེ། སངས་རྒྱས་ཀྱི་སས་བསྡུས་ལ་དབང་ཡུལ་སོགས་ངོ་བོ་ཐ་དད་མེད་ཀྱང་རོ་མཉམ་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྡོག་ཆ་སོ་སོ་ལས་གཤེགས་པ་གཤེགས་མ་དང་སེམས་དཔའ་ཡབ་ཡུམ་སོགས་ཐ་དད་དུ་སྤྲུལ་པར་ཤེས་པའི་ཆེད་དུ་ཕུང་ཁམས་སོགས་ཀྱི་མིང་གིས་ལྷ་ལ་བཏགས་པའོ།།དེ་དག་ནི་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས་གླེང་གཞི་དང་མཐུན་པར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དབང་དུ་མཛད་ནས་རྒྱུད་ཚིག་གིས་དངོས་སུ་བསྟན་པའི་འཁོར་རྣམས་ཡིན་གྱི། རྗེ་སྒྲོ་ཕུག་པ་དང་ཉེ་སྟོན་སོགས་ཀྱི་བཞེད་པ་ལྟར་སྟོན་པ་ལས་རྒྱུད་གཞན་དུ་གྱུར་པའི་འཕགས་པ་སློབ་པ་ཡང་མཐའ་ཡས་པ་ཞིག་ལྷན་ཅིག་པའི་འཁོར་ལ་ཡོད་དགོས་ཏེ། དེ་ལྟ་མ་ཡིན་ན་ལེའུ་གཉིས་པར་སྟོན་པས་འཁོར་ལ་ཟབ་དབང་བསྐུར་ནས་རྟོག་པའི་དྲི་མ་བསལ་བར་གསུངས་པ་མི་འགྲིགས་པའི་ཕྱིར་རོ། །གསུམ་པ་ནི། ཁོག་གཞུང་ལས།དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་པ་ལྟར། ཕྱིའི་ཁོར་ཡུག་ལ་གནས་པ་ལེགས་ལྡན་མ་ཧཱ་དཱེ་ཝ་ལ་སོགས་པའི་ལྷ་ཆེན་པོ་རྣམས་སོ།།གཉིས་པ་ནི། སྔགས་ལ་མོས་པའི་དབང་རྣོན་སྐལ་བ་དང་ལྡན་པ་རྣམས་ཏེ། འདི་དག་འོག་མིན་དུ་ཚོགས་པའི་འཁོར་མིན་ཡང་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པས་རྡོ་རྗེ་སེམས་དཔའི་འཁོར་དུ་སྨོས་སོ།།བསྟན་པ་ཕུན་སུམ་ཚོགས་པ་ནི། གཉིས་མེད་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དང༌།དུས་ཕུན་ཚོགས་ནི། གླེང་གཞིའི་སྟོན་འཁོར་སོགས་ཚོགས་པའི་དུས་སོ།།

གཉིས་པ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི་ལའང་ཕུན་སུམ་ཚོགས་པ་ལྔ་ལས། གནས་ནི། འབར་བའི་དུར་ཁྲོད་ཆེན་པོ་ཤིན་ཏུ་འཇིགས་པའི་རྒྱན་ཆས་ཀྱིས་སྤྲས་པར་རོ།། སྟོན་པ་ནི་དགོངས་འདུས་ལས།ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར། ཕྲིན་ལས་ཕྱག་རྒྱའི་ཁྲོ་བོ་སྟེ། དེ་ལའང་དྲང་སྲོང་ཁྲོས་པའི་དང༌། མིའུ་ཐུང་བྱིས་པའི་དང༌། དཔལ་ཆེན་རྔམས་བརྗིད་ཀྱི་ཆ་བྱད་གསུམ་ལས་ཕྱི་མའོ།།འཁོར་ལ་གདུལ་བྱ་དང་འདུལ་བྱེད་ཀྱི་འཁོར་གཉིས་ཀྱི། དང་པོ་ནི། རུ་ཏྲ་འཁོར་དང་བཅས་པ་སྟེ། དེའང་འདིར་བསྟན་གྱི་རུ་ཏྲ་འདི་གནས་ཚོད་ལ་སྤྲུལ་པ་ཡིན་པར་བཤད་ཀྱང༌། སྣང་ཚོད་ལྟར་ན་སྔོན་སངས་རྒྱས་ཀྱི་རིགས་སྔགས་དྲག་པོ་བཟླས་ཤིང༌། དེ་ལྟ་བུའི་སྔགས་ཀྱི་ལྷ་བསྒོམས་ཀྱང་ལྟ་བ་ཟབ་མོའི་གནད་ཀྱིས་མ་ཟིན་ཅིང་དམ་ཚིག་ཉམས་པའི་ཆད་པས་ངན་འགྲོ་བརྒྱུད་པའི་མཐར་ལས་ཀྱི་སྲིན་པོ་རིགས་སྔགས་ཀྱི་མཐུ་ཅན་འཕགས་པའི་གནས་ལྔ་མ་གཏོགས་པའི་འདོད་གཟུགས་ཀྱི་ཁམས་ཐམས་ཅད་སྔགས་ཀྱིས་དབང་དུ་བསྡུས་ཤིང་འཇིག་རྟེན་ཕུང་བར་བྱེད་པ། གདུག་ཅིང་གཏུམ་པའི་འཁོར་མང་པོ་དང་ལྡན་པར་གྱུར་པའོ།།གཉིས་པ་ནི། ཁྲག་འཐུང་རིགས་བཞིའི་ཚོགས་དང༌། སྲས་མོ་ཉི་ཤུ་སྟེ། དབང་ཕྱུག་ཉེར་བརྒྱད་ནི་གདུལ་བྱ་དང་འདུལ་བྱེད་ཀྱི་འཁོར་གཉིས་ཀར་གཏོགས་ཞེས་གསུངས་སོ།།བསྟན་པ་ནི། ཕོ་རྒྱུད་རྣམས་ལ་སྒྲོལ་བ་དང༌། མོ་རྒྱུད་ལ་སྦྱོར་བའི་སྒོ་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བསྟན་པས་སྦྱོར་སྒྲོལ་གཉིས་སོ།།དུས་ནི། སྔགས་ཀྱི་གདུལ་བྱ་གདུག་པ་ཅན་འདུལ་བའི་དུས་ལ་བབས་པ་ནའོ།།

གསུམ་པ་སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞི་ལའང་ལྔ་ལས། གནས་ནི། དེ་བཞིན་གཤེགས་པས་སྔོན་སློབ་ལམ་དུ་སྨོན་ལམ་གྱིས་ཇི་ལྟར་བཟུང་བ་བཞིན་གྲུབ་པའི་སྤྲུལ་སྐུའི་ཞིང་སྟེ། ཞིང་འདི་དང་སྦྱར་ན་གླིང་བཞི་བྱེ་བ་ཕྲག་བརྒྱའི་བདག་ཉིད་དང༌། སྤྱིར་གླིང་བཞི་བྱེ་བ་ཁྲག་ཁྲིག་དུ་མ་དང་ལྡན་པའི་སྤྲུལ་སྐུའི་ཞིང་ཡང་ཡོད་དོ།།སྟོན་པ་ནི། བསྟན་པ་འདིའི་དབང་དུ་བྱས་ན་ཤཱཀྱའི་རྒྱལ་པོ་སྟེ། གདུལ་བྱ་རིགས་དྲུག་ལ་ལྟོས་ཏེ་ཐུབ་པ་དྲུག་ཏུ་བཞག་གོ །3གཞན་ཡང༌། དམྱལ་བ་དང་ཡི་དྭགས་ཀྱི་འགྲོ་བ་ལ་གཤིན་རྗེའི་རྒྱལ་པོ་དང༌། དུད་འགྲོ་ཁ་ཅིག་ལ་རི་དྭགས་དབང་པོ་སོགས་རིགས་མཐུན་གྱི་གཟུགས་དང༌། མཚན་དཔེས་སྤྲས་པའི་སངས་རྒྱས་ཀྱི་སྤྲུལ་པའི་གཟུགས་དང༌། མཆོག་གི་སྤྲུལ་སྐུ་དངོས་ཀྱིས་འདུལ་བ་སོགས་མང་དུ་ཡོད་ཀྱང་མཆོག་སྤྲུལ་ཉིད་གཙོ་བོ་དང་རྩ་བའི་སྐུ་ཡིན་པས་རྒྱུད་ཀྱི་ཚིག་ཟིན་གཙོ་བོ་དེ་ཡིན་ནོ།།འཁོར་ནི། གཙོ་བོའི་དབང་དུ་བྱས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་པ་ལྟར་ལྷ་མི་གཉིས། དེའི་ཡང་གཙོ་བོ་འཁོར་རྣམ་པ་བཞི་དང༌། སྤྱིར་འགྲོ་བ་དྲུག་ཀ་ཅི་རིགས་སུ་ཡོད་དོ།།བསྟན་པ་ནི། འདུལ་བ་བཞི་སྟེ། སྐུ། གསུང༌། ཐུགས། རྫུ་འཕྲུལ་གྱི་འདུལ་བའོ། །དེ་ལ་དང་པོ་ནི་མཛད་ཆེན་བཅུ་གཉིས་དང་ལྡན་པའི་སྐུ་སྟེ། གང་གི་ཆོས་སྟོན་པའི་རྟེན་ནོ།།ལྷག་མ་གསུམ་ནི། ཆོ་འཕྲུལ་གསུམ་གྱིས་ཆོས་སྟོན་ཚུལ་ཏེ། དང་པོ་རྫུ་འཕྲུལ་གྱིས་འཁོར་འདུན་པར་མཛད། དེ་ནས་མངོན་ཤེས་ཀྱིས་འཁོར་གྱི་སེམས་ལ་གཟིགས་ནས་ཀུན་བརྗོད་པར་མཛད། དེའི་འོག་ཏུ་གདམས་ངག་དང་རྗེས་བསྟན་འབོགས་པར་མཛད་པའི་ཕྱིར་རོ་སྙམ་ཞིང་གོ་རིམ་དེ་བཞིན་མི་འབྱུང་བ་ནི་སྔ་མ་བཞིན་དགོངས་སོ།།དུས་ནི་རྫོགས་སྨིན་སྦྱང་གསུམ་གྲུབ་ནས་སྒྲོན་མ་བཀོད་པའི་དུས་སོ། །དེའང་ལེའུ་གཉིས་པ་ལྟར་ལྷན་ཅིག་པའི་འཁོར་རྣམས་འབྲས་དབང་གིས་སྣང་གསུམ་གྱི་བག་ཆགས་སམ་འཕོ་བའི་བག་ཆགས་ཕྲ་མོའི་བདུད་བཅོམ་པ་ན་དེའི་རྟགས་སྣང་ཕྱི་རོལ་དུ་ཁྲོ་བོའི་གླེང་གཞིར་སྣང་བ་ཡིན་ཞིང༌། དེར་མ་ཟད་སྤྲུལ་སྐུ་འགྲོ་འདུལ་གྱི་གླེང་གཞིའང་ལེའུ་དང་པོའི་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་དང༌། གཉིས་པའི། བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པ་ལས་འཕྲོས་པས་འདི་གཉིས་ཞར་བྱུང་གི་གླེང་གཞིར་འགྱུར་ཞེས་བཤད་དོ།།

གཉིས་པ་གླེང་བསླང་ལ། སྟོན་འཁོར་ཞུ་ལན་གྱི་སྦྱོར་བས་རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པའོ། །དེ་ནི་གླེང་བྱ་རྒྱུད་དོན་ཉིད་གླེང་བར་སྐུལ་བའི་སྒོ་ནས་བསྟན་པ་འབྱུང་བའི་རྐྱེན་བྱས་པས་གླེང་བསླང་བ་ཞེས་བྱའོ།།

དབྱེ་ན་ཐུན་མིན་དང་ཐུན་མོང་བ་གཉིས་ལས། དང་པོ་ལ་གསང་དབང་བསྐུར་བ་དང༌། དབང་གོང་མ་གཉིས་བསྐུར་བའི་ཚུལ་ལོ། །དང་པོ་ནི། སྟོན་པ་ཡབ་ཡུམ་སྙོམས་པར་འཇུག་པ་ལས་བྱུང་བའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཀྱིས་ལྷན་ཅིག་པའི་འཁོར་གྱི་རིག་འཛིན་རྣམས་ལ་དབང་བསྐུར་ཞིང༌། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་འཁོར་འདས་བརྟན་གཡོ་ཐམས་ཅད་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་པར་ཆེད་དུ་བརྗོད་ཅིང༌། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་བརྟན་གཡོ་ཐམས་ཅད་གདོད་ནས་རང་བཞིན་རྣམ་པར་དག་པའི་དབྱིངས་ལས་མི་གཞན་པར་ཆེད་དུ་བརྗོད་པས་འཁོར་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་བདེན་གཉིས་ཀྱི་རྟོགས་པ་ཆེར་འབར་བའོ།།

གཉིས་པ་དབང་གོང་མ་གཉིས་བསྐུར་བའི་ཚུལ་ནི། སེམས་ཡེ་ཤེས་སུ་བསྐྱེད་པའི་ཆེད་དུ་བརྗོད་པ་ཨེ་མ་མཚར་ལྔ་གསུངས་ཏེ། དེའི་ཚེ་འཆད་པར་འགྱུར་བའི་གཡོ་ལྡང༌། འཇིག་འཇུག གནས་པ། སྨོན་པ་སྟེ་སེམས་བཞི་སྔོན་དུ་འགྲོ་བས་དགའ་བ་བཅུ་དྲུག་ལུགས་འབྱུང་གི་མཐའི་ལྷན་སྐྱེས་ཤེར་དབང་གི་ངོ་བོ་ཉིད་ཐོབ་ཅིང༌། སླར་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་བདེ་བ་ཆེན་པོའི་དབང་རྫོགས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའི་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་ཐོབ་པ་ནི་འོག་ཏུ་དྲི་ཞུས་འབྱུང་བའི་རྐྱེན་ཡིན་པས་ན་གླེང་བསླང་ངོ༌། །འདིར་སྟོན་པ་ཀུན་ཏུ་བཟང་པོ་ཁུ་རྡུལ་རླུང་གསུམ་དག་པའི་ཡེ་ཤེས་ཀྱི་སྐུ་ཅན་གྱིས་འཁོར་ལ་དཀར་དམར་གྱི་ཐིག་ལེའི་རྫས་དབང་བསྐུར་བ་དང༌། འོག་མིན་གྱི་རྟེན་ཅན་ས་མཐོར་བཞུགས་པའི་རིག་འཛིན་ལུས་ཁུ་ཁྲག་དང་སེམས་འཁྲིག་སྲེད་ཀྱིས་དབེན་པ་ཕྱག་རྒྱ་ལ་བརྟེན་ནས་དབང་གོང་མ་གཉིས་ནོད་པ་མི་འགལ་བའི་ཚུལ་ནི། སྟོན་པ་དབང་འབྱོར་གྱི་མཐུའི་ཕ་རོལ་ཏུ་བྱོན་པས་འཁོར་གྱི་ཆེད་དུ་ཉི་ཟླ་བྱིན་གྱིས་རློབས་པ་མི་ཁེགས་པ་དང༌། དག་པའི་འཁོར་ལ་འཁྲིག་སྲེད་ཀྱི་ཉོན་མོངས་མེད་ཀྱང་ལྷན་སྐྱེས་ཀྱི་བདེ་བ་དོན་གཉེར་ཡོད་ལ། སྤྱིར་བཏང་འོག་མིན་གྱི་རྟེན་ལ་ཁུ་ཁྲག་མེད་ཀྱང་བླ་མེད་ཀྱི་སྔགས་སྤྱོད་པའི་འོག་མིན་པ་ཁ་ཅིག་ལ་ཁམས་དྲུག་ལྡན་གྱི་རྟེན་ཁྱད་པར་ཅན་དེ་འདྲ་འབྱུང་བ་དམིགས་བསལ་ཡིན་པའམ། ལོ་ཆེན་རིན་པོ་ཆེའི་བཞེད་པས་སློབ་པའི་རྟེན་ལ་ཁུ་རྡུལ་ཕྲ་མོ་དག་པ་མི་སྲིད་པས་དེའི་ཕྱོགས་ནས་བཤད་ཀྱང་རུང་བར་སེམས་ཏེ་འགལ་སྤོང་དེ་ལྟར་བྱའོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲོལ་བའི་ཐིག་ལེ་དྲངས་ནས་བཤད་པ་སོགས་ལྟར་ན་རྒྱལ་སྲས་མཐར་ལམ་པ་མི་སློབ་ལམ་དུ་ཤེར་དབང་ནས་ཞུགས་པས་ཆོག་པ་འདྲ་ཡང་འདིར་གསང་དབང་ནས་འཇུག་པར་བཤད་པ་ནི་ལུགས་གཉིས་ཀྱི་གསང་དབང་གི་ལམ་འཇོག་ཚུལ་མི་འདྲ་བས་ཡིན་ནམ། ཡང་ན་འབྲས་དབང་བསྐུར་ཚུལ་འདི་གསང་དབང་བསྐུར་ཚུལ་དང་ཆོས་མཐུན་པས་གསང་དབང་དུ་བརྗོད་པ་ཙམ་ཡིན་ཞེས་འཆད་པ་གང་བདེ་དཔྱད་དགོས་ཤིང༌། དབང་ཕྱི་མ་གཉིས་ལའང་དོགས་པ་གཅད་རྒྱུ་ཡོད་དེ་དེས་ཤེས་ནུས་སོ།། གཉིས་པ་ཐུན་མོང་བ་ནི། དེ་ལྟར་ཟབ་དབང་ལ་བརྟེན་ནས་སྟོན་པའི་ཐུགས་ཀྱི་གསང་བ་ཇི་ལྟ་བ་བཞིན་མངོན་དུ་བྱས་པ་ན་དོན་དེ་གསང་བ་བཞིས་ཆོད་ནས་འཁྲུལ་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ་རྒྱུད་བཤད་པར། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ལ་སོགས་པའི་ཤུགས་ཀྱིས་གསོལ་བ་བཏབ་པས་སྲིད་པའི་སྡུག་བསྔལ་མཐའ་དག་འཛིན་པ་ཕྱིན་ཅི་ལོག་གི་རྩ་བ་ཅན་ཡིན་པ་དང༌། དེ་ཉིད་ཀྱི་ཕྱིར་འབྲལ་རུང་གློ་བུར་བ་ཁོ་ན་ཡིན་པ་དང༌། གཤིས་བཅིང་གྲོལ་གཉིས་སུ་མེད་པ་ནམ་མཁའ་ལྟར་དག་པས་རྒྱུད་བསྟན་པ་དོན་ཡོད་པར་མཁྱེན་ནས་ཞལ་འཛུམ་པ་དང༌། སྨིན་མ་གཡོ་བ་སོགས་དགྱེས་ཚུལ་དྲུག་གིས་སྟོན་པར་ཞལ་གྱིས་བཞེས་པའོ།།

གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་ལ།

རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བཤད་པ།

རྒྱུད་གསུམ་གྱི་རྣམ་གཞག་སྤྱིར་བཤད་པ་དང༌། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ཏེ། སྔ་མ་བརྗོད་བྱ་གཙོ་ཆེ་བའི་དབང་དུ་བཤད་པ་དང༌། ཕྱི་མ་རྗོད་བྱེད་གཙོ་ཆེ་བའི་དབང་དུ་བཤད་པ་ཞེས་ཁ་ཅིག་ལས་སོ།།

དེའི་དང་པོ་ལ། གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དང་གསུམ་དུ་བཤད་དེ། ཏིལ་ལ་མར་ཡོད་པར་ཤེས་ན་བཏག་བཙག་གི་ངལ་བ་ལ་མི་འཛེམ་པར་ཞུགས་ནས་མར་འཐོབ་པ་བཞིན་དུ་རང་རྒྱུད་ལ་སངས་རྒྱས་ཀྱི་བསྒྲུབ་གཞི་མཐར་ཐུག་ཡོད་ཚུལ་དང༌། དེའི་ཁྱད་ཆོས་ལེགས་པར་ཤེས་ན་དེ་ཉིད་ཤིན་ཏུ་རྣམ་དག་འབྲས་བུའི་གནས་སྐབས་དང་རྣམ་པ་མཐུན་པར་ལམ་དུ་བྱས་ནས་ཡར་ལྡན་དུ་འཁྱེར་བའི་ཐབས་མཁས་ཀྱི་གནད་ལ་ངེས་པ་རྙེད་ནས་བརྩོན་པས་སྒྲུབ་ནུས་ཤིང༌། དེས་མཐར་ཐུག་གི་འབྲས་བུ་འགྲུབ་པའི་ཕྱིར་རོ། །ཚུལ་འདིས་གཞི་ལམ་འབྲས་གསུམ་རྒྱུན་གཅིག་ཏུ་འབྲེལ་བས་ན་རྒྱུད་ཅེས་གསུངས་ཏེ། རྒྱུད་ཕྱི་མ་ལས།རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་གསུངས་པའི་ཕྱིར་ཏེ། ཐབས་ནི་ལམ། རྒྱུ་ནི་གཞིའི་དོན་ཏོ། །འདི་གསུམ་ལ་གླན་ཉ་ཚལ་བ། གནས་པ་གཞི། འཇུག་པ་ལམ། སྨིན་པ་འབྲས་བུ་ཞེས་གསུངས། ལོ་ཆེན་རིན་པོ་ཆེ་ནི། དེ་ལྟར་ན་ལྟ་བ་ཆོས་ཅན། ལམ་རྒྱུད་མ་ཡིན་པར་ཐལ། ལམ་རྒྱུད་ལ་འཇུག་པ་ཞེས་པའི་མཚན་ཉིད་ཀྱིས་ཁྱབ་པ་གང་ཞིག ཁྱོད་འཇུག་པ་མ་ཡིན་པའི་ཕྱིར། རྟགས་ཟུར་དང་པོ་ཁས། ཕྱི་མ་གྲུབ་སྟེ། ཁྱོད་ཤེས་པའི་མཚན་ཉིད་གང་ཞིག ཤེས་འཇུག་གི་མཚན་ཉིད་གཉིས་མི་གཅིག་པའི་ཕྱིར། ཞེས་གསུངས་ཀྱང༌། གླན་གྱིས་དེ་ལ། མ་ཁྱབ་སྟེ། མཚན་ཉིད་གསུམ་གྱི་དང་པོ་དེ་འཇུག་པ་ལམ་གྱི་རྒྱུད་ཡིན་ཡང་ཤེས་འཇུག་གཉིས་ཀྱི་ཟླས་ཕྱེ་བའི་འཇུག་པའི་མཚན་ཉིད་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། ཞེས་ལན་བཏབ་ན་དཔྱད་དགོས་སོ། །ལྷ་རྗེ་དཔྱལ། འབྲས་བུའི་རྒྱུད་ལ་ཡོན་ཏན་གྱི་སྨིན་པ་མཐར་ཐུག་པ་ཞེས་གསུངས་ཏེ། ལམ་གྱུར་གྱི་འབྲས་བུ་ལ་མ་ཁྱབ་གསུངས། རང་ལུགས། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་གཞི། ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ་ལམ། ཆོས་ཉིད་མངོན་གྱུར་བོགས་དབྱུང་དུ་མེད་པར་སོན་པ་འབྲས་བུ་ཞེས་བཞེད་དོ།།

དང་པོ་གཞི་རྒྱུད་ལ། གཙོ་བོའི་དོན་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང༌། ཞར་བྱུང་འཁྲུལ་པ་བཏགས་པའི་གཞི་སྟེ་གཉིས། དང་པོ་ནི། དགོངས་རྒྱན་ལས། བཅིངས་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་ཞེས་གསུངས་ཏེ། དེ་ལ་རྒྱལ་བའི་གསུང་རབ་རྣམས་སུ་བརྟན་གཡོའི་ཆོས་ཐམས་ཅད་ལས་སེམས་ཁོ་ན་གཙོ་བོ་ཡིན་པར་ལན་ཅིག་མ་ཡིན་པར་གསུངས་ཤིང༌། སེམས་དེ་ལ་ཕྲ་རགས་མང་དུ་ཡོད་པ་ལས་འདིར་ནི་ཤིན་ཏུ་ཕྲ་བའི་སེམས་མཐར་ཐུག་སེམས་ཀྱི་རྡོ་རྗེ་དང༌། འོད་གསལ་དང༌། རང་བཞིན་ལྷན་སྐྱེས་ལ་སོགས་པའི་མིང་གིས་བཏགས་པ་སྟེ། རྒྱུད་འདིར་སེམས་དང་ཡེ་ཤེས་རང་སྣང་བ་ཞེས་གསུངས་པའི་ཡེ་ཤེས་ཀྱང་དེ་ཁོ་ན་ཡིན་ཞིང༌། སེམས་རགས་པ་གཞན་རྣམས་ལ་དེ་གཉིས་ཀྱི་ཟླས་དྲང་བའི་སེམས་ཞེས་བྱའོ།།དེ་འདྲ་བའི་ཡེ་ཤེས་དེ་ནི་སེམས་གཞན་རྣམས་ལས་ཉོན་དང་སྡུག་བསྔལ་གྱི་བཅིངས་པས་གཟིར་བཞིན་པ་ནའང་ངོ་བོ་ཅུང་ཟད་ཀྱང་མ་སྦགས་པས་བཅིང་གྲོལ་མེད་པ་ཞེས་བྱ། རྒྱུད་ལ་གསལ་བར་ཉམས་སུ་མྱོང་བ་ན་ཡེ་ཤེས་རང་གི་གནས་ལུགས་སྟོང་པ་ཉིད་རིག་པ་ལས་མཚན་མའི་སྤྲོས་པས་མི་འཕྲོག་པའམ་སྣང་སྲིད་ཐམས་ཅད་རང་སྣང་ཉག་གཅིག་ཏུ་རིག་པའི་ཡེ་ཤེས་ཀྱི་སྣང་བར་གྱུར་པས་རང་རིག་པ་ཞེས་བྱ། གཞན་དུ་སེམས་རགས་པ་འདི་ཉིད་ཚོགས་གཉིས་ཀྱི་ལམ་བསྒོམས་པའི་མཐུས་སངས་རྒྱས་ཀྱི་ཡེ་ཤེས་སུ་ནར་སོན་པ་ཙམ་ལས་ཆེར་མ་བཤད་ཀྱང་ལུགས་འདིར་སེམས་དེ་དག་གི་གནས་གསང་རྡོ་རྗེའི་ཡེ་ཤེས་འདི་ཁོ་ན་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོར་བཞེད་པས་བྱང་ཆུབ་ཀྱི་སེམས་ཞེས་བྱ། བདེན་པ་གཉིས་ལ་སྤྱིར་འཇོག་ཚུལ་མང་ཡང་འདིར་ནི་གསང་བ་སྒྱུ་འཕྲུལ་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་བདེན་གཉིས་སམ་ལྷག་པའི་བདེན་གཉིས་ཏེ།ལྷག་པ་དོན་དམ་བདེན་པ་ནི། དབྱིངས་སྤྲོས་པ་དང་བྲལ་བའི་ཆ་ནས་རང་བཞིན་དོན་དམ། རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས་དོན་དམ། དེ་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔའི་གཏེར་དུ་བཞུགས་པ་འབྲས་བུའི་དོན་དམ་སྟེ་ཕྱི་མ་ལ་ལྔར་ཕྱེ་བས་དོན་དམ་དཀོར་བདུན་ཞེས་གྲགས་སོ། །མདོར་ན་འོད་གསལ་གྱི་མི་རྟོག་པའི་ཆ་དང༌། གསལ་བའི་ཆ་དང༌། དེས་འབྲས་ཆོས་ཀྱི་རྟེན་བྱེད་པའི་ཆ་ལས་སོ་སོར་ཕྱེ་བར་ཟད་དོ།།ལྷག་པ་ཀུན་རྫོབ་ནི། དེའི་རྩལ་སྣང་ཞེས་བཤད་ཀྱང༌། བདེ་གཤེགས་ཟུར་ཆུང་པ་ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་ཉིད་རང་སྣང་བ་ཨ་ཏིའི་ལུགས་ཞེས་གསུངས་པ་ལྟར་ན་ཆོ་འཕྲུལ་ཞེས་བརྗོད་ན་ལེགས་པ་འདྲ་སྟེ། དོན་དམ་དེའི་ཆོ་འཕྲུལ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་རབ་འབྱམས་སུ་ཤར་བའོ། །འདི་དང་འབྲས་བུའི་དོན་དམ་གཉིས་འབྱེད་དཀའ་ཞེས་ཟེར་བ་ཡོད་ཀྱང་འཆར་གཞི་དང་ཤར་ཆོས་ཀྱི་ཁྱད་ཆེའོ། །བདེན་གཉིས་དེ་དག་ངོ་བོ་གཅིག་ཏུ་གནས་པའི་ཟུང་འཇུག་ནི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བྱའོ།། དེ་འདྲ་བའི་བདེན་གཉིས་ཟུང་འཇུག་དེ་བློས་བཅོས་པ་ཙམ་མིན་པའི་ཡིན་ཚུལ་རྗེན་པར་མཐོང་བ་ནི་ཡུལ་དང་ཡུལ་ཅན་སྣང་བའི་སྤྲོས་པ་རགས་པ་ཅན་གྱི་སེམས་ལ་མེད་པས་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའམ་སྤྱོད་ཡུལ་དང་བྲལ་བ་ཞེས་བྱའོ། །བློའི་སྤྱོད་ཡུལ་དང་བྲལ་བ་བསྟན་པ་འདི་འདྲ་རྣམས་ཀྱིས་འཁྲུལ་གཞི་བྱས་ནས་དོན་དམ་བདེན་པ་ཤེས་བྱ་མིན་ཞེས་སྨྲ་བར་ནི་མི་བྱ་སྟེ། དེ་ལྟར་སྨྲ་ན་ཧེ་རུ་ཀ་གལྤོ་ལས།ཤེས་བྱའི་ནང་ནས་དམ་པར་ནི། །གྱུར་ཕྱིར་ངེས་པའི་ཚིག་ཡིན་ནོ། །ཞེས་དང༌། ཞལ་ལུང་དུ་མདོའི་དོན་བསྡུས་དྲངས་པར།ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ།།ཤེས་པར་བྱ་བའི་རྒྱུ་དོན་ཡིན། །ཞེས་དང༌། རིག་འཛིན་གོང་མ་ཐམས་ཅད་ཀྱིས་གཞི་ཤེས་པ་དང་འབྲས་བུ་ཐོབ་པ་སྟེ་ལམ་རྒྱུད་ཀྱིས་བྱ་བ་གཉིས་བྱེད་པར་གསུངས་པ་སོགས་དང་དངོས་སུ་འགལ་ཞིང་རིགས་པའི་གནོད་པ་མཐའ་ཡས་པའི་ཕྱིར་རོ། །གཞན་ཡང་ཇི་སྐད་བརྗོད་པའི་ཡེ་ཤེས་དེ་སེམས་ཀྱི་གཉུག་མའི་རང་བཞིན་ལས་ངོ་བོ་གཞན་དུ་མི་འགྱུར་བར་བཞུགས་པས་ན་ཡེ་ནས་གནས་པ་ཞེས་ཀྱང་བྱའོ།།སྣང་གསུམ་འཕོ་བའི་བག་ཆགས་ལས་སྐྱེས་པའི་སེམས་རགས་པ་ནི་འབྲས་བུའི་ས་ན་མེད་ཅིང་དེའི་དབང་གིས་དེ་དག་སྟོང་གཞིར་བྱས་པའི་སྟོང་ཉིད་ཀྱང་དེ་ན་མེད་པས་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི་སྐུར་འགྲོ་རྒྱུའི་དེ་ཁོ་ན་ཉིད་ནི་གཉུག་མའི་ཡེ་ཤེས་འདིའི་དབྱིངས་ལ་བཞག་དགོས་པས་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་སུ་གང་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་བསྟན་པའི་དགོངས་གཞི་མཐར་ཐུག་ཀྱང་འདི་ཉིད་ཡིན་ཞིང༌། འོན་ཀྱང་དེ་ལ་དགོངས་ཏེ་གསུངས་པའི་མདོ་སྡེ་དེ་དག་གཉུག་སེམས་སྟོན་པའི་སྡེ་སྣོད་ནི་མིན་ཞེས་བཤད་ན་བསྐྱང་བདེ་ཡང༌། འདིར་ནི་རྒྱལ་བ་ཀློང་ཆེན་པ་སོགས་མཆོག་གཟིགས་གོང་མ་མང་པོ། མདོ་དེ་དག་གིས་བསྟན་པའི་གཤེགས་སྙིང་དང༌། འདིར་བསྟན་གཉུག་སེམས་དོན་གཅིག་པས་དེ་དག་གི་དགོངས་གཞིར་མ་ཟད་བརྗོད་བྱ་ཡང་འདི་ཁོ་ན་ཡིན་ཞེས་བཞེད་ལ། དེ་ལྟ་ན་མདོ་སྔགས་ཁྱད་མེད་དུ་མི་འགྱུར་རམ་ཞེ་ན། འདི་ལ་སྨིན་གླིང་ལོ་ཆེན་རིན་པོ་ཆེ་སོགས་ནི་རིག་པ་འགྱུར་མེད་སྦྱང་གཞིར་འདོད་པ་ལ་ཁྱད་མེད་ཀྱང་དེ་ཉིད་ལྷན་སྐྱེས་མི་འགྱུར་བའི་བདེ་བའི་རང་བཞིན་དུ་འདོད་པ་སྔགས་ཀྱི་ཁྱད་ཆོས་ཡིན་ཞེས་བཞེད་དོ།།དོན་འདི་དཀའ་བའི་གནད་ཡིན་པས་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་དཔྱད་པའི་སྒོ་ཙམ་སྨོས་ན། བླ་མེད་ཀྱི་རྒྱུད་ནས་གསུངས་པའི་གཉུག་སེམས་དང་འཁོར་ལོ་ཐ་མ་ནས་བསྟན་པའི་གཤེགས་སྙིང་གཉིས་མིང་མི་འདྲ་ཡང་དོན་གཅིག་ལ། དོན་དེ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་གཟུང་འཛིན་འཁྲུལ་པའི་སེམས་ཀྱིས་བསྒྲིབས་ནས་མ་མཐོང་བ་ཡིན་པས། དེ་མངོན་དུ་བྱེད་པ་ལ་འཁྲུལ་པའི་སེམས་འདི་སྦྱང་དགོས་པར་གཞེད་པ་ལའང་མདོ་སྔགས་ཁྱད་པར་མེད་མོད་ཀྱི། སྦྱང་ཚུལ་མི་འདྲ་སྟེ། མདོ་སྡེར་མ་ཟད་རྣལ་འབྱོར་རྒྱུད་མན་ཆད་དུའང་སེམས་རགས་པ་འདི་ཉིད་ཁོ་ནའི་སྟེང་ནས་ཟབ་ཅིང་རྒྱ་ཆེའི་ལམ་བསྒོམས་ཏེ་རིམ་གྱིས་རྣམ་པར་མི་རྟོག་པའི་དབྱིངས་སུ་སྦྱངས་ནས། མཐར་གཤེགས་སྙིང་དངོས་ལ་རེག་པར་སྟོན་པ་ཤ་སྟག་ཡིན་ལ། རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བའི་ཐབས་ཀྱིས་བདེ་གཤེགས་སྙིང་པོའི་འོད་གསལ་དེ་སྐུ་གསུམ་དུ་སད་པའི་རྟེན་འབྲེལ་བསྒྲིགས་པ་སྔོན་དུ་བཏང་བས་ད་ལྟ་ནས་ཀུན་རྟོག་འཁྲུལ་པའི་སེམས་འདི་ཐད་ཀར་གཅོད་པའི་ཐབས་མཁས་ཀྱི་འཕྲུལ་གསང་ཟབ་མོས་གཉུག་སེམས་མངོན་དུ་ཕྱུང་སྟེ་དེ་ཉིད་ཡར་ལྡན་དུ་ཁྱེར་ནས་འབྲས་བུ་ལ་བདེ་མྱུར་དུ་སྦྱོར་བྱེད་འཁོར་དང་བཅས་པ་ནི་བླ་མེད་ཀྱི་རྒྱུད་ལས་གཞན་དུ་བསྟན་པ་མེད་ཅིང༌། ལམ་སྒྲུབ་ཚུལ་སྔ་མའི་སྐབས་སུ་མི་མཁོ་བའི་རྩ་རླུང་ཐིག་ལེའི་རྣམ་གཞག་དང༌། གཉུག་སེམས་བདེ་བ་ཆེན་པོའི་ལྡོག་པ་ནས་བསྟན་པ་སོགས་ཀྱང་མདོ་སྡེའི་ཕྱོགས་ན་མེད་དོ།།དེ་ལྟར་བཤད་ན་ཐེག་པ་གོང་འོག་གི་རྣམ་གཞག་ཐམས་ཅད་ཀྱང་པདྨའི་འདབ་མ་ལྟར་མ་འཛིང་མ་འཁྲུག་པར་གནས་པར་འགྱུར་རོ། །བདེ་གཤེགས་སྙིང་པོའི་མདོ་མཉན་དུ་རུང་བ་ལ་དབང་ཐོབ་དགོས་པར་ཐལ་བར་ཡང་མི་འགྱུར་ཏེ། དབང་བསྐུར་བ་ནི་གཙོ་བོར་བླ་མེད་ཀྱི་ལམ་ལ་སློབ་པའི་ཆེད་ཡིན་པའི་ཕྱིར་ཏེ། དཔེར་ན་ལུགས་གཞན་དུའང་བླ་མེད་ཀྱི་སྐབས་སུ་འབད་པ་དུ་མས་ལྷན་སྐྱེས་ཀྱི་བདེ་བ་བསྒྲུབས་པའི་དོན་པོ་བདེ་བ་དེས་སྟོང་ཉིད་སྒོམ་པ་ཡིན་ཡང་སྟོང་ཉིད་མཉན་པ་ལ་དབང་ནོད་མི་དགོས་པ་བཞིན་ནོ།།མདོ་སྡེའི་ཕྱོགས་ནས་དེ་འདྲའི་གཤེགས་སྙིང་བསྟན་པ་དེ་ད་ལྟ་ནས་ལམ་དུ་བྱ་བའི་ཆེད་མིན་ན་དགོས་པ་ཅི་ཡོད་ཅེ་ན། འདིའི་སྐྱོན་སྤོང་བྱེད་ཚུལ་རྒྱུད་བླ་མའི། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཞེས་སོགས་ཀྱི་སྐབས་རྒྱུ་མཚན་ལྔ་གསུངས་པ་ལ་སོགས་པའི་སྟེང་ནས་ཤེས་དགོས་ཏེ། དེ་ལའང་ཞིབ་ཆ་དགོས་ཤིང༌། རྒྱུད་བླའི་འགྲེལ་པར་གཤེགས་སྙིང་ལ་རྟག་པའི་ཆོས་ཉིད་ཅེས་གསུངས་པ་སོགས་དང༌། དེ་བས་ཀྱང་ཆེས་བཤད་དཀའ་བ་འགའ་ཞིག་ཡོད་པའི་འགལ་སྤོང་སོགས་ཀུན་མཁྱེན་ཆེན་པོའི་གཞུང་རྣམས་ཁོག་བསྒྲིགས་ནས་ཤེས་པར་བྱའི། འདིར་མ་སྤྲོས་སོ། །རྣམ་པ་གཅིག་ཏུ་ན། འཁོར་ལོ་ཐ་མའི་མདོ་དང་རྒྱུད་བླ་མ་སོགས་ལ་བརྟེན་ནས་སྔགས་ཀྱི་འོད་གསལ་གཏན་ལ་ཕབ་པ་རྣམས། མདོ་བསྟན་བཅོས་དེ་དག་རང་རང་གི་དགོངས་གཞི་མཐར་ཐུག་དང་སྦྱར་བའི་སྟེང་ནས་བཤད་ན་འདི་ལྟར་འགྱུར་ཞེས་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་དོན་མཐར་ཐུག་གསང་སྔགས་བླ་མེད་ལ་གཞོལ་ཚུལ་བསྟན་པ་ཙམ་དུ་དགོངས་པ་བླང་ནའང་འགལ་བ་ཆེར་མ་མཐོང་སྟེ། རང་ལུགས་འཛིན་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ།།ཡེ་ཤེས་དེ་འཁོར་འདས་གཉིས་ཀྱི་གཞིར་འགྱུར་ཚུལ་ནི། སེམས་ཅན་རྣམས་འགྲོ་བ་ལྔར་འཁོར་བ་ན་ཕུང་པོ་སྔ་མ་ས་ཆུ་ལ་ཐིམ་པ་སོགས་ཀྱི་རིམ་པས་འོད་གསལ་གྱི་དབྱིངས་དེ་ཉིད་དུ་བསྡུད་ཅིང༌། སླར་ཡང་དེ་ཉིད་གཞོམ་མེད་ཀྱི་རླུང་དང་བཅས་པ་ལས་སྣང་བ་གསུམ་དང་ཀུན་རྟོག་གི་རླུང་སེམས་རིམ་གྱིས་མཆེད་དེ་བར་སྲིད་དང་སྐྱེ་བ་འགྲུབ་ལ། སྐྱེ་བ་བླངས་ནས་ཀྱང་ལས་ཉོན་གྱིས་ཕྱི་མའི་སྡུག་བསྔལ་གྱི་ཕུང་པོ་ཕྱི་སྣོད་དང་བཅས་པ་འདུ་བྱེད་ཅིང༌། ཇི་ལྟར་འདུ་བྱས་པ་བཞིན་དུ་འགྲུབ་སྟེ། དེ་ལྟར་ཟོ་ཆུན་གྱི་འཁོར་ལོ་ལྟར་འཁོར་བ་ནི་བླ་མེད་ཀྱི་རྒྱུད་གསར་རྙིང་ཕལ་ཆེར་ནས་གསུངས་ལ། ད་ལྟ་གསོན་ལུས་ལ་གནས་དུས་ཀྱང་གཟུང་འཛིན་རགས་པའི་རླུང་སེམས་ཀྱི་ཆ་ཐམས་ཅད་ཉི་འོད་དང་དེའི་དྲོད་བཞིན་དུ་ཡེ་ཤེས་ཀྱི་རླུང་སེམས་ཀྱིས་ཁྱབ་ནས་གནས་པས་ཡུལ་སྣང་ཐམས་ཅད་ལ་ཡང་འོད་གསལ་ཡེ་ཤེས་ཀྱི་སྣང་བའི་ཆ་རེ་མེད་མི་སྲིད་ལ། དེ་དག་ལས་ཡེ་ཤེས་ཀྱི་རླུང་སེམས་རྣམས་ནི་གཉུག་མའི་ཆ་དང༌། རགས་པའི་ཆ་རྣམས་དེའི་ཆོ་འཕྲུལ་དུ་བྱུང་བ་དང༌། དེའི་སྲོག་ཏུ་ཡོད་པའི་དབང་གིས་རང་རང་གི་བྱ་བ་ལ་འཇུག་པ་ཡིན་ཞིང༌། ཡེ་ཤེས་འཁྲུལ་པའི་རླུང་སེམས་སུ་མཆེད་པ་ན་དེའི་དབང་གིས་ཡེ་ཤེས་ཀྱི་སྣང་བའང་འཁྲུལ་སྣང་དུ་སོང་བ་ཡིན་པས་སྣང་སེམས་ཐམས་ཅད་ཀྱི་རྩ་བའི་གཞི་སེམས་ཉིད་འོད་གསལ་ཁོ་ནར་འདོད་པ་ནི་གསང་སྔགས་སྔ་འགྱུར་ནས་བཤད་པ་སྟེ། འོད་གསལ་གྱི་ཡེ་ཤེས་ལུས་ལ་གནས་པ་དང་ཤར་བ་མི་གཅིག་ཅིང་འཆར་བའི་ཐབས་ཀྱང་གཅིག་ཏུ་མ་ངེས་པས། འཆི་དུས་སུ་ཤར་བ་སོགས་ནམ་མཁའ་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་སྟོང་སང་གི་རྣམ་པ་ཅན་དང༌། དྷཱུ་ཏིའི་རྩ་འཁོར་གྱི་ནང་ཁོ་ནར་འཆར་བ་སོགས་ཡིན་ཡང་འོད་གསལ་གང་ཡིན་ཐམས་ཅད་དེ་ལྟར་མ་ངེས་ཏེ། འདི་ཙམ་ཞིག་སྣང་བ་ལྷར་སྒྲུབ་སོགས་སྐབས་དུ་མར་མཁོ་བས་སྨོས་ཀྱི་རྒྱས་པར་རྫོགས་ཆེན་གྱི་སྐོར་ལས་འབྱུང་བ་མ་བཀོད་དོ།།དེ་ནི་ཀུན་ཉོན་འཁོར་བའི་ཆོས་ཀྱི་གཞི་བྱེད་ལུགས་ཡིན་ལ། རྣམ་བྱང་ཕྱོགས་ཀྱི་གཞི་བྱེད་ལུགས་གཞན་ཡང་ཡོད་མོད་དེ། གཙོ་བོ་ནི་གོང་དུ་བྱང་ཆུབ་སེམས་ཀྱི་དོན་བཤད་པར་བརྗོད་ཟིན་ཏོ།།འདི་དག་གི་སྐབས་སུ་ཡེ་ཤེས་རང་སྣང་ཞེས་བཤད་པ་ནི་ཡེ་ཤེས་ཉིད་ལས་གཞན་དུ་མ་གྱུར་པའི་སྣང་བ་སྟེ། ཡེ་ཤེས་ཀྱི་རང་དབང་གི་འཆར་ཚུལ་ལྟར་བཞག་པ་དག་པའི་སྣང་བ་དང༌། སེམས་རང་སྣང་ཞེས་པ་ནི་ཡེ་ཤེས་དེ་སེམས་ཀྱིས་དཀྲུགས་པའི་དབང་གིས་སྣང་སེམས་རང་རྒྱུད་པར་འཆར་བ་མ་དག་པའི་དངོས་སྣང་རྣམས་ཏེ། དེ་དག་ཀྱང་སེམས་རང་གིས་བཏགས་པ་ཙམ་གྱི་སྣང་ཆར་ཟད་ཀྱི། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་རང་སྣང་ཞེས་བྱའོ། །ཕྱི་མའི་གནས་ལུས་སོགས་ནི་ཡེ་ཤེས་ཀྱི་ཆ་དང་སེམས་ཀྱི་ཆར་གྱུར་པ་གང་ཡང་མིན་པས་རང་སྣང་དངོས་མ་ཡིན་ཡང༌། སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུར།ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་སོགས་སྣང་སྲིད་དག་མཉམ་དུ་བསྟན་པ་རྣམས་ཀྱི་དགོངས་དོན་གཏན་ལ་དབབ་པའི་ཕྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་གི་ཕྱོགས་སུ་བསྡུས་ནས་བསྟན་པ་ཡིན་ནོ།།

གཉིས་པ་ཞར་བྱུང་འཁྲུལ་པ་བཏགས་པའི་གཞི་ནི། གཞི་ལ་འཁྲུལ་པ་མེད་ཀྱང༌། འཁྲུལ་པ་ལ་གཞི་ཡོད་ཅེས་རོག་བདེ་གཤེགས་ཆེན་པོ་གསུངས་པ་ལྟར། གཉུག་མའི་རང་བཞིན་ལ་འཁྲུལ་པ་མེད་ཀྱང༌། དེའི་ཆོ་འཕྲུལ་འཁྲུལ་པར་ཤར་ཏེ། གནས་ལུགས་ཀྱི་རང་ཞལ་འགེབས་ཤིང་སྒྲིབ་པར་བྱེད་པའི་ཞེན་སྣང་ནི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་འཁོར་བ་ཕྲ་རགས་ཀྱི་རྟེན་དུ་གྱུར་པས་འཁྲུལ་པ་བཏགས་པའི་གཞི་ཞེས་བྱ། དེ་ཡང་གཞུང་སྤྱི་སྐད་དང་བསྟུན་ན་སྣང་སེམས་ལ་ཕྱིན་ཅི་ལོག་ཏུ་སྣང་ཞིང་སྣང་བ་ལྟར་ཞེན་པས་ན་ཞེན་སྣང་ཞེས་སྦྱོར་དགོས་པར་མངོན་ཡང༌། འདིའི་བཀའ་སྲོལ་དུ་འདས་པ་སྣང་ཡང་འཁོར་བར་ཞེན་པ་ཞེས་གསུངས་ཏེ། དེ་ལྟར་ན་སྣང་བ་ལྟར་མ་རྟོགས་པར་གཞན་དུ་ཞེན་པ་ཞེས་བཤད་པར་བྱའོ།།གང་ལྟར་ཡང་དོན་དུ་གཉིས་མེད་ལ་གཉིས་སུ་འཛིན་པ་ལ་འཇོག་པར་བཤད་དེ། རང་བཞིན་མེད་པའི་ཆོས་ཉིད་ལས་གཞན་དུ་མ་གྱུར་པའི་དངོས་པོ་རྣམས་ལ་ཕྱི་རོལ་དུ་གྱུར་པའི་སྣང་བ་རང་རྒྱུད་པའམ་རང་དབང་བ་དང་རང་མཚན་པར་ཞེན་པའོ། །དེའང་གནས་ལུགས་ཀྱི་དོན་ལས་གཞན་དུ་གོལ་བའི་རྒྱུའི་གཙོ་བོ་རྨོངས་པ་མ་རིག་པ་ཡིན་ཞིང༌། དེ་ལ་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཏེ། དེ་གཉིས་ཀྱང་འདིར་གྲུབ་མཐའ་ངན་པས་བཏགས་མ་བཏགས་ལ་མ་བཞག་པར་ངོ་བོའི་དབྱིངས་ལ་རྨོངས་ཙམ་གྱི་མ་རྟོགས་པའི་མ་རིག་པ་དང༌། སྣང་སེམས་རང་རྒྱུད་དུ་ཞེན་པའི་ལོག་རྟོག་གི་མ་རིག་པ་གཉིས་ལ་བཤད་པའི་གཙོ་བོ་ཕྱི་མ་སྟེ། འདིར་བསྟན་ཞེན་སྣང་ནི་དེའོ།།སངས་རྒྱས་སུ་འགྲུབ་པའི་བསྒྲུབ་གཞིའི་དབང་དུ་བྱས་ནས་ངོ་བོའི་གཞི་དང༌།སེམས་ཅན་དུ་གོལ་བའི་འཁོར་རྩའི་དབང་དུ་བྱས་ནས་བཏགས་པའི་གཞི་བསྟན་པར་སེམས་ཏེ། སྔ་མ་མ་བསྟན་ན་འདིའི་གྲུབ་མཐའི་སྙིང་པོ་ཆོས་ཐམས་ཅད་ཡེ་སངས་རྒྱས་པར་གཏན་ལ་དབབ་ཏུ་མེད་ལ། ཕྱི་མ་མ་བསྟན་ན་དེ་ལ་ལྟོས་པའི་སྦྱང་བྱའི་གཙོ་བོ་ངོས་མི་ཟིན་པས་དངོས་དང་ཞར་བྱུང་གི་ཚུལ་དུ་གཉིས་སྨོས་སོ།།

གཉིས་པ་གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་ནི། སྐྱེད་བྱེད་ཤེས་རབ་རྣམ་པ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེས་པ་སྟེ། རིམ་གསུམ་ལས།ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་སོ། །འདིར་ཐུན་མོང་གི་སེམས་ལྔ་ནི། ལྷ་མིའི་ཐེག་པ་དང༌། ཉན་རང༌། བྱང་སེམས།ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་རེ་རེ་ཞིང་སེམས་ལྔ་རེ་བརྩི་བ་ཡིན་ལ། མཆོག་གི་སེམས་ལྔ་ནི། མ་ཧཱ་ཡོ་གའི་རང་ལམ་ཉིད་ལ་བརྩི་བ་སྟེ། ལམ་དེ་དང་དེ་ལ་འཇུག་འདོད་ཀྱི་སེམས་དང་པོར་ལྡང་བ་གཡོ་ལྡང༌། ལམ་དེ་རྙེད་ན་ཅི་མ་རུངས་སྙམ་དུ་འདུན་པའི་ཤུགས་ཆེར་སོང་བ་སྨོན་པ། སྨོན་པ་བཞིན་དུ་འཇུག་པ་འཇུག་པ། ཞུགས་ནས་ཉམས་ལེན་གྱི་རྒྱུན་ལ་གནས་པ་གནས་པ། མཐར་འདོད་དོན་གྲུབ་པ་མཐར་ཕྱིན་པའི་སེམས་ཏེ། འདི་རྣམས་རེ་རེའི་མཐར་བྱང་ཆུབ་ཀྱི་སེམས་ཞེས་སྦྱར་སྣང་བ་མཆོག་གི་སེམས་ལྔའི་དབང་དུ་བྱས་པའམ། ཡང་ན་ཉན་རང་གི་ཐེག་པའི་སེམས་ལྔའང་དེ་དག་རང་གི་བྱང་ཆུབ་ལ་ལྟོས་ནས་དེ་ལྟར་བརྗོད་པའམ་སྒྲ་འཇུག་པ་ལ་བཤད་དུ་ཡོད་པས་མ་ཁྱབ་པ་གང་བདེའི་སྟེང་ནས་བསྙད་པར་བྱའོ།།དེའང་ཉན་ཐོས་ཀྱི་སྡེ་སྣོད་ནས་དེའི་ལམ་རྣམས་སེམས་ལྔར་བསྡུས་ཏེ་བསྟན་པ་སོགས་མིན་གྱི། རྒྱུད་སྡེ་འདིའི་གཞུང་ལས་ཉན་ཐོས་ཀྱི་ལམ་རྣམས་སེམས་ལྔར་བསྡུས་ནས་བསྟན་པ་སོགས་ཡིན་ནོ། །ཅི་ལྟར་ན་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། ཐོབ་བྱ་འབྲས་རྒྱུད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང༌། གང་གིས་གང་དུ་བགྲོད་པའི་ཤུལ་ཡིན་པས་ལམ་མོ།།དེ་ལ་གཙོ་ཕལ་གྱི་སྒོ་ནས་དབྱེ་ན། ཉེ་བའི་ལམ་བླ་མེད་སྒྱུ་དྲྭའི་ལམ་འདི་ཉིད་དང༌། རིང་བའི་ལམ་ཐུན་མོང་གི་ཐེག་པ་བཞི་དང་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་ཏེ། དེའང་འདིའི་དངོས་ཀྱི་གདུལ་བྱས་ལམ་འདི་བོར་ནས་དེ་དག་ལ་འཇུག་ན་མཆོག་གི་དངོས་གྲུབ་ལས་ཆེས་རིང་དུ་འགྱུར་བ་དང༌། ཐེག་པ་གཞན་གྱི་རིགས་ཅན་གྱིས་རང་ལམ་སྒྲུབ་ནའང་དམན་ལམ་སྔོན་སོང་ལྟ་ཅི། དང་པོ་ནས་ཕར་ཕྱིན་དང་ཕྱི་རྒྱུད་ཀྱི་ལམ་ནས་ཞུགས་ཀྱང་ལམ་འདི་པ་ལ་ལྟོས་ན་རྫོགས་བྱང་དུས་རིང་མོ་ཞིག་ན་འགྲུབ་པས་རིང་ལམ་ཞེས་བྱ་ཡི། ཁོག་གཞུང་ལས།ཐུན་མོང་ལམ་སྟེགས་ཙམ་ཉིད་དུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད། །ཅེས་པ་ལྟར་འདིའི་ལམ་ལ་དབང་པོ་དང་བསམ་པའི་སྣོད་སྦྱོང་བའི་ཆེད་དུ་ཐུན་མོང་གི་རྟོགས་རིགས་ལ་སློབ་པ་ཙམ་ནི་ཉེ་རིང་ཐུན་མོང་གི་ལམ་དུ་འགྱུར་རོ།།

ཁྱད་པར་གྱི་ལམ་དེ་ལ་དབྱེ་ན། ཐབས་ཀྱིས་ངེས་པའི་ལམ་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་གཉིས་ཏེ།བཤད་རྒྱུད་རྒྱ་མཚོ་ལས།གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། སྤྱིར་ཐབས་ལམ་ཞེས་པའི་ཚིག་ཟུར་གྱི་ཐབས་ནི་གྲོལ་ལམ་གྱི་ནང་དུའང་ཡོད་དེ། ཚོགས་སྤྱོད་བཞིན་ནོ། །གྲོལ་ལམ་གྱི་སྐབས་སུ་བཤད་པའི་ཆོས་ཉིད་རྟོགས་པའི་ཤེས་རབ་ཀྱང་ཐབས་ལམ་ལ་དགོས་ཏེ། དེ་དང་བྲལ་ན་ལམ་གྱི་སྙིང་པོ་སྟོར་བའི་ཕྱིར་རོ། །འོན་ཀྱང་གང་ཟག་གཅིག་གི་ལམ་ལ་ཐབས་གྲོལ་གཉིས་ཀ་འཇོག་པའང་མ་ཡིན་ཏེ། ཐབས་ལམ་པ་དང་གྲོལ་ལམ་པ་ཞེས་གང་ཟག་ཐ་དད་ཀྱི་ལམ་ཆ་ཚང་གཉིས་སུ་བཞེད་དོ།།དེས་ན་ལམ་གྱི་གཞུང་ཤིང་རྫོགས་རིམ་ལ་ལྟོས་ནས་རྩོམ་པ་དང་པོར་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱི་མན་ངག་ལ་བརྟེན་པ་དང༌། སེམས་རང་བབས་ཀྱི་སྟེང་དུ་འཇོག་པའི་བཞག་ཐབས་ཙམ་ལ་བརྟེན་པའི་ཁྱད་པར་དུ་བཤད་ཀྱང་རུང་མོད་དེ། འདིར་དགོངས་རྒྱན་ལྟར་གཙོ་བོ་ཤེས་རབ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་གྲོལ་ལམ་དང༌། གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ཐབས་ལམ་དུ་བྱ་སྟེ་ཉེ་སྟོན་ཆོས་སེང་སོགས་ཀྱི་བཞེད་པའོ།།དེའང་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་བཞུགས་ཚུལ་རྟོགས་ནས་གོམས་པར་བྱེད་པ་ནི་འདི་ཉིད་ཀྱི་ལམ་སྤྱིའི་ཁོག་ཡིན་ལ། གཙོ་བོར་དེ་ཙམ་གྱི་སྟེང་ནས་ལམ་བགྲོད་པ་ནི་གྲོལ་ལམ་དང༌། དེའི་སྟེང་དུ་མན་ངག་གི་ཐབས་ཟུར་པ་བསྣན་ནས་དེ་ལའང་གཙོ་བོར་བརྟེན་ཏེ་ལམ་བགྲོད་པ་ལ་ཐབས་ལམ་དུ་བཞག་པ་ཡིན་པས། མཚན་ཉིད་གསུམ་གྱི་ཁོག་རྒྱས་བར་གྲོལ་ལམ་གྱི་སྐབས་སུ་བསྟན་ཞིང༌། ཐབས་ལམ་འཆད་དུས་ཐབས་ལམ་རང་གི་སྒོས་ཆོས་ཙམ་ལས་ཆེར་མ་བཤད་པའང་དེའི་རྒྱུ་མཚན་ལ་ཐུག་སྟེ། ཐབས་ལམ་ལ་མཚན་ཉིད་གསུམ་མེད་པ་ནི་གཏན་མིན་ནོ།།དཔེར་ན་ཕར་ཕྱིན་དྲུག་སྔགས་ལམ་ལ་ཡང་ཚང་མོད་ཀྱི། སྔགས་ཀྱི་ཐེག་པ་ཕར་ཕྱིན་ཐེག་པ་མ་ཡིན་ཞིང༌། ཕྱིན་དྲུག་གི་སྤྱོད་པའི་སྐོར་ལ་ཕར་ཕྱིན་ཐེག་པའི་གཞུང་རྣམས་རྒྱས་ལ། སྔགས་སུ་གསང་སྔགས་རང་གི་ཁྱད་ཆོས་རྣམས་གཙོ་བོར་བསྟན་པ་དང་འདྲའོ། །དེ་ལྟར་ཐབས་གྲོལ་སོ་སོར་གཙོ་བོར་གང་བྱེད་ཀྱི་ལམ་ལ་ཁྱབ་ཆེ་ཆུང་བཤད་པ་འདིས་མཚན་དོན་དང་གླེང་གཞི་སོགས་ཀྱི་སྐབས་སུ་གྲོལ་ལམ་ལྟར་བཤད་པ་རྣམས་ལ་ཐུན་མོང་ལྟར་རམ་སྤྱི་ལྟར་བཤད་པ་ཞེས་འབྱུང་བའི་གོ་དོན་ཡང་ཤེས་པར་མངོན་ནོ།།ལམ་མྱུར་བུལ་གྱི་དབང་དུ་བྱས་ན། གྲོལ་ལམ་ནི་རིན་པོ་ཆེ་ཀཽསྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་ལྟ་བུ་དང༌། ཐབས་ལམ་ནི་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་འགྱུར་བ་ལྟ་བུ་བཤད་ལ། གྲོལ་ལམ་རིམ་གྱིས་པ་ཐབས་ལམ་རིམ་གྱིས་པ་ལས་བུལ་ཡང༌། གྲོལ་ལམ་ཅིག་ཅར་བ་ནི་ཐབས་ལམ་ཅིག་ཆར་བ་ལས་ཀྱང་མྱུར་ཞེས་གསུང་སྲོལ་ཡང་སྣང་ངོ༌། །དེ་ལ་ཐུན་མོང་སྔོན་དང་ཁྱད་པར་རྗེས་སུ་བཤད་པའི་དབང་དུ་བཏང་སྟེ་གྲོལ་ལམ་དང་པོར་དང༌། འཆད་བདེ་བ་ལ་བསམ་ནས་ཐབས་ལམ་དང་པོར་འཆད་པ་གང་ཡང་རུང་ཞེས་གསུངས་པ་ལས་འདིར་དགོངས་རྒྱན་ལྟར་ཐབས་ལམ་སྔོན་ལ་བཤད་པར་བྱ་སྟེ། ཐབས་ལམ་ཉིད་ལའང་ཐབས་དང་ཐབས་བྱུང་གི་རྣལ་འབྱོར་གཉིས་ཡོད་པའི་གོ་རིམ་དང་བསྟུན་ན་ཐབས་སྔོན་ལ་འོང་ཞིང་ཐབས་བྱུང་གྲོལ་ལམ་གྱི་སྒྲོམ་ནས་ཤེས་པའི་ཡང་ཕྱིར་རོ།།

ཐབས་ལམ་དེ་ལ་གཉིས། སྟེང་སྒོ་འཇུ་འདུལ་དང༌། འོག་སྒོ་ཁམས་གསུམ་རོལ་པའི་ལམ་མོ།།དྷཱུ་ཏིའི་ནང་དུ་ཁམས་བཞུ་བརྟུལ་གྱི་ལས་ཀྱི་ཡེ་ཤེས་འཆར་བར་བྱེད་པ་ན་འཇུ་འདུལ་གྱི་ལམ་དང༌། རྒྱུད་ཀྱི་ལེའུ་བཞི་པར་ཡུལ་སྐུ། དབང་པོ་གསུང༌། རྣམ་ཤེས་ཐུགས་སུ་གསུངས་ཤིང་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་སུ་བཤད་པའི་གཙོ་བོར་པདྨའི་རེག་བྱ་དང་རྡོ་རྗེའི་དབང་པོ་དང་བདེ་བའི་རྣམ་ཤེས་གསུམ་སྦྱར་བའི་སྔགས་ཀྱི་རོལ་རྩེད་ཡིན་པས་ན་ཁམས་གསུམ་རོལ་པ་ཞེས་བྱ་སྟེ། སྔ་མ་རང་ལུས་དང་ཕྱི་མ་གཞན་ལུས་ལ་བརྟེན་པའོ།།འཇུ་འདུལ་གྱི་ལམ་ལ་གཙོ་བོར་བྱས་པས་ཀྱང་བོགས་འདོན་དུ་ཁམས་གསུམ་རོལ་པ་ལ་སློབ་དགོས་ཤིང༌། ཁམས་གསུམ་རོལ་པ་གཙོ་བོར་བྱས་པས་ཀྱང་སྔོན་དུ་འཇུ་འདུལ་གྱི་ལམ་གྱིས་རྩ་ཐིག་རླུང་གསུམ་ལས་རུང་ངེས་པར་འགྲོ་དགོས་ཀྱང༌། གཙོ་བོར་གང་བྱེད་ལ་ལྟོས་ནས་གང་ཟག་གཉིས་ཀྱི་ལམ་དུ་བཞག་ཀྱང་ཆོག་སྟེ་སྔ་མ་བཞིན་ནོ།།

དང་པོ་སྟེང་སྒོའི་རྣལ་འབྱོར་ལ་གཉིས་བཤད་དེ། ཐུན་མོང་བ་དང༌། ཁྱད་པར་བའོ། །དང་པོ་ནི། བཤད་རྒྱུད་རྒྱ་མཚོ་ལས།འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ།།བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་གསུངས་ཏེ། འཁོར་ལོ་གསུམ་ཕྲག་གཉིས་ནི། སྤྱི་བོ་བདེ་ཆེན་གྱི། མགྲིན་པ་ལོངས་སྤྱོད་ཀྱི། སྙིང་ག་ཆོས་ཀྱི། ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ་རྩ་བའི་འཁོར་ལོ་བཞི་དང༌། དེ་འོག་སོར་བཞི་གཞལ་བར་ལྟེ་བའི་གཏུམ་མོ་ལས་ཡར་འབར་བ་རྒྱུད་གཞན་དུ་ཚངས་པའི་མེ་ཞེས་གྲགས་པའི་མེ་དཀྱིལ་དང༌། དེའི་འོག་ན་མེ་དེ་སྦོར་བྱེད་ཐུར་སེལ་གྱི་རླུང་སྟེ་རྐྱེན་གྱི་འཁོར་ལོ་གཉིས་སོ། །སྲོག་ཤིང་གསུམ་ནི། དབུ་རྐྱང་རོ་གསུམ་མོ། །ལྷག་མའི་དོན་ནི། འཁོར་ལོ་བཞིའི་ལྟེ་བར་དམིགས་པས་གནད་དུ་བསྣུན་པ་ལས་རོ་རྐྱང་གི་རྒྱུ་བ་འགག་ཅིང་རླུང་དཀྱིལ་གྱིས་མེ་སྦར། དྷཱུ་ཏའི་ལམ་དྲང་པོ་ནས་སོང་སྟེ་ནམ་མཁའི་བ་ཞེས་པ་སྤྱི་བོའི་ཧཾ་ཡིག་སྐུལ་ཏེ་མུ་ཏིག་ལྟ་བུའི་བྱང་ཆུབ་ཀྱི་སེམས་བབས་པ་ལས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་ཞིང༌། ཁྱད་པར་དུ་ལྷན་སྐྱེས་ཀྱི་དགའ་བའི་དུས་སུ་གདལ་ཁྱབ་སྤྲོས་པ་མེད་པའི་དབྱིངས་ལ་སྤྱོད་པའོ།།

གཉིས་པ་ཁྱད་པར་བ་ལ། ལུས་ལས་ཡེ་ཤེས་སྐྱེ་བའི་གནད་དང༌། དེ་ཤེས་ནས་གནད་དུ་བསྣུན་ཚུལ་གཉིས་ལས། དང་པོ་ནི། སྔར་བཤད་པ་ལྟར་གདོད་ནས་རྣམ་པར་དག་པའི་རང་གནས་ཀྱི་ཡེ་ཤེས་དེ་ད་ལྟ་རྡོ་རྗེའི་ལུས་ལ་ཇི་ལྟར་གནས་པའི་ཚུལ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་དྭངས་མ་ཆེན་པོ་ལྔའི་དབུས་ན་སྟོང་གསལ་བདེ་བ་ཆེན་པོའི་ངོ་བོ་དང༌། སྣང་བ་ཐམས་ཅད་ཀྱི་འཆར་གཞིར་བཞུགས་ཏེ། རྡོ་རྗེ་མེ་ལོང་ལས།ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས།།མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ།།མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང༌། དཔེ་ཆུང་རང་གནས་ལས།མི་ཤིགས་ཡེ་ཤེས་ཐིག་ལེ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག།གཅིག་དང་དུ་མ་རྣམ་སྤངས་པ། །སྣ་ཚོགས་སྣང་ལ་མཚོན་དུ་མེད། །ཅེས་སོ། །དེ་ལས་ཆོ་འཕྲུལ་འབྱུང་བའི་ནུས་པ་རིམ་གྱིས་སད་པ་ན་དང་པོར་དེ་ཉིད་དང་རྗེས་སུ་མཐུན་པ་དག་པའི་སྣང་བ་སྐུལ་བའི་བྱེད་ལས་ཅན་གྱི་དཀར་དམར་རླུང་གསུམ་གྱི་ཆ་ཕྲ་མོ་གཞན་དག་འབྱུང་བ་ནི་ཉེ་བའི་དྭངས་ཆེན་ཏེ། དྭངས་མ་གཞན་ཐམས་ཅད་ཀྱི་ཟུངས་སམ་གནད་དུ་གྱུར་པའོ།།དེ་དག་ཐོག་མེད་ནས་བརྒྱུད་དེ་འོངས་པའི་ལོག་པའི་ཞེན་སྣང་གི་ཆས་དཀྲུགས་པ་ལས་མ་དག་པའི་སྣང་བ་ངན་པ་སྐྱེད་པའི་རྩ་ཁམས་རླུང་གསུམ་སྙིགས་མའི་ཆ་གཙོ་བོ་རྣམས་འབྱུང་ཞིང༌། དེ་དང་མཉམ་དུ་རང་སྣང་གི་ཡུལ་རྣམས་ཀྱང་ཆུ་ཤིན་ཏུ་མཉེན་པ་དགུན་གྱི་གྲང་རེག་གི་རྐྱེན་གྱིས་རྡོ་ལྟར་སྲ་བའི་ཁམས་སུ་འགྱུར་བ་ལྟར་ཐ་མལ་བའི་རྣམ་པར་ཤར་ནས་སླར་ལ་ཞེན་སྣང་རྒྱས་པར་བྱེད་དེ། དེ་ལྟར་འཁྲུལ་པའི་གཟུང་འཛིན་གྱི་འཁོར་ལོ་བསྐོར་བ་ཡིན་ནོ།།དེའང་ཅུང་ཟད་ཞིབ་ཏུ་བཤད་ན། ལུགས་འདིར་སྙིང་གའི་གནད་གཙོ་བོར་བྱེད་དེ། དེ་ལ་དགོངས་རྒྱན་ལྟར་རྩ་གདབ་བརྒྱད་དམ་རྩ་ཆེན་བཞི་ལས། མདུན་ཆོས་ཉིད་ཀྱི་རྩ་ལ་ཉེ་བའི་དྭངས་མ་ༀ་དང་སྙིགས་མ་སུ་ཏྲི། གཡས་ཡེ་ཤེས་ཀྱི་རྩ་ལ་དྭངས་མ་ཧཱུྃ་དང་སྙིགས་མ་ཨ་ནྲི། གཡོན་ཡོན་ཏན་གྱི་རྩ་ལ་དྭངས་མ་ཨཱཿ དང་སྙིགས་མ་པྲེ་དུའི་ཡི་གེ་རྣམས་གནས་ཏེ། ཡི་གེ་གསུམ་པོ་དྭངས་མའི་ནང་ཕྱོགས་དྷཱུ་ཏི་དང་ཉེ་བ་ན་དང༌། ས་བོན་དྲུག་པོ་རྩ་འདབ་ཀྱི་གབ་བམ་མཐར་གནས་སོ། །ཉེ་བའི་དྭངས་མ་དེ་དག་ནི་དབུས་ཀྱི་དྭངས་མ་ལྔའི་ཡོན་ཏན་ལས་བྱུང་སྟེ། ༀ་ཡིག་ཤའམ་རྩའི་དྭངས་མ་ཤེལ་སྦུག་ཅན་གྱི་ཡོན་ཏན་ལས་བྱུང༌། ལུས་ལ་རྩའི་དྭངས་ཆ་དང་དེའི་ཡོན་ཏན་རྣམས་བསྐྱེད་ཅིང་སྐྱེས་ཟིན་གྱི་རྒྱུན་གསོས་ནས་རྒྱས་པར་བྱེད་དོ།།ཨཱཿ ཡིག་མི་ཤིགས་པའི་དམར་ཆའི་ཡོན་ཏན་ལས་བྱུང༌། ཁྲག་གི་དྭངས་ཆ་དང་ཡོན་ཏན་སྐྱེད་ཅིང་གསོ། ཧཱུྃ་ཡིག་མི་ཤིགས་པའི་རླུང་གི་ཡོན་ཏན་གྱི་དབང་ལས་བྱུང༌། དབུགས་ཀྱི་དྭངས་ཆ་དང་ཡོན་ཏན་བསྐྱེད་ཅིང་གསོའོ། །ༀ་དུ་འཇོག་པ་ནི་ཐིག་ལེ་དེ་ལ་དག་པའི་གཟུགས་སྣང་སྣ་ཚོགས་སྐྱེད་པའི་ནུས་པ་ཤས་ཆེར་ཡོད་པའི་སྒོ་ནས་ཡིན་ཏེ། ༀ་སྐུ་རྡོ་རྗེའི་ས་བོན་ཡིན་པས་སོ།།དེས་མཚོན་ཏེ་སྒྲ་ཚིག་གི་སྣང་བ་རིས་མེད་སྐྱེད་པའི་སྒོ་ནས་ཨཱཿ དང༌། ཏིང་ངེ་འཛིན་བཟང་པོ་སྐྱེད་པའི་སྒོ་ནས་ཧཱུྃ་དུ་འཇོག་པའང་ཤེས་པར་བྱ་ལ། ད་ལྟ་སྐུ་སྒྲུབ་བྱེད་ཀྱི་ལས་བསགས་པ་རྣམས་ༀ་གྱི་སྟེང་དུ་གསོག་པ་དང༌། གསུང་སྒྲུབ་བྱེད་རྣམས་ཨཱཿལ་གསོག་པ་དང༌། ཐུགས་སྒྲུབ་བྱེད་ཧཱུྃ་ལ་གསོག་པར་ཡང་བཤད་དོ།།དེ་བཞིན་དུ་སུ་ཏྲི་གཉིས་ལ་རྩའི་སྙིགས་མ་སྐྱེད་པ་དང༌། ལྷ་མིན་དང་དུད་འགྲོའི་སྣང་ཞེན་སྐྱེད་པའི་ནུས་པ་གཉིས་ཡོད་ཅིང༌། ད་ལྟ་འགྲོ་བ་དེ་གཉིས་སུ་སྐྱེ་བའི་ལས་བསགས་པ་རྣམས་ཀྱིས་ཀྱང་དེ་གཉིས་ཀྱི་ནུས་པ་གསོས་འདེབས་པ་དང༌། པྲེ་དུ་གཉིས་ཀྱིས་ཁྲག་གི་སྙིགས་མ་ལ་བྱ་བ་འཇུག་ཅིང༌། ཡི་དྭགས་དང་དམྱལ་བའི་སྣང་ཞེན་སྐྱེད་པ་སོགས་དང༌། ཨ་ནྲིས་དབུགས་ཀྱི་སྙིགས་མ་ལ་བྱ་བ་འཇུག་ཅིང༌། ལྷ་མི་གཉིས་ཀྱི་སྣང་ཞེན་སྐྱེད་པ་སོགས་ཀྱང་ཤེས་པར་བྱའོ།།

གཉིས་པ་དེ་ཤེས་ནས་གནད་དུ་བསྣུན་ཚུལ་ནི། དྭངས་མ་ལྔ་འདུས་ཀྱི་སྙིང་པོ་སེམས་མི་ཤིགས་པའི་སྟེང་ན་སྣང་བ་རིས་སུ་མ་ཆད་པ་སྤྲོ་བའི་ནུས་པ་ཡོད་པ་དེ་ད་ལྟ་འགྲོ་བ་རིགས་དྲུག་གང་རུང་གི་ས་བོན་གྱིས་ཁ་ལོ་དྲངས་ཏེ་འཁྲུལ་སྣང་རང་དགའ་བའི་ཡོ་ལང་ཆེན་པོར་ཤར་བ་འདི་དག་པ་རབ་འབྱམས་ཀྱི་སྣང་བར་གོ་འཕོས་ནས་དོན་དམ་སྐོར་བདུན་གྱི་གནས་ལུགས་ལ་འཇུག་པའི་ཆེད་དུ་ལྟ་བ་དང་བསྐྱེད་རིམ་སྔོན་དུ་བཏང་སྟེ། ཀུན་ཏུ་བཟང་པོའི་ཐིག་ལེའམ་སྙིང་གའི་མི་ཤིགས་པའི་སེམས་འཛིན་རྩེ་གཅིག་ཏུ་སྦྱངས་པས་ཐིག་ལེ་དེ་འབར་ཞིང་ལས་སུ་རུང་ནས་སེམས་མི་ཤིགས་པ་འོད་གསལ་བསམ་མི་ཁྱབ་ཀྱི་དགོངས་པ་ཀུན་རྟོག་གི་རྙོགས་པ་དང་བྲལ་བར་འཆར་ལ། དེའི་ཚེ་སྔར་བསྐྱེད་རིམ་ལ་སྦྱངས་པ་དང༌། དྭངས་མ་ལྔའི་སེམས་འཛིན་གྱི་ཁོག་ཏུ་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་འཆར་བའི་རྩ་དར་སྐུད་ལྟ་བུའམ་ཤེལ་སྦུག་ཅན་ལ་གནད་དུ་བསྣུན་པའི་རྒྱུ་མཚན་གྱིས་མི་ཤིགས་པའི་སྟེང་གི་དག་པའི་སྣང་བ་འཆར་བའི་ནུས་པ་གསལ་བར་སད་དེ་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བའི་ཚུལ་དུ་སྐུ་དང་ཞིང་གི་སྣང་བ་ཚད་མེད་པ་མཐོང་སྟེ། དེའི་མཐུས་དང་པོ་བྱུང་བའི་རིམ་པ་ལྟར་ཡི་གེ་གསུམ་གྱི་གཟི་བརྗིད་དང་ནུས་པ་ཆེར་སྦར། དེ་དག་སྦར་བའི་དབང་གིས་མར་མེ་གསོས་ན་རང་འོད་མཆེད་ནས་འོང་བ་ལྟར་སྟོད་སྨད་ཀྱི་ལུས་ཀུན་གྱི་དྭངས་མ་རྣམས་སྟོབས་སུ་གྱུར་ཅིང་འབར་ནས་རྩ་ཁམས་བདེ་བས་རྒྱས་པར་འགྱུར་ལ། ཤིན་ཏུ་ཕྲ་བ་དང་རགས་པའི་ཕྱོགས་སམ་དྭངས་མ་ཡེ་ཤེས་དང་མ་དག་སྙིགས་མའི་ཕྱོགས་ཀྱི་རྩ་རླུང་ཐིག་ལེ་ནི་གཅིག་རྒྱས་པ་ན་ཅིག་ཤོས་ཞུམ་འགྲོ་བ་ཆོས་ཉིད་ཡིན་པས་ཡི་གེ་གསུམ་ཇི་ལྟར་འབར་བ་དེ་ལྟར་ས་བོན་དྲུག་པོའི་ནུས་པ་ཆུང་དུ་འགྲོ་སྟེ། འདི་ལ་རྫོགས་རིམ་པའི་རིགས་དྲུག་སྲེག་སྦྱང་ཡང་ཟེར་རོ།།འདི་ལྟར་མི་ཤིགས་གཉུག་མའི་དྭངས་ཆེན་བསྐུལ་སྟོབས་ཀྱིས་རྩ་འདབ་ཀྱི་དྭངས་མ་སྦར་བ་ནི་ཅི་ཙམ་སྦར་བ་དེའི་ཚོད་དུ་དེ་རྣམས་མི་ཤིགས་པའི་དབང་དུ་འདུ་བས། རིམ་གྱིས་དྭངས་མ་གཞན་རྣམས་རྩ་བའི་ཡི་གེ་གསུམ་དང༌། དེ་གསུམ་ཡང་དྭངས་མ་ལྔ་ལྡན་ལ་ཞུགས་ནས་མཆོག་གི་དྭངས་མའི་ནུས་པ་ལྷག་པར་གསལ་བར་འགྱུར་རོ།།ཇི་ལྟར་ཞེ་ན། དྭངས་མ་ལྔ་ལས་སས་བདེ་བ་བརྟན་པར་བྱེད། ཆུས་བདེ་བ་སྡུད་ཅིང་མཉེན། མེས་བདེ་བ་སྨིན། རླུང་གིས་བདེ་བ་རྒྱས། ནམ་མཁས་མཁའ་མཉམ་རྫོགས་པ་ཆེན་པོར་བྱེད་ཅེས་གསུངས་ཏེ། མདོར་ན་བདེ་ཆེན་གྱི་ཉམས་མྱོང་འཐུག་ཅིང་རྒྱ་ཆེ་བ་དང་བརྟན་པོར་འཇུག་པའི་དོན་ཏེ། དེའི་སྟོབས་ཀྱིས་སྟོང་གཟུགས་ཀྱི་སྣང་བའང་ཇེ་གསལ་དང་རྒྱ་ཇེ་ཆེར་འགྲོ་ཞིང་བརྟན་པར་འགྱུར་རོ། །དྭངས་མའི་གནད་སྐུལ་ཚུལ་ཐུན་མོང་མ་ཡིན་པ་དེ་འདྲ་འོང་བ་ལ་ནི་དང་པོར་བསྐྱེད་རིམ་སྒོམ་པའི་དུས་ནས་ཅིར་སྣང་ཐམས་ཅད་དཀྱིལ་འཁོར་དང༌། དེའང་ཡེ་ཤེས་རང་སྣང་ཞེས་མི་ཤིགས་པའི་སེམས་ལས་ཕར་མཆེད་པའི་ཆོ་འཕྲུལ་འབའ་ཞིག་ཏུ་བལྟ་བ་དང༌། དེའི་ཆེད་དུ་ལྟ་བའི་སྐབས་སུ་དེ་ལྟར་ངོ་འཕྲོད་ཅིང་ཐག་ཆོད་ཀྱི་གདེང་རྙེད་པ་ཞིག་སྲོག་ཏུ་བཟུང་དགོས་སོ།།སྐབས་འདིའི་སྟོང་གཟུགས་སྒྲུབ་ཚུལ་དང་དུས་འཁོར་ནས་རླུང་བཅུ་དབུ་མར་བཅིངས་པའི་རྟགས་སྣང་བཤད་པ་གཉིས་འོད་གསལ་གྱི་སྣང་བ་ཙམ་དུ་འདྲ་ཡང༌། འདི་ནི་མི་ཤིགས་པའི་རླུང་རང་མལ་དུ་སད་པའི་སྣང་བ་ཡིན་པས་མི་འདྲ་སྟེ། རྫོགས་ཆེན་ཐོད་རྒལ་བའི་འཆར་སྣང་དང་འདི་གཉིས་རིག་གདངས་ཀྱི་ཆ་ལ་རྩལ་འདོན་བྱེད་མི་བྱེད་དང༌། སེམས་འཛིན་གྱི་རྩོལ་བ་ཡོད་མེད་ལས་ཕྱོགས་མཚུངས་སོ། །དེ་ཡང་སྣང་བ་དེ་དག་རླུང་བཅུ་དབུ་མར་ཞུགས་པའི་རྟགས་སུ་ཤར་བ་ཡིན་མིན་དཔྱད་པར་ཟད་ཀྱི། དེ་དག་འཆར་བ་ལ་རླུང་བཅུ་དབུ་མར་འཇུག་མི་དགོས་ཞེས་བཤད་པ་ནི་མིན་ནོ།།གཏེར་ཆེན་སྐུ་མཆེད་སོགས་ཀྱིས་རྫོགས་རིམ་པའི་ལྷ་སྐུ་མཐོང་བ་དང༌། ཐོབ་པ་གཉིས་སུ་བཤད་པའི་མཐོང་བ་ཙམ་དང༌། འོད་གསལ་གྱི་རྟོགས་པ་ལས་རུང་རྙེད་པ་ཙམ་ལ་ཀུན་ཏུ་བཟང་པོའི་ཐིག་ལེ་གཅིག་པུ་བསྒོམས་པས་ཀྱང་ཆོག་མོད་ཀྱི། ལྷ་སྐུ་དེ་ཐོབ་པ་དང༌། རྟོགས་པའི་འོད་གསལ་ལམ་འཐུག་པོའི་འོད་གསལ་ཕུལ་ཕྱིན་འཆར་བ་ལ་ལྟེ་བའི་ཨ་ཐུང་ལ་དམིགས་པ་ཀུན་ཏུ་བཟང་མོའི་མན་ངག་དང༌། མགྲིན་པའི་རྔམས་མ་ལ་དམིགས་པ་སྦྱོར་བ་དག་པ་དང༌། སྤྱི་བོའི་ཧཾ་ཡིག་ལ་དམིགས་པ་ཁྱབ་བརྡལ་ཆེན་པོའི་མན་ངག་རྣམས་ཀྱང་གྲོགས་སུ་ངེས་པར་གཅེས་ཏེ། གཏུམ་མོའི་གནད་ལ་དངོས་སུ་དམིགས་ནས་ཅི་ཙམ་བསྒོམས་པ་དེ་ཙམ་དུ་འབར་འཛགས་ཤུགས་ཆེ་ལ། འབར་འཛགས་ཀྱིས་མི་ཤིགས་པ་ཚིམ་སྟོབས་ཆེ་རིམ་བཞིན་ཡེ་ཤེས་འབར་བ་དང་དེའི་རང་སྣང་གི་ལྷ་སྐུ་གསལ་བརྟན་ཁྱད་ཞུགས་པར་གྱུར་ཅིང༌། འཁྲུལ་པ་བཏགས་པའི་གཞིའི་སྲོག་མཁར་གྱི་ས་བོན་དྲུག་པོ་འགྲིབ་ཚབས་ཆེ་བའི་ཕྱིར་རོ།།འདིར་རྡོར་བཟླས་ཀྱིས་རྩ་མདུད་འགྲོལ་བ་མ་བཤད་ཀྱང༌། ལྟེ་བ་ནས་སྤྱི་བོའི་བར་གྱི་དབུ་མའི་ལམ་དུ་འབར་འཛགས་ཀྱི་བདེ་བ་ཆེར་འཕེལ་ཏེ་སེམས་བདེ་བས་བསྡུས་པ་ན་རྩ་འདབ་ཀྱི་རླུང་རྣམས་ཀྱང་ལམ་དེར་འདྲོང་སྟེ། རླུང་སེམས་འཇུག་པ་གཅིག་པས་སོ། །དེ་ལྟར་རླུང་འདྲོང་སྟོབས་ཀྱིས་དྷཱུ་ཏིའི་རྩ་མདུད་རང་ཞིག་ཏུ་འགྲོ་བས་གནད་ལེགས་པར་ཚང་ངོ༌། །དེ་དག་ནི་སྟེང་སྒོའི་མན་ངག་གི་གཞུང་རྣམས་ཁོག་བསྒྲིགས་ནས་གོ་དོན་ཅུང་ཟད་བཤད་པ་སྟེ། འཁོར་ལོ་བཞིའི་མན་ངག་སྒོམ་པའི་ལག་ལེན་དངོས་ནི་རྒྱུད་འགྲེལ་ཕྱོགས་བཅུ་མུན་སེལ་དང༌། སེམས་ཉིད་ངལ་བསོའི་དོན་ཁྲིད། གསང་བདག་ཞལ་ལུང་སོགས་སུ་གསལ་བར་བཞུགས་ཏེ། དེ་དག་ལའང་མི་འདྲ་བའི་ཁྱད་པར་བག་ཙམ་ཡོད་པས་ཞིབ་ཏུ་ཤེས་པར་བྱའོ།།

གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་ལམ་ནི། རྒྱུད་ཀྱི་ལེའུ་བཅུ་གཅིག་པར། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་སོགས་གསུངས་པ་ལྟར་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བརྟག་ཅིང་བཙལ་བ་དང༌། འགུགས་ཤིང་རྙེད་ནས་འདོད་པའི་བསྟན་བཅོས་ལས་བཤད་པའི་ཀུན་སྤྱོད་ཀྱིས་རྗེས་ཆགས་རྩོམ་པ་རྣམས་ནི་བསྙེན་པ་དང༌། ཡབ་ཡུམ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་རློབ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྒྲུབ་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་གསུམ་ལྡན་གྱིས་བརྡ་བཞིས་བསྣོལ་4མར་སྐུལ་བ་སོགས་ཉེ་བསྙེན། ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ཏེ་རྗེས་ཆགས་ཀྱི་རླུང་བསྐྱོད་པས་གཏུམ་མོ་སྦར་བའི་འོད་ཀྱིས་ཟླ་བ་བཞུས་པའི་ཡས་བབས་ཀྱི་འགྲོས་ཀྱིས་འོངས་པ་ལས་འཁོར་ལོ་བཞིར་དགའ་བཞི་རིམ་གྱིས་མྱོང་བའི་མཐར་ནོར་བུའི་རྩེར་འཛགས་མེད་དུ་བཟུང་བས་ལྷན་སྐྱེས་ཀྱི་དགའ་བ་རྫོགས་པར་ཐོབ་པ་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་བཟློག་པའི་སྦྱོར་བས་གྱེན་དུ་དྲངས་ཏེ་རྩ་འཁོར་གྱི་གནས་སོ་སོར་དགའ་བའི་ཆ་ཤས་རིམ་གྱིས་གང་བའི་མཐར་བདེ་ཆེན་འཁོར་ལོའི་ཧཾ་ཡིག་ལ་བརྟན་པ་ལས་བྱུང་བའི་ལྷན་སྐྱེས་མཐར་ཕྱིན་པ་ནི་སྒྲུབ་ཆེན་ཏེ། ལམ་དུས་དང༌། སྒྲུབ་དུས་དང༌། སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་འཇོག་ཚུལ་གསུམ་གྱི་ནང་ཚན་ཕྱི་མའོ། །འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས་ནི།རྣལ་འབྱོར་རྣལ་འབྱོར་མར་འབྲེལ་བ། །བསྙེན་པ་ཞེས་བྱར་བསྟན་པ་ཡིན།།བོ་ལ་ཀ་ཀོ་ལ་སྦྱོར་བ། །ཉེ་བར་བསྙེན་པར་བརྗོད་པ་སྟེ།།རྩ་གཉིས་མངོན་པར་འབྲེལ་བ་ནི། །སྒྲུབ་པ་ཡིན་པར་བསྟན་པའོ།།ལྷན་ཅིག་སྐྱེས་གཉིས་འབྲེལ་བ་ནི། །སྒྲུབ་པ་ཆེན་པོར་བརྗོད་པའོ། །ཞེས་བསྙེན་སྒྲུབ་བཞིའི་འཇོག་ཚུལ་ཁྱད་པར་ཅན་གཞན་གསུངས་སོ། །དེ་དག་ལ་གཡོ་ལྡང་ལ་སོགས་པའི་སེམས་ལྔ་འཇོག་ཚུལ་ཡང་ཡོད་དེ་འགྲེལ་པ་ལས་ཤེས་སོ། །ཕོ་ཉའི་ལམ་གྱི་གནད་ཆེ་ཤོས་གཅིག་ནི། ཐལ་བ་ལས། སྤང་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན།།རྡོ་རྗེའི་བསྐལ་པ་མཐའ་ཡས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ལྟར། རྩ་བཅིང་བའི་གནད་ཉིད་ཡིན་ཏེ་ཕྱག་རྒྱ་བརྟག་པའི་རྒྱུ་མཚན་ཡང་འདི་ཡིན་ནོ། །འགྲེལ་པ་རྣམས་སུ་ཐབས་དེས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བར་གསུངས་པའི་དོན་ནི་དམ་པ་འགས་རྟོག་པའི་ངོས་ནས་ཐ་དད་ཀྱང་ཡེ་ཤེས་ཀྱི་ངོས་ནས་གཅིག་ཏུ་སོང་བ་ཡིན་ཞེས་བཤད་པ་ལྟར་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་རོ་གཅིག་གིས་མྱོས་ཏེ་སོ་སོར་འཛིན་པའི་འདུ་ཤེས་ཀྱི་གཡའ་དང་བྲལ་བ་སྟེ། ཕུང་ཁམས་བདེ་བའི་དཀྱིལ་འཁོར་དུ་བསྡམ་པ་ཞེས་བྱའོ།།འདི་ལ་སོགས་པའི་གོང་འོག་དུ་མར་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ལ་རྟོག་ཚོགས་ཞེས་བཤད་པ་ནི་རྟོག་པ་ཐ་མལ་སྣང་ཞེན་གྱི་རྣམ་རྟོག་ལ་བྱས་ནས། འདི་ལ་དང༌། འདིས་རྟོག་པ་ཞེས་པའི་སྔ་མ་ལ་བཤད་ཀྱང་རུང་མོད། ལེའུ་གསུམ་པར།གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ།།ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པ་ལྟར། མ་དག་པའི་སྣང་བ་ཐམས་ཅད་ལོག་རྟོག་གི་རྣམ་འཕྲུལ་ཡིན་པའི་སྒོ་ནས་བཤད་ན་འཐད་དམ་སྙམ་མོ། །གོང་དུ་བརྗོད་པ་ལྟར་ཐབས་ལམ་ཅིག་ཆར་བ་ལ་ལྟོས་ནས་ཀྱང་དབང་གཉིས་པ་དང་གསུམ་པའི་ལམ་གོ་རིམ་ངེས་ཤིང་གཉིས་པར་རང་ལུས་ལ་བརྟེན་པའི་ཐབས་ཀྱིས་གསལ་བར་མཚོན་པའི་དོན་དེ་ཉིད་གསུམ་པར་གཞན་ལུས་ལ་བརྟེན་ནས་སྒོམ་པར་ཟད་པས་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་སོགས་སྔ་མ་ལས་གཞན་དུ་མི་བསམ་མོ།།

གཉིས་པ་གྲོལ་ལམ་ལའང༌། ལམ་མྱུར་བུལ་ལ་ལྟོས་ནས་ཅིག་ཆར་བ་དང༌། རིམ་གྱིས་པའི་ལམ་གཉིས་ལས། དང་པོ་ནི།འགྲེལ་པ་ལས། དབང་པོ་ཡང་རབ་ཁ་ཅིག་དབྱེར་མེད་ཆིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ཡོད་དེ་ཅིག་ཆར་བ་ཞེས་བྱ་ཞིང༌། ཞེས་པ་ལྟར་རོ། །དེ་ལ་རིམ་ཅིག་ཆར་བརྩི་བའི་གཞི་ནི་མཚན་ཉིད་གསུམ་ཡིན་ལ། མངའ་རིས་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་བཞེད་པས། དེ་གསུམ་དུས་མཉམ་ཁོ་ནར་རྫོགས་པའི་ཅིག་ཆར་བ་འདི་བཞག་ཆོག་ནའང༌། ཅིག་ཆར་བ་ཐམས་ཅད་དེ་ལྟར་མ་ངེས་ཀྱི། རྟོགས་པ་ཤིན་ཏུ་མྱུར་བ་ལ་ཅིག་ཆར་བ་ཞེས་བརྗོད་པ་སྟེ། དེ་ནི་གང་ཟག་ཡིན་ལ། ཅིག་ཆར་བའི་ལམ་ནི་དེའི་རྒྱུད་ཀྱི་ཏིང་ངེ་འཛིན་སོགས་སོ།།དེའང་འདིའི་ལམ་ལ་སྦྱང་བའི་ཐོག་མར་རྟོགས་པ་བཞི་ལ་སོགས་པའི་གཏན་ཚིགས་ཀྱི་སྣ་རྩེ་རེ་བཀོད་པ་ཙམ་གྱིས་འོད་གསལ་གྱི་རྟོགས་པ་བཅོས་མིན་དུ་རྙེད་ནས། སྣང་སྲིད་ཐམས་ཅད་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་ཉག་གཅིག་ཏུ་འཆར་ཞིང༌། དེའི་དོན་ལ་མཉམ་པར་བཞག་པས་རྐྱེན་ཐུབ་ཀྱི་རྟོགས་པ་འཕེལ་འགྲིབ་མེད་པར་བརྟན་པ་འཕྲལ་ལ་ཐོབ་ནས་རིག་འཛིན་གྱི་ས་ལ་མིག་འཕྲུལ་བཞིན་དུ་འགྲོ་བ་ཞིག་གོ།རྟོགས་པ་དེ་ལྟར་མྱུར་བ་ནི་རྒྱུད་དང་དབང་པོ་དང་དགེ་རྩ་རླབས་ཆེ་བའི་གང་ཟག་གི་ཁྱད་པར་འགའ་ཞིག་སྒྱུ་འཕྲུལ་དྲྭ་བའི་ལམ་འདི་ལ་སྔོན་སྨོན་ལམ་རླབས་པོ་ཆེ་བཏབ་པ་ལ་སོགས་པའི་རྒྱུ་ལས་བྱུང་སྟེ། དེ་ཡང་ཚེ་སྔོན་སྒྱུ་དྲྭའི་ལམ་ལ་མ་བསླབ་པ་ཡིན་ཞིང༌། ཚེ་འདིར་ལམ་བགྲོད་ཚུལ་དང་སྒྱུ་འཕྲུལ་གྱི་ལམ་འདི་ཉིད་ལ་ལྟོས་ཏེ་ཅིག་ཆར་བ་ཡིན་ཡང༌། ཚེ་སྔ་མ་ཡན་ཆད་དུ་འོག་མའི་ལམ་ལ་རིམ་གྱིས་སྦྱངས་པ་ཡང་མི་འགལ་ལོ། །བརྒྱུད་པའི་བཀའ་སྲོལ་ལ་དེ་འདྲ་བ་དེ་ལ་སྦྱང་རྣོ་ཅིག་ཆར་བ་ཞེས་གྲགས་ཤིང༌། ཐེག་གསུམ་རིགས་ངེས་ལྟར་སེམས་ཅན་གྱི་རིགས་དང་དབང་པོ་སྣ་ཚོགས་ཡིན་པས་དབང་རྣོ་ཅིག་ཆར་བའང་ཡོད་ཅེས་གསང་བདག་སྒྲོ་ཕུག་པ་ཆེན་པོས་གསུངས་སོ།།དེས་རིམ་གྱིས་པ་ལ་སྦྱངས་པ་དང་རང་བཞིན་གྱི་དབང་རྣོན་གཉིས་སུ་འབྱེད་ཚུལ་ཡང་གོ་སླའོ། །དེ་ལ་མཚན་ཉིད་གསུམ་ནི་སློབ་དཔོན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས། དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། རྟོགས་པ་རྣམ་པ་བཞིའི་ཚུལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར།

རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པའི་མཚན་ཉིད་འབྲས་བུ་སྟེ། ཉམས་ལེན་གྱི་སྦྱོར་བའི་འཇུག་ཡུལ་ཤེས་པར་བྱེད་པའམ། བསྒོམ་བྱའི་དབང་དུ་མཛད་ནས་ལྟ་བ་དང༌། ཉམས་ལེན་གྱི་སྦྱོར་བས་འཇུག་པའམ་སྒོམ་བྱེད་ཀྱི་དབང་དུ་མཛད་ནས་ཏིང་ངེ་འཛིན་དང༌། བསྒོམ་པའི་དོན་མངོན་དུ་གྱུར་པའི་དབང་དུ་མཛད་ནས་འབྲས་བུ་བཞག་གོ།ཕྱི་མ་འདི་ལ་རྟོགས་བྱ་མཐའ་དག་མངོན་དུ་གྱུར་པ་མཐར་ཐུག་གི་འབྲས་བུ་དང༌། ཅི་རིགས་ཙམ་མངོན་དུ་གྱུར་པ་ལམ་གྱུར་གྱི་འབྲས་བུ་གཉིས་ལས། སྔ་མ་འབྲས་རྒྱུད་དང་གཅིག་ལ། ལམ་རྒྱུད་སྐབས་ཀྱི་མཚན་ཉིད་གསུམ་པ་ནི་ཕྱི་མའོ། །སེམས་ཅན་སངས་རྒྱས་ཀྱི་ཁྱད་པར་སྔར་བཤད་པའི་ཞེན་སྣང་དག་མ་དག་ཡིན་ལ། ཞེན་སྣང་གཅོད་བྱེད་ཀྱི་གཙོ་བོ་ལྟ་བ་ཡིན་ཞིང༌། དེ་ཉིད་ཏིང་ངེ་འཛིན་གྱིས་ཡང་ཡང་གསོས་བཏབ་ཅིང་བསྐྱེད་བསྲིངས་པས་རིག་འཛིན་གྱི་འབྲས་བུ་འགྲུབ་པའི་ཕྱིར་རྒྱུ་རྐྱེན་འབྲས་བུ་གསུམ་དུ་ཡང་བཞག་གོ།ཐེག་ཆེན་ཐུན་མོང་གི་གཞུང་དུ་སེམས་བསྐྱེད་རྫོགས་བྱང་གི་ས་བོན་ལྟ་བུ་དང༌། ལྟ་བ་སོགས་སྤྱོད་པ་གཞན་རྣམས་དེའི་གྲོགས་སུ་གསུངས་ཀྱང༌། འདི་དང་རྣམ་གཞག་ཐ་དད་ཡིན་ཞིང༌། འདིར་ཐུན་མིན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱང་ལྟ་བའི་ཕྱོགས་ནས་འཇོག་ཐུབ་པས་ཕྱོགས་འཛོལ་བ་ཡང་མེད་དོ།།

དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལ། གཞལ་བྱ། འཇལ་བྱེད། གྲུབ་མཐའ་སྟེ་གསུམ་ལས། དང་པོ་ནི།ཞེན་སྣང་ངམ་སྣང་ཞེན་གྱི་ཚོགས་པ་ལ་བཤད་ཀྱང༌། དེའི་དགོངས་པ་བཙལ་ན་ལོག་རྟོག་འཁྲུལ་བའི་དམིགས་ཡུལ་ཆོས་ཅན་དུ་བྱས་ནས་གདོད་ནས་རྣམ་དག་གི་ངོ་བོར་འཇལ་བའམ་གཏན་ལ་འབེབས་པ་ཡིན་པས། དེ་འདྲའི་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་ཚོགས་དོན་དེ་ལ་བྱེད་པར་མངོན་ཏེ། གསང་བདག་ཞལ་ལུང་ལས།ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་ཕེབས་པར་འགྱུར་ཏེ་སྦྲུལ་འཁྲུལ་གྱི་ཤེས་པ་ལ་དཔྱད་པས་ཐག་ཁྲར་རྟོགས་པ་བཞིན་ནོ། །ཞེས་དཔེ་འཇོག་ཚུལ་འདི་ལ་ལེགས་པར་བརྟགས་ན་ཤེས་ནུས་སོ།།

གཉིས་པ་འཇལ་བྱེད་ནི། ,གཏན་ཚིགས་ཏེ། སྐབས་དོན་རྒྱུ་མཚན་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །དེ་ལ་ལམ་རིམ་ལས།དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཅེས་པ་ལྟར་གསུམ་སྟེ། སྔོན་བྱུང་དངོས་ལྔའི་དང༌། རྗེས་འཇུག་ཚུལ་ལྔའི་དང༌། ཚིགས་ལྔའི་གཏན་ཚིགས་སོ།།དང་པོ་ནི། སྔོན་བྱུང་དུ་སྟོན་པ་སྐུ་ལྔས་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་བསྟན་པ་སྟེ། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས། ལོངས་སྐུས་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡའི། སྤྲུལ་སྐུས་མོས་པ་རྒྱ་མཚོ་ལ་བརྗོད་པ་ཚིག་གི །རྡོ་རྗེ་སྐུས་དབྱེར་མེད་རྡོ་རྗེའི་འཁོར་ལ་རྡོ་རྗེའི། མངོན་བྱང་གིས་རྒྱལ་བ་རྒྱ་མཚོ་ལ་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྡ་སྤྲོད་པའོ།། འདི་ལ་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་སྤྲུལ་སྐུ་མ་གཏོགས་པའི་སྐུ་བཞིའི་འཁོར་ལ་ཞེན་སྣང་མེད་པས་གསུང་དེ་དག་སྔོན་བྱུང་ཉིད་ལ་ལྟོས་ན་གཏན་ཚིགས་མིན་ཡང་རྗེས་འཇུག་རྟོགས་པའི་གཏན་ཚིགས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པས་གཏན་ཚིགས་སུ་བཏགས་གསུངས། གཞན་དག་སྐུ་བཞིའི་འཁོར་ལའང་ཞེན་སྣང་ཕྲ་བ་ཅི་རིགས་གཅད་རྒྱུ་ཡོད་པས་གཏན་ཚིགས་དངོས་ཡིན་གསུངས། ལོ་ཆེན་ངྷརྨ་ཤྲཱི་ནི། མཐར་ལམ་ནའང་ཤེས་སྒྲིབ་ཕྲ་མོ་ཡོད་པས་ཕྱི་མ་ལྟར་འཐད་གསུངས། དེ་དང་བསྟུན་ན། མཐར་ལམ་པ་རྣམས་ལོངས་སྐུའི་ལྷན་ཅིག་པའི་འཁོར་དུ་སོང་བ་ཉིད་ཀྱིས་ཆོས་སྐུ་སོགས་གསུམ་པོའི་ཡང་འཁོར་དུ་སོང་བ་དང༌། ཆོས་སྐུ་དང་རྗེས་མཐུན་གྱི་རྟོགས་པ་ཐོབ་པ་ལ་ཡེ་ཤེས་རྒྱ་མཚོའི་འཁོར་དང༌། རྡོ་རྗེ་དང་མངོན་བྱང་གི་སྐུ་དང་ཆ་འདྲ་བའི་རྟོགས་པ་ཐོབ་པ་ལ་རྡོ་རྗེའི་འཁོར་དང་རྒྱལ་བ་རྒྱ་མཚོའི་འཁོར་ཞེས་ལྡོག་ཆས་ཕྱེ་ནས་བརྗོད་པ་ཡིན་ནམ་སྙམ་སྟེ། སློབ་ལམ་ན་ཡེ་ཤེས་ཆོས་སྐུ་མངོན་སུམ་དུ་མཐོང་བ་མེད་ཅིང༌། ཆོས་ལོངས་སྤྲུལ་གསུམ་ཚོགས་དོན་ཉིད་དེ་གསུམ་ངོ་བོ་དབྱེར་མེད་པ་དང་ལྡོག་པ་ཐ་དད་པའི་ཆ་ནས་རྡོ་རྗེ་དང་མངོན་བྱང་གི་སྐུ་སོ་སོར་བཞག་པ་ཙམ་ལས་མེད་པས་སྟོན་པ་ཐ་དད་དུ་བཤད་མི་ནུས་པའི་ཕྱིར་རོ།།རྡོ་རྗེ་གསུང་སོགས་ཀྱི་གོ་དོན་ཡང༌། སྟོན་པ་སྐུ་གསུམ་དབྱེར་མེད་སོགས་ཀྱི་དགོངས་པ་ལ་མཉམ་པར་བཞག་པ་ཉིད་ཀྱིས་འཁོར་རྣམས་རྒྱུད་དོན་གྱི་རྟོགས་པ་མཐར་ཕྱིན་པ་ལ་བརྡ་སྤྲད་པའི་ཐ་སྙད་སྦྱར་བ་སྟེ། རྒྱལ་བ་དགོངས་བརྒྱུད་དང་འདྲའོ། །རང་གི་གོ་ཚོད་ལ། གྲོལ་ལམ་གྱི་སྐབས་འདིར་རང་གཞན་གྱི་ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམས་སྔོན་དུ་མ་བཏང་བར་གཏན་ཚིགས་ཙམ་ལ་བརྟེན་ནས་རྫོགས་རིམ་གྱི་རྟོགས་པ་གསར་དུ་འདྲེན་པར་བཞེད་དེ། དེ་ལྟར་འདྲེན་ནུས་པའི་རྒྱུ་མཚན་ནི། ལམ་འདི་ནི་གདུལ་བྱ་ཤེས་རབ་ཆེས་ལྷག་པར་རྣོ་བའི་དབང་དུ་མཛད་པས་གྲོལ་ལམ་ཤེས་རབ་ཀྱི་ལམ་པ་ཞེས་བྱ་ལ། དེ་འདྲ་བ་དེས་གཏན་ཚིགས་ཙམ་ལ་བརྟེན་ནས་ཞེན་སྣང་གི་སྤྲོས་པ་གཅོད་ནུས་ཤིང༌། དེ་བཅད་སྟོབས་ཀྱིས་གཉུག་མའི་བཞུགས་ཚུལ་རྗེན་པར་མཐོང་ནུས་པའི་གནད་ཀྱིས་ཡིན་ཏེ། དེར་མ་ཟད་ཤིན་ཏུ་དབང་རྣོན་འགའ་ཞིག་རྡོ་རྗེ་སློབ་དཔོན་གྱིས་དགོངས་པ་གཏད་པ་ཙམ་དང༌། བརྡ་ཐབས་ཙམ་དང༌། ཚིག་མགོ་སྨོས་ཙམ་གྱིས་ཞེན་སྣང་བཅད་དེ་རང་གནས་ཀྱི་ཡེ་ཤེས་གསལ་བར་མཚོན་ནུས་པའང་འདི་ལྟར་ཡོད་ཅེས་དབང་རྣོན་ཤེས་རབ་ཀྱིས་གྲོལ་ཚུལ་འདིར་བསྟན་འདི་ལ་རྣམ་གྲངས་ཀྱི་སྒོ་ནས་ངེས་པ་སྐྱེད་པའི་ཆེད་དུ་དངོས་ཚིག་ཚུལ་གསུམ་གྱི་དབྱེ་བ་འདི་དག་མཛད་པ་འདྲའོ། །བླ་མ་ཐམས་ཅད་མཁྱེན་པའི་གསུང་རྒྱུན་ལས་ཀྱང༌། རྩ་རླུང་ཐིག་ལེའི་བྱེད་བཅིང་ལ་མི་ལྟོས་པར་གཏན་ཚིགས་ཁོ་ནས་ལམ་གྱི་འོད་གསལ་ལ་སྦྱོར་བ་ནི་རྒྱུད་འདིའི་ཁྱད་ཆོས་ཆེན་པོ་ཡིན་པས་འདིར་གཏན་ཚིགས་སྲོག་ཏུ་བཟུང་དགོས་ཞེས་གསུངས་སོ། །དེའི་ཕྱིར་སྔོན་བྱུང་དངོས་ལྔ་ནས་དཔྱད་དུ་ཡོད་པས་གོ་བའི་གཏན་ཚིགས་ཀྱི་བར་གྱིས་ཡེ་ཤེས་མཚོན་ཚུལ་ཐམས་ཅད་ཤེས་རབ་ཀྱིས་གྲོལ་ལུགས་སུ་མཚུངས་པས་འདྲ་བ་ལས་བཏགས་ཏེ་དངོས་ལྔ་སོགས་ལའང་གཏན་ཚིགས་ཞེས་བརྗོད་དོ། །དེ་ལྟར་བྱས་ན་གོང་དུ་སྨོས་པའི་བཞེད་པ་གཉིས་པོ་གང་ལའང་འཐད་མི་འཐད་ཀྱི་ཆ་གཉིས་རེ་འབྱེད་རྒྱུ་ཡོད་པར་རྟོགས་སོ། །ཚུལ་འདི་ནི་གྲོལ་ལམ་གྱི་དཀའ་བའི་གནད་ཅིག་ཏུ་སྣང་ངོ༌།།གཉིས་པ་ཚུལ་ལྔ་ནི། དབང་རྣོན་ཡང་རབ་རྣམས་ལ་སྣང་གྲགས་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྔོན་བྱུང་སྐུ་ལྔའི་གསུང་གི་ཚུལ་དང་མཐུན་པར་རྒྱུད་དོན་ངོ་སྤྲོད་པ་སྟེ། དེའང་སྟོན་པ་ཆོས་སྐུ། ལོངས་སྐུ། མངོན་བྱང༌། རྡོ་རྗེ། སྤྲུལ་པའི་སྐུ་རྣམས་ཀྱི་གསུང་དང་ཚུལ་མཐུན་པའི་གཏན་ཚིགས་རིམ་པ་བཞིན། སྐྱེ་མེད་དོན་གྱི་གཏན་ཚིགས་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ་དང༌། དགོངས་པ་བརྡའི་གཏན་ཚིགས་སྒྲིབ་པ་ངོས་འཛིན་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང༌། རང་རིག་མངོན་གསལ་གྱི་གཏན་ཚིགས་རྟོག་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང༌། དབྱེར་མེད་རྡོ་རྗེའི་གཏན་ཚིགས་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ་དང༌། བརྗོད་པ་ཚིག་གི་གཏན་ཚིགས་ཀུན་ཡིད་འཇུག་པ་ཚངས་དབྱངས་ལྟ་བུའོ། །འདི་ནི་རྒྱལ་བ་གོང་མ་རྣམས་སྣང་བ་ཐམས་ཅད་བླ་མ་དང་དཔེ་ཆར་ཤར་བ་ཞེས་གསུངས་པ་དང་མཐུན་པ་སྟེ། དེའང་ཡུལ་སྣང་གི་བརྡ་ལ་བརྟེན་ནས་སྐྱེ་མེད་ཀྱི་རྟོགས་པ་ཤར་ན་ཆོས་སྐུའི་གསུང་གི་ཚུལ་དུ་སོང་བ་དང༌། བརྡ་དེས་རང་རྒྱུད་ཀྱི་སྒྲིབ་པ་ངོས་ཟིན་པ་ན་ལོངས་སྐུའི་དང༌། གསལ་མདངས་འགག་མེད་ཀྱི་རིག་པ་ངོས་ཟིན་པ་ན་མངོན་བྱང་གི་དང༌། སྣང་དུས་ཉིད་ནས་སྟོང་པའི་ངོ་བོར་ཤེས་པ་ན་རྡོ་རྗེའི་དང༌། རྒྱལ་བའི་ཚངས་དབྱངས་གཅིག་ཉིད་གདུལ་བྱའི་དབང་གིས་སྐད་རིགས་དང་ཚིག་དོན་སྣ་ཚོགས་སུ་འཆར་བ་ལྟར་དངོས་པོ་གཅིག་ཉིད་གསང་སྔགས་ཀྱི་དགོངས་པ་སྣ་ཚོགས་ཤེས་པའི་སྒོར་མཐོང་བ་ན་སྤྲུལ་སྐུའི་གསུང་གི་ཚུལ་དུ་སོང་བ་ཡིན་ནོ།།གསུམ་པ་ཚིག་ལྔ་ནི། ཚུལ་ལྔ་པོ་དེ་དག་ཚིག་ཏུ་བརྗོད་པ་སྟེ། སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་རྣམས་ཆོས་སྐུའི་ཚིག་དང༌། ལྡེམ་དགོངས་བརྡའི་ཚིག་རྣམས་ལོངས་སྐུའི་དང༌། དབྱེར་མེད་རྡོ་རྗེ་ལྟ་བུར་སྟོན་པའི་ཚིག་རྣམས་རྡོ་རྗེའི་དང༌། ཡེ་ཤེས་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་མངོན་བྱང་གི་དང༌། བཀྲི་དྲང་བརྒྱུད་པའི་ཚིག་རྣམས་སྤྲུལ་སྐུའི་ཚིག་གོ །དེ་རྣམས་བསྡུས་ན་ལམ་རིམ་ལས།དེ་ལྟ་མོད་ཀྱི་བསྡུས་ན་གཉིས། །བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། །ཅེས་པ་ལྟར། དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་ཞེས་གདུལ་བྱ་དབང་རྣོན་དཔྱད་པའི་ངལ་བ་ལ་ཆེར་མི་ལྟོས་པར་རྒྱུད་དོན་གོ་བའི་དབང་དུ་བྱས་པ་དང༌། དཔྱད་དུ་ཡོད་པས་གོ་བ་སྤྲུལ་སྐུའི་གཏན་ཚིགས་ཞེས་དབང་རྟུལ་དཔྱད་པ་གཙོ་བོར་བྱས་པ་ལ་བརྟེན་ནས་རྒྱུད་དོན་གོ་བའི་དབང་དུ་བྱས་པ་གཉིས་སོ།།འདི་ལས་དཔགས་ན་ཚིག་ལྔའི་ནང་གི་སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་ལ་རྣམ་པར་སྤྲོས་ཏེ་མ་བཤད་པར། ཆོས་ཐམས་ཅད་སྐྱེ་བ་མེད་པའོ། །ཞེས་པ་ལྟ་བུའི་ངག་གིས་དོན་བཅར་ཕོག་ཏུ་སྟོན་པ་ཞིག་དགོས་སམ་སྙམ་ལ། སྐུ་གཞན་གསུམ་གྱི་གཏན་ཚིགས་ལའང་རིགས་པ་དེ་བསྒྲེ་བར་བྱའོ། །དེ་ལྟར་ན་དབང་རྣོན་མཆོག་གིས་རྒྱུད་དོན་གོ་བ་གཏན་ཚིགས་རྒྱས་པར་བསྟན་པ་ལ་མི་ལྟོས་མོད། འོན་ཀྱང་དེ་དག་རྒྱུ་མཚན་མེད་བཞིན་དུ་རྒྱུད་དོན་རྟོགས་པ་མིན་པས་གཏན་ཚིགས་ཀྱི་དོད་ཐུབ་དགོས་པར་ངེས་ཤིང༌། གཏན་ཚིགས་བསྟན་དགོས་པའི་5ཡུལ་གྱི་གཙོ་བོ་ཡང་གོང་མ་ལ་ལྟོས་ཏེ་དབང་རྟུལ་ཞེས་བརྗོད་ཀྱང་སྤྱིར་ཤིན་ཏུ་དབང་རྣོན་ཡིན་ཏེ། རྒྱུད་འདིའི་ཆེད་དུ་བྱ་བའི་གཙོ་བོའི་གདུལ་བྱ་ཡིན་པའི་ཕྱིར་ཏེ། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་རྒྱུད་འདི་དབང་རྟུལ་ལ་དགོངས་ཏེ་གསུངས་པའི་རྒྱུད་ཡིན་ཞེས་སྨྲ་མི་རིགས་པའི་ཕྱིར་རོ།།སྤྲུལ་སྐུའི་གཏན་ཚིགས་དེ་ལ་གཉིས་ཏེ། ཚིག་དོན་མཐུན་པའི་དང༌། མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ནི། བསྒྲུབ་བྱའི་དོན་དང་གཏན་ཚིགས་གཉིས་སྒྲ་མི་འགལ་བར་སྦྱར་ནས་གཏན་ལ་འབེབས་པའོ། །སྒྲ་མི་འགལ་བ་ཞེས་པའི་ཚིག་ཟུར་འདི་སྦྱར་དགོས་པར་སེམས་ཏེ། འགལ་བའི་གཏན་ཚིགས་མཚན་ཉིད་པ་ཡིན་མིན་ལ་བྱེད་ན་ཚིག་དོན་མི་མཐུན་པའི་གཏན་ཚིགས་བཞག་ཏུ་མེད་པར་འགྱུར་རོ།།དེ་ལ་གཉིས། ཚད་མ་བཀའ་གཞུང་དང༌། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་སོ། །་དང་པོ་ནི། རྒྱུད་གཞུང་གིས་དངོས་བསྟན་ལྟར་འཆད་པ་སྟེ། དེ་ལའང་རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི། དང་པོ་ནི། རྒྱུད་ཀྱི་ལེའུ་བཅུ་གཅིག་པར།རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ།།རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་ཏེ། དེ་ལ་ཐ་མལ་བའི་གནས་དང་ལོངས་སྤྱོད་ལ་སོགས་པ་སྣང་བ་སྣ་ཚོགས་དང༌། དེ་རྣམས་ལ་བཟང་ངན་དང་སྤང་བླང་སོགས་སུ་ཞེན་ཚུལ་སྣ་ཚོགས་ཅན་གྱི་སེམས་ནི་ཀུན་ཉོན་འཁོར་བའི་ཕྱོགས་དང༌། དེ་དག་བརྒལ་བའི་ཕ་རོལ་ཡེ་ཤེས་ཀྱི་སྣང་བ་རྣམས་ནི་རྣམ་བྱང་མྱང་འདས་ཀྱི་ཕྱོགས་ཏེ། དེ་དག་གང་ཡང་སེམས་ཀྱི་གཉུག་མའི་གནས་ལུགས་ཀྱི་ཁམས་སམ་དབྱིངས་ལ་མ་གྲུབ་སྟེ། དབྱིངས་གཅིག་པུ་དེ་དག་ཐམས་ཅད་ཀྱི་རྒྱུའམ་སྣང་གཞི་ཡིན་ཞིང༌། དབྱིངས་དེའི་ངོས་ནས་འཁོར་བའི་སྣང་སེམས་གྲུབ་ན་དབྱིངས་འཁོར་བའི་ཕྱོགས་སུ་ཆད་པས་སྣང་སེམས་དེ་དག་སྦྱང་དུ་མི་རུང་ལ། རྣམ་བྱང་གི་སྣང་བ་དེའི་ངོས་ནས་གྲུབ་ན་དབྱིངས་དེ་རྣམ་བྱང་གི་ཕྱོགས་སུ་ལྷུང་བས་འཁོར་བའི་སྣང་གཞིར་མི་རུང་ངོ༌། །སྣང་སེམས་རང་རྒྱུད་པའམ་རང་དབང་བར་གྲུབ་ན་སྣང་གཞི་མཐར་ཐུག་གི་ཁམས་ལ་མེད་པ་མི་འཐད་པས། གྲུབ་ཚུལ་དེ་ཁེགས་དགོས་ཏེ། དེའི་ཕྱིར་སྤྱན་འགྲེལ་ལས་མཐའ་བཞིའི་སྐྱེ་འགོག་དང་གཅིག་དུ་བྲལ་གྱི་རིགས་པ་རྒྱས་པར་བཤད་དོ། །དེ་ལྟར་ན་དབྱིངས་ཀྱི་བཞུགས་ཚུལ་མཐར་ཐུག་ལ་གཉིས་སྣང་གི་སྤྲོས་པ་ཕྲ་རབ་ཙམ་ཡང་མེད་པར་བཞེད་དེ། འདི་ཡང་མ་ཡིན་དགག་གི་སྟོང་ཉིད་ལས་བརྩམས་ཏེ་དཔྱད་པའོ།།ཚུལ་དེ་ལྟར་རྟོགས་པ་ནི་རྒྱུ་གཅིག་པར་རྟོགས་པ་སྟེ། མདོར་བསྡུས་ནས་སྦྱོར་བ་འགོད་ཚེ། རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད།མཚན་ཉིད་བློ་བྲལ་བཞི་བསྒྲུབ་བྱར་བཟུང་ནས་རྒྱུ་གཅིག་པ་སོགས་བཞི་པོ་གཏན་ཚིགས་སུ་འགོད་པར་གསུངས་པ་དང་སྦྱར་ན། འཁོར་འདས་ཀྱི་སྣང་བ་གཉིས་ཆོས་ཅན། དབྱིངས་ཀྱི་རང་བཞིན་ལ་སྐྱེ་བ་མེད་དེ། ཁྱོད་གཉིས་ཀའི་སྣང་གཞི་མཐར་ཐུག་དབྱིངས་གཅིག་པོ་དེ་ལས་མེད་པའི་ཕྱིར། ཞེས་པ་སྟེ། གསང་བདག་དགོངས་རྒྱན་དུ་བཀོད་ཚུལ་ནི་དེར་ཤེས་པར་བྱའོ། །དེ་ལྟར་སྣང་ཆ་དབྱིངས་ཀྱི་ངོས་ནས་མ་གྲུབ་ཀྱང༌། དབྱིངས་ལ་ཡེ་ཤེས་འབྲལ་མི་སྲིད་ཅིང༌། ཡེ་ཤེས་ལ་སྣང་ཆ་ལྷུན་གྲུབ་ཏུ་ཡོད་དེ། ཐག་ཁྲ་མེད་ན་སྦྲུལ་དུ་འཁྲུལ་བའི་གཞི་མེད་པ་བཞིན་སེམས་ཀྱི་གཉུག་མའི་གནས་ཚུལ་ལ་སྣང་བ་གཏན་མེད་ན་འཁྲུལ་སྣང་གཏན་མེད་པས་ཁྱབ་ཅེས་སྒྱུ་འཕྲུལ་ལ་མཁས་པ་རྣམས་གསུངས་ཏེ་རྡོ་རྗེའི་ཚིག་གོ།དེའང་གོང་སྨོས་ལྟར་རྩ་བའི་དབྱིངས་གང་དུ་ཡང་ཕྱོགས་ལྷུང་མེད་པའི་གནད་ཀྱིས་རིས་མེད་ཀྱི་སྣང་བ་སྒྱུ་མ་ལྟ་བུར་རང་ཤར་ཏེ། རིས་མེད་ཀྱི་དོན་ནི། བྱེ་བྲག་མཐའ་ཡས་པ་དང༌། ཆུ་ལྟ་བུའི་དངོས་པོ་གཅིག་ཀྱང་ལས་དང་རིགས་སྔགས་དང་བསམ་གཏན་ལ་སོགས་པའི་རྐྱེན་ལས་ཅིར་ཡང་སྣང་བ་སྟེ། མདོར་ན་ཕྱོགས་རེར་མ་ཆད་པའོ། །རྒྱུད་འདིར་དངོས་པོ་ཐམས་ཅད་མིང་ཙམ་དུ་ཟད་པར་ཡང་ཡང་གསུངས་ཏེ། སྣང་བ་རིས་མེད་ཀྱི་རྒྱུ་མཚན་དཔྱིས་ཕྱིན་པ་ཡིན་ལ། དེ་ཡང་དབྱིངས་ལ་སྣང་བ་མ་གྲུབ་པའི་རྒྱུ་མཚན་དེར་ཐུག་གོ །ཡེ་ཤེས་ཀྱི་སྣང་བ་ལ་ཕྱོགས་རིས་མེད་ཀྱང་སེམས་ཀྱིས་ཕྱོགས་རིས་སུ་ཞེན་པར་མ་ཟད། རྫོགས་རིམ་པས་སྟོང་གཟུགས་མཐོང་ཚེ་རིས་མེད་ཀུན་ཁྱབ་ཀྱི་འཆར་ཚུལ་རྩལ་མ་རྫོགས་པའང་རྟོག་སྒྲིབ་གློ་བུར་བ་དེའི་ཤན་ཞུགས་པ་ཡིན་གྱི། སྣང་བ་རང་གི་གཉུག་མའི་འདུག་ཚུལ་མཐར་ཐུག་གི་ཆ་མ་ཡིན་ཏེ། གློ་བུར་བས་བསླད་པ་མེད་ན་རྡོ་རྗེ་སེམས་དཔའི་ཡེ་ཤེས་ལས་མི་གཞན་པའི་རང་སྣང་བཀོད་པའི་འཁོར་ལོ་རྣམ་པ་ཐམས་ཅད་པ། ཆོས་ཀྱི་དབྱིངས་ལྟར་ཚད་ཡོངས་སུ་མ་ཆད་པ་ཁོ་ནའོ། །དེ་འདྲ་བ་དེ་ལ་དག་པ་རབ་འབྱམས་ཀྱི་སྣང་བ་ཞེས་བྱ་ཞིང༌། དེ་ཉིད་ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་ཀྱང་ཡིན་ཏེ། དག་པའི་རྟེན་དང་བརྟེན་པ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་ཡོངས་སུ་གྲགས་སོ།།འདི་ལ་ཡིག་འབྲུའི་ཚུལ་དང་སྣང་བ་ལྷར་སྒྲུབ་པ་ཞེས་བྱ་སྟེ། རྟགས་སྦྱོར་བཀོད་ན། དགོངས་རྒྱན་ལས་འབྱུང་བ་ལྟར། སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགག་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། ཞེས་པ་ཡིན་ཏེ། དབྱིངས་ལ་སྤྲོས་པ་མེད་པ་ནི་ཨ་ཡིག་ལ་ཡི་གེ་མང་པོ་མེད་པ་དང་འདྲ། འོན་ཀྱང་སྣང་བ་སྣ་ཚོགས་དབྱིངས་དེའི་ཆོ་འཕྲུལ་དུ་ཤར་བ་ནི་ཨ་དེ་གནས་ལྔའི་བྱེད་རྩོལ་ཐ་དད་ཀྱིས་བསྒྱུར་བས་དབྱངས་གསལ་གྱི་ཚོགས་འབྱུང་བ་དང་འདྲ། རང་བཞིན་དག་པའི་དབྱིངས་དེ་ལས་ཤར་བ་ལ་མཐར་གཏུགས་ན་དག་པའི་ལྷ་ལས་གཞན་མེད་པ་ནི་དབྱངས་གསལ་གྱི་ཡི་གེ་ལ་ཨའི་གདངས་ཀྱིས་མ་ཁྱབ་པ་མེད་པ་དང་འདྲའོ། །གྲོལ་ལམ་ཅིག་ཆར་བའི་ཐད་ན་རྒྱ་མཚོ་ལས།སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཞེས་པ་ལྟར་ལྷག་པའི་བདེན་གཉིས་དབྱེར་མེད་ཡི་གེ་ཨ་ཨུ་མ་གསུམ་ༀ་ཡིག་ལ་གཅིག་ཏུ་འདུས་པས་མཚོན་ནས་རྟོགས་པར་བྱེད་པ་ལ་ཡིག་འབྲུའི་ཚུལ་དུ་གསུངས་པའང་ཡོད་དོ། །དཔེར་ན་རས་དཀར་པོ་བཙོད་ཀྱིས་ཁ་བསྒྱུར་ན་དམར་པོ་ཡིན་པ་ལྟར་གང་དང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་ཕྱོགས་ནས་བལྟས་ན་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་འཆར་བས་སྣང་སྤྱོད་ཐམས་ཅད་ཚུལ་དེ་གཉིས་ཀྱིས་སངས་རྒྱས་སུ་བྱིན་གྱིས་བརླབས་པ་ཞེས་བཤད་ན་ལྟ་ཕྲེང་དང་མཐུན་ལ། སྐབས་འདིའི་བྱིན་གྱིས་བརླབས་པའི་གཏན་ཚིགས་ལའང་སྦྱར་རུང་བར་མངོན་ནོ།།སྦྱོར་བ་ནི། ལྷག་པའི་བདེན་གཉིས་ཆོས་ཅན། ངོ་བོ་དབྱེར་མེད་ཡིན་ཏེ། ཁྱོད་གཉིས་རང་བཞིན་དང་རོལ་པར་གཏན་ལ་ཕབ་པའི་བྱིན་རླབས་སམ་ཤུགས་ལས་དེ་ལྟར་ཐོན་པའི་ཕྱིར། ཞེས་བཀོད་ན་གོ་བདེའམ་སྙམ་མོ། །ཡང་ན། འདི་ལྟར་སྣང་བའི་དངོས་པོ་ཆོས་ཅན། ལྷག་པའི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་ཏེ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་དུ་རྟོགས་པ་གཉིས་ཀྱི་སྟོབས་སམ་བྱིན་རླབས་ལས་དེ་ལྟར་མཐོང་བའི་ཕྱིར། ཞེས་བརྗོད་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་སངས་རྒྱས་པ་དེ་ཤེས་པ་གང་གིས་གསལ་བར་འགྲུབ་ཅེ་ན། དེ་ནི་སྒྲིན་པོའི་བློ་ཅན་རྣམས་ཀྱིས་རིང་དུ་བརྟག་ཀྱང་ལྷ་མིའི་སྤྱོད་ཡུལ་ཐ་དད་ལྟར་སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་མངོན་སུམ་དུ་བལྟ་བར་མི་ནུས་ཀྱི། སེམས་ལས་འདས་པའི་ཡེ་ཤེས་རང་གསལ་གཡོ་མེད་ཀྱི་དགོངས་པ་ཤར་བ་ན་གདོད་གཞོན་ནུ་མའི་བདེ་བ་ལྟར་ཉམས་སུ་མྱོང་བཞིན་བརྗོད་མི་ཤེས་ཤིང༌། ཡིད་ཆེས་ཡོད་ཀྱང་ཕྱོགས་འཛིན་དང་མ་འདྲེས་པའི་ཚུལ་དུ་རང་ཉིད་ཀྱིས་མཐོང་བར་འགྱུར་ཞེས་སྟོན་པ་ལ། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། ཞེས་པ་སྟེ། མངོན་སུམ་པའི་གཏན་ཚིགས་སོ། །དབྱིངས་དང་ཡེ་ཤེས་དང་སེམས་ཞེས་སྨོས་པ་རྣམས་སུ་སྔར་བཤད་པ་རྣམས་དྲན་པར་བྱའི། གཞུང་སྤྱི་སྐད་དང་བསྲེ་བར་མི་བྱའོ།།གཉིས་པ་ནི། རྩ་རྒྱུད་ཉིད་ལས།སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང༌། །ཞེས་གསུངས་ཏེ། འདི་ལ་སྣང་བ་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར། ཞེས་དང༌། སྣོད་བཅུད་རྒྱུད་གསུམ་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། རིམ་བཞིན་དེ་བཞིན་གཤེགས་པ་ཡུམ་ལྔ་དང་ཡབ་ལྔ་དང་ཡེ་ཤེས་ལྔར་དག་པའི་ཕྱིར། ཞེས་འགོད་པ་གཉིས་དོན་འདྲའོ། །དེའང་ད་ལྟ་ཕྱི་ནང་གི་དངོས་པོའི་བྱེ་བྲག་ཇི་སྙེད་པ་དེ་སྙེད་དུ་ཐ་མལ་པའི་སྣང་ཞེན་རྒྱས་ཤིང༌། དེ་ཇི་ལྟར་རྒྱས་པ་ལྟར་དག་པའི་གནས་ཚུལ་ལས་གོལ་བར་འགྱུར་བ་བཞིན་དུ། དམིགས་པ་དེ་དག་ཐམས་ཅད་གདོད་ནས་རྣམ་དག་གི་ངོ་བོར་ཤེས་པའི་ལྟ་བ་ཅི་ཙམ་རྩལ་སྦྱངས་པ་དེ་ཙམ་དུ་ལོག་པའི་ཞེན་སྣང་གཅོད་ཚབས་ཆེ་ལ། ཞེན་སྣང་གི་དམིགས་པ་མཐའ་ཡས་ཀྱང་འདིར་སྣོད་བཅུད་རྒྱུད་གསུམ་དུ་བསྡུས་ནས་བསྟན་ཏེ། ཕུང་པོ་གཅིག་ལ་མཚོན་ན། གཟུགས་ཕུང་ཙམ་ཡང་ཚོར་བ་སོགས་ཕུང་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་རོ་མཉམ་རྡོ་རྗེའི་གཟུགས་ཕུང་དང༌། དེའི་ཆ་ཤས་རེས་ཀྱང་བརྟན་གཡོ་མཐའ་དག་ཁྱབ་པ་རྟག་ཁྱབ་ཆེན་པོའི་གཟུགས་ཕུང་ནི་དག་པའི་གཟུགས་ཕུང་གི་དོན་ཡིན་ཞིང༌། དོན་དེ་དག་ཀྱང་རང་སྣང་རིས་མེད་ཅེས་པའི་དོན་མཐར་ཐུག་ཡིན་ལ། སེམས་ཅན་གྱི་གཟུགས་ཕུང་ཡང་རང་སྣང་རིས་མེད་དུ་གདོད་ནས་དག་པར་བཤད་ཟིན་ཏེ། ཚུལ་དེ་ལྟ་བུས་སྣོད་ཀྱི་འཇིག་རྟེན་སོགས་གསུམ་པོ་རྣམ་པར་དག་པ་ནི་དག་པ་རྣམ་པ་གསུམ་གྱི་དོན་ཡིན་ནོ།།གསུམ་པ་ནི། གཞུང་ལས།མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་མཉམ་པར་གནས་པའི་ཕྱིར། བཞི་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་སེམས་ལ་དག་མ་དག་ཏུ་སྣང་བའི་ཚུལ་གཉིས་སུ་བྱུང་བ་ལ་བཟང་ངན་དང་བླང་དོར་དུ་བདེན་པར་བལྟ་ཞིང་རློམ་པ་ལྟར་མེད་དེ། ཆོས་དེ་རྣམས་ཀྱི་གནས་ལུགས་ལ་རྣམ་གྲངས་ཡིན་མིན་གྱི་དོན་དམ་གཉིས་ཡོད་ཀྱང་ཡུལ་ཅན་གྱི་ཁྱད་པར་ལ་ལྟོས་ནས་ཕྱེ་བ་མ་གཏོགས་སྐྱེ་མེད་མཐའ་བྲལ་དུ་མཉམ་ཞིང༌། ཡང་ལོག་གི་ཀུན་རྫོབ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་བདེན་སྟོང་སྒྱུ་མ་ལྟ་བུར་མཉམ་སྟེ། དེ་གཉིས་ནི་མདོ་སྔགས་ཐུན་མོང་གི་སྲིད་ཞི་མཉམ་ཉིད་འཇོག་ལུགས་སོ། །འདི་དག་འོག་མ་ཁ་དྲང་བའི་ཆེད་ཙམ་མིན་གྱི། ལམ་འདིའི་རྣལ་འབྱོར་པས་ཚུལ་དེ་དག་གིས་ཀྱང་འཁོར་འདས་མཉམ་ཉིད་དུ་བལྟ་དགོས་པ་ཡིན་ཏེ། འདི་གཉིས་ལ་ཐུན་མོང་གི་མཉམ་པ་ཞེས་གྲགས་པས་ཤེས་པའི་ཕྱིར་རོ།།སྟོང་ཉིད་མེད་དགག་དང་མ་ཡིན་དགག་གི་རྣམ་གཞག་ཅི་ཙམ་བྱས་ཀྱང་གློ་བུར་བའི་སེམས་ཀྱིས་སྒྲོ་བཏགས་པའི་དགག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་བྱས་པ་ཁོ་ན་སྟེ། སེམས་ལས་འདས་པའི་ལྷག་པ་དོན་དམ་གྱི་ངོས་ནས་བལྟས་ན་ནི་དགག་པ་གཉིས་ཀའི་ཐ་སྙད་དང་བྲལ་བ་ཡིན་ལ། དེ་བཞིན་དུ་ད་ལྟ་རགས་པའི་སེམས་ཀྱིས་མ་དག་པའི་སྣང་ཞེན་བཀག་ནས་བསྒོམས་པས་དག་པར་ཤར་ཡང་དེ་འདྲའི་དག་མ་དག་གཉིས་ལ་གློ་བུར་བའི་སེམས་ཀྱི་སྣང་བ་ཡིན་མིན་ཁྱད་མེད་ཅིང༌། དག་པར་སྣང་བ་དེ་མ་དག་པའི་དངོས་པོའི་གནས་ཚུལ་དུ་སྒྲུབ་མི་ནུས་པས་ཉི་ཚེ་བར་ཟད་ལ། ལྷག་པ་ཀུན་རྫོབ་ཀྱི་བདེན་པ་དངོས་ཀྱི་སྟེང་ནས་གཞལ་ན་ནི་གསེར་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་ལྟར་སྤོང་ལེན་མེད་པར་དེ་འདྲའི་ལས་སྣང་དང་བཅོས་མའི་ཏིང་ངེ་འཛིན་གྱི་སྣང་བ་ཐམས་ཅད་ཡེ་ཤེས་རང་སྣང་གི་འཁོར་ལོ་འབའ་ཞིག་ཏུ་མཉམ་སྟེ་ལྷག་པའི་མཉམ་པ་གཉིས་སོ། །རང་བྱུང་ཡེ་ཤེས་འཁོར་ལོ་ཐ་མ་ནས་བསྟན་པར་འཆད་ཚེ་ལྷག་པའི་མཉམ་པའམ་ཐུན་མོང་མ་ཡིན་པའི་མཉམ་པ་ཞེས་འདོད་རུང་མི་རུང་དཔྱད་རྒྱུ་ཆེ་ཡང༌། དེ་ལྟར་བསྟན་པའི་མདོ་རྣམས་དམིགས་བསལ་དུ་བྱས་ནས། མདོ་ཕྱོགས་སྤྱིར་བཏང་ལ་ལྟོས་ཏེ་ཐུན་མིན་དུ་འཇོག་པའམ། ཡང་ན་བདེ་གཤེགས་སྙིང་པོ་དོན་དམ་དཀོར་བདུན་གྱི་ལྡོག་པ་ནས་བསྟན་པ་དང༌། དེ་ལ་བརྟེན་ནས་སྣང་སྲིད་དག་མཉམ་དུ་བལྟ་བ་མདོ་སྡེའི་ཕྱོགས་ལ་མེད་པས་དེའི་ཆ་ནས་ཐུན་མིན་དུ་བཞག་ཅེས་བྱ་སྟེ། ཕྱི་མ་དྲག་པར་སེམས་སོ།།ལེའུ་བཅུ་གཅིག་པའི་དགོངས་རྒྱན་སོགས་དང་བསྟུན་ནས་གོང་ལྟར་བཤད་ཀྱི། གོ་བདེ་བ་ནི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་དང༌། ཀུན་རྫོབ་ཏུ་སྒྱུ་མར་མཉམ་པ་གཉིས་ཐུན་མོང་བ་དང༌། དོན་དམ་པར་དཀོར་བདུན་དུ་དང༌། ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་མཉམ་པ་གཉིས་ལྷག་པ་ཞེས་གཞན་ནས་འབྱུང་བ་ལྟར་རོ།།བཞི་པ་ནི། ལམ་རྣམ་བཀོད་དང་བསྟུན་ན་ལེའུ་དགུ་པའི། རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་པ་དྲང་རུང་བ་འདྲ་ཡང་དཔྱད་དགོས། དོན་ནི། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། སྣང་ལུགས་དུ་མར་སྣང་ཡང་ཡིན་ལུགས་ལ་དེ་ལྟར་མ་གྲུབ་སྟེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར། ཞེས་བྱ་སྟེ། འདི་ཕ་མེས་ཀྱི་ལོ་རྒྱུས་བསྙད་པས་རིགས་བརྒྱུད་གང་ཡིན་ཤེས་པའི་དཔེས་མཚོན་པར་གསུངས་པས། མདོར་ན་ཆོས་ཐམས་ཅད་སེམས་ཉིད་འོད་གསལ་གྱི་གདུང་རིགས་སུ་བསྟན་པ་ཡིན་ནོ།།དེའང་དག་མཉམ་གྱི་ལྟ་བའི་གནད་སྤྱིར་གཏན་ལ་འབེབས་པ་རྟོགས་པ་བཞི་དང༌། དག་ཚུལ་བྱེ་བྲག་ཏུ་ཕྱེ་ནས་སྟོན་པ་དག་པ་གསུམ་དང༌། མཉམ་ཚུལ་བྱེ་བྲག་ཏུ་ཕྱེ་བ་མཉམ་པ་བཞི། དག་མཉམ་གྱི་གནད་ཐམས་ཅད་མཐར་ཐུག་རང་བྱུང་ཡེ་ཤེས་སུ་ལ་ཟློ་བ་བདག་ཉིད་ཆེན་པོ་ཞེས་བཤད་ན་ཉང་ཊཱིཀ་པ་དང༌། སྨིན་ལོ་ཆེན་པོའི་དགོངས་པར་ཡང་འགྲིགས་སོ།།གཉིས་པ་སྒྲ་མཐུན་དོན་སྤགས་ལ། ཉོན་མོངས་རང་སྤྱིའི། མཐའ་དང་བྲལ་བའི། རྣམ་པར་དབྱེ་བས། མཚོན་པ་དཔེའི་གཏན་ཚིགས་དང་བཞི། དང་པོ་ནི། ཉོན་མོངས་དུག་ལྔ་ཆོས་ཅན། སྤང་བྱར་ཡང་དག་པར་མ་གྲུབ་སྟེ། རང་སྤྱིའི་མཚན་ཉིད་གཉིས་ཆར་དུ་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ཞེས་པ་སྟེ། དུག་ལྔ་ལ་རང་སྤྱིའི་མཚན་ཉིད་གཉིས་འཇོག་པ་འོག་མ་དང་མཐུན་ཡང༌། འཇོག་ལུགས་མི་མཐུན་ཏེ། འོག་མའི་ལུགས་ལ། དེ་དག་སྤྱིའི་མཚན་ཉིད་སེམས་རབ་ཏུ་མ་ཞི་བའི་རྣམ་པ། སོ་སོའི་མཚན་ཉིད། གཏི་མུག་ཀུན་ཏུ་རྨོངས་པ། ཞེ་སྡང་ཀུན་ནས་མནར་སེམས་པ། ང་རྒྱལ་ཁེངས་པ། འདོད་ཆགས་ཡུལ་ལ་སྲེད་པ། ཕྲག་དོག་གཞན་གྱི་ཕུན་ཚོགས་མི་བཟོད་པའི་རྣམ་པ་ཡིན་ཞིང༌། འདིར་ཉོན་མོངས་སྤྱིའི་མཚན་ཉིད་རིག་པ་སྤྲོས་བྲལ་དང༌། སོ་སོའི་མཚན་ཉིད་རིག་པ་སྒྱུ་མའི་རྩལ་ཐ་དད་དུ་སྣང་བར་འདོད་པས་འཕགས་ཞེས་གསུངས་ཏེ། ཕྱི་མའི་མཚན་ཉིད་ནི་དོན་ལྡོག་ལ་མི་བྱེད་ཀྱི། རང་བཞིན་ནམ་དེ་ཉིད་ལ་བྱ་ཞིང༌། ཉོན་མོངས་པའི་དེ་ཉིད་རིག་པ་ཡེ་ཤེས་ཡིན་ལུགས་ལ་སྔར་གཞི་རྒྱུད་ཀྱི་སྐབས་སུ་བཤད་པ་དྲན་པར་བྱའོ།།བཤད་ཚུལ་སྔ་མ་ཡང་འདིར་མི་བཞེད་པ་མིན་ཡང༌། ཉོན་མོངས་ལམ་བྱེད་ཀྱི་སྐབས་དོན་གཙོ་བོ་ཕྱི་མ་ཡིན་ལ། དེ་འོག་མ་དང་མི་མཐུན་པའི་འཕགས་ཆོས་ཡིན་ནོ།།གཉིས་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཅན། ཁྱོད་ལ་མཐའི་སྤྲོས་པ་ཅི་ཡང་མ་གྲུབ་སྟེ། ཡང་དག་པར་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཞེས་པ་སྟེ། ཐུན་མོང་དུ་སྟོང་ཉིད་ལ་ཡོད་མེད་རྟག་ཆད་སོགས་ཀྱི་མཐའ་གང་ཡང་མེད་པ་དང་སྒྲ་མཐུན་ཡང༌། འདིར་སེམས་དང་ཡེ་ཤེས་ཕྱེ་ནས་མཐའི་རྟོག་པ་གང་ཡང་ཡེ་ཤེས་ཀྱི་དབྱིངས་ལ་མི་རྒྱུ་བར་སྟོན་པས་སྤགས་སོ།།གསུམ་པ་ནི། བུམ་པ་ཆོས་ཅན། རང་བཞིན་མེད་དེ། དབྱིབས་དང་ཁ་དོག་སོགས་ཆོས་དུ་མ་དང་ལྡན་པས་བརྟགས་ན་དབེན་པའི་ཕྱིར། ཞེས་པ་སྟེ། ཐུན་མོང་བ་ལྟར་ན། འབྱུང་ཆེན་རགས་པར་སྣང་བ་རྣམས་སྣང་བ་ལྟར་བདེན་པར་གྲུབ་པ་ཆ་ཤས་ཕྱེ་ན་མི་རྙེད་པའི་རིགས་པས་འགོག་པ་དང་སྒྲ་མཐུན་ཡང༌། འདིར་རྒྱུ་མཚན་དེས་ཆོས་དེ་དག་མཱུྃ་གྱི་དེ་ཉིད་འོད་གསལ་གྱི་དབྱིངས་སུ་བསྟིམ་པར་བྱས་པས་འཕགས་སོ།།བཞི་པ་ནི། སེམས་ཉིད་ཆོས་ཅན། ངོ་བོ་ཉིད་ཅིར་ཡང་མ་གྲུབ་སྟེ། གཟུང་དུ་མེད་པའི་ཕྱིར་ཏེ། ནམ་མཁའ་བཞིན། ཞེས་པ་ལྟ་བུར་གཞུང་སྤྱིའི་དཔེ་དོན་སྦྱོར་ཚུལ་དང་སྒྲ་མཐུན་ཡང༌། འདིར་ནམ་མཁའི་བརྡ་ཐབས་ཀྱིས་ཆོས་ཉིད་མཚོན་པ་ཙམ་ལས་རྟགས་ཀྱི་ཚུལ་གསུམ་སྒྲུབ་པའི་ཆེད་མ་ཡིན་པས་སྤགས་ཞེས་ཟེར་རམ་དཔྱད་རྒྱུ་ཅུང་ཟད་སྣང་ངོ༌།།གཉིས་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། སེམས་ཅན་ཐ་མལ་པ་ལ་དངོས་སུ་སྣང་བའི་དངོས་པོ་འདི་དག་ཉིད་ལྷག་པའི་བདེན་གཉིས་དབྱེར་མེད་དུ་གདོད་ནས་སངས་རྒྱས་ཀྱང་དེ་ལྟར་མི་ཤེས་པའི་རྒྱུ་མཚན་ནི། ལྷག་པའི་བདེན་གཉིས་ཀྱི་གནད་གསང་མཐར་གཏུག་ན་སེམས་ཉིད་ཀྱི་དབྱིངས་ཅི་ཡང་མ་ཡིན་པ་སྟེ་ཅིར་ཡང་མ་གྲུབ་པ་ལ་ཐུག་ཅིང༌། སྣང་བའི་དངོས་པོ་ནི་སྣ་ཚོགས་ཅིར་ཡང་འཆར་བ་མིག་འཕྲུལ་གྱི་གྲོང་ཁྱེར་ལྟ་བུར་ཡོད་པས་དེས་མགོ་རྨོངས་ནས་དབྱིངས་ཀྱི་བཞུགས་ཚུལ་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པ་ཡིན་ཞིང༌། ལྟ་བ་ངོ་སྤྲོད་ཚེ་སྣང་ཕྱོགས་ཅིར་ཡང་འཆར་བ་ཉིད་དབྱིངས་ཅི་ཡང་མ་ཡིན་པའི་རྒྱུ་མཚན་དུ་བསྐོར་བ་6རྨད་དུ་བྱུང་བའི་ཐབས་མཁས་ཀྱིས་དུ་མ་དང་རོ་གཅིག་ཕྱོགས་རེར་ཞེན་པའི་མདུད་པ་འགྲོལ་བ་ལ་ཡིན་མིན་གྱི་ཕྱོགས་འཛིན་གཞིག་པ་ཞེས་ལམ་རྣམ་བཀོད་ལས་གསུངས་ཏེ། དེ་ལྟ་བུའི་གཏན་ཚིགས་ནི། སེམས་ཉིད་ཆོས་ཅན། ཡང་དག་པར་ཅི་ཡང་མ་ཡིན་ཏེ། སྣང་ཚུལ་དུ་མ་འགགས་པར་རང་སྣང་བས་ཅི་ཡང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཇི་ལྟར་བརྟགས་ཤིང་བསམ་པ་ལྟར་འགྱུར་བས་ན་ཆོས་ཀུན་གྱི་ངོ་བོར་ཆོས་ཉིད་རང་སྣང་བའི་ཕྱིར། ཞེས་བཤད་དོ།།སྒྲ་མཐུན་དོན་སྤགས་དང་ཚིག་དོན་མི་མཐུན་པའི་མཐུན་མི་མཐུན་བརྩི་བའི་གཞི་མི་གཅིག་སྟེ། སྔ་མ་ནི་ཐེག་པ་འོག་མའི་བཤད་ཚུལ་དང་སྒྲ་མཐུན་པ་དང༌། ཕྱི་མ་རྟགས་ཆོས་གཉིས་ཀྱི་ཚིག་དོན་མི་མཐུན་པ་ལ་བཞག་པའི་ཕྱིར་རོ། །ཕྱི་མ་འདིའི་མི་མཐུན་པའི་མཚམས་ནི་ཅི་ཡང་མ་ཡིན་པ་དང་ཡིན་པ་གཉིས་ཙམ་མོ།།དེའང་རྟོགས་པ་བཞི་སོགས་རྒྱུད་གཞུང་གི་དངོས་བསྟན་བཞི་པོའི་ཁོངས་སུ་ལྟ་བ་ངོ་སྤྲོད་ཚུལ་གཏན་ལ་ཕབ་པ་དེས་ཐེག་པ་འོག་མའི་གསུང་རབ་རྣམས་སུ་རང་སྤྱི་དང་མཐའ་བྲལ་གྱི་ཐ་སྙད་སོགས་གསུངས་པའི་མཐར་ཐུག་གི་དགོངས་གཞི་སྦས་ཏེ་མ་བསྟན་པ་རྣམས་གསལ་བར་བཀྲོལ་ནས་སྡེ་སྣོད་གཞན་རྣམས་འདིར་གཞོལ་བར་སྟོན་པ་ལ་སྒྲ་མཐུན་དོན་སྤགས་དང༌། ཡང་བཞི་པོ་དེར་མི་མཁས་པ་ལ་ཆེས་འགལ་བ་ལྟར་སྣང་བའམ་ཕན་ཚུན་གྲོགས་སུ་ཁྱེར་ནས་གོལ་སྒྲིབ་ཀྱི་གཡང་སར་མི་འཆུག་པའི་གནད་ཀྱི་གཟེར་བུ་ངོ་མཚར་ཅན་ཡོད་པ་ཟུར་དུ་ཕྱུང་སྟེ་ངོ་སྤྲོད་པ་ལ་མི་མཐུན་པའི་གཏན་ཚིགས་བྱུང་བར་བདག་ཅག་སྨྲའོ།། གསུམ་པ་གྲུབ་མཐའ་ནི། དེ་ལྟར་གཏན་ལ་ཕབ་པ་ལས་ཅིར་འགྱུར་ཞེ་ན། ཤེས་པའི་མཚན་ཉིད་ཀྱི་ལྟ་བ་དངོས་རྙེད་པར་འགྱུར་ཏེ། དེའི་ངོ་བོ་ནི་ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུངས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར།།རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར།།ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་མཐར་ཕྱིན། །ཞེས་པ་ལྟར། གནས་ལུགས་ལྷག་པའི་བདེན་གཉིས་དབྱེར་མེད་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་སྟེ། མངོན་སུམ་འདི་དང་རྟོགས་པ་བཞིའི་སྐབས་ཀྱི་མངོན་སུམ་པ་དོན་འདྲའོ། །གསལ་བར་བཤད་ན་འོད་གསལ་གྱི་རྟོགས་པ་དངོས་སུ་རྙེད་ནས་དེའི་ཆར་གྱུར་པའི་ཤེས་རབ་སྐྱེས་པ་སྟེ་ཁོག་གཞུང་ལས།ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག །ཅེས་སོ། །འདི་ལ་རང་རིག་མངོན་སུམ་ཞེས་བཤད་པ་ནི། རང་གནས་ཀྱི་ཡེ་ཤེས་གོ་ཡུལ་དུ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ལ། ལམ་གྱི་འོད་གསལ་མངོན་སུམ་དུ་ཤར་ན་ཆོས་ཉིད་ཀྱི་དབྱིངས་མངོན་སུམ་དུ་མཐོང་བས་མ་ཁྱབ་པས། རྗེ་སྒྲོལ་གཡུང་རྣམ་གཉིས་འདིར་ཆོས་ཉིད་དོན་སྤྱིའི་སྒོ་ནས་མཐོང་བར་བཞེད་པ་དང་ཡང་མི་འགལ་ཏེ། ཇི་སྲིད་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པའི་ཚུལ་གྱིས་འོད་གསལ་གྱི་དབྱིངས་ལ་འཇུག་མི་ནུས་པ་དེ་སྲིད་དུ་ཆོས་ཉིད་རྗེན་པར་མཐོང་བ་མ་ཡིན་ཞིང༌། དེས་མཐོང་ཚོད་ཙམ་དེ་རྣམ་པར་མི་རྟོག་པའི་དབྱིངས་མཚན་ཉིད་ཡོངས་སུ་རྫོགས་པའང་མ་ཡིན་ནོ།།འདིར་འོད་གསལ་རྗེན་པར་རྟོགས་པའི་གྲོལ་ལམ་རིམ་གྱིས་པ་ཡོད་ན་སླར་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་ཉམས་ལྔ་མཐར་ཆགས་ཀྱི་སྒོ་ནས་འཇུག་དགོས་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འོད་གསལ་སྤྲིན་སྦུབས་ཀྱི་ཉི་མ་ལྟ་བུ་ཡུད་ཙམ་རེེར་རྟོགས་ཀྱང་ད་དུང་རྣམ་རྟོག་གི་གཞན་དབང་ཅན་ཡིན་པས་བརྟན་པ་རིམ་གྱིས་འཐོབ་དགོས་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས།རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན།།རྣམ་རྟོག་དགྲས་འཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པ་ལྟར་རོ། །འོད་གསལ་གྱི་དགོངས་པ་དངོས་ལ་མ་རེག་ཀྱང་ལྷག་པའི་བདེན་གཉིས་ལ་བསམ་བྱུང་གི་ངེས་པ་རྙེད་ན་ཤེས་པའི་མཚན་ཉིད་ཕལ་པ་ཙམ་དུ་འདོད་དགོས་སོ། །ཤེས་པའི་མཚན་ཉིད་བཤད་ཟིན་ཏེ། མ་ཧཱ་ཡོ་གའི་རྒྱུད་ལ་གསུམ་དུ་འབྱེད་སྐབས། གསང་འདུས་སོགས་ཕ་རྒྱུད་རྣམས་སུ་གསལ་སྟོང་རླུང་གི་རྫོགས་རིམ་དང༌། བདེ་མཆོག་སོགས་མ་རྒྱུད་དུ་བདེ་སྟོང་ཐིག་ལེའི་རྫོགས་རིམ་དང༌། གསང་སྙིང་སོགས་གཉིས་མེད་རྒྱུད་ལས་འོད་གསལ་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་ཞེས་འབྱུང་བའི་རྫོགས་རིམ་ཕྱི་མ་ཡང་གྲོལ་ལམ་ལ་བྱེད་པར་མངོན་ཞིང༌། སྔར་བཤད་པ་ལྟར་ཐབས་ལམ་དུ་རྫོགས་རིམ་གྱི་ཡེ་ཤེས་སྐྱེས་ནས་འཕེལ་གསུམ་ཐམས་ཅད་ཤས་ཆེར་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་བྱེད་པའི་དོད་ཕལ་ཆེར་ལམ་འདིར་ལྟ་བ་ལམ་བྱེད་ཀྱི་སྟེང་ནས་འགྲོ་བར་སྣང་བ་དང་ཐབས་ལམ་ལའང་མེད་དུ་མི་རུང་བས་རྒྱས་པར་བཤད་དོ།།

གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག།གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ།། སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེས་པའི་རིམ་གསུམ་གཉིས་མེད་དོན། །ཞེས་གསུངས་པ་ལྟར། ཐ་མལ་པའི་སྐྱེ་འཆི་བར་དོ་གསུམ་གྱི་སྣང་ཞེན་སྦྱངས་ནས་འཆི་བའི་འོད་གསལ་ཆོས་སྐུར་ལམ་དུ་འཁྱེར་བ་དོན་དམ་སྟོང་པ་ཆེན་པོའི་རྣལ་འབྱོར། བར་དོའི་རླུང་སེམས་ལོངས་སྐུར་འཁྱེར་བ་ཀུན་རྫོབ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། སྐྱེ་སྲིད་རགས་པ་འཁོར་བཅས་སྤྲུལ་སྐུར་སྦྱོང་བྱེད་ཀྱི་རྣལ་འབྱོར་རིམ་པ་གསུམ་སྟེ་ཏིང་ངེ་འཛིན་ལྔའོ། །ཕྱི་མའི་རིམ་པ་གསུམ་ནི་དྲི་ཟ་མངལ་དུ་ཞུགས་པ་ནས་ཕྱིར་བཙས་པའི་བར་དང་མཐུན་པ་ཕྱག་རྒྱ་གཅིག་པ་དང༌། བཙས་ནས་བུ་ཚ་འཁོར་འདབ་རྒྱས་པའི་བར་དང་མཐུན་པ་ཕྱག་རྒྱ་སྤྲོས་བཅས། ནར་སོན་ནས་བཅད་རིས་དང་ཁེ་དྲག་སྒྲུབ་པ་དང་མཐུན་པ་ཚོམ་བུ་ཚོགས་སྒྲུབ་རྣམས་ཏེ། དེ་ལྟར་རིམ་དྲུག་ལས་བཤད་དོ།།ཕྱག་རྒྱ་གཅིག་པ་ལའང༌། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དང་སྦྱར་ན། བར་དོའི་རླུང་སེམས་ཕ་མའི་ཁུ་རྡུལ་གྱི་དབུས་སུ་དང་པོར་ཞུགས་པ་ལྟར་གསུང་ཡིག་འབྲུ། མེར་ནུར་ལྟར་འཁྲང་གི་གནས་སྐབས་ལྟར་ཐུགས་ཕྱག་མཚན་དང༌། གོར་ཉ་རུས་སྦལ་ནས་ལུས་རྫོགས་ཏེ་བཙས་པ་ལྟར་སྐུ་རྫོགས་པ་ཞེས་ཧེ་རུ་ཀ་གལྤོ་དྲངས་ནས་ལོ་ཆེན་གྱིས་གསུངས་སོ། །ཏིང་ངེ་འཛིན་གྱི་དབྱེ་སྒོ་གཞན་ཡང་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ཏེ། འདི་ཉིད་ཀྱི་རྒྱུ་ཕྱི་མ་ལས།ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ།།བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི།།རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར། འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང༌། ཐུན་མོང་མ་ཡིན་པའི་སྐུ་གསུམ་སྟེ་གཞི་འབྲས་དེ་གཉིས་ཆར་དང་རྣམ་པ་མཐུན་པར་བྱས་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་སྒོམ་པའི་དག་རྫོགས་སྨིན་གསུམ་གྱི་གནད་ཚང་བའི་བཅོས་མའི་རྣལ་འབྱོར་ནི་བསྐྱེད་རིམ་དང༌། སྐྱེ་འཆི་བར་དོ་སྐུ་གསུམ་དུ་དངོས་སུ་སྒྱུར་བའི་ལམ་གྱི་རིགས་སུ་གནས་པའི་མ་བཅོས་པའི་རྣལ་འབྱོར་ནི་རྫོགས་རིམ་ཡིན་ལ། དེའི་ཕྱིར་གོང་མ་ཁ་ཅིག་ཀུན་བཏགས་བསྐྱེད་རིམ་དང་ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་ཞེས་གསུངས་པ་ཡང་དགོངས་པ་ཟབ་བོ།།ཡང་གཉིས་ཏེ། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་མོས་མནོ་ཙམ་གྱིས་ཐུན་རེའི་ནང་དུ་སྲུང་འཁོར་ནས་གོ་བགོ་ལུས་སྲུང་བར་གྱི་སྒྲུབ་ཐབས་ཚང་བ་རེ་ཉམས་སུ་ལེན་པ་མོས་སྒོམ་དང༌། སྟོང་ཆེན་སོགས་ལྔ་པོ་སྔ་མ་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་རྫོགས་པ་ན་གདོད་ཕྱི་མ་ཕྱི་མ་ལ་འཇུག་པའི་ཚུལ་གྱིས་མཐར་ཆགས་སུ་སློབ་པ་ངེས་རྫོགས་ཏེ་ལམ་རིམ་ལས་དེ་ལྟར་བཤད་དོ།།མོས་སྒོམ་དུ་བཤད་པའི་ཚུལ་འདི་ཉིད་ཐུན་བཞིར་སྒོམ་པའི་སྦྱོར་བས་བསྐྱེད་རིམ་མཐར་ཕྱིན་པའང་ཡོད་མོད་ཀྱི། བཀའ་སྲོལ་འདི་ལས་ཆེར་མི་འབྱུང་ལ། ཐུན་རེར་སྒྲུབ་ཐབས་ཀྱི་ཡན་ལག་ཚང་བར་སྒོམ་པ་ལ་མོས་ངེས་གཉིས་སུ་ཕྱེ་བའི་མོས་སྒོམ་གྱིས་ཁྱབ་པ་ནི་འདིར་ཡང་མི་བཞེད་དེ། ངེས་རྫོགས་ཀྱི་ཚོགས་སྒྲུབ་སྐབས་སུ་ཡང་དེ་ལྟར་སྒོམ་པར་གསུངས་པའི་ཕྱིར་རོ། །མོས་སྒོམ་འདི་ལ་བསྐྱེད་རིམ་གྱིས་ཁྱབ་ཅིང༌། དེར་ཐུན་རེའི་ནང་དུ་ཚང་བར་སྒོམ་རྒྱུའི་ཏིང་ངེ་འཛིན་ནི་རྒྱ་སྤྲོས་མན་ཆད་ཀྱི་བཞི་པོ་ཙམ་ཡིན་ཡང༌། སེམས་བརྟན་པའི་མཚན་མ་མ་མཐོང་བའི་སྒྲུབ་པ་པོ་མང་པོས་ཚོགས་སྒྲུབ་བྱེད་པའང་མོས་སྒོམ་དུ་བཞག་དགོས་པས་སྤྱིར་མོས་སྒོམ་གྱི་ལྔ་ཀ་ཡོད་དོ།།ངེས་རྫོགས་ལ་བསྐྱེད་རྫོགས་ཀྱི་ཆ་གཉིས་དང༌། དེ་ལ་སློབ་ཚུལ་ཡང་གང་ཟག་གི་ཁྱད་པར་གྱིས་མི་འདྲ་བ་གཉིས་ཡོད་པར་གསུངས་ཏེ། དང་པོ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་སློབ་ཚུལ་དང༌། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པའོ།།དང་པོ་ནི། ཐོག་མར་སྟོང་པ་ཆེན་པོའི་རྣལ་འབྱོར་རྟོག་པས་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་དང༌། ཐོབ་པའི་ཉམས་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུ། གོམས་པའི་ཉམས་བྱང་ཐང་གི་དལ་འབབ་ལྟ་བུ། བརྟན་པའི་ཉམས་མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུ། མཐར་ཕྱིན་གྱི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་སྟེ་ཉམས་ལྔ་རྫོགས་རྫོགས་སུ་བསྒོམ་པའི་ཁོག་ནས་རྫོགས་རིམ་པའི་འོད་གསལ་གྱི་ཉམས་མྱོང་ལ་འདྲིས་ཆ་ཐོན་པ་ན་སྙིང་རྗེ་སྒྱུ་མ་བཅོས་ནས་སྒོམ། དེ་རྫོགས་རིམ་མ་བཅོས་པའི་སྙིང་རྗེ་སྒྱུ་མར་སོང་སྟེ་ཉམས་ལྔ་རྫོགས་པ་ན་ཕྱག་རྒྱ་གཅིག་པ་ཕྲ་རགས་ལ་དམིགས་པའི་བསྐྱེད་རིམ་ལ་སྦྱང་བས་རྐྱེན་བྱས་ཏེ་རྫོགས་རིམ་གྱི་ལྷ་སྐུ་རྒྱ་གཅིག་མཐོང་ལ། དེ་ལ་གསལ་བརྟན་གྱི་ནུས་པ་རྙེད་པ་དང༌། ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ཡང་དང་པོར་བསྐྱེད་རིམ་དང་རིམ་གྱིས་རྫོགས་རིམ་དུ་གོ་འཕོ་ཞིང༌། སྤྲོས་བཅས་མཐར་ཕྱིན་ནས་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུས་མཚམས་སྦྱར་བས་འཕགས་ལམ་འགྲུབ་པ་སྟེ། འདིའི་རྒྱ་གཅིག་གི་བསྐྱེད་རིམ་ལྟ་བུ་ནི་རྫོགས་རིམ་ཐོབ་ལ་མ་ཉམས་པའི་རྒྱུད་ཀྱི་བཅོས་མའི་རྣལ་འབྱོར་ཡིན་པས། རྫོགས་པའི་བསྐྱེད་པ་དང༌། བསྐྱེད་པའི་རྫོགས་པ་ཞེས་གསུངས་པ་ལྟ་བུར་འགྱུར་རོ།།གཉིས་པ་ནི། དང་པོར་བསྐྱེད་རིམ་གྱི་སྟོང་ཆེན་བརྟན་པ་ཐོབ་ཐོབ་ཏུ་སྒོམ། དེ་ནས་སྙིང་རྗེ་སྒྱུ་མ་དེ་ལྟར་སྒོམ། དེ་ལྟ་བུའི་རིམ་པས་སྤྲོས་བཅས་ཀྱི་བསྐྱེད་རིམ་མཐར་སོན་པ་ན་ཚོགས་སྒྲུབ་ཀྱིས་འདོད་གཟུགས་གང་རུང་གི་རིག་འཛིན་བསྒྲུབས་ཏེ་མཁའ་སྤྱོད་ཀྱི་ཞིང་སོགས་ཉུལ་ཞིང་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་ཅིག་ཏུ་རྫོགས་རིམ་ལ་བརྟེན་ནས་ལམ་ལྔ་མཐར་དབྱུང་བ་སྟེ། དེ་ལྟར་གཉིས་ཡོད་ཀྱང་གྲོལ་ལམ་རིམ་གྱིས་པ་གཙོ་བོ་རྣམས་ཀྱི་སྒོམ་ཚུལ་དངོས་སྔ་མ་ཡིན་པར་གསུངས་སོ།།དེ་ལྟར་སྤྱིའི་རྣམ་གཞག་ལ་དཔྱད་པའི་ས་བོན་ཙམ་སྨོས་ནས་ཏིང་འཛིན་ལྔ་སོ་སོའི་ངོས་འཛིན་ཟུར་ཙམ་བརྗོད་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་ཅིར་ཡང་མི་དམིགས་པ་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་ཅིག་ཆོས་སྐུའི་ངོ་བོར་བལྟ་བ་སྟོང་པ་ཆེན་པོའི་རྣལ་འབྱོར། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ལོངས་སྐུའི་རང་བཞིན་དུ་ཤེས་ནས་སྒོམ་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་སེམས་ཨ་དཀར་པོར་བསྒོམས་ནས་ཡི་གེ་སྤྲོ་བསྡུ་ལ་དམིགས་པ་ཕྲ་བ་ཡིག་འབྲུ་དང༌། དེ་ལས་བསྐྱེད་ཆོག་རྒྱས་བསྡུས་ཅི་རིགས་ཀྱིས་རྩ་བའི་ལྷ་ཡབ་ཡུམ་ཟུང་གཅིག་བྱིན་རླབས་ཀྱི་ལྷ་གསུམ་དང་དབུ་རྒྱན་གྱི་ལྷ་ལྔ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་སྟེ་ཡན་ལག་གི་ལྷ་དགུ་དང་བཅས་པར་སྒོམ་པ་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ་ཕྱག་རྒྱ་གཅིག་པ་ཕྲ་རགས་ཀྱི་རྣལ་འབྱོར། གཉལ་སངས་རྒྱས་གྲགས་ཀྱི་བཞེད་པ་ལྟར་རིགས་ཐ་དད་ཀྱི་གཙོ་བོ་གཅིག་ཏུ་གྱུར་པས་རབ་ཏུ་ཕྱེ་བ་དཀྱིལ་འཁོར་དང༌། རིགས་ཐ་མི་དད་ཀྱི་གཙོ་བོ་སོ་སོས་བྱས་པས་རབ་ཏུ་ཕྱེ་བ་ཚོམ་བུར་བཤད་དེ། དེ་འདྲའི་དཀྱིལ་འཁོར་དང་ཚོམ་བུ་སྤྲོ་བ་གཉིས་དང་གྲངས་དང་ཞལ་ཕྱག་སྤྲོ་བ་སྟེ་ཕྱག་རྒྱ་སྤྲོས་བཅས་ཀྱི་དབྱེ་བ་བཞི། དེ་ལ་དཀྱིལ་འཁོར་སྤྲོ་བ་ནི། ཞི་དཀྱིལ་འབྲིང་པོ་ལྷ་ཞེ་གཉིས་མ། རྒྱས་པ་དེའི་སྟེང་དུ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཅུ་བསྣན་པས་བརྒྱད་ཅུ་རྩ་གཉིས་པ། བསྡུས་པ་རིགས་ལྔ་དང་སྒོ་བ་ཡབ་ཡུམ་བཅོ་བརྒྱད། ཁྲོ་དཀྱིལ་འབྲིང་པོ་ཡོངས་གྲགས་ང་བརྒྱད་ལ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་དོན་བརྒྱད། རྒྱས་པ་དེ་ལ་རིགས་ཆུང་བསྣན་པས་བརྒྱ་དང་བཅོ་བརྒྱད། བསྡུས་པ་ལྔ་བཅུ་རྩ་བརྒྱད་པ་རྣམས་སོ།།ཚོམ་བུ་ནི། མི་བསྐྱོད་པ་ཡབ་ཡུམ་རྡོ་རྗེའི་རིགས་ཆུང་ཟུང་བཞི། སྒོ་བ་ཡབ་ཡུམ་སྟེ་བཅོ་བརྒྱད་པ་དང༌། སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་གཙོ་བོ་རིགས་ཆུང་དང་བཅས་པ་ལ་ཁྲོ་བོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་སྤངས་པའི་ཡབ་ཡུམ་ཟུང་བརྒྱད་བསྣན་པས་ཞེ་དྲུག་མ་དང༌། རིགས་ལྔ་རིགས་ཆུང་ཁྲོ་བཅུ་ཡབ་ཡུམ་སྟེ་བདུན་ཅུ་པ་རྣམས་རིམ་བཞིན་ཚོམ་བུ་གཅིག་གསུམ་ལྔ་པའོ།།ཁྲོ་བོའི་སྐབས་སུ། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ཡོད་མཉམ་ལ། རྡོ་རྗེའི་རིགས་ཀྱི་གཙོ་འཁོར་བཅུ་དང་ཁྲོ་བཅུ་ཡབ་ཡུམ་བསྣན་པའི་དོན་བརྒྱད་མ་དང༌། བུདྡྷ་དང་པདྨའི་གཙོ་འཁོར་ཡང་བསྣན་པའི་གོ་བརྒྱད་མ་དང༌། རིགས་ལྷག་མ་གཉིས་ཀྱང་བསྣན་པས་བརྒྱ་བཅོ་བརྒྱད་པ་7རྣམས་སྔ་མ་བཞིན་ནོ།།གྲངས་ནི། ལེའུ་བརྒྱད་པ་ལྟར་སངས་རྒྱས་སྟོང་དང༌། ཉི་ཁྲི་བཞི་སྟོང་དང༌།བསམ་ཡས་ལྷུན་གྲུབ་ཏུ་སྤྲོ་བ་དང་གསུམ། དེའི་རིགས་པ་ཁྲོ་བོ་ལའང་སྦྱར་བས་ལྷ་གྲངས་སྟོང་བཞི་བརྒྱ་ལྔ་བཅུ་པ་དང༌། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་པ་དང༌། བསམ་ཡས་ལྷུན་གྲུབ་སྟེ་སྤྲོ་བ་གསུམ་མོ། །བསམ་ཡས་ལྷུན་གྲུབ་སྤྲོ་བ་ལ་འཕགས་ལམ་པ་དགོས་ཞེས་གསུངས་པ་ཡོད་ཀྱང་དེ་ཚུན་ཆད་ལ་དེ་ལྟར་དངོས་སུ་སྤྲོ་མི་ནུས་པ་ཡིན་གྱི་སྒོམ་མི་ནུས་པ་མིན་ནོ།།ཞལ་ཕྱག་ནི། ཞི་བ་རྒྱས་པ་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་དང༌། འབྲིང་པོ་རྒྱལ་བ་རིགས་དྲུག་ཙམ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། ཁྲོ་བོ་ལ་གཙོ་བོ་དབུ་ཕྱག་གྲངས་མེད་དང་དབུ་དགུ་ཕྱག་བཅོ་བརྒྱད་པ། འཁོར་གྱི་མ་མོ་རྣམས་ཀྱང་ཞལ་གསུམ་ཕྱག་དྲུག་པ་སོགས་རྒྱུད་ནས་བཤད་ཀྱང་བརྒྱུད་པའི་ཕྱག་བཞེས་སུ་རྒྱས་པ་ལ་རིགས་ལྔ་དང༌། འབྲིང་པོ་ལ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པ་དང༌། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ།།དེ་ལྟར་ཏིང་ངེ་འཛིན་བཞི་པོ་སོ་སོར་སྒྲུབ་ཅིང་རྩལ་ཐོན་ནས། སླར་དེ་རྣམས་ཐུན་རེའི་ནང་དུ་ཚང་བར་བསྒོམས་ཏེ་བོགས་འདོན་པའམ་ཁྱད་པར་དུ་འགྲོ་བར་བྱེད་པ་ནི་ཚོམ་བུ་ཚོགས་སྒྲུབ་ཡིན་ཏེ། འདི་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པའོ། །དང་པོ་ནི། བདག་དབང་བར་ཆད་མེད་ཅིང་ཡིད་དུ་འོང་བའི་སར་གཡོས་སྦྱོར་བྱེད་པ་དང༌། སྒྲུབ་གཞུང་སྲོང་བ་དང༌། གསང་སྤྱོད་ལ་འཇུག་པའི་ཁང་པ་རིམ་གསུམ་བརྩིགས་པ་གནས་ཕུན་ཚོགས་དང༌། གཟའ་སྐར་སྦྱོར་བྱེད་ཚེས་གྲངས་སོགས་ལེགས་པའི་དུས་ཕུན་ཚོགས། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་འདུ་བྱས་པ་ཡོ་བྱད་ཕུན་ཚོགས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །ཞེས་སོགས་ལྟར་རང་བཞིན་བརྒྱད་ལྡན་གྱི་སློབ་དཔོན་དང༌། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །སོགས་ཡོན་ཏན་དྲུག་ལྡན་གྱི་འཁོར་ཏེ་སྟོན་འཁོར་དེ་གཉིས་སྒྲུབ་པ་པོ་ཕུན་ཚོགས་ཞེས་གཅིག་ཏུ་བསྡུ་སྟེ། དེ་ལྟ་བུའི་འདུས་པ་ཆུང་འབྲིང་ཆེན་པོ་ཇི་ལྟར་ཚོགས་པ་དང༌། བསྙེན་སྒྲུབ་རྣམ་པ་བཞིའི་སྲོལ་དུ་ཚུད་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་སྟེ་ལྔའོ།།གཉིས་པ་ནི། སྒྲུབ་དུས་ཀྱི་བསྙེན་སྒྲུབ་བཞིའི་དང་པོ་བསྙེན་པ་ལའང་སྔོན་དུ་བྱ་བའི་དང༌། བྱ་བ་ལས་ཀྱི་བསྙེན་པ་གཉིས་ལས། དང་པོ་ནི། སྔར་སྤྲོས་བཅས་མན་ཆད་ཀྱི་ཏིང་འཛིན་བཞི་མཐར་ཕྱིན་པར་བསླབས་པ་དེ་ཉིད་དོ།།གཉིས་པ་ནི། ས་ཆོག སྟ་གོན། བཤགས་སྐོང༌། མཚམས་གཅོད། དཀྱིལ་འཁོར་བྲིས་ཤིང་རྒྱན་བཀོད་པ་རྣམས་སྔོན་དུ་བཏང་སྟེ། གྲལ་ཚུལ་གྱི་ཕྱག་ནས་རྟགས་གདབ་པར་བྱ། དེ་ནས་ཏིང་འཛིན་གསུམ་དང༌། དཀྱིལ་འཁོར་དང༌། ལས་རིམ་གྱི་ཏིང་ངེ་འཛིན་ལྔ་པོ་བསྒོམ་ལ་འཛབ་ཁ་ཕྱེ་ནས་གསལ་བ་གསུམ་ལྡན་གྱིས་འཛབ་བཟླ། དཀྱིལ་འཁོར་ཕྱེ་བ་དེ་རང་ལ་བསྟིམ་ཞིང་ཚོགས་མཆོད་སོགས་བྱེད་པ་ནུབ་དང་པོའི་བསྙེན་པ་སྟེ་བསྙེན་པའི་ཡན་ལག ལས་རིམ་དེ་དང་མཐུན་པས་འཛབ་ཀྱི་ཚེ་འོད་ཟེར་དཀར་པོའི་སྤྲོ་བསྡུས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་ལ་ཅི་ཙམ་སྒྲུབ་པའི་དུས་ཀྱི་ཕྱེད་ཚུན་ཆད་བརྩོན་པ་ཉེ་བསྙེན་གྱི་ཡན་ལག ཕྱེད་ཕྱི་མར་འོད་ཟེར་དམར་པོའི་སྤྲོ་བསྡུས་དངོས་གྲུབ་དབང་དུ་བྱ་བ་སྒྲུབ་པའི་ཡན་ལག དངོས་གྲུབ་ཀྱི་མཚན་མ་ཡིད་ཆེས་པ་བྱུང་བ་ན་འོད་ཟེར་མཐིང་ཁས་དངོས་གྲུབ་བསྡུ་ཞིང་ལྷ་དང་རྫས་དང་ཡུམ་གྱི་མཁའ་རྣམས་ལས་དངོས་གྲུབ་བླང་བ་སྒྲུབ་ཆེན་གྱི་ཡན་ལག་གོ །རྒྱུད་ཉིད་ལས་ཚོགས་སྒྲུབ་སྟོན་པ་ན་ཞེན་མེད་ཀྱི་ངང་ནས་འདོད་ཡོན་གྱི་ཡོ་བྱད་ལྔ་ལ་ལོངས་སྤྱོད་ཚུལ་འབའ་ཞིག་རྩལ་དུ་བཏོན་ནས་གསུངས་པས་ཚོགས་སྒྲུབ་ཀྱི་དོན་པོ་ནི་བདེ་ཆེན་གྱི་ཡེ་ཤེས་རྒྱས་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་འབར་ཞིང་བརྟན་པ་ལ་བྱེད་དགོས་ཏེ། དེའི་མཐུས་ཏིང་ངེ་འཛིན་སྔ་མ་བཞིའི་རྒྱུན་ཡང་ཤིན་ཏུ་ཁྱད་ཞུགས་པར་འགྱུར་བས་བོགས་འདོན་དུ་འགྲོ་ལུགས་དང༌། དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུ་མཚན་གཉིས་ཀ་དེ་ཡིན་ནོ། །སྤྱིར་བདེ་བ་དང༌། ཁྱད་པར་ཞུ་བདེ་ལམ་བྱེད་ལ་རྫོགས་རིམ་གྱི་མ་ཁྱབ་པ་ནི་གྲགས་ཆེ་བས་མ་ཕྱེའོ། །འགྲེལ་པ་རྣམས་སུ་དངོས་གྲུབ་བླང་བའི་སྐབས་མ་གཏོགས་པར་ཨ་ལི་ཀ་ལིའི་ཡོ་བྱད་ལ་སྤྱོད་ཚུལ་གསལ་བར་མ་སྨོས་ཀྱང༌། མེད་པ་མིན་ཏེ། སྒྲུབ་ཐབས་ཀྱི་མཆོད་པའི་ནང་དུ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། ཞེས་སོགས་འབྱུང་བ་ལས་ཤེས་པའི་ཕྱིར་རོ།།གསུམ་པ་ནི། བརྩོན་འགྲུས་དྲག་པོས་བསྒྲུབས་པས་ཟླ་དྲུག་ལ་སོགས་པའི་དུས་ངེས་པ་ཅན་ན་ཕྲ་ཡང་སོགས་ཀྱི་ཡོན་ཏན་དང་ལྡན་པའི་རིག་འཛིན་གྱི་ལུས་འདོད་གཟུགས་གང་རུང་གི་ལྷ་དང་རྗེས་སུ་མཐུན་པར་ཐོབ་སྟེ། འདོད་གཟུགས་ཀྱི་རིག་འཛིན་གཉིས་གང་འཐོབ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཁྱད་པར་གྱིས་ཡིན་ཞེས་གསུངས་སོ།།འདི་ལྟ་བུའི་རིག་འཛིན་ནི་ཐུན་མོང་གི་དངོས་གྲུབ་ཆེན་པོའོ། །ལམ་རིམ་ལས་ཞི་བའི་ཚོགས་སྒྲུབ་ཀྱིས་རབ་ཟླ་བ་དྲུག་དང༌། ཐ་མས་ལོ་གཅིག་ཟླ་བ་བཞི་ན་དང༌། ཁྲོ་བོས་རབ་ཟླ་བ་གཉིས་དང༌། ཐ་མས་དྲུག་ན་འགྲུབ་པ་སོགས་ཀྱི་ཁྱད་གསུངས་པ་ལ་འཛབ་འཐོར་འདྲིལ་གྱི་ཁྱད་དུ་བཞེད་པའང་ཡོད་མོད་ཀྱི། ཕལ་ཆེར་སྣར་སྟོན་གྱི་བཞེད་པ་ལྟར་ཁྲོ་བོ་བར་ཆད་འདུལ་བ་དང༌། དྲག་ཅིང་མྱུར་བའི་ཕྲིན་ལས་ཀྱི་ལྷར་བཞེངས་པའི་རྒྱུ་མཚན་གྱིས་ཡིན་བྱས་ན་བདེ་ཞིང༌། དངོས་གྲུབ་ཀྱི་ཕོ་ཉའི་དབང་གིས་ཀྱང་ཁྱད་ཅུང་ཟད་ཞུགས་སམ་སྙམ་མོ།། མ་ཧཱ་ཡོ་གའི་རྒྱུད་གཞན་ལས་ཚོགས་སྤྱོད་ཀྱི་མཐར་ཐུན་མོང་གི་གྲུབ་པ་ཆེན་པོ་སྒྲུབ་པ་ལ་ད་དུང་སྦྱིན་སྲེག་དང་འཁྲུལ་འཁོར་སོགས་བར་དུ་བརྒྱུད་དགོས་པར་གསུངས་ཤིང༌། འདིར་དེ་དག་ལ་མི་ལྟོས་པར་ཚོགས་སྒྲུབ་ཀྱི་དུས་ཉིད་དུ་རིག་འཛིན་འགྲུབ་པར་གསུངས་པ་ནི། སྔ་མ་བསྐྱེད་རིམ་ཅུང་ཟད་བརྟན་པ་དང༌། ཕྱི་མ་ཆེར་བརྟན་པའི་དབང་དུ་བྱས་པར་བཞེད་པ་ཡོད་ཀྱང་ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པའི་ཚོགས་སྤྱོད་པས་ཀྱང་སྔ་མ་ལྟར་བྱེད་པར་བཤད་པས་སྒྲུབ་ལུགས་ཀྱི་ཁྱད་ལྟ་བུའི་འབྱེད་དགོས་སམ་བརྟག་པར་བྱའོ།།ཕྱག་རྒྱའི་ཏིང་ངེ་འཛིན་གོང་འོག་འདི་དག་ཐམས་ཅད་དུ་ལྟ་བའི་སྐབས་སུ་བཤད་པའི་རང་སྣང་རིས་མེད་ཀྱི་གོ་དོན་སྲོག་ཏུ་དྲན་པར་བྱ་སྟེ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ལས་བསྐྱེད་རིམ་གྱི་ཡུལ་དུས་ཚད་ཅན་འཇོམས་པར་གསུངས་པའང་འདི་དང་ཚུལ་མཚུངས་ལ། རང་སྣང་རིས་མེད་ཀྱི་དཀྱིལ་འཁོར་ལ་གྲངས་ཚད་དང་ཞལ་ཕྱག་སོགས་གཅིག་ཏུ་ངེས་པ་མེད་ཀྱང་སྒྲུབ་ཐབས་སུ་ངེས་པ་ལྟར་མ་བསྟན་ན་དོན་དེ་ལ་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་སོགས་ཀྱི་ཏིང་ངེ་འཛིན་སྐྱེད་མི་ནུས་པས་དེ་ལྟར་བསྟན་ཅེས་བདེ་གཤེགས་འདུས་པ་ལས་གསུངས་སོ། །དེ་འདྲ་བའི་ཏིང་ངེ་འཛིན་ལྔ་ནི་བསྐྱེད་རིམ་ཁོ་ནའི་དབང་དུ་བྱས་པ་ཡིན་ལ།རྫོགས་རིམ་གྱི་ཏིང་ངེ་འཛིན་ལྔ་ནི། དང་པོར་ཆོས་དང་ཆོས་མིན་གྱི་བྱ་བ་གཞན་བཏང་སྟེ། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། སེམས་ཀྱི་གནད་བཞག་ཐབས་གཉིས་གང་རུང་ལ་གནས་པར་བྱ་སྟེ། བཞག་ཐབས་གཉིས་ནི། བློ་ཆེ་བ་ཤེས་རབ་ཀྱི་དང༌། བློ་ཆུང་བ་གདམས་ངག་གི་སྟོབས་ཀྱིས་འཇོག་པ་གཉིས་ཏེ། དང་པོ་ལའང༌། སྤྲོས་བྲལ་གྱི་ཆོས་ཉིད་ལ་སེམས་འཇོག་གོ་སྙམ་པ་དྲན་ཙམ་གྱིས་རིག་པ་ཡུལ་མེད་དུ་སལ་ལེར་འཇོག་པ་རིག་པ་སྤྱི་ལུགས་སུ་དང༌། སྔར་གཏན་ལ་ཕབས་པའི་ལྟ་བ་དྲན་པར་བྱས་ནས་དེའི་ངང་ལ་གསལ་བ་སོ་མ་ཤོར་ཙམ་དུ་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་གཉིས་ཡོད་ཅིང༌། ཕྱི་མ་ནི་ནང་དུ་རང་སེམས་ཀྱི་ངོ་བོ་ལ་བལྟས་པ་ན་ཅིར་ཡང་མི་མཐོང་ཞིང་དེའི་ངང་ལ་མ་བཅོས་པར་འཇོག་པ་སྟེ། གསུམ་ཀ་སེམས་ཀྱི་དེ་ཉིད་8ལ་འཇོག་པར་ཁྱད་མེད་ཀྱང་འཇོག་བྱེད་ཀྱི་ཐབས་སམ་སྒོ་མི་འདྲ་བ་ལས་དབྱེའོ།། གང་ལྟར་ཡང་རྩེ་གཅིག་ཏུ་དང༌། བར་མ་ཆད་པར་བསླབས་པས་གཟུང་འཛིན་རགས་པ་དང་བྲལ་བའི་འོད་གསལ་ནམ་མཁའ་ལྟ་བུ་མངོན་དུ་གྱུར་ནས་སྟོང་གཟུགས་ཞེས་སྟོང་པ་འོད་གསལ་གྱི་ཆར་གྱུར་པའི་གཟུགས་སྣང་ངམ་སྟོང་པ་འོད་གསལ་གྱི་གཟུགས་བརྙན་ལྟ་བུའི་སྣང་བ་སྒྱུ་མའི་གྲོང་ཁྱེར་ལྟར་དབྱིབས་དང་ཁ་དོག་གི་རྣམ་པ་ཅན་མཐའ་ཀླས་པ་འཆར་ཏེ། གོམས་པ་ཡུན་བསྲིངས་པས་འོད་གསལ་ཇེ་འཐུག་ཏུ་འགྲོ་ཞིང༌། ཇི་ཙམ་འཐུག་པའི་རིམ་པ་ལྟར་སྟོང་གཟུགས་དེ་དག་ཇེ་དྭངས་ཇེ་གསལ་དང་ཆེར་མཆེད་པར་འགྱུར་རོ།། དེ་ལྟ་བུའི་འོད་གསལ་དེ་ལ་འཁྲུལ་པའི་ཀུན་རྟོག་གིས་སྟོང་པསས་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་སྟེ། འདིའི་ཚེ་སྟོང་གཟུགས་ཤར་བ་དེ་ལ་གཙོ་བོར་མི་བྱེད་པར་འོད་གསལ་རང་གི་བཞུགས་ཚུལ་མི་རྟོག་པའི་དབྱིངས་ལ་བསྲེ་བ་རྩལ་འདོན་བྱེད་པར་མངོན་ནོ།། དེ་བྱང་བར་གོམས་པ་ན་འོད་གསལ་རྒྱ་བསྐྱེད་དེ་སྣང་བ་དེ་རྣམས་ལ་བསྲེས་ནས་རྩེ་གཅིག་ཏུ་བཞག་པས་རིས་མེད་ཀྱི་སྣང་བ་སྔར་ལས་ཀྱང་ཆེར་མཆེད་ཅིང༌། དེ་ཐམས་ཅད་ཐུན་མོང་མ་ཡིན་པའི་དམིགས་མེད་ཀྱི་སྙིང་རྗེའམ་མི་དམིགས་པའི་བདེ་བའི་ཡོ་ལང་འབའ་ཞིག་ཏུ་འཆར་བར་འགྱུར་ཏེ། དེ་བརྟན་པའི་ཚེ་སྟོང་གཟུགས་ལ་ལས་རུང་གི་ཡོན་ཏན་ཁྱད་པར་ཅན་ཐོབ་པས། རྐྱེན་ཅུང་ཟད་ཙམ་གྱིས་རྫོགས་རིམ་པའི་ལྷ་སྐུ་རྒྱ་གཅིག་ཏུ་སྒྱུར་ནུས་པ་ཡིན་ནོ། །མཉམ་བཞག་ཏུ་དེ་ལྟར་རྩལ་འབྱོངས་པས་དེ་ལས་ལང་བ་ནའང་འགྲོ་བ་ཐམས་ཅད་སྟོང་གཟུགས་བཞིན་དུ་བདེ་ཆེན་སྙིང་རྗེའི་རོལ་པ་སྒྱུ་མ་ལྟ་བུར་འཆར་ཏེ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་རོ།།དེ་ནས་བསྐྱེད་རྫོགས་ཟུང་འབྲེལ་བྱེད་ཚེ་ཀུན་བཟང་ཡབ་ཡུམ་ལྟ་བུའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང༌། གང་ལྟར་ཡང་འཕེན་པའི་རྐྱེན་ལ་བརྟེན་ནས་སྟོང་གཟུགས་དེ་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣམ་པར་སད་པ་ནི་རྒྱ་9གཅིག་གི་རྣལ་འབྱོར་ཏེ། སྟོང་གཟུགས་ཀྱི་ལྷ་སྐུ་ཇི་སྙེད་ཤར་ཡང་ཀུན་བཟང་ཡབ་ཡུམ་ལྟ་བུ་གཅིག་གི་རྣམ་པ་ཅན་དུ་མཚུངས་པས་དེ་ལྟར་བརྗོད་ཀྱི། སྟོང་གཟུགས་ཀྱི་སྐུ་གཅིག་ལས་མི་འཆར་བ་ནི་མིན་པ་འདྲའོ།།བཀའ་སྲོལ་འདི་ལས་རྒྱ་གཅིག་གི་འགོ་བརྩམས་པ་ནས་ཟུང་འཇུག་གི་ལྷ་སྐུ་ཡིན་ཞེས་འབྱུང་བ་ནི་ཏིང་ངེ་འཛིན་དང་པོའི་སྟོང་པ་དང་གཉིས་པའི་སྙིང་རྗེ་ཟུང་འཇུག་ཏུ་སོང་བ་ཙམ་ལ་དགོངས་ཀྱི། ཟུང་འཇུག་གི་སྐུ་དངོས་མིན་ནོ། །དེ་ནས་དཀྱིལ་འཁོར་དང་ཚོམ་བུའི་འཁོར་ལོ་སྤྲོ་བའི་བསྐྱེད་རིམ་གྱི་རྐྱེན་ཅུང་ཟད་ལས་སྟོང་གཟུགས་ཀྱི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པ་མཐའ་ཡས་པ་དང༌། དེ་དག་རེ་རེ་ལའང་གྲངས་སྤྲོ་བའི་སྐབས་ལྟར་གྲངས་མེད་པ་མ་འདྲེས་ཡོངས་རྫོགས་སུ་འཆར་བ་ནས་བཟུང་མཐར་ཕྱིན་པའི་བར་ནི་ཕྱག་རྒྱ་སྤྲོས་བཅས་ཏེ། དེ་ལྟར་ཏིང་ངེ་འཛིན་སྔ་མ་བཞིའོ།།ཕྱག་རྒྱ་སྤྲོ་བའི་བསྐྱེད་རིམ་གྱི་སྐབས་འདིར། ཕུང་ཁམས་སོགས་རྟོག་ཚོགས་ཐམས་ཅད་ལྷར་སྦྱོང་བའི་ཆེད་དུ་སངས་རྒྱས་ཞེ་གཉིས་ཀྱི་དཀྱིལ་འཁོར་སྒོམ་པ་དང༌། ཕུང་སོགས་ཀྱི་ཆ་རེ་རེ་ཡང་རྣམ་དག་གི་ཡོན་ཏན་ཐམས་ཅད་པར་སྒྲུབ་པའི་ཆེད་དུ་ལྷ་དེ་དག་རེ་རེ་ཞིང་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཚང་བར་སྒོམ་པ་དང༌། དེ་ལྟར་དག་པ་གཅིག་ཀྱང་དག་པ་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་བའི་ཚུལ་དེའང་རྟོག་ཚོགས་ཐམས་ཅད་མི་ཤིགས་པའི་སྲོག་དང་ལྡན་པ་རྒྱུ་མཚན་དུ་བཟུང་བའི་སྟེང་ནས་སྒོམ་པའི་ཆེད་དུ་ལུས་ལ་བཀོད་པའི་ལྷ་ཐམས་ཅད་སོ་སོར་ཡེ་ཤེས་སེམས་དཔའ་དང་ལྡན་པར་དམིགས་པ་སོགས་ཡིན་པས། ལྷ་རྟོག་དབྱེར་མེད་དུ་ཤེས་པ་ནི་བསྐྱེད་རྫོགས་ཀྱི་ལམ་གནད་གཅེས་ཤོས་ཤིག་ཏུ་སྣང་ངོ༌།།དེ་དག་སྒོམ་པའི་རྗེས་ཐོབ་ཀྱི་སྐབས་རྣམས་སུའང་མཉམ་བཞག་གི་རྣལ་འབྱོར་གང་ཡིན་དེས་སྣང་སྤྱོད་ཐམས་ཅད་རྒྱས་བཏབ་ནས་རྣལ་འབྱོར་དེ་དང་མི་མཐུན་པའི་རྣམ་རྟོག་སྡོམ་པའང་གནད་གཅིག་སྟེ་འདི་ནི་ལ་དོར་བ་སྤྱོད་པའི་ཐད་ན་གསལ་ལོ།།དེ་བཞིན་དུ་ཉིན་མོ་ཏིང་ངེ་འཛིན་གང་ལ་སློབ་པ་དེ་ཉིད་མཚན་མོའི་རྣལ་འབྱོར་དུ་འཁྱེར་ཚུལ་ཡང་རྒྱུད་འགྲེལ་ལས་སྟོང་ཆེན་གྱི་སྐབས་སུ་སད་པའི་དུས་ཀྱི་འོད་གསལ་དང་མཚན་མོའི་གཉིད་འཐུག་གི་འོད་གསལ་གཉིས་སྦྲེལ་ཏེ་ཉམས་སུ་ལེན་པ་དང༌། སྙིང་རྗེ་སྒྱུ་མའི་སྐབས་སུ་ཉིན་སྣང་དང་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མར་མཐོང་ཞེས་བྱུང་བས་རྣལ་འབྱོར་དང་པོ་གཉིས་ཀྱིས་གཉིད་དང་རྨི་ལམ་སྦྱོང་ཚུལ་གསལ་བར་བསྟན་ཅིང༌། ཚུལ་དེས་རྨི་ལམ་གྱི་སྙིང་རྗེ་སྒྱུ་མ་ཕྱག་རྒྱ་གཅིག་སྤྲོས་སུ་བསྒྱུར་ནས་སྒོམ་པའང་གོ་ནུས་ལ། སྔར་ལམ་རིམ་དྲངས་པར། འཆི་བ་དོན་དམ་བདེན་པ་སྟེ། །སོགས་ཀྱིས་འཆི་བ་དང་སྟོང་ཆེན་བསྲེ་བ་དང༌། བར་དོ་སྙིང་རྗེ་སྒྱུ་མ་དང་བསྲེ་བ་སོགས་ཀྱང་ལེགས་པར་ཐོན་པས་བསྲེ་བའི་མན་ངག་ཅེས་པའི་མིང་མ་བཏགས་ཀྱང་དོན་ཚང་བ་ཡིན་ནོ།།འོན་ཀྱང་འདིར་རྨི་ལམ་དང་བར་དོའི་ཕྱག་རྒྱ་གཅིག་སྤྲོས་སད་པ་དང་སྐྱེ་བ་སྦྱོང་བྱེད་ཀྱང་ཡིན་པས་གཞན་དང་མི་འདྲའོ། །དེའང་ལྟ་བའི་སྐབས་སུ་གཏན་ཚིགས་རྣམས་ལ་བརྟེན་ནས་སེམས་དང་ཡེ་ཤེས་ཐུན་མོང་གི་སྣང་བ་རགས་པ་རྣམས་ལ་ཡེ་ཤེས་ཀྱི་རང་སྣང་ཁོ་ནའི་ཕྱོགས་བཟུང་སྟེ་བལྟས་པས་གྲུབ་མཐའ་འོད་གསལ་མངོན་སུམ་དུ་སད་པ་ནི་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་དངོས་སུ་སྐུལ་བའི་སྒོ་དང་པོ་ཡིན་ཏེ། འདིར་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་ནི་སྟོང་གཟུགས་ལ་བྱའོ།།དེ་འདྲའི་སྣང་བ་དེ་ཏིང་ངེ་འཛིན་དང་པོར་མཐོང་ནས། གཉིས་པར་ཇི་ལྟར་མཐོང་བ་དེ་ལ་དབང་སྒྱུར་བསྒྲུབ། གསུམ་པ་ནས་ལྷ་སྐུར་བསྒྱུར་ཏེ་རྩལ་སྦྱངས་པས་གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་སྟེང་ན་ཤིན་ཏུ་ཕྲ་བའི་སྣང་བ་རྣམ་པ་ཐམས་ཅད་པ་སྤྲོ་བའི་ནུས་པ་ཡོད་པ་དེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་ནས་གསལ་བར་སད་ཅིང༌། གཞིའི་ཡོན་ཏན་དང་ཤེས་འཇུག་གི་ལམ་མ་བུ་འཕྲོད་དེ་གཅིག་གྲོགས་གཅིག་གིས་བྱས་ནས་ཡེ་ཤེས་རང་སྣང་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དངོས་གནས་པ་འགྲུབ་པའི་ནུས་པ་བདེ་བླག་ཏུ་རྫོགས་པར་འགྱུར་བ་ནི་སྒྱུ་འཕྲུལ་དྲྭ་བའི་ལམ་གནད་ཆེན་པོ་སྟེ། ཐབས་གྲོལ་གཉིས་ཀའི་སྐབས་སུ་རྟོགས་དཀའི་མདུད་པ་འདི་ལས་འགྲོལ་དཀའ་བ་མེད་པས་རྩལ་ཅི་ཡོད་ཕྱུང་ནས་སེམས་པ་གཅེས་སོ།།རྒྱ་སྤྲོས་མཐར་ཕྱིན་ནས་རྣལ་འབྱོར་པའི་འབྱོར་པ་དང་དབང་པོའི་རིམ་པ་བཞིན་དུ་འདུས་པ་ཆེ་འབྲིང་ཆུང་ངུ་ཅི་རིགས་ཀྱི་ཚོགས་སྒྲུབ་བམ་ཡང་ན་སྟོང་གཟུགས་ཀྱི་ལྷ་མོ་འབའ་ཞིག་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བསྒྲུབས་ཏེ་ཟག་མེད་ཀྱི་ལམ་ལ་སྦྱོར་བ་ནི་ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་དང་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཚོགས་སྒྲུབ་ཀྱི་སྐབས་སུའང་རྒྱ་སྤྲོས་ཀྱི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་ཡོད་མོད་ཀྱི། ཏིང་ངེ་འཛིན་ལྔར་ཕྱེ་བའི་བཞི་པ་ནི་མ་ཡིན་ཞིང༌། དེས་སྟོང་ཆེན་སོགས་གཞན་ལའང་ཤེས་པར་བྱའོ།།ལེའུ་དགུ་པ་རྩ་འགྲེལ་གྱི་ཚིག་ཟིན་ལ་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་འབྱུང་བ་ནི་རྫོགས་རིམ་གྱི་ཚོགས་སྒྲུབ་འདི་ཉིད་ཀྱི་དབང་དུ་མཛད་པ་ཡིན་ནོ། །དེར་ཚོགས་སྒྲུབ་ཀྱི་དུས་སུ་ལྷ་ཚོམ་བུ་གཅིག་པ་དང་གསུམ་པ་སོགས་གང་བསྒོམ་གྱི་ཁྱད་པར་ལས་འབྲས་བུ་དམན་མཆོག་གི་ཁྱད་འཇུག་པར་བཤད་པ་ནི་རྒྱ་གཅིག་དང་ཚོགས་སྒྲུབ་ཀྱི་བར་དུ་སྤྲོས་བཅས་བོར་བའི་ཐོད་རྒལ་བ་ཡོད་པར་བཤད་པས་དེ་ལྟ་བུ་ལ་སྦྱར་དགོས་སམ་དཔྱད་དོ།།ཤེས་འཇུག་གི་མཚན་ཉིད་དེ་དག་ལ་ཚོགས་སྦྱོར་གྱི་ལམ་གཉིས་ཀྱི་རྣམ་གཞག་བྱ་བའི་ཚུལ་ནི། སྡོམ་ཊཱིཀ་སྙེ་མར་བསྐྱེད་རིམ་པའི་ཚོགས་སྒྲུབ་ཀྱིས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པའི་བར་རྣམས་ཚོགས་ལམ་དང༌། རྫོགས་རིམ་ལ་ཞུགས་པ་ནས་སྦྱོར་ལམ་དུ་འཇོག་པར་བཤད་པ་སྔར་བརྗོད་པའི་རིམ་གཉིས་ལ་སློབ་ཚུལ་ཕྱི་མ་དང་འགྲིགས་ཤིང༌། ཡོངས་གྲགས་ཀྱི་བཤད་སྒྲོས་དང་ཡང་མཐུན་པས་བཟུང་བདེ་མོད། བསྐྱེད་རྫོགས་སྦྲག་ནས་སྒོམ་པའི་ཕྱོགས་ལ་རྣམ་གཞག་གཞན་དགོས་པས་སྒྱུ་འཕྲུལ་རང་གི་བཤད་སྒྲོས་སུ། ཚོགས་ལམ་གྱི་རྣལ་འབྱོར་བཞི་དང༌། སྦྱོར་ལམ་ཚོགས་སྒྲུབ་ཅེས་གྲགས་ཆེ་བ་ལྟར་དགོས་སོ།།སྔགས་བླ་མེད་ཀྱི་ཚོགས་ལམ་ལ་བསྒོམ་སྟོབས་ཀྱི་རླུང་སེམས་དབུ་མར་ཚུད་པ་ལས་བྱུང་བའི་རྫོགས་རིམ་གྱི་རྣལ་འབྱོར་དུ་མ་ཞིག་ཡོད་པར་ཡིད་བཞིན་མཛོད་རྩ་འགྲེལ་སོགས་མང་པོ་ལས་ཆེས་གསལ་བར་གསུངས་པའང་ཕྱོགས་འདི་ལ་འཐད་དོ།།དེའང་ཇི་སྲིད་བཅོས་ཤིང་བརྟགས་པའི་རྣལ་འབྱོར་ལ་ལྟོས་པ་དེ་སྲིད་དུ་ཚོགས་ལམ་པ་ཡིན་ལ། རང་བཞིན་གྲུབ་པའི་རྣལ་འབྱོར་རམ་མ་བཅོས་པའི་རྣལ་འབྱོར་འབའ་ཞིག་ཏུ་སོང་བ་ན་སྦྱོར་ལམ་པར་འཇོག་སྟེ། ཚོགས་ལམ་དུ་འཇོག་པ་བཅོས་མའི་རྣལ་འབྱོར་གྱི་ཆ་ནས་ཡིན་ཡང༌། ཚོགས་ལམ་པའི་རྒྱུད་ཀྱི་མ་བཅོས་པའི་རྣལ་འབྱོར་རྣམས་ཚོགས་ལམ་དུ་འཇོག་པ་མི་འགལ་ལོ།།འདིས་རྫོགས་རིམ་ལ་དང་པོར་འཇུག་པའི་སྔོན་དུ་བསྐྱེད་རིམ་མཐར་ཕྱིན་པ་མ་སོང་བའི་གནད་ཀྱིས་རྫོགས་རིམ་པའི་རྒྱ་སྤྲོས་གྲུབ་པའི་འོག་ཏུའང་བསྐྱེད་རིམ་ལ་བརྟེན་ནས་སྤྲོ་བསྡུའི་རྩལ་སྦྱང་དགོས་པས་རྣལ་འབྱོར་སྔ་མ་བཞི་ཀ་ཚོགས་ལམ་དུ་འཇོག་པའི་རྒྱུ་མཚན་དེ་ཡིན་ནོ། །རྒྱ་སྤྲོས་ལས་བསམ་ཡས་ལྷུན་གྲུབ་སྤྲོ་བའི་ཐད་འདིར་ཞིབ་ཆ་ཅུང་ཟད་དགོས་སོ།།དེ་ལྟར་བྱས་ན་བསྐྱེད་རྫོགས་སྦྲག་མའི་ལུགས་འདིར་སོ་སྐྱེའི་སའི་རྫོགས་རིམ་གྱི་ཡོན་ཏན་ཕལ་ཆེར་ཚོགས་ལམ་ཉིད་དུ་རྫོགས་པར་འདོད་དགོས་ཤིང༌། སྦྱོར་ལམ་ལ་དྲོད་སོགས་བཞིའི་དབྱེ་བ་བྱས་པའང་མ་མཐོང་བས་བླ་མེད་ཀྱི་རྒྱུད་སྡེའི་ལམ་གྱི་འགྲོས་གཞན་དང་མི་འདྲ་བ་ཆེས་ཆེ་བ་ཞིག་འོང་བར་གོ་སྟེ། ད་དུང་མཁས་པ་རྣམས་ཀྱིས་ཞིབ་ཏུ་བརྟག་དཔྱད་མཛད་པར་ཞུའོ། །རྒྱ་གཅིག་མན་ཆད་ཚོགས་ལམ་དང༌། སྤྲོས་བཅས་ནས་སྦྱོར་ལམ་དང་ལོ་ཚོད་བསྟུན་པར་འདོད་པ་སོགས་ཀྱང་ཡོད་དེ་འདིར་མ་བརྗོད་དོ།།

གསུམ་པ་ལམ་གྱུར་གྱི་འབྲས་བུ་ནི། ལམ་དང་གང་ཟག་གཉིས་ལས། ལམ་ལ་མཐོང་སྒོམ་མཐར་ལམ་གསུམ་དང༌། དེ་རྒྱུད་ལྡན་གྱི་གང་ཟག་ལ། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པ་ལྟར་རིག་འཛིན་རྣམ་པ་བཞིའོ།།

རིག་འཛིན་བཞིའི་སྐོར།

དང་པོ་རྣམ་སྨིན་རིག་འཛིན་ནི།རྣམ་སྨིན་གྱི་ལུས་རྟེན་རགས་པ་དང་མ་བྲལ་བར། སེམས་ཡིད་དམ་གྱི་ལྷ་སྐུར་སྨིན་པ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་རིག་འཛིན་ལ་སྦྱོར་ངེས་པ་སྟེ་ཆོས་གསུམ་ལྡན་གྱི་མཐོང་ལམ་པའོ། །དེ་ཐོབ་པ་ན་མངོན་ཤེས་ལ་བརྟེན་ནས་གླིང་བཞིའི་འཇིག་རྟེན་ཙམ་དུ་འགྲོ་བའི་དོན་སྤྱོད་ནུས་པ་སོགས་ཡོན་ཏན་གཞན་མང་པོ་ཡང་ཐོབ་བོ། །འདི་ལ་རྣམ་སྨིན་གྱི་ལུས་རྒྱས་བཅིང་བའི་ཆ་ནས་དང༌། སེམས་ལྷ་སྐུར་རྣམ་པར་སྨིན་པའི་ཆ་ནས་རྣམ་སྨིན་རིག་འཛིན་ཞེས་སྒྲ་བཤད་ཚུལ་གཉིས་ཡོད་གསུངས་སོ།། ཚེ་དབང་རིག་འཛིན་ནི། ལུས་ཟག་མེད་དུ་གྱུར་པ། འཁོར་སྒྱུར་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་ཅན་གྱི་མཐོང་ལམ་པ་སྟེ། རྫོགས་རིམ་གྱི་ལག་རྗེས་སུ་གྱུར་པའི་དབང་ཤེས་ཉི་ཤུ་རྩ་ལྔ་དང༌། སྤྱིར་གྲགས་པའི་མངོན་ཤེས་དྲུག་གི་གླིང་བཞི་བྱེ་བ་ཕྲག་བརྒྱར་སེམས་ཅན་གྱི་དོན་བྱེད་པའོ།།འདིར་ཟག་མེད་ཅེས་པའི་ཟག་པ་ནི་བཞི་སྟེ། ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་འདོགས་ཉོན་མོངས་པའི་དང༌། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་དང༌། ཁམས་བདེ་མི་བདེ་རང་དབང་མེད་པར་འབྱུང་བའི་ཁམས་ཀྱི་དང༌། ལས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པ་སྟེ་དང་པོ་རྩ་བ་དང་ལྷག་མ་གསུམ་ཡན་ལག་གོ །དེ་ལ་རིག་འཛིན་དེ་གཉིས་ཀའང་དོན་གྱི་འོད་གསལ་མཚན་ཉིད་པ་ཐོབ་པ་དང༌། རྩ་བའི་ཟག་པ་ཟད་པའི་སྤངས་རྟོགས་ཀྱི་ཆ་ལ་ཁྱད་མེད་ཀྱང་དབང་པོ་རྣོ་རྟུལ་གྱི་དབང་གིས་རགས་ལུས་ཡེ་ཤེས་ཀྱི་མེས་སྦྱང་ནུས་མ་ནུས་སམ་ཡན་ལག་གི་ཟག་པ་གསུམ་ཟད་མ་ཟད་ཀྱི་ཁྱད་པར་ལས་ཕྱེ་བར་ལམ་ཆུང་ལས།ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པ་དྲང་ནས་བཤད་དོ། །དེས་ན་གང་ཟག་གཅིག་གིས་རིག་འཛིན་འདི་གཉིས་ཀ་བགྲོད་པ་ནི་མི་སྲིད་དེ། མཐོང་ལམ་ལན་གཉིས་སུ་འཐོབ་པ་མེད་པའི་ཕྱིར་རོ།།

ཕྱག་ཆེན་རིག་འཛིན་ནི། རྩ་བའི་ལུས་རྟེན་ཡི་དམ་གྱི་ལྷའི་རྣམ་པ་ཅན་མཚན་དཔེས་བརྒྱན་པ་དང༌། སྤྲུལ་པའི་ལུས་རྔོན་པ་དང་སྨད་འཚོང་སོགས་སྣ་ཚོགས་པའི་གཟུགས་སུ་སྟོན་ཅིང༌། ཚེ་དབང་ལས་ཀྱང་གསལ་བརྟན་དག་གསུམ་གྱིས་ཁྱད་པར་འཕགས་པའི་མངོན་ཤེས་ཀྱིས་ལོངས་སྐུའི་ཞིང་དང་མཉམ་པར་འགྲོ་བའི་དོན་བྱེད་པ་སྟེ། འདི་ལ་སྒོམ་ལམ་ས་དགུའི་དབྱེ་བས་དེ་སྙེད་དང༌། དགུ་པོ་དེ་ལ་རིགས་ལྔའི་གནས་སྐབས་ཀྱི་ལྔར་མཛད་པའང་ཡོད་དོ།།

ལྷུན་གྲུབ་རིག་འཛིན་ནི། མཐར་ལམ་པ་ཞེས་ས་བཅུ་པའི་ཁྱད་པར་ལམ་ལ་གནས་པ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་རྗེས་སུ་མཐུན་པའི་ལུས་ཅན། རྟོགས་པ་དང་ཕྲིན་ལས་ཀྱང་སངས་རྒྱས་ཉིད་དང་ཕྱོགས་མཚུངས་པའོ། །རིག་འཛིན་ཕྱི་མ་གཉིས་སུ་ལྷན་ཅིག་གནས་པ་དང་བག་ལ་ཉལ་གྱི་དྲི་མ་ཕྲ་མོ་སྤོང་བར་གསུངས་པའི་དྲི་མ་རྣམས་ནི་ཤེས་སྒྲིབ་ཁོ་ན་ཡིན་ཏེ། ཉོན་སྒྲིབ་ཀུན་བཏགས་ལྷན་སྐྱེས་མ་ཕྱེ་བར་མཐོང་ལམ་ནས་སྤོང་བར་བཤད་པའི་ཕྱིར་རོ། །སློབ་ལམ་དུ་རིག་འཛིན་གཅིག་ལས་མ་བགྲོད་པར་སངས་རྒྱས་ཐོབ་པ་སོགས་ཀྱང་ཡོད་དེ། ཤིན་ཏུ་བློ་ཆེ་བ་འགའ་ཞིག་ཚེ་དབང་ནས་རྒྱ་ཆེན་དང་ལྷུན་གྲུབ་གཉིས་བོར་ནས་དང༌། རྒྱ་ཆེན་ཙམ་བོར་ནས་དང༌། རྒྱ་ཆེན་ནས་ལྷུན་གྲུབ་བོར་ཏེ་འཚང་རྒྱ་བའི་ཐོད་རྒལ་བ་བཤད་པའི་ཕྱིར་རོ།།དེ་དག་གི་དཀའ་བའི་གནས་ལ་དཔྱོད་པའི་སྒོ་ཅུང་ཟད་བཏོད་ན། འདི་དང་དུས་འཁོར་བའི་ལུགས་གཉིས་ལ་སྤྱིར་མི་འདྲ་བའི་ཁྱད་པར་ཆེ་ཡང་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་པ་དང༌། དེས་ཕུང་ཁམས་རགས་པ་སྦྱོང་10ཚུལ་ལ་དགོངས་པ་མཐུན་པར་རྒྱལ་བ་གཡུང་སོགས་བཞེད་ལ། དེ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའང་བཞེད་དེ། སྒྱུ་འཕྲུལ་རྡོ་རྗེ་ལས།ས་དང་ས་ཡི་ཡོན་ཏན་རྣམས། །རྩ་རྣམས་ཀྱི་ནི་སྐྱེ་འབྲི་ལས།།རླུང་དང་བདེ་ཆེན་ལས་འདོད་དེ། །སྦྱང་གཞི་སྦྱོང་བྱེད་འཕེལ་དང་འགྲིབ།།སྲིད་དང་མྱ་ངན་འདས་འཕེལ་འགྲིབ། །རྣམ་བཞིའམ་གསུམ་མམ་ལྔ་འཁོར་ལོ།།གཉིས་གཉིས་ཀྱི་ནི་གཅིག་མ་རྫོགས། །ས་བཅུ་ཐ་མས་ཡེ་ཤེས་ས།།བཞི་པས་སྟེང་དང་འོག་ཏུ་གྲགས། །ཞེས་གསུངས་པ་ལ་བརྟེན་ནས་ཡིད་བཞིན་མཛོད་ཀྱི།འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ།།ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ།།དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས།།ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་པ་རྩ་འགྲེལ་དུ་འབྱུང་བ་རྣམས་འགྱུར་མེད་ཀྱི་བདེ་བས་རགས་ལུས་ཟ་ཚུལ་བཤད་པ་རྣམས་དང་རགས་བཤད་ཞིབ་བཤད་ཀྱི་ཁྱད་པར་མ་གཏོགས་དགོངས་པ་གཅིག་ཅེས་མཁས་གྲུབ་གོང་མ་འགས་གསུངས་སོ།།དེ་ལྟར་བྱས་ན་འདིར་འགྱུར་ཏེ། ཕྱག་རྒྱ་གཅིག་སྤྲོས་སུ་སྟོང་གཟུགས་ཀྱི་སྐུ་ཐོབ་ནས་དེ་འདྲ་བའི་ཕྱག་རྒྱའི་སྟོབས་ཀྱིས་བདེ་ཆེན་འདྲེན་པའི་ཆེད་དུ་ཚོགས་སྤྱོད་བྱེད་པ་ཡིན་ཞིང༌། ནམ་མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོ་ཐོབ་པ་ནས་ལུས་ཀྱི་བེམ་པོའི་ཆ་དག་པའི་མགོ་རྩོམ་པ་ཡིན་པས་རགས་ལུས་དྭངས་མར་སོང་བའི་ཚེ་དབང་རིག་འཛིན་དུ་འཇོག་ཆོག་གོ །དབང་རྟུལ་ནི་ཕྱག་རྒྱ་ཆེན་པོ་གྲུབ་ནས་དེ་ལ་ཚོགས་ཀྱི་སྤྱོད་པས་རྗེས་ཆགས་བརྩམས་ཀྱང་མཆོག་བདེ་འདྲེན་མི་ནུས་པས་འཕགས་ལམ་ཐོབ་ཀྱང་སྙིགས་མའི་ལུས་དག་མ་དག་གཉིས་སུ་བྱུང་བར་འདོད་དགོས་སོ། །འདི་པས་མི་འགྱུར་བའི་བདེ་བ་ཐོབ་ནས་ཚེ་དེ་ལ་འཚང་རྒྱ་བས་ཁྱབ་ཀྱང༌། སྟོང་གཟུགས་ཀྱི་སྐུ་མཚན་ཉིད་པ་ཐོབ་པ་ཙམ་ལ་དེ་འདྲའི་ངེས་པ་མེད་པར་བཞེད་དེ། རྣམ་སྨིན་རིག་འཛིན་གྱི་བཤད་པས་ཤེས་སོ།།རྣམ་སྨིན་པས་བར་དོར་རྒྱ་ཆེན་འགྲུབ་ལུགས་ནི། དེའི་འཆི་དུས་ཀྱི་ཤིན་ཏུ་ཕྲ་བའི་རླུང་དེ་དོན་གྱི་འོད་གསལ་མཚན་ཉིད་པས་གསེར་སྦྱང་ལྟར་དག་ཅིང་དྲི་མེད་ཀྱི་ཁམས་སུ་སྦྱངས་པ་དང༌། སྔར་ནས་སྙིང་རྗེ་སྒྱུ་མ་སོགས་ཀྱིས་རྨི་ལམ་དང་སྲིད་པ་བར་དོའི་སྣང་ཞེན་སྐུ་དང་ཡེ་ཤེས་སུ་སྦྱངས་སྟོབས་ཀྱིས་ཐོབ་པའི་སྟོང་གཟུགས་ཀྱི་སྐུ་ལ་གསལ་བརྟན་རྫོགས་པའི་རྟེན་འབྲེལ་གྱི་འོད་གསལ་ལས་ལྡང་བ་ན་ཟུང་འཇུག་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པར་བཞེངས་པ་ལ་ཚེགས་མེད་པར་མངོན་ཏེ། ཚེ་དབང་ལས་རྒྱ་ཆེན་དུ་འཕོས་ཚེ་རགས་ལུས་ལྷའི་སྐུར་འགྲུབ་པ་ལའང་སྒྲུབ་ཚུལ་ཟུར་པ་མེད་དོ། །ཚེ་དབང་དང་དེས་ཐོབ་པའི་རྒྱ་ཆེན་ལྟ་བུར་སྟོང་གཟུགས་སྐུ་ཡང་གསལ་བརྟན་དག་གསུམ་ཕུལ་དུ་བྱུང་བ་ཡོད་མོད་ཀྱི། སྟོང་གཟུགས་མཉམ་བཞག་ཁོ་ན་དང་འབྲེལ་བས་སྟོང་གཟུགས་ཀྱི་རྟེན་ལ་འཚང་རྒྱ་ཞེས་མི་བྱའི། བར་དོའི་རྒྱ་ཆེན་ཐོབ་ན་སྒྱུ་ལུས་ཀྱི་རྟེན་དང༌། ཚེ་འདིར་ཐོབ་ན་རགས་ལུས་དྭངས་མར་གྱུར་པའི་རྟེན་ལ་འཚང་རྒྱ་ཞེས་བྱའོ།།སྒོམ་ལམ་བར་ནས་བོར་ཏེ་མཐོང་ལམ་ནས་མི་སློབ་ལམ་དུ་འགྲོ་བའི་ལམ་ཐོད་རྒལ་བ་ནི་འདིར་ཡང་མི་འདོད་ཀྱི། ཕྱག་ཆེན་དང་ལྷུན་གྲུབ་བོར་ཏེ་ཚེ་དབང་ནས་འཚང་རྒྱ་བ་ཡོད་པར་བཤད་པ་སོགས་ནི་རྡོ་རྗེའི་ལུས་ཐ་མལ་པའི་ཆ་བྱད་ཅན་སོགས་རིག་འཛིན་གྱི་ལུས་རྟེན་མི་འདྲ་བ་གསུམ་གྱི་སྟེང་ནས་ཐོད་རྒལ་བརྩིས་ཏེ། ཤིན་ཏུ་དབང་རྣོ་ཁ་ཅིག་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་མ་ཐམས་ཅད་དཀྱུས་ཐོག་གཅིག་ལ་རྫོགས་པ་ལྟ་བུར་འདོད་དམ་གང་ཡིན་དཔྱད་པར་བྱའོ།།

ཞར་བྱུང་ཀུན་མཁྱེན་ཆོས་རྗེའི་བཞེད་པའང་བསྟན་པར་བྱ་སྟེ། རྣམ་སྨིན་རིག་འཛིན་ནི་སེམས་ཡི་དམ་གྱི་ཕྱག་རྒྱར་སྨིན་པའི་མོས་སྤྱོད་པ་དང༌། ཚེ་དབང་མཐོང་ལམ་པ། རྒྱ་ཆེན་ཙམ་ནི་འཕགས་ལམ་གྱི་རྟོགས་པ་དང་པོར་ཐོབ་པ་ནས་དང༌། ཁྱད་པར་སྒོམ་ལམ་པ། ལྷུན་གྲུབ་མི་སློབ་ལམ་པ་སྟེ་སེམས་ཀྱི་རྟོགས་པ་ལ་ལྟོས་ནས་བཞག་པ་དང༌། རྣམ་སྨིན་གྱི་ལུས་རྟེན་ཁྱད་པར་ཅན་སོགས་རིག་འཛིན་གྱི་ལུས་ལ་ལྟོས་ནས་འཇོག་པའི་ཚུལ་གཉིས་ཏེ། ཚེ་རྒྱ་གཉིས་ལུས་དྭངས་མར་གྱུར་པ་དང༌། སེམས་འཕགས་ལམ་ཐོབ་པའི་ཆ་ནས་རིམ་བཞིན་འཇོག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་པ་དང༌། གཉིས་པ་ཚེ་དབང༌། གསུམ་པ་ཕྱག་ཆེན་ཞེས་པ་མི་འགལ་ཚུལ་ཡང་དེའི་སྟེང་ནས་གོ་སླའོ།། རྣམ་སྨིན་པ་ལ་འདིར་ཆོས་མཆོག་ཐོབ་ནས་ཚེ་དབང་ལ་སྦྱོར་བ་དང༌། ཆོས་མཆོག་མ་ཐོབ་པར་ཤི་ནས་བར་དོར་ཕྱག་ཆེན་གྱི་སྐུ་འཐོབ་པ་གཉིས་ཏེ། སྔ་མས་རིག་འཛིན་བཞི་ཀ་འཐོབ་ཅིང༌། ཕྱི་མ་ལ་གསུམ་ལས་མི་འཐོབ་བོ།།དེ་ལྟར་གཉིས་ཡོད་པ་བཞིན་དུ་དེ་དག་གིས་ཐོབ་པའི་མཐོང་ལམ་གཉིས་ཀྱང་ཁྱད་ཆེ་བས། ནུས་པ་ཐོབ་དང་མ་ཐོབ་པའི། །སོགས་ཀྱི་ལུང་དོན་ཡང་གནས་སོ། །ཕྱི་མ་འདིས་ཐོབ་པའི་མཐོང་ལམ་ནི་སེམས་ལ་ལྟོས་ཏེ་རྒྱ་ཆེན་རིག་འཛིན་དུ་རུང་ཡང་ལུས་ལ་ལྟོས་ཏེ་རིག་འཛིན་བཞིའི་གང་ཡང་མིན་ནོ།།ཆོས་མཆོག་མ་ཐོབ་པར་ཤི་ན་བར་དོར་རྒྱ་ཆེན་འགྲུབ་པའི་རྣམ་སྨིན་པ་ནི་རྫོགས་རིམ་གྱི་རྟོགས་པ་ཆེར་བྱང་བ་དགོས་ཀྱི། བསྐྱེད་རིམ་བརྟན་པ་ཙམ་མིན་པར་སེམས་ཏེ། རྣམ་སྨིན་རིག་འཛིན་ལ་མཐོང་ལམ་པའི་སྒྲ་སྦྱོར་བའང་རྫོགས་རིམ་གྱི་ལྷག་མཐོང་རྙེད་པ་ཡན་ཆད་ཅིག་ལས་གཞན་ལ་འགྲིགས་དཀའ་བས། བསྐྱེད་རིམ་པའི་རྣམ་སྨིན་འཇོག་ན་ཕལ་པ་ཙམ་དུ་འདོད་པར་བྱའོ། །ལམ་རིམ་ལས།ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ།།རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོགས་བཤད་པ་རྣམས་ཀྱིས་ཀྱང་རྣམ་སྨིན་རིག་འཛིན་ཤི་ནས་བར་དོར་ཕྱག་ཆེན་ལ་སྦྱོར་བ་ཞིག་སྟོན་ཡང༌། རྣམ་སྨིན་རིག་འཛིན་ཡིན་ན་མ་ཤི་བར་དུ་ཕྱག་ཆེན་མི་འགྲུབ་པས་ཁྱབ་ཅེས་བསྟན་པར་མི་བཞེད་དོ།།ཚེ་འདིར་ཆོས་མཆོག་ཐོབ་མ་ཐོབ་ཅེས་པ་ནི་ཚོགས་སྤྱོད་བྱས་མ་བྱས་ལ་རིག་འཛིན་འཇིགས་མེད་གླིང་པ་བཞེད་དོ། །ཆོས་མཆོག་ནས་ཚེ་དབང་རིག་འཛིན་ལ་སྦྱོར་ཚུལ་མི་འགྱུར་བའི་བདེ་བའི་སྟེང་ནས་འགྲོ་བ་ཀུན་མཁྱེན་གྱི་བཞེད་པར་ཡང་གནས་པ་ནི་སྔར་བཤད་ཟིན་ལ། མི་འགྱུར་བའི་བདེ་བའི་མ་མཐའི་མཚམས་ལ་མོས་སྤྱོད་མཐོན་པོ་ནས་འཇོག་པ་སོགས་བཞེད་པ་མི་འདྲ་བ་ཡོད་ཀྱང༌། བདེ་བ་དེའི་སྐད་ཅིག་དང་པོ་ཐོབ་པ་དང་འཕགས་ལམ་གྱི་དང་པོ་བརྙེས་པ་དུས་མཉམ་པའི་ཕྱོགས་དེ་ཀུན་མཁྱེན་གྱི་དགོངས་པར་གནས་ཏེ། དེའི་རྒྱུ་མཚན་དང་ལུགས་འདི་ཁོ་ན་བཞིན་དུ་མ་བྱས་ན་ལུང་རིགས་ཀྱི་གནོད་བྱེད་ཡོད་ཚུལ་སོགས་མ་སྤྲོས་ལ། ངེས་དོན་ཤིང་རྟ་ཆེན་པོ་སོགས་ལས་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་རྣམས་ཀྱིས་དྷཱུ་ཏིའི་རྩ་མདུད་འཇིག་པར་བཤད་པའི་དོན་ནི་རྩ་མདུད་དང་དེ་འཇོག་ཚུལ་གཞན་ནས་བཤད་པ་དང་མི་འདྲ་བར་རྩ་འོད་དུ་དེངས་པ་ལ་བྱེད་དེ། དེའི་ཚུལ་ཡང་མ་སྤྲོས་སོ།།སྤྱིར་སྒྱུ་འཕྲུལ་མཁན་པོ་སྔ་རབས་པ་ཁ་ཅིག་རྣམ་སྨིན་རིག་འཛིན་ལུས་འདི་དང་བྲལ་ནས་ཕྱག་ཆེན་རིག་འཛིན་དུ་མ་སླེབས་པའི་སྐད་ཅིག་དེ་ལ་འཇོག་པར་འདོད། དེ་ལ་ཉེ་སྟོན་ཆོས་སེང་གིས། མི་འདོར་འགོད་པ་གཞན་གྱིའོ། །ཞེས་པའི་ལུང་དང་འགལ་བ་ལ་སོགས་པའི་སྐྱོན་བརྗོད་མཛད་ཀྱང༌། འཆི་བའི་སྔ་རོལ་དུ་མཐོང་ལམ་ཐོབ་པ་ལ་རྣམ་སྨིན་པར་འཇོག་པ་རྣམས་ལས་འདི་ཉིད་ཟུར་ལུགས་གཞིར་བཞག་ལའང་བཟང་བར་སེམས་ཏེ། སྔ་མ་ལྟར་ན།11 དེ་འདྲའི་རྣམ་སྨིན་པ་དེས་སླར་མི་འགྱུར་བའི་བདེ་བ་ཐོབ་ནས་རྒྱ་ཆེན་ཚེ་འདིར་འགྲུབ་པའང་མེད་པར་སྒྲུབ་མི་ནུས་ལ། དེ་ཡོད་ན་ནི་རགས་ལུས་འདི་རྒྱ་ཆེན་དུ་འཁྱེར་བ་མེད་པས་རྣམ་སྨིན་དང་དེས་ཐོབ་པའི་རྒྱ་ཆེན་སོགས་ལྷག་མེད་མྱང་འདས་དང༌། ཚེ་དབང་དང་དེས་ཐོབ་པའི་རྒྱ་ཆེན་སོགས་དེ་ལས་ལྡོག་པས་ལྷག་བཅས་མྱང་འདས་སུ་ཟུར་ལུགས་པ་རང་གིས་བཤད་པ་དང་འགལ་ཞིང༌། སྟོང་གཟུགས་ཡེ་ཤེས་ཀྱི་སྐུ་སྔོན་ནས་གྲུབ་ཅིང་དོན་གྱི་འོད་གསལ་ཐོབ་ནས་ཉོན་སྒྲིབ་ཟད་པར་སྤངས་པའི་འཕགས་པ་ལས་ཀྱིས་འཆི་བའི་གཞན་དབང་དུ་འགྲོ་བ་སོགས་ཀྱང་ཁས་ལེན་བཟང་བར་མ་མཐོང་ལ།ལུགས་ཕྱི་མ་འདི་ལྟར་ན།12 སྦྱོར་ལམ་ཚོགས་སྒྲུབ་པ་ལ་ཕྱག་རྒྱ་ཆེན་པོའི་སྟོབས་ཀྱིས་མི་འགྱུར་བའི་བདེ་བ་གྲུབ་ནས་མཐོང་ལམ་པར་འགྱུར་བ་དང༌། དེ་མ་གྲུབ་ཀྱང་འཆི་བའི་སྟོབས་ཀྱིས་འཐུག་པོའི་འོད་གསལ་གཉིས་སྣང་གི་སྤྲོས་པས་མི་ཤིགས་པ་ཐོབ་སྟེ་མཐོང་ལམ་པར་འགྱུར་བ་གཉིས་ལས་སྔ་མས་ཐོབ་པའི་མཐོང་ལམ་པ་དེ་ཚེ་དབང་དང༌། གཉིས་པ་རྣམ་སྨིན་རིག་འཛིན་ཞེས་བཤད་པར་འགྱུར་ཏེ། དེ་ལྟར་བྱས་ཚེ་མཐོང་ལམ་པ་ཕྱི་མ་དེ་རྣམ་ཤེས་ལུས་ལས་བསྡུས་ཟིན་པས་ལུས་དང་བྲལ་བ་ཞེས་གོང་དུ་སྨོས་པ་ལྟར་ཡིན་ཡང་བར་དོ་ལ་མ་སླེབས་བར་དུ་རྣམ་སྨིན་གྱི་ལུས་ལ་གནས་ཤིང་ལུས་ལས་ཕྱིར་མ་ཐོན་པས་རྒྱ་ཆེན་ལ་སྒྲིབ་པའི་སྙིགས་མའི་ལུས་དང་མ་བྲལ་བ་ཞེས་ཀྱང་བརྗོད་པ་དང༌། སྔར་ནས་སེམས་ལྷ་སྐུར་སྨིན་པ་དང༌། གདོན་མི་ཟ་བར་བར་དོའི་རྟེན་ལ་རྒྱ་ཆེན་འཐོབ་པ་སྟེ་སྔར་སྨོས་པའི་ཆོས་གསུམ་ཚང་བར་ལྡན་ལ། ཟག་པ་གསུམ་མ་ཟད་པའི་དོན་ནི་ལུས་རྟེན་སྔ་མའི་འབྱུང་བ་སྙིགས་མའི་ཆ་རྣམས་མ་དག་པར་ལུས་པ་ཙམ་ལ་བྱ་ཡི། ད་དུང་ཁམས་བདེ་མི་བདེ་སོགས་དབང་མེད་དུ་འབྱུང་བ་མི་དགོས་ཏེ། རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་པར་འདོད་པ་རྣམས་ཀྱི་ལྟར་ནའང༌། དེ་སྐྱེ་གནས་ཀྱི་ཟག་པ་མ་ཟད་ཀྱང་བར་དོར་རྒྱ་ཆེན་དུ་སྦྱོར་བ་ངེས་པས་13དབང་མེད་དུ་སྐྱེ་བ་མི་ལེན་པས་ཁྱབ་པར་བཞེད་པ་བཞིན་ནོ།།འདིས་མཐོང་ལམ་བརྙེས་ཀྱང་ཐ་མལ་པའི་རྣམ་སྨིན་གྱི་ལུས་རྒྱའི་སྦུབས་ལས་མ་འཕགས་པས་སྒྲ་བཤད་ཀྱང་མི་འཇུག་གོ །ཅི་སྟེ་རྣམ་སྨིན་རིག་འཛིན་གྱི་འཇོག་ཚུལ་དེ་ལྟར་བྱེད་ན་ནི། ལམ་རིམ་ལས།ལྷ་ཡི་རྣལ་འབྱོར་གསལ་རྫོགས་སྨིན། །ལུས་ཀྱི་དྲྭ་བས་བསྒྲིབས་གྱུར་པ། །ཞེས་ལུས་ཀྱིས་བསྒྲིབས་པར་བཤད་པ་དང་འགལ་ཏེ། འཆི་བའི་འོད་གསལ་ལ་གནས་པ་ཡིན་ན་ཕུང་ཁམས་རགས་པའི་དྲྭ་བས་མ་བསྒྲིབས་པར་འདོད་རིགས་པའི་ཕྱིར་དང༌།དཔག་ཚད་གླིང་ཁམས་ཡུལ་ལ་སྤྱོད། །ཅེས་མངོན་ཤེས་ཀྱི་ཡུལ་དོན་བཤད་པས་ཀྱང་གནོད་ཅིང༌།སྨིན་པས་ཕྲིན་ལས་རྫོགས་བྱས་པས། །མི་འདོར་འགོད་པ་གཞན་གྱིའོ། །ཞེས་ཕྲིན་ལས་བཞིས་གཞན་དོན་སྤྱོད་པ་མི་འདོར་བར་བཤད་པའང་འགོག་རིགས་པར་ཐལ་ལོ་ཞེ་ན། མི་སྐྱོན་ཏེ། དང་པོ་ནི་འོད་གསལ་ལ་བསྒྲིབས་པའི་དོན་མིན་ཞིང་ཕུང་པོ་ཕྲ་རགས་ཀྱི་འབྲེལ་བ་གཏན་ཆད་པ་ན་གེགས་བྱས་པའི་དོན་དངོས་མི་གནས་ཀྱང་རྣམ་སྨིན་གྱི་ལུས་སྔ་མ་ལས་མ་ཕྱུང་བར་དུ་སྒྱུ་མའི་སྐུར་མངོན་དུ་མི་འགྱུར་བ་ལ་དེས་སྐུ་དེ་བསྒྲིབས་པར་ཐ་སྙད་བྱས་པ་ཡིན་པར།ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང༌། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས།།ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །ཞེས་དང༌།རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རག་པའི། །ཞེས་སོགས་ཀྱིས་ཤེས་ཤིང༌། གཉིས་པ་མངོན་ཤེས་ཀྱི་ནུས་པ་ཐོབ་ཚུལ་ཙམ་ལ་སྦྱར་བས་ཆོག་པ་དང༌། གསུམ་པ་སེམས་ལྷའི་སྐུར་སྨིན་པས་གཞན་ཕན་ཕྲིན་ལས་ཀྱི་ནུས་པ་ཆེར་ལྷག་པའི་སྒོ་ནས་རྣམ་སྨིན་པའི་མཉམ་བཞག་ཡེ་ཤེས་དེ་ཟབ་གསལ་གཉིས་མེད་དང་སྲིད་ཞིའི་མཐའ་གཉིས་འགོག་པའི་རྣལ་འབྱོར་དུ་འགྲོ་ལུགས་སྟོན་པ་ཙམ་ཡིན་པའི་ཕྱིར་ཏེ། ཕྱི་མ་འདི་གནད་ཤིན་ཏུ་ཆེའོ།། འདི་ལྟ་བུའི་ཚུལ་གྱིས་བཤད་ན་ཟུར་ལུགས་དང་ཀུན་མཁྱེན་ཆོས་རྗེའི་བཞེད་པ་གཉིས་ཀྱང་རྣམ་སྨིན་རིག་འཛིན་གྱི་མཚན་གཞི་ངོས་འཛིན་ལ་མི་མཐུན་པ་ཙམ་དང༌། རིག་འཛིན་འཇིགས་མེད་གླིང་པས་ཀུན་མཁྱེན་གྱི་དགོངས་པ་བླངས་པ་དང་བསྒྲིགས་ཚེ་ཕྱག་རྒྱ་གཅིག་སྤྲོས་པས་ཚེ་འདིར་ཚེ་དབང་རིག་འཛིན་མི་འཐོབ་པའི་རྒྱུ་མཚན་ཚོགས་སྤྱོད་མ་བྱས་པ་དང༌། བྱས་ཀྱང་དགོས་པ་མ་གྲུབ་པ་ལ་བཞེད་པའི་ཁྱད་པར་ཡང་ཡོད་དེ། དེ་ཙམ་མ་གཏོགས་གནད་ཀྱི་འགངས་གཅིག་པར་སྣང་ལ། ཚེ་འདིར་མཐོང་ལམ་ཐོབ་ཅིང་བར་དོར་རྒྱ་ཆེན་འགྲུབ་པའི་རྣམ་སྨིན་རིག་འཛིན་ཁས་ལེན་པ་ལྟར་ན་གནད་མི་མཐུན་པའི་ཁྱད་པར་ཆེན་པོ་ཡོད་དོ།།དེ་ལ་ཟུར་ལུགས་པ་རྣམས་ནི་རིག་འཛིན་བཞི་པོ་འདི་མཚན་ཉིད་གསུམ་ལས་འབྲས་བུའི་མཚན་ཉིད་དུ་གསུངས་པས་སོ་སྐྱེའི་སར་བཞག་ཏུ་མི་བཏུབ་པར་དགོངས་ཏེ་རྣམ་སྨིན་རིག་འཛིན་ཡང་འཕགས་ལམ་པ་ཁོ་ནར་འཇོག་གི་གཉུག་སེམས་ལྷའི་སྐུར་རྫོགས་པ་ཙམ་གྱིས་འཇོག་མི་ནུས་པར་བཞེད་ལ། ཀུན་མཁྱེན་ནི་རིག་འཛིན་གྱི་དངོས་གྲུབ་ཅེས་པ་ཕལ་ཆེར་གཙོ་བོར་ལུས་ཀྱི་དངོས་གྲུབ་ཁྱད་པར་ཅན་གྱི་སྟེང་ནས་འཇོག་པ་རྒྱུད་སྡེ་གོང་འོག་ཀུན་ཏུ་གྲགས་ཆེ་ཞིང༌། སེམས་ལྷ་སྐུར་སྨིན་པ་ཞེས་རྫོགས་རིམ་གྱི་ལྷ་སྐུ་ཐོབ་པ་ནས་རྣམ་སྨིན་གྱི་ལུས་གནས་མ་གྱུར་ཡང་མཆོག་གི་དངོས་གྲུབ་ཀྱི་ཕྱོགས་སུ་གཏོགས་པའི་རིག་འཛིན་གྱི་སྐུ་བརྙེས་པ་ཡིན་པས་རིག་འཛིན་བཞིའི་དང་པོར་འཐད་སྙམ་དུ་དགོངས་ནས་མོས་སྤྱོད་ཀྱི་སར་གནས་དང་རྣམ་སྨིན་རིག་འཛིན་གྱི་གཞི་མཐུན་ཞལ་གྱིས་བཞེས་པ་ཡིན་ཞེས་བཤད་ན་སོ་སོའི་ལུགས་ལ་ངེས་པ་ཕྲིག་ཙམ་རྙེད་པར་འགྱུར་རོ།།སེམས་ལྷ་སྐུར་སྨིན་པ་ཞེས་པའི་སྐུ་འདི་རེས་སེམས་ཀྱི་ཕྱོགས་དང༌། རེས་ལུས་ཀྱི་ཕྱོགས་སུ་བཤད་ཀྱང་འགལ་བ་མེད་པར་ཤེས་པར་བྱ་སྟེ་ཅུང་ཟད་གོ་སླའོ།།

གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་སྟེང་གི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་ལམ་གྱིས་བསལ་བས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའི་གོ་འཕང་སྟེ། ཁོག་གཞུང་ལས།གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པ་ལྟར་བླ་ན་མེད་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པས་ན་འབྲས་བུ་དང༌། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་ཅེས་བཤད་དོ།།ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ནས་ཀྱང་བྱང་ཆུབ་ཆེན་པོའི་འབྲས་བུ་རྒྱས་པར་བསྟན་མོད་དེ། དེ་དང་སྔགས་བླ་མེད་ནས་བཤད་པའི་སངས་རྒྱས་གཉིས་སྨོན་ལམ་དང་ཚོགས་གཉིས་ཀྱི་སྤྱོད་པས་བསྒྲུབས་པ་དང༌། རང་བཞིན་གཞི་རྒྱུད་ཀྱི་གནས་ཚོད་ཇི་ལྟ་བ་བཞིན་མངོན་དུ་མཛད་པའི་ཁྱད་ཆེ་ཞིང༌། གསང་སྔགས་ཐུན་མིན་གྱི་ལམ་ལ་མ་བརྟེན་པར་དེའི་ཐུན་མིན་གྱི་འབྲས་བུ་འགྲུབ་པ་མི་འཐད་པས་མཐར་ལམ་ལྷུན་གྲུབ་རིག་འཛིན་ཙམ་ལ་སངས་རྒྱས་སུ་བཏགས་པ་ཡིན་གྱི། སྔགས་ལམ་གྱི་སངས་རྒྱས་དངོས་ནི་དེའི་ཕྱི་ནས་འཐོབ་དགོས་སོ་ཞེས་དཔལ་ལྡན་ཟུར་པའི་སྲོལ་འཛིན་ཆེན་པོ་རྣམས་བཞེད་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་མདོ་ཕྱོགས་ནས་བཤད་པའི་སངས་རྒྱས་དང་རྒྱུད་འདིའི་ལྷུན་གྲུབ་རིག་འཛིན་གཅིག་པར་བཞེད་ཀྱང༌། ལྷུན་གྲུབ་མཐར་ཐུག་གི་ས་ལ་མཛད་པས་དགོངས་པ་མི་གཅིག་སྟེ། ལུགས་ཕྱི་མ་ལྟར་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་སངས་རྒྱས་མདོ་ཕྱོགས་ནས་ཀྱང་ཤིན་ཏུ་རྒྱ་ཆེར་གསུངས་ལ། དེ་ལྟར་མངོན་པར་བྱང་ཆུབ་པ་ནི་གློ་བུར་བའི་སེམས་ཀྱིས་བསྒྲུབ་གཞི་བྱས་པ་ལ་མི་སྲིད་པས་བླ་མེད་ཀྱི་ལམ་ལ་ངེས་པར་བརྟེན་དགོས་ཏེ། དེའི་ཕྱིར་ཐེག་པ་གཉིས་ཀྱི་ཐོབ་བྱའི་སངས་རྒྱས་གཅིག་ཡིན་ཡང་མདོ་ལམ་རྐྱང་པས་འཐོབ་མི་ནུས་ཞེས་པ་སྟེ། ཡི་གེས་འཇིགས་པས་རྒྱ་མ་བསྐྱེད་དོ།།

འབྲས་བུའི་ཆོས་ལ་དབྱེ་ན། སྤྱིར་གྲགས་པའི་སྟོབས་བཅུ་མི་འཇིགས་སོགས་དང༌། བླ་མེད་ཁོ་ན་ལ་གྲགས་པའི་ཁ་སྦྱོར་ཡན་ལག་བདུན་སོགས་མང་དུ་ཡོད་ཀྱང་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་བྱས་ན་འབྲས་ཆོས་ཉེར་ལྔ་སྟེ།

དང་པོ་སྐུ་ལྔ་ནི། དབྱིངས་ལ་རིག་པ་ཕྱོགས་མེད་དུ་གྲོལ་བ་ཆོས་སྐུ་དང༌། དེ་ལས་མ་གཡོས་བཞིན་དུ་བྱང་སེམས་འཕགས་པ་རྣམས་ལ་ཐེག་པ་མཆོག་གི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་སྟོན་པ་ལོངས་སྐུ། གདུལ་བྱ་དག་མ་དག་ཐུན་མོང་གི་སྣང་ངོར་བཟོ་དང་སྐྱེ་བ་མཆོག་གི་གཟུགས་སུ་སྟོན་པ་སྤྲུལ་སྐུ། དེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ། སྐུ་གསུམ་སྣང་ཆ་མ་འདྲེས་པ་མངོན་བྱང་གི་སྐུའོ།། གསུང་ལྔ་ནི། བསམ་བརྗོད་དང་བྲལ་བའི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་ཉིད་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང༌། མཐོང་བ་ཙམ་གྱིས་འཁོར་རྣམས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ལ་འཇུག་པའི་ཆ་ནས་ལོངས་སྐུའི་སྐུ་དེ་དགོངས་པ་བརྡའི་གསུང༌། སྐད་ཅིག་རེར་ཡང་གདུལ་བྱ་སོ་སོའི་སྐད་དུ་ཆོས་ཚད་མེད་པ་སྟོན་པ་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང༌། ཅི་ཙམ་གསུང་ཡང་གཞོམ་མེད་ཡེ་ཤེས་ཀྱི་རང་སྒྲ་ལས་གཞན་དུ་མི་འགྱུར་བ་དབྱེར་མེད་རྡོ་རྗེའི་གསུང༌། ཡེ་ཤེས་གཅིག་ཉིད་སྒྲ་དབྱངས་ཀྱི་རྣམ་པ་ཐམས་ཅད་དུ་འཆར་བ་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་སྟེ་ཕྱི་མ་གཉིས་པོའི་ཁྱད་ནི། དུ་མ་གཅིག་ཏུ་འདུ་བ་དང༌། གཅིག་ཉིད་དུ་མར་འཆར་བའི་ལྡོག་ཆ་ནས་སོ།།དགོངས་བརྒྱུད་ཁོ་ན་ལ་སྦྱར་ན་སྔར་སྔོན་བྱུང་དངོས་ལྔའི་ཐད་དུ་བཤད་པ་ལྟར་ཡང་རུང་མོད་དེ། ལེའུ་བདུན་པ་རྩ་འགྲེལ་གྱི་དངོས་བསྟན་ནི་བཤད་མ་ཐག་པ་ཉིད་དོ།།

ཐུགས་ལྔ་ནི། ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་ཉིད་ཡེ་ཤེས་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུ་འགྲོ་བ་འདུལ་བའི་ཐུགས། སོར་རྟོག་ཡེ་ཤེས་མི་ཕྱེད་རྡོ་རྗེའི་ཐུགས། མེ་ལོང་ཡེ་ཤེས་མངོན་བྱང་ཅིར་ཡང་གསལ་བའི་ཐུགས་སོ།།

ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང༌། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་རྣམས་སོ།།

ཕྲིན་ལས་ལྔ་ནི། ཚེ་འདི་ཕྱིའི་སྡུག་བསྔལ་རྒྱུར་བཅས་ཞི་བ་དང༌། ལེགས་ཚོགས་རྒྱས་པ་དང༌། ས་གསུམ་གྱི་གདུལ་བྱ་དབང་དུ་མཛད་པ་དང༌། ཤིན་ཏུ་གདུལ་དཀའ་རྣམས་དྲག་པོས་ཚར་བཅད་པ་དང༌། དེ་དག་ཐམས་ཅད་དུས་དང་གདུལ་བའི་དབང་བཞིན་རྩོལ་མེད་དུ་འབྱུང་བ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ།།རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཀྱི་རྣམ་གཞག་རྣམས་ཀྱང་དེ་དག་ཏུ་འདུས་སོ།།

རྒྱུད་་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ།

དོན་གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་གསང་ཆེན་རྒྱུད་སྡེའི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་སྟོན་པ་རང་ཉིད་ལམ་གང་ནས་གཤེགས་པ་དེ་ཉིད་ནས་གདུལ་བྱ་མཆོག་རྣམས་འཁྲིད་པའི་ཆེད་ཁོ་ན་ཡིན་པས་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་ལམ་རྒྱུད་ཡིན་ལ། དེ་ཉིད་ལམ་གྱི་ཁོག་དབུབ་ཚུལ་སྤྱིར་བསྟན་པ་དང༌། དེའི་ཆ་རྐྱེན་དུ་དགོས་པའི་རྒྱུད་དོན་གྱི་དངོས་པོ་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་གཉིས་ཀྱིས་གསལ་བར་བཤད་པ་ལས། དང་པོ་ཐབས་གྲོལ་གྱི་ལམ་སྔར་བརྗོད་པ་རྣམས་ཡིན་ཞིང༌། ཕྱི་མ་ལའང༌། དཀྱིལ་འཁོར། སྒྲུབ་པ། དབང༌། དམ་ཚིག ཕྲིན་ལས་ཏེ་གཞི་ལྔ་དང༌། སྔགས། ཕྱག་རྒྱ། ཏིང་འཛིན། མཆོད་པ་དང་ཡན་ལག་བཞི་སྟེ་ཤེས་བྱའམ་མཁས་བྱའི་རྒྱུད་དོན་གྱི་དངོས་པོ་དགུར་ལོ་ཙཱ་བ་ཆེན་པོ་རོང་ཟོམ་གསུངས་ལ། སྤར་ཁབ་ལས་གཞི་ལྔ་པོ་དེའི་སྟེང་དུ་ལྟ་སྤྱོད་གཉིས་བསྣན་ནས་དངོས་པོ་བདུན་དུ་བཤད་ཀྱང༌། འདིར་དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང༌། མི་འདའ་བ་དམ་ཚིག རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབས་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་སྟེ་བཅུར་འཆད་པར་མཛད་དེ། དེའང་ལམ་གྱི་ཁོག་སྔར་བཤད་པ་དེ་ལ་དབང་དང་དམ་ཚིག་སོགས་ཁ་བསྐང་ནས་དང༌། ཏིང་ངེ་འཛིན་དང་སྤྱོད་པ་སོགས་གསལ་བར་ཕྱེ་བའི་ཚུལ་གྱིས་འཆད་པར་ཤེས་པར་བྱའོ། །འདི་དག་ལ་ཉམས་སུ་ལེན་བྱེད་ལམ་གྱི་རིམ་པ་བཤད་པ་དང༌། བླང་བྱ་རྒྱུད་ཀྱི་དངོས་པོ་བཤད་པ་ཞེས་ཀྱང་འབྱུང་ངོ༌།།

དང་པོོོ་ལྟ་བ་བཤད་པ།

དེ་ལ་དང་པོ་དེ་ཁོ་ན་ཉིད་ལྟ་བ་ནི།སྒྱུ་འཕྲུལ་དྲྭ་བའི་ལམ་གོང་འོག་ཐམས་ཅད་ལ་ལྟ་བ་ཁྱབ་བྱེད་དུ་འཇུག་པས་ལམ་གྱི་རིམ་པ་ལ་ལྟོས་ནས་ལྟ་བའི་གྲངས་དགུར་དབྱེ་སྟེ། ལམ་རིམ་ལས།མཉམ་ཉིད་ངང་ལ་མི་སྐྲག་པས། །མངོན་བྱས་ངེས་པའི་ཤེས་རབ་དང༌།།རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང༌། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས།།ཕྱག་རྒྱ་གཅིག་སྐུ་འབྲས་བུར་བལྟ། །ཐམས་ཅད་གསལ་བའི་ལྟ་བ་དང༌།།བར་ཆད་མེད་པའི་ཚོགས་ཆེན་མཐོང༌། །དབང་བསྒྱུར་མཉམ་ཉིད་མི་གཡོ་བ།།ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ །ཞེས་སོ། །གཞན་ཡང་རྒྱུད་ཀྱི་དངོས་པོ་རྣམས་ལ་ལྟ་བ་ཁྱབ་བྱེད་དམ་ཟིན་བྱེད་དུ་འཇུག་པ་ལ་ལྟོས་ནས་ལྟ་བའི་གྲངས་དགུ་དང༌། ཚོགས་དྲུག་གི་སྤྱོད་ཡུལ་ཐམས་ཅད་ལྟ་བའི་རྒྱས་འདེབས་པ་ལ་ལྟོས་ནས་དྲུག་དང༌། དབང་པོ་རབ་འབྲིང་ཐ་མའི་རྟོགས་ཚུལ་ལ་ལྟོས་ནས་གསུམ་དུ་དབྱེ་བ་སོགས་ཡོད་ཅིང༌། གཏན་ལ་འབེབ་ཚུལ་རྒྱས་པར་སྔར་བཤད་ཟིན་ཏོ།།

གཉིས་པ་སྤྱོད་པ་བཤད་པ།

གཉིས་པ་ལ་དོར་བ་སྤྱོད་པ་ནི། སྤྱིར་སྤྱོད་པ་ལ་མཉམ་རྗེས་གཉིས་ཀ་ཡོད་ཀྱང་འདིར་སྤྱི་མིང་ཕྱོགས་གཅིག་ལ་བཏགས་ནས་མཉམ་བཞག་གི་རྟོགས་པའི་གྲོགས་སུ་གྱུར་པའི་སྒོ་གསུམ་གྱི་སྤྱོད་པ་རྗེས་ཐོབ་ཀྱིས་བསྡུས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་སྤྱི་དང༌། ཁྱད་པར་གཉིས། དང་པོ་ནི། ལས་དང་པོ་བའི་དུས་སུ་དགེ་སྦྱོང་གཞོན་ནུ་ལྟར་བག་དང་ལྡན་པར་སྤྱོད་པ་ཞེས་ལམ་སྒྲུབ་པའི་འགལ་རྐྱེན་འཇིག་རྟེན་གྱི་ཆོས་བརྒྱད་སོགས་ལས་བྱོལ་བ་དང༌། མཐུན་རྐྱེན།ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌།།འཆད་དང་ཁ་ཏོན་བྱེད་པ་དང༌། །དོན་སེམས་པ་དང་སྒོམ་པ་སྟེ།།སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པའི་ཆོས་སྤྱོད་བཅུ་ལ་མང་དུ་གནས་པ་དང༌། དེ་ནས་ཅུང་ཟད་གོམས་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་རྩལ་སྦྱོང་བ་རོ་སྙོམས་སྨྱོན་པའི་བརྟུལ་ཞུགས་དང༌། ཤིན་ཏུ་གོམས་ནས་རྐྱེན་བཟང་ངན་གང་གིས་ཀྱང་རྟོགས་པ་བྲི་གང་མེད་པ་ན་རང་བབས་སུ་གཞན་ཕན་བྱེད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱིར་བཤད་པའོ།།

གཉིས་པ་ཁྱད་པར་ལ། གྲོལ་ལམ་བག་ཡོད་དང༌། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཉིས། དང་པོ་ལ་རིམ་གྱིས་པ་དང་ཅིག་ཆར་བའི་སྤྱོད་པ་གཉིས། དང་པོ་ལའང་བདུན་ཏེ། དང་པོ་དད་བརྩོན་གྱི་སྤྱོད་པ་ཞེས་ཤེས་པའི་མཚན་ཉིད་ཚོལ་དུས་ཀྱི་སྤྱོད་པ་འདི་ལ། གཞི་དམ་ཚིག་གིས་བཟུང་བ། རྒྱུད་ཐོས་པས་དགྲོལ་བ། སྒོ་ཀུན་ནས་བསྡུར་བ། ཕུལ་དུ་མཁས་པས་དབྱུང་བ། ཐག་ལྟ་བས་བཅད་པ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ། ལ་སྤྱོད་པས་དོར་བ། རིམ་པ་དབང་གིས་བགྲོད་པ། དོན་མན་ངག་གིས་སྒྲུབ་པ། མདོ་དོན་གཅིག་ཏུ་བསྡུ་བ་ལ་བསླབ་པ་སྟེ་བསླབ་པའི་མཐའ་བཅུའོ། །དེའང་ལྟ་བ་ཐོག་མར་འཚོལ་དུས་ནས་ལམ་ཡོངས་རྫོགས་དམིགས་འོག་ཏུ་བཅུག་ནས་སྐབས་དོན་ལ་གཙོ་བོར་བྱེད་པ་ཡིན་པས་དེ་ལྟར་གསུངས་ཀྱི། སྐབས་དོན་གཙོ་བོའི་དབང་དུ་བཏང་ན་རྒྱུད་ཐོས་པས་དགྲོལ་བ་སོགས་བཞི་པོ་ཉིད་དོ། །གཉིས་པ་ཤེས་རབ་དང་མཐུན་པ་ཞེས་སྟོང་ཆེན་གྱི་དུས་སུ་ཐུན་མཚམས་ཀྱི་བྱ་བ་ཐམས་ཅད་མི་དམིགས་པའི་ཤེས་རབ་ཀྱི་རྩལ་སྦྱོང་དུ་འཁྱེར་བ་དང༌། གསུམ་པ་ཐབས་དང་མཐུན་པ་ཞེས་སྙིང་རྗེ་སྒྱུ་མའི་སྐབས་སུ་སྣང་སྤྱོད་ཡེ་ཤེས་སྒྱུ་མའི་ཡོ་ལང་དུ་བལྟ་བ་དང༌། བཞི་པ་ཕྱག་རྒྱ་གཅིག་པའི་དུས་སུ་ཕྱོགས་གཅིག་པ་དང༌། ལྔ་པ་སྤྲོས་བཅས་ཀྱི་ཚེ་སྤྲོས་བཅས་ཀྱི་སྤྱོད་པ་ཞེས་མཉམ་བཞག་ཏུ་གང་བསྒོམ་གྱི་ལྷའི་ཏིང་ངེ་འཛིན་དེས་སྣང་བ་ཐམས་ཅད་ལ་རྒྱས་བཏབ་སྟེ་ལོག་རྟོག་འཁྲུལ་པའི་སྣང་བ་ཟིལ་གྱིས་གནོན་པ་དང༌། དྲུག་པ་ཚོགས་ཀྱི་སྤྱོད་པ་ཞེས་ཚོགས་སྒྲུབ་ཀྱི་དུས་སུ་དག་མཉམ་བདེ་བ་ཆེན་པོའི་རྣལ་འབྱོར་ཁོར་ཡུག་ཏུ་སྐྱོང་བ་དང༌། བདུན་པ་ཟག་མེད་རིག་འཛིན་ཐོབ་ནས་རྫུ་འཕྲུལ་གྱི་སྤྱོད་པ་ཞེས་ནུས་མཐུ་ཐོགས་པ་མེད་པའི་ཕྲིན་ལས་ཀྱིས་གཞན་དོན་རླབས་པོ་ཆེ་སྤྱོད་ཅིང་རང་རྒྱུད་ཀྱི་རྟོགས་པ་གོང་དུ་སྤོར་བའོ།།

གཉིས་པ་ཅིག་ཆར་བའི་སྤྱོད་པ་ནི། རྗེས་ཐོབ་ཏུ་ཡང་སྣང་སེམས་གང་ཤར་ཐམས་ཅད་ལ་བརྟེན་ནས་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དགོངས་པའི་རྩལ་ཕྱོགས་མེད་དུ་སྦྱོང་བའོ།།

གཉིས་པ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། སྐྲག་པ་དང་དོགས་པ་དང་ངོ་ཚ་བ་ལ་སོགས་པའི་རྣམ་རྟོག་ཐམས་ཅད་བཤིག་ནས་ཤ་ལྔ་དང་བདུད་རྩི་ལྔ་དང་བུད་མེད་ལ་སོགས་པའི་ཡུལ་ཐམས་ཅད་ལ་བདེ་བ་ཆེན་པོའི་མན་ངག་གི་གདེང་དང་ལྡན་པས་ཅི་དགར་ལོངས་སྤྱོད་པའོ། །ཕྱི་མ་འདིར་ཡུལ་གང་ལ་སྤྱོད་ཀྱང་རང་བཞིན་དག་པའི་ཏིང་ངེ་འཛིན་ལས་སྐད་ཅིག་ཀྱང་མི་གཡོ་བ་གནད་དུ་བཟུང་དགོས་པས་བླ་ན་མེད་པའི་བག་ཡོད་ཀྱི་སྤྱོད་པ་ཡིན་ཡང་ཆགས་ཡུལ་དག་སྐྱུག་བྲོ་བའི་གནས་སོགས་གང་ལའང་འཛེམ་པ་སྤངས་པ་འདི་ལྟ་བུ་གྲོལ་ལམ་གྱི་དུས་སུ་རྩལ་འདོན་མི་བྱས་པས་བརྟུལ་ཞུགས་ཀྱི་དང་བག་ཡོད་ཀྱི་སྤྱོད་པ་ཞེས་སོ་སོར་སྦྱར་རོ།།

གསུམ་པ་དཀྱིལ་འཁོར་བཤད་པ།

གསུམ་པ་བཀོད་པ་དཀྱིལ་འཁོར་ནི། བཀོད་པ་ལྷའི་འཁོར་ལོ་རྫོགས་པར་སྣང་བ་ལ་བཤད་དེ་ཐུགས་ཏིག་ལས་སོ། །དེ་ལ་ཆོས་དོན་ལས་རང་བཞིན་དང༌། ཏིང་ངེ་འཛིན་དང༌། གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་དང༌། རྒྱུད་ཕྱི་མ་ལས་སྐུ་གསུངས་ཐུགས་ཀྱི་དཀྱིལ་འཁོར་གསུམ་དང༌། འགྲེལ་ཆུང་ལས་དཀྱིལ་འཁོར་བཅུ་གཉིས་སུ་བཤད་པ་སོགས་ཡོད་ཀྱང་བརྒྱུད་པའི་བཀའ་སྲོལ་དུ་རྒྱས་པ་ལས།འདིས་ནི་རང་བཞིན་དཀྱིལ་འཁོར་དང༌།།གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ།།ཏིང་འཛིན་ལྷག་པའི་ཏིང་འཛིན་དང༌།།བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་བདུན་དུ་འཆད་པར་མཛད་དེ།

དེ་ལ་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ། ཁོག་གཞུང་ལས་གསུམ་དུ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་དབྱིངས་རང་བཞིན་ཉིད་ཀྱི་དང༌། རྟོག་ཚོགས་ཐམས་ཅད་ཀྱི་སྣང་གཞི་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་རང་བཞིན་ལྷུན་གྲུབ་ཀྱི་དང༌། རྟོགས་པ་མངོན་དུ་གྱུར་ཏེ་འོག་མིན་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་རོ།།

གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་རྟོག་པ་ཕྲ་རགས་ཀྱི་རྣམ་པར་ཤར་བའོ།། གསུམ་པ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི། དགོས་པ་ལ་ལྟོས་ནས་དབང་གི་དང༌། རབ་གནས་ཀྱི་དང༌། སྒྲུབ་པའི་དང༌། ཕྲིན་ལས་ཀྱི་དཀྱིལ་འཁོར་དང་བཞི་སྟེ་གང་ཡང་རྡུལ་ཚོན་སོགས་ལས་དཀྱིལ་འཁོར་གྱི་གཟུགས་སུ་བཞེངས་པའོ། །དེའང་དཀྱིལ་འཁོར་གྱི་ཆོ་གའི་ལས་རིམ་མང་པོས་ལྷག་པས་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱའོ། །ལས་རིམ་ནི། རྡོ་རྗེ་ལས་རིམ་ལས།ས་གཞི་མཉམ་དང་ཚད་ཐིག་དང༌། །ཚོན་དང་བྲི་དང་རྣམ་པ་དང༌།།རབ་ནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་པ་ལྟར། ས་བརྟག བསླང་། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་རློབ་པ། སྲུང་བ། ས་གཟུང་བ་དང་བདུན་ས་གཞི་མཉམ་པ་ཞེས་གཅིག་ཏུ་བགྲང་བ་དང༌། དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱི་ཚད་ངེས་པ་ཅན་དུ་བྱ་བ་དང༌། ཐིག་གི་རྒྱུ། གྲོགས། ཚད། གྲངས། རབ་གནས། གདབ་ཐབས། ཉེསསྤངས་དང་བདུན་ལ་ཐིག་ཆོག་ཅེས་གཅིག་ཏུ་བྱས་པ་དང༌། རྒྱུ། གྲངས། རབ་གནས། འགྱེད་ལུགས། ཉེས་སྤང་སྟེ་ཚོན་གྱི་ཆོ་ག་ལྔ་དང༌། རྟེན་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་རུང་དུ་འབྲི་བ་དང་ལྷའི་མཚན་མ་སྐུ་དང་ཡིག་འབྲུ་ཕྱག་མཚན་ཅི་རིགས་ཀྱི་རྣམ་པ་དགོད་པ་དང༌། བུམ་པ་དང་སློབ་མ་དཀྱིལ་འཁོར་གསུམ་རབ་ཏུ་གནས་པ་དང༌། འཆད་པར་འགྱུར་བའི་སྦྱིན་སྲེག་དང༌། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་སློབ་མ་ཞུགས་པ་དང༌། ཞུགས་པའི་ཡོན་ཏན་རྣམས་ཏེ། དེ་དག་ཀྱང་སློབ་མ་ལ་དབང་བསྐུར་བའི་ཆེད་དུ་ཡིན་ན་ལམ་མོས་སྒོམ་གྱི་ཚུལ་གྱིས་གྲངས་དུས་མཚན་མའི་བསྙེན་པ་གང་རུང་རྫོགས་པ་དང༌། ཚོགས་སྒྲུབ་ཀྱི་ཆེད་ཡིན་ན་ངེས་རྫོགས་ཀྱི་སྤྲོས་བཅས་མན་ཆད་བརྟན་པའི་སློབ་དཔོན་གྱིས་བྱ་བ་ཡིན་ནོ།།

བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། དངོས་སྣང་ཐམས་ཅད་མི་དམིགས་པའི་དབྱིངས་སུ་བསྡུས་ཏེ་རིག་པ་མ་བཅོས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའོ།།

ལྔ་པ་ལྷག་པ་ཏིང་ངེ་འཛིན་ནི། མཚན་བཅས་ལྷ་སྐུ་སྒོམ་པའི་ཏིང་ངེ་འཛིན་ཏེ། བསྐྱེད་ཆོག་གི་བྱ་བ་མང་པོས་ལྷག་པས་ལྷག་པ་ཞེས་བྱའོ། །དེ་ལའང་། ཐུགས་རྗེ་ཞི་བའི་དང༌། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གཉིས་ཡོད། འདི་དག་གི་ལས་རིམ་ཡང་ཟུར་ཙམ་བརྗོད་ན།

སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། གྲལ་ཚུལ་གྱི་ཕྱག་དང༌། རྒྱུད་སྦྱང་བ། མཚམས་བཅད་པ། བཤགས་པ་བྱ་བ། དམ་བཅའ་བ། བྱིན་དབབ་པ། མཆོད་པ་བྱིན་བརླབ་སྟེ་ལས་བདུན་ནོ།།

གཉིས་པ་དངོས་གཞི་ནི། ཁྱད་པར་གྱི་སེམས་བསྐྱེད་པས་མཚམས་སྦྱར་ནས་བསྐྱེད་ཆོག་དངོས་ལ་འཇུག་སྟེ། འདི་ནི་ལྷག་ཏིང་གི་སྒོམ་དོན་གཙོ་བོ་ཡིན་པས་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་གསུམ།

ཏིང་འཛིན་རྣམ་གསུམ། དཀྱིལ་འཁོར་བསྐྱེད་པ། ལས་རིམ་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི།དེ་བཞིན་ཉིད་སྟོང་པ་ཆེན་པོ་དང༌། ཀུན་སྣང་སྙིང་རྗེ་སྒྱུ་མ་དང༌། རྒྱུའི་ཏིང་འཛིན་རྩ་བའི་ཨ་དང་དེ་ལས་ཨ་སོགས་ཡི་གེ་ཕྲ་མོའི་སྤྲོ་བསྡུས་ལ་དམིགས་པ་རྣམས་སོ།།

གཉིས་པ་དཀྱིལ་འཁོར་བསྐྱེད་པ་ལ། རྟེན་དང༌། བརྟེན་པ་སྒོམ་པ་གཉིས་ཀྱི་དང་པོ་ནི།འབྱུང་བ་རིམ་བརྩེགས་དང༌། གཞལ་ཡས་ཁང་དང༌། གདན་བསྐྱེད་པ་རྣམས་ཏེ་སྒྲུབ་ཐབས་བཞིན་ནོ།། གཉིས་པ་བརྟེན་པ་སྒོམ་པ་ལ། དང་པོ་བསྐྱེད་ཚུལ། བསྐྱེད་པའི་ལྷའི་རྣམ་པ༌། དབང་བསྐུར་ཞིང་བྱིན་གྱིས་བརླབས་པའོ། །དང་པོ་ནི།སྤྱིར་ལུགས་གསུམ་ལས་རྒྱུད་འགྲེལ་ཉི་སེང་མ་ལྟར་ན། ཐོག་མར་སེམས་བསྐྱེད་དེ། ཡུད་ཙམ་གྱི་ཀུན་ཏུ་བཟང་པོ་བསྒོམས་ནས་འོག་གི་ཕྱོགས་སུ་ཡེ་ཤེས་ཀྱི་ས་གཞི་ནས་བཟུང་གཞལ་ཡས་ཁང་གདན་བཅས་བསྐྱེད། དེ་ལས་ཉི་ཟླའི་གདན་ལ་སེམས་སྐྱིལ་གྱིས་འདུག་པར་མོས་ལ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་དོན་གྱིས་སྟོང་ཉིད་ཡེ་ཤེས། དེའི་ངང་ལས་རང་སེམས་ཨའི་ངོ་བོར་བསྒོམས་ནས་སྤྲོ་བསྡུས་ཨ་ལས་ཟླ་བ་ལ་མཚན་གྱི་ས་བོན་ཨ་ལི་ཉིས་འགྱུར་དང༌། ཨཱ་རིང་ལས་ཉི་མ་ལ་དཔེ་བྱད་ཀྱི་ས་བོན་ཀ་ལི་གཉིས་རིམ་དུ་འགོད་པ་མེ་ལོང་ཡེ་ཤེས། དེ་དག་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་མཉམ་ཉིད་ཡེ་ཤེས། འོད་ཀྱི་གོང་བུ་དེ་ལས་ཧཱུྃ་དུ་གྱུར་ནས་དེའི་རྒྱུ་མཐུན་པའི་འབྲས་བུ་རྡོ་རྗེར་བྱིན་གྱིས་རློབ་པ་སོར་རྟོག་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་པ་བྱ་གྲུབ་ཡེ་ཤེས་ཏེ་ཆོ་ག་ལྔའོ།།དེ་ནས་ཡུམ་བསྐྱེད་དེ་བྱང་ཆུབ་སེམས་སྤྲིན་ལས་ལྷ་སོ་སོའི་སྐུ་བསྐྱེད་པ་རང་རང་གི་སྔགས་ཀྱིས་ཕྱིར་ཕྱུང་ནས་དཀྱིལ་འཁོར་དུ་འགོད་པར་མཛད་དོ།།བི་མ་ལའི་ལྷ་སྐུ་སྒོམ་པའི་མན་ངག་ལྟར་ན་གོང་དུ་བཤད་པའི་རྒྱུའི་ཡི་གེ་ལས་ཡི་གེ་ཞེ་གཉིས་སྤྲོས་ཏེ་སོ་སོའི་གདན་ལ་བཀོད་ནས་རྒྱུའི་ཨ་ཉིད་དེ་རྣམས་ལ་བསྟིམ་ཞིང་སྤྲོ་བསྡུ་བྱ་བ་ཡིག་འབྲུའི་ཆོ་ག ཡི་གེ་རྣམས་ཞུ་བ་རྡོ་རྗེ་དང་འཁོར་ལོ་སོགས་ཕྱག་མཚན་ཞེ་གཉིས་སུ་གྱུར་པ་ལས་སྤྲོ་བསྡུ་བྱ་བ་ཕྱག་མཚན་གྱི་ཆོ་ག་ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས་དང་སོ་སོའི་བསྐྱེད་སྔགས་བརྗོད་པ་ལས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུར་བསྐྱེད་པ་སྐུ་རྫོགས་པའི་ཆོ་ག་སྟེ་རྡོ་རྗེ་གསུམ་གྱི་ཆོ་གས་བསྐྱེད་པ་ད་ལྟའི་ཕྱག་བཞེས་སུ་ཇི་ལྟར་འབྱུང་བ་བཞིན་ནོ།།དྲྭ་བ་ཆེ་ཆུང་གི་ལུགས་ནི་སྲས་གཉིས་ཀྱི་ཆོ་གས་བསྐྱེད་པ་སྟེ། དེ་ལ་བདག་སྲས་ནི་ཆོ་ག་གསུམ་གྱིས་ལྷ་ཞེ་གཉིས་བསྐྱེད་པའོ།།གཞན་སྲས་ནི། གཙོ་བོའི་ཐུགས་ཀ་ནས་བདག་ཉིད་འཁོར་བའི་ལུས་འཛིན་པ་ཞིག་ཤར་སྒོར་ཐོན་ནས་གསོལ་བ་བཏབ་པས་ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་ཏེ་བདག་གི་ལུས་རྟོག་སྦྱངས་པས་འོད་ཀྱི་གོང་བུར་གྱུར་པ་ལ་སླར་ཡང་རྡོ་རྗེ་གསུམ་གྱི་འོད་ཟེར་བསྟིམས་པས་ཡི་གེ་གསུམ་དང་དེ་ཡང་ཧཱུྃ་དུ་བསྒྱུར། དེ་ཉིད་ཟླ་བའི་སྟེང་དུ་བཞག་པ་རླུང་དཀྱིལ་གྱིས་བཏེགས་ནས་ལྷ་ཚོགས་རྣམས་ལ་བསྐོར་བ་ལན་གསུམ་བྱས་ཏེ་གཙོ་བོའི་ཐུགས་ཀར་ཐིམ། ཡབ་ཡུམ་རོལ་པའི་རྗེས་ཆགས་ཀྱིས་བྱང་སེམས་སུ་ཞུ་བ་སྐུའི་དབྱིབས་བརྒྱུད། ཡུམ་མཁར་བབས་པའི་རྐྱེན་གྱིས་གཙོ་བོ་ཡབ་ཡུམ་འོད་དུ་ཞུ། འཁོར་རྣམས་ཀྱང་བདེ་བ་ཆེན་པོར་ཞུ་སྟེ་དབུས་ཀྱི་ཐིག་ལེར་ཐིམ་པས་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། དེ་ཉིད་ཀྱང་ཧཱུྃ་མཱུཾ་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་རྡོར་སེམས་ཡབ་ཡུམ་བསྐྱེད། སྙོམས་པར་ཞུགས་ནས་ཡུམ་མཁར་སྤྲོ་བ་གསུམ་གྱི་དང་པོས་ཐིག་གདབ། གཉིས་པས་གཞལ་ཡས་ཁང་གདན་བཅས་སུ་རློབ། གསུམ་པས་ས་བོན་གྱི་ཡི་གེ་བསྐྱེད་ཅིང་དེ་དག་རང་རང་གི་སྔགས་ཀྱིས་ལྷར་བསྐྱེད་ནས་མདུན་མཁར་བཏོན། ཡི་གེ་གསུམ་གྱིས་སྐུ་བརྟས་པར་བྱ། སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྟེ་མི་བསྐྱོད་པ་གཙོ་བོ་ལ་བསྟིམ། གཞན་རྣམས་རང་རང་གི་གནས་སུ་དགོད་པར་བྱའོ། །འདི་ལྟར་བསྐྱེད་པའི་ཁུངས་ནི། རྒྱ་མཚོ་ལས།རང་བྱུང་དངོས་དང་མི་འགལ་ཞིང༌། །འབྲས་བུ་ཉིད་ལ་ལམ་ཤེས་པས།།མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་དང༌།གང་གིས་གང་ལ་གསོལ་བཏབ་པས།།ཐུགས་རྗེས་བྱིན་བརླབས་སྦྱངས་བྱས་ནས།།ཐུགས་ཞུགས་འདྲེས་ནས་དབྱེར་མེད་པ།།སྲས་གྱུར་དགོངས་པ་གཅིག་ལ་གནས། །ཞེས་དང༌།ལམ་དང་འབྲས་བུའི་ཁྱད་པར་ལས།།རྟོག་པའི་ཡེ་ཤེས་འོད་ལས་བྱུང༌།།བྱིན་རླབས་འབྲས་བུ་དངོས་འབྲེལ་བས།།བདེ་བར་གཤེགས་པའི་སྲས་ཚོགས་བསྒོམ། །ཞེས་སོ། །དེའང་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་དང༌། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ཞེས་ཆེན་པོ་རྣམས་གསུངས་པ་ལྟར་ཤེས་པར་བྱའོ། །དེའི་དོན་ཡང་སེམས་ཀྱི་གཉུག་མའི་གནས་ཚུལ་ནི་སངས་རྒྱས་ཡིན་ལ། རྒྱལ་བའི་དཀྱིལ་འཁོར་གང་བསྒོམས་ཀྱང་དེ་ཉིད་གཞིར་བཟུང་སྟེ་སྒོམ་པ་ལས་མ་འདས་ཤིང༌། དེ་ལྟར་བསྒོམས་པས་གཉུག་མ་ལས་གཉིས་མེད་གཉིས་ལྟར་སྣང་བའི་གློ་བུར་གྱི་ཕུང་པོའི་ཆ་རྣམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྟིམས་ནས་སླར་ཤིན་ཏུ་རྣམ་དག་གི་ཕུང་ཁམས་ཀྱི་ཆ་ལས་མི་བསྐྱོད་པ་སོགས་རྒྱལ་བ་སྲས་དང་བཙུན་མོར་བཅས་པ་རང་འཆར་བ་ནི་ལམ་རིམ་པ་གཉིས་ཀའི་ཁོག་སྡོམ་ཡིན་ལ། དེ་ལྟར་འབྲས་བུའི་སངས་རྒྱས་ལམ་དུ་གང་བྱེད་གཞིར་གནས་གདོད་མའི་སངས་རྒྱས་ཀྱི་གདུང་རིགས་ལས་བསྐྱེད་དགོས་པ་དང༌། དྲི་བཅས་གནས་ལུགས་ཀྱི་གཞི་དེ་འབྲས་བུ་ལམ་བྱེད་ཀྱི་གདུང་སྲས་སུ་བཟུང་བས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པའི་རྒྱུ་མཚན་འདིའི་ཕྱིར་བདག་གི་སྲས་སུ་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་སུ་བདག་བྱེད་པ་ཡིན་ཏེ་རྒྱ་མཚོའི་ལུང་དོན་ཡང་འདིས་ཤེས་སོ། །དམ་པ་རྒྱན་ལས་སྲས་གཉིས་ཀྱི་ཆོ་ག་ཁྲོ་བོའི་བསྐྱེད་ཆོག་ཏུ་སྦྱར་ནས་བཤད་པའང་ཁོག་འདི་ཉིད་ཡིན་ཏེ་ཡི་གེས་འཇིགས་ནས་མ་བཀོད་དོ།།

གཉིས་པ་བསྐྱེད་པ་ལྷའི་རྣམ་པ་ནི། བཞུགས་ཚུལ། ལྷ་གནས། ཕྱག་མཚན། སྐུ་མདོག ཞི་ཚུལ། འོད་ཟེར་སོགས་ཏེ་ལེའུ་དྲུག་པ་བཞིན་ནོ།། གསུམ་པ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ནི། བྱིན་རླབས་དང་དབང་བསྐུར་གྱི་སྔགས་དང་ཏིང་ངེ་འཛིན་ལེའུ་བདུན་པ་རྩ་འགྲེལ་ལས་འབྱུང་བ་བཞིན་ནོ།། གསུམ་པ་ལས་རིམ་གྱི་ཏིང་ངེ་འཛིན་ལའང༌། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་བསྟིམས་ནས་མཆོད་པ་དབུལ་བ་དང༌། བཤགས་པ་བྱ་བ་དང༌། དངོས་གྲུབ་གསོལ་བ། དམ་བཅའ་བ། འཛབ་བཟླ་བ་སྟེ་ལྔའོ།།

གསུམ་པ་རྗེས་རིམ་ལའང༌། ཚོགས་ཀྱི་མཆོད་སྦྱིན། བརྟན་མ་སྐྱོང་བ། བསྡུ་ལྡང༌། གོ་བགོ་ལུས་བསྲུང༌། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་དང་ལྔའོ། །རྗེ་རོང་ཟོམ་ནི།སྣང་སྲིད་ཐམས་ཅད་གདོད་ནས་དག་པ་ལྷའི་རང་བཞིན་དུ་གནས་པ་ལ་སྤྱིར་དམིགས་ནས་སྒོམ་པ་ཏིང་ངེ་འཛིན་གྱི་དང༌། རང་གིས་མངོན་པར་འདོད་པའི་དཀྱིལ་འཁོར་གང་ཡིན་ལ་བྱེ་བྲག་ཏུ་དམིགས་ནས་སྒོམ་པ་ལྷག་ཏིང་གི་དཀྱིལ་འཁོར་དུ་བཞེད་དེ། འདིས་ནི་ལྷག་པ་ཞེས་པ་གཙོ་བོར་རམ་ཁྱད་པར་དུ་ཞེས་པའི་སྟེང་ནས་འཆད་པར་མངོན་ནོ།།

དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། རྩ་རླུང་ཐིག་ལེ་སྟེ། རྡོ་རྗེའི་ལུས་ལ་རྩ་དབུ་རྐྱང་རོ་གསུམ་དང༌། དབུ་མ་ལས་གྱེས་པའི་སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས། ལྟེ་བ་སྤྲུལ་པའི་འཁོར་ལོ་རྣམས་དང༌། ལྟེ་འོག་མེ་དང༌། གཤང་ཁ་རླུང་གི་འཁོར་ལོ་རྣམས་དང་། རླུང་རྩ་བ་ལྔ་དང༌། ཡན་ལག་གི་རླུང་ལྔ་དང༌། དེ་དག་གི་འཕོ་བ་བཅུ་དྲུག་ལ་སོགས་པའི་རྣམ་གཞག་སྒྱུ་འཕྲུལ་རྒྱ་མཚོ་དང༌། གསང་བའི་སྙིང་པོ་ཁྲོ་བོ་སྟོབས་ཀྱི་རྒྱུད་དང༌། དབང་གི་གལྤོ་ལ་སོགས་པ་ལས་གསུངས་པར་བཤད་ལ། རྒྱུད་འདིའི་སྒོས་ཆོས་སུ་ཆེ་ལོང་ཙམ་འབྱུང་བ་ནི། སྙིང་གའི་འཁོར་ལོར་ཆོས་ཉིད་ཀྱི་རྩ་གསུམ། ཡེ་ཤེས་ཀྱི་རྩ་གཅིག རང་རྒྱུད་ཀྱི་རྩ་གསུམ། ཡོན་ཏན་གྱི་རྩ་གཅིག་རྣམས་འོད་བཞི་དབྱིབས་བཞིར་བཅས་པ་དང༌། དེ་དག་གི་དབུས་ནས་དྭངས་མ་ལྔའི་ཐིག་ལེ་དང༌། ལྟེ་བ་དང༌། མགྲིན་པར་གཏུམ་མོ་དང༌། སྤྱི་བོ་ན་བདུད་རྩིའི་ཐིག་ལེ། དབྱིངས་ཕྱུག་ལྔའི་ཐིག་ལེ་སོགས་ཀྱི་མིང་ཅན་ཡོད་ཚུལ་ཐལ་རྒྱུད་དབང་གི་གལྤོ་དང་གསང་ཐིག་སོགས་ལས་གསུངས་པ་རྣམས་སོ།།

བདུན་པ་ཚོགས་ཀྱི་དཀྱིལ་འཁོར་ནི། ཁོག་གཞུང་ལས། སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་གསུམ་ཚིག་ཟིན་དང༌། སོགས་སྒྲས་བསྟན་པ་ཚོགས་ཆེན་པོ་སྟེ་བཞིར་བཤད་དོ།།དང་པོ་ནི། རྣལ་འབྱོར་མཆོག་དང་ལྡན་པའི་སྐྱེ་བོ་ཕོ་མོ་ཚོགས་ཤིང་འདུས་པ་སྟེ། བཤད་རྒྱུད་རྡོ་རྗེ་ལས།སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །ཞེས་སོ།།གཉིས་པ་ནི། ཁྱད་པར་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་པ་སྟེ། དེ་ཉིད་ལས།རྣལ་འབྱོར་ཡོ་བྱད་ཚང་བས་ནི། །བདེ་བ་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་སོ།།གསུམ་པ་ནི། དེ་ལས།ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཅེས་གསུངས་ཏེ། ཚོགས་འདི་དངོས་ནི་ཡེ་ཤེས་ལྷའི་དཀྱིལ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པ་ཡིན་ལ། བཏགས་པ་བ་དང་དངོས་གྲུབ་ཀྱི་རྟེན་དུ་དེ་དག་གི་གཟུགས་བརྙན་བཀོད་པ་དང༌། སེམས་ཀྱིས་བརྟགས་ནས་བསྒོམ་པའང་ཡིན་ནོ།།བཞི་པ་ནི། བདག་དང་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤེས་ནས་སྤྱད་པས་བསོད་ནམས་དང༌། །སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་གོང་ནས་གོང་དུ་རྫོགས་པ་སྟེ། དེ་ཉིད་ལས།ཐམས་ཅད་སྤྱོད་ལ་མི་འཛིན་པ། །ཚོགས་གཉིས་རྒྱུན་དུ་རྫོགས་བྱས་པས།།ཚོགས་ཆེན་པོར་ནི་ངེས་པར་བཤད། །ཅེས་སོ། །ཚོགས་དཀྱིལ་ཞེས་པའི་ཚོགས་ཀྱི་རྣམ་གྲངས་དེ་ལྟར་ཡོད་ཀྱང་ཚོགས་ཀྱི་དཀྱིལ་འཁོར་དངོས་ནི། དཀྱིལ་འཁོར་གྱི་ཁང་པར་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ཏེ། དེར་ལྷ་གྲངས་དང་མཉམ་པའི་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་རྣམས་ལྷའི་ཆས་སུ་ཞུགས་ཏེ་གཙོ་བོའི་ལྷ་གནས་སུ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་དང་འཁོར་གྱི་ལྷ་གནས་སུ་འཁོར་གྱི་རྣལ་འབྱོར་ཕོ་མོ་བྲང་སྤྲད་དུ་འདུག་པའམ་འདུག་པར་མོས་པ་གང་རུང་ལ་བྱ་སྟེ། དེ་ལའང་རྣལ་འབྱོར་པ་སོ་སོའི་ལྷ་སོ་སོར་ང་རྒྱལ་བཞག་ནས་བསྒྲུབ་པ་དང༌། རྣལ་འབྱོར་པ་རེ་རེ་ཞིང་གཙོ་བོའི་ང་རྒྱལ་ལ་གནས་ཏེ་སྒྲུབ་པའི་ཚུལ་གཉིས་ཡོད་པར་གསུངས་སོ།།དེ་ལ་རང་བཞིན་གྱི་དཀྱིལ་འཁོར་དང་པོ་གཉིས་ནི་ལྷག་པ་དོན་དམ་པའི་དཀྱིལ་འཁོར་དང༌། ཕྱི་མ་གཅིག་ནི་དེ་སྒྲུབ་གཞི་མཐར་ཐུག་ཏུ་བཟུང་སྟེ་འབྲས་བུ་ལམ་བྱེད་ཀྱི་དམིགས་པ་ཡིན་ལ། གཟུགས་བརྙན་ནི་ལྷག་པ་ཀུན་རྫོབ་ཀྱི་དཀྱིལ་འཁོར་དང༌། ལྷག་པ་གཟུགས་བརྙན་ནི་གང་དུ་ཞུགས་ན་ཀུན་རྫོབ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེར་ཞུགས་པར་འགྱུར་བའི་མཚན་མའི་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་ནི་སྟོང་ཕྱོགས་ཀྱི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་དང༌། ལྷག་ཏིང་ནི་སྣང་ཕྱོགས་ཀྱི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་དང༌། བྱང་སེམས་ནི་རང་བཞིན་མ་བཅོས་པའི་དཀྱིལ་འཁོར་ལ་དངོས་སུ་འཇུག་པའི་ཕྱིར་གནད་དུ་བསྣུན་པའི་ཡུལ་དང༌། ཚོགས་དཀྱིལ་ནི་དངོས་གྲུབ་མཆོག་གི་དོན་དུ་སྒྲུབ་པ་པོ་ཡ་གྱལ་ཉུང་ངུའི་ནུས་པ་ལ་མང་པོ་ཚོགས་པའི་ནུས་པས་སྟོངས་གདབ་པའམ་གཙོ་བོར་བདེ་ཆེན་གྱི་ཀུན་སྤྱོད་གཅིག་པའི་གྲོགས་མང་པོ་ལ་བརྟེན་ནས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པར་བྱེད་པའོ།།

བཞི་པ་དབང་བཤད་པ།

བཞི་པ་དབང་ནི། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ།།ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཡེ་ཤེས་དངོས་སུ་སྐྱེས་པའམ་སྐྱེ་ངེས་ཀྱི་ནུས་པ་ཅི་རིགས་ཐོབ་པའོ།། དེ་ལ་དབྱེ་ན། རྩ་རྒྱུད་དུ་ཕན་ནུས་ཟབ་མོའི་དབང་གསུམ་གསུངས་པ་བཤད་རྒྱུད་རྡོ་རྗེ་ལས་ལྔར་ཕྱེ་ནས་གསུངས་ཏེ།དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན།།གསུམ་པ་ཉམས་མྱོང་སྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད།།ལྔ་པས་བརྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིས་14འགྲུབ། །ཅེས་སོ། །རྒྱུད་ཕྱི་མ་ལས།སློབ་དཔོན་གསང་བ་ཤེས་རབ་དང༌། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་ཕན་ནུས་གཉིས་སློབ་དཔོན་གྱི་དབང་ཞེས་གཅིག་ཏུ་བགྲང་ནས་བཞིར་གསུངས་ཏེ། སློབ་དཔོན་གྱི་དབང་གཙོ་བོ་དང་གཞན་རྣམས་དེའི་འཁོར་ཡིན་པ་ལ་དགོངས་ནས་སོ། །དེ་ལ་ཕན་དབང་ནི་བཅུ་སྟེ།སྙིང་པོ་ལྔ་དང་དབུ་རྒྱན་དང༌།།བུམ་པ་ཅོད་པན་ཕྲེང་བ་དང༌།།གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ།།བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་རྒྱུད་ཀྱི་དངོས་བསྟན་ཞི་བའི་ཕན་དབང་ཡིན་ལ། ཁྲོ་བོ་ལ་ནི།གདན་དང་ལྷ་དབང་ཕྱག་མཚན་དང༌། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཞེས་པ་ཉེར་བརྒྱད་དུ་བཤད་དོ། །ཕན་དབང་བཅུ་པོ་དེ་དག་ཕལ་ཆེར་འཇིག་རྟེན་ན་རྒྱལ་པོ་ཆེན་པོའི་བུ་རྒྱལ་སར་དབང་སྐུར་བ་ན་སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་བསྒྲེང༌། བུམ་ཆུས་སྤྱི་བོ་ནས་བླུགས་དབུ་རྒྱན་དང་ཅོད་པན་སོགས་བྱིན་ནས་བྱེད་པ་དང་ཚུལ་མཐུན་པར་བཞག་པ་དཔེར་ན་དུས་འཁོར་ནས་བྱིས་པ་ལྟར་འཇུག་པའི་དབང་བདུན་ཞེས་གསུངས་པ་ལྟ་བུར་མངོན་ནམ་སྙམ་ཡང་སྔ་མ་རྣམས་ཀྱིས་བཤད་པ་མ་མཐོང་བས་ཁ་ཚོན་མི་ཆོད་དོ།།ནུས་དབང་ནི། ཉན་སྒོམ་གཉིས། འཆད་ཕྲིན་གཉིས། རྡོ་རྗེ་རྒྱལ་པོའི་དབང་དང་ལྔ་སྟེ། ཕྱི་མ་གསུམ་པོ་འདི་ལས་གཞན་རྣམས་སློབ་དཔོན་གྱི་དབང་མ་ཡིན་ཡང་དབང་བཞིའི་ཡ་གྱལ་གྱི་སློབ་དཔོན་དབང་ཡིན་པར་བརྗོད་ཟིན་ལ། གསུམ་པོའི་ཡང་རྡོ་རྗེ་རྒྱལ་པོའི་དབང་གཙོ་བོ་དང་འཆད་ཕྲིན་དེའི་འཁོར་དུ་བཤད་དེ། དེས་ན་རྡོ་རྗེ་རྒྱལ་པོའི་དབང་གི་འཁོར་ལ་སློབ་དཔོན་གྱི་དབང་ཡིན་མིན་གཉིས་ཡོད་དོ།།ཟབ་དབང་གསུམ་ནི་གསང་ཤེར་ཚིག་དབང་གསུམ་སྟེ། ཤེར་དབང་ལ་འདིར་ཡེ་ཤེས་རང་གནས་དང༌། དབང་བཞི་པ་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཞེས་ཀྱང་གསུངས་སོ།།

དབང་དེ་དག་ཐམས་ཅད་ལ་རྒྱུ་གཉིས་དང་རྐྱེན་བཞི་རེ་ཡོད་པའི་དང་པོ་རྒྱུ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི།སློབ་བུའི་རྒྱུད་ལ་དང་པོ་ནས་དབང་སོ་སོའི་རྗེས་སུ་མཐུན་པའི་ཆོས་རེ་ཡོད་པ་དེ་ཡིན་ཏེ། ཕན་དབང་དང་སྦྱར་ན། གོང་དུ་སྨོས་པའི་གོ་རིམ་ལྟར་ནང་གི་བདུད་རྩི་ལྔ་དང༌། རྣམ་ཤེས་ཚོགས་བརྒྱད་དང༌། རྩ་གནས་ཐིག་ལེས་གང་བ་དང༌། རྩ་རོ་རྐྱང་གཉིས་དང༌། དྷཱུ་ཏིའི་ནང་ན་ཐིག་ལེ་སོ་གཉིས་གནས་པ་དང༌། ལུས་རྩའི་དྲྭ་བས་ཁེབས་པ་དང༌། ཕོ་མོའི་དབང་པོ་དང༌། སྤྱི་བོའི་རྩ་འཁོར་དང༌། རྟོག་ཚོགས་ལྷའི་ངོ་བོར་གནས་པ་དང༌། ལོངས་སྤྱོད་འཁོར་ལོའི་ཐིག་ལེ་རྣམས་སུ་ཐལ་བ་ལས་གསུངས་ཤིང༌། ནུས་དབང་གི་མཚུངས་ལྡན་ནི་རིམ་བཞིན། རྣ་བའི་འདོམ་རྩའི་སྒྲ་ཉན་བྱེད་ཀྱི་ཐིག་ལེ་དང༌། སྙིང་གའི་དྲན་བྱེད་ཀྱི་དང༌། ལག་པའི་སྐྱོད་བྱེད་ཀྱི་དང༌། ལྕེའི་སྨྲ་བྱེད་ཀྱི་དང༌། ཡན་ལག་ལྔའི་སྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེ་རྣམས་དང༌། ཟབ་དབང་གསུམ་གྱི་ནི། སྙིང་ག་གཙོ་བོར་གྱུར་པའི་ལུས་གནས་བདེ་བའི་རྟེན་གྱི་ཐིག་ལེ་དང༌། འོད་གསལ་མི་རྟོག་པའི་ཡེ་ཤེས་དང༌། བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་གདོད་ནས་རང་ཆས་སུ་བཞུགས་པ་རྣམས་གོ་རིམ་བཞིན་ནོ།།

ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། དབུ་རྒྱན་དང་ཕྲེང་བ་རིན་འབྱུང་གི ཅོད་པན་མཐའ་ཡས་དང་རྡོར་སེམས་ཀྱི། གོ་ཆ་དོན་གྲུབ་ཀྱི། རྒྱལ་མཚན་དང་གདུགས་མི་བསྐྱོད་པའི། ཕྱག་རྒྱ་ནི་ཀུན་མཁྱེན་ཆེན་པོ་རིགས་ལྔའི་ཕྱག་མཚན་ལ་བཞེད་ཀྱང་འདིར་དཀྱིལ་འཁོར་བའི་སྐུ་གཟུགས་ཏེ་ལྷ་རང་རང་གི བུམ་ཆུ་རིགས་ལྔ་ཀའམ། བཟའ་བཏུང་རྣམ་སྣང་གི སྙིང་པོ་ལྔ་ནི་ཀུན་མཁྱེན་བདུད་རྩི་ལྔ་ལ་བཞེད་ཀྱང་འདིར་རིགས་ལྔའི་ས་བོན་ཏེ་གང་ལྟར་ཡང་རིགས་ལྔ་སོ་སོས་རབ་གནས་ཅན་ནོ།།དེ་དག་ཀྱང་སྔོན་རབ་གནས་བྱས་པ་ཙམ་གྱིས་མི་ཆོག་གི་དུས་དེར་གང་ལ་དབང་བསྐུར་བ་དེའི་ཆེད་དུ་རབ་གནས་བྱས་པ་དགོས་སོ། །དབང་རྫས་གང་དུ་འགོད་པའི་མཚན་མའི་དཀྱིལ་འཁོར་ཡང་ལྷན་ཅིག་བྱེད་རྒྱུར་འཇོག་པའམ་ཡང་ན་བདག་རྐྱེན་གྱི་ཕྱོགས་སུ་བཞག་པར་བྱ་སྟེ་བརྟག་གོ།དེ་བཞིན་དུ་ནུས་དབང་གི་དབང་རྫས་ཀྱང༌། གླེགས་བམ་རིན་འབྱུང་གི་དང༌། ཕྲེང་བ་ཡི་དམ་གང་ཡིན་གྱི་དང༌། རྒྱ་གྲམ་དོན་གྲུབ་ཀྱི་དང༌། འཁོར་ལོ་དུང་སོགས་མཐའ་ཡས་ཀྱི་དང༌། རྡོར་དྲིལ་རིགས་ལྔ་སྤྱི་འདུས་ཀྱི་རབ་གནས་ཅན་རྣམས་དང༌། གསང་དབང་ལ་རྡོ་རྗེ་སློབ་དཔོན་གྱི་ལྷན་སྐྱེས་ཀྱི་བདེ་བས་ལྷག་པར་གནས་པའི་བདུད་རྩི་དང༌། གོང་མ་གཉིས་ལ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་མའོ།།

རྐྱེན་བཞིའི་དང་པོ་རྒྱུའི་རྐྱེན་ནི། ཁོག་གཞུང་ལས།དད་དང་བརྩོན་འགྲུས་གསུམ་ལྡན་དང༌། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལ།།ཞེས་པ་ལྟར་དབང་གི་སྣོད་དུ་རུང་བའི་སློབ་མ་སྟེ། ཕན་དབང་གི་སྣོད་དད་པ་ཅན་དང༌། ནུས་དབང་ལས་ཉན་སྒོམ་གྱི་སྣོད་བདག་དོན་ནུས་པའི་དང༌། འཆད་ཕྲིན་གྱི་གཞན་དོན་ནུས་པའི་དང༌། རྡོ་རྗེ་རྒྱལ་པོའི་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་གསུམ་དང༌། གསང་དབང་གི་སྤྱོད་པའི་དང༌། ཤེར་དབང་གི་རིག་པའི་དང༌། དབང་བཞི་པའི་སྣོད་མཉམ་པའི་བརྟུལ་ཞུགས་ཅན་ཏེ་གསུམ་རྣམས་སོ། །འདིར་བསྟན་དད་པ་ཅན་ནི་སྔགས་ཀྱི་ཐེག་པ་ལ་ཡིད་ཆེས་པ་སྟེ། དེའི་རྟེན་དུ་ཚེ་འདིའམ་སྔ་མར་ཐེག་ཆེན་སྤྱིའི་ལམ་ལ་བློ་སྦྱང་བའང་དགོས་སོ།།ནུས་དབང་གི་སྣོད་ལ་དེའི་སྟེང་དུ་རྒྱུད་ཉན་སྒོམ་སོགས་ལ་དངོས་སུ་འཇུག་པའི་བརྩོན་འགྲུས་སམ་སྤྲོ་ཤུགས་ལྷག་པ་དང༌། ཟབ་དབང་ལ་དེ་གཉིས་ཀའི་སྟེང་དུ་བརྟུལ་བཞུགས་གསུམ་དང་ཡང་ལྡན་པ་སྣོད་དུ་དགོས་ཞེས་པ་ཡིན་གྱི། ཕན་དབང་མ་གཏོགས་པའི་སྣོད་ལ་དད་པ་ཅན་མི་དགོས་པ་སོགས་མིན་ནོ།། བརྟུལ་ཞུགས་གསུམ་ནི་རིམ་བཞིན། བདེ་བ་ཆེན་པོའི་ལམ་ལ་མོས་པ་བརྟན་པས་བདུད་རྩི་ལྔ་ལ་གཙང་དམེའི་རྟོག་པ་ཟིལ་གྱིས་མནན་ནས་དངོས་སུ་སྤྱོད་ནུས་པ་དང༌། ཆགས་རྟོག་རང་དགའ་བ་ཟིལ་གྱིས་མནན་ནས་རིག་མའི་བདེ་བ་ལམ་དུ་བྱེད་ནུས་པ་དང༌། དེའི་སྒོ་ནས་བདེན་གཉིས་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་དངོས་སུ་འཇུག་ནུས་པ་སྟེ་གསུམ་ལ་བྱེད་ཅེས་གསུངས་ཏེ། གཙོ་བོར་དངོས་དབང་གི་སྣོད་ལ་དགོངས་སོ།།

གཉིས་པ་བདག་པོའི་རྐྱེན་ནི། ལེའུ་དགུ་པར། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པའི་སྐབས་ལྟར་བསྙེན་པ་ཚད་དུ་འཁྱོལ་བ་སོགས་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཏེ་དེ་ལས་གཞན་གྱིས་དབང་བསྐུར་ལོ་བྱས་ཀྱང་སློབ་མའི་རྒྱུད་སྨིན་མི་ནུས་ཤིང་བདག་ཉིད་རྣམ་པར་སུན་འབྱིན་པར་གསུངས་སོ།།

གསུམ་པ་དམིགས་རྐྱེན་ནི། དབང་རྫས་དང་སྔགས་དང་ཏིང་ངེ་འཛིན་གསུམ་ཚོགས་པའི་ནུས་པ་ཁྱད་པར་ཅན་ཏེ། དེ་ལ་ཏིང་ངེ་འཛིན་ནི། སློབ་མ་ལྷར་གསལ་བའི་གནས་ལྔར་སྙིང་པོ་ལྔ་བཀོད་པ་རིགས་ལྔར་བསྐྱེད་དེ་བྱིན་གྱིས་བརླབས་པས་ཁམས་ལྔ་རིགས་ལྔར་དག་པ་དང་། དབུ་རྒྱན་གྱིས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་དང༌། བུམ་པས་རིགས་ལྔའི་ཆུ་རྒྱུན་གྱིས་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང༌། ཅོད་པན་གྱིས་ཡོན་ཏན་རྫོགས་ཤིང་གདུག་པ་འདུལ་བ་དང༌། ཕྲེང་བས་གཟུངས་ཏིང་སོགས་འབྲས་ཆོས་རྫོགས་པར་དང༌། གོ་ཆས་རྒོལ་བས་མི་ཚུགས་པར་དང༌། རྒྱལ་མཚན་གྱིས་ལོག་ལྟ་ཅན་ཟིལ་གྱིས་གནོན་པར་དང༌། གདུགས་ཀྱིས་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་དང༌། ཕྱག་རྒྱས་རྟོག་པ་ལྷའི་ངོ་བོར་དག་པར་དང༌། བཟའ་བཏུང་གིས་འདོད་ཡོན་ཡེ་ཤེས་སུ་རོལ་པའི་མཐུ་ཐོབ་པར་བསམ་པ་རྣམས་ཕན་དབང་གི་དགོངས་པ་ཡིན་ལ། དེར་མ་ཟད་དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་དེ་ལྟར་དགོངས་པ་མཛད་པར་དམིགས་དགོས་ཏེ། ཕན་དབང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལས་ཐོབ་པར་བཤད་པའི་གོ་དོན་ཡང་དེའི་སྟེང་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལ་དགོངས་ནས་ཕན་དབང་གི་མཚམས་སྦྱོར་དུ་ཡང་སློབ་དཔོན་གྱིས་དཀྱིལ་འཁོར་བསྐོར་ཞིང་བསྟོད་ནས་དབང་བསྐུར་བའི་དོན་དུ་དགོངས་ཤིང་བྱིན་གྱིས་རློབ་པར་གསོལ་བ་འདེབས་ཚུལ་འབྱུང་བ་ཡིན་ནོ།།ནུས་དབང་གི་ཏིང་ངེ་འཛིན་ནི། སློབ་བུའི་མཚུངས་ལྡན་གྱི་རྒྱུ་རྣམས་ཀྱི་གནས་སུ་དབང་རྫས་རབ་གནས་ལ་བཤད་པའི་རིགས་གང་ཡིན་གྱི་ཚོམ་བུའི་དཀྱིལ་འཁོར་གསལ་སྤྲོ་བསྟིམས་ནས་སློབ་མ་རིགས་བཞིའི་གཙོ་བོ་དང་ཀུན་ཏུ་བཟང་པོར་བྱིན་གྱིས་རློབ་པའོ།།ཟབ་དབང་གསུམ་ལས། གསང་དབང་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་སྐུ་ཕྲ་མོ་ཏིལ་གོང་ཕྱེ་བ་ལྟ་བུར་གྱུར་པ་སྙིང་གའི་འཁོར་ལོ་ལ་བསྟིམས་པས་དེ་ན་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་ནས་སེམས་ཉིད་འོད་གསལ་གྱི་དཀྱིལ་འཁོར་དུ་བསྒྱུར་བ་དང༌། ཤེར་དབང་ལ་ཕྱག་རྒྱའི་ཐབས་ཀྱིས་མཚོན་པའི་དཔེའི་ཡེ་ཤེས་རྟོགས་པ་དང༌། དབང་བཞི་པར་མས་བརྟན་གྱི་དགའ་བའི་མཐའི་ལྷན་སྐྱེས་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་གི་དཀྱིལ་འཁོར་མཐར་ཐུག་ངོ་སྤྲོད་པའི་དགོངས་པའོ།།སྒྱུ་འཕྲུལ་ཐལ་བ་ལས་དབང་བཞི་པ་བསྐུར་དུས་དགའ་བཞི་མཚན་དཔེ་དང་མངོན་ཤེས་དྲུག་ལྡན་དུ་ངོ་སྤྲོད་ཚུལ་གསུངས་ཤིང༌། དེ་འདྲ་དེ་བླ་མ་བསུ་སྐྱེལ་སོགས་དང་རྣམ་གནས་ཡིད་བྱེད་ཀྱིས་མཚན་དཔེ་དང་མངོན་ཤེས་སྒྲུབ་པའི་ཕྱོགས་དང་ཐུན་མོང་མ་ཡིན་པར་ཀུན་མཁྱེན་ཆེན་པོ་བཞེད་དེ། མདོར་ན་སྔར་ཐབས་གྲོལ་དུ་བཤད་པའི་ཡེ་ཤེས་ཀྱི་15སྐུ་དང་མི་འགྱུར་བའི་བདེ་བའི་ཐུགས་གཉིས་ངོ་བོ་གཅིག་ཏུ་གྱུར་པའི་ཟུང་འཇུག་གི་གོ་འཕང་ངོ་སྤྲོད་པར་གསལ་ལ། དེ་ལྟར་ངོ་སྤྲོད་བྱེད་ཀྱི་དགའ་བཞི་དངོས་ནི་གླེང་བསླང་གི་ཐད་དང་བསྒྲིགས་ན་མས་བརྟན་ལ་བྱེད་དགོས་པར་མངོན་ཏེ། དེའི་སྟེང་ནས་ངོ་སྤྲོད་ཚུལ་ནི། ད་ལྟ་དབང་དུས་སུ་སྐྱེས་པའི་དགའ་བཞི་འདི་དག་གི་རྒྱུན་གོམས་པ་ལས་ཡས་བབས་ཀྱི་དགའ་བ་བཞི་གནས་སྐབས་བཅུ་དྲུག་དང༌། རྟེན་གྱི་དབྱེ་བ་སུམ་ཅུ་རྩ་གཉིས་ཡེ་ཤེས་ཀྱི་རོ་ཉམས་བརྒྱད་ཅུ་མཚན་དཔེའི་རྒྱུ་ཚོགས་ཀྱི་ནུས་པ་ཐམས་ཅད་པ་ལས་བྱུང་བའི་མས་བརྟན་གྱི་ཡེ་ཤེས་མཚན་དཔེ་དང་མངོན་ཤེས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་བ་ཡིན་ཞེས་མཚོན་པར་བྱེད་པ་སྟེ། ད་དུང་རྡོ་རྗེ་ལས་རིམ་ལས།ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་སོགས་ལྟར་མང་དུ་སྤྲོ་བར་བྱའོ།།

བཞི་པ་དེ་མ་ཐག་རྐྱེན་ནི། དབང་དེ་དག་གོ་རིམ་འཆོལ་བར་བསྐུར་དུ་མེད་ཀྱི། སྔ་མ་སྔ་མས་གོ་ཕྱེ་ནས་གདོད་ཕྱི་མ་ཕྱི་མ་བསྐུར་དགོས་པས་ཟབ་དབང་གི་དེ་མ་ཐག་རྐྱེན་ནུས་དབང་དང༌། ནུས་དབང་གི་དེ་མ་ཐག་རྐྱེན་ཕན་དབང་ཡིན་པ་སོགས་ཏེ། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་མི་རུང་བ་འདིའི་ཡང་ལུགས་ཡིན་པས་ཕན་དབང་དང་པོའི་དེ་མ་ཐག་རྐྱེན་དཀྱིལ་འཁོར་དུ་འཇུག་པ་ལ་བཞག་དགོས་པ་སོགས་ཀྱང་འདོད་ཆོག་གམ་སྙམ་མོ།།དེ་ལྟར་ན་དབང་བསྐུར་ཡུལ་ཁམས་དྲུག་ལྡན་གྱི་རྟེན་ཅན་མིན་ན་མཚུངས་ལྡན་གྱི་རྒྱུ་མ་ཚང༌། དབང་རྫས་མ་ཚོགས་པའམ་ཚོགས་ཀྱང་ལྷག་གནས་མ་བྱས་ན་ལྷན་ཅིག་བྱེད་རྒྱུ་མ་ཚང༌། སྔོན་དུ་སློབ་བུའི་རྒྱུད་སྦྱངས་ཤིང་སྨིན་པ་མ་སོང་ན་རྒྱུའི་རྐྱེན་དང༌། སློབ་དཔོན་གྱིས་སྔོན་དུ་བསྙེན་པ་སོགས་མ་སོང་ན་དཀྱིལ་འཁོར་གྱི་ལས་ལ་མི་དབང་བས་བདག་པོ་དང༌། ཡུལ་རྟེན་དེ་དག་འཛོམས་ཀྱང་སློབ་དཔོན་གྱིས་རྫས་སྔགས་ཏིང་འཛིན་ཚང་བར་འདུས་མ་བྱས་པ་དང༌། བྱས་ཀྱང་སློབ་བུས་དེ་ལ་ཡིད་གཏད་ནས་མོས་པ་མ་བསྒོམས་ན་དམིགས་རྐྱེན་དང་དམིགས་རྐྱེན་དུ་འགྲོ་བའི་ཡན་ལག་དང༌། དབང་གི་གོ་རིམ་འཁྲུགས་ཤིང་བར་དུ་འགའ་ཞིག་ཆད་ན་དེ་མ་ཐག་རྐྱེན་མ་ཚང་བར་འགྱུར་ལ། ཤིང་རྟ་འཕང་ལོ་ཉམས་པ་ལྟར་རྒྱུ་ཚོགས་ཀྱི་ཡན་ལག་མ་ཚང་ན་དགོས་པ་བྱེད་མི་ནུས་པས་ཐམས་ཅད་ཚང་བ་གཅེས་སོ།།དེ་ལྟར་ཚང་བ་ལས་ལག་རྗེས་ཀྱི་ཁྱད་པར་གང་དང་གང་འབྱུང་བ་ནི། ཕན་དབང་གིས་སྤྱིར་གསང་སྔགས་ཀྱི་རིགས་སུ་ངེས་པར་བྱེད་ཅིང་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་ཙམ་མཉན་པ་ལ་དབང་བ་དང༌། ཉན་སྒོམ་གྱི་དབང་གིས་ནང་ལུས་ལ་ལྷ་ཚོགས་རྒྱས་པར་བཀོད་པའི་སྣང་བྱེད་ཀྱི་བསྐྱེད་རིམ་སོགས་ཉན་སྒོམ་ལ་དབང་བར་བྱེད། ནུས་དབང་ལྷག་མ་གསུམ་གྱིས་སློབ་དཔོན་གྱི་གོ་འཕང་སྦྱིན་པར་མཚུངས་ཀྱང་འཆད་ཕྲིན་གཉིས་ཀྱིས་རྒྱུད་འཆད་པ་དང༌། ལས་ཕྲ་མོ་སྒྲུབ་པ་ཙམ་ལ་དབང་བར་བྱེད་ལ། དེ་ཙམ་གྱིས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་གྱུར་པ་མིན་ཞིང༌། རྡོ་རྗེ་རྒྱལ་པོའི་དབང་གིས་དཀྱིལ་འཁོར་གྱི་ལས་རབ་འབྱམས་ལ་དབང་བར་བྱས་པས་མི་འདྲའོ།། གསང་དབང་གིས་སྟེང་སྒོའི་རྫོགས་རིམ་མམ་རང་ལུས་ལ་གནད་དུ་བསྣུན་པ་ལ་དང༌། ཤེར་དབང་གིས་འོག་སྒོའི་ལམ་མམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་ལ་དབང་བསྒྲུབ་པར་གསུངས་ཏེ། གྲོལ་ལམ་དང་སྦྱར་ན། གསང་དབང་གི་ལམ་རྫོགས་རིམ་པའི་སྟོང་ཆེན་སོགས་ཏིང་ངེ་འཛིན་དང་པོ་བཞི་དང༌། ཤེར་དབང་གི་ལམ་ཚོགས་སྒྲུབ་ནས་འཇོག་པ་འདྲ་ཞིང༌། གང་ལྟར་ཡང་དབང་བཞི་པས་གསང་ཤེར་གྱི་ལམ་དུ་ཐོབ་པའི་ཡེ་ཤེས་དེ་དག་འགྱུར་མེད་ཀྱི་བདེ་བར་སོང་བའི་སྒོ་ནས་ཤིན་ཏུ་བརྟན་པར་བྱེད་དེ། དབང་བཞིའི་ལམ་གྱི་རྟོགས་པ་འདི་དག་ཐོག་མར་སྐྱེ་བ་ལ་གོ་རིམ་གྱི་ངེས་པ་ཡོད་ཀྱང༌། གསང་དབང་གི་ལམ་པ་དང་བུམ་དབང་གི་ལམ་པ་འགལ་བ་སོགས་མི་གཞེད་དམ་སྙམ་དུ་སེམས་མོད་ཀྱི་ཟབ་མོའི་གནས་ལ་ཁ་ཚོན་མི་ཆོད་པས་གཟུར་གནས་མཁས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ།།དབང་དེ་རྣམས་མ་སྨིན་པ་སྨིན་བྱེད་ཀྱི་དབང་དུ་བསྐུར་ན་རྒྱུའི་དབང་ཞེས་བྱ་ལ། སྨིན་ཟིན་གྱི་ནུས་པ་གོང་འཕེལ་དུ་བྱ་བའི་ཕྱིར་དང༌། རྩ་ལྟུང་བྱུང་ནས་སྔགས་སྡོམ་སླར་གསོ་བའི་ཆེད་དུ་བླ་མ་ལས་ནོད་པའམ་རང་ཉིད་ལེན་པ་ནི་ལམ་གྱི་དབང་དང༌། མཐར་ལམ་པས་རིགས་བདག་དྲུག་པ་དངོས་ལས་ནོད་པ་ནི་འབྲས་བུའི་དབང་ཞེས་བྱའོ།།

ལྔ་པ་དམ་ཚིག་བཤད་པ།

ལྔ་པ་དམ་ཚིག་ནི། སྟོན་པ་རྡོ་རྗེ་འཆང་གིས་ཁྲིམས་སུ་བཅས་ཤིང་སྔགས་པ་རྣམས་ཀྱིས་བསྲུང་བྱར་གྱུར་པའི་བསླབ་གཞི་ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང༌། །རྨི་ལམ་དུ་ཡང་དམ་ཚིག་བརྗོད།།དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པ་ལྟར་རྡོ་རྗེ་གསུམ་གྱི་བརྟུལ་ཞུགས་ལ་གནས་པའི་ཆ་ནས་དམ་ཚིག་དང༌། རྒྱུད་མི་མཐུན་ཕྱོགས་ལས་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་ནོ། །དེ་སྲུང་བ་ལ་དང་པོ་བླ་མ་ལས་སྔགས་སྡོམ་ཐོབ་པ་མེད་དུ་མི་རུང་ཞིང༌། དེ་ལ་ཐོབ་པའི་དུས་མཚམས་ཤེས་ནས་ཐོབ་བློ་སྐྱེ་བ་གལ་ཆེ་སྟེ། དུས་མཚམས་ནི་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་དབང་གི་སྔ་རོལ་དུ་དང་པོར་ཐུན་མོང་གི་སྡོམ་བཟུང་དང༌། དེ་ནས་ཁྱད་པར་གྱི་སྡོམ་བཟུང་ལན་གསུམ་རེ་བརྗོད་པའི་མཐའ་ལ་སྐྱེ་བར་བཞེད་ཀྱང༌། ལུགས་འདིར་རྡོ་རྗེ་ལས་རིམ་ལས༌།རང་བཞིན་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་བརླབས་ལ།།དམ་ཚིག་སྡོམ་པ་མཆོག་ཅེས་བཤད། །ཅེས་པ་ལྟར་དཀྱིལ་འཁོར་དུ་འཇུག་པའི་སྐབས་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱིན་པ་ཉིད་སྡོམ་བཟུང་དུ་བཞེད་པས་དེའི་མཐར་སྐྱེ་བ་ཡིན་ནོ།།དེ་ལ་དམ་པ་ཁ་ཅིག་ནི། སྡོམ་བཟུང་གི་དུས་སུ་སྔགས་སྡོམ་ཐོབ་ཀྱང་སྔགས་སྡོམ་མཐའ་དག་དེར་བཟུང་བ་ནི་མ་ཡིན་ཏེ། ད་དུང་དབང་སོ་སོའི་ངོ་སྐལ་གྱི་སྡོམ་པ་མི་འདྲ་བ་མང་པོ་བཟུང་དགོས་པའི་ཕྱིར་ཞེས་གསུངས་ལ། ཁ་ཅིག་ནི། སྔགས་སྡོམ་ལ་རིས་མི་འདྲ་བ་མང་པོ་མེད་ཀྱི་གཅིག་ཏུ་ཟད་ལ། དེ་ཁས་བླང་གི་བཟུང་བའི་མཐར་ཐོབ་ཀྱང་དབང་སྐུར་དང་མ་འབྲེལ་བའི་ཁས་བླང་གི་བརྗོད་པ་ལན་གསུམ་ཙམ་གྱིས་འཐོབ་པ་མིན་ཞིང༌། ཁས་བླང་གི་ཐོབ་པའི་འོག་ཏུ་དབང་རྣམས་བསྐུར་བས་སྡོམ་རྒྱུན་གོང་འཕེལ་དུ་འགྲོ་བ་ཡིན་ཞེས་གསུངས་སོ། །ཐུན་མོང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་དབུལ་གསུམ་གྱི་སྐབས་སུ་སྐྱེ་བར་བཤད་ཀྱང་དམ་ཚིག་གསུམ་བཀོད་དང་བསྟུན་ན་རུང་ཙམ་སྣང་ཡང་འདིའི་སྐོར་དུ་དེ་ལྟར་བཤད་པ་མ་མཐོང་ངོ༌། །སྤྱིར་དམ་ཚིག་གི་རྣམ་གྲངས་མཐའ་ཡས་ཀྱང་བསྡུས་ན་རྩ་བ་དང་ཡན་ལག་གཉིས་སུ་འདུ་ལ། དེའང་རྒྱུད་གཞུང་འདི་ཉིད་ལས་གྲགས་པ་ལྟར་ན།

རྩ་བའི་དམ་ཚིག་ལྔ་དང༌། ཡན་ལག་གི་དམ་ཚིག་བཅུའོ།། དང་པོ་ནི།ལེའུ་བཅུ་དགུ་པ་ལས།བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད།།ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ།།འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་སྲུང་བའི་དམ་ཚིག་མཆོག །ཅེས་གསུངས་པ་ལྟར།

བླ་མེད་མི་སྤང་བ། བླ་མ་བཀུར་བ། སྔགས་རྒྱ་རྒྱུན་མི་གཅོད་པ། མཆེད་ལ་བྱམས་པ། གསང་བ་མི་སྨྲ་བ་སྟེ་ལྔ་ལས། དང་པོ་ནི།བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་བསྐྱེད་པའམ་བྱང་ཆུབ་ཆེན་པོར་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་སེམས་བསྐྱེད་པ་མི་སྤོང་བ་སྟེ། སེམས་ཀྱི་རང་བཞིན་བྱང་ཆུབ་ཏུ་རྟོགས་པའི་ལྟ་བ་གཞིར་བཟུང་སྟེ་ཏིང་ངེ་འཛིན་གྱིས་རྒྱུན་དུ་གོམས་པར་བྱེད་པ་ལས་མི་འདའ་བའོ།།དེ་ལ་སེམས་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་དོན་དམ་སེམས་བསྐྱེད་དང༌། ཅིར་སྣང་སེམས་ཉིད་ཀྱི་རྣམ་རོལ་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤེས་པ་ཀུན་རྫོབ་སེམས་བསྐྱེད་གཉིས་ཡོད་དེ། རིམ་བཞིན་ཟབ་པ་དང་རྒྱ་ཆེ་བའི་སེམས་གཉིས་སོ།།སེམས་དེ་གཉིས་མཐར་ཕྱིན་པར་གདུལ་བྱས་མྱུར་དུ་འགྲུབ་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་ཤིན་ཏུ་རྣམ་དག་གི་བདེན་གཉིས་ཟུང་འཇུག་ལྷའི་རྣམ་པར་བྱིན་གྱིས་བརླབས་པ་ལ་དེ་ལྟར་ཤེས་ནས་བསྒོམ་ན་བླ་མེད་བྱང་ཆུབ་ཀྱི་སེམས་གཉིས་ཀ་དེར་འདུ་བར་སྔོན་གྱི་མཁས་གྲུབ་དག་གིས་གསུངས་ཏེ། འདིར་ཀུན་རྫོབ་བྱང་སེམས་གཙོ་བོར་སྒོམ་པའི་ཚེ་ཡང་སྣང་བ་རང་རྒྱུད་པ་མ་ཡིན་པར་ལྷག་པ་ཀུན་རྫོབ་ཅེས་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་བསྒོམས་པས་དོན་དམ་སེམས་བསྐྱེད་ཀྱི་སྙིང་པོ་ཅན་ཡིན་ལ། དོན་དམ་སེམས་བསྐྱེད་ལ་མཉམ་པར་འཇོག་པ་ན་ཡང་ཐ་མལ་བའི་དངོས་སྣང་གི་རང་བཞིན་སྟོང་པར་སྒོམ་པ་དང་མི་འདྲ་བར་དག་པའི་དཀྱིལ་འཁོར་ཐམས་ཅད་དོན་དམ་འོད་གསལ་ཀྱི་ཐིག་ལེ་གཅིག་ཏུ་བསྡུས་ནས་སྒོམ་པ་ཡིན་པས་ཀུན་རྫོབ་སེམས་བསྐྱེད་ཀྱི་སྙིང་པོ་ཅན་ཏེ། ཚུལ་དེ་ལྟ་བུས་བྱང་ཆུབ་ཀྱི་སེམས་གཉིས་སྐད་ཅིག་ཙམ་ཡང་ཡ་བྲལ་དུ་མ་སོང་བའི་སྒོ་ནས་ཚོགས་གཉིས་རླབས་པོ་ཆེ་བསྡུ་བ་ལ་བསླབ་པར་བྱའོ། །གསང་བ་བླ་མེད་འདིར་བཅས་མཚམས་ཐུན་མོང་མ་ཡིན་པ་འདི་ལྟ་བུ་ཡོད་པ་ལ་དགོངས་ནས།བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དམ་ཚིག་བསྲུང་ན་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པ་དང་ཀུན་ཏུ་བཟང་པོའི་རྒྱལ་སྲིད་ལག་མཐིལ་ན་གནས་པ་ལྟ་བུར་གསུངས་པ་ཡིན་ཏེ། འདུལ་སྡོམ་འདུས་པའི་ཆེ་བ་དང༌། སྤྱོད་སྒོ་ཡངས་པའི་ཆེ་བ་བཤད་པ་རྣམས་ཀྱང་གནད་འདི་ལ་གཏུག་དགོས་པར་དམ་བསྒྲགས་ཀྱི་སྐབས་ལས་ཤེས་ཤིང༌། རྩ་བའི་དམ་ཚིག་ལྷག་མ་བཞི་ཡང་འདིའི་ཆེད་དུ་བཅས་པར་སྣང་ངོ༌།། གཉིས་པ་བླ་མ་བཀུར་བ་ནི།བཀུར་བའི་ཡུལ་ལ་བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་པ་ལྟར། དབང་བསྐུར་བ་རྒྱུད་འཆད་པ། སྙིང་པོའི་དོན་གྱི་མན་ངག་སྟོན་པ་སྟེ། རྡོ་རྗེ་ཐེག་པའི་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་གང་ཡིན་ཡང་སངས་རྒྱས་ཐམས་ཅད་དང་མཉམ་པར་བལྟས་ནས་དངོས་པོ་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པའོ།།བླ་མ་སངས་རྒྱས་ཐམས་ཅད་དང་མཉམ་ཚུལ་ནི། སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཞུགས་ནས་དགོངས་པ་གཅིག་གིས་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ཡིན་ཏེ། འདི་ཉིད་ལས།དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན།།ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་སོགས་མང་ངོ༌། །དེ་ལ་དགོངས་ནས་སངས་རྒྱས་མཉམ་སྦྱོར་ལས་ཀྱང༌།བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ལེགས་མཆོད་པས།།དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་སོགས་སྔགས་ཀྱི་ཐེག་པས་འགྲོ་བ་རྣམས་ལ་ཚོགས་མྱུར་དུ་རྫོགས་པར་བྱེད་པའི་ཐབས་འདི་དང་མཉམ་པ་གཞན་མེད་པར་ཡང་ཡང་གསུངས་ཏེ། མཆོད་པས་བསྙེན་བཀུར་ཚུལ་ལ། རྙེད་བཀུར་གཉིས་དང་རིམ་གྲོ་སོགས་སྒོ་མང་པོ་ཡོད་དོ། །གཙོ་བོའི་དབང་དུ་བཏང་ན་དེ་ལྟར་ཡིན་ཡང༌། སྤྱིར་བླ་མ་བཀུར་ཞེས་པའི་བླ་མ་ལ་གསང་སྔགས་སྟོན་པ་ལས་གཞན་ཡང་ཡོད་པ་མི་འགལ་ཏེ། དཔེར་ན་གང་ཞིག་སྨད་པས་སྔགས་ཀྱི་རྩ་ལྟུང་འབྱུང་བའི་ཆོས་ལ་གསང་སྔགས་ཀྱི་ཆོས་ཤིག་མི་དགོས་པར། རང་ངམ་གཞན་གྱི་གྲུབ་པའི་མཐའི། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་བཤད་པ་བཞིན་ནོ།།དེས་ན་དམ་ཚིག་གསལ་བཀྲ་ལས་འདིར་བསྟན་བླ་མའི་དབྱེ་བ་དང་དེ་དག་བཀུར་བའི་ཚུལ་དྲུག་ཏུ་བཤད་དེ། འགྲོ་བ་མང་པོའི་འདྲེན་པར་གྱུར་ཅིང་རང་གིས་ཀྱང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་བླ་མ་སྟེ་ཡུལ་ཁམས་སྐྱོང་བའི་རྒྱལ་པོ་ལྟ་བུར་བཀུར་བ་དང༌། དེ་བཞིན་དུ་རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་སྟེ་ཁུ་བོ་དང༌། དམ་ཚིག་འབོགས་ཤིང་དབང་བསྐུར་བ་དམ་ཚིག་དབང་གི་སྟེ་ཕ་དང༌། ལྟུང་བ་ཕྱིར་བཅོས་ཀྱི་ཡུལ་དུ་གྱུར་པ་ཉམས་ཆགས་སྐོང་བའི་སྟེ་མ་དང༌། གཞུང་དོན་གསལ་བར་བཀྲོལ་ནས་སྟོན་པ་ཤེས་རྒྱུད་འགྲོལ་བའི་སྟེ་མིག་དང༌། ཟབ་དོན་སྙིང་པོའི་མན་ངག་འབོགས་པ་མན་ངག་ལུང་གི་སློབ་དཔོན་ཏེ་སྙིང་ལས་ལྷག་པའི་ཚུལ་དུ་བལྟས་ནས་བཀུར་བ་རྣམས་ཏེ། འདིར་དཔེ་དོན་ལ་འདྲ་ཆོས་བརྩི་ལུགས་ཀྱི་གསུང་སྒྲོས་ཀྱང་ཡོད་དེ་གོ་སླ་བས་མ་སྨྲོས་སོ། །ཡང་ན་རྒྱུད་ལས་དངོས་བསྟན་གྱི་བླ་མ་ཕྱི་མ་རྣམས་ཡིན་ཡང༌། བླ་མར་གྱུར་པ་གཅིག་ལ་བརྙས་ན་དེའི་རྒྱུ་མཐུན་འཕེལ་ནས་གཞན་ལའང་སྲུང་དཀའ་བས་སྤྱིའི་སློབ་དཔོན་སོགས་ཀྱང་ཞར་བྱུང་དུ་བསྟན་ཞེས་བཤད་པར་བྱའོ།།

གསུམ་པ་སྔགས་རྒྱ་རྒྱུན་མི་གཅོད་པ་ནི།གོང་དུ་བརྗོད་པའི་བླ་མེད་བྱང་ཆུབ་ཀྱི་སེམས་དེ་ཡང་སྔགས་དང་ཕྱག་རྒྱའི་ཡན་ལག་དང་བྲལ་ན་མདའ་སྒྲོ་མེད་བསྣུན་ཡང་ཚབས་ཆུང་བ་བཞིན་དུ་དངོས་གྲུབ་སྒྲུབ་པའི་རྩལ་ཤུགས་ཆེར་མི་བྱུང་བས་བླ་མེད་མི་སྤང་ཞེས་པའི་ཚིག་ཟུར་གྱི་བླ་མེད་བསྒྲུབ་བྱ་དང་སྔགས་རྒྱ་སྒྲུབ་བྱེད་དུ་དཀོན་མཆོག་འགྲེལ་ལས་གསུངས་ཏེ། དེའི་ཕྱིར་འཆད་པར་འགྱུར་བའི་སྔགས་གསུམ་དང་ཕྱག་རྒྱ་བཞི་པོ་སྒོམ་བཟླས་འཆིང་གསུམ་གྱི་སྒོ་ནས་ཉམས་སུ་བླང་བ་ལ་བརྩོན་དགོས་སོ། །དེའང་བརྩོན་པས་ཉམས་སུ་བླང་ན་དངོས་གྲུབ་འབྱུང་བ་ཙམ་དུ་མ་ཟད་ཀྱི་མ་བརྩོན་ན་བཅས་འགལ་གྱི་ལྟུང་བ་སྐྱེད་པ་ཡིན་ལ། །དེ་སྐྱེད་པའི་མཚམས་ཀྱང་དམ་ཚིག་གསལ་བཀྲའི་ཚིག་རིས་ལས་དཔགས་ན། བླ་མེད་མི་སྤང་ཉིན་རེར་དུས་གསུམ་དུ་མ་དྲན་པ་དང་སྔགས་རྒྱ་ར་བ་བཞིའི་དུས་མཚམས་ཡོལ་བ་ནས་འཇོག་སྟེ། ཚོགས་གཏོར་ཡང་ལོ་ལས་འདས་པར་ཆག་ན་དེ་བཞིན་ནོ། །བསྲུང་ན་ཡོན་ཏན་འཐོབ་པར་མ་ཟད་འདས་པ་ལས་ལྟུང་བ་འབྱུང་བའི་ཚུལ་འདི་བླ་མ་བཀུར་བ་སོགས་ལྷག་མ་རྣམས་ལའང་ཤེས་པར་བྱའོ།།

བཞི་པ་མཆེད་ལ་བྱམས་པ་ནི། ཡུལ་ལ་སྤྱི་རིང་ཉེ་འདྲེས་ཀྱི་སྤུན་བཞི་ལས། སྤྱིའི་མཆེད་ནི་སེམས་ཅན་ཐམས་ཅད་དེ། བདེ་གཤེགས་སྙིང་པོའི་གདུང་གཅིག་པ་དང༌། མ་འོངས་པ་ན་ཐམས་ཅད་མཁྱེན་པར་འགྱུར་བ་རྒྱུ་མཚན་དུ་བཟུང་ནས་བྱམས་ཤིང་གུས་པར་བྱ་བར་གསལ་བཀྲ་ལས་བཤད་དེ། སེམས་ཅན་ལ་བརྟེན་པའི་སྡིག་ལྟུང་མཐའ་དག་སྡོམ་པའི་ཐབས་ཆེན་པོའོ། །རིང་བའི་མཆེད་ནི་ཆོས་འདི་པ་རྣམས་ཏེ། བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པའི་འཁོར་ཡིན་ནོ་སྙམ་དུ་དང༌། ཉེ་བའི་མཆེད་ནི་སྔགས་ཀྱི་ཐེག་པ་རྣམས་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་ལ་གནས་པའོ་སྙམ་དུ་དང༌། ནང་འདྲེས་པའི་མཆེད་ལ་བླ་མ་གཅིག་པ་ཕ་གཅིག་གི་སྤུན་ནི་གསལ་བཀྲ་ལས་དངོས་སུ་བཤད་ལ། དེས་དཀྱིལ་འཁོར་གཅིག་པ་མ་གཅིག་གི་སྤུན་ཡང་མཚོན་ཞེས་མཁས་པ་དག་གསུངས་ཏེ། དེ་གཉིས་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུ་དམ་ཚིག་གི་སྲོག་རྩ་གཅིག་གིས་སྦྲེལ་བའི་འདུ་ཤེས་ཀྱིས་ལྷག་པར་ཡང་སྒོ་གསུམ་གྱིས་བྱམས་པར་བྱའོ། །དེ་དག་གང་ལ་བྱམས་པ་ལས་འདས་ཀྱང་དམ་ཚིག་ཉམས་པའི་ཉེས་པར་འགྱུར་མོད་ཀྱི། སྐབས་འདིར་བསྟན་གྱི་མཆེད་དངོས་ནི་ཐེག་ཆེན་པ་ཁོ་ན་རོང་ཟོམ་ཆེན་པོས་བཞེད་ལ། ཡང་དག་ལམ་དུ་ཞུགས་པ་ཞེས་གསུང་པ་དང་ལེའུ་བཅུ་གསུམ་པར་ཕར་ཕྱིན་ཐེག་པ་བ་ལ་ཡང་དག་ཉིད་མ་རྟོགས་པ་ཞེས་གསུངས་པའི་ཤུགས་ཀྱིས་ཡང་དག་རྟོགས་པའི་ལམ་གསང་སྔགས་སུ་གོ་ནུས་པ་བསྒྲིགས་ན་ཐེག་ཆེན་གསང་སྔགས་པ་འབའ་ཞིག་ཡིན་པ་འདྲའོ།།

ལྔ་པ་གསང་བ་མི་སྨྲ་བ་ནི། གསང་ཞེས་པ་བཤད་གཞིར་བཟུང༌། གང་གསང་བ་ནི་གསང་བའི་དོན་ཞེས་པས་བསྟན། གང་ལ་གསང་བ་ནི་ཕྱིར་ཞེས་པས་བསྟན་ཏེ། སྣོད་ཀྱི་མཚན་ཉིད་ལས་ཕྱིར་གྱུར་པའོ། །ཇི་ལྟར་གསང་བ་ནི། སྨྲ་མི་བྱ་ཞེས་པས་བསྟན་ཏོ། །དེ་དག་ཕྱེ་ན། ཡུལ་ནི་དམ་ཚིག་ཕྲ་རྒྱས་ལས།དམ་ཉམས་དམ་ལས་ལོག་པ་དང༌། །དམ་མེད་དཀྱིལ་འཁོར་མ་མཐོང་དང༌།།འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །གང་གསང་བ་ལ། སྤྱིར་གསང་བཞི་དང༌། བར་གསང་བཞི་དང༌། གསང་བར་འོས་པ་དང༌། གཉེར་གཏད་པ་གཉིས་ཏེ་བཅུར་བཤད་པའི་དང་པོ་ནི། ལྟ་བ་ཟབ་མོ་དང་སྤྱོད་པ་བརླང་པོ་གཉིས་ནི་བློ་དམན་དང་མ་འདྲེས་པ་ལ་གསང༌། ཡི་དམ་གྱི་ལྷ་སྔགས་དང་གྲུབ་རྟགས་ནི་འདྲེས་དང་མ་འདྲེས་ཐམས་ཅད་ལ་གསང་བར་གསུངས་ཏེ། དུས་ནམ་ཡང་དེ་ལྟར་གསང་དགོས་སོ།།གཉིས་པ་ནི། སྒྲུབ་པའི་གནས། དུས། གྲོགས། རྫས་རྣམས་ཏེ་སྒྲུབ་པ་ཇི་སྲིད་དུ་གསང་ངོ༌། །གསང་བར་འོས་པ་ནི་བླ་མ་དང་མཆེད་ལ་ཕ་རོལ་མ་དད་པར་འགྱུར་བའམ་འགྱུར་དུ་དོགས་པའི་ཀུན་སྤྱོད་སོགས་དང༌། གསང་བར་གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་འདི་གཞན་ལ་མ་སྨྲ་ཞེས་བསྒོ་བ་རྣམས་སོ།།སྒྲུབ་རྫས་སྣོད་མིན་གྱི་མིག་ལ་མི་བསྟན་པའང་དམ་ཚིག་ཆེན་པོ་ཡིན་མོད་དེ། སྐབས་འདིའི་དངོས་བསྟན་ནི་གསང་དོན་རྣ་བར་མི་སྨྲ་བ་ཉིད་དོ། །སྔགས་ཀྱི་དངོས་གྲུབ་མི་འགྲུབ་པའི་རྒྱུའི་ནང་ན་སྣོད་མིན་ལ་གསང་བ་སྟོན་པ་དང༌། བླ་མ་སྨོད་པ་ལས་ཐུ་བ་གང་ཡང་མེད་པར་དགོངས་ཏེ་འདི་ཉིད་ཀྱི་དབང་གི་སྐབས་སུ་ཡང༌།སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ།།ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ།།ང་ལ་བརྙས་དང་སྨོད་མི་རུང༌། །ཞེས་འབུར་དོད་དུ་གསུངས་སོ། །དེ་དག་ཀྱང་བསྡུས་ན་གཉིས་པ་དང་བཞི་པ་ལྔ་པ་རྣམས་སྲུང་བའི་དམ་ཚིག །དང་པོ་དང་གསུམ་པ་སྒྲུབ་པའི་དམ་ཚིག་གོ །རྡོ་རྗེ་གསུམ་གྱི་དམ་ཚིག་ཏུ་བསྡུས་ན། གཉིས་པ་དང་བཞི་པ་སྐུའི། གསུམ་པ་གསུང་གི །དང་པོ་དང་ལྔ་པ་ཐུགས་ཀྱི་དམ་ཚིག་ཏུ་བྱེད་པ་གྲགས་ཆེ་ལ། དང་པོ་གསུང་གི་དམ་ཚིག་ཏུ་བསྡུ་བའི་ལུགས་ཀྱང་ཡོད་དོ།།

དེ་ལྟར་རྩ་བ་ལྔ་པོའི་ཡན་ལག་ཏུ་གྱུར་པའི་དམ་ཚིག་ནི་བཅུ་སྟེ། མི་སྤང་པ་ལྔ་དང༌། མི་དོར་བ་ལྔའོ། །དང་པོ་ནི། གཏི་མུག་ཆགས་དང་ཞེ་སྡང་དང༌། །ང་རྒྱལ་ཕྲག་དོག་མི་སྤང་ངོ༌། །ཞེས་གསུངས་ཏེ། དེའི་དོན་ལ་གསལ་བཀྲ་ལས།མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་ལོག་དུག་ལྔ།། ཞེས་གཉིས་སུ་བཤད་པའི་དང་པོ་ཡང་དག་དུག་ལྔ་ནི། བླ་མེད་མི་སྤོང་བའི་གྲོགས་སམ་ཡན་ལག་ཏུ་དུག་ལྔ་དང་ཆ་འདྲ་བའི་ཐབས་ཀྱི་ཁྱད་པར་ལྔ་དང་མི་འབྲལ་བར་བྱ་བ་སྟེ། ལྔ་ནི་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་གཏི་མུག་དང༌། དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་འབྱུང་བ་འདོད་ཆགས། ཁ་ཅིག་ཏུ་ཆོས་ཉིད་མཉམ་པ་ཉིད་ལས་འབྲལ་མི་ཕོད་པ་འདོད་ཆགས་སུ་བཤད་པའང་ཡོད། རང་བྱུང་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པ་ཞེ་སྡང༌། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའམ་འཕང་མི་སྨོད་པ་ང་རྒྱལ། གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་དགོངས་ཀློང་དུ་མ་ཤོར་བ་ཕྲག་དོག་རྣམས་ཏེ། མདོར་ན་བླ་མེད་བྱང་སེམས་ནི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ལྷ་སྒོམ་པ་ཡིན་ཞིང༌། དེ་ལ་བར་དུ་གཅོད་པ་ནི་སྤོང་ལེན་ཕྱོགས་རིས་ཀྱི་ཞེན་སྣང་ཡིན་པས་དེ་མཉམ་པ་ཆེན་པོའི་ཐབས་མཁས་ཀྱིས་སྡོམ་པ་ལ་ལྔར་ཕྱེ་བ་འདྲ་ལ། དེ་ལྟར་བྱས་ན་བླ་མེད་མི་སྤོང་ནི་བསླབ་བྱའི་ཡུལ་དང༌། འདི་ལྔ་ནི་སློབ་ཚུལ་ཐབས་ཀྱི་ཁྱད་པར་དུ་འགྱུར་རོ།།

གཉིས་པ་ལོག་པའི་དུག་ལྔ་ནི། ཉོན་མོངས་པ་དུག་ལྔ་དངོས་ཏེ། དེ་རྣམས་དང་དུ་བླང་བ་ལ་མང་དུ་བཤད་ཀྱང་སྙིང་པོ་བསྡུས་ན། རྡོ་རྗེ་ལས།ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང༌།།ངང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་རང་བཞིན་ཤེས་པའི་སྒོ་ནས་དང་དུ་བླང་བར་གསུངས་པ་དང༌། རིག་འཛིན་གོང་མས་སྣུམ་གྱི་དོན་དུ་ཏིལ་མི་སྤོང་བ་ལྟ་བུར་གསུངས་པས་ཉོན་མོངས་ཐོལ་གྱིས་སྐྱེས་པ་ན་འཇིག་རྟེན་ཕལ་པ་ལྟར་དེའི་གཞན་དབང་དུ་མི་གཏོང༌། ཐེག་དམན་པ་ལྟར་དེ་ལ་དགྲར་མི་ལྟ་བ་སྒྲ་མཐུན་དོན་སྤགས་ལས་ཉོན་མོངས་རང་སྤྱིའི་གཏན་ཚིགས་ཀྱི་ཐད་དུ་བཤད་པ་ལྟར་ཤེས་པས་ཉོན་མོངས་དེ་ཉིད་ཀྱི་བཅུད་བླངས་པས་རང་སྐྱ་མི་ཐུབ་པར་ལན་ཚྭ་ཆུར་ཞུགས་པ་བཞིན་ཡེ་ཤེས་ཀྱི་དབྱིངས་སུ་རང་གྲོལ་བ་སྟེ་ཉོན་མོངས་པའི་བཅུད་ནི་འོད་གསལ་གྱི་ཡེ་ཤེས་ཡིན་པར་སྔར་བཤད་ཟིན་ཏོ།།

གཉིས་པ་མི་དོར་བ་ལྔ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་གསུངས་ཏེ། དེའི་དོན་ནི་སྨན་མཆོད་ལས།བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ།།པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེའི་ཆུ་སྟེ་ལས་ཀྱི་མཆོག།ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཞེས་སོ་སོའི་རིགས་ཀྱི་ངོས་འཛིན་དང་བཅས་བཤད་པའི་གྲུབ་པ་བཞི་ལྡན་གྱི་བདུད་རྩི་ཆེན་པོ་ལྔ་དག་མཉམ་རྟོགས་པའི་རྣལ་འབྱོར་གྱིས་དང་དུ་བླང་བར་བྱ་སྟེ། དེ་ལ་གྲུབ་པ་བཞི་ནི། རྫས་དེ་རྣམས་རང་བཞིན་རྣམ་དག་གི་དབྱིངས་ལས་ངོ་བོ་གཞན་དུ་མ་གྱུར་པས་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། སྔགས་ཀྱི་ཡེ་ཤེས་འཆར་བའི་རྟེན་ཁྱད་པར་ཅན་ཁམས་དྲུག་ལྡན་གྱི་ལུས་ལས་བྱུང་བའི་བཅུད་ལེན་གྱི་རྫས་ཁྱད་པར་ཅན་ཡིན་པས་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དམ་ཚིག་ཅན་གྱི་སྔགས་པས་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་སྦྱངས་རྟོགས་སྤར་གསུམ་བྱས་ཏེ་དངོས་གྲུབ་ཀྱི་རྫས་སུ་བྱིན་གྱིས་བརླབས་པས་ནུས་པའི་མཐུས་གྲུབ་པ། དེ་ལྟ་བུའི་རྫས་ལྔ་ལ་དམེ་བར་འཛིན་པའི་རྣམ་རྟོག་མཉམ་པའི་དམ་ཚིག་ལ་གུས་པ་དང་དག་མཉམ་གྱི་དགོངས་པས་ཟིལ་གྱིས་མནན་ཏེ་དང་དུ་ལེན་པ་ལ་དག་མཉམ་ཆེན་པོའི་ལམ་གྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་དང་དེའི་སྲས་རྣམས་སྤྱོད་ཡུལ་གཅིག་པར་དགོངས་ནས་ལྷག་པར་བྱིན་གྱིས་རློབ་པ་བྱིན་གྱིས་རླབས་ཀྱིས་གྲུབ་པ་དང་བཞི་ཡིན་ཏེ། རིམ་པ་བཞིན། ཐལ་རྒྱུད་ལས།དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་དང༌། རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཞེས་དང༌།ཤེས་རབ་ཏིང་འཛིན་ཐབས་དག་གི །ནུས་མཐུ་ངེས་པར་འབྱུང་བ་ཡིན། །ཞེས་དང༌།འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་གསུངས་སོ། །དེ་ལྟར་དང་དུ་བླངས་པས་གོང་དུ་སྨོས་པའི་རིམ་པ་བཞིན། ཚ་བ། མཛེ་ནད། གྲང་བ། གག་པ། དུག་ནད་དེ་ནད་ལྔ་སེལ་བ་དང༌། དེ་བཞིན་དུ་མི་བརྗེད་པའི་གཟུངས་དང༌། མཐུ་ཆེ་བ་དང༌། བཀྲག་གསོ་བ་དང༌། སྐད་སྙན་པ་དང༌། ཚེ་རིང་བ་སྟེ་ཡོན་ཏན་ལྔ་འབྱུང་བ་སོགས་ཀྱང་གསུངས་སོ། །དེ་ལྟར་ན་དུས་རྟག་ཏུ་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ཟབ་མོ་ལ་གནས་ཤིང༌། ནང་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དུག་ལྔ་དང༌། ཕྱི་འཇིག་རྟེན་ན་ཤིན་ཏུ་སྨད་པར་གྲགས་པའི་རྫས་ལྔ་སོགས་ཀྱང་དེ་ཉིད་རྩལ་སྦྱོང་གི་གྲོགས་སུ་འཁྱེར་བ་ལ་ཅི་ནུས་སུ་སློབ་པ་ནི་གསང་བ་སྒྱུ་འཕྲུལ་པའི་དམ་ཚིག་གི་ཀུན་སྤྱོད་ངེས་པའོ་ཞེས་ཤེས་པར་བྱའོ།།དམ་ཚིག་བཅོ་ལྔ་པོ་དེ་ལས་རྒྱས་པར་ཕྱེ་ན་སུམ་བརྒྱ་དྲུག་ཅུར་འགྱུར་ཚུལ་ཡང་ཡོད་དེ་གཞན་དུ་ཤེས་པར་བྱའོ། །ཇི་སྐད་བཤད་པའི་དམ་ཚིག་དེ་དག་མ་ཉམས་པར་བསྲུང་བ་དང༌། བརྒྱ་ལ་ཉམས་ན་ཕྱིར་འཆོས་པ་གཉིས་ཀྱིས་དམ་ཚིག་དག་པར་འགྱུར་ཏེ། དེ་ལ་སྲུང་བའི་ཐབས་ནི། རྒྱུད་ཉིད་ལས།རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཞེས་སོགས་དམ་ཚིག་ཉམས་པ་ལ་མཐོང་དང་མ་མཐོང་གི་ཉེས་དམིགས་བཀའ་སྩལ་པ་རྣམས་ཡང་ཡང་བསམ་ནས་འཇིགས་པ་དང༌།རྒྱལ་བའི་རིགས་མཆོག་འཛིན་པ་དེ། །ཞེས་སོགས་བསྲུང་བའི་ཕན་ཡོན་བསྟན་པ་རྣམས་བསམ་ནས་དོན་གཉེར་དང་སྤྲོ་བ་བསྐྱེད་ལ་སྲུང་འདོད་དྲག་པོ་མང་དུ་སྦྱང༌། དེ་ལྟར་བསམས་ཀྱང་འཇིགས་སྐྲག་དང་སྤྲོ་བ་ཆེར་མི་འབྱུང་ན་རྩ་བ་ལས་འབྲས་ཡིད་ཆེས་ཀྱི་དད་པ་ཆུང་བ་དང་ཀུན་བྱང་གི་སྐྱོན་ཡོན་མ་མཐོང་བས་ཡིན་ཕྱིར་དད་པ་མང་དུ་བསྒོམ། དྲན་ཤེས་བག་ཡོད་དང་ངོ་ཚ་ཁྲེལ་ཡོད་སོགས་སྲུང་ཐབས་ཀྱི་ཡན་ལག་གཞན་རྣམས་ཀྱང་སོ་སོའི་མན་ངག་བཞིན་དུ་བསླབ། ཕྱིར་བཅོས་ནི་རྩ་བའི་རྒྱུད་བསྡུས་པ་འདིར། ཉམས་ན་སྐོང་བས་རྫོགས་པ་དང༌། །ཞེས་དང༌། རྒྱུད་ཕྱི་མ་ལས།དོན་ཡོན་རྡོ་རྗེའི་རྣལ་འབྱོར་གྱིས། །དམ་ཚིག་སློང་བར་འདོད་པ་ཡིན། །ཞེས་པ་ཙམ་ལས་མ་གསུངས་ཀྱང་རྣལ་འབྱོར་སྤྱི་ཁྲུས་སོགས་གཞན་ནས་འབྱུང་བ་ལྟར་བྱའོ།།

དྲུག་པ་ཕྲིན་ལས་བཤད་པ།

དྲུག་པ་ཕྲིན་ལས་ནི། ཐུགས་ཐིག་ལས།ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ཞེས་པས་བྱམས་སོགས་ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་དངོས་སུ་སྒྲུབ་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །གསང་བདག་ཞལ་ལུང་དུ། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། །ཞེས་ཁོག་གཞུང་ལས་གསུངས་པ་དྲངས་ནས་ཕན་གདགས་པ་དང་ཚར་གཅོད་པ་གང་རུང་གི་སྒོ་ནས་བདག་གཞན་གྱི་དོན་སྒྲུབ་པའི་བྱ་བ་ཞེས་བཤད་དོ།།

དེ་ལ་དབྱེ་ན། བསྒྲུབ་བྱའི་ལས་ཀྱི་སྒོ་ནས་ཞི་སོགས་བཞི་སྟེ། དེ་རེ་རེ་ལ་ཡང་མཐའ་ཡས་པ་དབྱེར་ཡོད་ཀྱང༌། ཐུགས་ཐིག་ལས་ཞི་བ་ལ་ནད་དང་གདོན་བགེགས་དགྲ་ཞི་བའི་ལས་གསུམ་དང༌། རྒྱས་པ་ལ་གསོ་བ་དང་འཕེལ་བར་བྱ་བ་གཉིས་ཀྱི་སྔ་མ་ལ་ན་བ་གསོ་བ་ནས། ཤི་བ། ལོ་ཏོག སྲིའུ་གསོ་བ་སྟེ་བཞི། ཕྱི་མ་ལ་ཚེ། རིགས་བརྒྱུད། ལོངས་སྤྱོད། བསོད་ནམས་སྤེལ་བ་སྟེ་བཞི། དབང་ལ་གཟུངས་མ་སོགས་དགུག་པ་དང༌། ཡུལ་ཁམས་སོགས་དབང་དུ་བྱ་བ་སྟེ་གཉིས། མངོན་སྤྱོད་ལ་བསྐྲད་པ་དང༌། མནན་པ་དང༌། སྨྱོ་བར་བྱེད་པ་དང༌། བསྐམས་པ་དང༌། རྨོངས་པར་བྱེད་པ་དང༌། རེངས་པར་བྱེད་པ་རྣམས་བཤད་ལ། མངོན་སྤྱོད་ཀྱི་གཙོ་བོ་བསད་པ་ནི་རྒྱུད་ཉིད་དུ་གསུངས་སོ།།

བྱ་ཐབས་ཀྱི་སྒོ་ནས་དབྱེ་ན། མེ་དང༌། རྫས་དང༌། ལུ་གུ་རྒྱུད་དང༌། མཆོད་རྟེན་དང༌། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་ཁོག་གཞུང་ལས་བཤད་དེ། དེ་ལས་སྔ་མ་གསུམ་ནི་རྒྱུད་ཉིད་ཀྱི་ལེའུ་ཉི་ཤུ་པར་འབྱུང་སྟེ། དེ་རྣམས་རེ་རེ་ལའང་ལས་བཞིས་དབྱེ་བས་བཞི་བཞིར་འགྱུར་རོ།།

རྒྱུད་ཉིད་དུ་བསྟན་ཚོད་ཀྱི་ལས་བཞི་ནི། ཕ་རོལ་ཁྲོས་པ་ཞི་བ་དང༌། ཚེ་བསོད་སོགས་རྒྱས་པ་དང༌། དམིགས་བྱ་འགུག་པ་དང༌། བསྒྲལ་འོས་བསད་པ་སྟེ་བཞི་པོ་འདི་ཙམ་མོ། །མེའི་ལས་ནི་སྦྱིན་སྲེག་དང༌། རྫས་ཀྱི་ལས་ནི་ཕུར་གདབ་དང༌། ལུ་གུ་རྒྱུད་ནི་བྲོའི་ལས་སོ། །སྦྱིན་སྲེག་ལའང་ཕྱི་ནང་གསང་བ་གསུམ་ཡོད་ཀྱང་རེ་ཞིག་དང་པོའི་དབང་དུ་བྱས་ན་སྦྱིན་སྲེག་རྩ་བ་ལས།གནས་རྫས་ཐབ་ཀྱི་རྣམ་པ་དང༌། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང༌།།ཕུར་བུ་ལྷ་དུས་ལས་རིམ་དང༌། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་དོན་བཅུ་གཅིག་ཏུ་བཤད་དེ། སྡོམ་ཚིག་འདི་དག་རྟོག་པ་སྤྲོ་བའི་ས་བོན་ཙམ་དུ་སྨོས་ཀྱི་ཡི་གེས་ངལ་བས་རྒྱས་པར་མ་ཕྱེས་ལ། སྦྱིན་སྲེག་གི་སྒོ་ནས་ལས་དང་དངོས་གྲུབ་མྱུར་དུ་འབྱིན་པའི་གནད་ཆེ་བ་ནི། ལེའུ་དགུ་པར། ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་མེ་ལ་དཀྱིལ་འཁོར་གྱི་ལྷའི་ཞལ་དུ་གསུངས་པ་འདི་ཡིན་ཏེ། དཔེར་ན་ཁམས་ཟས་ཀྱིས་ཁའི་སྒོ་ནས་བརྒྱུད་དེ་ཟིན་པའི་འབྱུང་བ་ཆེན་པོ་རྣམས་ཚིམ་ཞིང་རྒྱས་པར་བྱེད་པ་བཞིན་དུ་མེ་ལྷ་ཚིམ་པའི་སྒོ་ནས་དཀྱིལ་འཁོར་བ་རྣམས་ཚིམ་ཞིང་མཉེས་པར་གྱུར་པས་ན་དེ་ལྟར་གསུངས་ཏེ་མདོར་ན་མེ་ལྷའོ། །དེའི་སྒོ་ནས་རང་གི་ལྷག་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཚུལ་ལ་བཞི་སྟེ། མེ་ལྷ་འབར་བའི་རྣམ་པར་བྱས་ལ་དེར་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང༌། འབར་བའི་དབུས་སུ་དམ་ཚིག་པ་བསྐྱེད་དེ་ཡེ་ཤེས་པ་གཞུག་པ་དང༌། མེ་ལྷ་ཤར་ལྷོའི་མཚམས་སུ་དཔང་པོའི་ཚུལ་དུ་བཞག་ནས་མེའི་དབུས་སུ་དམ་ཚིག་པ་བསྐྱེད་པ་དང༌། མེ་ལྷའི་ལྟོ་བར་བསྐྱེད་པ་རྣམས་ལས་འདིར་ཕྱི་མའོ།།དམིགས་བྱའི་རྫས་གཟུགས་ལ་བརྟེན་པའི་ལས་ནི། དམིགས་བྱ་གང་ཡིན་དེའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ་ཉ་ཤ་བུ་རམ་སྦྲང་རྩི་ཏིལ་ཏེ་ཟས་ལྔ་དང་གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་མི་མ་ཡིན་ལ་གནས་རྟེན་གྱི་ས་ལ་སོགས་པ་རྒྱུ་བྱས་པའི་ལིང་ག་གནས་ཡིག་ཅན་ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་འཇོག དེ་ནས་ལས་དང་མཐུན་པའི་འདུག་སྟངས་དང་སྔགས་ཀྱི་རིང་ཐུང་དྲག་ཞན། དབྱངས་ཀྱི་འགྱུར་སྟངས་སོགས་དང་ལྡན་པས། སྐབས་སུ་གང་བབས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། ལྷ་ལས་ལ་གཟུད་ཅིང་སྤྲུལ་པ་སྤྲོས་ལ་བསྒྲུབ་བྱ་གང་ཡིན་བཀུག་སྟེ་ལིང་ག་ལ་བསྟིམ། རྒྱུ་དང་དབྱིབས་དང་ཁ་དོག་དང་གྲངས་ངེས་པར་བྱས་པའི་ཕུར་བུ་གང་ཡིན་ལས་དེ་དང་དེའི་རིགས་ཀྱི་ཀཱི་ལ་ཡར་བྱས་ནས་ཕུར་བསྐུལ་དང༌། ག་ཏ་ཡའི་སྔགས་མཇུག་ཏུ་སྤུ་གྲི་བཏགས་ཏེ། ཞི་བ་ལ་ཡན་ལག་ལྔ་སྙིང་ག་དང་དྲུག རྒྱས་པ་ལ་ཡན་ལག་བཞི། དབང་ལ་དབང་པོ་ལྔ༌། དྲག་པོ་ལ་གནས་གསུམ་དུ་གདབ། སྐབས་འདིར་ནི་མངོན་པར་འདོད་པའི་ཡུལ་ལ་རིན་པོ་ཆེ་ཕུར་བུའི་རྒྱས་བཏབ་ནས་རྒྱས་པར་བྱ་བ་སོགས་ཀྱང་ཡོད་པས་ཕུར་གདབ་དཀྱུས་དང་མི་འདྲའོ། །ཕུར་གདབ་ཀྱི་འོག་ཏུ་རལ་གྲིས་བཅད། མཚོན་ཆར་གྱིས་གཏུབ་ནས་ཞལ་བསྟབ་སོགས་བྱའོ།།བྲོའི་ལས་ནི། ལིང་རོ་དབུས་སུ་སྤུངས་པའི་མཐར་སྒྲུབ་པ་བོ་རྣམས་ལས་དབྱིབས་དང་མཐུན་པའི་བྲོར་བཅས་ལ། སྣོད་བཅུད་ཐམས་ཅད་ལས་ཀྱི་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཞེངས་པའི་ང་རྒྱལ་གྱིས་ལག་གཡས་སྟེང་དུ་བྱས་ཏེ་བསྣོལ་བས་ཞི་རྒྱས་དབང་དྲག་བཞི་ལ་རིམ་པ་བཞིན་མཛུབ་གུང་སྲིན་ལག་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་ཚིག་དང་སྔགས་ཀྱིས་བསྐུལ་ཏེ་བྲོ་བརྡུང་བས་ལྷ་རྣམས་ཀྱི་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་བསྒྲུབ་བྱ་ལ་ཐིམ་པས་ལས་གང་ཡིན་གྲུབ་པར་བསམ་ལ་སྤུ་གྲི་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་བཤིག་ནས་མནན་པར་བྱ་བའོ།།མཆོད་རྟེན་གྱི་ལས་ནི། རང་ཉིད་ཞི་བ་ལ་རྣམ་སྣང་སོགས་ལས་གང་ཡིན་གྱི་ལྷར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱི་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་གང་ཡིན་དེའི་དབྱིབས་མདོག་ཏུ་བཏབ་པའི་བུམ་པར་ལས་མཐུན་གྱི་ལྷ་བསྐྱེད། དེའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་གནས་པ་ལ་འོད་དེས་རིག་པས་ཇི་ལྟར་འདོད་པའི་ལས་གྲུབ་པར་བསམ་པ་སྟེ་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་ཤིང༌། སྤྱན་འགྲེལ་ལས།མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང༌། ཞེས་མེ་དང་རླུང་སོགས་ལ་འདེབས་ཀྱང་རུང་བར་བཤད་དོ།།ཕྱག་རྒྱའི་ལས་ནི། སྒྱུ་འཕྲུལ་རྒྱས་པ་ལ་བརྟེན་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅའ་བ་དང་བསམ་པས་ཞི་བ་དང༌། རྩེ་ལྔས་རྒྱས་པ། དགུ་པས་དབང༌། བཅུ་གཅིག་པས་མངོན་སྤྱོད་སྒྲུབ་པར་སྤྱན་འགྲེལ་ལས་བཤད་པ་ཕྱག་རྒྱ་བཅའ་བའི་སྒོ་ནས་སྒྲུབ་ཚུལ་དང༌། རྒྱས་པ་ལས།རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ།།དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་སོགས་ཕྱག་རྒྱ་བསྒྱུར་བའི་སྒོ་ནས་ཕྲིན་ལས་སྒྲུབ་ཚུལ་གསུངས་པ་རྣམས་སོ། །དེ་དག་གང་ལའང་ནང་གི་སེམས་རྣམ་པ་གཉིས་དང༌། ཕྱིའི་གྲོགས་འཛོམས་པ་མཆོག་ཏུ་བསྔགས་ཏེ། དེ་ལ་སེམས་གཉིས་ནི་དོན་གྱི་སེམས་དང༌། སྟོངས་ཀྱི་སེམས་སོ།།དང་པོ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རྟོགས་ཤིང་གོམས་ནས་སྒྱུ་མའི་མཛད་སྤྱོད་ལ་བྱན་ཚུད་པའོ།།གཉིས་པ་ནི། དེ་ལ་སྟོངས་འདེབས་པའམ་གྲོགས་བྱེད་པའི་ལས་སོ་སོའི་ཀུན་སློང་གི་སེམས་ཏེ། ཞི་བ་ལ་དྭངས་པ། རྒྱས་པ་ལ་དགའ་བ། དབང་ལ་ཆགས་པ། དྲག་པོ་ལ་ཁྲོས་པ་ཞེས་ལེའུ་ཉི་ཤུ་པ་ལས་འབྱུང་བ་ལྟར་རོ།།གཉིས་པ་གྲོགས་ནི། དོན་གྱི་སེམས་དེའང་ཕྱག་རྒྱ་ཁྱད་པར་ཅན་གྱི་གྲོགས་དང་ཚོགས་ན་ལྷག་པར་འབར་བར་འགྱུར་ཞིང༌། དེའང་ལས་དེ་ལ་ཁྱད་པར་དུ་བསྔགས་པའི་ཕྱག་རྒྱ་རྙེད་ན་སྟོངས་ཀྱི་སེམས་རྣོ་ལ་ངར་བཏགས་བཞིན་བྱས་པས་ལེའུ་ཉི་ཤུ་པའི།ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །སོགས་ཀྱི་ངེས་དོན་འགྲེལ་ཆུང་ལས།མ་སྨས་པ་དང་པུ་ཏྲ་མང་འཕེལ་དང༌། །སྐྱེ་རྒྱུད་མེད་དང་བཀྲ་མི་ཤིས་གསང་བ།།ཞེས་བཤད་དེ། སྤྱིར་བདེ་ཆེན་གྱི་རྣལ་འབྱོར་ལས་རུང་མ་ཐོབ་ཀྱང་ཞི་སོགས་ཀྱི་ལས་རྣམས་མི་འགྲུབ་པ་མ་ཡིན་མོད། འོན་ཀྱང་དེ་ཡོད་ན་ཕྲིན་ལས་རླབས་ཆེ་བ་དང་མྱུར་དུ་དང་ཚེགས་མེད་དུ་འགྲུབ་པ་སོགས་ཀྱི་སྟོབས་ཤིན་ཏུ་མི་མཉམ་པ་ཡིན་ནོ།།

བདུན་པ་སྒྲུབ་པ་བཤད་པ།

བདུན་པ་སྒྲུབ་པ་ནི། དངོས་གྲུབ་ལ་དངོས་སུ་སྦྱོར་བའི་ཐབས་ཁྱད་པར་ཅན་ཏེ། དེ་ལ་བསྒྲུབ་བྱའི་དངོས་གྲུབ་ཀྱི་སྒོ་ནས་དབྱེ་ན་ཐུན་མོང་གི་དངོས་གྲུབ་ཙམ་དང༌། མཆོག་གི་དངོས་གྲུབ་སྒྲུབ་པའི་དབང་དུ་བྱས་པ་གཉིས་ཏེ། རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་འཐོབ།།འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་ཐུན་མོང་གི་དངོས་གྲུབ་བསྐྱེད་རིམ་དང༌། མཆོག་གི་དངོས་གྲུབ་རྫོགས་རིམ་གྱིས་འགྲུབ་པར་གསུངས་ཤིང༌། རྫོགས་རིམ་གྱི་གཞིར་བསྐྱེད་རིམ་ཡང་དགོས་པས་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བསྐྱེད་རྫོགས་གཉིས་ཀ་དགོས་པར་དོན་གྱིས་བསྟན་ཏོ།།ལྷའི་ཁྱད་པར་གྱིས་དབྱེ་ན། ལྷ་ཆེན་པོ་སོགས་འཇིག་རྟེན་པའི་དང༌། རྡོ་རྗེ་སེམས་དཔའ་སོགས་འཇིག་རྟེན་ལས་འདས་པའི་སྒྲུབ་པ་གཉིས་དེའི་ཕྱི་མ་ལའང་གཙོ་བོར་ལས་ཚོགས་ཀྱི་ཆེད་དུ་བསྔགས་པའི་ལྷའི་དང༌། མཆོག་སྒྲུབ་ཀྱི་ཆེད་དུ་གཙོ་བོར་བསྔགས་པའི་ལྷའི་སྒྲུབ་པ་གཉིས་སོགས་ཡོད་དོ། །བྱེ་བྲག་གསང་བ་སྒྱུ་འཕྲུལ་བའི་ལུགས་ལ་དངོས་གྲུབ་ཀྱི་སྒྲུབ་པ་མང་དུ་གསུངས་ཏེ། ཁོག་གཞུང་ལས།རོ་ལངས་ཚེ་དང་པྲ་སྒྲུབ་དང༌། །ལྷ་ཆེན་པོ་དང་རྒྱལ་པོ་བཞི།། གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས།།ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ།།རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་སྒྲུབ་ལུགས་དང༌།ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང༌། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང༌།།རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་དབབ་སྒྲུབ་པ་རྣམ་གཉིས་སོ། །ཞེས་མཆོག་སྒྲུབ་ཀྱི་རྣམ་གྲངས་གསུངས་ཏེ། ལུང་ཕྱི་མའི་རྣམ་གཉིས་སོ། །ཞེས་པ་ནི་བྱིན་དབབ་དང་སྒྲུབ་པ་གཉིས་པོ་ཉིད་དེ། རིགས་ལྔ་དང་ཡུམ་ལྔ་དང་སེམས་མ་རྣམས་རེ་རེ་ཞིང་དབབ་པ་དང་སྒྲུབ་པ་གཉིས་རེ་ཡོད་དོ། །སྒྲུབ་ལུགས་ཀྱི་ཁྱད་པར་དེ་རྣམས་ནི་བཤད་རྒྱུད་རྒྱས་པ་ལས་ཁ་བསྐངས་ནས་བཤད་པ་སྟེ། རྒྱས་པའི་ལེའུ་གང་གིས་སྒྲུབ་ལུགས་གང་བསྟན་པའི་རྣམ་གཞག་ཞིབ་པར་ནི་འགྲེལ་པ་རྣམས་སུ་གསལ་ལོ། །རྩ་རྒྱུད་ཉིད་ལས་མདོ་ཙམ་གསུངས་པ་ནི། ཐུན་མོང་གི་སྒྲུབ་པ་ལ་ལེའུ་བཅུ་གཉིས་པར།འཛུལ་ལམ་ནམ་མཁའ་འགྲོ་བར་འགྱུར། །ཞེས་དང༌།ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོགས་དཀོན་མཆོག་འགྲེལ་དང་སྦྱར་བ་ལས་འཐོན་ཞིང༌། གཙོ་བོར་ལེའུ་ལྔ་པ་ལས་ཡི་གེ་སྒྱུ་འཕྲུལ་གྱི་ལས་ཚོགས་གསུངས་པ་རྣམས་ཡིན་ཏེ། དུག་བདུད་རྩིར་བསྒྱུར་བ་ལ་སོགས་པ་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག འོག་མིན་གྱི་བར་གྱི་ནམ་མཁའ་ལ་རྡོ་རྗེ་སྐས་འབྱུང་བ་ལ་སོགས་པ་འབྱུང་བའི་དངོས་གྲུབ་ལྔ༌། དགུག་པ་དང་བསྐྲད་པ་སོགས་ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་སྒྲུབ་པ་སྟེ་བཅུ་དགུའོ།། རྩ་རྒྱུད་ལས་འདི་ལྟར་གསུངས་པ་རྣམས་བཤད་རྒྱུད་དུ་ལས་ཚོགས་རྒྱས་པར་བཤད་པ་རྣམས་ཀྱིས་སོ་སོར་འགྲེལ་ཚུལ་ཡང་ཡོད་དེ་གཞན་དུ་ཤེས་སོ། །འདི་དང་སྔགས་ཀྱི་དངོས་གྲུབ་སྤྱིའི་གོ་བ་ལའང་ཕན་པས་ཡི་གེའི་ལས་ཚོགས་བསླུ་མེད་དུ་འགྲུབ་པའི་ཚུལ་ཟུར་ཙམ་བརྗོད་ན། སེམས་ཅན་གྱི་ལས་ཀྱི་མཐུ་དང་རྣལ་འབྱོར་པའི་ནུས་པའི་ཡུལ་བསམ་གྱིས་མི་ཁྱབ་ཅེས་ཡོངས་སུ་གྲགས་པ་ལྟར། ཡི་གེ་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྲུབ་པ་རྣམས་ལ་ཡི་གེའི་སྤྲིན་ལས་དངོས་གྲུབ་གྱི་དོན་ཐམས་ཅད་འབྱུང་བ་ལྷ་རྣམས་ལ་ཡིད་བཞིན་གྱི་སྤྲིན་ལས་རིན་པོ་ཆེའི་ཆར་འབབ་པ་ལྟ་བུ་དང༌། དེ་ལྟར་དངོས་གྲུབ་ཀྱི་དོན་བྱེད་པའི་ནུས་པ་ཕུལ་དུ་བྱུང་བ་ཅན་གྱི་ཡི་གེ་དེ་དག་ཀྱང་རྣལ་འབྱོར་པའི་ཡིད་ཙམ་གྱི་རྒྱུ་མཚན་ཅན་ཡིན་པ་ཡིད་བཞིན་གྱིས་སྤྲིན་གཟུགས་ཅན་དེ་དག་ཀླུའི་རྒྱལ་པོའི་སེམས་དང་ལྷ་རྣམས་ཀྱི་ལས་གཟུགས་ཅན་མ་ཡིན་པའི་རྩ་བ་ཅན་དུ་ཟད་པ་བཞིན་ཏེ། དེ་ལྟར་ཡང་རྒྱུད་ཉིད་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན།།སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་གསུངས། དེའང་ཆོས་ཐམས་ཅད་གདོད་ནས་རང་སྣང་རིས་མེད་ཀྱི་ལྷར་སངས་རྒྱས་ཤིང༌། དེ་ཡང་མིང་ཚིག་ཡི་གེས་བཏགས་པའི་རྣམ་འཕྲུལ་ཉག་གཅིག་ཏུ་གནས་ལ། དག་པའི་ལྷ་དང་དེའི་མཛད་པ་སྒྲུབ་པའི་ཡི་གེ་དེ་ལ་སྔགས་ཀྱི་ཡི་གེ་ཞེས་བྱ་སྟེ། ཚུལ་འདིས་ཆོས་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འདུ་ཞིང༌། དེའང་ཡི་གེ་འཁོར་ལོ་ལ་འདུ་བར་རྟོགས་ནས་ཡི་གེ་སྒྱུ་འཕྲུལ་སྒོམ་པ་ཡིན་ལ། སྒོམ་པ་དེ་རྫོགས་པའི་ཚེ་འཁྲུལ་པའི་ཞེན་སྣང་ཟིལ་གྱིས་ནོན་ཏེ། སྣང་སྲིད་མ་ལུས་པ་རིས་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཇི་ལྟར་བསམ་པ་དེ་ལྟར་འཆར་བའི་ཡིད་བཞིན་གྱི་ཡི་གེའི་ཆོ་འཕྲུལ་ཙམ་དུ་མཐོང་བ་སྟོབས་སུ་གྱུར་པ་སྣང་བ་བྱུང་བས་མུན་པ་ཟིལ་གྱིས་མནན་ནས་དངོས་པོའི་རང་གཟུགས་གསལ་བར་དམིགས་པ་ལྟ་བུ་དང༌། དེའི་དབང་གིས་བརྟན་གཡོའི་དངོས་པོ་རྣམས་བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་ཤིང་སོགས་རྣལ་འབྱོར་པའི་འདོད་པ་བཞིན་དུ་བྱིན་གྱིས་རློབ་པ་གསེར་འགྱུར་རྩིས་ལྕགས་སྒྱུར་བ་ལྟ་བུ་དང༌། གནས་ལུས་ལོངས་སྤྱོད་སོགས་ངན་རེང་གི་རྣམ་པར་སྣང་བའི་ཆ་ཐམས་ཅད་ཡི་གེའི་ཏིང་ངེ་འཛིན་གྱིས་འདུལ་ནུས་པ་དུག་བཅུད་ལེན་གྱི་སྨན་གྱིས་ཐེབས་པ་ལྟ་བུ་སྟེ། ལེའུ་ལྔ་པའི་གཞུང་དེ་ཉིད་ལས།དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས།།མུན་ལ་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་ཏེ། འདི་ནི་རོང་ཀློང་གི་འགྲེལ་པ་གཉིས་དང་འགྲོ་ཕྱོགས་བསྟུན་ནས་བཤད་དོ། །ཡི་གེའི་སྒྱུ་འཕྲུལ་འདི་གཙོ་བོར་སྒོམ་པའི་དུས་ཀྱང་རྗེ་རོང་ཀློང་ནི། དང་པོར་ཡི་གེ་རྣམས་ལ་དཀྱིལ་འཁོར་པ་བསྐྱེད་དེ་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་དཀར་པོ་ཕྲ་མོ་བརྟན་པ་ཐོབ་ཐོབ་སྒོམ། དེ་ནས་ཨ་གྲངས་མེད་པའི་སྤྲོ་བསྡུ་དང༌། དེ་གོམས་པ་ན་ཡི་གེ་གཞན་སྤྲོ་བསྡུའི་དམིགས་པ་ལ་བསླབ། དེ་ལའང་དྲོད་ཐོབ་པ་ན་ལས་སྣ་ཚོགས་སྦྱོར་བར་བཞེད། ཟུར་ལུགས་ལ་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་གཅིག་པ་རགས་པ་ལྷ་སྐུ་ལ་བསླབ་པའི་བར་དེར་སྒོམ་པར་བཞེད་དོ།།རྩ་བའི་རྒྱུད་ལས་ཐུན་མོང་གི་དངོས་གྲུབ་དེ་སྙེད་གསུངས་པ་རྣམས་ཀྱི་གཙོ་བོ་ནི་རིག་འཛིན་གྱི་དངོས་གྲུབ་ཡིན་ཏེ། བཅུ་གཅིག་པའི། མཁའ་འགྲོ་གསལ་འབར་ཚེ་16ལ་སོགས། །ཞེས་པའང་དངོས་གྲུབ་དེའི་ཁྱད་པར་ཡིན་ལ། བཅུ་གཉིས་པར་ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་བསྟན་པ་རྣམས་ཀྱང་ཤས་ཆེར་ཚོགས་སྒྲུབ་ཀྱི་དུས་སུ་ཡོ་བྱད་ལྔ་ལ་སྤྱད་པའི་ལག་རྗེས་རིག་འཛིན་གྲུབ་པའི་དུས་སུ་འཐོབ་ཚུལ་ཡིན་པས་ཐུན་མོང་གི་སྒྲུབ་པའི་རྒྱལ་པོ་ནི་ཚོགས་སྒྲུབ་པ་ཡིན་ནོ། །སྒྲུབ་པ་དེ་རྣམས་གང་ཡང་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་རྫོགས་ནས་གདོད་བྱ་བར།སྔགས་དང་ཕྱག་རྒྱ་རབ་བརྟན་ན། །ཞེས་པའི་རྒྱུད་ཚིག་གིས་བསྒྲུབས་ནས་ཟུར་པ་རྣམས་འཆད་པར་མཛད་དེ། རྒྱ་སྤྲོས་རྫོགས་པ་ལའང་ཚོགས་སྤྱོད་བྱས་མ་བྱས་གཉིས་ལས་རིག་འཛིན་མ་གཏོགས་པའི་དངོས་གྲུབ་ཕལ་ཆེར་མ་བྱས་པས་ཀྱང་སྒྲུབ་ནུས་ལ། རིག་འཛིན་ནི་ཚོགས་སྤྱོད་མེད་པར་སྒྲུབ་ཏུ་མེད་དེ་སྔར་བཤད་ཟིན་ཏོ།།འདི་ལྟར་བཤད་པ་ཐམས་ཅད་བསྐྱེད་རིམ་པ་ཁོ་ནའི་དབང་དུ་བྱས་ལ། རྫོགས་རིམ་པ་ལའང་ཏིང་འཛིན་ལྔའི་སྐབས་སུ་ཐུན་མོང་གི་སྒྲུབ་པ་ཅི་རིགས་བྱེད་པ་ཡོད་མོད་ཀྱི། སྤྱིར་མཆོག་སྒྲུབ་གཙོ་ཆེ་སྟེ། དེ་ཡང་གོང་དུ་བསྟན་པ་བཞིན་ནོ། །སྒྲུབ་པ་དང་ཕྲིན་ལས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ལས་ཕྲ་མོ་གཅིག་ལ་མཚོན་ན་བསྙེན་པ་རྫོགས་ནས་ལས་དེ་དངོས་སུ་འགྲུབ་པའི་ནུས་པ་སྐྱེད་པའི་ཆེད་དུ་ལས་དེའི་སྔགས་དང་ཏིང་ངེ་འཛིན་སྒྲུབ་པ་ནི་སྒྲུབ་པ་དང༌། དེ་ལ་ནུས་པ་རྙེད་ནས་གྲུབ་པ་ལས་ལ་སྦྱར་བ་ཞེས་ལས་དངོས་སུ་སྒྲུབ་པ་ནི་ཕྲིན་ལས་ཏེ། གསུང་རྒྱུན་འགར་སྒྲུབ་པར་རང་དོན་དང༌། ཕྲིན་ལས་གཞན་དོན་གཙོ་ཆེ་ཞེས་འབྱུང་བའང་དེ་དང་ཕྱོགས་འདྲའམ་སྙམ་ཞིང༌། ཕྲིན་ལས་ལ་ཕྲ་མོ་ལས་བཞིའི་སྐོར་མ་གཏོགས་དངོས་གྲུབ་ཆེན་པོའི་རིགས་རྣམས་མ་བཤད་དོ།།

བརྒྱད་པ་ཏིང་ངེ་འཛིན་བཤད་པ།

བརྒྱད་པ་ཏིང་ངེ་འཛིན་ནི། ལེའུ་ལྔ་པར། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་པ་ལྟར། རྟོགས་བྱའི་དོན་ལ་དབང་དུ་གྱུར་པའམ་ལས་སུ་རུང་བའི་སེམས་རྩེ་གཅིག་པ་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཆེན་པོ་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བའི་བདེན་པ་གཉིས་ལ་དེ་འདྲའི་ཏིང་ངེ་འཛིན་བརྟན་པ་ལས་འབྱུང་ལ། ཕྲ་མོའི་དངོས་གྲུབ་རྣམས་ཀྱང་ལྷ་སྔགས་ལ་ཡིད་རྩེ་གཅིག་ཏུ་གཏད་ནས་སྒོམ་པ་མེད་པར་མི་འགྲུབ་ཅིང་དེ་ལྟར་སྒོམ་པའང་ཏིང་ངེ་འཛིན་གྱི་ཕྱོགས་ཡིན་ནོ། །དེའི་ཕྱིར་རྒྱུད་ཉིད་ལས།གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ།།ཞེས་གསུངས་པ་ལྟར་དངོས་གྲུབ་འདོད་པས་གླང་པོ་ཆེ་མྱོས་པ་བཞིན་དུ་སྤྲོས་ན་མི་འཕྲོ་ཞིང༌། བསྡུས་ན་མི་འདུ་བ་དང༌། འདོད་པའི་ཡུལ་ལ་མི་འཇུག་ཅིང་མི་འདོད་པའི་ཡུལ་ལ་འཇུག་པ་སོགས་གཡོ་བའི་སྐྱོན་གྱི་གཞན་དབང་དུ་གྱུར་པའི་ཡིད་འདི་ཏིང་ངེ་འཛིན་སྒྲུབ་པའི་མན་ངག་གི་གནད་ཀྱིས་བཟུང་སྟེ་འདུལ་བ་གཅེས་སོ། །དེ་ལ་ལམ་རིམ་ལས།སྐྱེས་བུ་སེང་གེ་བཞིན་རྒྱུ་བས། །ཞེས་དང༌།ཁམས་དང་ཏིང་འཛིན་རྐྱེན་བསྡུས་ལ། །ཞེས་པ་ལྟར། དབེན་ཞིང་ཡིད་དུ་འོང་བའི་གནས་སུ། ཁམས་དང་མཐུན་པའི་ཟས་སོགས་དང༌། ཏིང་ངེ་འཛིན་གྱི་ཆ་རྐྱེན་དུ་བླ་མའམ་མཆེད་དགོངས་ཉམས་ཅན་དང་ཏིང་ངེ་འཛིན་གྱི་མན་ངག་གི་གླེགས་བམ་སོགས་བསྡུས་ལ། ལྷ་རྗེ་ཟུར་ཆུང་པའི་མཛུབ་ཚུགས་ཀྱི་བསམ་གཏན་ལས།དད་པས་ཕུལ་བཏགས། བརྩོན་འགྲུས་ཀྱི་གཞུ་བདུངས་པ། འཁོར་བ་དཔྱིས་འབྱིན་པ། སེམས་རུས་ཀྱི་ཐང་གཅོད་པ། བླ་མ་ལྷ་ལྟར་བཀུར་བ། མན་ངག་སྙིང་ལྟར་འཚོ་བ། དམ་ཚིག་སོ་མཚམས་ཀྱི་མཁར་ལྟར་སྲུང་བ། འདུ་འཛི་དུག་ལྟར་སྤོང་བ། གནས་གྲོགས་ལྟར་བསྟེན་པ། བྱང་ཆུབ་ཀྱི་འབྲས་བུ་སྒྲུབ་པའི་མི་ཆེན་པོས་སྤྲོ་བ་བསྲིངས་ཏེ་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར་ཆོས་བཅུ་ལྡན་གྱིས་བསྒོམ་པར་བྱའོ།།སྒོམ་ཚུལ་དངོས་ནི་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ན། ཐོག་མར་སྟོང་ཆེན་གྱི་རྣལ་འབྱོར་སྔར་བཤད་པ་བཞིན་བྱས་ལ། དེའི་དུས་སུ་སྒོམ་པའི་སྐྱོན་བྱིང་བའམ་རྒོད་པ་བྱུང་ན་དེ་མ་ཐག་ངོས་བཟུང་སྟེ་གཉེན་པོའི་མན་ངག་གིས་འཆོས་ཤིང༌། སྐྱོན་དེ་དག་ཞི་བ་ན་རང་བབས་སུ་བཞག་ནས་བསྒོམས་པས་རིམ་གྱིས་ཉམས་ལྔ་རྫོགས་པར་འགྱུར་ལ། དེའང་བསྐྱེད་རིམ་ཁོ་ནའི་ངེས་རྫོགས་པ་ཡིན་ན་དུས་དེར་ཞི་གནས་དང༌། རིམ་གཉིས་སྟབས་གཅིག་ཏུ་ངེས་རྫོགས་བྱེད་ན་དང་པོར་བསྐྱེད་རིམ་གྱི་སྟོང་ཆེན་ལ་ཞི་གནས་ཐོབ་སྟེ། དེའི་འོག་ཏུ་རྫོགས་རིམ་གྱི་སྟོང་པ་ཆེན་པོའི་ཡེ་ཤེས་སྐྱེ་ལ། དེ་སྐྱེས་པ་ན་སེམས་གཡོ་བྱེད་ཀྱི་ལས་རླུང་རང་སར་ཞི་བས་འོད་གསལ་གྱི་ཏིང་ངེ་འཛིན་ལ་རླུང་མེད་པའི་མར་མེའི་རྩེ་མོ་ལྟར་གཡོ་མེད་དུ་གནས་ཤིང༌། དེ་ཉིད་མར་མེ་དང་རང་འོད་ཀྱི་ཚུལ་དུ་ཤེས་རབ་ཀྱི་སྣང་བ་རྣོན་པོ་དང་མི་འབྲལ་ལ། དེ་དག་ཀྱང་སེམས་ཀྱི་གཉུག་མའི་ཆ་ཡིན་པས་ཏིང་ངེ་འཛིན་དང་ཤེས་རབ་གཞན་ལས་ཆེས་ཕུལ་དུ་བྱུང་བ་ཡིན་ཏེ། མདོར་ན་རྫོགས་རིམ་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྲུབ་པ་ཡིན་ནོ།།དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རླུང་སེམས་ལེགས་པར་བཏུལ་བའི་འོག་ཏུ་སྙིང་རྗེ་སྒྱུ་མ་སོགས་ཀྱང་ཉམས་ལྔ་རྫོགས་རྫོགས་སུ་སྒོམ་ཡང་མཐར་ཕྱིན་གྱི་ཉམས་ལ་སླེབ་པར་སྒོམ་པའི་དོན་ཡིན་གྱི། རེ་རེ་ཞིང་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་རེ་ཡོད་པར་མི་སེམས་སོ།།འདིའི་ཐད་དུ་ལྷ་སྐུ་སྒོམ་ཐབས་ཀྱི་མན་ངག་རྣམས་ཀྱང་དྲན་པར་བྱ་སྟེ། དེའང་མདོ་ཙམ་བཀོད་ན། སྐབས་འདིར་ཐ་མལ་ཀྱི་སྣང་ཞེན་གཅོད་པའི་སྣང་ཕྱོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་སྐྱེད་དགོས་ཤིང༌། དེ་ལ་ཡུལ་ཅན་གྱི་སེམས་གསལ་ངར་དང་ལྡན་པ་ཙམ་གྱིས་མི་ཆོག་གི ལྷ་སྐུའི་དམིགས་པ་གསལ་ཞིང་ང་རྒྱལ་བརྟན་པ་ཞིག་དགོས་ཏེ། དེ་མེད་ན་དག་མ་དག་གི་སྣང་ཞེན་གོ་བཟློག་མི་ནུས་པའི་ཕྱིར་རོ།།ལྷའི་ང་རྒྱལ་བརྟན་པའང་རྟེན་དང་བརྟེན་པའི་རྣམ་པ་གསལ་བ་གཞིར་བཟུང་སྟེ་བསླབས་པ་ལས་བྱུང་བ་དང༌། རྣམ་པ་གསལ་བ་ལའང་ཐུན་མོང་དང་ཁྱད་པར་གྱི་སློབ་ལུགས་གཉིས་ཡོད་པར་བི་མ་ལས་ལྷ་སྐུ་སྒོམ་པ་ལས་བཤད་དེ། ཐུན་མོང་བ་ལྟར་ན། བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། མདུན་དུ་བྲིས་སྐུ་ཚད་ལྡན་བཀྲམ་སྟེ། དེའི་གཟུགས་བརྙན་ལ་སེམས་གཏད་ནས་མིག་རེངས་རེངས་སུ་བལྟས་པས་ཡིད་ངོར་གསལ་ཞིང་འདྲིས་པ་ན་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བཟུང༌། དེའང་དང་པོར་ལྷ་སྐུ་མདུན་དུ་སྒོམ། དེ་ལ་གོམས་པ་དང་བདག་ཉིད་ལྷར་སྒོམ་པར་ལྷ་སྐུ་སྒོམ་པ་དང་ལམ་རྣམ་བཀོད་ལས་ཅི་རིགས་སུ་བཤད་དེ། བདག་ལྷར་སྒོམ་ཚུལ་ནི་ཁྱད་པར་བའི་སྐབས་བཞིན་བྱས་པས་ཆོག་པ་འདྲའོ།།གཉིས་པ་ཁྱད་པར་བ་ལྟར་ན། ལམ་རིམ་སོགས་ལས་རིམ་ཅིག་ཆར་གྱི་སྒོམ་ཚུལ་གཉིས་བཤད་པའི་དང་པོ་ནི། ཆོ་ག་གསུམ་བསྐྱེད་དང་དབང་བསྐུར་རྒྱས་གདབ་སོགས་བྱས་ནས་སེམས་འཛིན་ལ་བསླབ་པ་སྟེ། དེའང་དམིགས་པ་གསལ་བའི་ཡན་ལག་ཏུ་ལྷ་སྐུ་སྒོམ་པ་ལས།དང་པོ་དབུ་ཡི་གཙུག་ཏོར་གསལ། །དེ་ནས་ཞལ་གྱི་མདངས་ལ་བསླབ།། དེ་ནས་ཐུགས་ཀྱི་དཔལ་བེའུ་ལ། །ཞེས་སོགས་ལྟར་སྤྱིའི་རྣམ་པར་མ་ཤོར་བའི་ངང་ནས་སྐུའི་ཆ་སོ་སོར་གསལ་བཏབ་ལ་སྒོམ། བརྟན་པའི་ཡན་ལག་ཏུ་ལྷ་གྲངས་དང་སྐུའི་ཚད་མ་ངེས་པ་ལ་སློབ་པར་ལྷ་སྐུ་སྒོམ་པ་དེ་ཉིད་ལས་བཤད་པ་ནི། ལྷའི་ཏིང་ངེ་འཛིན་འབྱོངས་པའི་འོག་ཏུ་རྩལ་སྦྱང་ཚུལ་ཡིན་གྱི་དང་པོ་ནས་དེ་ལྟར་བྱ་མི་རུང་ངོ༌།།གཉིས་པ་ནི། ལམ་རིམ་ལས།ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །ཞེས་པར་ལྟར་ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་ཝལ་གྱིས་བསྐྱེད་ནས་གཞན་དུ་མ་ཡེངས་པར་དེ་ཉིད་ལ་སེམས་འཇོག་པ་སྟེ། ལྷ་སྐུའི་གསལ་སྣང་སྐྱེ་མྱུར་བུལ་གྱི་བློ་རིམ་གཅིག་ཏུ་མ་ངེས་པས་དེ་ལྟར་ཕྱེའོ།།གྲོལ་ལམ་གཅིག་ཆར་བའི་སྐབས་སུ་ཞི་ལྷག་གཉིས་སྔ་ཕྱི་མེད་པར་ཐོབ་པ་ཞིག་ཀྱང་ཁས་ལེན་དགོས་པར་མངོན་ཞིང༌། ཐབས་ལམ་པ་ལ་རྫོགས་རིམ་གྱི་སྔོན་དུ་རིམ་པ་དང་པོའི་ཞི་ལྷག་གཉིས་ཀ་ཐོབ་པ་དང༌། ཞི་གནས་ཙམ་ཐོབ་པའང་འཇོག་ཆོག་གམ་ད་དུང་མཁས་པ་རྣམས་ཀྱིས་གཟུ་ལུམ་མི་བྱ་བར་ཞིབ་ཏུ་དཔྱད་དགོས་སོ།།

དགུ་པ་མཆོད་པ་བཤད་པ།

དགུ་པ་མཆོད་པ་ནི། འདིར་བསྟན་གྱི་དབང་དུ་བྱས་ན། དཀྱིལ་འཁོར་པ་རྣམས་ཚིམ་ཞིང་མཉེས་པར་བྱེད་པའི་ཐབས་ཀྱིས་རབ་ཏུ་ཕྱེ་བ་སྟེ། དེ་ལ་དབྱེ་ན། རྩ་བའི་རྒྱུད་ལས་ཕྱག་རྒྱ་དང་ལྷག་པ་ཏིང་འཛིན་སོགས་ཅི་རིགས་ཤིག་གསུངས་པ་ལ་བཤད་རྒྱུད་དང་ཡན་ལག་གི་རྒྱུད་ཀྱིས་ཁ་བསྐངས་ནས་སྒྲུབ་ཐབས་རྣམས་སུ་བཅུ་བཞིར་གསུངས་ཏེ།

དེ་ལ་མཆོད་རྫས་བྱིན་རློབ་དང༌། འབུལ་ཚུལ་གཉིས། དང་པོ་ནི།མཆོད་རྫས་ལ་ཐ་མལ་པའི་རྣམ་རྟོག་མ་བསལ་བར་བླ་མེད་ཀྱི་དཀྱིལ་འཁོར་དགྱེས་པ་སྐྱེད་པའི་རྡོ་རྗེའི་ལོངས་སྤྱོད་དུ་མི་འགྱུར་ལ། དེ་ལྟ་ན་དེ་ལ་བརྟེན་ནས་ཉམས་ཆག་སྐོང་བ་དང་ཐུན་མོང་མ་ཡིན་པའི་ཚོགས་རྫོགས་པའི་དགོས་པའང་སྒྲུབ་མི་ནུས་པས་མཆོད་པ་ལ་བྱིན་རླབས་ཐོག་མར་འགྲོ་སྟེ། དེའི་ཚུལ་ནི། ཕྱག་རྒྱ་བཞི་པའི་བསམ་གཏན་ལྟར། རང་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བསྐྱེད་དེ། ཐུགས་ཀ་ནས་རྫས་སོ་སོའི་ས་བོན་སྤྲོས་ཏེ་འཕྲོ་འདུ་དང་སྔགས་ཀྱི་རྐྱེན་གྱིས་མཆོད་རྫས་ཐོགས་པའི་ལྷ་མོ་ནམ་མཁའ་གང་བར་རློབ་པ་ཐུན་མོང་ཕྱི་མཆོད་རློབ་ཚུལ་དང༌། སྨན་གྱི་སྣོད་གཞལ་ཡས་ཁང་ལྟེ་བ་རྩིབས་བཞི་དང་བཅས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་ས་བོན་ཟུང་ལྔ་བཀོད། ཆོ་ག་གསུམ་གྱིས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། རྗེས་ཆགས་ཀྱི་སྦྱོར་བས་ཐམས་ཅད་ཞུ་སྟེ་སྣོད་ཀ་པཱ་ལར་བཅུད་ཡེ་ཤེས་ཀྱི་བདུད་རྩི་ལ་ༀ་དང༌། ཁ་གཅོད་ཀྱི་རྡོ་རྗེ་རྒྱ་གྲམ་ལ་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྐྱེད། མཐེབ་སྲིན་གྱིས་རྡོ་རྗེ་བཟུང་བ་བདུད་རྩི་ལ་རེག་སྟེ་བདུད་རྩི་དགུག་པའི་སྔགས་བཟླ་ཞིང་ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་བཀུག་པ་དམ་ཚིག་གི་བདུད་རྩི་ལ་ཐིམ་པར་བསམས་ནས་བདུད་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། འདི་ནི་སྨན་མཆོད་ཀྱི་ཆེད་དུ་མ་ཟད། ཇི་སྐད་དུ།རྣལ་འབྱོར་པ་ལ་གཏོར་བྱས་ན། །རྟོག་སྒྲིབ་ཉམས་ཆགས་དག་པར་འགྱུར།།མཆོད་པའི་རྫས་ལ་གཏོར་བྱས་པས། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར།།མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོའང་འཇིག་པར་འགྱུར།།ཞེས་པ་ལྟར་དགོས་པ་གཞན་ཡང་མང་ངོ། །དེ་བཞིན་དུ་གཏོར་མ་ལ་ༀ་བཀོད་དེ་འཕྲོ་འདུ་དང་གཏོར་སྔགས་ཀྱིས་འདོད་ཡོན་གྱི་ལྷ་མོ་དྲུག་རེ་རེ་ཞིང་གྲངས་མེད་པར་སྤྲོས་ཏེ་སྤེལ་བ་དང༌། རཀྟ་ར་ལས་འཕྲོ་འདུ་དང་སྔགས་ཀྱིས་རཀྟའི་རྒྱ་མཚོར་རློབ་པའོ།།

གཉིས་པ་འབུལ་ཚུལ་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་ལས་ཀྱི་རྡོ་རྗེ་སེམས་དཔའ་ཞིག་སྤྲོས་ཏེ་ཤར་སྒོར་གནས་པ་ནི་མཆོད་པ་བྱེད་པ་པོ་ཡིན་ལ། དེས་མཆོད་པ་ཅི་ཞིག་བྱེད་པ་ལ་བཅུ་བཞི་སྟེ། དེའང་སྒྱུ་འཕྲུལ་ཞི་བ་དང་སྦྱར་ན། དང་པོ་ཕྱག་ནི། ཕྱག་འཚལ་བའི་ཡུལ་རྟེན་གཉིས་སུ་མི་དམིགས་པར་རྟོགས་པ་དོན་གྱི་ཕྱག་དང༌། ལྷ་རྣམས་ཀྱི་ཡོན་ཏན་དྲན་ནས་གུས་པས་འདུད་པ་བརྡའི་ཕྱག་གཉིས་ཟུང་འབྲེལ་དུ་འཚལ་ཞིང༌། ལྷ་ཚོགས་རྣམས་ཀྱིས་ལན་གནང་བར་བསམ་པའོ།།

གཉིས་པ་ཕྱག་རྒྱ་ནི། འཆད་པར་འགྱུར་བ་ལྟར་རོ།། གསུམ་པ་ཀུན་བཟང་ནི། ཆོས་ཐམས་ཅད་རིག་པ་རང་སྣང་དུ་མཉམ་པ་ལ་བཟང་ངན་དང་བླང་དོར་མ་གྲུབ་པས་མཆོད་པར་མ་གྱུར་པའི་དངོས་པོ་རྡུལ་ཙམ་ཡང་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་མཆོད་པའོ། །འདི་དང་འོག་མ་རྣམས་ཀྱི་སྔགས་རྒྱ་སོགས་སྒྲུབ་ཐབས་ལྟར་རོ།། བཞི་པ་ཞབས་བསིལ་ནི། བསིལ་ཆབ་ཐོགས་པའི་ལྷ་མོས་ལན་གསུམ་དུ་ཕུལ་བས་ཕྱག་དང་ཞབས་དང་ཞལ་བསིལ་བར་བསམ་པའོ།།

ལྔ་པ་བཞི་བསྣོལ་ནི། རྡོ་རྗེ་སྤོས་མ་སོགས་ལྷ་མོ་དཔག་མེད་སྤྲོས་ཏེ། ཤངས་ལ་བདུག་སྤོས། དབུ་ལ་མེ་ཏོག སྤྱན་ལ་མར་མེ། ཐུགས་ཀར་བྱུགས་པ་རྣམས་ཀྱིས་མཆོད་དེ། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དང་དེར་ཐིམ་པ་དང༌། སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་ཀྱི་གནས་དེ་དག་ལས་ལྷ་མོ་བཞི་སླར་བྱུང་ནས་ལས་སེམས་ཀྱི་ཤངས་སོགས་གནས་བཞིར་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་པ་སྟེ། དེ་ལྟར་སྐྱེས་དང་སྐྱེས་ལན་གྱི་ཚུལ་གཉིས་བསྣོལ་མར་བྱས་པས་ན་བཞི་བསྣོལ་ཞེས་བརྗོད་གསུངས་སོ།།

དྲུག་པ་སྨན་མཆོད་ནི། བདུད་རྩིའི་ཆེ་བ་བརྗོད་པ་སྔོན་དུ་བཏང་སྟེ། མཐེབ་སྲིན་ཉི་ཟླ་ཁ་སྦྱོར་གྱི་ཕྱག་རྒྱས་གཏོར་བས་བདུད་རྩིའི་ཟེག་མ་ནམ་མཁའ་ལ་སྤྲིན་ལྟར་ཆགས་པ་ལས་ར་སཱ་ཡ་ནའི་ཆར་བབས་པས་ལྷ་རྣམས་གཟི་བརྗིད་བསྐྱེད་ཅིང༌། དེ་ནས་རང་གི་ལྕེ་ལ་ཧཱུྃ་དང་སྨན་ལ་འབྲུ་གསུམ་བཀོད་ལ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས་གནས་གསུམ་དུ་ཆགས་ཏེ་འཕྲོ་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པའོ།།

བདུན་པ་གཏོར་མ་ནི། གཏོར་མ་འདོད་ཡོན་གྱི་ལྷ་མོ་དྲུག་གི་རྣམ་པར་ཕུལ་བས་གཟུགས་རྡོ་རྗེ་མ་དང་མེ་ལོང་སྤྱན་ལ་དང༌། སྒྲ་རྡོ་རྗེ་མ་དང་རྒྱུད་མངས་སྙན་ལ་སོགས་དབང་པོ་སོ་སོ་ལ་ཐིམ་ནས་མཉེས་པར་བསམ་པའོ།།

བརྒྱད་པ་བདུད་རྩི་གསང་ནན་ནི། གསང་ནན་ནམ་རྩང་ནན་ཞེས་པ་སྐྱེམས་ཀྱི་བརྡ་རྙིང་སྟེ། བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་སྦྲེང་བས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང༌། གསུམ་པས་རྒྱལ་བ་རྣམས་གཞན་དོན་ལ་བསྐུལ་བའོ།།

དགུ་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། སྤྲུལ་པ་དང་བསྒྱུར་བ་གཉིས་ལས་འདིར་ཕྱི་མ་ལྟར་བྱེད་དེ། བདག་ཉིད་ལས་ཀྱི་སེམས་དཔའི་ཐུགས་ཀ་ནས་བྷྲུྃ་ཡིག་སྤྲོས་པས་ས་གཞི་དང་ཁང་ཁྱིམ་སོགས་དག་པའི་ཞིང་དང་གཞལ་མེད་ཁང་དུ་བྱིན་གྱིས་རློབ་པ་དང༌། ཚུལ་དེ་བཞིན་དུ་ཏྲཱྃ་ལས་རྒྱན་དང་ནགས་ཚལ། ཧྲཱིཿ་ལས་གླུ་དབྱངས། ཨ་ལས་ཁྲུས་རྫིང༌། ༀ་ལས་ཞལ་ཟས། མཾ་ལས་གོས་དར།17 ཧཱུྃ་ལས་བྲོ་གར་སོགས་རེ་རེའང་མཐའ་ཡས་པ་སྤྲོས་ཏེ་མཆོད་པའོ།།

བཅུ་པ་བསྒྲལ་མཆོད་ནི། རྒྱུད་ཉིད་ལས།བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས་པ་ལྟར་འཁྲུལ་པའི་གཞན་དབང་དུ་སོང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ་རང་གི་ཐུགས་ཀ་ནས་སྤྲོས་པའི་རྃ་ཡིག་ལས་ཡེ་ཤེས་ཀྱི་མེ་འབར་བས་བསྒྲལ་བྱའི་སྙིང་ནང་གི་ས་བོན་དྲུག་བག་ཆགས་དང་བཅས་པ་བསྲེགས་ནས་རྣམ་ཤེས་འོད་གསལ་གྱི་དགོངས་དབྱིངས་སུ་བསྟིམ་པའོ།།

བཅུ་གཅིག་པ་སྦྱོར་མཆོད་ནི། ལྷ་ཚོགས་རྣམས་རྗེས་ཆགས་ཀྱི་སྙོམས་པར་ཞུགས་པའི་བདེ་བའི་འོད་ཟེར་སྤྲོ་བསྡུས་རྒྱལ་བ་ཐམས་ཅད་མཆོད་ཅིང་གསང་བའི་དབང་ཐོབ་པར་བསམ་ལ་ཨ་ནུ་རཱ་གའི་སྔགས་ཀྱིས་ང་རྒྱལ་བཟུང་བའོ།།

བཅུ་གཉིས་པ་འདོད་ཡོན་རོ་མཉམ་ནི། སྣང་སྲིད་ཐམས་ཅད་འདོད་ཡོན་གྱི་ལྷ་མོར་དག་པས་ལྷ་ལ་ལྷ་དང་ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་མཆོད་པའོ།།

བཅུ་གསུམ་པ་རོལ་མོ་ཡེ་ཤེས་ནི། མཆོད་པའི་ཡོ་བྱད་ཇི་སྙེད་པ་སེམས་ཉིད་ཀྱི་རོལ་པར་སྡུད་པ་སྟེ། དེ་རྣམས་བསྒྲིགས་ན། དང་པོ་ཀུན་བཟང་གིས་འདོད་པའི་ཡོན་ཏན་གྱི་རྣམ་པར་ཡིན་མིན་གྱི་རྣམ་དབྱེ་མེད་པར་ཡེ་ཤེས་ཀྱི་རང་སྣང་ཁོ་ནར་བལྟས་ཏེ་མཆོད་པ་དང༌། དེ་ནས་དགུས་དག་པའི་འདོད་ཡོན་གྱི་བྱེ་བྲག་སོ་སོར་སྤྲུལ་ཏེ་མཆོད་པ་དང༌། ཕྱི་མ་འདིས་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་པར་བསྡུས་ནས་མདོར་ན་སྣང་སྤྱོད་མ་ལུས་པ་དགྱེས་མཉམ་ཆེན་པོའི་ཡེ་ཤེས་རྩལ་འབར་བའི་གྲོགས་སུ་འཁྱེར་བ་ཉིད་མཆོད་པའི་ལམ་གྱི་གནད་ཡིན་པས། རོལ་མོ་ཡེ་ཤེས་ཀྱི་མཐར་མ་ཧཱ་པཱུ་ཛ་བཛྲ་ཞེས་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེར་ང་རྒྱལ་བཟུང་བ་གསུངས་ཏེ་མཆོད་པར་མ་ཟད་བླ་མེད་ཀྱི་རྒྱུད་ལས་འདོད་ཡོན་ལམ་ཁྱེར་གྱི་ཐབས་མཁས་ཇི་སྙེད་བསྟན་པ་རྣམས་ཀྱི་གནད་གཟེར་ཡང་འདི་ཉིད་དོ།།

བཅུ་བཞི་པ་གླུ་ཡེ་ཤེས་ནི། དཀྱིལ་འཁོར་ལྷ་རྣམས་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་གླུ་ཆོས་ཉིད་ཀྱི་རང་སྒྲའི་དབྱངས་སུ་གྲགས་པར་མོས་ལ་བསྟོད་པ་གླུ་དྲུག་བླང་བའོ། །ཁྲོ་བོ་ལའང་ཕལ་ཆེར་དེ་དང་འདྲ་བ་ལས། དགུ་པའི་གནས་སུ་རཀྟ་ཚར་གསུམ་སྟེ་ལྷ་ཚོགས་རྣམས་མཉེས་པར་བྱ་བའི་ཕྱིར་དང༌། ཞིང་བཅུ་སོགས་གདུག་ཅན་རྣམས་བརླག་པའི་ཕྱིར་དང༌། ཁམས་གསུམ་གྱི་གདུལ་དཀའི་འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་གོ་རིམ་བཞིན་དུ་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་དང༌། ཁུ་བ་བསྒྲལ་བྱར་དང༌། རྩིགས་མ་དུག་གསུམ་ཤ་རུས་ཀྱི་རྣམ་པར་བྱས་ཏེ་འབུལ་བའི་ཆེད་དུ་རཀྟ་ལན་གསུམ་སྦྲེང་བའོ། །སྤྲོ་ན་ཚོགས་མཆོད་ཀྱི་ཆོ་གའི་ཚུལ་ཡང་གནས་སུ་སྟོབས་པ་མཆོད་པའི་སྐབས་འདིར་བཤད་པར་བྱའོ།།

བཅུ་པ་སྔགས་དང་ཕྱག་རྒྱ་བཤད་པ།

བཅུ་པ་སྔགས་རྒྱ་ལ་གཉིས་ལས། དང་པོ་སྔགས་ནི།ཐབས་ཤེས་ཀྱི་ཡི་གེ་ཨ་ལི་ཀ་ལི་ཚོགས་པའམ་རྐྱང་པ་ཅི་རིགས་ལ་བཞག་པའི་གྲུབ་པ་བཞི་ལྡན་གྱི་ངག་གཙོ་བོར་གྱུར་པ་སྟེ། ཐུགས་ཐིག་ལས།ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཆེན་རེད་པ་གང་ཡིན་པ། །ཞེས་སོ། །གྲུབ་པ་བཞིའི་གྲངས་འདྲེན་ནི་སྔར་བཤད་པ་བཞིན་ཏེ། ཡི་གེའི་རང་བཞིན་མཐུ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་སུ་གནས་པ་དང༌། སྒྱུ་མ་ཙམ་དུ་མིང་ཚིག་ཡི་གེ་ལ་བརྟེན་ནས་ཕན་གནོད་ཀྱི་བྱ་བ་སྣ་ཚོགས་འབྱུང་བ་བ་ལང་རྫིའི་བར་ལ་གྲགས་པ་དང༌། སྔགས་པས་སངས་རྒྱས་བྱང་སེམས་སོགས་མཐུ་ལྡན་རྣམས་ཀྱི་སྔགས་ཚིག་ཏུ་བྱིན་གྱི་བརླབས་པའི་རྗེས་སུ་འབྲངས་ནས་བཟླས་པས་ངག་ལ་ནུས་པ་ཕུལ་བྱུང་སྐྱེ་བ་དང༌། དེས་སྔགས་ཀྱི་ལྷའི་ཐུགས་རྒྱུད་འཁུལ་ནས་སྒོ་གསུམ་བྱིན་གྱིས་རློབ་པ་རྣམས་སོ།།སྤྱིར་ནི་སྔགས་ལ་ངག་ཁོ་ནས་མ་ཁྱབ་ཅིང༌། གསང་བདག་ཞལ་ལུང་ལས། ཐབས་ཤེས་ཀྱི་བདག་ཉིད་དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྟེ་ངགཏུ་བརྗོད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོ་འགྱུར་བ་ནི་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་གཉེན་པོར་གྱུར་པ་ནི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ། འདི་གསུམ་གྱི་རྟགས་ཀྱང༌། དང་པོ་ལྷ་ཕོའི་དབྱིབས་དང༌། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་།།ཞེས་པ་ལྟར་གསུམ་དུ་དབྱེ་བ་སོགས་ཡོད་ཀྱང༌། རྩ་རྒྱུད་འདི་ཉིད་ལས་གསུངས་པའི་སྔགས་ཀྱི་རྣམ་གྲངས་ནི། གཞལ་ཡས་ཁང་བསྐྱེད་པའི་དང༌། ལྷ་བསྐྱེད་པའི་དང༌། ལས་ཀྱི་རིམ་པའི་སྔགས་ཏེ་གསུམ་ལས། དང་པོ་ནི། ཕོ་བྲང་གི་ས་བོན་དང༌། རྐྱེན་གྱི་སྔགས་གཉིས་རིམ་བཞིན་བྷྲཱུྃ་ཞེས་པ་དང་བི་ཤྭ་བི་ཤུ་དྡྷེ་ཞེས་པའོ།།གཉིས་པ་ལ་ཞི་ཁྲོའི་སྔགས་གཉིས་ལས། དང་པོ་ལའང༌། རྒྱུ་མ་ནོར་བ་རྩ་བའི་དང༌། བསྐྱེད་པ་རྐྱེན་གྱི་དང༌། བཟླས་པ་ལས་ཀྱི་སྔགས་སོ།།དང་པོ་ནི། གང་ཞིག་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པའི་ས་བོན་གྱི་སྔགས་ལ་ལྷ་སྐུའི་རྩ་བར་གྱུར་པའི་སྔགས་ཞེས་བརྗོད་པ་ཡིན་པས་གཞན་དུ་ཕྲེང་བའི་སྔགས་རྩ་བའི་སྔགས་སུ་བཤད་པ་སོགས་དང་མི་འདྲའོ། །དེ་ལའང༌། ལེའུ་བཞི་པ་ལས་གསུངས་པའི་ཡི་གེ་སྒྱུ་འཕྲུལ་དང༌། བདུན་པ་ལས་གསུངས་པའི་ཧཱུྃ་མཱུཾ་སོགས་རིགས་ཀྱི་ས་བོན་དུ་གྲགས་པ་གཉིས་དང༌། ཕྱི་མ་ལའང་མིང་ཡིག་དང་པོ་ཡིན་མིན་གཉིས་ཡོད་དོ།།གཉིས་པ་ནི། གང་ཞིག་བརྗོད་པའི་རྐྱེན་གྱིས་ཕྱག་མཚན་རྡོ་རྗེ་སོགས་ལས་ལྷའི་སྐུར་འགྱུར་བའི་རྐྱེན་གྱི་སྔགས་ཏེ། འདི་ལ་སྒྲུབ་ཐབས་སུ། ཧཱུྃ་སོགས་ས་བོན་དང་བཛྲ་དྷྲིཀ་སོགས་གཉིས་ཆར་ཚོགས་པ་འབྱུང་ཡང༌། འགྲེལ་པ་ལས་བཛྲ་དྷྲིཀ་སོགས་ཙམ་ལས་མ་བཤད་པས་བསྐྱེད་སྔགས་དང་བསྐྱེད་སྔགས་རྐྱང་པ་གཉིས་ལས་གསུམ་དུ་ཕྱེ་བའི་བསྐྱེད་སྔགས་ལ་རྐྱང་པ་ཁོ་ན་འཇོག་དགོས་སམ་སྙམ་མོ།། གསུམ་པ་ནི། ས་བོན་དང་བསྐྱེད་སྔགས་སྦྲེལ་བ་སྟེ། འདི་ནི་འཛབ་ཀྱི་ལས་ལ་འཇུག་ཆེ་བས་ལས་སྔགས་ཞེས་བཏགས་སམ་བརྟག་གོ།གཉིས་པ་ལའང་གསུམ་ལས། རྩ་སྔགས་ནི། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྣམས་ཁྲག་འཐུང་གནས་ཡུལ་སྒོ་དབང་རྣམས་ཀྱིའོ།།བསྐྱེད་སྔགས་ནི། ཁྲག་འཐུང་ལྔ་ལ་ༀ་བཛྲ་མ་ཧཱ་ཤྲཱི་སོགས་དང༌། གནས་ཡུལ་སྒོམ་ལ་བཛྲ་སྟེ་དབང་རྟགས་རྡོ་རྗེ་མཚོན་པའི་མཐར་གཽ་རི་སོགས་སོ་སོའི་མིང་སྦྱར་བ་དང༌། དབང་ཕྱུག་མའི་བསྐྱེད་སྔགས་རྩ་བའི་རྒྱུད་ལས་མ་གསུངས་ཀྱང་བཤད་རྒྱུད་རྡོ་རྗེར་མ་ནུ་རཀྵ་སཱི་སོགས་བྱུང་བས་ཁ་བསྐོང་ངོ༌།།བཟླས་སྔགས་ནི། བཛྲ་མ་ཧཱ་ཤྲཱི་སོགས་བསྐྱེད་སྔགས་ལ་མ་ཧཱ་ཙཎྜ་སོགས་ལས་སྔགས་བཏགས་པ་སྟེ། འདི་རྩ་བསྐྱེད་ལས་གསུམ་གྱི་ནང་གི་ལས་སྔགས་ཡིན་ལ། མ་ཧཱ་ཙཎྜ་མན་ཆད་མ་གཏོགས་ལས་སྔགས་སུ་མི་འཇོག་པར་བཤད་པ་ནི་ལས་ལ་སྐུལ་བའི་སྔགས་ཀྱི་དབང་དུ་བྱས་པར་མངོན་པས་ལས་སྔགས་ཀྱི་འཇོག་ཚུལ་གཉིས་སུ་འགྱུར་བ་འདྲའོ།།ཁ་ཅིག་རྩ་བསྐྱེད་ལས་གསུམ་ཕྲིན་ལས་སྐུལ་བའི་སྔགས་དང་བཞིར་བཞེད་པའང་སྣང་ངོ༌། །འཁོར་རྣམས་ལ་རྩ་བསྐྱེད་སྦྲེལ་བ་ལས་སྔགས་སུ་འཇོག་པ་སྔར་དང་འདྲ་ལ། དེ་རྣམས་སོ་སོའི་མཐར། ཆེ་གེ་མོ་ཧཱུྃ་ཛཿ་ལྟ་བུ་གང་འདོད་ཀྱི་སྔགས་ཤམ་བཏགས་ན་ལས་ལ་སྐུལ་བའི་སྔགས་སུའང་འགྱུར་གསུངས་སོ།།གསུམ་པ་ནི། ལེའུ་བདུན་པ་དང་བཅུ་དྲུག་པ་ལས་སྙན་གསན་དབབ་པ་དང༌། སྤྱན་དྲངས་པ་དང༌། རིག་མེ་དོར་བ། བསྐུལ་ཞིང་བསྟིམ་པ། དབང་བསྐུར་བྱིན་རློབ་ཀྱི་སྔགས་དང༌། ཁྲོ་བོ་མཆོད་པའི་གླུ་རྣམས་སོ། །གསལ་བཀྲ་ལས།རྟག་ཏུ་བཟླས་པ་བྱས་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་པ་ལྟར་དངོས་གྲུབ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་སྒྲུབ་པའི་ཆེད་དུ་གསུངས་པའི་གཙོ་བོ་ནི་བཟླས་སྔགས་ཡིན་པས། བཟླས་བརྗོད་ཇི་ལྟར་བྱ་བའི་ཚུལ་ཡང་བཤད་ན། ལམ་རིམ་ལས།སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་བཤད་དེ། དེ་ལ་སྐྱོན་བཅུ་ནི། རྔམ་གློག་ལས།སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན།།དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན།།ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་པ་ལྟར་ཧ་ཅང་སྒྲ་ཆེ་བ་དང་ཆུང་བ་སོགས་སོ། །རྣམ་པ་གསུམ་ནི་བཟླ་ཚུལ་ཏེ། དེ་ལའང་གསལ་བ་གསུམ་དང༌། ཕྱི་ནང་གསང་གསུམ་དང༌། ཕྲ་མོ་གསུམ་གྱི་བཟླ་ལུགས་རྣམས་ལས།དང་པོ་ནི། བདག་དམ་ཚིག་སེམས་དཔའ་གསལ་བ་དང༌། དེ་ལས་མདུན་དུ་ཕྱེ་བའི་ཡེ་ཤེས་སེམས་དཔའ་གསལ་བ་དང༌། དམ་ཚིག་པ་ལས་ཡེ་ཤེས་པ་ལ་འོད་ཟེར་སྤྲོ་བསྡུ་མགལ་མེའི་འཁོར་ལོ་ལྟ་བུར་གསལ་བ་སྟེ། དེ་ལྟ་བུའི་ཚུལ་གྱིས་བཟླས་པ་བྱ་བའོ།།གཉིས་པ་ནི། དམ་ཡེ་ཕྱེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་དང་གསང་བ་ནས་གསང་བར་འཁོར་བའི་ཚུལ་གྱིས་བཟླ་བ་དང༌། ཕར་སྤྲོས་སྒྲིབ་པ་སྦྱང་བར་སྐུལ་ཞིང་ཚུར་བསྡུས་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་སྟེ་ཕྱི་ལྟར་བཟླ་བའི་སྒོ་གཉིས་དང༌། ཡེ་ཤེས་སེམས་དཔའ་འབྱེད་དམ་མི་འབྱེད་ཀྱང་རུང་སྟེ། ཕར་སྤྲོས་དངོས་གྲུབ་བསྐུལ་ནས་ཚུར་བསྡུས་དངོས་གྲུབ་ཐོབ་པར་བསམ་པ་ནང་ལྟར་བཟླ་ཚུལ་དང༌། ཕར་མི་སྤྲོ་བར་ཚུར་དངོས་གྲུབ་བསྡུ་དམིགས་ཁོ་ན་བྱ་བ་དང༌། ཡབ་ཡུམ་གཉིས་ཀྱི་ཞལ་ནས་ཞལ་དང་མཁའ་ནས་གསང་བར་འཁོར་བ་ལ་དམིགས་པ་སྟེ་གསང་བ་ལྟར་བཟླ་ཚུལ་གཉིས་སོ།།གསུམ་པ་ལའང་ཚུལ་གཉིས་ཏེ། ཡིག་འབྲུ་དང༌། ཕྱག་མཚན་དང༌། ལྷ་སྐུ་ཕྲ་མོ་སྤྲོ་བསྡུ་རིམ་བཞིན་བྱ་བ་ལ་དམིགས་པའི་བཟླས་བརྗོད་དང༌། དབུགས་འཇུག་གནས་ལྡང་གསུམ་སྔགས་དང་སྦྱར་བའི་རྡོ་རྗེའི་བཟླས་པའོ། །དེ་ལྟར་གང་མོས་ཀྱི་སྒོ་ནས་རབ་ལྷས་བྱིན་གྱིས་བརླབས་པའི་མཚན་མ་རྙེད་པའམ་སེམས་བརྟན་པའི་དྲོད་ཚད་ཐོབ་པ་དང༌། འབྲིང་ལོ་གཅིག་གམ་ཟླ་བར་དྲུག་སོགས་ཇི་སྲིད་བཟླ་བར་དམ་བཅས་པ་དེ་སྲིད་དུ་བཟླ་བ་དང༌། ཐ་མ་གཙོ་བོ་ལ་བྱེ་བ་དང༌། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླ་བར་གསུངས་སོ།།

གཉིས་པ་ཕྱག་རྒྱ་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བ་ཞེས་བཤད་དེ། སྒོ་གསུམ་བྱ་བ་དང་བཅས་པ་ཡོངས་དག་གི་ངོ་བོར་བརྟན་ཅིང་མི་ཤིགས་པར་བྱེད་པ་བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མར་གྱུར་པ་སྟེ། རྒྱས་པ་ལས།འདའ་དཀའ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས།།བདག་ཉིད་ཆེན་པོའི་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན།།ཞེས་གསུངས་ཏེ། གཙོ་བོར་ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་དབང་དུ་བྱས་པའོ།།དེ་ལ་ཞི་ཁྲོའི་ཕྱག་རྒྱ་གཉིས་ལས། དང་པོ་ལ། ཕྱག་རྒྱ་འབྱུང་བའི་རྒྱུ་ནི། ལག་པ་གཡས་པའི་སོར་མོ་ལྔ་ལ་དཔའ་བོ་འབྲུ་ལྔ་དང༌། གཡོན་གྱི་སོར་མོ་ལྔ་ལ་དཔའ་མོ་འབྲུ་ལྔ་བཀོད་ནས་ཐལ་མོ་སྦྱར་བ་སྟེ། འདི་ཕྱག་རྒྱ་ཐམས་ཅད་སྔོན་དུ་འགྲོ་བ་ནི་ཕྱག་རྒྱའི་དངོས་གྲུབ་ཐམས་ཅད་ཀྱི་གཞི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་རྣལ་འབྱོར་དུ་མཚོན་པའོ། །དེ་ནས་རིགས་ལྔ་སྤྱིའི་དམ་རྒྱ་ནི། ལེའུ་བརྒྱད་པར།ༀ་དང་མཱུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོས་ནས་རྩེ་སྤྲད་པ།།རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་པ་ལྟར་རོ། །སོར་མོ་འདི་ལྟར་བསྣོལ་བའི་རྒྱུ་མཚན་ལ་གསུང་རྒྱུན་དུ་གྲགས་པ་འགར་ལྷ་རྣམས་གཞན་རིགས་ལ་འཁྱུད་པར་རིགས་པའི་ཕྱོགས་ནས་བཤད་པ་མཐོང་ཡང༌། འདི་སྐོར་གྱི་ཁུངས་ཚད་ལྡན་མ་རྙེད་ལ། ཐལ་བ་ལས།དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ༀ་དང་མཱུཾ་དུ་རང་བཞིན་གནས།།རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་གི་གནས་ཀྱི་བསྣོལ་མར་འགྱུར།།རབ་ཏུའང་འདྲེས་པར་འགྱུར་བ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ།།མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཞེས་བྱུང་བ་ལས་དཔགས་ན། དབྱིངས་སྟོང་ཕྱོགས་མཚོན་པའི་ལྷའི་གཙོ་བོ་དབྱིངས་ཕྱུག་མ་དང༌། ཡེ་ཤེས་སྣང་ཕྱོགས་མཚོན་པ་ལ་གཙོ་ཤོས་རྣམ་སྣང་གི་ཡི་གེ་གཉིས་མཉམ་སྦྱོར་དུ་བཅིངས་ཤིང༌། སངས་རྒྱས་ཀྱི་རིགས་ཐ་དད་མང་པོ་ཐབས་ཤེས་བསྲེས་པའི་བདེ་བས་མི་ཕྱེད་པར་བསྡམས་ནས་ལྷ་རྟོག་དབྱེར་མེད་དུ་བརྟན་པར་རྒྱས་འདེབས་པའི་ཆེད་དུ་སོར་མོ་ཕལ་ཆེར་བསྣོལ་མར་སྦྱར་ལ། མ་བསྣོལ་བ་ཟུང་གཅིག་ཡོད་ཀྱང་རིགས་འདྲེས་པ་དང་མ་འདྲེས་པའི་བདེ་བ་འདུས་ཤིང་བསྲེས་པར་འགྱུར་བས་མདོར་ན་རིགས་ཐམས་ཅད་ཀྱི་བདེ་བ་བསྡམས་པའི་ཕྱག་རྒྱ་ཡིན་ཞེས་བཤད་དུ་རུང་ངམ་སྙམ་སྟེ་དཔྱད་གཞི་ཙམ་མོ།།སོ་སོའི་ཕྱག་རྒྱ་ནི། རེ་རེའང་ཕྱག་རྒྱ་བདུན་སྦྲགས་སུ་བྱ་སྟེ། མི་བསྐྱོད་པ་ལ་མཚོན་ན། རང་ལྷ་དེའི་སྐུར་སྒོམ་པ་ཕྱག་ཆེན། ལག་པ་གཡས་པའི་གུང་མོ་ཐུགས་ཀར་བསྒྲེང་བ་བཅའ་བ་དམ་རྒྱ། དེའི་རྩེ་མོ་ཧཱུྃ་ཡིག་བསམ་པ་བསམ་པ་ཆོས་རྒྱ། དེ་ལས་རྡོ་རྗེ་རྩེ་ལྔ་བསམ་པ་བསམ་པ་དམ་རྒྱ། གཡོན་པའི་འབྲུ་ལྔ་སྦས་ནས་དྲིལ་བུ་གསིལ་ཞིང་ལྷ་མོ་ལ་འཁྱུད་པའི་ཚུལ་གྱིས་ཞབས་གཡོན་ལ་བརྟེན་པ་བཅའ་བ་ལས་རྒྱ། དེ་ལྟར་བསམ་པ་བསམ་པ་ལས་རྒྱ། ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་དང་ལྷན་ཅིག་བཛྲ་དྷྲིཀ་ཅེས་བརྗོད་པ་བརྗོད་པ་ཆོས་རྒྱ་སྟེ། ཕྱི་མ་འདིའི་བསྒྱུར་ཞིང་དགྲོལ་བ་ནི་བཅའ་བ་དང་བསམ་པ་ལས་རྒྱའི་ཁོངས་སུ་གཏོགས་པ་འདྲའོ། །དེ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པའོ།།དེ་བཞིན་དུ། མཱུཾ་བསྒྲེང་རྩེ་མོར་དྲིལ་བསིལ་འབར། །ཞེས་སོགས་ལྟར་དབྱིངས་ཕྱུག་མའི་ཕྱག་རྒྱ་བདུན་ལྡན་གྱིས་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སོགས་ལྷག་མ་རྣམས་ལའང་ཅི་རིགས་སུ་སྦྱར་རོ། །བསྡུས་པ་ལ་དགའ་བས་སྤྱིའི་དམ་རྒྱ་ཙམ་བཅིངས་པས་ཀྱང་དཀྱིལ་འཁོར་ཡོངས་རྫོགས་མཉེས་པ་དང་རྒྱས་འདེབས་ཀྱི་དགོས་པ་འགྲུབ་པར་གསུངས་སོ།།ཁྲོ་བོའི་ཕྱག་རྒྱ་ནི། རྩ་བའི་རྒྱུད་འདིར་མ་གསུངས་ཀྱང༌། བཤད་རྒྱུད་རྒྱས་པ་དང་རྡོ་རྗེ་མེ་ལོང་སོགས་ནས་ཁ་སྐོང་བ་སྟེ་མ་སྤྲོས་སོ། །སྒྲུབ་ཐབས་ཀྱི་མཆོད་པའི་ཡན་ལག་ཏུ་ལྷག་པར་བསྔགས་པའི་ཕྱག་རྒྱ་དེ་ལྟར་ཡིན་ཡང༌། སྤྱིར་ལྷག་པའི་བདེན་པ་དབྱེར་མེད་ཀྱི་གནད་ལ་རྟོགས་གོམས་ལས་སུ་རུང་བའི་སྔགས་པས་ཡན་ལག་གི་བསྒུལ་བསྐྱོད་ཕྲ་མོ་ཚུན་ཆད་དེ་བཞིན་གཤེགས་པའི་ཕྱག་རྒྱ་འབའ་ཞིག་ཏུ་བྱེ་བྲག་མེད་པར་འགྱུར་བའི་ཚུལ། ལེའུ་བརྒྱད་པར།མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོགས་གསུངས་སོ། །དངོས་པོ་བཅུའི་ཡ་གྱལ་གྱི་སྔགས་རྒྱ་གཉིས་ཀའི་གཞི་མཐུན་ཡང་ཡོད་མོད་ཀྱི། གཉིས་སུ་ཕྱེ་བ་ནི་ངག་ཏུ་བརྗོད་པ་དང་ལག་པས་བཅའ་བ་གཙོ་བོར་གྱུར་པའི་ཁྱད་པར་གྱིས་ཡིན་ཞེས་རོང་ཟོམ་ཆེན་པོ་བཞེད་དོ།།

བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི། ཐུགས་ཐིག་ལས།བརྗོད་འབྲེལ་དགོས་པ་ཡང་དགོས་དང༌། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པ་ལྟར་ཡན་ལག་བཞི་སྟེ། གཞི་ལམ་འབྲས་བུའི་རྒྱུད་གསུམ་བརྗོད་བྱ། དེ་མཚོན་བྱེད་ཡི་གེའི་རྒྱུད་ནི་རྗོད་བྱེད་དེ། བརྗོད་བྱ་གང་སྟོན་ལ་མི་ལྟོས་པར་རྗོད་བྱེད་དང་དགོས་པའི་འབྲེལ་བ་བརྩིར་མི་བཏུབ་པས་དེ་ལྟར་སྨོས་ཀྱི། ཡན་ལག་བཞིའི་དང་པོ་དངོས་ནི་རྗོད་བྱེད་དོ། །རྗོད་བྱེད་དེ་ལ་བརྟེན་ནས་བརྗོད་བྱའི་དོན་དེ་ཚང་ལ་མ་ནོར་བར་ཤེས་པ་ནི་དགོས་པ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས་ལས་བཞི་དང་འབྱུང་ལྔའི་དངོས་གྲུབ་སོགས་ཐུན་མོང་གི་དངོས་གྲུབ་བསམ་པ་བཞིན་དུ་འབྱུང་བ་ནི་ཉིང་དགོས་སམ་དགོས་པའི་དགོས་པ་ཕྲ་མོ་དང༌། སློབ་པ་དང་མི་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་ཉིང་དགོས་གཙོ་བོ། འབྲེལ་པ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་དང༌། རྗོད་བྱེད་དང་དགོས་པ་ཐབས་ལས་ཐབས་བྱུང་དང་དགོས་པ་དང་ཉིང་དགོས་དེ་ལས་དེ་བྱུང་དང༌། ཉིང་དགོས་དང་བརྗོད་བྱ་ངོ་བོ་བདག་གཅིག་གིས་འབྲེལ་ཞེས་གསུངས་ཏེ། འདི་དག་ལ་འབྲེལ་བ་དངོས་བཏགས་ཅི་རིགས་ཡོད་ཅིང༌། སྐབས་དོན་དངོས་ནི་ཉིང་དགོས་དགོས་པ་ལས་འབྱུང༌། དགོས་པ་རྗོད་བྱེད་ལས་འབྱུང་བའི་དེ་བྱུང་འབྲེལ་ཉིད་ཡིན་ཏེ། ཉིང་དགོས་དོན་དུ་གཉེར་བའི་འཁོར་རྣམས་དེ་ལྟ་བུའི་འབྲེལ་བ་མཐོང་ནས་རྗོད་བྱེད་རྒྱུད་གཞུང་ལེན་ཅིང་འཛིན་པ་ལ་འཇུག་པ་ཡིན་པའི་ཕྱིར་རོ།།འོན་ཏེ་གྲོལ་ལམ་གྱིས་དངོས་གྲུབ་སྒྲུབ་ཚུལ་ལྟ་བུ་དང་བསྟུན་ན་ཉིང་དགོས་དང་བརྗོད་བྱ་ལ་བདག་གཅིག་འབྲེལ་བརྩིས་པ་འདིར་ཡང་གོ་རྒྱུ་དམིགས་བསལ་ཞིག་ཡོད་དམ་སྙམ་མོ།།སྤྱིར་ནི་དགོས་སོགས་ཆོས་བཞི་བསྟན་པ་གདུལ་བྱ་གཞུང་དེ་ལ་དང་པོར་འཇུག་པའི་ཆེད་ཡིན་པས་གཞུང་གི་སྔོན་དུ་བཤད་པར་བྱ་བ་ཡིན་ཡང་འདིར་རྒྱུད་ཀྱི་དངོས་པོ་རྫོགས་པའི་མཐར་སྨོས་པ་ནི། ཇི་སྲིད་རྒྱུད་འདི་མ་ནུབ་པར་འཇིག་རྟེན་ན་གནས་ཤིང་སྤྱོད་པ་དེ་སྲིད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འབྱོར་བ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་བྱུང་བས་དངོས་སམ་བརྒྱུད་ནས་སེམས་ཅན་རྣམས་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ཏེ། སྟོན་པས་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་འཛིན་པར་ནན་གྱིས་གདམས་ཤིང་བཀས་གཏད་པ་ཡིན་ཞེས་གདམས་གཏད་ཀྱི་འཕྲོས་བཙལ་བ་ལ་བཤད་ན་ལེགས་པར་མངོན་ནོ།།

ལྔ་པ་འཁོར་ལ་གདམས་ཤིང་གཏད་པ་ནི། གདམས་པ་བཞི་དང་གཏད་པ་གསུམ་སྟེ། དང་པོ་ནི། རྒྱུད་འདིར་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཇི་ལྟར་བསྟན་པ་བཞིན་དུ་རྟོགས་པར་གྱིས་ཤིག་ཅེས་གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ་དང༌། འདིར་གཟུང་འཛིན་འཁྲུལ་པའི་རྒྱུ་འབྲས་བཤད་པ་རྣམས་ནི་དག་བྱའམ་སྦྱོང་བྱ་ངོས་བཟུང་བའི་ཆེད་ཡིན་པས་འཁྲུལ་པའི་ཀུན་རྟོག་སྦྱང་བ་ལ་བརྩོན་པར་གྱིས་ཤིག་ཅེས་ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ་དང༌། འདི་ནས་བཤད་པའི་ལམ་འདི་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་དང་ས་ལམ་གང་ནས་ཞུགས་ཀྱང་གྲུབ་དོན་གཅིག་ཏུ་འབབ་པ་ཆུ་ཀླུང་མཐའ་དག་འདུ་བའི་རྒྱ་མཚོ་ལྟ་བུ་ཡིན་པས་འདི་ཁོ་ན་ལ་སྐྱེས་བུའི་རྩལ་ཅི་ཡོད་ཕྱུང་ནས་སློབ་པར་གྱིས་ཤིག་ཅེས་གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་དང༌། དེ་ལྟར་ལམ་འདི་མཐར་ཕྱིན་པ་ན་བདག་དོན་བླ་ན་མེད་པའི་ཡེ་ཤེས་ལ་དབང་འབྱོར་ཞིང་ཅི་མཛད་གཞན་ཕན་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་འཇུག་པས་དོན་གཉིས་ཀྱི་བསམ་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ།། གཉིས་པ་གཏད་པ་གསུམ་ནི། ཁོག་གཞུང་ལས།སྡུད་པ་པོ་དང་བུད་མེད་དང༌། །རྣལ་འབྱོར་མིག་ལྡན་སོགས་ལ་འོ། །ཞེས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་མཛོད་འཛིན་པ་པོ་ཁྱོད་ཡིན་ན་གསང་དོན་འདི་ལས་མཐར་ཐུག་པ་གཞན་མེད་པས་འདི་ཉིད་བརྟན་པོར་ཟུངས་ཤིག་ཅེས་བཀའི་སྡུད་པ་པོ་འཕགས་པ་ཕྱག་ན་རྡོ་རྗེ་ལ་གཏད་པ་དང༌། གང་ཞིག་རྒྱུད་འདི་ཕྱིན་ཅི་མ་ལོག་པར་གཞན་ལ་འདོམས་པ་དེ་ནི་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་དང༌། དེར་མ་ཟད་སྟོན་པ་ཀུན་ཏུ་བཟང་པོ་དངོས་དང་འདྲ་བར་བལྟ་བར་བྱ་བ་ཡིན་ནོ་ཞེས་ཕྱི་རབས་ཀྱི་གང་ཟག་སྐལ་བ་མཆོག་དང་ལྡན་པ་རྣམས་སྣོད་ལྡན་ལ་རྒྱུད་འཆད་པར་སྤྲོ་བ་བསྐྱེད་ནས་གཏད་པ་དང༌། བུད་མེད་ལ་གཏད་པ་ནི། རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་སོགས་ན་བཞུགས་པའི་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ལ་གཏད་པ་སྟེ། རྒྱུད་འདིའི་ཚིག་ཟིན་ལ་མེད་ཀྱང་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་ཏེ། ཇི་སྐད་དུ།ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང༌།། དེ་ཡི་གཟུངས་ལ་གཏད་པ་ནི། །ཞེས་སོགས་སོ། །དོན་བསྡུས་ནས་དེ་དག་རྗེས་འཇུག་ལ་སྦྱར་ན། རྒྱུད་ནས་བཤད་པ་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡང་སྒྲུབ་པ་ནན་ཏན་དང་བྲལ་ན་འགྲུབ་པའི་གོ་སྐབས་མེད་པས་རྒྱུད་སྡེ་མཉན་ནས་གོ་ཡུལ་ཙམ་དུ་མ་བཞག་པར་རྒྱུད་ཉིད་ནས་ཇི་སྐད་བཤད་པ་བཞིན་སྒྲུབ་པ་སྙིང་པོར་བྱོས་ལ་རང་གི་རྒྱུད་གྲོལ་བར་གྱིས་ཤིག་ཅེས་པ་ནི་གདམས་པའི་དོན་དང༌། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་སེམས་ཅན་དཔག་ཏུ་མེད་པའི་རྒྱུད་ལ་གཅིག་ནས་གཅིག་ཏུ་བར་མ་ཆད་པར་བརྒྱུད་པའི་ཚུལ་གྱིས་འཁོར་ཞིང་འཇུག་པ་ནི་ཉན་བཤད་ལ་རག་ལས་པས་སྣོད་ལྡན་ལ་མ་སྦས་པར་རྒྱུད་སྨིན་པའི་རིམ་པ་བཞིན་དུ་ལེགས་པར་ཤོད་ཅིག་ཅེས་པ་ནི་གཏད་པའི་དོན་གཙོ་བོ་ཡིན་ལ། བསྟན་པ་ལ་སྡང་བ་ཚར་གཅོད་པ་དང༌། བསྟན་འཛིན་རྣམས་ཀྱི་དཔུང་དང་གྲོགས་བྱེད་པ་སོགས་ཕྲིན་ལས་རྣམ་པ་བཞི་ཇི་ལྟར་རིགས་པའི་ཐབས་ཀྱིས་བསྟན་པའི་དོན་བྱ་བའང་དེའི་འཁོར་དུ་ཡོད་དོ།།

གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ནི། ཡི་གེ་འདུས་པ་ལས་མིང༌། མིང་འདུས་པ་ལས་ཚིག དེ་ལས་ཚིགས་སུ་བཅད་པ་དང༌། ལྷུག་པ་དང༌། སྤེལ་མ་དང༌། ལེའུ་ལ་སོགས་པའི་རིམ་པས་བརྗོད་བྱ་དོན་གྱི་རྒྱུད་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་ཀྱི་གཞུང་དུ་གྲུབ་པ་ཡིན་ཏེ། འདི་ཉིད་ལས།ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས། དེ་ལའང་སྒྲར་སྣང་བ་དང༌། སྒྲར་གྲགས་པ་དང༌། བརྡར་གྱུར་པའི་རྒྱུད་གཞུང་གསུམ་ཡོད་ཅིང༌། རྩ་རྒྱུད་ཀྱི་ཆ་གང་དང་གང་གིས་18དོན་གང་སྟོན་ཆེ་ལོང་ཙམ་ནི། ལེའུ་དང་པོ་དང༌། གསུམ་པའི་སྟོད་དང༌། བཅོ་ལྔ་པ་རྣམས་ཀྱིས་གླེང་གཞི་དང༌། ལེའུ་གཉིས་པས་གླེང་བསླང་དང༌།བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས་གཞི་རྒྱུད་ཀྱང་བསྟན། ལམ་རྒྱུད་ལས་མཚན་ཉིད་གསུམ་མདོ་ཙམ་བཅུ་གཉིས་པ་དང༌། རྒྱས་པ་ལེའུ་ལྔ་པ་ལས་བསྟན། ལྟ་བ་ལེའུ་གསུམ་པའི་སྨད་དང་བཅུ་གཅིག་པས་བསྟན། སྤྱོད་པ་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པས་བསྟན། དཀྱིལ་འཁོར་སྟོན་པ་ལ་ཞི་དཀྱིལ་དང་པོ་དང་དྲུག་པས་བསྟན། ཁྲོ་དཀྱིལ་བཅོ་ལྔ་པ་དང་བཅུ་བདུན་པས། ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དགུ་པས། ཚོགས་དཀྱིལ་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན། དབང་གི་དཀྱིལ་འཁོར་དང་དེར་འཇུག་པ་དང་སྣོད་དང་འཚམས་པར་བསྐུར་ཚུལ་སོགས་དགུ་པས། དབང་བསྐུར་ཐབས་དངོས་བཅུ་པས། དམ་ཚིག་བཅུ་དགུ་པས། ཕྲིན་ལས་ལ་མེའི་ཕྲིན་ལས་ཟུར་ཙམ་དགུ་པར་དང་གཙོ་བོར་ཉི་ཤུ་པས་སྟོན། སྒྲུབ་པ་བཞི་པ་དང་ལྔ་པས། ཏིང་ངེ་འཛིན་ལ་ཏིང་ངེ་འཛིན་གྱི་ཕན་ཡོན་དང་སྒོམ་ཐབས་སོགས་ལྔ་པས། བསྐྱེད་རྫོགས་གཉིས་དང་རྫོགས་རིམ་ཐབས་གྲོལ་གྱི་ཏིང་ངེ་འཛིན་རྒྱས་པར་བཅུ་གསུམ་པས།བསྐྱེད་རིམ་གྱི་དམིགས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དྲུག་པ་སོགས་ཀྱིས་སྟོན། མཆོད་པ་ལ། ཞི་བ་ཕྱག་རྒྱའི་མཆོད་པ་བརྒྱད་པས། ལྷག་ཏིང་གི་མཆོད་པ་དགུ་པས། གླུ་ཡེ་ཤེས་བཅུ་བཞི་པས། སྦྱོར་སྒྲོལ་དང་དམ་རྫས་ཀྱི་མཆོད་པ་བཅོ་བརྒྱད་པས། ཁྲོ་བསྟོད་ཉེར་གཅིག་པས་སྟོན། སྔགས་རྒྱ་གཉིས་ལས་སྔགས་ཀྱི་རྩ་བ་ཡི་གེའི་འཁོར་ལོ་བཞི་པས། ཞི་བའི་སྔགས་བདུན་པས། ཁྲོ་བོའི་སྔགས་བཅུ་དྲུག་པས། ཕྱག་རྒྱ་བརྒྱད་པས། གདམས་གཏད་ཉེར་གཉིས་པས་བསྟན་ཏེ། འདི་དང་ཞལ་ལུང་གི་ཚིག་ཟིན་ལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང་དོན་གྱི་གནད་གཅིག་པ་ཁོ་ན་ཡིན་ནོ།།དེ་དག་ལ་སོགས་པ་རྒྱུད་ཀྱི་དགོངས་དོན་མཐའ་དག་ཞིབ་པར་ནི། ལེའུ་བཅུ་གསུམ་པ་ལས།ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེ་ཐུགས་ལ་གནས། །ཞེས་བཀའ་སྩལ་པ་ལྟར་སྟོན་པ་ཀུན་ཏུ་བཟང་པོ་ནས་མན་ངག་གི་བརྒྱུད་པ་བར་མ་ཆད་པ་མངའ་བའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་རྒྱུད་གཞུང་འཁྲུགས་པ་བསྡེབས། གཅུས་པ་བསྲང༌། གབ་པ་མངོན་དུ་ཕྱུང་བའི་ཚུལ་གྱིས་ལེགས་པར་ཕྱེ་བའི་ཉི་ཟེར་ལ་བརྟེན་ནས་སྐལ་བཟང་རྣམས་ཀྱི་བློའི་པདྨོ་སད་པར་བྱས་ཏེ་ཁྱབ་བདག་དྲུག་པའི་ཕྲིན་ལས་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་བྱའོ།།བཤད་རྒྱུད་ཆུ་བོ་བཞི་ཡིས་རྒྱས་བྱས་ཤིང༌།།དངོས་གྲུབ་ནོར་བུའི་ཁ་དོག་སྟོང་གིས་བཀྲ།།རིག་འཛིན་ཀླུ་དབང་རྣམས་ཀྱི་རྩེ་དགའི་གནས།།དཔལ་ལྡན་སྙིང་པོའི་རྒྱུད་རྒྱལ་ཟབ་མོའི་མཚོར།།ཞུགས་ནས་དོན་ཐོབ་གནའ་དུས་མང་བྱུང་ཡང༌།།དུས་ཀྱི་དབང་གིས་ཉུང་ངུར་གྱུར་མཐོང་སྟེ།།དེད་དཔོན་མཁས་པའི་མན་ངག་ལ་བརྟེན་ནས།།ལེགས་བཤད་གྲུ་ཡི་འཁྲུལ་འཁོར་གསར་པ་བྱས།།འོན་ཀྱང་མཆོག་ཏུ་བརླིང་བའི་རྡོ་རྗེ་གནས།།ཉམས་ཆུང་བྱིས་པའི་རྩལ་གྱིས་དབྱེ་དཀའ་བས།།ནོངས་པར་གང་གྱུར་རྡོ་རྗེ་ཅན་ལ་འཆགས།།བཟོད་པར་དགོངས་ནས་ཚངས་པའི་མཆོག་སྦྱིན་མཛོད།།ཆོས་མཆོག་ཞིང་ལ་ངལ་བའི་ས་བོན་འགའ།།བསྐྱེད་ལས་རྒྱུ་མཐུན་སྡོང་པོ་ཆེར་རྒྱས་ཏེ།།ཟབ་ལམ་རོ་བདེའི་འབྲས་སྟེར་ཉན་བཤད་ཀྱི།།ཡལ་འདབ་ཕྱོགས་དུས་ཁྱབ་པར་བྲེ་གྱུར་ཅིག།ཕྱི་སྣོད་གསང་ཆེན་རྒྱུད་སྡེའི་མཛོད་དུ་གྱུར།།ནང་བཅུད་འགྲོ་ཀུན་རིག་འཛིན་ཚོམ་བུར་སད།།བརྟན་གཡོ་མཐའ་དག་སྒྱུ་འཕྲུལ་དྲྭ་བ་ཡི།།དཀྱིལ་འཁོར་འཁོར་ལོ་གཅིག་ཏུ་བྱང་ཆུབ་ཤོག།དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་འདི་ནི། སྔོན་ཆད་རྙིང་བསྟན་རིན་པོ་ཆེར་གཅིག་ཏུ་སྨན་པའི་ལྷག་བསམ་ཅན་བླ་མ་དམ་པ་ཡེ་ཤེས་འོད་ཟེར་རྒྱ་མཚོས་བསྐུལ་ངོར་སྤྱི་དོན་ཞིག་བྲིས་པ་དེ་དུས་རང་ཉིད་ན་ཚོད་མ་རྫོགས་ཤིང་རྒྱུད་གཞུང་ལ་འདྲིས་ཆ་ཆུང་བའི་སྐབས་ཡིན་པས་འདུས་གསལ་ཞིག་མ་བྱུང་བའི་ཚུལ་སྨྲས་པ་སོགས་ལ་བརྟེན་ནས། དད་བརྩོན་རྣམ་དཔྱོད་ཡངས་ཤིང་ཐོས་བསམ་གྱི་ནོར་དང་ལྡན་པའི་སྡོམ་བརྩོན་ཀུན་དགའ་བློ་གྲོས་ཀྱིས་རྒྱུད་བཤད་ལ་ངལ་བ་དང་ལེན་གྱི་ཞབས་ཏོག་བཟང་པོ་སྒྲུབ་སྐབས། རིན་ཆེན་དཀར་པོ་དང༌། གོས་དབང་མདོག མྱུར་བདེའི་བཞོན་པ་འཆར་ཀའི་སྣང་བ་ལྟ་བུའི་ཁ་དོག་ཅན་སོགས་མཎྜལ་དུ་ཕུལ་ཏེ་ནན་ཏན་ཆེན་པོས་བསྐུལ་བ་དང༌། རྩོད་བྲལ་དུས་བབས་ཀྱི་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་ལས་རབ་གླིང་པའི་བཀའ་སྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་ཞིང༌། ཡི་གེའི་གྲོགས་དན་མཛད་པས་མཚམས་སྦྱར་ཏེ། བསྟན་པ་རྒྱ་མཚོའི་མངའ་བདག་སྙིགས་དུས་ཀྱི་སངས་རྒྱས་མཚན་བརྗོད་པར་དཀའ་བ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང༌། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་པ་པདྨ་བཛྲ་ཞབས་སོགས་རྡོ་རྗེ་འཛིན་དབང་དུ་མའི་སྤྱན་སྔར་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་དབང༌། རྒྱུད་བཤད། མན་ངག་དང་བཅས་པའི་བཀའ་དྲིན་ཐོབ་པ་མདོ་ཁམས་རྡོ་ཡུལ་གྱི་ཆོས་སྨྲ་བའི་གཟུགས་བརྙན་འཇིགས་མེད་བསྟན་པའི་ཉི་མས་རབ་ཚེས་མེ་འབྲུག་གི་ལོ་རྒྱུ་དང་མི་རྒྱུའི་འཇིག་རྟེན་དབྱར་གྱི་དགའ་སྟོན་ལ་རོལ་པ་རྫོགས་ལྡན་གཉིས་པའི་དུས་སུ་སྦྱར་བ་འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་གསང་ཆེན་སྙིང་པོའི་རིང་ལུགས་དྲི་མ་མེད་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དང་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།མངྒལཾ།ༀ་སྭསྟི། འཕགས་པའི་ཞིང་ཁམས་བོད་ཡུལ་གངས་ཅན་འདིར། །པཎ་གྲུབ་ཆོས་རྒྱལ་སྨོན་ལམ་ནང་འཛོམས་པས། །དང་པོར་གསང་སྔགས་བསྟན་པའི་ཀློང་རྡོལ་བ། །སྔ་འགྱུར་རྙིང་མ་ཞེས་བྱར་གྲགས་འདི་ཡིན། །རྨ་གཉགས་བཻ་རོ་གནུབས་ཆེན་ཁུ་དབོན་དང་། །ཟུར་པ་མེས་དབོན་ཉང་རོག་རོང་ཟོམ་སོགས། །གྲུབ་བརྙེས་རིག་འཛིན་རྒྱལ་བ་དངོས་འདྲ་བ། །གྲངས་མེད་བརྒྱུད་པ་རིན་ཆེན་འདི་ནང་བྱུང་། །དེ་རྣམས་ཀུན་གྱི་ཕ་ནོར་གཅེས་པའི་དབྱིག །ཡོ་ག་གསུམ་གྱི་དོན་བསྡུས་རྩ་བའི་རྒྱུད། །ད་ལྟའི་བར་དུ་བཤད་རྒྱུན་མ་ནུབ་པར། །ལེགས་གནས་དཔལ་ལྡན་གསང་བའི་སྙིང་པོར་ངེས། །དོན་དེ་དགོངས་ནས་ལྔ་བདོའི་དུས་མཐར་ཡང་། །རྒྱུ་བའི་ཕྲིན་ལས་སྤེལ་ལ་ཟླ་བྲལ་བ། །གཞན་ཕན་མཐའ་ཡས་འོད་ཟེར་ཡབ་སྲས་ཀྱིས། །རྒྱུད་འདིའི་བཤད་སྲོལ་འབད་པ་བརྒྱ་ཡིས་བཟུང་། །བདག་འདྲའང་བཀའ་བརྒྱུད་དེ་ཡི་རྗེས་སྐྱེས་ཤིང་། །ཀུན་མཁྱེན་དགྱེས་པའི་བཀའ་ལུང་ཐོབ་གྱུར་པས། །གསར་བུའི་བློ་ཅན་རང་འདྲ་འགའ་ཡི་ཆེད། །སྤྱི་དོན་རྣམ་བཤད་ཉུང་ལ་གསལ་བ་བརྩམས། །གང་དེ་དད་འདུན་ལྷག་བསམ་ལྡན་པ་འགས། །འབད་པས་སྤར་དུ་བཞེངས་པའི་ལེགས་ཚོགས་རྒྱུན། །སྙིང་པོའི་བསྟན་པའི་ཟུངས་སུ་སྨིན་གྱུར་ཏེ། །དཔལ་ལྡན་བླ་མའི་ཕྲིན་ལས་རྒྱས་བྱེད་ཤོག །འབྲེལ་ཐོགས་ཀུན་ཀྱང་དམ་ཆོས་སྤྱོད་པ་ལ། །མི་མཐུན་རྒུད་པའི་མིང་ཡང་མི་འབྱུང་ཞིང་། །མཐུན་རྐྱེན་ལེགས་དགུའི་རྟེན་འབྲེལ་ཕུན་ཚོགས་ཏེ། །དོན་གཉིས་འབྱོར་བ་རྒྱ་མཚོ་རྒྱས་གྱུར་ཅིག །ཅེས་པའང་ཆོས་སྐོར་བླ་མ་ཀུན་དགའ་བློ་གྲོས་དང་། གཡུང་ཤུལ་བླ་མ་གསུང་མཆོག་རྡོ་རྗེ་སོགས་ནས་རྒྱུ་ཡོན་བསྟབས་ཤིང་། མཁྱེན་དབང་ཨ་མདོ་ཞབས་དྲུང་མཁས་བཙུན་བསྟན་འཛིན་རྒྱ་མཚོ་དང་། དགེ་ཚུལ་བདེ་ལོ་སོགས་གཞན་འགའ་རེས་ཀྱང་མཐུན་རྐྱེན་ཟུར་གསོས་སྦྱར་བ་ལ་བརྟེན་ནས། ཉེ་གནས་བློ་གྲོས་ཆོས་ལྡན་གྱིས་དོ་དམ་པ་བྱས་ཏེ། སྤྱི་དོན་མཛོད་ལྡེ་སྤར་དུ་བརྐོས་པའི་སྤར་བྱང་དུ་བསྟན་པའི་ཉི་མས་སྦྱར་བ་དགེ་ལེགས་འཕེལ།།

ཨང་རིམ་ལྟར་དཔེ་མི་འདྲ་བའི་མཆན།

1 མགོ་ལོག་དེབ་གཟུགས། ༡༢-༣། ༼སྟོན་པ།༽

2 མགོ་ལོག་དེབ་གཟུགས། ༣༠-༨། ༼དབང་བསྒྱུར་ཡང་གཟུང་འཛིན་དང་བྲལ་བའི་ཆོས་ཉིད་ལས་མི་གཡོ་ཕྱོགས།༽

3 མགོ་ལོག་དེབ་གཟུགས། ༣༦-༢། ༼བཞུགས་སོ།།༽

4 མགོ་ལོག་དེབ་གཟུགས། ༦༥-༧། ཐའི་དཔེ་རིང་། ༣༡ཀ-༥། ༼བརྡབ་ཞེས་བསྣོལ།༽

5 མགོ་ལོག་དེབ་གཟུགས། ༧༦-༤། ཐའི་དཔེ་རིང་། ༣༦ཀ-༥། ༼བསྟན་པའི།༽

6 མགོ་ལོག་དེབ་གཟུགས། ༨༨-༡༤། ཐའི་དཔེ་རིང་། ༤༢ཀ-༢། ༼བཀོད་པ།༽

7 མགོ་ལོག་དེབ་གཟུགས། ༩༨-༢། ཐའི་དཔེ་རིང་། ༤༦ཀ-༥། ༼བཅོ་བརྒྱད་པ།༽

8 མགོ་ལོག་དེབ་གཟུགས། ༡༠༣-༡༥། ཐའི་དཔེ་རིང་། ༤༩ཀ-༡། ༼སེམས་དེ་ཉིད།༽

9 མགོ་ལོག་དེབ་གཟུགས། ༡༠༥-༤། ༼རྒྱུ།༽

10 མགོ་ལོག་དེབ་གཟུགས། ༡༡༣-༡༡། ༼སྤྱོད།༽

11 ༼ཉེ་སྟོན་སེངྒེའི་འདོད་པ།༽

12 ༼དམ་པ་རྒྱ་ར་བའི་འདོད་པ།༽

13 མགོ་ལོག་དེབ་གཟུགས། ༡༢༠-༥། ༼ངེས་པར།༽

14 མགོ་ལོག་དེབ་གཟུགས། ༡༤༢-༡༢། ༼ཚེ་འདིར།༽

15 མགོ་ལོག་དེབ་གཟུགས། ༡༤༩-༨། ༼ཡེ་ཤེས་ཀྱང་།༽

16 མགོ་ལོག་དེབ་གཟུགས། ༡༧༦-༡༤། ༼ཆེ།༽

17 མགོ་ལོག་དེབ་གཟུགས། ༡༨༦-༩། ༼གོས་དང་།༽

18 མགོ་ལོག་དེབ་གཟུགས། ༢༠༡-༡༡། ༼ཆ་དང་གང་གིས།༽