མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ།
མ་ལབ་སྒྲོན་ལ་གསོལ་བ་འདེབས་པའི་མགུར་མ་བཞུགས་སོ།། །།
ན་མོ་གུ་རུ་ཌཱ་ཀི་ཡེ། གནས་སྤྱི་བོའི་གཙུག་གི་ཁྲུ་གང་པ། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ནང་། །རང་དད་པ་གང་ཡོད་བླ་མ་དང་། །དོན་དབྱེར་མེད་འཕགས་བཞི་བསྐྱེད་པའི་ཡུམ། །མ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར། །དབུ་རལ་བ་སིལ་བུས་སྐུ་རྒྱབ་གནོན། །ཞལ་ཞི་འཛོམ་སྤྱན་གསུམ་ནམ་མཁར་གཟིགས། །སྐུ་དར་དཀར་ཕོད་ཀ་རླུང་གིས་སྤྱོད། །སྐུ་སྐེད་པ་དར་དམར་སྐ་རགས་བཅིངས། །ཞབས་རྡོ་རྗེ་
སྐྱིལ་མོའི་ཀྲུང་གིས་བཞུགས། །ཐུགས་ཟླ་སྟེང་ཨ་ཡིག་སྔགས་ཀྱིས་བསྐོར། །ཕྱག་གཡས་པས་གསེར་གྱི་ཌཱ་མ་རུ། །དེ་འཁྲོལ་བས་སྟོང་གསུམ་སྒྲ་ཡིས་གང་། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །སྲས་སངས་རྒྱས་བྱང་སེམས་གྲུབ་ཐོབ་ཚོགས། །དཔེ་ཤོག་སྐྱ་རླུང་གིས་སྤྱོད་བཞིན་བྱོན། །དེ་ཐམས་ཅད་མ་ཅིག་སྐུ་ལ་ཐིམ། །ཕྱག་གཡོན་པས་དངུལ་དཀར་དྲིལ་བུ་དེ། །དེ་སིལ་སིལ་སྒྲ་ཡིས་ཕྱོགས་བཅུར་གང་། །གནས་ཉི་ཤུ་རྩ་བཞིའི་མཁའ་འགྲོ་
ཚོགས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་ཡུམ་གྱི་སྐུ་ལ་ཐིམ། །སྐྱབས་ཀུན་འདུས་མ་ཅིག་ལབ་སྒྲོན་མ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ལུས་ཐོབ་དཀའ་དལ་འབྱོར་རིན་ཆེན་འདི། །བདག་སྙིང་པོ་ལན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་པ། །བློ་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས། །ཁོང་ཆོས་ཀྱི་རྒྱལ་པོའི་ཁྲིམས་ར་ནས། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །དེ་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱབས་མི་བསླུ་ངེས་པའི་དཀོན་མཆོག་ལ། །སེམས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །མ་འགྲོ་དྲུག་ཕ་མ་དྲིན་ཅན་ལ། །བྱམས་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །དོན་རང་སེམས་ཆོས་སྐུ་རྗེན་པ་ལ། །དེ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །མ་ལབ་ཀྱི་སྒྲོན་མའི་སྐུ་གསུང་ཐུགས། །དེ་ཆུ་ལ་ཆུ་བཞག་ཅི་བཞིན་དུ། །དེ་བདག་
དང་དབྱེར་མེད་གཅིག་གྱུར་ནས། །གང་འབྲེལ་ཚད་བདེ་ཆེན་འདྲེན་པར་ཤོག །བདག་དེ་ལྟར་གསོལལ་བ་བཏབ་པའི་མཐུས། །མ་ཡུམ་ཆེན་འོད་ཞུ་བདག་ལ་ཐིམ། །དོན་རང་སེམས་སྤྲོས་བྲལ་རྗེན་པར་བུད། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་ལྟས་པས་མི་མཐོང་དངོས་པོ་མེད། །ཆོས་སྟོང་པ་ཉིད་དེ་རང་གི་སེམས། །སེམས་མེད་པ་མ་ཡིན་ཅི་ཡང་འཆར། །ཆོས་རིག་པའི་ཡེ་ཤེས་རང་གི་སེམས། །སེམས་བདེ་ན་བདེ་བའི་ངོ་བོ་ལྟོས། །ཆོས་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་གསལ་ན་གསལ་བའི་ངོ་བོ་ལྟོས། །ཆོས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྟོང་ན་སྟོང་པའི་ངོ་བོ་ལྟོས། །ཆོས་མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །ཚུལ་བལྟས་པས་མཐོང་རྒྱུ་ཅི་ཡང་མེད། །ཆོས་ཐ་མལ་ཤེས་པ་རྗེན་པར་བུད། །ཕར་ལྟས་པས་ཐམས་ཅད་འཇའ་ཚོན་བཞིན། །གཟུགས་སོ་སོར་གསལ་ཡང་ངོ་བོ་སྟོང་། །ཆོས་སྣང་སྲིད་སྒྱུ་མ་རང་ཤར་ཡིན། །
སེམས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རང་སར་ཞི། །ཆོས་དུག་ལྔ་རང་གྲོལ་གདམས་ངག་ཡིན། །སེམས་སྐྱིད་སྡུག་སྣང་བ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རག་སར་ཞི། །ཆོས་རོ་སྙོམས་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྐྲགས་སྣང་སྣ་ཚོགས་ཅི་ཤར་ཡང་། །དེ་ངོ་བོ་བལྟས་པས་རང་སར་ཞི། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཡིན། །སེམས་སྡུག་བསྔལ་སྣང་བ་ཅི་ཤར་ཡང་། །དེ་རང་ངོ་བལྟས་པས་རང་སར་ཞི། །དེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡིན། །སེམས་ཡོད་མེད་རྟག་ཆད་ཀུན་དང་བྲལ། །དེ་དམ་ཆོས་དབུ་མ་ཆེན་པོ་ཡིན། །དེ་སེམས་ལ་མ་རྫོགས་ཆོས་གཅིག་མེད། །དེ་དམ་ཆོས་རྫོགས་པ་ཆེན་པོ་ཡིན། །ཡར་རྒྱལ་བའི་ཐུགས་དང་རང་གི་སེམས། །མ་འགྲོ་དྲུག་སེམས་རྣམས་ངོ་བོ་གཅིག །དེ་ལྟ་བ་འཁོར་འདས་དབྱེར་མེད་ཡིན། །སེམས་འདི་སྒོམ་གཏད་སོ་མེད་པར་ཞོག །དེ་ཐ་མལ་ཤེས་པ་རྗེན་པ་ཡིན། །སེམས་ལྟ་བྱ་ལྟ་
བྱེད་མེད་པར་ཤོག །དེ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །ཆོས་ལྟ་བ་སྤྱོད་པ་མ་སླད་པ། །རང་སྡོམ་གསུམ་མིག་འབྲས་ལྟ་བུར་སྲུང་། །དེ་བཀའ་ཕྱག་ཆུ་བོ་གཉིས་འདྲེན་ཡིན། །དོན་རང་སེམས་བརྟན་པ་ཐོབ་པ་ཡིན། །དེ་འབྲས་བུ་མིང་དུ་བཏགས་པ་ཡིན། །ཆོས་གསང་སྔགས་ལུགས་ཀྱི་འབྲས་བུ་ཡིན། །ཚེས་བཅུ་གསུམ་མར་མེའི་ངོགས་ལ་བྲིས། །ཁྱེད་ཚེ་གཅིག་སྒྲུབ་པའི་སྙིང་རུས་ཅན། །མ་ལབ་སྒྲོན་བརྒྱུད་འཛིན་ཇོ་མོ་དེས། །མི་ང་ལ་དད་རྟེན་བསྐུར་ཟེར་བས། །ཚིག་དེ་ལ་དད་ལྡན་ཐུགས་དམ་མཛོད། ཅེས་ཡོལ་སྟོད་ཆོས་རིའི་སྒར་ནས་རཱ་ག་ཨ་སྱེས་ཤོག་གུར་རི་ཕུག་ཇོ་མོ་ལ་སྤྲིང་པ་མངྒ་མཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།