མ་གཅིག་གཅོད་ཀྱི་གདེང་བཤད་ཉུང་ངུར་བསྡུས་པ།
༼ག༽ མ་གཅིག་གཅོད་ཀྱི་གདེང་བཤད་ཉུང་ངུར་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །
ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ། བླ་མ་ཡུམ་ཆེན་ཞབས་ལ་ཕྱག་འཚལ་ནས། །གཅོད་ཀྱི་གདེང་བཤད་ཅུང་ཟད་འདིར་འགོད་བྱ། །སྤྱིར་ཆོས་འདི་ལ་ས་ཆོས་དང་གནམ་ཆོས་གཉིས་ཡོད། རྒྱ་གར་ཆོས་ཀྱི་རྒྱལ་པོ་ཛ་ཞེས་བྱ་བའི་ཁང་ཐོག་ན་གླེགས་བམ་གྱིས་ཆར་བབ་པའི་ཆོས་ཐམས་ཅད་ནི་གནམ་ཆོས་ཡིན་ལ། གཏེར་ནས་བཏོན་པ་རྣམས་ནི་ས་ཆོས་ཡིན་པ་ལས། ཡུམ་རྒྱས་འབྲིང་སོགས་བཀའ་བར་པ་མཚན་ཉིད་མེད་པའི་སྐོར་ཕལ་ཆེར་གཏེར་མ་ཡིན་པ་དང་། གཅོད་ཕལ་ཆེར་གཏེར་མ་ཡིན་པས། ང་ཡི་གཅོད་འདི་ལ་གཉིས་ཀ་ཚང་། གཅོད་ལ་བཀའ་
མ་དང་གཏེར་མ་གཉིས་ཡོད་དེ། ཨོ་རྒྱན་གྱིས་གཏེར་དུ་སྦས་པ་རིན་ཆེན་གླིང་པ་དང་། སངས་རྒྱས་གླིང་པ་སོགས་ཀྱིས་གཏེར་ནས་བཏོན་པ་དང་། མ་གཅིག་གི་སྐྱེས་རབས་ཆེ་འབྲིང་གཉིས་ད་ལྟ་ཡང་ལྷོ་བྲག་ཏུ་གཏེར་དུ་བཞུགས་པ་དང་། གཅོད་མདོ་ལུགས་རྣམ་བཤད་ཆེན་མོ་ལ་པོ་ཏི་བཞི་བཅུ་ཞེ་གཉིས། སྔགས་ལུགས་ཀྱི་རྣམ་བཤད་ཆེན་མོ་ལ་པོ་ཏི་བཞི་བཅུ་ཉེ་གཉིས། མདོ་སྔགས་ཟུང་འཇུག་གི་རྣམ་བཤད་ཆེན་མོ་ལ་པོ་ཏི་བཞི་བཅུ་ཞེ་གཉིས། ཆོས་ཚན་མ་བུ་བརྒྱ་ཙམ་ཡོད་པ། མ་གཅིག་ཡུམ་སྲས་དང་གངས་པ་སྨུག་སངས་སོགས་ཀྱིས་བསམ་
ཡས་མཆིམས་ཕུ་དང་། ལྷ་ས་སྐྱོ་ཐང་སོགས་སུ་གཏེར་དུ་སྦས་པ་རྣམས། ཕྱིས་མ་གཅིག་ཤེས་རབ་གསལ་ལྡན། ཀུན་སྤངས་བརྩོན་འགྲུས་སེང་གེ་སོགས་ཀྱིས་གཏེར་ནས་བཏོན་པ་གཅོད་གཏེར་མ་ཡིན་ལ། གཏེར་དུ་མ་སོང་བ་རྣམས་བཀའ་མ་ཡིན་པ་ལས། ང་ཡི་གཅོད་འདི་བཀའ་ཡིན། གཅོད་ལ་རྒྱ་ཆོས་དང་བོད་ཆོས་གཉིས་སུ་ཡོད་པ་ལས། ཨཱརྱ་དེ་ཝའི་ཚིགས་སུ་བཅད་པ་ཆེན་མོ། ནཱ་རོ་པཎ་ཆེན་གྱི་རོ་སྙོམས་དང་གསང་སྤྱོད། ཕ་དམ་པའི་ཞི་བྱེད། ཨོ་རྒྱན་པདྨའི་འཕྲུལ་གཅོད་རྣམས་ལ་རྒྱ་གཅོད་ཆུ་བོའི་གཞུང་བཞི་ཞེས་བྱ་སྟེ། རྒྱུ་ཆོས་ཡིན། ཡུམ་ཆེན་མོའི་སྤྲུལ་པ་མ་གཅིག་ལབ་ཀྱི་སྒྲོན་མའི་ཐུགས་ལ་འཁྲུངས་ནས་མཛད་པ་རྣམས་བོད་ཆོས་ཡིན་ཏེ། མ་གཅིག་གི་ཞལ་ནས། རྒྱ་ཆོས་བོད་ལ་བསྒྱུར་བ་ཐམས་ཅད་དེ། །བོད་ཆོས་རྒྱ་ལ་བསྒྱུར་བ་ཁོ་མོ་ཙམ། །ཞེས་གསུངས་ཏེ། ངའི་གཅོད་འདི་ལ་དེ་གཉིས་ཀ་ཚང་བ་ཡིན་ནོ། །མ་གཅིག་གི་གཅོད་འདི་ལ་ཨ་ཙ་ར་རྐང་མགྱོགས་འགྲུབ་པ་གསུམ་བྱུང་ནས་རྒྱ་གར་ལ་ཕར་བསྒྱུར་ནས་དར་བར་ཡིན་པ་ལས། ང་ཡི་གཅོད་འདི་མ་གཅིག་གིས་མཛད་པའི་བོད་ཆོས་ཡིན། གཅོད་འདི་ལ་མདོ་
ལུགས་དང་སྔགས་ལུགས་གཉིས། མདོ་སྔགས་དེ་དབྱེར་མེད་ཟུང་འཇུག་གི་ལུགས་དང་གསུམ་ཡོད་པ་ལས། བཀའ་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་ཨར་དེ་ཝའི་ཚིགས་བཅད་ཆེན་མོ་དང་། མ་གཅིག་གི་བཀའ་ཚོམ་ཡང་ཚོམ་རྣམས་ཀྱི་རྗེས་སུ་འབྲང་བ་མདོ་ལུགས་དང་། རྗེ་བཙུན་མ་སྒྲོལ་མས་མ་གཅིག་ལ་གནང་། དེས་སྲས་ཐོད་སྨོན་བསམ་འགྲུབ་ལ་གནང་ནས། ཤམ་པོའི་གངས་ལ་བསྒོམས་པས་འཇའ་ལུས་མཁའ་སྤྱོད་དུ་གཤེགས་པ་དེ་ནས་བརྒྱུད་པ་སྔགས་ལུགས། མདོ་སྔགས་དེ་གཉིས་དབྱེར་མེད་ཟུང་འཇུག་ཏུ་མ་གཅིག་གི་ཐུགས་ལ་འཁྲུངས་ནས། སྐལ་ལྡན་གྱི་སྲས་ཁུ་སྒོམ་ཆོས་ཀྱི་སེང་གེ་སོགས་ལ་གནང་བ་མདོ་སྔགས་དབྱེར་མེད་ཟུང་འཇུག་ལས། ང་ཡི་གཅོད་འདི་མདོ་སྔགས་དབྱེར་མེད་ཟུང་ཇུག་གི་ལུགས་དེ་ཡིན། དེ་མདོ་སྔགས་གཉིས་དབྱེར་མེད་ཟུང་འཇུག་དུ་ཇི་ལྟར་འཇུག་ན། མ་གཅིག་གི་ཞལ་ནས། ཕ་ནི་ཕ་རོལ་ཕྱིན་པའི་དོན། །ཊ་ནི་གསང་སྔགས་ཐེག་ཆེན་དོན། །གཅིག་ཏུ་བསྒྲིལ་ནས་དྲག་པོར་བརྗོད། །ཅེས་གསུངས་པས། ཕཊ། འདི་ལ་མདོ་སྔགས་གཉིས་ཀ་ཚང་བ་ཡིན་པས། རྗེ་དཀོན་
མཆོག་ཡན་ལག་གི་ཞལ་ནས། མདོ་ལུགས་ཀྱི་དོན་བསྡུས་པ་དམར་འགྱེད། སྔགས་ལུགས་ཀྱི་དོན་བསྡུས་པ་ཁྲ་འགྱེད། ཅེས་གསུངས་ཏེ། མདོ་པདྨ་དཀར་པོ་ནས་བཅོམ་ལྡན་འདས་སེམས་ཅན་ཉ་དེས་པ་ཞེས་བྱ་བར་སྐྱེ་བ་བཞེས་ནས་ཤ་ཁྲག་སྦྱིན་པར་བཏང་བ་དང་། མདོ་སྡེ་གསེར་འོད་དམ་པ་ནས་སྟག་མོ་ལུས་སྦྱིན་དང་བཀའ་ཕ་རོལ་ཏུ་ཕྱིན་པའི་དོན་མན་ངག་གི་ཉམས་སུ་ལེན་པ་དམར་འགྱེད་དང་། བླ་མེད་ཀྱི་རྒྱུད་ཐམས་ཅད་ནས་ཚོགས་ཀྱི་འཁོར་ལོ་གསུངས་པས། དེ་མན་ངག་གིས་ཉམས་སུ་ལེན་པ་རང་ལུས་ཚོགས་འཁོར་དུ་འབུལ་པ་ཁྲ་འགྱེད་ཡིན་པར་གསུངས་སོ། །གཅོད་འདི་ལ་ཕོ་གཅོད་དང་མོ་གཅོད་གཉིས་ཡོད་པ་ལས། ཕ་གཅིག་དམ་པ་སངས་རྒྱས་ནས་ཕོ་གཅོད་སྨ་ར་སེར་པོ་ནས་བརྒྱུད་པ་དང་། མ་གཅིག་ལ་སློབ་མ་རྣམས་ཀྱིས་ཞུས་པ་ལ་ཕོ་གཅོད་ཟེར། མ་གཅིག་ལ་སྲས་མོ་རྒྱན་བཞི་སོགས་ཀྱིས་ཞུས་པ་ལ་མོ་གཅོད་ཟེར། ང་ཡི་འདི་ཕོ་གཅོད་དང་མོ་གཅོད་གཉིས་ཀ་ཡིན་ནོ། །ང་ཡི་གཅོད་འདི་ལ་ཕ་གཅིག་དམ་པ་ནས་བརྒྱུད་པས་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ཡང་ཚང་། རྗེ་བཙུན་སྒྲོལ་མ་ནས་མ་གཅིག་ལ་བརྒྱུད་པས་མ་རྒྱུད་
ཤེས་རབ་ཀྱི་བརྒྱུད་པ་ཡང་ཚང་བ་ཡིན། སྲས་རྒྱལ་བ་དོན་གྲུབ་ནས་བརྒྱུད་པས་སྲས་རྒྱུད་ཉམས་ཀྱི་བརྒྱུད་པ་ཡང་ཚང་། རྒྱལ་བ་ཤཱཀྱ་ཐུབ་པ་ནས་བཀའ་བརྒྱུད་པས་བཀའ་བརྒྱུད་སྤྱིའི་བརྒྱུད་པ་ཡང་ཚང་། མ་ལབ་སྒྲོན་ཉིད་ཡུམ་ཆེན་མོ་དངོས་ཡིན་པས་དོན་བརྒྱུད་བྱིན་རླབས་ཀྱི་བརྒྱུད་པ་ཡང་ཚང་། གཅོད་འདི་ལ་གཞུང་ཁྲིག་ཅན་དང་། ཁ་འཐོར་ཁྲིག་མེད་གཉིས་ཡོད་པ་ལས། ང་ཡི་འདི་ལ་དེ་གཉིས་ཀ་ཚང་བ་ཡིན། རྗེ་མི་བསྐྱོད་རྡོ་རྗེས་གཞུང་དང་མན་ངག་ཐམས་ཅད་གཅིག་ཏུ་བསྡེབས་ནས་གཅོད་ཚིགས་བཅད་མ་འདི་མཛད་པ་ཡིན་ནོ།། ༈ འོ་ན་གཅོད་བྱས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཨཱརྱ་དེ་ཝའི་གཅོད་ཀྱི་རྒྱ་གཞུང་ལས། སྟེང་གི་ལྷ་རྣམས་དམ་ལ་ཐོགས། །འོག་གི་ཀླུ་རྣམས་ཟིལ་གྱིས་ནོན། །ཀླུ་ལ་ལས་ནི་གང་བཅོལ་འགྲུབ། །ལྷ་རྣམས་རང་སར་གྲོགས་དན་བྱེད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་འཚོ། །ཐོགས་བཅས་བདུད་ལ་ཆོད་པ་ཡིས། །སྣང་བ་དགྲར་ནི་སྡང་མི་འགྱུར། །ཐོགས་མེད་བདུད་ལ་ཆོད་པ་ཡིས། །གནོད་བྱེད་
ཕོ་མོ་དམ་ལ་ཐོགས། །དེ་ལ་སོགས་པའི་ཕན་ཡོན་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །ཞེས་གསུངས་པ་དང་། །ཨོ་རྒྱན་རིན་པོ་ཆེས་མཛད་པའི་བོགས་འདོན་གཅོད་ཀྱི་ཁྲིད་ལས། ལམ་གྱི་གེགས་སེལ། རྟོགས་པའི་བོགས་འདོན་གཉིས་ཆོས་ཀྱི་མཚན་མ་ཁྲོལ་བས། འཁྲུལ་སྣང་ཡུལ་འབུད། སྣང་སྲིད་སེམས་སུ་ཆོད་པས་འཁོར་འདས་རང་སར་གྲོལ་བར་འགྱུར་ཏེ། གནས་ལུགས་རྟོགས་ནས་བོགས་འདོན་པ་ལ། སྟན་ཐོག་གཅིག་ཏུ་ལོ་གཅིག་བསྒོམ་པ་བས། གཉན་སར་སྙེམས་ཐག་ཞག་གཅིག་བཅད་པས་བོགས་ཆེ་ཞེས་གསུངས་པ་དང་། ཡང་ཨོ་རྒྱན་རིན་པོ་ཆེས་ལུས་སྦྱིན་གྱི་ཕན་ཡོན་གསུངས་པ་ནི། དཀོན་མཆོག་མཉེས་པས་དངོས་གྲུབ་ཀྱི་རྒྱུན་མི་འཆད། ལུས་ཀྱི་གཅེས་འཛིན་ཐེང་བས་ཕྱི་ནང་གི་བར་ཆད་ཞི། དཀོན་མཆོག་རྣམས་མཉེས་ཏེ་དམ་ཚིག་གི་ཉམས་ཆག་བསྐང་། མཁའ་འགྲོ་ཆོས་སྐྱོང་རྣམས་མཉེས་པས་ཕྱི་ནང་གི་བར་ཆད་བསྲུང་། ལན་ཆགས་བུ་ལོན་འཁོར་བས་ལས་ཀྱི་སྒྲིབ་པ་དག །བདག་འཛིན་བློས་ཐོང་བས་སྣང་སྲིད་དབང་དུ་འདུས། ལྷ་འདྲེས་སྡོང་གྲོགས་བྱེད་པས་ཤིན་ཏུ་ཟབ་གསུངས་སོ། །སྤྱིར་ཡང་སྦྱིན་པ་
ཐམས་ཅད་ཀྱི་ནང་ནས་ལུས་སྦྱིན་དང་ཆོས་སྦྱིན་གཉིས་བསོད་ནམས་ཆེ་སྟེ། དུས་འཁོར་ལས། རྟ་དང་གླང་པོ་བསོད་ནམས་སྟོང་འགྱུར་ཏེ། །བུ་དང་ཆུང་མ་དག་ནི་འབུམ་འགྱུར་རོ། །ལུས་ཀྱི་སྦྱིན་པ་བྱེ་བར་འགྱུར་བ་སྟེ། །ཆོས་ཀྱི་སྦྱིན་པ་གྲངས་མེད་དག་ཏུ་འགྱུར། །ཞེས་གསུངས་སོ། །མ་གཅིག་གི་ཞལ་ནས། བེམ་རིག་སྲོལ་ལ་དབྱིངས་རིག་བསྲེས། །ཕུང་པོ་གཏུབ་ལ་ཚོགས་སུ་འབུལ། །དེ་ཡང་ལན་གྲངས་མང་དུ་བྱ། །ཨ་ཟ་མ་ཡི་བུ་ཁྱོད་ཉོན། །བར་ཆད་མི་འོང་ང་རང་ཤེས། །ནད་པ་འདྲེ་ལ་གཏད་པ་ན། །ནད་མེད་བདེ་བ་ཐོབ་པ་ཡིན། །བཅོལ་མ་དགྲ་ལ་བྱས་པ་ན། །འཇིགས་མེད་བཙན་སར་ཐོན་པ་ཡིན། །གར་དགར་ཁྱེར་ཡང་འདོད་མི་སྲེད། །མི་མཐུན་གྲོགས་སུ་ཁྱེར་བ་དེ། །ཨ་མ་ཇོ་མོའི་བཞེད་པ་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་བྱས་པས། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ལུས་སྲོག་གཟན་དུ་བོར་བ་ན། །སྲུང་འཁོར་བདག་ཏུ་མེད་པ་ཡིན། །བསྒྲིམས་ཀྱིས་བསྒྲིམས་ལ་རྒྱངས་ཀྱིས་འཕངས། །རྒྱངས་ཀྱིས་འཕངས་ལ་ཕྱལ་གྱིས་ཞོག །རེ་དོགས་མེད་པའི་ངང་ལ་སྐྱར། །མཐའ་
བྲལ་གྱི་ལྟ་བ་ཟིལ་གྱིས་ནོན། །མཐར་ཐུག་གི་ལྟ་བ་དེ་ན་ཡོད། །གཅོད་ཀྱི་ནམ་མཁའ་སྒོ་འབྱེད་དེ། །འཕོ་བ་བརྒྱ་ཡིས་དོ་ཟླ་མིན། །ཀུ་སུ་ལུ་པའི་ཚོགས་གསོག་དེ། །ཚོགས་བསགས་བརྒྱ་ཡིས་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །སྟོན་མོ་བརྒྱ་ཡིས་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་དེ། །རིམ་གྲོ་བརྒྱ་ཡིས་དོ་ཟླ་མིན། །འདུག་ས་དབེན་གནས་རི་ཁྲོད་དེ། །དགོན་པ་བརྒྱ་ཡིས་དོ་ཟླ་མིན། །ཡོན་བདག་སྣང་སྲིད་ལྷ་འདྲེ་དེ། །ཡོན་བདག་བརྒྱ་ཡིས་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་དེ། །དམ་ཆོས་བརྒྱ་ཡིས་དོ་ཟླ་མིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མན་ངག་བརྒྱ་ཡིས་དོ་ཟླ་མིན། །ཞེས་གསུངས་པ་དང་། མ་གཅིག་གསུངས་ལེའུ་འགའ་ལས་དངོས་གྲུབ་ཀླུ་དང་བདུད་ལས་འབྱུང་། །ཡོན་བདག་བཙན་དང་རྒྱལ་པོས་བྱེད། །ཟས་ནོར་མ་མོ་མཁའ་འགྲོས་སྦྱོར། །སྙན་པ་སྣང་སྲིད་ལྷ་འདྲེས་སྒྲོགས། །ཞེས་གསུངས་པ་དང་། མ་གཅིག་གི་གཅོད་གཏེར་མ་ལས་ཀྱང་། ནང་རིག་པ་འཁྲུལ་གྱི་གདམས་པ་འདི། །ཤེས་སམ་ཐོས་པ་ཙམ་གྱིས་ཀྱང་། །རིགས་ལྡན་རྒྱལ་བའི་སྲས་སུ་
སྐྱེས། །གོ་ཞིང་རྟོག་པར་གྱུར་པ་ན། །རྐང་གཉིས་གཙོ་བོ་དངོས་སུ་འགྱུར། །གོལ་ས་བཀག་ནས་ཉམས་བླངས་ན། །བླ་མེད་བྱང་ཆུབ་ལག་བཅང་ཡིན། །ངེས་པར་ཀླུ་གཉན་ཡོད་པའི་སར། །ཆུ་མིག་བརྒྱ་རྩ་བརྟེན་ནས་སུ། །ཞག་རེ་གཉིད་ཐུན་རེ་ལོག་ན། །ཕྱིར་མི་ལྡོག་པའི་ས་ལ་གནས། །མ་ཡི་ཐུགས་དམ་ཞལ་ཡང་གཟིགས། །ལྷ་ཡི་ལུང་བསྟན་དེ་རུ་ཐོབ། །དབུགས་དབྱུངས་བ་ཡི་གདམས་པའོ། །ཞེས་དང་། །ཟབ་དོན་ཐུགས་ཀྱི་སྙིང་པོའི་གཞུང་ཆེན་མོ་ལས། རྒྱལ་བས་དགོངས་པ་གཅོད་ཡུལ་མཆོག་འདི་སུས་འཛིན་པ། །ཐར་པའི་ལམ་སྟོན་ཡོན་ཏན་དཔག་མེད་རྒྱ་ཆེར་འབྱུང་། །ཞེས་གསུངས་སོ། །གཅོད་ལ་འདྲ་བའི་དཔེ་དྲུག་ཡོད། གངས་རི་དང་འདྲ་སྟེ་ཁ་བ་བབས་ཀྱང་དཀར་ལ་མ་བབས་ཀྱང་དཀར། དེ་བཞིན་དུ་ཆོས་གཞན་གྱི་རྒྱབ་རྟེན་ཡོད་ཀྱང་ཆོག་མེད་ཀྱང་ཆོག །ནམ་མཁའ་དང་འདྲ་སྟེ་ནམ་མཁའི་ཀློང་དུ་ཐམས་ཅད་འདུས་པ་བཞིན། ཆོས་ཐམས་ཅད་གཅོད་ཀྱི་ནང་དུ་འདུས་པ་ཡིན། སེང་གེ་དང་འདྲ་སྟེ་ཁྱུ་ཆེ་ཡང་ཆོག །གཅིག་གིས་ཀྱང་གཅིག་སྐྱ་ཕེར་བ་ལྟར། ཆོས་གཞན་ཤེས་ཀྱང་ལེགས་
གཅོད་རྐྱང་པས་ཀྱང་ཆོག །རྔ་བོ་ཆེའི་སྒྲ་དང་འདྲ་སྟེ་རྔ་བརྡུང་བའི་དུས་རོལ་མོ་གཞན་ཐམས་ཅད་རྔའི་རམ་བུར་འགྱུར་བ་ལྟར། ཆོས་གཞན་ཅི་ཤེས་ཀྱང་གཅོད་ཀྱི་ཞོར་འདེབས་ཡིན། དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ། མི་མང་ཡང་འཚོ་ཉུང་ཡང་འཚོ་བ་ལྟར། གྲྭ་བུ་སློབ་མང་ཡང་འཚང་རྒྱ་ཉུང་ཡང་འཚང་རྒྱ་བ་ཡིན། རྟ་བཟང་པོའི་སྤུ་མདོག་དང་འདྲ་སྟེ་སྔོ་ཡང་མཛེས་ནག་ཀྱང་མཛེས་པ་ལྟར། གཅོད་ཀྱི་ཆོས་དང་གྲུབ་མཐའ་གང་བསྟུན་ཡང་ལེགས་པ་ཡིན། ཞེས་མ་གཅིག་གི་ཞལ་ནས་གསུངས་སོ། །མ་གཅིག་གིས་སྐྱེ་བ་སྔ་མ་ལ་མུ་སྟེགས་བཏུལ་དུས་མུ་སྟེགས་ཀྱི་སྨོན་ལམ་བཏབ་པའི་གནད་ཀྱིས། གཡོག་མོ་ཅོ་ལ་སྒྲོན་སོགས་ཀྱིས་གཅོད་ལོག་མང་པོ་དར་ནས། གཅོད་ལོག་དང་གཅོད་གཞུང་མ་
གཉིས། ཤ་སྤུ་དང་རྟ་སྤུ་འདྲེས་པ་ལྟར་སོང་ནས་བར་སྐབས་ཤིག་ལ་མ་གཅིག་གི་བསྟན་པ་ལ་གནོད་པར་བྱུང་ཡང་། གཅོད་ལོག་དེ་འདུལ་བའི་གཉེན་པོར་མ་གཅིག་གིས་ལུང་བསྟན་པར་ལྟར། ཁུ་སྒོམ་ཆོས་ཀྱི་སེང་གེའི་སྐྱེ་བ་ཀུང་སྤངས་བརྩོན་འགྲུས་སེང་གེ་དང་། རྗེ་རང་བྱུང་རྡོ་རྗེས་གཅོད་ལོག་ཐམས་ཅད་བསལ། གཅོད་རྣམ་པར་དག་པ་དར་བར་
མཛད་པ་ཡིན་ཅིང་། ང་ཡི་གཅོད་འདི་རང་བྱུང་རྡོ་རྗེས་ནས་བརྒྱུད་པ་ཡིན་པས་གཅོད་ལོག་གི་དྲི་མེད་ཅིང་། བཤད་ཉུང་ངུ་འདི་གླང་ལོ་ཡོས་ཟླའི་གནམ་གང་ཉིན་པར་ཀརྨ་ཨ་རཱ་གས་སྦྱར་བའོ། །དགེའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།