Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཆོ་འཕྲུལ་ཆེན་པོའི་དུས་འདུས་པ་རྒྱ་མཚོའི་ཞལ་འདོན་དུ་གནང་བ་སོགས།
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་འཛིན་ཆོས་ཀྱི་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཆོ་འཕྲུལ་ཆེན་པོའི་དུས་འདུས་པ་རྒྱ་མཚོའི་ཞལ་འདོན་དུ་གནང་བ་སོགས།next

བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཆོ་འཕྲུལ་ཆེན་པོའི་དུས་འདུས་པ་རྒྱ་མཚོའི་ཞལ་འདོན་དུ་གནང་བ་སོགས།


GLG021_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཆོ་འཕྲུལ་ཆེན་པོའི་དུས་འདུས་པ་རྒྱ་མཚོའི་ཞལ་འདོན་དུ་གནང་བ་སོགས། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྲིད་ཞིའི་འཇིགས་པ་ཀུན་སེལ་དམ་པའི་ཆོས། །ཐེག་གསུམ་སྐྱེ་འཕགས་དགེ་འདུན་ཚོགས་རྣམས་ཀྱིས། །མཁྱེན་བརྩེ་ནུས་པའི་མཐུ་དཔུང་སྐྱེད་དུ་གསོལ། །ས་ཆེན་ལེགས་སྐྱོང་བསྟན་འཛིན་ཆོས་རྒྱལ་གྱིས། །ཐོག་མེད་དུས་ནས་བསགས་པའི་སྡིག་པའི་ལས། །རྣམ་སྨིན་ནག་པོའི་འབྲས་འབྱིན་མུན་པའི་དཔུང༌། །ཐུགས་རྗེ་ཉི་མའི་འོད་ཀྱིས་བསལ་དུ་གསོལ། །མི་ཁོམ་གནས་ཀྱི་འཁྱོག་པོའི་ཡལ་ག་ཅན། །མ་དག་སྐྱེ་སྲིད་ནག་ཀླུང་ཡོངས་སྤངས་ནས། །དལ་འབྱོར་ཚང་བའི་འཆི་མེད་དགའ་ཚལ་དུ། །ཕན་བདེའི་དཔག་བསམ་ལྗོན་པར་སྤྱོད་གྱུར་ཅིག །གནས་སྐབས་སུ་ཡང་མངོན་མཐོའི་རྟེན་ཐོབ་ནས། །བསྟན་ལ་ལེགས་ཞུགས་དྲི་མེད་ཚུལ་ཁྲིམས་ལྡན། །ཐོས་བསམ་སྒོམ་གསུམ་ནོར་ལ་ལོངས་སྤྱད་དེ། །ངེས་པར་ལེགས་པའི་ལམ་མཆོག་(༢༡ན)


GLG021_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་ཤོག །དགེ་བཅུའི་རྫོགས་ལྡན་ཚེ་ལོ་བརྒྱད་ཁྲིའི་དུས། །འཛམ་བུའི་གླིང་འདིར་མི་ཕམ་མགོན་ཕེབས་ཚེ། །འཁོར་གྱི་ཐོག་མར་སྐྱེས་ནས་སྲིད་པ་ལས། །ཡོངས་གྲོལ་མྱང་འདས་བདུད་རྩིར་སྤྱོད་གྱུར་ཅིག །དུས་གསུམ་བསགས་དང་བསག་འགྱུར་དགེ་ཚོགས་ཀྱིས། །ཐར་པའི་རིན་ཆེན་ཐེམ་སྐས་ལ་འཛེགས་ནས། །དཔལ་ལྡན་སྟོབས་བཅུའི་རྩལ་འཆང་སངས་རྒྱས་ཀྱི། །གོ་འཕང་བདེ་ཆེན་གནས་སུ་བགྲོད་པར་ཤོག །ཅེས་པ་འདི་ནི་གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཆོ་འཕྲུལ་ཆེན་པོའི་དུས་འདུས་པ་རྒྱ་མཚོའི་ཞལ་འདོན་དུ་ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ངག་དབང་བློ་གྲོས་དང་མཚུངས་ཟབ་ཅིང་ཡངས། །པད་དཀར་འཛིན་ལྟར་བཟང་པོའི་ལྷག་བསམ་ཅན། །རྒྱ་མཚོའི་རླབས་བཞིན་འཕྲིན་ལས་ཡོལ་མེད་པ། །ལག་ན་རྡོ་རྗེའི་རྗེས་འགྲོར་གསོལ་བ་འདེབས། །མི་མཐུན་ཕྱོགས་ལ་འཇིགས་མེད་གོ་ཆ་ཅན། །ཐུབ་བསྟན་ལང་ཚོ་རྒྱས་པའི་རྣམ་དཔྱོད་སྡེ། །སྐལ་བཟང་འགྲོ་བའི་ཉེར་འཚོ་བླ་ན་མེད། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །དགེ་དེས་གནས་སྐབས་འདོད་པའི་དོན་རྣམས་འགྲུབ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཞབས་དྲུང་དུ། །སྐྱེས་ནས་མངོན་པར་མཐོ་དང་ངེས་ལེགས་ཀྱི། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །སྲིད་ཞིའི་ཕུན་ཚོགས་སྩོལ་བའི་(༢༡བ)


GLG021_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ལྷ། །རྒྱལ་བ་ཀུན་ཡུམ་རྗེ་བཙུན་སྒྲོལ་མ་ཡི། །རྨད་བྱུང་མཚན་གྱི་མིང་ལྡན་རྗེ་འབངས་རྣམས། །ལྷག་པའི་ལྷ་དེས་རྗེས་སུ་འཛིན་པར་ཤོག །བཅོམ་ལྡན་ལྷ་མོ་གཟུངས་ཆེན་གྲྭ་ལྔ་ཡི། །ཐུགས་རྗེའི་འོད་ཀྱིས་བར་ཆད་མུན་བསལ་ཏེ། །རིགས་བརྒྱུད་འཕེལ་ཞིང་བདེ་བར་བཙའ་བ་སོགས། །ལེགས་ཚོགས་བྱེ་བའི་སྣང་བ་འབར་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་དཔོན་མོ་ཕུན་ཚོགས་སྒྲོལ་མས་སྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡིས། །བདག་གི་ནད་གདོན་བར་ཆད་ཀུན་ཞི་ཞིང༌། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་འདི་ནི་མདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་བརྡ་སྤྲོད་པ་ཙནྡྲ་པའི་སློབ་གཉེར་སྐབས་བར་ཆད་མི་འཇུག་པའི་ངག་འདོན་ཞིག་དགོས་ཚུལ་བྱུང་བ་ལྟར་བྲིས། །བཟང་པོའི་བསྐལ་པ་ཚིག་མདའི་ལམ་ཡངས་པོར། །མཛད་བཟང་ཡོངས་འདུའི་འཁྲི་ཤིང་གཡུར་ཟ་བ། །བྱམས་བརྩེའི་མཚན་གྱི་ལོ་འདབས་ཕང་ཕུང་ཅན། །མི་ཕམ་ཕན་དང་བདེ་བའི་གྲིབ་བསིལ་གནས། །མཐའ་ཡས་སྲིད་ཞི་དངས་པའི་ཉལ་འགྲོའི་མཚོར། །ཐུགས་རྗེའི་ཟླ་གཟུགས་བགྲང་ཡས་ལེགས་འཆར་བ། །རྩོལ་བྲལ་ལྷུན་གྱིས་གྲུབ་པ་སྟོབས་བཅུའི་རྩལ། །རྫོགས་པའི་གསང་གསུམ་སྒྱུ་འཕྲུལ་ཚད་བཟུང་ཅི། །འབྲུག་སྒྲ་དལ་གྱིས་རྒོད་ཚེ་གཙུག་ཕུད་ཅན། །དགའ་(༢༢ན)


GLG021_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒྲོ་གཤོག་ཟླུམ་པོར་སྒྱུར་བྱེད་ན། །བདེན་ཚིག་སྨྲེང་དུ་གསོལ་ཚེ་རྒྱལ་བ་ཀུན། །བྱིན་རླབས་འཇུག་པའི་སྣང་བ་ཅིས་མི་དཀར། །སྣ་ཚོགས་ཆུ་སྐྱེས་གྲངས་བཞིན་འགྲོ་བའི་བློ། །མཆོག་དམན་བར་མའི་ངང་ཚུལ་ཇི་སྙེད་པ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གྲུ་ཆར་ཆེས། །གཏན་བདེའི་སྣང་བ་རབ་བཀྲའི་འདབ་མ་འཛུམ། །དེ་ཕྱིར་སྲིད་མཚོ་སྒྲོལ་བའི་གྲུ་བོ་ཆེ། །ཐུབ་དབང་རྗེས་ཞུགས་རིས་མེད་གྲུབ་པའི་མཐའ། །ངེས་ལེགས་ནོར་བུ་འདྲེན་པའི་སྙིང་སྟོབས་ཅན། །མ་ལུས་ཐོས་བསམ་རིན་ཅེན་གླིང་བགྲོད་ཤོག །འཇམ་དཔལ་རྡོ་རྗེ་ཀུན་མཁྱེན་ཙོང་ཁ་པའི། །མཁྱེན་དཔྱོད་རྣམ་པར་རབ་ཡངས་མཚོན་རྣོན་པོས། །སྲིད་ཞིའི་འཆིང་རྒྱ་གཅོད་པའི་རིང་ལུགས་མཆོག །དཀར་ཕྱོགས་ཟླ་བའི་ཆ་ལྟར་འཕེལ་བར་ཤོག །ལེགས་བཤད་ནོར་བུ་སྐྱུག་ལ་འཆད་པའི་མགྲིན། །ཤེས་རབ་རྣམ་ཐོས་བུ་ཡིས་ཉེར་བཙིར་བས། །འབད་མེད་ཆར་འབེབ་ཡིད་བཞིན་དབང་གི་རྒྱལ། །མི་ཤེས་དབུལ་ཕོངས་སེལ་བའི་གན་མཛོད་ཅན། །མཁས་དབང་བིཤྭ་ཀརྨའི་ལག་ཉལ་གྱིས། །ལོག་རྟོགས་ཉི་མའི་དཀྱིལ་འཁོར་བཅུ་གཉིས་འཆར། །རྡར་བྱེད་དངོས་སྟོབས་རིགས་ལམ་རྩོད་པའི་མཚོན། །ཐུབ་བསྟན་ནི་རུ་ཀ་ཡི་འདོད་པ་འཇོ། །ངོ་མཚར་ཙྪནྡྷའི་སྲད་བུ་ལ་བརྒྱུས་པ། །གཙུག་ལག་བཻཌཱུར་སེར་པོ་སྤེལ་བའི་ཕྲེང༌། །ལེགས་བཤད་རྩོམ་ལ་སྤོབས་པ་དགེ་བ་ཅན། །བློ་བསལ་བསྟན་འཛིན་དབྱར་མཚོ་ལྟར་འཕེལ་ཤོག །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །ཡངས་པའི་ནོར་འཛིན་(༢༢བ)


GLG021_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོན་ལ་དབང་བསྒྱུར་བ། །ཆོས་ལྡན་རྒྱལ་པོའི་ཆབ་སྲིད་མངའ་ཐང་ཀུན། །ཉི་མོར་བྱེད་པའི་འོད་ལྟར་གསལ་གྱུར་ཅིག །གཞུང་མང་བརྒལ་བརྟག་དཔྱད་ལ་ཉེར་བཟོད་པ། །ལུང་རིགས་སྨྲ་བ་མངའ་རིས་འདུས་པའི་གྲྭ །དགེ་འདུན་ཚོགས་བརྒྱས་ཐོས་བསམ་དཔལ་བེའུའི། །རི་མོ་སྙིང་ཁའི་ངོས་སུ་འཛིན་གྱུར་ཅིག །མཐུན་རྐྱེན་སོར་མོས་ལེགས་བསྐུལ་དགེ་བའི་རྒྱུད། །རྟག་ཏུ་སྙན་པར་སྒྲོག་པའི་གླུ་དབྱངས་ཅན། །རབ་འབྱམས་སྨྲ་བ་དགེ་ལེགས་དཔལ་ལྡན་སོགས། །ཕན་པར་སྒྲུབ་ཀུན་ཆེས་དཀར་འབྲས་སྨིན་ཤོག །ཀུན་གསལ་སྒེག་མོའི་དཀྱུས་རིང་མིག་ཟུར་གྱིས། །ཕ་མཐའ་རྙེད་མིན་བགྲང་ཡས་འགྲོ་བ་རྣམས། །ཚེ་རབ་ཀུན་ཏུ་ཕན་བདེའི་སྲོག་འཚོ་བ། །མཆོག་གསུམ་ཐུགས་རྗེའི་བདུད་རྩིས་སྦྲན་གྱུར་ཅིག །ཅེས་འོན་མདའ་སས་ཁང་རྩེའི་མངའ་རིས་གྲྭ་ཚང་གི་ཀུན་དགའ་ར་བར་ལྔ་པ་ནོ་མོན་ཁང་དགེ་ལེགས་དཔལ་ལྡན་གྱིས་བྱམས་མགོན་གྱི་སྐུ་བརྙན་བཞེངས་དུས་འདོད་གསོལ་གྱི་སྨོན་ལམ་ཤིས་བརྗོད་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་དེ་ཕྲལ་དུ་བྲིས། །མཆོག་གསུམ་ཐུགས་རྗེའི་སྙིང་པོ་དཔག་བསམ་ལྗོན། །དངོས་གྲུབ་འདོད་པ་འཇོ་བ་དབང་གི་རྒྱལ། །བསམ་པའི་རེ་སྐོང་ཡིད་བཞིན་ནོར་བུའི་ཆར། །རྒྱ་མཚོའི་རླབས་ལྟར་ཡོལ་བ་མེད་གྱུར་ཅིག །ཕུལ་བྱུང་ལེགས་བྱས་རླུང་གིས་ཉེར་དྲངས་པ། །ཚེ་དཔལ་སྟོབས་འབྱོར་མ་ལ་ཡ་ཡི་དྲི། །རྒུད་པའི་ཚ་གདུང་མ་ལུས་རབ་བཅོམ་ནས། །ཕན་(༢༣ན)


GLG021_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་གྲིབ་སིལ་དག་ལ་ངལ་གསོར་ཤོག །མངོན་པར་མཐོ་རྟེན་རིན་ཆེན་ཐེམ་སྐས་ལ། །འཛེགས་ནས་ངེས་པར་ལེགས་པའི་ཁང་བཟང་དུ། །རབ་ཞུགས་རང་གཞན་དོན་གཉིས་ལྷུན་གྲུབ་པ། །དཔལ་ལྡན་སྟོབས་བཅུའི་གོ་འཕང་ཐོབ་པར་ཤོག །ལེགས་བྱས་རྒྱ་མཚོར་བྱིང་བ་གདེང་ཅན་དབང༌། །རྨད་བྱུང་འདོད་རྒུ་མ་ལུས་འབྱུང་བའི་གཏེར། །ལུས་སེམས་བདེ་བའི་དཔལ་ལ་ལོངས་སྤྱོད་པ། །ལེགས་ལྡན་དཔྱིད་ཀྱི་དཔལ་མོ་བཞད་པར་ཤོག །དག་པ་དོན་དམ་མཁའ་ཁྱབ་སྤྲོས་བྲལ་ཡང༌། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་སླུ་མེད་པས། །བླ་མ་ཡི་དམ་ཆོས་སྲུང་བྱིན་རླབས་ཀྱིས། །སྨོན་པའི་གནས་ཀུན་ཇི་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ཡང་ཡར་ཀླུངས་སྡེ་པ་བྱིང་པ་བདེ་ལེགས་ཀྱི་སྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ཆོ་འཕྲུལ་མཆོད་པའི་དུས་ཀྱི་ཐུན་མཚམས་ཀྱི་ངེས་པ་ཞིག་ལ་བྲིས། །བགྲང་ཡས་མཉམ་མེད་སངས་རྒྱས་དེའི་གསུང་ཆོས། །དགེ་འདུན་ཚངས་དབང་དྲག་པོ་གཙུག་ན་ཟླ། །ལྷ་མིའི་དྲང་སྲོང་བདེན་ཚིགས་གྲུབ་རྣམས་ཀྱིས། །སྨོན་པའི་འབྲས་བུ་ཇི་བཞིན་སྨིན་པར་མཛོད། །སྣ་མང་གྲགས་པའི་རྔ་གསང་ཆེར་སྒྲོག་པ། །ངོ་མཚར་སྤྲུལ་པའི་དབྱར་གྱི་ལང་ཚོའི་འབྲས། །འཇམ་མཉེན་ཕང་ཕུང་གཡོ་བའི་རྒྱལ་མཚན་མཆོག །སྐྱེ་སྲིད་ཟློས་གར་གཡུར་དུ་ཟ་བར་ཤོག །གཞན་ཕན་འགྲོ་ལ་རྗེས་སུ་ཆགས་པའི་འཕྲུལ། །ལེགས་བྱས་གན་མཛོད་རྣམས་ལ་དབང་བསྒྱུར་ནས། །ཡང་སྲིད་ས་(༢༣བ)


GLG021_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མོས་འདབ་བརྒྱ་གྲོལ་བྱེད་པ། །བདག་གཞན་དོན་གྱི་སྙིང་པོ་ལྷུན་གྲུབ་ཤོག །མོས་ལྡན་གདུལ་བྱའི་དགའ་སྟོན་རབ་འཕེལ་བ། །ཕུན་སུམ་ཚོགས་པའི་དབང་ཕྱུག་ཡོན་ཏན་མཐུས། །ཞི་བའི་ཚུལ་ལས་ཉེར་འགོང་འཕྲིན་ལས་ཀྱི། །ཀུནྡའི་ཕོན་པོའི་དོ་ཤལ་མཛེས་གྱུར་ཅིག །ཕུལ་བྱུང་རྣམ་པར་དཀར་བའི་ཀུན་གསལ་ངོས། །ངོ་མཚར་སྐྱེས་རབས་དབང་པོའི་གཞུ་རིས་ཅན། །འདྲེན་བྱེད་ཡུལ་གྱི་བདུད་རྩི་བླ་ན་མེད། །ཡིད་ཀྱི་མོས་ངོར་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་སྐུ་སྐྱེ་མྱུར་བྱོན་གྱི་སྨོན་ལམ་ཚིགས་བཅད་འདི་ནི་བྱམས་པ་ཀུན་བཟང་གིས་ནན་གིས་སྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །རྒྱལ་ཀུན་གསང་གསུམ་འཁོར་ལོའི་གན་མཛོད་ནས། །རྨད་བྱུང་འཕྲིན་ལས་ཡིད་བཞིན་དབང་གི་རྒྱལ། །རིས་མེད་འགྲོ་བ་ཀུན་ལ་འཇུག་པའི་རྫས། །རྒྱ་མཚོའི་རླབས་ལྟར་ཡོལ་བ་མེད་གྱུར་ཅིག །ཁྱད་པར་སངས་རྒྱས་གཉིས་པ་པདྨ་འབྱུང༌། །བདེ་ཆེན་གར་གྱི་ཉམས་ལྡན་བཀའ་བརྒྱད་ལྷ། །སྟོང་ཉིད་སྙིང་རྗེའི་རང་གཟུགས་གནམ་ཞལ་ཡུམ། །རྩ་གསུམ་ཐུགས་རྗེའི་དངོས་གྲུབ་ཆར་ལྟར་ཕོབ། །སྐྱབས་མཆོག་ཀུན་འདུས་མཁྱེན་བརྩེ་ནུས་པའི་སྨན། །སྣ་ཚོགས་ཐབས་ཀྱི་རོ་ནུས་ལེགས་བསྡེབས་པས། །མཁའ་མཉམ་རིགས་དྲུག་སེམས་ཅན་མ་ལུས་པའི། །སྡུག་བསྔལ་གསུམ་གྱི་ནད་ཀུན་དྲུངས་འབྱིན་ཤོག །རང་བདེ་དམན་ལམ་ཞི་བའི་ཆུ་འཛིན་ཀུན། །རབ་དཀར་ལྷག་བསམ་རླུང་(༢༤ན)


GLG021_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཐར་བསྐྲད་ནས། །ཚོགས་གཉིས་མཁའ་ལ་སྐུ་གསུམ་ཉི་མོར་བྱེད། དོན་གཉིས་སྣང་བ་རྒྱས་པའི་དཔལ་ཐོབ་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པའི་མཐུས། །རྣམ་དཀར་འཕྲིན་ལས་སྤེལ་བའི་རིག་པ་འཛིན། །འདི་ཕྱིའི་ལེགས་ཚོགས་མདུན་མ་ལྷུན་གྲུབ་པར། །སྨོན་ལམ་ཡོངས་འདུ་གཡུར་དུ་ཟ་གྱུར་ཅིག །རེ་ཞིང་བལྟོས་བྱར་གྱུར་པའི་སྐྱེ་བོ་ཀུན། །སྲིད་ཞིའི་རྒྱ་མཚོ་ཆེ་ལས་རབ་བསྒྲལ་ནས། །ཕན་དང་བདེ་བའི་འབྱུང་གནས་སངས་རྒྱས་ཀྱི། །གོ་འཕང་རིན་ཆེན་གླིང་དུ་བགྲོད་གྱུར་ཅིག །སྨོན་ལམ་ཚིགས་བཅད་མ་འདི་ལྟ་བུ་ཞིག་དགོས་ཞེས་འབྲི་གུང་པའི་ཆོས་བརྒྱུད་འཛིན་པ་རིག་འཛིན་དཀོན་མཆོག་འཕྲིན་ལས་ཀྱིས་སྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །མཁྱེན་བརྩེ་ནུས་པའི་མངའ་བདག་རྫོགས་སངས་རྒྱས། །དེའི་གསུང་སྙིང་པོ་ཞི་བ་ཆགས་བྲལ་ཆོས། །རིག་གྲོལ་གཉིས་ལྡན་འཕགས་མཆོག་དགེ་འདུན་སོགས། །མཆོག་གསུམ་དམ་པའི་མ་རྨད་ཐུགས་རྗེའི་མཐུས། །ངག་གི་དབང་ཕྱུག་རྗེ་བཙུན་ཙོང་ཁ་པའི། །གདུང་འཚོབ་འཇམ་དབྱངས་བདུན་བརྒྱུད་རིམ་བྱོན་ལས། །ཆོས་ཀྱི་རྒྱལ་མཚན་རྣམ་སྤྲུལ་ཉི་མོར་བྱེད། །ཐུབ་བསྟན་མཁའ་ལ་མྱུར་དུ་འཆར་བར་ཤོག །རྒྱལ་བའི་རིང་ལུགས་འཆི་མེད་དགའ་ཚལ་གྱི། །ངོ་མཚར་རྒྱན་མཆོག་སྐྱེས་རབས་ཡོངས་འདུའི་ཕྲེང༌། །སྐལ་ལྡན་གདུལ་བྱར་དབང་ཕྱུག་ཡོན་ཏན་གྱི། །འབྲས་བཟང་དགའ་སྟོན་(༢༤བ)


GLG021_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ཕྱིར་ཆད་མེད་ཤོག །རྒྱལ་བསྟན་འོ་མའི་ཆུ་གཏེར་བསྲུབས་པ་ལས། །དགའ་ལྡན་བཤད་སྒྲུབ་རྩི་བཅུད་སྙིང་པོའི་གཏེར། །ཐོས་བསམ་སྒོམ་པས་ལོངས་སྤྱོད་འདུས་ཚོགས་ཀྱི། །རྣམ་དག་སྨོན་པའི་རེ་བ་སྐོང་བར་ཤོག །མཆེད་ཟླ་གཉིས་མེད་ཡིད་བཞིན་དབང་གི་ནོར། །རྒྱལ་མཚན་རྩེ་མོར་བཀོད་པ་ཇི་བཞིན་དུ། །སོམ་ཉི་དབུལ་ཕོང་སེལ་བའི་ཡང་སྲིད་ཀྱི། །རྣམ་འཕྲུལ་འདོད་རྒུའི་ཆར་ཆེན་འབེབས་པར་ཤོག །ལྷག་བསམ་ཆ་ཤས་རྫོགས་པ་ཟླ་བའི་གཟུགས། །རྙོག་བྲལ་འཕྲིན་ལས་རྫིང་བུར་རབ་བསལ་བས། །ཕན་དང་བདེ་སྐྱིད་ཨུཏྤལ་དཀར་པོའི་ཚལ། །དགའ་སྟོན་བསུ་བའི་འཛུམ་རླབས་བཞད་པར་ཤོག །རྩ་རྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །དཔལ་ལྡན་བླ་མ་སྐལ་བཟང་སྐྱེ་དགུ་ཡི། །མགོན་དུ་བྱོན་པའི་བདེན་ཚིག་འགྲུབ་གྱུར་ཅིག །ཅེས་བ་སོ་སྤྲུལ་པའི་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྤྲུལ་སྐུ་གསལ་པོར་བྱོན་པའི་བདེན་ཚིགས་ཏུ་བརྗོད་པ་འདི་ནི་དམ་པ་གང་དེའི་སློབ་བུ་དད་ལྡན་འགའ་ཞིག་གིས་བསྐུལ་བར་བརྟེན་ཟ་ཧོར་གྱི་བནྡེས་དགའ་ལྡན་ཕོ་བྲང་དུ་སྦྱར། །ཆུ་གཏེར་རླབས་ལྟར་དུས་ལས་ཡོལ་མེད་པ། །མཆོག་གསུམ་ཐུགས་རྗེ་ཆེན་པོའི་བྱིན་རླབས་དང༌། །གྲངས་མེད་རྣམ་དཀར་དགེ་ཚོགས་བསྐྲུན་པ་སོགས། །མ་ལུས་སྡོམས་པ་དཔྱིད་ཀྱི་མངལ་ཡངས་པོར། །ཐབས་ཤེས་ཟུང་དུ་འཇུག་པའི་ཟ་མ་(༢༥ན)


GLG021_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག །ལེགས་བྱས་དང་མའི་ལང་ཚོ་དར་བབ་འབྲས། །གྲངས་མེད་སྤྲུལ་སྐུའི་མྱུ་གུ་གཡུར་ཟ་བ། །རིང་མིན་དུས་སུ་སྨིན་པའི་དགའ་སྟོན་སྩོལ། །རྣམ་པར་ལེགས་སྨོན་འདོད་དོན་མཁའ་དབྱིངས་ལ། །རྒྱལ་དང་དེ་སྲས་ཉན་རང་སློབ་མར་བཅས། །ཀུན་གྱི་བདེན་ཚིགས་བསིལ་བྱིན་མཁན་པོ་ཡི། །ངལ་གསོའི་ག་བུར་གཟེགས་མ་སྤྲོ་བར་ཤོག །ཅེས་སེམས་དཔའ་ཆེན་པོ་ངག་དབང་ཕུན་ཚོགས་ཀྱི་སྤྲུལ་པའི་སྐུ་མྱུར་དུ་བྱོན་པའི་ཚིགས་སུ་བཅད་པ་འདི་ནི་གང་དེའི་གདན་ས་པ་ཏྲེ་བོ་སྐུ་སྐྱེ་དང་དབོན་པོ་རྒྱ་མཚོ་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །འཆི་མེད་གྲུབ་པ་པདྨ་འབྱུང་གནས་དང༌། །འཁོར་ལོའི་བདག་ཉིད་བདེ་གཤེགས་ཀུན་འདུས་ལྷ། །བདུད་དཔུང་ཚར་གཅོད་ཆོས་སྲུང་གཏེར་བདག་ཚོགས། །རྨད་བྱུང་བྱིན་རླབས་ཐུགས་རྗེའི་མཐུ་དཔུང་གིས། །རིག་འཛིན་པདྨ་དབང་གི་གྲོང་ཁྱེར་མཆོག །དཔལ་འབྱོར་འཕྲིན་ལས་རབ་ཏུ་རྒྱས་པའི་སྡེར། །ཉེར་འཚེས་གླགས་ལྟའི་བར་ཆོད་ཀུན་ཆོམས་ལ། །འཆི་མེད་རྡོ་རྗེའི་སྲོག་ཤིང་བརྟན་པར་མཛོད། །མཆོག་གསུམ་ཐུགས་རྗེའི་བདུད་རྩི་གཟེགས་མ་ཡིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཡོངས་བཀྲུས་ནས། །ཕུན་ཚོགས་ལང་ཚོའི་གཟུགས་སྐུར་རབ་རྒྱས་པས། །དུས་ཀུན་བདེ་བའི་དཔལ་ལ་སྤྱོད་གྱུར་ཅིག །ཐུགས་རྗེའི་འོད་སྟོང་འབར་བ་གཏན་གྱི་སྐྱབས། །བདེན་ཚིག་སྨོད་པ་གྲུབ་པའི་དྲང་(༢༥བ)


GLG021_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་དང༌། །མཐུ་ལྡན་སྲུང་མ་སྡེ་བརྒྱད་ཚོགས་རྣམས་ཀྱིས། །དེང་འདིར་འདོད་པའི་རེ་བ་སྐོང་བར་མཛོད། །བཀྲ་ཤིས་ཟླ་བ་རྒྱས་པ་ཡར་གྱི་ངོར། །བཟའ་སྐར་འཕྲོད་ཀྱི་དགེ་བའི་དུས་བཟང་པོར། །རྩ་གསུམ་ཐུགས་རྗེ་བསྐུལ་བའི་བདེན་ཚིགས་དབྱངས། །རབ་སྙན་ཡིད་ཀྱི་འདོད་པ་འཇོ་བར་ཤོག །དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་རིག་འཛིན་ཆེན་པོ་ཟུར་འཇམ་དབྱངས་ཀུན་དགའི་མཚན་ཅན་གཞན་སྣང་དུ་བསྙུན་པའི་ཚུལ་བསྟན་པར་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་བདེན་ཚིག་གི་སྨོན་ལམ་འདི་ནི་ཟ་ཧོར་གྱི་བནྡེས་སྒོ་གསུམ་མི་འདའ་བའི་བཅད་རྒྱའི་སྐབས་ཐུན་མཚམས་ཀྱི་ངེས་པ་ཞིག་ལ་སྦྱར་བའོ། །ཐུབ་པའི་བསྟན་ལ་འཆད་རྩོད་རྩོམ་པའི་ངག །སྨྲ་བའི་དབང་ཕྱུག་པིར་གྱི་སྒྱུ་དྲའི་གར། །ལེགས་བཤད་རི་མོ་རྣམ་བཀྲའི་དམ་ཆོས་ཀྱི། །དུས་ཀུན་དགེ་ཞིང་ཤིས་དེར་གསོལ་བ་འདེབས། །ལེགས་པར་བཤད་པ་ཆོས་འཁོར་འདུས་སྡེའི་གླིང༌། །གང་གི་དམ་པའི་ཆོས་ཀྱི་ཁྲི་ཆེན་པོར། །མགོན་ཁྱོད་ཡུན་དུ་འཚོ་ཞིང་རབ་བཞེས་ནས། །ཆོས་ཚུལ་རྒྱུན་ཆད་མེད་པར་སྤེལ་གྱུར་ཅིག །ལེགས་བཤད་ཆོས་འཁོར་གླིང་པའི་སློབ་དཔོན་ངག་དབང་བཀྲ་ཤིས་ཀྱི་གསོལ་འདེབས་བརྟན་བཞུགས་དང་བཅས་པ་འདི་ནི་གྲྭ་དམངས་གཉེར་པ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །བློ་ཆེན་མཆོག་གིས་སྐལ་བཟང་འགྲོ་བ་ཀུན། །བྱང་གྲོལ་ལམ་དུ་འཁྲིད་པའི་གྲགས་སྙན་རྔ། །སྲིད་(༢༦ན)


GLG021_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་བརྡུང་བ་འཇམ་དཔལ་སྙིང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་བཟུང༌། །ངག་གི་དབང་ཕྱུག་རྒྱལ་བ་གཉིས་པ་དེའི། །རིང་ལུགས་འཛིན་པའི་དབྱིག་གི་བློ་གྲོས་མར། །རྣམ་དཀར་བཟང་པོའི་འཕྲིན་ལས་ནོར་བུའི་དཔྱ། །རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ་དེར་འདུད། །མི་ཕྱེད་དང་བས་སྙིང་ནས་གསོལ་འདེབས་ན། །གནས་སྐབས་འགལ་རྐྱེན་ཉེར་འཚེ་ཀུན་ཞི་ཞིང༌། །མཐར་ཐུག་བླ་ན་མེད་པའི་ཡེ་ཤེས་ས། །མངོན་དུ་འགྱུར་བའི་དགེ་ལེགས་འཐོབ་པར་ཤོག །ཅེས་པ་ཡང་ཇ་སག་ཐུ་ཧོང་ཐའི་ཇིས་བསྐུལ་བ་ལྟར་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །ཁྱབ་བདག་གར་གྱི་དབང་ཕྱུག་འཆི་མེད་ལྷ། །ཚེ་མཐའ་རྣམ་པར་ཡས་པའི་མགོན་མཆོག་གི །མ་རྨད་ཐུགས་རྗེའི་ག་བུར་གཟེགས་མ་ཡིས། །འཆི་བདག་ཚ་གདུང་གཡུལ་ལས་རྒྱལ་བར་མཛོད། །བསོད་ནམས་དཔུང་གིས་ནོར་འཛིན་ཡངས་པའི་ཁྱོན། །མངོན་པར་འདེགས་ལ་རྣམ་དཔྱོད་བརྩོན་པ་ཅན། །ནམ་ཡང་གཡོ་མེད་རི་དབང་ལྷུན་པོ་ལྟར། །རབ་བརྟན་རྡོ་རྗེའི་མཆེད་ཟླར་གྲུབ་གྱུར་ཅིག །སྲིད་མུན་ཉི་ཟླས་རབ་བཅིལ་བདེ་སྐྱིད་ཀྱི། །འོད་སྣང་བསྐལ་བར་ཡོངས་གསལ་དེ་སྲིད་དུ། ཁྲིམས་གཉིས་གདུག་དཀར་འཛིན་པ་མི་ཡི་དབང༌། །འགྱུར་མེད་གཡུང་དྲུང་ཁྲི་ལ་བརྟན་གྱུར་ཅིག །ཅེས་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་གྱི་བརྟན་བཞུགས་ཚིགས་སུ་བཅད་པ་འདི་ནི་ངམ་རིང་མཁན་པོ་ཆོས་རྗེ་ལོ་(༢༦བ)


GLG021_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །དཀོན་མཆོག་ཐུགས་རྗེ་ཆེན་པོའི་ནམ་མཁའ་ལས། །མངོན་མཐོའི་རྟེན་བཟང་རླུང་གི་རྒྱལ་མཚན་ཅན། །ཕན་དང་བདེ་ཆེན་འོད་མདངས་ཡོངས་འཚེར་བའི། །དགའ་སྟོན་མཆོག་ལ་མྱུར་དུ་སྤྱོད་པར་ཤོག །ཁྱད་པར་གར་གྱི་དབང་ཕྱུག་འོད་དཔག་མེད། །གཉིས་མེད་སྤྲུལ་པའི་རྣམ་རོལ་པད་དཀར་འཆང༌། །རྨད་བྱུང་བྱིན་རླབས་ཤིང་རྟས་ཉེར་དྲངས་ཏེ། །བདེ་བ་ཅན་དུ་སྲིད་པ་འཛིན་པར་ཤོག །ཞིང་དེར་སྐྱེས་ནས་སྣང་བ་མཐའ་ཡས་ཀྱི། །མཚན་དཔེའི་སྣང་བརྙན་མིག་གི་བདུད་རྩིར་བྱས། །དྲུག་བཅུའི་གསུང་དབྱངས་ལས་འོངས་ཐེག་པ་ཆེའི། །ཆོས་ལ་ཐོས་བསམ་སྒོམ་པས་སྤྱོད་པར་ཤོག །ཚུལ་དེས་ཁྱོད་ཐུགས་བླ་མེད་ཡེ་ཤེས་ཆེ། །རྣམ་པ་ཐམས་ཅད་མཁྱེན་པ་མངོན་བྱས་ཏེ། །འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག །སླུ་མེད་སྐྱབས་ཀུན་དབང་པོར་ལེགས་བཞུགས་ནས། །བདེན་པའི་ཚིགས་ཏུ་རབ་བརྗོད་ནུས་པ་དང༌། །རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །ཅེས་དཔོན་ནམ་མཁའ་རྒྱལ་མཚན་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་འདི་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་སྤུན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཇའི་སང་སྡེ་པའོ། །ཕྱག་ན་འཆི་བ་མེད་པའི་བདུད་རྩིའི་རྒྱུན། །ལེགས་(༢༧ན)


GLG021_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བུམ་པ་བཟང་པོས་འགྲོ་བ་ཀུན། །བདེ་བའི་ངལ་གསོར་དབུངས་ཕྱུང་བཅོམ་ལྡན་འདས། །ཚེ་མཐའ་ཡས་དེའི་ཐུགས་རྗེའི་བྱིན་རླབས་དང༌། །མོས་ལྡན་རྣམས་ཀྱི་བསམ་པ་རྩེ་གཅིག་ཏུ། །གདུང་ཤུགས་དྲག་པོས་བདེན་པའི་ཚིག་བརྗོད་ཅིང༌། །འདུས་སྡེའི་ཚོགས་ཀྱིས་སྨོན་ལམ་ལེགས་བཏབས་པ། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །ངག་གི་རང་བཞིན་མཐའ་ཡས་ཆོས་ཀྱི་སྒྲར། །སྒྲོག་ལ་རབ་དབང་ཡང་དག་དགེ་བའི་བཤེས། །ལེགས་ཚོགས་ལམ་སྟོན་མི་མཐུན་ལས་རྒྱལ་བའི། །མཚན་ལྡན་མགོན་ཁྱོད་རྟག་ཏུ་ཞབས་བརྟན་ཤོག །སེང་གེས་བཏེག་པའི་འགྱུར་མེད་གཡུང་དྲུང་ཁྲི། །རྟག་བརྟན་སྣ་ཚོགས་རྡོ་རྗེས་ལེགས་མཚན་པར། །ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །ཡང་སྲིད་སྤྲུལ་པའི་ཟློས་གར་ཞབས་བརྟན་ཤོག །དཀོན་མཆོག་བྱིན་རླབས་ཆོས་སྐྱོང་སྲུང་མའི་མཐུ། །དྲང་སྲོང་རིག་འཛིན་གྲུབ་པའི་བདེན་ཚིགས་གིས། །འདོད་དོན་ཨ་མྲའི་འབྲས་བཟང་ཡོངས་སྨིན་པར། །སྤྱོད་པའི་བསྐལ་པ་བཟང་པོ་བདག་གྱུར་ཤོག །ཅེས་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་བརྟན་བཞུགས་ཤློ་ཀ་ལྔ་ཙམ་ཡོད་པ་ཞིག་དགོས་ཞེས་དེ་མོ་དབོན་པོ་ཕུན་ཚོགས་དང་ནོར་བུ་སྤུན་གཉིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་དགའ་ལྡན་ཕོ་བྲང་དུ་སྦྱར། །མཐོང་ཐོས་དྲན་དང་རེག་པས་ཕན་བདེའི་དཔལ། །སྩོལ་མཛད་སངས་རྒྱས་དེ་གསུང་སློབ་མར་བཅས།(༢༧བ)


GLG021_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

།བདེན་ཚིག་གྲུབ་པ་ལྷ་དང་དྲང་སྲོང་སོགས། །ཕུལ་བྱུང་ཐུགས་རྗེ་ནུས་པར་ལྡན་པའི་མཐུས། །རབ་ཡངས་ནོར་འཛིན་ཁྱོན་ལ་བསོད་ནམས་ཀྱིས། །མངོན་པར་དབང་བསྐུར་ཆོས་སྲིད་ལེགས་ཚོགས་རྣམས། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་མཛད་པ། །མི་དབང་མཆོག་དེ་ཞབས་པད་བརྟན་པར་ཤོག །རྩ་གསུམ་བྱིན་རླབས་རླུང་གིས་བགེགས་རིགས་རྣམས། །ལེགས་བསལ་ཆོས་ལྡན་རྒྱལ་པོའི་ཉི་འོད་ཀྱིས། །མངའ་འབངས་བདེ་སྐྱིད་པད་དཀར་རབ་བཞད་ནས། །ཕུན་ཚོགས་དགའ་སྟོན་སྦྲང་རྩིར་སྤྱོད་གྱུར་ཅིག །ཅེས་ཕྱག་མཛོད་ས་སྐྱོང་བསོད་ནམས་ཆོས་འཕེལ་གྱི་བརྟན་བཞུགས་ཚིགས་སུ་བཅད་པ་འདི་ནི་བོད་ཡུལ་གྱི་རྡོ་རྗེ་གདན་ཕུན་ཚོགས་འདོད་རྒུའི་འབྱུང་གནས་ཆོས་འཁོར་དཔལ་གྱི་ལྷ་ས་བ་རུ་བཞི་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ན་མ་ཨཱཪྻ་ཛི་ཏ་ནཱ་ཐེནཱརྠཱཿསི་དྡྷི་ཀུ་རྦནྟུ། བྱམས་བརྩེའི་ས་བོན་ཡོངས་སུ་སྨིན་པ་ལས། །གསེར་སྦྱངས་ཞུན་མའི་འཁྲི་ཤིང་གཡུར་ཟ་བ། །ངོ་མཚར་མཚན་དཔེའི་མེ་ཏོག་རྣམ་བཀྲའི་གཟུགས། །སྟོན་མཛད་རྒྱལ་ཚབ་མི་ཕམ་མགོན་པོ་ཀྱེ། །འཆར་ནུབ་སྤངས་པ་ཐུགས་རྗེའི་རྟ་ལྗང་འོད། །ཉེ་རིང་དང་བྲལ་སྐྱེ་རྒུའི་པད་ཚལ་ལ། །འཇུག་པ་མ་འདྲིས་མཛའ་བའི་དམ་བཅའ་གང༌། །ནམ་ཡང་གཏོང་བ་མིན་དེ་ཕན་བདེའི་དཔྱིད། །དེ་ཕྱིར་ཟླ་འོད་པད་རྩ་གངས་ཀྱི་རིས། །བསྒྲུན་པར་ནུས་མིན་རབ་དཀར་ལྷག་བསམ་གྱིས། །ཉེར་དྲངས་སྨོན་ལམ་བཏབ་པའི་འབྲས་(༢༨ན)


GLG021_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཀུན། །རེ་བ་དོན་ལྡན་མཛོད་ཅིག་ལྷ་ཡི་ལྷ། །ཚེ་རིང་གནམ་གྱི་བརྒྱུད་འཛིན་ས་སྐྱོང་རིགས། །རིན་ཅེན་མིག་གི་མཚན་པའི་ཧོང་ཐའི་ཇི། །མཐོ་རིས་རྟེན་གྱི་ཐེམ་སྐས་ལ་འཛེགས་ནས། །གནས་ངན་འབྲས་བུར་སྤྱོད་ལས་ཐར་བར་ཤོག །མི་ཁོམ་གནས་སྤངས་དལ་འབྱོར་བཅོ་བརྒྱད་ཀྱི། །དམ་ཆོས་བསྒྲུབ་པའི་རྟེན་བཟང་ལུས་རྙེད་དེ། །སྡིག་ལྟུང་དྲི་མ་དྲུངས་ནས་ཕྱུང་བྱེད་པ། །དགེ་ཚོགས་གངྒའི་རྒྱུན་ལ་སྤྱོད་པར་ཤོག །ཁྱད་པར་སངས་རྒྱས་བསྒྲུབ་པའི་རྟེན་གྱི་མཆོག །མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས། །འགྲུབ་བྱེད་རྒྱུ་ལས་སླུ་མེད་འབྱུང་བའི་འབྲས། །མི་འཛད་ཁུར་གྱིས་དུད་པའི་དཔལ་ཐོབ་ཤོག །བདེ་བར་རློམ་ཡང་འགྱུར་བའི་སྡུག་བསྔལ་ཅན། །སྲིད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །ཐབས་ཤེས་གཟིངས་ཀྱིས་བསྒྲལ་ཏེ་གཏན་བདེའི་ལམ། །ཐར་པའི་རིན་ཆེན་གླིང་དུ་བགྲོད་པར་ཤོག །ཕ་མཐའ་རྙེད་མིན་དྲིན་གྱིས་བསྐྱངས་པའི་མ། །འགྲོ་རྣམས་འདོར་བར་མ་བཟོད་ཐེག་པ་ཆེའི། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་གོམ་གཅིག་གིས། །རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་ཤོག །ཟབ་ཡངས་རྒྱུད་སྡེའི་མ་དྲོས་མཚོ་ཆེན་ལས། །སྨིན་བྱེད་དབང་གི་ཆུ་བོ་རྣམ་པ་བཞི། །བགྲོད་བྱེད་རིམ་གཉིས་རྒྱ་མཚོར་ལེགས་འཁྱིལ་བས། །ལྔ་ལྡན་ཡེ་ཤེས་རླབས་ཕྲེང་ཡོལ་མེད་ཤོག །ཟུང་འཇུག་ཡིད་བཞིན་ནོར་བུའི་ཟ་མ་ཏོག །སྐུ་བཞི་བདུད་རྩིའི་བཅུད་ཀྱིས་རབ་གཏམས་ནས། །རང་གཞན་དོན་གཉིས་འཆི་བ་མེད་པའི་སྲོག །ལེགས་གྲུབ་རིགས་ཀུན་བདག་པོར་(༢༨བ)


GLG021_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་ཤོག །དྲི་མེད་རྣམ་པར་སྨོན་པ་དབང་གི་རྒྱལ། །མཆོག་གསུམ་ཀླུ་དབང་གདེངས་ཀར་མཛེས་པའི་ནོར། །འདོད་པའི་རེ་བ་མ་ལུས་སྐོང་བ་ཡིས། །དགའ་སྟོན་མཆོག་དེས་ནོར་འཛིན་ཁྱབ་གྱུར་ཅིག །ཅེས་རྒྱལ་བའི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཅན་ནོར་འཛིན་སྐྱོང་བ་ཁར་ཁ་ཨེར་ཏི་ན་ཧོང་ཐའི་ཇི་ལྔ་པའི་ལམ་དུ་གྱུར་པའི་ཚེ་སྨོན་ལམ་ཚིགས་བཅད་བཅུ་སྐོར་ཞིག་དགོས་ཞེས་རྒྱལ་ཁང་རྩེ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །པྲ ཤྭེ ཏཱ ནྟཱ ཕ ལ པྲ ཎི དྷི། ཨ ཡཾ ཙ ནི ཛཱ ནཱཾ སུ ཁེ། པཱ ཀྭཱ ནྲ ཝ ཏི ཀྭཱ མ ཙ ། ཏྲི ར ཏྣེ ན སཽ ནྱཱ ཀུ རུ། རབ་དཀར་ཡིད་དགེའི་སྨོན་ལམ་འབྲས། །འདི་དང་གཏན་གྱི་བདེ་བ་རུ། །སྨིན་པའི་རེ་བ་དོན་ལྡན་པར། །མཛོད་ཅིག་སླུ་མེད་དཀོན་མཆོག་གསུམ།(༢༩ན)


GLG021_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

།ཞེས་པ་འདི་ནི་སྟག་ལུང་ཕྱག་མཛོད་ངག་དབང་བཟང་སྦྱིན་གྱི་དད་རྟེན་དུ་ངེད་ཀྱི་འདྲ་འབག་སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་ཕྱག་བྲིས་མ་ཞིག་འདུག་པའི་རྒྱབ་ངོས་སུ་སྨོན་ལམ་ཚིགས་བཅད་ལག་བྲིས་མ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སུག་བྲིས་བྱས་པ་ཡིན་ནོ། །མཁྱེན་བརྩེ་ནུས་ལྡན་སངས་རྒྱས་དེ་གསུང་ཆོས། །སློབ་མར་བཅས་པའི་དཀོན་མཆོག་རིན་ཆེན་གསུམ། །སླུ་མེད་སྐྱབས་མགོན་ཐུགས་རྗེའི་བྱིན་རླབས་མཐུས། །རྣམ་དག་སྨོན་པའི་རེ་འབྲས་དོན་ལྡན་མཛོད། །དངོས་འབྱོར་གྱིས་མཚོན་དུས་གསུམ་བསགས་པ་ཡི། །རྣམ་དཀར་དགེ་ཚོགས་ས་བོན་ལེགས་སྨིན་པས། །བསོད་ནམས་མཐོ་རིས་ཚལ་དུ་མངོན་མཐོའི་རྟེན། །རབ་བརྟན་ཡོངས་འདུའི་ཁྲི་ཤིང་གཡུར་ཟར་ཤོག །ལས་ཉོན་མ་དག་དཀར་མིན་ལྕགས་ཀྱི་ཁམས། །ཐར་ལམ་གསེར་དུ་བསྒྱུར་བྱེད་དགེ་བའི་རྩིས། །གཏན་བདེ་ཟད་མི་ཤེས་པའི་འབྱོར་པའི་མཛོད། །ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པར་ཤོག །སྲིད་ཞིའི་མཐའ་བྲལ་སེམས་སྐྱེད་ཆུ་གཏེར་དབུས། །ཕྱིན་དྲུག་སྤྱོད་པའི་གདེངས་ཀ་གཡོ་བའི་རྩེར། །རྣམ་མཁྱེན་ནོར་བུའི་གཅོད་པན་འབར་བའི་གཟིས། །མཁའ་མཉམ་འགྲོ་ཀུན་འདོད་འཇོའི་བྱེད་པོར་ཤོག །བསོད་ནམས་དཔུང་པས་ས་ཆེན་ཆོས་བཞིན་དུ། །སྐྱོང་བའི་མཛད་བཟང་འཕེལ་ཞིང་རབ་བརྟན་པ། །གྲངས་རིང་སྐྱེ་བར་མངོན་མཐོ་ངེས་ལེགས་རྟེན། །ལེགས་བརྒྱུད་(༢༩བ)


GLG021_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་འདི་ཡང་ས་སྐྱོང་ཕྱག་མཛོད་བསོད་ནམས་རབ་བརྟན་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་དབུས་གཙང་དུ་སེར་ཚོགས་ཁག་བརྒྱད་བཙུགས་སྐབས་འདུས་ཚོགས་རྣམས་ཀྱི་ཞལ་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར། །བདེ་བ་ཅན་དུ་གར་དབང་འོད་མཚན་འབར། །གྲུ་འཛིན་རྩེ་ན་འཕགས་མཆོག་འཇིག་རྟེན་དབང༌། །སིནྡྷུའི་རྒྱ་མཚོར་རིགས་འཛིན་པདྨ་འབྱུང༌། །སྐུ་གསུམ་དབྱེར་མེད་འཕྲིན་ལས་གངྒཱའི་རྒྱུན། །ཕྱག་ན་རྡོར་འཛིན་ནོར་བུའི་མཚན་འཆང་བའི། །ལྷག་བསམ་སྐལ་ལྡན་ཤིང་རྟས་ལེགས་དྲགས་པས། །སྒྲིབ་གཉིས་འབྲས་བུའི་དྲི་མ་ཀུན་བཀྲུས་ནས། །ཕན་བདེའི་རྒྱལ་མཚན་ཏོག་གི་འོད་འབར་ཤོག །རྒྱལ་དང་དེ་སྲས་སྐུ་གསུང་ཐུགས་རྟེན་བཞེངས། །འགྲོ་རྣམས་བདེ་བར་བགྲོད་བྱེད་ཟམ་པ་བཙུགས། །ཐོས་གྲོལ་ཡི་གེ་དྲུག་པའི་འཕྲིན་ལས་ཀྱི། །དགེ་དེས་མཁའ་མཉམ་འགྲོ་རྣམས་སྒྲོལ་བར་ཤོག །གནས་སྐབས་དམ་ཆོས་སྒྲུབ་པའི་མཐུན་རྐྱེན་འཕེལ། །མཐར་ཐུག་ཀ་དག་རིག་པའི་རང་ཞལ་མཐོང༌། །ལྷུན་གྲུབ་བྱ་རྩོལ་བྲལ་བའི་ཐུགས་རྗེ་ཡིས། །ཀུན་གྱི་འདོད་འཇོའི་ཡིད་བཞིན་དབང་པོར་ཤོག །དེ་ལྟར་སྒོ་གསུམ་གུས་འདུད་མཆོད་སྤྲིན་སྤྲོ། །སྡིག་བཤགས་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བསྐུལ་རྟག་བཞུགས་གསོལ་བ་འདེབས། །དགེ་བ་མ་ལུས་རྣམ་མཁྱེན་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་སྤྲུལ་སྐུ་ཕྱག་རྡོར་ནོར་བུས་བཀའ་འགྱུར་དང༌། སྤྱན་རས་གཟིགས་ཀྱི་གསེར་སྐུ་བཞེངས་ཤིང༌། མ་ཎི་དུང་(༣༠ན)


GLG021_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུར་ཉི་ཤུ་རྩ་ལྔ་བཙུགས་པ། ལྕགས་ཟམ་མང་པོའི་ཞིག་གསོ་གྲུབ་པའི་དགེ་བ་རྫོགས་བྱང་དུ་སྤེལ་བའི་ཆེད་དུ་ཟ་ཧོར་གྱི་བནྡེས་སྦྱར་བའོ། །བྱིན་རླབས་འོད་དུ་འབར་བ་ཐུགས་རྗེའི་གཟིས། །འཁོར་མུན་གདུང་བ་འཕྲོག་པ་རིན་ཆེན་གསུམ། །བདེན་ཚིགས་ཆར་གྱིས་བསྐྲུན་པའི་ལེགས་བྱས་ཀྱིས། །གསེར་གྱི་མྱུ་གུ་ཡོངས་སྨིན་འབྲས་བཟང་སྩོལ། །བློ་གྲོས་རྣམ་པར་རབ་ཡངས་མངལ་ནང་དུ། །བསོད་ནམས་གསེར་སྒོང་སྦྲུམས་པའི་གདོང་བཞི་པ། །ཟླ་བ་རྒྱ་མཚོ་ལས་འཁྲུང་ཇི་བཞིན་དུ། །ཡོན་ཏན་བདུན་དང་ལྡན་པའི་སྲིད་འཛིན་ཤོག །ཁྲིམས་གཉིས་འདུས་པའི་ཚོགས་ཀྱི་རྩེ་གཅིག་ཏུ། །སྨོན་ལམ་རྣམ་དག་སྟོབས་ཀྱིས་མཚམས་སྦྱར་བ། །ཇི་བཞིན་ལྷུན་གྱིས་གྲུབ་པའི་སྐལ་བཟང་ལ། །མོས་ལྡན་སློབ་མར་བཅས་པས་སྤྱོད་གྱུར་ཅིག །ཅེས་ཆ་དཀར་ནོ་མོན་ཁང་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་མྱུར་བྱོན་གྱི་སྨོན་ལམ་ཚིགས་སུ་བཅད་པ་འདི་ནི་དགེ་སློང་འོད་ཟེར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །ཕྱག་ན་འཆི་བ་མེད་པའི་བདུད་རྩིའི་བཅུད། །ལེགས་འཁྱིལ་པདྨ་རཱ་གའི་བུམ་བཟང་གིས། །ཚེ་མཐའ་ཡས་པའི་དཔལ་སྟེར་བཅོམ་ལྡན་འདས། །བདེ་ལྡན་ཞིང་གི་མགོན་དེས་དགེ་ལེགས་སྩོལ། །ངག་གི་འདོད་འཇོ་དབང་ཕྱུག་ཡོན་ཏན་གྱིས། །བློ་བསལ་སྐལ་བཟང་རེ་སྐོང་ཡོངས་འཛིན་མཆོག །རྒྱ་མཚོའི་གོས་ཅན་ཉི་ཟླའི་འོད་སྣང་གིས། །(༣༠བ)


GLG021_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དེ་སྲིད་རྡོ་རྗེ་ལྟར་བརྟན་ཤོག །བདུད་སྡེའི་གཡུལ་ལས་རྒྱལ་བ་འཇིགས་མེད་ཀྱི། །བརྩེ་ལྡན་བྱམས་པའི་གོ་ཆ་རབ་བགོ་བ། །ཐུབ་བསྟན་བཤད་གྲུབ་ལང་ཚོ་རྒྱས་པའི་སྡེ། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །དུས་དགྲའི་དབང་པོ་སྨྲ་མཁས་འཇམ་དཔལ་དབྱངས། །ཐུགས་གསང་དཔལ་གྱི་བེའུ་དགའ་བའི་ཉམས། །འཛུམ་ལྡན་ཚེམས་དཀར་མུ་ཏིག་འཕྲེང་མཛེས་པའི། །བཤེས་གཉེན་དམ་པ་ནམ་ཡང་གཡོ་མེད་ཤོག །སངས་རྒྱས་དེ་གསུང་སྲས་བཅས་བྱིན་རླབས་དང༌། །སླུ་མེད་ཕུན་ཚོགས་རྟེན་འབྲེལ་སྒོ་འཕར་ཕྱེ། །ལྷག་བསམ་དག་པའི་སྨོན་ལམ་མཚམས་སྦྱོར་གྱིས། །འདོད་པའི་འབྲས་བུ་ཡོངས་སུ་སྨིན་གྱུར་ཅིག །ཅེས་པ་འདི་ནི་གྲྭ་བསམ་དར་བ་བློ་བཟང་བསྟན་འཛིན་གྱིས་ཆེད་གཉེར་དུ་བསྐུལ་བ་ལྟར་ཟ་ཧོརགྱི་བནྡེས་པོ་ཏཱ་ལར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཨོཾ་ཨ་ཐ་ལཀྵྨི་སིདྡྷི་རསྟུ། བདེ་ལྡན་ངོ་མཚར་བཀོད་པའི་ཞིང་གི་མགོན། །གར་དབང་མཛོད་སྤུའི་འོད་ཟེར་སྟོང་འབར་གཟིས། །འཆི་བདག་བདུད་ཀྱི་མུན་འཇོམས་འཁོར་ལོ་གསུམ། །མི་གཤིག་རྡོ་རྗེའི་དཔལ་དུ་འགྲུབ་གྱུར་ཅིག །ངག་ལ་སྨྲ་བའི་ཆོས་ཀྱི་བཀྲ་ཤིས་དུང༌། །མགྲིན་པའི་འཁོར་ལོའི་དབུས་ན་གཡས་འཁྱིལ་བ། །དབང་ཕྱུག་བློ་བསལ་སྐལ་བཟང་རྒྱ་མཚོ་ལ། །ཐེག་གསུམ་ཆོས་འཁོར་བསྐོར་ཕྱིར་ཞབས་བརྟན་ཤོག །ཆེས་ཆེར་སྙིགས་པའི་དུས་ཀྱི་གླང་པོའི་དགྲར། །འཇིགས་མེད་ལྷག་བསམ་གདོང་ལྔའི་ང་རོའི་རྒྱུད། །ཞི་བདེའི་མཚོན་གྱིས་(༣༡ན)


GLG021_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམ་མིན་གོ་ཆ་མཆོག །ཐུབ་བསྟན་གངས་རིའི་སྤོ་ལ་བརྟན་པར་ཤོག །ལས་རླུང་དག་པ་དྷུ་ཏཱིའི་ལམ་ཡངས་པོར། །ཨ་ཧཾ་མི་གཤིགས་སྲོག་གི་ཀ་བ་ཅན། །འཇའ་ལུས་རྡོ་རྗེའི་ལང་ཚོ་རྒྱས་པའི་སྡེ། །གྲུབ་པའི་སྐལ་བ་བཟང་པོར་གཡོ་མེད་ཤོག །དུས་གསུམ་མ་ལ་ཡ་ཡི་ནགས་ཀླུང་ནས། །བསགས་པའི་དགེ་ཚོགས་ཀཏྤུ་ར་ཡི་དྲིས། །དཀར་མིན་འབྲས་བུའི་ཚ་གདུང་ཀུན་བཅིལ་ནས། །འགྲོ་རྣམས་བདེ་བའི་ངལ་གསོར་སྤྱོད་པར་ཤོག །ཆོས་སྲིད་ཟུང་དུ་འབྲེལ་བའི་ཉི་ཟླ་ཡི། །རྫོགས་ལྡན་སྣང་བ་གསར་པ་འོད་པོ་ཆེས། །ཡངས་པའི་ནོར་འཛིན་མ་ལུས་ཀུན་ཁྱབ་པས། །འདི་དང་གཏན་གྱི་ལེགས་ཚོགས་ལྷུན་གྲུབ་ཤོག །ཅེས་པ་འདི་ནི་དུས་ཞབས་པ་ཆེན་པོ་གྲྭ་ཕུག་པ་དཔལ་གྱི་སེང་གེའི་སྤྲུལ་པའི་སྐུ་ངག་དབང་སྙན་གྲགས་དཔལ་བཟང་པོའི་གསུང་གིས་ཉེ་བར་བསྐུལ་བ་ལ་རྟེན་ནས་ཟ་ཧོར་གྱི་བནྡེས་གཡར་ཁྲལ་ཙམ་དུ་བྲིས། །ཀུན་བཟང་སྣང་བ་མཐའ་ཡས་ཐུགས་རྗེའི་གར། །སིནྡྷུའི་རྒྱ་མཚོར་ལེགས་བསྒྱུར་པདྨ་འབྱུང༌། །རྩ་གསུམ་དཀོན་མཆོག་འདུས་པའི་བདག་ཉིད་ཀྱིས། །ཕུན་ཚོགས་སྨོན་ལམ་འབྲས་བུ་གྲུབ་པར་མཛོད། །གངས་ཅན་ལྷ་ཅིག་སྲས་པོ་ཏི་མུག་བཙན། །སྣ་ཚོགས་རང་སར་གྲོལ་བའི་ཡང་སྲིད་ཅན། །ཐེག་མཆོག་ཆོས་ཀྱི་སྙན་གྲགས་སྲིད་གསུམ་དུ། །ཁྱབ་མཛད་སྤྲུལ་སྐུའི་ཟླ་ཚེས་མངོན་གྱུར་ཤོག །བཀའ་ཕྱག་ཟུང་དུ་འཇུག་པའི་ཆུ་བོ་ཀུན། །མཁྱེན་(༣༡བ)


GLG021_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་འཕྲིན་ལས་རྒྱ་མཚོ་ཆེར་བབས་པས། །ཡིད་སྲུབས་གཡུལ་ལས་རྣམ་པར་རྒྱལ་བའི་སྡེ། །སླར་ཡང་ཞིང་འདིར་སྲིད་པ་འཛིན་པར་ཤོག །དཀོན་མཆོག་གསུམ་དངོས་རིག་འཛིན་ཐོད་ཕྲེང་རྩལ། །འཇིག་རྟེན་གསུམ་མགོན་ཀྱུ་ར་རིན་པོ་ཆེ། །ཕུན་ཚོགས་བསྟན་པ་རིན་ཆེན་སྤེལ་བའི་ཕྱིར། །མཆོག་སྤྲུལ་གདུལ་བྱར་མངོན་སུམ་བསྟན་དུ་གསོལ། །སྙིགས་མར་སྤྱོད་པ་ལུས་མེད་གླགས་ལྟའི་དཔུང༌། །ནག་པོ་བདུད་ཀྱི་སྡེ་དང་བཅས་པ་རྣམས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་དུས་ཀྱི་དགྲར། །འཇམ་དཔལ་དྲག་པོ་ཁྲོས་པས་འཇོམ་པར་ཤོག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང༌། །དྲང་སྲོང་རིག་འཛིན་གྲུབ་པའི་མཐུ་སྟོབས་ཀྱིས། །སྨོན་ལམ་བཏབ་པའི་འབྲས་བུ་ཇི་བཞིན་དུ། །ལྷུན་གྲུབ་སྐལ་བ་བཟང་པོར་བདག་གྱུར་ཅིག །ཅེས་དཔལ་འབྲི་གུང་སྐྱུ་རའི་གདུང་ལས་སྐུ་འཁྲུང་ཤིང་རྒྱལ་དབང་པདྨའི་གདུང་འཚོབ་རིགས་འཛིན་ཆེན་པོ་ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བ་དབང་པོའི་སྡེའི་མཆོག་གི་སྤྲུལ་སྐུ་མྱུར་བྱོན་གྱི་སྨོན་ལམ་ཚིགས་སུ་བཅད་པ་འདི་ནི། དམ་པ་གང་གི་ཞམ་འབྲིང་བ་ཕྱག་མཛོད་དཀོན་མཆོག་རྒྱལ་མཚན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་པོ་ཏཱ་ལར་སྦྱར་བའོ། །དུས་གསུམ་སངས་རྒྱས་རྡོ་རྗེ་ཐོད་ཕྲེང་རྩལ། །བརྩེ་ཆེན་སྙིང་པོའི་ཞབས་དང་ཚར་པ་རྗེ། དགྱེས་མཛད་རྡོ་རྗེ་གུར་མགོན་གདོང་བཞི་པ། །(༣༢ན)


GLG021_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་སྲུང་མར་བཅས་པ་དགོངས། འཁོར་ལོའི་མགོན་པོ་གདུལ་བྱའི་བསོད་ནམས་ཀྱི། །ཞིང་དུ་རྣམ་ཀུན་མཆོག་ལྡན་རྡོ་རྗེ་འཛིན། །མཁའ་སྤྱོད་འཆི་མེད་དགའ་མའི་གནས་ཆེན་ནས། །ཞིང་འདིར་སྲིད་པ་འཛིན་པར་བདག་བྱིན་རློབས། ཁྱད་པར་སྙན་རྒྱུད་ཟབ་མོ་སློབ་བཤད་ཆོས། ཁའུ་བྲག་རྫོང་བཞེད་སྲོལ་རིང་ལུགས་མཆོག །སྤེལ་ཕྱིར་མ་དག་འགྲོ་བ་མི་འདྲེན་ན། །ཐུགས་སྐྱེད་དམ་བཅའ་ཉམས་པར་མི་འགྱུར་རམ། །རྡོ་རྗེའི་རྣལ་འབྱོར་དབང་མོའི་ཞིང་ཁམས་དང༌། །ཟང་མདོག་དཔལ་གྱི་རི་བོའི་ཕོ་བྲང་ན། །བདེ་ཆེན་ཀློང་དུ་བཞུགས་ལས་བསྐུལ་བའི་གླུ། །གསོལ་འདེབས་དབྱངས་སུ་འཚེར་ལ་ཉེར་དགོངས་ཀྱེ། །གངས་ཅན་ཞིང་འདིར་སྤྲུལ་སྐུ་མྱུར་བྱོན་སྟེ། །སྤྱི་དང་བྱེ་བྲག་ཐུབ་བསྟན་རབ་སྤེལ་ནས། །བདག་སོགས་གདུལ་བྱའི་རེ་བ་ལེགས་སྐོང་བ། །ཡིད་བཞིན་དབང་གི་རྒྱལ་པོ་འགྲུབ་པར་ཤོག །འ་ཞའི་རིགས་ལས་ཁྱབ་བདག་རྡོ་རྗེ་འཛིན་པ་མགོན་པོ་བསོད་ནམས་མཆོག་ལྡན་ཞིང་འདིའི་སྐུའི་བཀོད་པ་ཉེ་བར་བསྡུས་པའི་དུས་འཕགས་པ་མཆེད་ཀྱི་དྲུང་དུ་སྤྲུལ་སྐུ་འབྱོན་མི་འབྱོན་གྱི་བརྟག་པ་ལན་གཉིས་སུ་བྱས་པར་མཁའ་སྤྱོད་སོགས་དག་པའི་ཞིང་ལས་བོད་ཡུལ་འདིར་འབྱོན་པའི་རྟེན་འབྲེལ་གྱི་སྒོ་ཕྱཻ་བ་ཞིག་མ་བྱུང་རུང་ཉང་སྟོན་རིགས་སྔགས་འཆང་བ་མཁས་གྲུབ་ཆེན་པོ་སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེའི་གསུང་གིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་འཕགས་པ་མཆེད་དང༌། ཨྱོན་ཆེན་པོའི་(༣༢བ)


GLG021_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྟེན་བསོད་ནམས་དཔལ་འབར་གྱི་དྲུང་དུ་གསོལ་བ་བཏབ་ཏེ་སྦྱར་བའོ། །གསུང་ངག་ཆད་མེད་དབང་བཞིའི་མཐོ་རིས་ཆབ། །རྣམ་དཔྱོད་བློ་གྲོས་ལྟོ་བར་དོག་མིན་ཀྱང༌། །སྐལ་བཟང་རྒྱ་ཆེན་གདུལ་བྱའི་མཚོར་འབབ་པ། །དྲང་སྲོང་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །ཨ་ཧཾ་མི་ཤིགས་འཆི་མེད་རྡོ་རྗེའི་སྲོག །གྲུབ་པའི་རིགས་འཛིན་སྐུ་རུ་བཤེས་གཉེན་ཁྱོད། །བཞེངས་ཏེ་སྟུག་པོ་བཀོད་པའི་མགོན་པོ་བཞིན། །འཁོར་བ་མཐའ་ཅན་དེ་སྲིད་བཞུགས་གྱུར་ཅིག །ཅེས་པ་འདི་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མང་པོར་བལྟ་བའི་བློ་མིག་རྣམ་པར་ཡངས་པའི་གླང་བུ་བ་དགྲ་འདུལ་ཚེ་རིང་གིས་རྒྱུན་ཁྱེར་ཉུང་ངུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་རང་བྱུང་འཕགས་པ་མཆེད་ཀྱི་དྲུང་དུ་དགེ་སྦྱོར་གྱི་ལུགས་སུ་གནས་པའི་ཐུན་མཚམས་ཞིག་ལ་བྲིས་པ་སིདྡྷི་རསྟུ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །ཚེ་མཐའ་ཡས་དང་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་འདོད་པའི་འབྲས་སྟེར་དཔག་བསམ་དབང༌། །ལྷ་མཆོག་རྣམས་ཀྱིས་བསམ་དོན་ལྷུན་གྲུབ་མཛོད། །ལུས་ངག་ཡིད་གསུམ་སྨིན་ནུས་དབང་གི་ཆུ། །རྒྱུན་ཆད་མེད་པས་བློ་གསལ་སྐལ་བཟང་རྣམས། །ཚིམ་བྱེད་རྣམ་དཀར་འཕྲིན་ལས་རྒྱ་མཚོ་ཡི། །རླབས་ཕྲེང་ཡོལ་བ་མེད་པར་ཞབས་བརྟན་ཤོག །རབ་བརྟན་སྣ་ཚོགས་རྡོ་རྗེ་གཡུང་དྲུང་གིས། །ལེགས་མཛེས་སེང་གེས་བཏེག་པའི་ཁྲི་ཆེན་པོར། །བསྐལ་པ་(༣༣ན)


GLG021_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བར་མི་གཡོ་རྟག་བཞུགས་ནས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ནི་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་བྱ་འདབས་སུ་འཁོད་པའི་ཚེས་བཅུ་མ་ཎི་དམིགས་བརྩེ་མ་བསྙེན་གནས་མ་ཁག་བཞིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །སྭསྟི་པྲ་ཛཱ་བྷྱཿ མཆོག་གསུམ་རིན་ཆེན་ཐུགས་རྗེ་ཆེན་པོ་ཡིས། །འདི་ཕྱིའི་གཏན་འདུན་འགྲུབ་པའི་བསོད་ནམས་ཀྱི། །མ་རྨད་འབྱོར་བ་རབ་ཏུ་རྒྱས་གྱུར་བའི། །ཕུན་ཚོགས་དགའ་སྟོན་དཔལ་ལ་སྤྱོད་གྱུར་ཅིག །བསོད་ནམས་དབང་གི་ལྕགས་ཀྱུས་བརྟན་གཡོ་རྣམས། །བཀུག་དང་ལྷན་ཅིག་དབྱངས་ཅན་ངག་གི་དཔྱིད། །ངག་ལ་འཇུག་པའི་སྐལ་བཟང་ཉེར་འགྲུབ་པ། །སྨྲ་བ་ཀུན་ལས་རྒྱལ་བའི་དཔལ་ཐོབ་ཤོག །སྨོན་ལམ་ཚིགས་བཅད་འདི་ནི་མོན་མཁར་རྣམ་སྲས་གླིང་པ་འབྱོར་རྒྱས་དང་བསོད་དབང་སྤུན་གཉིས་ཀྱིས་ངག་འདོན་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བགྱིས་པའོ། །དཀོན་མཆོག་རིན་ཆེན་གསུམ་གྱི་བདག་ཉིད་ཅན། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་མཆོག །ངག་གི་དབང་ཕྱུག་འཇམ་དབྱངས་དགའ་བའི་བཤེས། །བློ་བསལ་སྐལ་བཟང་རྒྱ་མཚོའི་མགོན་ཁྱོད་ཀྱིས། །བདག་སོགས་དེང་ནས་བྱང་ཆུབ་མ་ཐོབ་བར། །རྨད་བྱུང་ཐུགས་རྗེ་ཆེན་པོས་རྗེས་བཟུང་སྟེ། །འདི་དང་གཏན་གྱི་འདུན་མ་མ་ལུས་པ། །བསམ་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །(༣༣བ)


GLG021_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་མ། །སྟོབས་འཕྲོག་ནག་པོ་ལྷ་ཆེན་གདོང་བཞི་སོགས། །བསྟེན་ཅིང་བསྒྲུབས་པའི་ཆོས་སྲུང་ཚོགས་རྣམས་ཀྱིས། །འཕྲིན་ལས་སྒྲུབ་ལ་གཡེལ་བ་མེད་གྱུར་ཅིག །ཅེས་པ་འདི་ཡང་དེ་མོ་དབོན་པོ་ཕུན་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །བློ་གསལ་སྐལ་བཟང་འཕྲིན་ལས་ཐོས་བསམ་དང༌། །སྒོམ་པའི་ཚུལ་ལ་གེགས་བྱེད་མུན་པའི་དཔུང༌། །དཀོན་མཆོག་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །རབ་གསལ་བརྩོན་འགྲུས་སྣང་བ་འབར་གྱུར་ཅིག །ཅེས་པ་འདི་ཡང་ཁར་ཁ་ཁུ་འདུ་ལུ་ཆུ་ཁུར་གྱི་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །སྣང་སྲིད་ཟིལ་གནོན་འཆི་མེད་སྐུ་བརྙེས་པ། །སངས་རྒྱས་གཉིས་པ་ཨྱོན་ཐོད་ཕྲེང་རྩལ། །འཛམ་བུ་གླིང་ན་ཆེ་བའི་རིགས་སྔགས་ཀྱི། །བརྟུལ་ཞུགས་གྲུབ་པའི་དབང་པོས་དགེ་ལེགས་སྩོལ། །ཆོས་ཀུན་གང་ཤར་དབྱིངས་ནས་རང་གྲོལ་བ། །ལྷུན་གྲུབ་འོད་ལྔའི་མདངས་གསལ་དྲག་པོ་རྩལ། །ཐུགས་རྗེའི་སྣང་བ་ཀུན་ཁྱབ་རྡོ་རྗེ་འཛིན། །བསྐལ་བརྒྱར་མི་འགྱུར་ཆོས་འཁོར་བསྐོར་དུ་གསོལ། །ན་བཟང་ཐུགས་ཀྱི་ཡང་ཏིག་རྫོགས་པ་ཆེ། །འཇིག་མེད་སྨྲ་ལ་སྤོབས་པའི་དབང་པོ་མཆོག །ངོ་མཚར་རྣམ་སྤྲུལ་སྒྱུ་འཕྲུལ་དྲ་བའི་གར། །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་བརྟན་གྱུར་ཅིག །ཞི་ཁྲོ་རབ་འབྱམས་ཀུན་འདུས་བཀའ་བརྒྱད་ལྷ། །ངེས་གསང་སྙིང་པོའི་བཀའ་སྐྱོང་རལ་(༣༤ན)


GLG021_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ། །ཟབ་དོན་གཏེར་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །འགལ་རྐྱེན་ཀུན་གསོལ་མཐུན་རྐྱེན་མ་ལུས་སྒྲུབས། །ཉན་རང་བྱང་སེམས་ཐེག་པའི་རྩ་བ་བརྟན། །ཀྲི་ཡོག་སྡེ་གསུམ་སྡོང་པོ་ཡལ་འདབ་འཕེལ། །རྣམ་གསུམ་ཡོ་གའི་འབྲས་བུ་ཁུར་དུད་པ། །ཐེག་མཆོག་ཡོངས་འདུའི་དབང་པོ་རྒྱལ་གྱུར་ཅིག །ཅེས་ངེད་རང་ཡུན་དུ་འཚོ་བ་དང་ཆོས་རྗེ་རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ་གྱི་སྐུ་སྐྱེའི་བརྟན་བཞུགས་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་དབོན་པོ་ཆོས་དབྱིངས་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །སྭསྟི། འཆི་མེད་ཚེ་དབང་གྲུབ་པའི་རིགས་འཛིན་མཐུས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །བསྟན་འགྲོའི་དཔྱིད་དུ་བསྐལ་བརྒྱར་འཚོ་བཞེས་ནས། །ཆོས་འཁོར་རྒྱུན་མི་འཆད་པར་སྐོར་གྱུར་ཅིག །སྡེ་བཞིའི་འཕྲིན་ལས་སྒོ་འཕར་ལེགས་ཕྱེ་ནས། །ཕུན་ཚོགས་བདེ་སྐྱིད་རྒྱ་མཚོའི་རླབས་ཀྱི་འཕྲེང༌། །ནམ་ཡང་ཡོལ་བ་མེད་པའི་ནོར་འཛིན་བདག །རྡོ་རྗེ་ལྟ་བུར་མི་འགྱུར་བརྟན་པར་ཤོག །ཅེས་ངེད་རང་དང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོ་ཡུན་རིང་འཚོ་བའི་བདེན་ཚིགས་སྤེལ་བའི་ཚིགས་སུ་བཅད་པ་འདི་ནི་ལྷ་ལྡན་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །ངག་དབང་རྣམ་པར་རྒྱལ་བའི་རིང་ལུགས་མཆོག །བཀྲ་ཤིས་ཐུགས་གསང་དཔལ་གྱི་བེའུ་རུ། །ལེགས་གཏམས་དཔལ་ལྡན་གྲུབ་བརྒྱུད་གཙུག་གི་རྒྱན། །བསྐལ་པ་རྒྱ་མཚོར་(༣༤བ)


GLG021_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་པད་བརྟན་གྱུར་ཅིག །ཆོས་ཀུན་ཕྱག་རྒྱ་ཆེན་པོར་རྒྱས་འདེབས་པའི། །ངེས་དོན་ཆོས་ཀྱི་ཉི་མ་འོད་པོ་ཆེས། །སྐལ་ལྡན་པདྨའི་འདབ་བརྒྱ་རྣམ་གྲོལ་བ། །མཆོག་གི་དང་པོའི་སངས་རྒྱས་ལྟར་བརྟན་ཤོག །གངས་ཅན་གྲུབ་རིགས་སྨྲ་བ་ཡོངས་ཀྱི་སྡེའི། །གཙུག་རྒྱན་རྗེ་བཙུན་སྟག་ལུང་རིན་པོ་ཆེ། །དཔལ་ལྡན་ཕག་གྲུའི་རིང་ལུགས་དྲི་མེད་པ། །སྤེལ་ཕྱིར་བསྐལ་བརྒྱར་ཆོས་འཁོར་སྐོར་དུ་གསོལ། །ཞེས་རྗེ་བཙུན་སྟག་ལུང་པ་ཆེན་པོ་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་བརྟན་བཞུགས་འདི་ནི་དབུ་མ་ཕྱག་མཛོད་ངག་དབང་བཟང་སྦྱིན་གྱིས་བསྐུལ་བའི་མཚམས་སྦྱར་ལས་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ངག་གི་དབང་ཕྱུག་ལེགས་བྱས་ཕུན་ཚོགས་པ། །རྣམ་རོལ་བསོད་ནམས་བྱེ་བའི་མྱུ་གུ་ལས། །ངོ་མཚར་འབྲས་བུ་དཔལ་གྱི་ཡོངས་དུད་པ། །སྐལ་བཟང་གདུལ་བྱའི་ཉེར་འཚོར་བརྟན་གྱུར་ཅིག །ཕུན་ཚོགས་རྣམ་པར་དཀར་བའི་འཕྲིན་ལས་རྣམས། །ཆད་པ་མེད་པའི་གངྒཱའི་ཆུ་བོའི་རྒྱུན། །ལུས་ཅན་བསོད་ནམས་ཞིང་གི་རྒྱ་མཚོ་ཆེར། །ལེགས་འབབ་སྐལ་བ་བཟང་པོ་འགྱུར་བར་ཤོག །བསླུ་བ་མེད་པའི་དཀོན་མཆོག་རིན་ཆེན་གསུམ། །དྲང་སྲོང་རིག་འཛིན་བདེན་ཚིགས་གྲུབ་རྣམས་ཀྱིས། །མགོན་ཁྱེད་མི་འགྱུར་ཆོས་ཀྱི་ཁྲི་ཆེན་པོར། །རྡོ་རྗེ་ལྟ་བུར་བརྟན་པར་བྱིན་གྱིས་རློབས། །ཞེས་སེམས་དཔའ་ཆེན་པོ་ངག་དབང་ཕུན་ཚོགས་ཀྱི་སྤྲུལ་སྐུ་ཕུན་ཚོགས་བསོད་ནམས་དཔལ་བཟང་གི་བརྟན་བཞུགས་ཤིག་(༣༥ན)


GLG021_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཞེས་ཏྲེ་བོ་སྐུ་སྐྱེ་ནམ་མཁའ་བསམ་གྲུབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །རྣམ་འདྲེན་དེ་གསུང་སྲས་དང་སློབ་མར་བཅས། །སྐྱབས་མཆོག་མཁྱེན་བརྩེ་ནུས་པའི་འོད་སྟོང་གིས། །ངག་དབང་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོར། །བདུད་བཞི་མུན་པའི་སྨག་རུམ་ཞི་བར་མཛོད། །ངག་གི་དབང་ཕྱུག་དགེ་ཚོགས་རྒྱ་མཚོའི་གཏེར། །ལེགས་པའི་ལམ་སྟོན་ཆོས་ཀྱི་རྒྱལ་མཚན་ཆེ། །རྨད་བྱུང་དམ་པའི་ཆོས་ཀྱི་ཁྲི་ཆེན་པོར། །མི་འགྱུར་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང༌། །དྲང་སྲོང་རིགས་འཛིན་ཚོགས་ཀྱི་བདེན་པའི་ཚིགས། །ཁྲིམས་ལྡན་འདུས་ཚོགས་སྨོན་ལམ་རྣམ་དག་མཐུས། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་བརྟན་བཞུགས་འདི་ཡང་དེ་མོ་དབོན་པོ་ཕུན་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །བཀོད་ལེགས་རིན་ཆེན་ཕྲས་མཛེས་གསེར་སྦྱངས་ཀྱི། །ཅོད་པན་ཕུལ་བས་ཐུབ་བསྟན་གནས་པའི་བར། །ཟས་གཙང་སྲས་ཀྱི་སྐུ་གཟུགས་དབང་གི་རྒྱལ། །གངས་ཅན་ལྗོངས་འདིར་བརྟན་པར་བཞུགས་གྱུར་ཅིག །སྒོ་གསུམ་འབད་དང་མཐུན་རྐྱེན་བྱེད་པོ་རྣམས། །འདི་དང་གཏན་གྱི་མདུན་མ་ལྷུན་འགྲུབ་ཅིང༌། །མཁའ་མཉམ་འགྲོ་ཀུན་སྲིད་ཞིའི་རྒྱ་མཚོ་ལས། །བསྒྲལ་ཏེ་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །རྒྱ་ཧོར་བོད་སོགས་ཡངས་པའི་འཇིག་རྟེན་དུ། །(༣༥བ)


GLG021_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་རྩོད་ནད་མུག་དུས་ཀྱི་ཆད་པ་ཀུན། །རབ་ཞི་ཆོས་དང་སྲིད་ཀྱི་བདེ་སྐྱིད་ལ། །རྫོགས་ལྡན་བཞིན་དུ་སྤྱོད་པའི་སྐལ་བཟང་ཤོག །ཅེས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་བོ་རིན་པོ་ཆེ་ཤཱཀྱ་མུ་ནིར་དབུ་རྒྱན་གསར་བཟོས་ལྕགས་གླང་ཧོར་ཟླ་བདུན་པའི་ཚེས་ལྔའི་ཉིན་ཕུལ་སྐབས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་པ་རྣམས་སྨོན་ལམ་གྱི་མཚམས་སྦྱོར་མཛད་བཅུག་པའི་ཚེ་ཞལ་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར། །ཕུན་ཚོགས་མཁྱེན་བརྩེ་ནུས་པ་གངྒཱའི་ཆུས། །སྙིགས་མར་སྤྱོད་པའི་ཉེས་ཚོགས་ཀུན་འཁྲུད་པར། །ཐུགས་རྗེའི་མཐུ་དཔུང་ལྷག་པར་ཆེ་བའི་མགོན། །རྣམ་འདྲེན་སྨན་གྱི་བླ་མ་མཆེད་བརྒྱད་ཀྱིས། །ངག་དབང་འཇམ་མགོན་བློ་བཟང་གྲགས་པ་ཡི། །རྒྱ་ཆེན་ཆོས་སྲིད་ཟུང་དུ་འཇུག་པའི་བསྟན། །དབྱར་མཚོ་ལྟ་བུར་ལེགས་འཕེལ་བྱེད་པོ་མཆོག །བསྐལ་བརྒྱར་གཡོ་མེད་སྨོན་ལམ་འགྲུབ་བྱིན་རློབས། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །ནད་རིམས་འཁྲུག་རྩོད་མུ་གེ་ལ་སོགས་པ། །དུས་ཀྱི་ཆད་པ་མ་ལུས་ཀུན་ཞི་ནས། །ཕན་བདེའི་དགའ་སྟོན་དཔལ་ལ་སྤྱོད་གྱུར་ཅིག །ཅེས་སྨན་བླའི་མདོ་ཆོག་གི་སྨོན་ལམ་འཇུག་ཏུ་འདོགས་རྒྱུའི་འདོད་གསོལ་འདི་ལྟ་བུ་ཞིག་དགོས་ཞེས་གཉལ་སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །ནོར་འཛིན་ལྟོ་བར་ལྷ་མིའི་སྣོད་བཅུད་ཀྱི། །ཕུན་ཚོགས་ངོ་མཚར་བཀོད་པའི་མཎྜལ། །ཞིང་ཁམས་རྒྱ་མཚོའི་(༣༦ན)


GLG021_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་སྙེད་རྒྱལ་བ་དང༌། །དེ་སྲས་སློབ་མར་བཅས་ལ་ལེགས་ཕུལ་བས། །ཐུབ་པའི་རིང་ལུགས་ཆོས་སྤྱོད་རྣམ་བཅུ་དང༌། །འཇིག་རྟེན་ཁམས་སུ་བདེ་སྐྱིད་དགའ་སྟོན་འཕེལ། ཁྱད་པར་ཀུན་མཁྱེན་བློ་བཟང་གྲགས་པ་ཡི། །ཆོས་སྲིད་བསྟན་པ་དར་ཞིང་རྒྱས་པར་ཤོག །དགེ་ཚོགས་ཚུལ་འདི་སྒྲུབ་ལ་གཏོགས་སོ་ཅོག །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་ཅིང༌། །ནམ་མཁའི་མཐའ་མཉམ་འགྲོ་བ་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་འཕྲུལ་སྣང་དུ་བསོད་ནམས་རྒྱ་མཚོའི་ཞིང་མཆོག་དམ་པར་དངུལ་གྱི་མཎྜལ་ཟུང་ལྡན་གསར་བཟོས་ཆུ་སྟག་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུའི་ཉིན་ཕུལ་སྐབས་སྐྱོར་ལུང་གསུང་སྒྲོགས་པ་རྣམས་སྨོན་ལམ་གྱི་མཚམས་སྦྱོར་སྤེལ་བཅུག་པའི་དུས་ཀྱི་ཞལ་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར། །མཆོག་གསུམ་འཆི་མེད་གར་དབང་སྣང་མཐའ་ཡས། །བྱིན་རླབས་འོད་གཟིས་ངག་དབང་བློ་གསལ་བ། །སྐལ་བཟང་དགའ་བའི་བཤེས་གཉེན་རྡོ་རྗེའི་ཁྲིར། །བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་པར་ཤོག །ཅེས་པ་འདི་ཡང་ཆོས་འཁོར་དཔལ་གྱི་ལྷ་ས་བ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་བྲིས། །ཚོགས་གཉིས་ཡོངས་སུ་རྫོགས་པའི་རྣམ་འདྲེན་དང༌། །ལུང་དང་མངོན་པར་རྟོགས་པའི་ཆོས་དཀོན་མཆོག །ཚུལ་བཞིན་སྒྲུབ་མཛད་སློབ་མར་བཅས་པ་ཡི། །ཐུགས་རྗེའི་རླུང་གི་ཤིང་རྟས་རབ་དྲངས་ཏེ། །རྨད་བྱུང་ཐུབ་བསྟན་(༣༦བ)


GLG021_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ལམ་ཡངས་པར། །ངོ་མཚར་སྤྲུལ་སྐུའི་ཟླ་བ་ཡོངས་ཚེས་པའི། །ཟློས་གར་ལྷར་བཅས་སྐྱེ་དགུའི་ཀུནྡའི་ཚལ། །འཛུམ་པའི་རེ་བ་མྱུར་དུ་སྐོང་བར་ཤོག །བློ་བསལ་སྐལ་བཟང་གདུལ་བྱར་དམ་པའི་ཆོས། །ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག །ཐོས་བསམ་སྒོམ་གསུམ་རྒྱལ་མཚན་རྩེར་བསྒྲེང་བའི། །ཡང་སྲིད་བསྟན་འགྲོའི་ཉེར་འཚོར་འཛིན་པར་ཤོག །ངག་གི་དབང་ཕྱུག་འཇམ་དཔལ་གྲགས་པའི་ལྷ། །ལུས་ཅན་བསོད་ནམས་ཞིང་དུ་ངུར་མིག་གར། །རྣམ་པར་ཡོངས་བསྒྱུར་མ་སྨད་མཛད་པའི་དཔྱིད། །ལྷུན་གྲུབ་འཕྲིན་ལས་ཆད་མེད་འཇུག་གྱུར་ཅིག །མཆོག་གསུམ་མཐུ་དང་རྟེན་འབྲེལ་བསླུ་བ་མེད། །མོས་ལྡན་འདུས་པའི་ཚོགས་ཀྱིས་རྩེ་གཅིག་ཏུ། །སྙིང་ནས་གསོལ་བ་བཏབ་པའི་བདེན་ཚིག་གིས། །རེ་བའི་འབྲས་བུ་དུས་སུ་སྨིན་གྱུར་ཅིག །ཅེས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་སྐུའི་བཀོད་པ་བསྡུས་པའི་གནས་ཚུལ་ཐོས་འཕྲལ་དུ་སྤྲུལ་སྐུའི་ཡང་སྲིད་མྱུར་དུ་འཛིན་པའི་གསོལ་འདེབས་སུ་ཟ་ཧོར་གྱི་བནྡེས་དང་བའི་ཡིད་ཀྱི་སྦྱར་བའོ། །རྣམ་འདྲེན་དེ་གསུང་སློབ་མར་བཅས་པ་ཡི། །རྨད་བྱུང་ཐུགས་རྗེའི་རྟེན་འབྲེལ་སླུ་མེད་མཐུས། །བློ་བཟང་དམ་པའི་ཆོས་ཀྱི་རྒྱལ་མཚན་ཆེའི། །ཡང་སྲིད་སྤྲུལ་པའི་ཟློས་གར་མྱུར་སྟོན་ཤོག །དག་པའི་ཞིང་དང་གནས་ངན་འཁོར་བའི་གྲོང༌། །འཕགས་ཆེན་དམ་པར་བདེ་སྡུག་ཡོངས་(༣༧ན)


GLG021_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཕྱིར། །སྔོན་གྱི་ཐུགས་བསྐྱེད་ཇི་བཞིན་གངས་ཅན་འདིར། །མཆོག་སྤྲུལ་ཟླ་བ་གསར་པ་མྱུར་ཚེས་ཤོག །སྨོན་འཇུག་སེམས་ཀྱི་ཚངས་པའི་རལ་ཀླུང་ནས། །གཞན་ཕན་འཕྲིན་ལས་ཆད་མེད་གངྒཱའི་རྒྱུན། །གངས་ཅན་ར་བ་དཀར་པོའི་རྒྱ་མཚོ་ཆེར། །ནམ་ཡང་ཆད་པ་མེད་པར་འབབ་གྱུར་ཅིག །རང་དོན་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པའི། །མ་འདྲིས་འགྲོ་ལ་རྗེས་བརྩེའི་བ་ཀཱུ་ལ། །ལྷག་བསམ་ལུས་ཕྲའི་སྦྲང་ཆང་དངར་པོ་ཡིས། །སྤྲུལ་པའི་འདབས་རྒྱ་ཡོངས་སུ་གྲོལ་གྱུར་ཅིག །ཕྱག་དྲུག་ལེགས་ལྡན་མ་ཧེའི་ཞལ་ཅན་སོགས། །ཞྭ་སེར་མནབས་པའི་བསྟན་སྲུང་ཚོགས་རྣམས་ཀྱིས། །འདོད་དོན་འབྲས་སུ་ཡོངས་སུ་ལེགས་ལེགས་སྨིན་པའི། །རེ་བ་ཇི་བཞིན་ལྷུན་གྲུབ་འཕྲིན་ལས་མཛོད། །ཅེས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་སྤྲུལ་པའི་ཟློས་གར་ཞིང་འདིར་མྱུར་དུ་ཕེབས་པའི་སྨོན་ལམ་གྱི་རིམ་པ་འདི་ནི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྩོལ་མཛད་འདོད་དོན་རེ་སྐོང་ཡིད་བཞིན་ནོར། །དཀོན་མཆོག་གསུམ་དངོས་རྩ་རྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་སྒོ་གསུམ་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས། །ཐུགས་རྗེའི་ལྕགས་ཀྱུས་ཉེ་བར་རབ་དྲངས་ནས། །(༣༧བ)


GLG021_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཐར་པའི་གྲོང་ཁྱེར་ཉམས་དགའ་བར། །བདག་སོགས་འགྲོ་ཀུན་འཇུག་པར་བྱིན་གྱིས་རློབས། །སྡུག་སྔལ་གསུམ་གྱིས་མནར་བའི་སེམས་ཅན་ལ། །ད་ལྟ་བདག་གིས་ཕན་ཐོག་མ་ནུས་པས། །རྫོགས་པའི་སངས་རྒྱས་གོ་འཕང་ཚེ་འདི་ལ། །ཐོབ་པའི་སྨོན་ལམ་ཅི་བཏབ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་ཨེར་ཏི་ནི་ཐ་ཡན་ཕྱིས་སྙིང་ནས་གསོལ་བ་འདེབས་པ་ལ་ཐག་ཉེ་རིང་མེད་ཅིང་གོ་གསལ་བ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ངག་དབང་བློ་གྲོས་མཆོག་གྱུར་འཇམ་དཔལ་དབྱངས། །བརྩེ་ཆེན་བཟང་པོའི་བྱམས་ལྡན་པད་དཀར་འཆང༌། །མཐུ་སྟོབས་རྒྱ་མཚོ་ལྟར་ཟབ་གསང་བའི་བདག །རིགས་གསུམ་ཀུན་གྱི་ངོ་བོར་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བྱིན་རླབས་བདག་སྙིང་ལ། །ཞུགས་ནས་ཚེ་འདིའི་བར་ཆད་ཀུན་ཞི་ཞིང༌། །ཕྱི་མ་ངེས་ལེགས་གཏན་འདུན་ལྷུན་གྲུབ་པའི། །སྨོན་ལམ་གང་བཏབ་འབྲས་བུ་སྨིན་པར་ཤོག །ཅེས་པ་འདི་ཡང་མགོན་ཁང་བླ་མ་དཔལ་འབྱོར་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །མཁྱེན་བརྩེ་ནུས་མངའ་སངས་རྒྱས་བདག་ཉིད་ཆོས། རིགས་གྲོལ་དཔལ་ལྡན་དགེ་འདུན་བྱིན་རླབས་ཀྱིས། །བདག་སོགས་འགྲོ་ཀུན་སྲིད་ཞིའི་རྒུད་པ་ལས། །ལེགས་ཐར་འདི་ཕྱིའི་གཏན་འདུན་ལྷུན་གྲུབ་ཤོག །སྨོན་ལམ་ཚིགས་སུ་བཅད་པ་འདི་(༣༨ན)


GLG021_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་ཆེན་ཡངས་པ་ཅན་གྱི་སྤྱན་སྔ་ཀརྨ་ཉི་མ་བྲོ་ཚལ་བའི་དུས་ངག་འདོན་དུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །དཔལ་ལྡན་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །མཆོག་གསུམ་ཀུན་འདུས་ངོ་བོར་ཡིད་ཆེས་པས། །སྙིང་ནས་གསོལ་བ་འདེབས་ན་འདི་ཕྱིའི་དོན། །བསམ་པ་ཇི་བཞིན་འགྲུབ་པར་བདག་བྱིན་རློབས། །འདི་ལྟ་བུ་ཞིག་དགོས་ཞེས་ལྷ་ས་བ་བྱམས་རྒྱབ་གཞི་དགས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །ཞི་ཁྲོ་རབ་འབྱམས་འདུས་པའི་དཀྱིལ་འཁོར་ཀུན། །སྤྲོ་ཞིང་སྡུད་མཛད་རིགས་བརྒྱའི་ཁྱབ་བདག་མཆོག །དཔལ་ལྡན་ཆོས་ཀྱི་འབྱོར་པའི་འཕྲིན་ལས་རྣམས། །རབ་རྒྱས་བྱེད་པོ་རྡོ་རྗེ་སློབ་དཔོན་ཆེ། །ཆོས་སྐུ་ཀ་ནས་ཡེ་དག་དབྱིངས་ཆེན་པོར། །རང་གྲོལ་ཀུན་ཏུ་བཟང་པོའི་ཀློང་ཉིད་ནས། །ལྷུན་གྲུབ་གཟུགས་སྐུའི་བཀོད་པར་ཡོངས་བཞེངས་ཏེ། །ངོ་མཚར་སྤྲུལ་པའི་རོལ་གར་མྱུར་བསྟན་གསོལ། །སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི །དྲི་མེད་རིང་ལུགས་ནོར་བུ་བསམ་འཕེལ་དབང༌། །སྤེལ་བར་གཉག་བན་སྔོན་དུས་ཐུགས་སྐྱེད་པ། །དུས་ལས་ཡོལ་མེད་ཞིང་འདིར་མངོན་གྱུར་ཤོག །རྔ་ཡབ་དཔལ་རིར་རྡོ་རྗེ་རྒྱལ་ཚབ་ཏུ། །ལེགས་བཞུགས་དག་པའི་རྣམ་རོལ་ངོ་མཚར་ཡང༌། །བཀའ་གཏེར་བཤད་སྒྲུབ་གནའ་བོའི་རིང་ལུགས་མཆོག །སྤེལ་བའི་གདུལ་བྱ་གངས་ཅན་ལྗོངས་འདིར་མང༌། (༣༨བ)


GLG021_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

།དེ་ཕྱིར་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ། །མགོན་ཁྱོད་པད་འབྱུང་རྡོ་རྗེ་འཆང་གི་སྐུར། །རིག་པའི་རྩལ་དུ་རྫོགས་པར་འཛབ་བསྙེན་གྱིས། །རྒྱུད་བསྐུལ་རྟེན་འབྲེལ་བསྒྲིག་དོན་ལྟར་འགྲུབ་ཤོག །རིགས་འཛིན་བརྒྱུད་པའི་བླ་མ་དམ་པ་དང༌། །སྒྲུབ་སྡེ་བརྒྱད་སོགས་ཡི་དམ་དཀྱིལ་འཁོར་ལྷ། །མ་ནིང་དྲེགས་པའི་སྡེ་དཔོན་སྲུང་མ་ཡིས། །འགལ་རྐྱེན་ཀུན་གསོལ་མཐུན་རྐྱེན་མ་ལུས་སྒྲུབས། །པདྨ་རྒྱལ་པོའི་ཞལ་བཞེས་ཇི་བཞིན་དུ། །གསོལ་བ་གང་བཏབ་ལྷུན་གྱིས་ལེགས་འགྲུབ་པར། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་ཡིས། །རྨད་བྱུང་བྱིན་རླབས་སྙིང་ལ་འཇུག་གྱུར་ཅིག །ཅེས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་པའི་ཟླ་ཚེས་འཆར་བའི་གསོལ་འདེབས་འདི་ནི་སྨོན་སྒོམ་འབྲང་རྒྱས་པ་དགེ་སློང་ངག་དབང་དོན་གྲུབ་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་བླ་མ་དམ་པ་གང་དེའི་སྤྲུལ་སྐུ་མྱུར་ཕེབས་ཀྱི་རྟེན་འབྲེལ་སྒྲིག་པའི་གསོལ་འདེབས་བགྱིད་ཚེ་ཁ་འདོན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །རྡོ་རྗེའི་སྐུ་བརྙེས་ཚེ་དང་ཡེ་ཤེས་རྣམས། །དཔག་མེད་ལྷུན་གྱིས་གྲུབ་པའི་མགོན་པོ་དང༌། །སངས་རྒྱས་ཀུན་གྱི་འཕྲིན་ལས་གཅིག་བསྡུས་མ། །བཅོམ་ལྡན་ཡིད་བཞིན་འཁོར་ལོའི་བྱིན་རླབས་ཀྱིས། །ངག་དབང་འཇམ་མགོན་ལྷ་ཡིས་རྗེས་བཟུང་བ། །བློ་ལྡན་སྐལ་བཟང་རྒྱ་མཚོའི་དགེ་བའི་བཤེས། །འཆི་བདག་གཡུལ་(༣༩ན)


GLG021_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་ཏེ་ཡུན་རིང་དུ། །གནས་ཤིང་རྣམ་དཀར་འཕྲིན་ལས་རྒྱལ་གྱུར་ཅིག །བདུད་སྡེའི་དཔུང་ལ་འཇིག་པ་མེད་པ་ཡི། །མཐུ་སྟོབས་བཙན་པོའི་གོ་ཆ་རབ་བགོས་ནས། །ཐུབ་བསྟན་ལང་ཚོ་རྒྱས་པའི་སྡེ་ཆེན་པོར། །གཡུང་དྲུང་ལྟ་བུར་མི་འགྱུར་བརྟན་པར་བཞུགས། །མཆོག་གསུམ་ཐུགས་རྗེའི་རྟེན་ཅིང་འབྲེལ་འབྱུང་མཐུས། །ཟླ་བའི་མ་མ་ལས་འོངས་འཆི་མེད་ཀྱི། །མ་སྨད་བདུད་རྩི་ཐུགས་ཀྱི་ཟ་མ་ཏོག །ལེགས་པར་འཁྱིལ་བའི་དགའ་སྟོན་འགྲུབ་པར་ཤོག །ཁྲིམས་ལྡན་མང་དུ་ཐོས་པའི་འདུས་ཚོགས་ཀྱིས། །རབ་དཀར་ལྷག་བསམ་དག་པའི་རྒྱལ་མཚན་རྩེར། །རྩེ་གཅིག་སྨོན་ལམ་བཏབ་པ་ཡིད་བཞིན་ནོར། །བསམ་པའི་འབྲས་བུ་དུས་སུ་སྨིན་པར་ཤོག །འཁོར་བའི་ཡང་སྲིད་སྐྱེ་ཞིང་སྐྱེ་བ་རུ། །དམ་པའི་མགོན་མཆོག་ཁྱོད་ཀྱིས་རྗེས་བཟུང་ཞིང༌། །འདི་དང་གཏན་གྱི་འདུན་མ་མ་ལུས་ཀུན། །ཚུལ་བཞིན་སྒྲུབ་པའི་རེ་བ་སྐོང་བར་ཤོག །མཐོ་རིས་བདུན་དང་ལྡན་པའི་རྟེན་བཟང་པོར། །མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །རབ་ཏུ་སྒྲུབ་པས་ཕན་དང་བདེ་བ་ཡི། །རྨད་བྱུང་རོ་བརྒྱའི་དཔལ་ལ་སྤྱོད་པར་ཤོག །སྒྲིབ་བྲལ་དོན་གཉིས་ལྡན་པ་སངས་རྒྱས་དང༌། །སྤངས་རྟོགས་ཡོན་ཏན་འབྱུང་གནས་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་ལྡན་དགེ་འདུན་ཏེ། །དཀོན་མཆོག་མཐུ་ཡིས་བདེན་ཚིགས་འགྲུབ་གྱུར་ཅིག །དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང༌། །བསྟན་པ་སྐྱོང་བར་ཞལ་བཞེས་སྲུང་མའི་ཚོགས། །ཁྱད་པར་འདོད་ཁམས་དབང་ཕྱུག་(༣༩བ)


GLG021_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་མཐུ་ཡིས། །འདོད་པའི་དོན་རྣམས་ལྷུན་གྱི་འགྲུབ་པར་ཤོག །གསེར་མངལ་ཅན་དང་མགྲིན་སྔོན་པད་དཀར་མིག །འཆི་མེད་དབང་པོ་དྲང་སྲོང་རིག་པ་འཛིན། །བདེན་ཚིགས་གྲུབ་པ་རྣམས་ཀྱིས་དུས་ཀུན་ཏུ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་སྤེལ་བར་ཤོག །ཐུབ་པའི་བསྟན་དང་བསྟན་འཛིན་དགེ་འདུན་སྡེ། །བསྙེན་བཀུར་ཕུ་དུད་སྒྲུབ་པའི་སྦྱིན་པའི་བདག །འགྲོ་བའི་བདེ་སྐྱིད་མ་ལུས་འཕེལ་བ་ཡི། །བདེ་ལེགས་ཆེན་པོས་ནོར་འཛིན་ཀུན་ཁྱབ་ཤོག །ཅེས་བརྟན་བཞུགས་དང་སྨོན་ལམ་གཉིས་ཀ་ཚང་བ་ཤློ་ཀ་བཅུ་ཙམ་ཞིག་དགོས་ཞེས་ཉུང་ཇ་ཁང་པ་རྣམས་ཀྱིས་ནན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུང་རྟོགས་བསྟན་པ་འཛིན་ཅིང་རབ་སྤེལ་བར། །རྨད་བྱུང་འཕྲིན་ལས་བཟང་པོའི་བཤེས་གཉེན་མཆོག །གང་དེའི་མཆེད་གྲོགས་ཟུང་དང་བཅས་པ་རྣམས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །དྲིན་ཅན་བླ་མ་མཆོག་དང་མི་འབྲལ་ཞིང༌། །རྟག་ཏུ་དགྱེས་པ་ཆེན་པོས་རྗེས་བཟུང་ཏེ། །དམ་པའི་ཆོས་ཀྱི་བདུད་རྩིས་ཚིམས་པར་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང༌། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །ཇི་ལྟར་སྨོན་ལམ་བཏབ་པའི་འབྲས་བུ་ནི། །རེ་བ་ཇི་བཞིན་ཡོངས་སུ་སྨིན་གྱུར་ཅིག །ཅེས་པ་འདི་ཡང་སྐྱིད་ཤོད་ཆོས་རྗེའི་སྤྲུལ་པའི་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་གི་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར། །དམ་པ་ཏོག་དཀར་རྒྱལ་བའི་རྒྱལ་ཚབ་ཏུ། །རིན་(༤༠ན)


GLG021_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་ཅོད་པན་བཅིངས་ཏེ་དབང་བསྐུར་བས། །དགའ་ལྡན་ཞིང་ཁམས་ཞིང་གི་གཙོར་བཞེངས་ཏེ། །ཐེག་ཆེན་ཆོས་སྒྲ་ལེགས་སྒྲོག་མི་ཕམ་པས། །བྱམས་པ་ཆེན་པོ་རྡོ་རྗེ་རྩེ་བརྒྱའི་མཚོན། །གདེངས་པས་བདུད་བཞིའི་ནུས་སྟོབས་ལྷ་མིན་མོའི། །མངལ་ལྷུང་རྣམ་པར་རྒྱལ་བའི་དགེ་ཚོགས་དར། །སྲིད་པའི་རྩེ་མོར་འཕྱར་བའི་མགོན་པོ་ཀྱེ། །ཕུན་ཚོགས་རིན་ཅེན་དངུལ་དཀར་ཞུན་མའི་ཁམས། །རྣམ་རྒྱལ་སོར་མོའི་འཕྲུལ་ལྡན་ནཻ་པ་ལས། །འདྲེན་བྱེད་བདུད་རྩིར་བསྐྲུན་པའི་སྐུ་རྙན་གྱིས། །བྱམས་མགོན་མངོན་སུམ་བལྟ་བའི་སྐལ་བཟང་བཞིན། །བསོད་ནམས་ཚོགས་འདི་མཐའ་འཁོབ་ཧོར་ཡུལ་དུ། །ཐུབ་བསྟན་ལེགས་སྤེལ་རབ་འབྱམས་ཆོས་ཀྱི་རྒྱལ། །ནམ་མཁའ་རྒྱ་མཚོ་མངོན་པར་མཐོ་བའི་རྟེན། །རིམ་བརྒྱུད་མྱུར་དུ་ཀུན་མཁྱེན་མྱུར་ཐོབ་ཤོག །དགེ་བའི་བཤེས་གཉེན་ངག་དབང་དཔལ་འབྱོར་དང༌། །གུང་ཐང་དཀའ་བཅུ་བློ་བཟང་ལ་སོགས་པ། །ཚུལ་འདིར་སྒོ་གསུམ་འབད་པར་གཏོགས་སོ་ཅོག །ཡང་སྲིད་ཀུན་ཏུ་ཁྱོད་ཀྱིས་རྗེས་འཛིན་ཤོག །ཇི་སྲིད་ཉི་ཟླའི་འོད་ཀྱིས་གླིང་བཞིའི་མུན། །སེལ་བ་དེ་སྲིད་ལུས་ཅན་བསོད་ནམས་ཀྱི། །ཞིང་དུ་རྗེ་བཙུན་སྐུ་གཟུགས་ཡིད་བཞིན་ནོར། །གཡོ་མེད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །དགའ་ལྡན་བསྟན་པ་སྤྱི་དང་ཁྱད་པར་དུ། །བཀྲ་ཤིས་སྒོ་མང་ཡར་ངོའི་ཟླ་ལྟར་འཕེལ། །མཁའ་མཉམ་འགྲོ་ཀུན་མངོན་མཐོ་ངེས་ལེགས་ཀྱི། །ཕན་བདེའི་བདུད་རྩིར་རྟག་ཏུ་སྤྱོད་གྱུར་ཅིག །ཅེས་སྔགས་པ་ནོ་མོན་ཁང་རབ་འབྱམས་(༤༠བ)


GLG021_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ནམ་མཁའ་རྒྱ་མཚོའི་ཕྱི་རྟེན་དུ་དངུལ་དཀར་ལས་གྲུབ་པའི་བྱམས་པའི་སྐུ་ཐོག་ཚད་མ་སྒོ་མང་སློབ་དཔོན་ཟུར་པ་ངག་དབང་དཔལ་འབྱོར་དང་གུང་ཐང་དཀའ་བཅུ་བློ་བཟང་སོགས་ཀྱིས་དོ་དམ་བྱས་ནས་བཞེངས་པའི་དུས་བརྟན་བཞུགས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང༌། །གཉིས་སུ་མེད་པ་བཅོམ་ལྡན་སྨན་གྱི་བླ། །བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་རྣམས། །ཐོགས་མེད་བརྩེ་བས་འདིར་སྤྱོན་ཉེ་བར་དགོངས། །ཐུགས་རྗེའི་མཐུ་ཡིས་སྲིད་ཞིའི་འཇིགས་པ་སེལ། །མཚན་ཐོས་ཙམ་གྱིས་ངན་སོང་ལས་སྐྱོབ་པའི། །བཅོམ་ལྡན་བདེ་བར་གཤེགས་པ་མཆེད་བརྒྱད་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །འགྲོ་བའི་ལུས་ངག་ཡིད་གསུམ་དགེ་ཚོགས་ལ། ཁམས་དང་དབང་པོ་བློ་གྲོས་དང་མཚམས་པར། །བཀོད་དེ་སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །རྣམ་བཀྲའི་མེ་ཏོག་ཆེས་དངར་བདུག་སྤོས་དང༌། །ཉི་ཟླ་ལྟར་གསལ་མར་མེ་བྱུག་པའི་དྲི། །ཕུན་ཚོགས་རོ་བརྒྱའི་དཔལ་ལྡན་ལྷ་བཤོས་སོགས། །ལུས་ངག་ཡིད་ཀྱིས་ཇི་ལྟར་ནུས་བཞིན་འབུལ། །ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །བསགས་པའི་མི་དགེ་བཅུ་ཡི་ལས་ངན་རྣམས། །སྔར་བྱས་ལ་འགྱོད་ཕྱིས་ནས་སྡོམ་སེམས་ཀྱི། །བསམ་པ་ཐག་པས་སྙིང་ནས་མཐོལ་ལོ་བཤགས། །སངས་རྒྱས་སྲས་བཅས་ཉན་རང་སོ་སྐྱེ་ཡིས། །བསགས་དང་(༤༡ན)


GLG021_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་བཞིན་གསོག་པར་ཡོངས་འགྱུར་པའི། །མཐའ་ཀླས་རྣམ་དཀར་དགེ་བའི་ཚོགས་རྣམས་ལ། །ལེགས་སྨོན་དགའ་ཞིང་སྤྲོ་བས་རྗེས་ཡི་རང༌། །མཆོག་དམན་སྐྱེ་རྒུའི་མོས་པ་དང་མཚམས་པར། །རྡོ་རྗེ་ཐེག་ནས་སོ་སོ་ཐར་པའི་བར། །ཆགས་བྲལ་རླབས་ཆེན་སྤྱོད་དང་འདོད་ཡོན་རྣམས། །ལམ་བྱེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བཀུལ། །སྙིགས་མ་ལྔ་ཡི་ཆེར་སྦགས་གདུལ་དཀའ་འགྲོའི། །ཚུལ་ལ་བརྣག་ནུས་ཞུམ་མེད་སྙིང་སྟོབས་ཀྱིས། །ཆོས་དབྱིངས་ཞི་བའི་ཀློང་དུ་མི་མནལ་བར། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་བཞུགས་གསོལ། །མདོར་ན་མཐའ་བྲལ་བསོད་ནམས་ཚོགས་ཆེན་ནས། །གཟན་ཆངས་གཅིག་ཙམ་བྱིན་པ་ཡན་ཆད་ཀྱི། །བདག་གིས་བསགས་པའི་དགེ་འབྲས་མཁའ་མཉམ་གྱི། །མ་རྒན་དོན་དུ་སངས་རྒྱས་འཐོབ་ཕྱིར་བསྔོ། །ཞེས་པ་འདིའང་ཇུ་རིག་ཐུ་དབོན་པོ་ངག་དབང་བློ་གྲོས་དང་འོལ་དགའ་བ་འབྲི་ལུང་པ་བློ་བཟང་དཔལ་འབྱོར་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །ངོ་མཚར་བདེ་ལྡན་ཞིང་ན་ཚེ་མཐའ་ཡས། །འཆི་མེད་པདྨ་ཐོད་ཕྲེང་རྣམ་རོལ་ཅན། །མཆོག་གསུམ་རྒྱ་མཚོའི་ངོ་བོར་ལྷུན་གྲུབ་པའི། །བྱིན་རླབས་ནུས་མཐུའི་ཉིན་བྱེད་འོད་དཔུང་གིས། །ཡིད་སྲུབས་ནག་པོའི་མུན་པ་མཐར་བསྐྲད་དེ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་དཔལ། །བསྐལ་བརྒྱར་རྡོ་རྗེས་མཚན་པའི་ཁྲི་ཆེན་པོར། །རབ་བརྟན་ཕན་བདེའི་སྣང་བ་ཆེས་དཀར་ཤོག །དཀར་(༤༡བ)


GLG021_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཡར་ལ་ཆེས་འཕེལ་བཀྲ་ཤིས་ཚེས། །མཁའ་ལ་གཟའ་སྐར་བཟང་པོའི་འཕྲོད་ཀྱི་དགེ །གནས་འདིར་རྒྱུ་རྐྱེན་འཛོམས་པའི་རྟེན་འབྱུང་གིས། །བསམ་པའི་དོན་ཀུན་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་ར་ས་འཕྲུལ་སྣང་གི་རུ་བཞི་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །ཕུན་ཚོགས་བཀོད་ལེགས་བདེ་ཆེན་ཞིང་གི་གཙོ། །གར་དབང་ཚེ་དང་ཡེ་ཤེས་དཔག་ཏུ་མེད། །རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་གྲུབ་པའི་ལྷ་ཚོགས་རྣམས་ཀྱིས་སྐྱོང༌། །སྲ་བརྟན་རྡོ་རྗེས་ལེགས་བསྡམས་རིན་ཆེན་ཁྲི། །མི་འགྱུར་ཚེ་ཡི་གཡུང་དྲུང་འཁྱིལ་བའི་སྟེང༌། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་དཔལ། །བསྐལ་བརྒྱར་བརྟན་བཞུགས་ཆོས་འཁོར་སྐོར་གྱུར་ཅིག །འཇིགས་མེད་དུས་དགྲའི་དབང་པོ་ཁྲོས་པའི་གར། །བདུད་བཞི་གཡུལ་ལས་རྒྱལ་བའི་དཔའ་བོའི་རྟགས། །མི་ཤིགས་ཏིང་འཛིན་གོ་ཆ་ཆེར་བགོས་ནས། །བགྲང་ཡས་སྐྱེ་རྒུའི་གཉེན་དུ་བརྟན་གྱུར་ཅིག །ཐུབ་བསྟན་ལང་ཚོ་དར་བའི་ནག་ཀླུང་སྡེར། །ཞྭ་སེར་འཆང་བའི་རིང་ལུགས་ཡོངས་འདུའི་ལྗོན། །ཐོས་བསམ་རོ་བརྒྱའི་འབྲས་བུ་སྨིན་པའི་ཆེད། །ཞིང་འདིར་རྡོ་རྗེ་ལྟ་བུར་གཡོ་མེད་ཤོག །ཨ་ཧཾ་མི་འགྱུར་ཀ་བ་དྷཱུ་ཏིའི་ལམ། །ལས་རླུང་དག་པའི་འཆི་མེད་རྡོ་རྗེའི་སྐུར། །བཞེངས་ནས་འོག་མིན་ཞིང་གི་མགོན་པོ་ལྟར། །བདག་སོགས་གདུལ་བྱའི་དཔལ་དུ་བཞུགས་གྱུར་ཅིག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །བསྟན་སྲིད་འཕྲིན་ལས་དབྱར་གྱི་རྒྱ་མཚོ་ལྟར། །ཆེས་ཆེར་རྒྱས་(༤༢ན)


GLG021_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནོར་འཛིན་སྐྱོང་བའི་དབང༌། །རྡོ་རྗེ་ལྟ་བུར་མི་འགྱུར་ཞབས་བརྟན་ཤོག །བཀའ་ཁྲིམས་གསེར་སྦྱང་ཞུན་མའི་གཉའ་ཤིང་རི། །འཛམ་གླིང་ཡོངས་ཀྱི་ཕྲག་པར་རབ་ལྕི་ཞིང༌། །འབངས་རྣམས་རྫོགས་ལྡན་དགའ་སྟོན་ལ་སྤྱོད་པ། །མང་བཀུར་རྒྱལ་པོའི་རྣམ་ཐར་འཛིན་པར་ཤོག །མཁྱེན་བརྩེ་ནུས་ལྡན་སངས་རྒྱས་བདེན་གཉིས་ཆོས། །རིག་གྲོལ་ཡོན་ཏན་གཏེར་གྱུར་དགེ་འདུན་སྟེ། །མཆོག་གསུམ་བྱིན་རླབས་བསྟན་སྲུང་རྒྱ་མཚོའི་མཐུས། །སྨོན་པ་ཇི་བཞིན་འགྲུབ་པར་བདག་བྱིན་རློབས། །རྒྱུ་འབྲས་རྟེན་འབྱུང་ནམ་ཡང་མི་བསླུ་ཞིང༌། །དྲང་སྲོང་རིག་འཛིན་གྲུབ་པའི་བདེན་ཚིག་དང༌། ཁྲིམས་ལྡན་འདུས་པས་སྨོན་ལམ་རྩེ་གཅིག་ཏུ། །བཏབ་པའི་འདོད་དོན་རེ་བ་ཡོངས་སྐོང་ཤོག །ཅེས་པ་འདིའང་ཆོས་འཁོར་རྒྱལ་ནས་ཆོས་རྗེ་ལེགས་བཤད་གླིང་པ་བློ་བཟང་ཆོས་འཛིན་གྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །བདེ་ལྡན་ཞིང་གི་འདབ་སྟོང་ཟིའུ་འབྲུར། །འཆི་མེད་བདུད་རྩི་བཞུ་བླུག་འཁྱིལ་བའི་ཧྲཱིཿ། །ཚེ་མཐའ་ཡས་པའི་མགོན་པོའི་བཞིན་ལག་སྐུར། །རྣམ་རོལ་ཐུགས་རྗེའི་མཐུ་དཔུང་དེང་འདིར་སྐྱེད། །མགྲིན་པའི་པད་མཚོར་ངག་དབང་དབྱངས་ཅན་ལྷས། །སྤོབས་པ་དགེ་བའི་རྒྱུད་མངས་འཁྲོལ་བ་ལས། །བློ་བསལ་སྐལ་བཟང་དགའ་བྱེད་ལེགས་བཤད་གཏེར། །རྒྱ་མཚོའི་གོས་ཅན་གཞི་འདིར་རབ་བརྟན་ཤོག །འགྲོ་ལ་རྗེས་ཆགས་སྙིང་རྗེས་སྲིད་པ་ལ། །འཇིགས་མེད་ལྷག་བསམ་(༤༢བ)


GLG021_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པོའི་གོ་ཆ་ཅན། །ཡིད་སྲུབ་དཔུང་གིས་ནམ་ཡང་གཞོམ་མིན་པར། །རྡོ་རྗེའི་ཁྲི་ལ་རྟག་ཏུ་བཞུགས་གྱུར་ཅིག །ཐུབ་དབང་བསྟན་པའི་ལང་ཚོ་དར་དྲག་པ། །རྒྱ་ཆེན་ཐོས་པའི་སྡེ་སྣོད་སྡོང་པོའི་རྩེར། །བསླབ་གསུམ་སྒོམ་པའི་འབྲས་བུ་གཡུར་ཟ་བ། །བསྐལ་བ་རྒྱ་མཚོར་ཆོས་འཁོར་བསྐོར་དུ་གསོལ། །སྙིང་དབུས་དྲི་ཟའི་བུ་མོའི་འཇོ་སྒེག་ལ། །དགའ་བས་ལེགས་འཁྱུད་འཇམ་དབྱངས་མཁྱེན་པའི་འོད། །རྣམ་དཔྱོད་དཔུང་གི་རྒྱན་དུ་རབ་འཚེར་བ། །བཤེས་གཉེན་དམ་པ་གཡོ་མེད་བརྟན་གྱུར་ཅིག །བཤད་སྒྲུབ་དར་ཞིང་རྒྱས་པའི་ཁྲིམས་ལྡན་གླིང༌། །ཆ་དཀར་བྲག་དབར་གསུང་རབ་འཆད་ཉན་གྲྭ། །རྣམ་གསུམ་འཁོར་ལོའི་བྱ་བ་དབྱར་དུས་ཀྱི། །ཆུ་གཏེར་བཞིན་དུ་ཆེས་ཆེར་འཕེལ་བར་ཤོག །སླུ་མེད་རྟེན་འབྲེལ་ཆུ་འཛིན་ལང་ལོང་འཁྲིགས། །འདུས་སྡེའི་བདེན་ཚིགས་དབྱར་རྔ་ལྡིར་བ་ལས། །བྱིན་རླབས་ཆར་གྱི་འདོད་དོན་སྙེ་མ་རྣམས། །རབ་སྨིན་ཕན་བདེའི་འབྲས་བཟང་དུད་གྱུར་ཅིག །ཅེས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་ཆ་དཀར་བྲག་དབར་བ་གྲྭ་ཚང་བཤད་སྒྲུབ་དར་རྒྱས་གླིང་པའི་སློབ་དཔོན་ངག་དབང་ནོར་བུས་ཐོག་དྲངས་གྲྭ་དམངས་རྣམས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །སྔོན་བྱོན་ད་ལྟ་བཞུགས་དང་འབྱོན་གྱུར་གྱི། །སངས་རྒྱས་བྱང་སེམས་སློབ་མར་བཅས་རྣམས་དགོངས། །བདག་སོགས་མ་རྒན་སེམས་ཅན་ཐམས་ཅད་ཀུན། །མཁྱེན་བརྩེས་ཉེར་གཟིགས་ནུས་མཐུས་(༤༣ན)


GLG021_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཏུ་གསོལ། །དེང་ནས་ཚེ་རབས་ཀུན་ཏུ་མཐོ་རིས་ཀྱི། །ཡོན་ཏན་བདུན་དང་ལྡན་པའི་རྟེན་ཐོབ་ཅིང༌། །རྒྱལ་སྲས་སྤྱོད་པས་ཚོགས་གཉིས་མྱུར་རྫོགས་ནས། །རྣམ་པ་ཐམས་ཅད་མཁྱེན་པར་བདག་གྱུར་ཅིག །དགེ་བ་ཕྲ་མོ་ནས་བཟུང་ལུས་སྲོག་ཀྱང༌། །གཞན་ཕྱིར་གཏོང་བའི་བར་གྱི་རྣམ་དཀར་ཀུན། །ནམ་མཁའི་མཐའ་དང་མཉམ་པའི་སྐྱེ་རྒུ་རྣམས། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་ར་ཁོ་ཆོས་རྗེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །འཆི་མེད་གྲུབ་པ་མགོན་པོ་འོད་མཐའ་ཡས། །ཚེ་དབང་རིག་འཛིན་སྐུར་བསྟན་པདྨ་འབྱུང༌། །མཆོག་གསུམ་ཀུན་འདུས་ཐུགས་རྗེ་དཔག་བསམ་ལྗོན། །ཕན་བདེའི་འབྲས་བཟང་བྱིན་ཆེན་ཆར་དུ་ཕོབས། །འགྲོ་བའི་ལུས་ངག་ཡིད་གསུམ་སྨིན་བྱེད་དབང༌། །ཆད་མེད་བློ་ཡི་བུམ་བཟང་ལེགས་བཀང་སྟེ། །རྒྱ་ཆེན་མཚོ་ལྟར་གཏིང་ཟབ་གྲོལ་བྱེད་ལམ། །སྟོན་མཛད་རྡོ་རྗེའི་སློབ་དཔོན་ཞབས་བརྟན་ཤོག །དུས་ཀྱི་དགྲ་བོར་འཇིགས་མེད་འཇམ་དཔལ་དབྱངས། །མཐུ་སྟོབས་བཙན་པོའི་གོ་ཆར་འཁོར་འདས་ཀྱི། །ཕྱག་རྒྱ་མ་ལུས་ཟིལ་གནོན་བརྟུལ་ཞུགས་རྩལ། །ལྷུན་གྲུབ་གདོད་མའི་ངོ་བོར་རྟག་བཞུགས་གསོལ། །ཐུབ་བསྟན་ཡང་སྙིང་འོད་གསལ་རྡོ་རྗེའི་ཐེག །ཐོས་བསམ་སྒོམ་པའི་ལང་ཚོ་དར་དྲག་པས། །སྐལ་ལྡན་སྐྱེ་རྒུའི་འདོད་འཇོ་ཡོངས་འདུས་སྡེ། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་ཤོག །ཡིས་སྲུབས་ལ་ཁྲོས་གཏུམ་དྲག་རབ་འབར་བ། །ཆེ་མཆོག་འདུས་པའི་བླ་མེད་རྡོ་རྗེ་རྩལ། །(༤༣བ)


GLG021_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་གང་ཤར་ཀ་ནས་དག་པའི་དབྱིངས། །རང་སར་གྲོལ་བའི་མགོན་ཁྱོད་རྟག་བརྟན་ཤོག །བཀའ་གཏེར་རིགས་འཛིན་རྩ་རྒྱུད་བླ་མ་དང༌། །ཡི་དམ་བཀའ་བརྒྱད་ཞི་ཁྲོ་རྒྱ་མཚོའི་ལྷ། །མ་ནིང་རལ་གཅིག་མ་སོགས་ཆོས་སྲུང་གིས། །སྨོན་པའི་རེ་བ་ཀུན་འགྲུབ་འཕྲིན་ལས་མཛོད། །རྩ་གསུམ་འདུས་པའི་ངོ་བོ་ཐོད་ཕྲེང་རྩལ། །བདག་སོགས་སྙིང་གི་ཟེའུ་འབྲུར་རྟག་བཞུགས་ནས། །མཆོག་ཐུན་དངོས་གྲུབ་གང་བསམ་ལྷུན་གྲུབ་པ། །ནོར་བུ་དབང་གི་རྒྱལ་པོའི་སྐལ་བཟང་སྩོལ། །ཞེས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་ཤམྦྷ་ལར་ཆོས་རྗེ་སྔགས་འཆང་བྲག་ལྷ་བ་དོན་གྲུབ་རྒྱལ་མཚན་གྱིས་ཆེད་གཉེར་དུ་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བཙུན་པ་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་བསྟན་འཛིན་ནོ། །ཞི་ཁྲོ་རྒྱ་མཚོའི་དཀྱིལ་འཁོར་འཁོར་ལོའི་གཙོ། །མཆོག་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །མགོན་ཁྱོད་ཕུལ་བྱུང་ཐུགས་རྗེའི་བྱིན་རླབས་དང༌། །རྟེན་འབྲེལ་སླུ་མེད་བདེན་པ་ཆེན་པོའི་མཐུས། །ཕྱག་ན་མཐུ་སྟོབས་རྡོ་རྗེ་འབར་བའི་མཚོན། །རྣོན་པོས་ཡིས་སྲུབས་སྡེ་ལས་རབ་རྒྱལ་ཡང༌། །ནོར་བུ་པདྨའི་འཕྲིན་ལས་འོད་དཀར་གྱིས། །འགྲོ་ལ་ཕན་བདེའི་སྣང་བ་སྟེར་མཁས་མཆོག །སླད་མར་མ་དག་ཞིང་གི་གདུལ་བྱའི་ཚོགས། །འདྲེན་ཕྱིར་ངོ་མཚར་སྤྲུལ་སྐུའི་སྲིད་འཛིན་པར། །གླགས་ལྟའི་བདུད་སྡེས་འཚེ་བར་མི་ནུས་ཞིང༌། །བཞེད་པའི་རེ་བ་ཇི་བཞིན་ལྷུན་གྲུབ་ཤོག །ལྷག་བསམ་གངྒཱའི་ཡབ་ཅིག་ལས་འོངས་པ། །གཞན་(༤༤ན)


GLG021_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་འཕྲིན་ལས་ཆད་མེད་ཆུ་བོའི་རྒྱུན། །རིས་མེད་སྐྱེ་རྒུའི་ཕན་བདེ་རྒྱ་མཚོ་ཆེར། །འབབ་པའི་བྱེད་པོ་ཁྱོད་བཞེད་འགྲུབ་གྱུར་ཅིག །རྩ་གསུམ་བྱིན་རླབས་ལྷ་དང་དྲང་སྲོང་སོགས། །བདེན་ཚིག་གྲུབ་པ་རྣམས་ཀྱི་སྨོན་ལམ་དང༌། །ཟབ་གཏེར་ཆོས་སྲུང་རྒྱ་མཚོའི་ནུས་མཐུ་ཡིས། །བསམ་པའི་རེ་བ་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་སྤྲུལ་སྐུ་ཕྱག་རྡོར་ནོར་བུའི་སྤྲུལ་སྐུ་མྱུར་འབྱོན་གྱི་བདེན་ཚིགས་བརྗོད་པའི་སྨོན་ལམ་འདི་ནི་བླ་མ་མངའ་བདག་པ་དང་སྐྱི་སྟོན་པ་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །འཆི་མེད་མཆོག་སྦྱིན་ཚེ་མཐའ་ཡས་པའི་མགོན། །མགོན་དེས་ལེགས་བསྔགས་བཅོམ་ལྡན་རྣམ་པར་རྒྱལ། །རྒྱལ་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཞབས། །ཞབས་པད་དུས་ཀུན་བསྟེན་ནོ་དངོས་གྲུབ་སྩོལ། །ངག་ལ་དབྱངས་ཅན་ཉེར་ཞུགས་སྨྲ་བའི་དབང༌། །གྲུབ་པའི་བློ་གྲོས་རྩལ་ལྡན་ཁྲིམས་ཀྱིས་བཙུན། །བཟང་པོའི་ལྷག་བསམ་རྒྱ་ཆེན་རིས་མེད་འགྲོར། །དབྱར་མཚོ་ལྟ་བུར་སྐྱེད་མཛད་ཞབས་བརྟན་ཤོག །འཇིགས་བྲལ་སྤོབས་པས་བུ་རམ་ཤིང་པའི་གཞུང༌། །དཀའ་གནད་འཁྲུལ་མེད་གོ་རིམ་ཇི་བཞིན་དུ། །ཆ་ཤས་གང་བའི་ཟླ་ལྟར་གསལ་མཛད་པ། །རྗེ་བཙུན་བླ་མ་བསྐལ་བརྒྱར་བཞུགས་གྱུར་ཅིག །ཐུབ་པས་ལེགས་བསྟན་བདེན་གཉིས་ཟུང་འཇུག་མདས། །བདག་འཛིན་ལངྐ་རྣམ་གནོན་འཕོང་སྐྱེན་ཚོའི། །རྩེར་སོན་གཞན་ཕན་སྙིང་སྟོབས་དགའ་བྱེད་ལྷ། །སྡེ་བཞིའི་མཆོད་སྦྱིན་སྤེལ་ཕྱིར་གཡོ་མེད་(༤༤བ)


GLG021_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །འཇམ་དཔལ་རྡོ་རྗེའི་ཞལ་ལུང་དབྱངས་འདུན་གླུར། །བླངས་པས་དཔྱོད་ལྡན་དགའ་བ་བསྐྱེད་པའི་བཤེས། །བསྟན་དང་ཡིད་ཅན་ཀུན་གྱི་དཔུང་གཉེན་ཤོག །མི་འགྱུར་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ། །ཞྭ་སེར་ཅོད་པཎ་འཆང་བའི་ཆོས་སྲིད་ཀྱི། །བསྟན་པའི་གདུག་དཀར་གཅིག་གིས་ནོར་འཛིན་ཁྱོན། །ཀུན་ཁྱབ་ཕན་བདེའི་གྲིབ་མ་ཉེར་བསིལ་བར། །ལུས་ཅན་མཐའ་དག་ངལ་གསོར་སྤྱོད་གྱུར་ཅིག །དཀོན་མཆོག་སྲི་ཞུར་གཟུགས་ཅན་སྙིང་པོའི་གྲོགས། །དད་དང་གཏོང་བས་མགོན་མེད་ཟས་སྦྱིན་རིགས། །དཔའ་མཛངས་རྟུལ་ཕོད་ས་སྐྱོང་སྦྱིན་པའི་བདག །ཚེ་དཔལ་སྟོབས་འབྱོར་རྣམ་ཐོས་བུར་འགྲན་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ནག་ཧོར། །བོད་ཡུལ་ཀུན་ཏུ་སྡིག་ཏོའི་འབྲས་ཞི་ཞིང༌། །རྫོགས་ལྡན་དུས་ཀྱི་འཛམ་གླིང་སྐྱེ་རྒུ་དང༌། །བསོད་ནམས་མཉམ་པོར་ཐོབ་པའི་སྐལ་བཟང་ཤོག །མཁྱེན་བརྩེ་ནུས་མངའ་འགོག་ལམ་གཉིས་དང་ལྡན། །རིག་གྲོལ་རྒྱན་མཛེས་སླུ་མེད་གཏན་གྱི་སྐྱབས། །ལྷ་དང་དྲང་སྲོང་བདེན་ཚིག་ལ་དབང་མཐུས། །ལེགས་བཏབ་སྨོན་པའི་དོན་ཀུན་ལྷུན་གྲུབ་ཤོག །ཅེས་རིང་པོར་འཚོ་བའི་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་དང་འབྲེལ་བར་རྒྱ་བོད་ཧོར་གསུམ་གྱི་སྐྱ་སེར་གང་གི་ངག་འདོན་དུ་བྱེད་ཀྱང་རིས་བཅད་ཀྱི་ཁ་གསལ་མེད་པའི་བསྟན་འགྲོ་སྤྱི་བྱེ་བྲག་གི་སྨོན་ལམ་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་ལུགས་ཟུང་གི་ཚུལ་ལ་བལྟ་བའི་རྣམ་དཔྱོད་ཀྱི་མིག་ཡངས་པ་དཔོན་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གི་དང་བའི་ཡིད་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་ཤཱ་ཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཐུན་(༤༥ན)


GLG021_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ངེས་པ་ཞིག་ལ་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མཚན་ཙམ་རྣ་བར་ཐོས་པའི་བདུད་རྩིའི་བཅུད། །སྙིང་དབུས་འཆི་མེད་དགའ་བ་གཡས་འཁྱིལ་དུང༌། །སྲིད་ཞིའི་ཕུན་ཚོགས་འབོད་བྱེད་སྒྲ་སྙན་ལྷ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོས་ཤིས་པ་སྩོལ། །ངག་དབང་འཇམ་མགོན་མཁྱེན་པའི་བློ་གྲོས་རྒྱས། །བཟང་པོའི་བརྩེ་ཆེན་ཕྱག་ན་པད་མའི་གར། །རྒྱ་མཚོ་ལྟར་ཟབ་ནུས་ལྡན་རྡོ་རྗེ་འཛིན། །འོག་མིན་ཞིང་གི་མགོན་ལྟར་བརྟན་གྱུར་ཅིག །ཞྭ་སེར་འཆང་བའི་ཆོས་སྲིད་འཕྲིན་ལས་རྒྱུན། །རྒྱ་ཆེན་ནམ་མཁའི་མཐའ་ཀླས་དེ་སྙེད་དུ། །དབྱར་མཚོ་ལྟ་བུར་རབ་སྤེལ་ནོར་འཛིན་དབང༌། །འགྱུར་མེད་གཡུང་དྲུང་གཞི་ལ་བརྟན་གྱུར་ཅིག །ཅེས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་གོང་དཀར་རྫོང་སྡོད་སྒེམ་བུ་བ་དང་གེ་ར་བ་ཐུན་མོང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བའོ། །མི་འགྱུར་དད་པའི་གཡུང་དྲུང་ཁམས་ལས་གྲུབ། །ཤུགས་དྲག་སྨོན་ལམ་གདན་ཁྲིའི་གཟུགས་སུ་ཤར། །བདེན་ཚིགས་རྡོ་རྗེའི་རི་བོ་བཀྲ་བའི་སྟེང༌། །རྗེ་བཙུན་བླ་མ་བསྐལ་བརྒྱར་བཞུགས་གྱུར་ཅིག །ཆོས་དབྱིངས་འགྱུར་བ་མེད་པ་གནས་ལུགས་གཤིས། །ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་མི་བསླུ་ཞིང༌། །དཀོན་མཆོག་ཐུགས་རྗེའི་མཐུ་དཔུང་འཛད་མེད་ཀྱིས། །དེང་འདིར་སྨོན་ལམ་ཅི་བཏབ་ལྷུན་འགྲུབ་ཤོག །རྩ་རྒྱུད་བླ་མ་ཡི་དམ་ཆོས་སྲུང་ཚོགས། །དྲང་སྲོང་རིགས་འཛིན་ཚིག་ལ་དབང་བ་དང༌། །དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷས། །(༤༥བ)


GLG021_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོན་ཡོངས་འདུའི་འབྲས་བཟང་སྨིན་པར་མཛོད། །ཅེས་བདེན་ཚིགས་བརྗོད་པའི་རིམ་པ་འདི་ནི་སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་གསུང་བཞིན་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །མཛོད་སྤུའི་ཟེར་འཕྲེང་ལས་འཕྲོས་བདུད་རྩི་ཡིས། །འཆི་མེད་མཆོག་སྦྱིན་སྤོབས་པ་སྨོན་ལམ་མཐུས། །ཐོས་པས་དཔག་མེད་ཚེ་ཡི་མགོན་པོ་ཞེས། །བདེ་ལྡན་དག་པའི་ཞིང་གི་གཙོ་དེས་སྐྱོངས། །མཆོག་གསུམ་ཐུགས་རྗེ་མཐུ་དཔུང་བསྐུལ་བའི་ཚིག །མི་ཤིགས་རྡོ་རྗེའི་དབྱངས་སུ་ཉེར་བླངས་པས། །རྒྱལ་བ་སྲས་བཅས་སློབ་མའི་ཚོགས་རྣམས་ཀྱིས། །དོན་ཀུན་འགྲུབ་པའི་བདེན་ཚིག་བརྗོད་དུ་གསོལ། །ངག་དབང་འཇམ་མགོན་བློ་གྲོས་རྩལ་ལྡན་གང༌། །བསྐལ་བཟང་འདྲེན་མཆོག་བཞི་པའི་བསྟན་པ་ལ། །རྣམ་གསུམ་འཁོར་ལོས་རི་མོར་བྱ་བའི་ཆེད། །རྒྱ་མཚོའི་གོས་ཅན་བཞིན་དུ་བརྟན་གྱུར་ཅིག །མཁའ་མཉམ་ལུས་ཅན་ཡོངས་ཀྱི་མགོན་སྐྱབས་དང༌། །དཔུང་གཉེན་གླིང་ལས་གུད་ན་མཛད་པ་གཞན། །མེད་ཕྱིར་ཆེས་ཆེར་སྙིགས་མ་ལྔ་བདོ་བའི། །འགྲོ་རྣམས་ཕན་བདེར་སྦྱོར་ཕྱིར་རྟག་བཞུགས་གསོལ། །འཇིག་རྟེན་གསུམ་མགོན་སྐྱོབ་པའི་རིང་ལུགས་སྤྱི། །ཐེག་མཆོག་དགོངས་པ་ཡང་ཟབ་རིན་ཆེན་གཏེར། །ཕུན་ཚོགས་སྨིན་གྲོལ་ཆད་མེད་གངྒའི་རྒྱུན། །སྐལ་ལྡན་ཆུ་གཏེར་གློང་དུ་རྟག་བབས་ཤོག །གངས་ཅན་ས་ལའི་འཁྲི་ཤིང་ཉེར་འཁྲིགས་པའི། །ལྗོངས་འདིའི་སྡིག་ཏོའི་རྣམ་པར་སྨིན་པའི་འབྲས། །མིག་གི་ལྷག་མར་བྱས་ནས་(༤༦ན)
རྫོགས་ལྡན་གྱི། །བདེ་སྐྱིད་དགའ་སྟོན་མཆོག་ལ་སྤྱོད་པར་ཤོག །མ་རྒན་འགྲོ་རྣམས་སྐུ་གསུམ་གྲོང་ཁྱེར་དུ། །འཁྲིད་ལ་ས་བཅུའི་ལམ་མཁན་ཅིག་པུ་བ། །རྣམ་པ་ཐམས་ཅད་མཁྱེན་པ་འཐོབ་པའི་རྒྱུར། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་བསྔོ། །ཞེས་ཡུན་དུ་འཚོ་བའི་རྟེན་འབྱུང་གི་ཚིགས་བཅད་སྤྱི་སྒོས་དང་འབྲེལ་བའི་སྨོན་ལམ་འདི་ནི་འབྲི་གུང་ཞབས་དྲུང་སྐུ་འབྲིང་པོའི་སྤྲུལ་སྐུ་རིན་པོ་ཆེ་དཀོན་མཆོག་འཕྲིན་ལས་བཟང་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །


previousབསྟན་འཛིན་ཆོས་ཀྱི་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཆོ་འཕྲུལ་ཆེན་པོའི་དུས་འདུས་པ་རྒྱ་མཚོའི་ཞལ་འདོན་དུ་གནང་བ་སོགས།next