Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད།


CMR054_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༼ག༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། ཆོས་མྱུར་དུ་འགྲུབ་པའི་ཐབས། འཆི་བ་མི་རྟག་པ་བསྒོམ་པ་ནི། བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་གསུངས་པས། །འདུས་བྱས་ཀྱི་མཚན་ཉིད་ནི་མི་རྟག་པ་ཡིན་ནོ། །དེ་ཡང་ཇི་ལྟར་མི་རྟག་ན། ཆེད་དུ་བརྗོད་པའི་ཚོམས་ལས། བསགས་པའི་ཐ་ནི་འཛད་པ་སྟེ། བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་


CMR054_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །གསུངས་སོ། །སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། སྣོད་བཅུད་མི་རྟག་དོན་བསྒོམ་ཞིང་། །ཞེས་གསུངས་པའི་དོན། དེ་ལ་དབྱེ་བ་ནི་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་མི་རྟག་པའོ། །ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ལ་ཡང་གཉིས་ཏེ། རགས་པ་མི་རྟག་པ་དང་། ཕྲ་བ་མི་


CMR054_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའོ། །ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་ཡང་གཉིས་ཏེ། །གཞན་མི་རྟག་པ་དང་། རང་མི་རྟག་པའོ། །དེ་དག་བསྒོམ་པའི་ཐབས་ལ། དང་པོ་ཕྱི་སྣོད་ཀྱི་རགས་པ་མི་རྟག་པ་ནི། མ་ཀི་རླུང་གི་དཀྱིལ་འཁོར་ནས། ཡ་ཀི་བསམ་གཏན་བཞི་པའི་གནས་མན་ཆོད་འདི། རྟག་པའི་རང་བཞིན་སྲ་མཁྲང་ཅན་འགྱུར་མེད་མ་ཡིན་ཏེ། རེས་འགའ་ནི་བསམ་གཏན་དང་པོ་མན་ཆད་མེས་འཇིག །རེས་འགའ་ནི་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག །རེས་འགའ་ནི་བསམ་གཏན་གསུམ་པ་མན་ཆད་རླུང་གིས་འཇིག་པ་ཡིན་ནོ། །དེ་ཡང་མེས་བཤིག་པའི་དུས་སུ་ཐལ་བ་ཙམ་ཡང་མི་ལུས་ཏེ། དཔེར་ན་མར་ཚིག་པ་བཞིན་ནོ།། །ཆུས་བཤིག་པའི་དུས་སུ་སྙིགས་མ་ཙམ་ཡང་མི་ལུས་ཏེ། །དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་ནོ། །རླུང་གིས་བཤིག་པའི་ཚེ་ལྷག་མ་ཙམ་ཡང་མི་ལུས་ཏེ། དཔེར་ན་ཐལ་བ་རླུང་ལ་གཏོར་བ་བཞིན་ནོ། །དེ་ལྟར་ཡང་།། ཆོས་མངོན་པ་མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ནི། །མེ་ཡི་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་བཤིག་པ་ཡིན། །ཞེས་གསུངས་སོ། །


CMR054_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བཞི་པའི་གནས་ནི། མེ་ཆུ་རླུང་གསུམ་གྱིས་མི་འཇིག་སྟེ། ནང་གི་སེམས་ཅན་ཤི་འཕོས་པ་དང་རང་འཇིག་པ་ཡིན་ནོ། །དེ་ལྟར་ཡང་། མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་གསུངས་སོ། །དེ་ཡང་ད་རེས་ཀྱི་འཇིག་རྟེན་གྱི་ཁམས་འདི་མེས་འཇིག་པ་མངོན་ཏེ། དཔལ་སྦྱིན་གྱི་ཞུས་པའི་མདོ་ལས། བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི། །ནམ་མཁའི་རང་བཞིན་ནམ་མཁར་འགྱུར་བར་འོང་། །ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་ཚིག །ཅེས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་ལས། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་བསྒོམ་སྟེ། ག་རེ་ས་གཞི་མི་རྟག་སྟེ། རྩྭ་དང་ནགས་ཚལ་ཟད་པ། སྐམ་པ། མེས་ཚིག །ཆུས་ཁྱེར། སྙིང་པོ་མེད། ཆུ་བོ་ལ་དབྱར་དགུན་གྱི་སྐྱེ་འབྲི་འགྱུར་ལྡོག །མཐར་མེ་ཆུས་བསྐལ་པ་འཇིག་སྟེ་མི་རྟག་དེ་ཁོ་ནས་བདག་གི་ལུས་འདི་འགྱུར་ཞིང་མི་རྟག་སྐྱེ་ཤིའི་མཐའ་མེད་སྙམ་དུ་སེམས་ཁང་། ལུས་ཚ་འུབ་འུབ་པ་བློ་དང་འདྲེས་ངེས་སུ་བསྒོམ། ཕྲ་བ་མི་རྟག་པ་ནི། དུས་བཞི་དང་། ཉི་ཟླ་ཤར་ནུབ་དང་


CMR054_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མི་རྟག་པའོ། །གསང་འདུས་དམར་ཁྲིད་ལས། ཡང་ན་ནིང་ནས་ད་ལོ། ད་ལོ་སང་ཕོད། ཟླ་བ་སྔ་རྟིང་། དེ་རིང་ཉིན་གང་ཡང་དགོང་མོ་མཚན་མོར་འགྲོ། །དེ་མི་རྟག་པས་གཏུགས་ནས་བདག་གི་ཚེ་ཟད་འཆི་ཁར་གཏུགས་སྙམ་དུ་བསྒོམ། བཅུད་ཀྱི་སེམས་ཅན་ཐམས་ཅད་མི་རྟག་སྟེ། རྒྱ་ཆེ་རོལ་པ་ལས། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུ་རིང་དུ་མི་གནས་བཞིན། །རྫ་སོ་མ་བཏང་ལྟ་བུ་འཇིག་པའི་ཆོས། །བྱེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོག །ལྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །ལུས་འདི་ཆུ་ལྦུ་དག་གི་ཕུང་པོ་འདྲ། །སྒྱུ་མ་ལྟ་བུ་སེམས་ནི་རྨོངས་པར་བྱེད། །ལག་བཅངས་སྟོང་པས་བྱིས་པ་བྲིད་དང་མཚུངས། །ཞེས་གསུངས་སོ། །ཀ་མ་ལ་ཤཱི་ལས། འཇིག་རྟེན་ཁམས་ནི་མི་རྟག་སྟེ། །དཔེར་ན་འཇའ་ཚོན་ཡོལ་དང་མཚུངས། །ལོ་ཟླ་ཚེས་གྲངས་འཆི་དང་ཉེ། །བུ་ཚ་ལ་སོགས་གྲོགས་དག་


CMR054_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བོར་ནས་གཅིག་པུར་འགྲོ་དགོས་ན། །ཞེས་གསུངས་སོ། །རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དཔེར་ན་ཕྱོགས་བཞི་ནས། རི་སྲ་བ། བརྟན་པ། དཔངས་མཐོ་བ་བཞི་འགྱེལ་ནས། རྩྭ་དང་ཤིང་གེལ་པ་དང་། སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་རུབ་རུབ་གྱུར་ན། དེ་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་ཟློག་པའམ་ནོར་གྱིས་བསླུ་བའམ། སྔགས་དང་རྫས་དང་སྨན་གྱིས་ཟློག་པར་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ན་བ་དང་། རྒ་བ་དང་འཆི་བ་དང་། རྒུད་པ་ཞེས་བྱ་བའི་འཇིགས་པ་ཆེན་པོ་བཞི་འབྱུང་སྟེ། དེ་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་ཟློག་པའམ། ནོར་གྱིས་བསླུ་བའམ། སྔགས་དང་རྫས་དང་སྨན་གྱིས་ཟློག་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། འཆི་བ་ངེས་པར་འཆི་བ་དང་། །ནམ་འཆི་ངེས་མེད་འཆི་བ་ལ། །ཚེ་འདིའི་མི་ཕན་བློས་བཏང་བྱ། །ཞེས་གསུངས་པས། འཆི་ངེས་པ་ནི། མི་རྟག་པ་བསྟན་པའི་མདོ་ལས། ནད་མེད་མི་


CMR054_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ལང་ཚོ་མི་རྟག་ཅིང་། །ཚེ་ཡང་མི་རྟག་འབྱོར་པའང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ཉན་གྱུར་ལ། །འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། །ཞེས་དང་། མྱ་ངན་འདིས་མདོ་ལས། སྐྱེ་བ་ཡོད་ན་འཆི་བ་ཡོད།། །དར་བ་ཡོད་ན་རྒུད་པ་ཡོད། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་གསུངས་སོ། །མྱ་ངན་འདས་མདོ་ལས། འདུས་བྱས་རྟག་པར་འགྱུར་བ་ཡི། །གནས་འདི་རྙེད་པར་མི་འགྱུར་ཏེ། །འདུས་བྱས་ཐམས་ཅད་མི་རྟག་པས། །མྱ་ངན་མ་བྱེད་ཀུན་དགའ་བོ། །ཞེས་གསུངས་སོ། །སྐྱེས་རབས་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། །ལམ་དུ་ཞུགས་ཏེ་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་ལས། སྔར་འཇིག་རྟེན་ན་དུ་ཡོད་པ་ཐམས་ཅད་ཤི །ད་ལྟ་ས་ཐོག་ན་དུ་ཙམ་ཡོད་པ་ཐམས་ཅད་འཆི། རྒྱལ་ཁམས་ཐམས་ཅད་ནས་དུས་འཛིངས་མི་ཕྱེད་མཚོན་དུ་གུམ།


CMR054_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤི་གང་ཤི་ཇི་ཙམ་ཤི །ཇི་ཙམ་ཞིག་ཐོས། ལར་སྙིང་པོ་མེད་པར་སྐྱོན་ཆེ་སྙམ་དུ་བསྒོམ། དེ་ནས་ཡང་སྐབས་རེ་བདག་གིས་དྲན་ན་རང་གི་ཡང་ཡུལ་མི། གྲོང་པ། ཕ་སྤུན། གཉེན་ཉེ་རིང་། བླ་མ་མཆེད་གྲོགས། ཕ་མ་སྤུན་ཟླ། བཟའ་ཚང་ཁྱོ་ཤུག །བྱིས་པ། དུ་ཙམ་ཤི། གང་ཙམ་ཤི། བདག་རང་ཡང་ད་བར་མ་ཤི་བ་ཡ་མཚན་ཆེ། མ་ཤི་ཡང་ངས་ཕྱི་མ་གདེང་ཐོབ་པའི་ཆོས་མ་བྱས་པ་སྐྱོན་ཆེ། ལར་སྣོད་བཅུད་གང་ཅི་ཐམས་ཅད་མི་རྟག་པ་འདི་ཡ་ཆ་བསམ། སྐྱོ་བ་སྐྱེ་ཏུང་ཏུང་། མིད་པ་ན་ཀྱུར་ཀྱུར་བ་བློ་འདེག་བསྒོམ། དེ་ལ་འཆི་བའི་མཚན་ཉིད་བསྒོམ་པ་ནི། རྒྱལ་པོ་ལ་གདམས་པ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེག །མུན་པ་མུན་ནག་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ནགས་ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་བ་ན། ཆོས་མིན་པའི་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཞན་


CMR054_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་པོ་ཆེན་པོ་ཆོས་ནི། དེའི་ཚེ་དེའི་དུས་ན་གླིང་ཆེན་པོ་དང་གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དག་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །ངེས་པར་། འཆི་བའི་རྒྱུ་མཚན་ནི། དཀོན་བརྩེགས་ལས། གཟུགས་ནི་ལྦུ་བ་ལྟ་བུར་གསུངས། །དེ་ལ་སྙིང་པོ་མི་རྙེད་དོ། །གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། རྩྭ་མཆོག་ཁ་ཡི་ཟིལ་པའི་ཐིག །ཉི་མ་ཡོངས་སུ་བབ་པ་ན། །ཡུད་ཙམ་ཞིག་གིས་མེད་པར་འགྱུར། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ཇི་ལྟར་ཤིང་གི་ཡལ་ག་ཡི། །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ལྟུང་བའི་ཆོས་ཅན་ཏེ། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ལུས་ནི་མི་རྟག་མི་བརྟན་ཏེ། །ལྦུ་བ་སྟོང་པ་ཆུ་ཡི་ཆུ་བུར་འདྲ། །སྒྱུ་མ་ལྟ་བུར་གར་ལ་ལྟ་དང་མཚུངས། །ཇི་ལྟར་སྤྲིན་དང་གློག་ནི་མི་གནས་ལྟར། །སྐད་ཅིག་ཏུ་ནི་སྲོག་ཀྱང་དེ་བཞིན་འགྱུར། །སྙིང་པོ་མེད་ལ་སྙིང་པོ་བླང་བར་བྱ། །ཞེས་གསུངས་སོ། །ལུས་ལ་སྙིང་པོ་མེད་པས་འཆི་བ་ནི། སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་དང་རུས་པའི་དྲྭ་བ་ལས། །ཤེས་རབ་མཚོན་།


CMR054_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་པའི་བར་དུ་ལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བལྟ་བར་གྱིས། །ཞེས་གསུངས་སོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་ཆར་པའི་མཚོ་ཆེན་འབབ་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང་། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ཚེ་ལ་ངེས་པ་མེད་པས་ངེས་པར་འཆི་སྟེ། སྒྲ་མི་སྙན་སོགས་གླིང་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་། འཛམ་བུའི་གླིང་གི་ཚེ་ལ་ངེས་པ་མེད་དེ། མངོན་པ་མཛོད་ལས། སྒྲ་མི་སྙན་གྱི་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །གསུངས་སོ། །ཆེད་དུ་བརྗོད་པའི་ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁག་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁག་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་གྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པས་གདེང་དྲོད་ཅི་ཞིག་ཡོད། །


CMR054_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ལོང་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །ཞེས་གསུངས་སོ། །ཚེ་ཟད་པར་གྱུར་པས་ངེས་པར་འཆི་བ་ནི། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བ་ཅིས་མི་འགྱུར། །ཞེས་གསུངས་སོ། །དད་སྐྱེས་ལས། ལོ་ཟླ་དུས་འདིར་སྐད་ཅིག་མི་སྡོད་ན། །ནམ་ཟླ་ཡོད་དེ་ཚེ་ལ་ལོང་མེད་པས། །ནམ་ཟླ་འདས་ཤིང་ཤི་ལ་ཕར་ཕར་ཉེ། །ཞེས་དང་། ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་དཔག་ཀྱང་ཤི་ལ་ཉེ། །སང་ནས་འཆི་འམ་སུས་ཤེས་པས། །བདེ་བར་འདུག་པ་དེ་མི་རིགས། །ཞེས་གསུངས་སོ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །དཔེར་ན་འབྲས་བུ་སྨིན་པ་རྣམས། །ལྟུང་བས་རྟག་ཏུ་འཇིག་པ་ལྟར། །དེ་བཞིན་སྐྱེས་པར་གྱུར་པའི་མི། །རྟག་ཏུ་འཆི་བས་འཇིག་པར་འགྱུར། །དཔེར་ན་རྫ་


CMR054_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པས། །ཐམས་ཅད་ཐ་མར་འཇིག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ཐག་ནི་བརྐྱངས་པ་ལས། །སྤྱན་ནི་གང་དང་གང་བཅུག་པས། །སྤུན་གྱི་གཏིང་ལ་གཏུག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བས། །གསོད་པའི་དྲུང་དུ་བསྙིལ་བ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །ཅེས་གསུངས་སོ།། །འདུས་པ་རིན་པོ་ཆེའི་ཏོག་ལས། གྲོགས་དག་ཚེ་ནི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པ་སྐྱེ་བོའི་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཞེས་གསུངས་སོ། །སྔར་མ་ཤི་ཚེ་ཐར་ལུས་པ་མེད་པས་ཀྱང་ངེས་པར་འཆི་སྟེ། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་


CMR054_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འཆི་བ་ལ་འབྲོས་ས་ཡང་མེད་པས་ངེས་པར་འཆི་སྟེ། རྒྱ་ཆེ་རོལ་པ་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོ་གཏིང་ནའང་མེད། །རི་བོ་རྣམས་ཀྱི་ཕྲག་ནའང་ཡོད་མ་ཡིན། །ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པ་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་གཏིང་ནའང་མིན། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །འཆི་བའི་འཇིགས་པ་ཆེན་པོ་དེ་དང་ནི། །ཕུང་པོ་འཇིག་ཅིང་སྲོག་འགག་ཤེས་གྱིས་ལ། །འཆི་མེད་ཐོབ་པ་ཁྱོད་ནི་མོས་པར་གྱིས། །མྱ་ངན་འདས་ཐོབ་ཕྱིན་ཆད་འཆི་མི་སྲིད། །ཅེས་གསུངས་སོ། །ལུང་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། ། །གང་ལ་སྤྱོད་ཡུལ་འཆི་མེད་པར། །དེ་ནི་འགྲོ་བར་ནུས་པ་མེད། །ཅེས་གསུངས་སོ། །འཆི་བའི་རྐྱེན་མང་བའི་ཕྱིར་ཡང་ངེས་པར་འཆི་སྟེ། །འཕགས་པ་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཙམ། །དེ་དག་


CMR054_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ། ། །ཨཱརྱ་དེ་བས། ཚེ་འདི་གནོད་མང་རླུང་གིས་བརྡབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལ། །སད་ཁོམ་གང་ལགས་དེ་ཀུན་ངོ་མཚར་ཆེ། །ཞེས་གསུངས་སོ། །འཆི་བདག་རྐྱེན་གྱིས་ཁར་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །གསུངས་སོ། །བསོད་ནམས་དང་འབྱོར་པ་ཆེ་ཡང་འཆི་བ་མི་བཟློག་སྟེ། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཡབ་ལ་གསུངས་པ། །ལྷན་ཅིག་ཇི་ལྟར་ཁྱོད་འབྱོར་ཡང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངན་ཐང་ལ་དགྲ་བཅོམ་ལྟར། །གཅིག་པུར་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤོས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མང་ལགས་ཀྱང་། །གཟིགས་སུ་མ་མཆིས་གནས་མ་མཆིས། །གཅིག་ཙམ་ཉིད་གཅིག་ཕྱི་ཐག་གིས། །རྗེས་སུ་འབྲང་ཡང་མི་འོང་ངོ་། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་གསུངས་སོ། །སློབ་དཔོན་དཔའ་བོས།


CMR054_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། སེམས་ཅན་ལས་སྐྱེས་བདེ་མྱོང་བའི། །ཚངས་པ་ཚངས་པའི་གནས་ལས་ཀྱང་། །མི་རྟག་ཕྱིར་ལ་ལྟུང་འགྱུར་བ། །ཆུ་ཡི་འགྲམ་གྱི་རྡོ་བ་བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས་དང་། །འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང་། །དུས་ཀྱི་འཆི་བར་འགྱུར་བ་ནི། །མར་མེ་སྦར་བ་རླུང་གིས་བཞིན། །ཅེས་གསུངས་སོ། །བྱིན་རླབས་དང་ནུས་པ་ཆེ་ཡང་དུས་ཀྱི་འཆི་བ་མི་བཟློག་སྟེ། དགྲ་བཅོམ་པ་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་དགོས་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། གང་ཡང་རང་སངས་རྒྱས་རྣམས་དང་། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤངས་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། སློབ་དཔོན་དཔའ་བོའི་ཞལ་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །འཁོར་དང་ལོངས་སྤྱོད་ཉེ་དུ་མང་ཡང་འཆི་བ་ལས་མི་སྐྱོབ། དམ་པའི་ཆོས་མ་གཏོགས་གཞན་གྱིས་མི་


CMR054_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཏེ། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། སའི་བདག་པོ་འབད་པ་སྟོང་དག་གིས། །ཁྱིམ་དུ་རྫས་རྣམས་བསག་པར་བྱེད་པ་དག །མི་ཡི་སྐད་ཅིག་གཅིག་གིས་འདོར་བར་འགྱུར། །ལེགས་བཤད་གཅིག་པུ་འདི་ཉིད་ལམ་དུ་བཤད། །ཅེས་དང་། ཕར་ཕྱིན་ལྔ་བསྟན་པའི་མདོ་ལས། བུ་དང་ཆུང་མ་རྒྱལ་སྲིད་ཡུལ་འཁོར་ནོར། །འཆི་ཚེ་གྲོགས་སུ་གྱུར་པ་ཅུང་ཟད་མེད། །སྦྱིན་དུལ་ཀུན་སྡོམ་ཚུལ་ཁྲིམས་ཕུང་པོ་ནི། །དེ་དག་ཕ་རོལ་འགྲོ་བའི་གྲོགས་ཡིན་ནོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་གཉེར་ཏེ་རྒྱལ་པོ་འགྲོ་འགྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གར་སྐྱེས་ཀྱང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། མདོར་ན་སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་


CMR054_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་འགྱུར། །ཞེས་དང་། གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་མཛའ་བཤེས་རྣམས་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་འཆི་རྒྱུ། །ཞེས་དང་། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསགས་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །འདི་ནི་མ་བྱས་བརྩམས་པ་དང་། །འདི་བྱེད་བྱས་པར་གནས་པ་ལྟར། །གློ་བུར་འཆི་རྟག་འོང་ནས་ནི། །ཀྱེ་ཧུད་ཙམ་ཞེས་སེམས་པར་འགྱུར། །ཅེས་དང་། ཡིད་བརྟེན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཆེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆས་དགོས་པས། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་གསུངས་སོ། །ཨརྨ་ནཱ་གརྫུ་ནས། ། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་


CMR054_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་ལ་བླང་བར་བྱ། །ཞེས་གསུངས་སོ། །གོ་བ་ཅན་རྣམས་ལ་ནི་དེ་ཙམ་གྱིས་ཆོག་མོད་ཀྱི། གོ་བ་ཆུང་ཞིང་དམིགས་པ་ཟིན་སླ་བའི་རིགས་ལ། །གནས་དུར་ཁྲོད་དང་གྲོག་སྦུར་མང་སར་བསྒོམ་ན་ལེགས། ལུས་གནད་མྱ་ངན་གྱི་འདུག་སྟངས་བྱས་ལ། ཡིད་ཀྱི་དམིགས་པ་འདི་ལྟར་དུ་བསྒོམ་པར་བྱའོ། །དེ་ཡང་བདག་གང་ནས་ཕྱིན་མེད་པར་ལུང་པ་གཅིག་ཏུ་སླེབ་སྟེ། ལུང་པ་དེ་ནི་ཁ་བྱང་དུ་གཏད་པ་ཁ་དོག་ནག་པ། མི་ཡི་རྒྱུ་འགྲུལ་དང་སྐད་མེད་པ། ཆུ་ཤ་ར་ར་འབབ་པ། རླུང་སྒྲ་འུ་རུ་རུ་སྒྲོག་པ། འཇག་མས་ཀྱུ་རུ་རུ་ཟེར་བ། ཉི་མ་ནི་རི་རྩེ་ལ་རྩེ་རེ་རེ་ནུབ་པ། བྲག་རི་སྔོ་སང་སང་ཡོད་པ། བྱ་རོག་གི་ཏང་ཏང་ཟེར་བ། ། དེ་འདྲ་བ་ཅིག་ཏུ་གང་ནས་འོང་ཆ་མེད་པར་སླེབས་ཏེ། གྲོགས་པོ་ཟླ་བོ་ནི་གཅིག་ཀྱང་མེད། སྔོན་ཆད་ནི་འགྲོ་མ་མྱོང་། གར་འགྲོ་བའི་གཏད་སོ་མེད་པར་ཐམ་ཐམ་འགྲོ་ཞིང་ཡོད་པ་ལ། ངག་ཏུ་འདི་སྐད་བརྗོད་དོ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །གྲོགས་མེད་གཅིག་པུར་ལུང་སྟོང་


CMR054_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས། །གར་འགྲོའི་གཏད་སོ་བདག་ལ་མེད། །ང་ཡི་ཡུལ་དེ་གར་ཡོད་དམ། །ང་ཡི་ཕ་མ་གར་ཡོད་དམ། །བུ་དང་ནོར་རྫ་ས་གར་ཡོད་དམ། །རང་ཡུལ་སླེབ་དུས་ནམ་འོང་ན། །ཀྱེ་མ་ཀྱི་ཧུད་ང་རེ་སྐྱོ། །དེ་སྐད་ལྷང་ལྷང་ཟེར་ཞིང་གར་འགྲོ་བའི་གཏོལ་མེད་བཞིན་དུ་ཐམ་ཐམ་ཕྱིན་པ་ལས། ནམ་ཞིག་ཙ་ན་བྲག་རི་ཅིག་ཏུ་ཐོལ་ཏེ་ལྟུང་བ་ལས། བདག་གིས་ལག་པས་གཡབ་པ་ལ། ནམ་ཞིག་ཙ་ན་བྲག་གི་དཀྱིལ་དེར་རྩྭ་ཕོན་ཅིག་འདུག་པ་དེ་ལ་ལག་པས་ཟིན་ཏེ། དེ་ལ་དམ་པོར་འཕྱང་ཞིང་འདར་ལྡི་ལི་ལི་ཡོད་པ་ལས། མར་ལ་བལྟས་པས་ནི་གཏིང་མེད་པ། ཡར་ལ་བལྟས་པས་ནི་གནམ་ལ་རེག་པ། བྲག་ནི་མེ་ལོང་གི་ངོས་ལྟར་ཕྲེད་ལ་རྒྱ་ཆེ་བ། རླུང་འུ་རུ་རུ་ཟེར་བ། དེ་འདྲ་བ་གཅིག་ཏུ་ལྷུང་བ་ལས། རྩྭ་ཕོན་དེའི་གཡས་བྲག་གི་སེར་ག་ཞིག་ནས། བྱི་བ་དཀར་པོ་ཞིག་བྱུང་ནས། རྩྭ་འཇག་མ་ཞིག་བཅད་དེ་ཁྱེར་ནས་སོང་། གཡོན་ཕྱོགས་ནས་བྲག་གི་སེར་ག་ཞིག་ནས། བྱི་བ་ནག་པོ་ཞིག་བྱུང་སྟེ། རྩྭ་འཇག་མ་གཅིག་བཅད་དེ་ཁྱེར་ནས་སོང་། དེ་གཉིས་རེས་མོས་བྱས་ཏེ་རྩ་ཕོན་ནི་ཇེ་ཆུང་ཇེ་ཆུང་ལ་སོང་། བྱི་བ་ལ་རྒོལ་ཐབས་ནི་མ་


CMR054_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། ཤི་བས་ནི་འཇིགས་སྐྲག་ཅིང་བསྔངས་ཏེ་འདར་ནས་ཡོད་པ་ལ། རང་གི་བསམ་པ་ལ། ཨ་ཙ་མ་ད་ནི་བདག་ལ་འཆི་བ་སླེབས་ནས་གདའ་སྟེ། བྲོས་པའི་ས་ནི་མི་འདུག །སྔོན་ཆད་ཤི་བ་མ་དྲན་པས་ཆོས་ནི་མེད། འགྲོ་ཁུང་ནི་འཇིགས། དེའི་རིང་ལ་ཤི་བ་ཡང་ཕྱིས་ཡིད་ལ་མེད་པ་ལ། ད་ཤི་བ་ནི་གློ་བུར་དུ་སླེབ། དེ་ནི་བུ་ཚ་ནོར་རྫ་ས་ཉེ་བ་ཉེ་འབྲེལ་ཡུལ་མི་ཁྱིམ་མཚེས་དང་ཡང་དེ་རིང་ནས་བྲལ་ཏེ། དེང་ཕྱིན་ཆད་འཕྲད་ནི་མི་འོང་། ནོར་གསོག་པ་ནི་ཤུལ་དུ་ལུས། སྔོན་ཆད་འགྲོ་མ་མྱོང་བའི་ས་རྒྱུས་མེད་ཐག་རིང་ཞིག་ཏུ་དེ་རིང་ནས་འགྲོ་དགོས་པར་འདུག་པས། ཨ་ཙི་འཇིགས་པ་འདི་ནས་ཐར་བའི་ཐབས་ཅི་དྲག་གམ། གང་ཡོད་དམ། ཅི་ཚུགས་བྱེད་ན། ཨ་ཙ་མ་སྙམ་དུ་བསམ་ཞིང་ངག་ཏུ་མྱ་ངན་གྱི་སྐད་འདི་ལྟར་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ན་ང་རེ་འཇིགས། །ཨ་ཙ་མ་ན་འཆི་བ་འོང་། །ད་ལྟ་མྱུར་དུ་འཆི་བ་འོང་། །གྲོགས་མེད་ཀོལ་གཅིག་པུར་འགྲོ་དགོས་པས། །ཐག་རིང་ཞིག་ཏུ་འགྲོ་དགོས་པས། །ཆ་མེད་ཡུལ་དུ་འགྲོ་དགོས་པས། །ལ་བོ་ཆེ་ལ་བརྒལ་དགོས་པས། །འདི་ལ་ཇི་ལྟར་བྱས་ན་ཐར། །


CMR054_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤིག་ཡོད་ན་བསྒྲུབ་པ་ལ། །ཨ་ཙ་མ་ན་ཤི་བ་འོང་། །ཨ་ཙ་མ་ན་ང་རེ་འཇིགས། །ཞེས་སྨེ་བསྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ལ། པདྨ་དང་ཟླ་བའི་སྟེང་ན་རང་གི་རྩ་བའི་བླ་མ་དང་ཨོ་རྒྱན་དབྱེར་མེད་པས། ཌ་མ་རུ་དང་དྲིལ་བུ་བསྣམས་ཏེ་རུས་པའི་རྒྱན་དྲུག་གསོལ་ནས། གར་ལིང་ལིང་བྱེད་ཅིང་བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག །ཀྱེ་མ། འདུས་བྱས་འདི་ནི་མི་རྟག་མྱུར་དུ་འཇིག །ཕྱི་ཡི་དུས་བཞི་མི་རྟག་འགྱུར་ཞིང་འགྲོ། །རྒན་རིགས་དགྲ་གཉེན་ཤི་དང་རྒུད་པ་དང་། ཚོགཞོན་རིགས་དར་དང་ལོ་ཟླ་ཞག་གྲངས་འགྱུར། །ཚེ་འདི་རི་གཟར་ཆུ་འདྲར་མྱུར་འགྲོ་ཡང་། །བདག་ཉིད་ཤི་བར་མ་ཤེས་འགྲོ་བ་བླུན། །ད་ནི་མི་རྟག་ཤི་བ་སླེབ་ལ་ཁད། ཤི་བ་འདི་ལ་བཟློག་ཐབས་ཅི་ཡང་མེད། །ཟློག་ཐབས་འདུག་གམ་ད་ལྟ་འདི་ལ་ལྟོས། །ད་ནི་ལོང་མེད་བླ་མའི་མོས་གུས་མཛོད། །ཅེས་གསུངས་པས་སྒྲ་ཐོས་པ་ཙམ་གྱིས་བདག་གིས་བསམ་པ་ལ། ཀྱེ་མ་འདི་ལྟ་བུའི་ཤི་བ་ལ་ཐུག་གི་སྔོན་ནས་ཆོས་གཅིག་བྱ་རྒྱུ་ཡིན་པར་འདུག་པ་ལ། དེ་སྔ་ཆོས་མ་བྱས་པ་ང་རེ་འགྱོད། །ད་ནི་ཤི་རུང་གསོན་རུང་བླ་


CMR054_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀོན་མཆོག་མཁྱེན། བླ་མ་དཀོན་མཆོག་ལ་ཐུགས་རྗེ་ཡོད་ན། བདག་གཡང་ས་ཆེན་པོ་འདི་ནས་བསྒྲལ་ན་ཅི་མ་རུང་། ཕ་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་ཞེ་ཐག་པ་ནས་མོས་གུས་དྲག་པོ་བྱས་པ་ཙམ་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྙིང་པོ་ཅན་གཅིག་བདག་ལ་ཟུག་པ་དང་། རྩྭ་ཕོན་ཟད་པ་དུས་མཚུངས་ཏེ། བདག་འོད་ཟེར་དེས་འཕང་སྟེ་བཏེགས་ནས། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབ་སྟེ་བྱུང་བ་དང་། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས། ཁམས་གསུམ་སེམས་ཅན་གཅིག་ཀྱང་མ་ལུས་པར་བདེ་བ་ཅན་དུ་དྲངས་པར་བསམ་ཞིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། །ཡང་བཤད་པའི་དོན་མི་གོ་བསྒོམ་པའི་དམིགས་པའང་མི་ཟིན་པའི་རིགས་ཀྱང་ཡོད་པས། འཆི་བ་མི་རྟག་པ་མིག་གི་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས་དང་། གབ་བླ་དང་རྐང་དུང་དང་ཐོད་ཕྲེང་འདི་རྣམས་ཀྱང་མི་རྟག་པ་བསྒོམ་པའི་རྟེན་ཡིན། ངའི་མགོ་དང་རྐང་པ་རྣམས་ལ་ཡང་འདི་འདྲ་ཞིག་ནམ་འོང་སྙམ་པ་གྱིས། མི་ཤི་བ་མིག་གིས་མཐོང་བ་དང་རྣ་བས་ཐོས་པའི་ཚེ། རང་ལ་


CMR054_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་འདྲ་བ་ཞིག་ནམ་འོང་སྙམ་པ་གྱིས། མི་ཤི་ནས་རོ་དུར་ཁྲོད་དུ་བསྐྱལ། དེ་ཕྱིན་ཆད་ཁྱིམ་དུ་འོང་རྒྱུ་མེད་པ་མཐོང་བའི་ཚེ། ཨ་ཙ་མ་ང་ལ་ཡང་འདི་འདྲ་ཞིག་འོང་རྒྱུ་ཡིན་སྙམ་པ་གྱིས། རོ་བྱ་ཁྱིས་ཟོས་པ་དང་། འབུ་ཁོལ་བ་དང་། རུས་པ་རྣམས་ཕྱོགས་ཀུན་ཏུ་འཐོར་བ་མཐོང་བའི་ཚེ། ཨ་ཙ་མ་ངའི་ལུས་འདི་ལ་ཡང་འདི་འདྲ་ཞིག་ནམ་འོང་སྙམ་པ་གྱིས། རང་དང་ས་ཕྱོགས་གཅིག་པ་དང་། གྲོང་གཅིག་པ་དང་། ངོ་ཤེས་པ་དང་ཉེ་དུ་རྣམས་སོ་ནམ་དང་ལས་ཀ་མང་པོ་བྱེད་འཕྲོ་ལ་ཤི་སོང་དུས། རང་གིས་ཀྱང་བྱ་བ་མང་པོ་སྒྲུབ་བསམ་ཡང་ལོང་མེད་པར་ཤེས་པར་གྱིས། རང་དང་ན་མཉམ་པ་དང་། དེ་བས་གཞོན་པ་ཤི་བ་མཐོང་བའི་ཚེ། ན་སོ་གཞོན་ཀྱང་མི་འཆི་བའི་གདེང་མེད་པར་གོ་བར་གྱིས། དེ་རྣམས་ཀྱང་ངན་དཔྱད་ཀྱི་བླུན་གཏམ་མ་ཡིན་ཏེ། སྤྱོད་འཇུག་ལས། དུར་ཁྲོད་སོང་ནས་གཞན་དག་གི །རུས་པ་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་ཉིད་དུ་ནི། །ནམ་ཞིག་མགོ་སྙོམ་བྱེད་པར་འགྱུར། །ཅེས་གསུངས་སོ། །ཆེད་དུ་བརྗོད་པའི་ཚོམས་ལས། དུར་ཁྲོད་བོར་བའི་གཞན་གྱི་རོ། །བམ་དང་རྣམ་པར་འཐོར་


CMR054_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །རུས་པ་ཐལ་བའི་མདོག་འདྲ་བར། །སོང་ནས་ཕྱོགས་བཅུར་དེངས་པ་བཞིན། །བདག་གི་ལུས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་འཆི་བ་མི་རྟག་པ་བསྒོམ་པའི་ཕན་ཡོན་ནི། མདོ་ལས། བཅོམ་ལྡན་འདས་ཀྱི་ཞལ་ནས། མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་དབུགས་དབྱུང་བ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ། །མི་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དཔེར་ན་རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པའི་སྒོམ་པའི་འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་སྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་སོ། །མྱ་ངན་འདས་ཆེན་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་མཆོག །རྗེས་རྣམས་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། །འདི་དག་


CMR054_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་ཁམས་གསུམ་གྱི་འདོད་པ་དང་། མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ལོ། །ཞེས་གསུངས་སོ། །ཨེ་མ་ཧོ། སྲིད་པ་ཆགས་ནས་ད་ལྟའི་བར། །ཚེ་ཐར་ལུས་པ་གཅིག་མི་འདུག །འཆི་བ་ཀུན་གྱིས་ཤེས་ལགས་ཀྱང་། །ད་རུང་མི་དོགས་བསམ་པ་འདི། །བདུད་ཀྱི་གླུ་གབ་ངན་པར་གདའ། །རང་དང་ན་མཉམ་ཤི་བ་དང་། །རང་བས་གཞོན་པའང་ཤི་མཐོང་ན། །རང་ལ་མི་འཆིའི་གདེང་ཅི་ཡོད། །བྱིས་པ་མང་པོ་ཤི་མཐོང་ན། །ན་སོ་གཞོན་པས་ཅི་ལ་ཕན། །ལོངས་སྤྱོད་མངའ་ཐང་ལྡན་པ་ཡི། །མི་ཆེན་རྒྱལ་པོའང་འདས་མཐོང་ན། །རིམ་གྲོ་སྨན་དཔྱད་ཅི་གཟབ་ཀྱང་། །དུས་ཀྱི་འཆི་བ་ག་ལ་ཟློག །ནུབ་རི་རྩེ་ཡི་ཉི་མ་བཞིན། །སུས་ཀྱང་བཤོལ་ཐབས་མེད་པ་ཡི། །གཏུག་གིས་ཐུག་པའི་དུས་གཅིག་འབྱུང་། །དེ་ཡང་ནམ་འོང་ཏིག་ཏིག་མེད། །མི་འཆི་ཐབས་གཅིག་མི་འདུག་སྟེ། །སྲོག་ཆད་ཚོར་བ་འཚེར་ན་ཡང་། །གར་འགྲོ་རང་དབང་ཆེ་བ་ཞིག །རང་ལུས་རང་དབང་ཆེ་ཕྱིར་མཛོད། །ཐ་ནའང་འཆི་ཁ་མི་འགྱོད་ཙམ། །རང་གིས་རང་ལ་སྙིང་རྗེ་ལྟོས། །འཆི་བ་མི་རྟག་པ་བསྒོམ་པའི་ཆོས་ཐུན་གྱི་ལེའུའོ།། །།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད།next