Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ། དགེ་སློང་རིན་ཆེན་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ། དགེ་སློང་རིན་ཆེན་གྲུབ།next

འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ། དགེ་སློང་རིན་ཆེན་གྲུབ།

འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་ཞེས་བྱ་བ་བཞུགས། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་ཞེས་བྱ་བ། དཔལ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི། །ཚ་ཟེར་འཕྲོས་པས་འགྲོ་བ་ཡི། །སྡུག་བསྔལ་མུན་པ་སེལ་ལ་འདུད། །འགྲོ་བའི་བསོད་ནམས་སྤེལ་བ་དང་། །དུས་མིན་འཆི་བ་བསལ་བའི་ཕྱིར། །འོད་ཟེར་དྲི་མེད་རྣམ་དག་པའི། །གཟུངས་ཀྱི་དཀྱིལ་འཁོར་ཆོ་ག་བྲི། །འདིར་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་དཀྱིལ་འཁོར་བྱ་བར་གསུང་ལ། དེའི་ཆོ་ག་རྒྱས་པར་མ་གསུངས་པ་ལ། སྤྱི་རྒྱུད་ལས། གང་དུ་ལས་ནི་ཡོད་གྱུར་ལ། །རང་གི་ལས་ཀྱི་ཆོ་ག་མེད། །དེར་ནི་མཁས་པའི་སྤྱི་རྒྱུད་ལས། །གསུངས་པའི་ལས་རྣམས་བྱ་བ་ཡིན། །ཞེས་གསུངས་ཏེ། སྤྱི་རྒྱུད་ལ་བརྟེན་ནས་ཁ་བསྐང་སྟེ་བརྗོད་པར་བྱའོ། ། དེ་ལ་སྒྲུབ་པ་པོ་བདག་ཉིད་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། རྗེས་སུ་གནང་བ་ཐོབ་པའི་མཚན་ཉིད་དང་ལྡན་པའི་གྲོགས་དང་ལྷན་ཅིག་ཏུ། མཚན་ཉིད་དང་ལྡན་པའི་གནས་སུ་སྔོན་དུ་བསྙེན་པ་བྱའོ། །དེ་ལ་ཐོག་མར་ནངས་པར་མལ་ནས་ལངས་ཏེ་རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་བྱ་སྟེ། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག །ༀ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ཀྱིའོ། །ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་ལ། ༀ་པདྨ་ཨུད་བྷ་བ་ཡེ་སྭཱ་ཧཱ། པདྨའི་རིགས་ཀྱིའོ། །ཐལ་མོ་ལྡོག་སྟེ་སྦྱར་ལ། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་སྦྱར་ནས་ལྟེ་བའི་ཐད་དུ་བཞག་ལ། ༀ་བཛྲ་ཨུད་བྷ་བ་ཡེ་སྭཱ་ཧཱ། རྡོ་རྗེ་རིགས་ཀྱིའོ། །དེ་ནས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བར་བསྒོམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱས་ལ་བདག་དབུལ་བར་བྱ་སྟེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དུས་ཐམས་ཅད་དུ་ཡོངས་ཡེ་འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ། །ཞེས་བྱའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པས་སེམས་བསྐྱེད་ལ། ཁུ་ཚུར་བཅིངས་ཏེ། མཐེའུ་ཆུང་གཉིས་གཤིབས་ལ་བསྒྲེང་། མཛུབ་མོ་རྩེ་མོ་སྦྱར་བའི་གློར་མཐེ་བོང་གཉིས་བཙུགས་པའི་ཕྱག་རྒྱ་དང་། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭ་ན་ས་ཏྭ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པ་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་བསྲུང་བར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བ་རྣམ་སྣང་གི་ས་བོན་མ། མགྲིན་པར་འོད་དཔག་མེད་ཀྱི་ས་བོན་མཾ། མགོ་བོར་མི་བསྐྱོད་པའི་ས་བོན་ཧ་འབར་བའི་ཕྲེང་བ་འཁྲིགས་པར་བསམ་ལ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ། རང་བཞིན་གྱིས་དག་པར་མོས་པ་བྱས་ལ་ཕྱིར་བྱུང་སྟེ་སོ་ཤིང་བཅའ་བ་ལ་སོགས་པ་དང་། ལྷ་ཁང་གི་བྱི་དོར་ལ་སོགས་པ་བྱ། གཤང་གཅི་ཆེ་ཆུང་དང་ཟན་ཟ་བའི་ཚེ་ཁྲོ་བོ་མནོལ་བ་མེད་པས་བསྲུང་བར་བྱའོ། །དེ་ནས་ཁྲུས་ཀྱི་ཕྱིར་སྐྱེ་བོ་འདུ་བ་དང་ཡ་ང་བ་མེད་པའི་འཇུག་ངོགས་སུ་སོང་སྟེ། ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་དུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་གཉིས་དེའི་དྲུང་དུ་བཞག་པའི་ཕྱག་རྒྱ་ས་གཙང་མ་ལ་གཏུགས་ཏེ། ༀ་ནི་ཁ་ན་བ་སུ་དྷི་སྭཱ་ཧཱ། ཞེས་བཟླས་ཏེ་བླངས་ལ། ཆ་གསུམ་དུ་བགོས་ཏེ་གནས་གཙང་མར་བཞག་གོ། །དེ་ནས་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་བར་ནས་གང་ཙམ་ཕྱེ་སྟེ། རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ་བསྣོལ་ལ་དཔུང་པར་བཞག་སྟེ། ཡ་སོས་མ་མཆུ་མནན་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་མཁུར་དབུས་ཏེ། རྐང་པ་གཡས་སུ་བྱས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩནྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་བ་བྱས་ལ། ཁུ་ཚུར་གཉིས་ནང་དུ་བཅིངས་ཏེ་མཛུབ་མོ་ཕྱུངས་ནས་བསྒྲེངས་ཏེ། དེས་མགོ་ནས་རྐང་པ་ལ་ཐུག་གི་བར་དུ་བྲབ་ཅིང་། ༀ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ལུས་ཀྱི་བགེགས་བསལ་ལ། ཐལ་མོ་བཀན་པ་ལས། མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག །གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ། དེའི་ཚིགས་གསུམ་པར་མཛུབ་མོ་བཀུག་སྟེ། མཐེ་བོང་གཉིས་སྦྱར་ནས་དབུས་སུ་བཞག་པའི་ཕྱག་རྒྱ་དང་། ༀ་བཛྲ་ཨགྣེ་པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། ཞེས་པས་རྡོ་རྗེའི་གོ་ཆ་བསྐོན་ལ་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྐྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀི་ལི་ཧཱུྃ་ཕཊ། ཅེས་པའི་སྔགས་རྒྱས་མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱའོ། །དེ་ནས་ལག་པ་གཡོན་པའི་སོར་མོ་དབུས་མ་གཉིས་མཐེ་བོས་མནན་ལ། མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱས་ཏེ་སོར་མོ་དབུས་མའི་ཚིགས་དབུས་མར་གཟུག །ལག་པ་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱས་ཏེ་སྐེད་པར་བཞག་པ་བགེགས་བསལ་བའི་ཕྱག་རྒྱ་དང་། ན་མོ་བཛྲ་ཡ་ཧཱུྃ་ཧ་ན་ཧུ་ན་མ་ཐ་བི་དྷྭ་ན་ས་ཡ་ཨུཏྤ་དཱ་ཡ་ཕཊ། ཅེས་པའི་སྔགས་ཚུལ་བཏབ་ལ་བགེགས་བསལ་ཞིང་སྔགས་བཟླའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ༀ་ཧ་ན་ཧ་ན་བཛྲ་བཛྲ་ན་ཧ། ཞེས་པའི་སྔགས་ཆུ་ལ་གདབ། དེ་ནས་ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པའི་ཕྱག་རྒྱ་དང་། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ་ཅེས་སྔགས་ཆུ་གཏིགས་ཏེ་ས་ལ་བསང་གཏོར་བྱའོ། །དེ་ནས་ༀ་བཛྲ་ཧཱ་ཧཱུྃ། ཞེས་ལན་བདུན་བཟླས་ལ་སའི་ཆ་གཅིག་བླང་སྟེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་ཕྱིན་ལ་ཁྲུས་རས་དང་བཅས་པས་ཁྲུས་བྱའོ། །དེ་ནས་སའི་ཆ་ལྷག་མས་ལག་པ་བཀྲུས་ཏེ་ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་སྟེ། མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པ་དབྱངས་ཅན་མའི་ཕྱག་རྒྱ་དང་། ༀ་ཤྲུ་ཏི་སྨྲི་ཏི་དྷ་རི་ཎི་ཧཱུྃ་ཧ། ཞེས་པས་ཉེ་རེག་བྱའོ། །དེ་ནས་ༀ་སརྦ་སིདྡྷ་ཀ་རི་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་གཙུག་ཕུད་བཅིངས་པ་བསྲུང་བར་བྱའོ། །དེ་ནས་བླངས་ཏེ་ༀ་བྷུ་ར་ཛ་ལ་ཧཱུྃ་ཕཊ། ཅེས་བསྔགས་ལ་གཡས་ནས་བསྐོར་ཏེ་ཉི་མ་ལ་བསྟན་ནས་ལུས་ལ་བཀུའོ། །དེ་ནས་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་བཛྲ་པ་ཎ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ཊ་བྷེ་ར་བཱ་ཡ། ཏདྱ་ཐཱ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ན་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི་ཛི་བི་ཏ་ཨནྟ་ཀ་ར་ཡ་སྭཱ་ཧཱ། ཞེས་པའི་སྔགས་དང་ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་སྟེ། མཐེ་བོང་གི་རྩེ་མོས་མནན། མཛུབ་མོ་དང་མཐེ་ཆུང་ཅུང་ཟད་བཀུག་པ་ཆུ་བསྲུབ་པའི་སྔགས་རྒྱས་ཆུ་བསྲུབ་ལ། ༀ་ཏ་རེ་ཏ་རེ་བུདྡྷ་ཡ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ལོ། །དེ་ནས་ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་རང་གི་མགོ་བོར་ཆུ་སྙིམ་པ་གསུམ་བླུག །དེ་ནས་བདུད་རྩི་ཐབས་སྦྱོར་གྱི་སྔགས་དྲན་བཞིན་པས་གཅི་བས་ཁྲུས་བྱའོ། །ཁྲུས་ཟིན་པ་དང་ལག་པ་བཀྲུས་ཏེ་གསང་སྔགས་དེ་ཉིད་ཀྱི་ཆུ་སྙིམ་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་རང་གི་ལྷ་དེ་ཉིད་ཡིད་ཀྱིས་སྤྱན་དྲངས་ཏེ་པདྨའི་གདན་ལ་བཞུགས་སུ་གསོལ་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྐུ་ཁྲུས་གསོལ་ལོ། །དེ་ནས་ནང་དུ་རང་གི་ལྷའི་སྔགས་ཉེར་གཅིག་བཟླས་ནས་ལངས་ཏེ་གོས་གྱོན་ནས་རིམ་གྱིས་ལྷའི་རྐང་པའི་དྲུང་དུ་ཕྱིན་ལ་རྐང་པ་བཀྲུས་ཏེ་ཉེ་རེག་བྱས་ནས་ལྷ་ཁང་དུ་ཞུགས་ལ་ལྷ་རྣམས་མངོན་སུམ་དུ་དམིགས། ཕྱག་བྱས་དམ་ཚིག་ལ་འཇུག་པའི་སྔགས་འདི་བཟླའོ། །ༀ་བི་ར་ཛ་བི་ར་ཛ། མ་ཧཱ་བཛྲེ། པ་ཏ་པ་ཏ། པཱ་ཱར་ཏེ་པཱ་ར་ཏེ། ཏྲ་ཡི་ཏྲ་ཡི་བིདྷ་མ་ནི་སཾ་བྷཉྫ་ནི་ཏ་ར་མ་ཏི་སིདྡྷ་ཨ་ཀྲོ་ཏ་སྭཱ་ཧཱ། དེ་ནས། ༀ་ཏྲཾ་བྷནྡྷ་སྭཱ་ཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཐམས་ཅད་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ༀ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་སྤོས་ཆུ་ལ་ཡོངས་སུ་བཟླས་ཏེ་ས་བདག་ལ་གཏོར་ནས་བགེགས་བསལ་བར་བྱའོ། །སྔགས་དེ་ཉིད་བཟླས་པའི་སྤོས་ཆུས་མེ་ཏོག་ལ་སོགས་པའི་མཆོད་རྫས་རྣམས་ཀྱི་བགེགས་བསྐྲད། ལག་པ་གཡོན་པར་བཞག་པའི་སྤོས་ཆུས་བསང་གཏོར་བྱས་ལ་རིགས་ཀྱི་བདག་པོའི་སྔགས་སམ། རིགས་ཀྱི་སྙིང་པོས་ཐམས་ཅད་བསང་ལ་སྔར་གྱི་བགེགས་བསལ་བའི་ཕྱག་རྒྱ་ལས། གཡོན་པའི་གུང་མོར་ལག་པ་གཡས་པའི་རྡོ་རྗེ་བཟུང་བ་བྱིན་བསྐྱེད་པའི་ཕྱག་རྒྱ་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་སྟེང་དུ་བྲིས་ལ། ༀ་ཏེ་ཛཿཏེ་ཛཿསཱ་ན་སིདྡྷི་སཱ་ཱདྷ་ཡ་ཧཱུྃ་ཕཊ། ཅེས་པས་མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བརྗིད་བསྐྱེད་ལ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བྱིན་གྱིས་བརླབ་ཅིང་། རིགས་ཀྱི་སྙིང་པོས་བརྟན་པར་བྱའོ། །དེ་ནས་གནས་བསྲུང་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམས་ཏེ། ༀ་ཀཱི་ལི་ཀཱི་ལ་བཛྲི་བཛྲི་བྷཱུ་ར་བྷནྡྷ་ཧཱུཾ་ཕཊ། ཅེས་སྤོས་ཆུ་ལ་ལན་བདུན་བཟླས་ཏེ་ཕྱོགས་ཀུན་ཏུ་བསང་གཏོར་བྱས་ལ་གནས་སྲུང་བར་བྱའོ། །དེ་ནས་ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་ཕན་ཚུན་གདུ་བུར་བྱས་ཏེ་སོ་སོའི་དྲུང་དུ་རྩེ་མོ་སྦྱར། མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་ཕུར་བུའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་བུའི་ཕྱག་རྒྱ་དང་། སྔར་བསྟན་པའི་སྔགས་ཀྱིས་བགེགས་རྣམས་ལ་ཕུར་གདབ་པར་བསམ། དེ་ནས། ༀ་སུ་སིདྡྷི་ཀ་ར་ཛ་ལི་ཏ། ཨ་ནནྟ་མུ་ཏྲ་ཡེ། ཛྭ་ལ་ཛྭ་ལ། བྷནྡྷ་བྷནྡྷ། ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་ཛྭ་ལ་ཧཱུྃ། ཞེས་བཟླས་པའི་བདུག་སྤོས་ཀྱིས་བདུག་ལ་སྟེང་གི་ལྷ་རྣམས་བཅིངས་པར་བྱའོ། །དེ་ནས་རིགས་ཀྱི་སྙིང་པོ་ཡོངས་སུ་བཟླས་པའི་སྤོས་ཆུ་ཕྱོགས་ཐམས་ཅད་གཏོར་ལ། བྷྲཱུྃ། ༀ་ཨ་མྲྀ་ཏོཏྦྷཝ་ཨུཏྦྷ་ཝ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲིཧྞ་གྲིཧྞ་ཧཱུྃ། གྲིཧྞ་པཱ་ཡ་གྲིཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝན། བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་བསམ། དེ་ནས་སྔར་གྱི་ཕུར་བུའི་ཕྱག་རྒྱ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་བསྒྲེང་བ་ར་བའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེན་པཱ་ཏ་ཡེ། ཏདྱ་ཐཱ། ༀ་ས་ར་ས་ར། བཛྲ་པྲ་ཀ་ར་ཧཱུྃ་ཕཊ། ཅེས་པས་ཕྱོགས་བརྒྱད་པོ་ཐམས་ཅད་རྡོ་རྗེའི་ར་བས་གོ་མཚམས་མེད་པས་བསྐོར་བར་བསམ། ར་བའི་ཕྱག་རྒྱ་ཉིད་ཁ་མཐུར་དུ་བསྟན་ནས་བསྐོར་བ་དྲྭ་བའི་ཕྱག་རྒྱ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ན་ཧ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཡེ། ཏདྱ་ཐཱ། ༀ་བི་སྥུ་ར་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ། ཅེས་པས། རྡོ་རྗེ་ར་བའི་སྟེང་ནས་རྡོ་རྗེའི་དྲྭ་བ་སྟེ་རྡོ་རྗེའི་གུང་བྲེས་པར་བ སམ། སྔར་བཞིན་བདུད་རྩི་ཐབས་སྦྱོར་དང་། ཀཱི་ལི་ཀཱི་ལའི་སྔགས་རྒྱས་བརྟན་པར་བྱིན་གྱིས་བརླབ་བོ། །དེ་ནས་ཁུ་ཚུར་བཅིངས་པའི་མཐེ་བོས་སེན་མོ་རྣམས་མནན་ཏེ་མཛུབ་མོ་ཕྱུང་ནས་ལན་གསུམ་དུ་བསྐོར་བ་མཚམས་བཅད་པའི་ཕྱག་རྒྱ་དང་། ན་མསྶ་མནྟ་བཛྲ་ནཱཾ། ༀ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཌ་མ་ཌ། བྷནྡྷ་བྷནྡྷ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ། ས་སི་མེ་ས་མ་བྷནྡྷ། ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀཱ་རུ་ཎ། མ་ཡེ་ཏུ་ཏ་ཡེ། རུ་ཏ་ཡེ། བ་ར་བ་ར། ཀ་ར་ཀ་ར། སུ་མི་ས་མནྟ། བི་དྷཱནྶ་ཡེ་ཛྭ་ལ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ར་བའི་ཕྱོགས་ཐམས་ཅད་མེ་དཔུང་འབར་བས་ཁེངས་བར་བསམ་ལ་མཚམས་བཅིང་ངོ་། །དེ་ནས་བགེགས་བསལ་བ་དང་། འཕགས་པའི་སྐྱོན་སྤང་བའི་ཕྱིར་སྤོས་ཆུ་ལག་མཐིལ་དུ་བླུགས་ལ་རིགས་ཀྱི་སྙིང་པོ་བཟླས་ཏེ་རང་གི་སྤྱི་བོར་བསང་གཏོར་བྱས་ལ་བདག་ཉིད་སྦྱང་བར་བྱའོ། །དེ་ནས་རང་གི་ཀུ་ཤའི་སྟན་ལ་སོགས་པ་སྟན་གང་ཡིན་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་བསང་གཏོར་བྱས་ནས། དེ་ནས་བཀྲ་ཤིས་སམ། པདྨ་འམ། རྡོ་རྗེའི་སྐྱིལ་ཀྲུང་གི་འདུག་སྟངས་གང་ཡང་རུང་བས་འདུག་པར་བྱའོ། །དེ་ནས་ༀ་དྷུ་ན་བཛྲ་ཧཱ། ཞེས་པའི་སྔགས་ཀྱིས་བསྔགས་པའི་ཐོག་ཕོག་པའི་ཤིང་ངམ། དུར་ཁྲོད་ཀྱི་འགལ་དུམ་ལས་བྱས་པའི་རྡོ་རྗེ་རྩེ་གསུམ་པ་ཙནྡན་དམར་པོས་བཀུས་ལ་ལྷ་ལ་མཆོད་པ་བྱ་སྟེ་ལེགས་པར་གྲུབ་བྱེད་སྤྱན་དྲངས་ལ་མཆོད་དེ་སྔགས་བཟླས་ལ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བཞུགས་ཏེ་བདག་གི་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད་ནས། དེ་མཆོད་པ་ལ་སོགས་པ་བྱེད་པ་ན་ལག་པ་གཡོན་པས་བཟུང་བར་བྱའོ། །དེ་ནས་བུ་མོས་བཀལ་བའི་སྲད་བུ་གྲངས་མ་མཉམ་པ་སྒྲིལ་ནས་མདུད་པ་གྲངས་མི་མཉམ་པ་བོར་ཏེ་དབུས་སུ་བོ་དྷི་ཙིའི་ཕྲེང་བ་རྡོག་པོ་གཅིག་བཏགས་ལ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙཱ་ནི་སརྦ་ཨརྠ་སཱ་དྷཱ་ནི་སྭཱ་ཧཱ། ཞེས་བཟླས་ལ་མཁྲིག་མ་གཡོན་ལ་གདགས། ཛི་ན་ཛིཀ྄་བཟླས་པའི་ཀུ་ཤའི་བསང་བྱེད་སྲིན་ལག་ལ་གདགས། ཟེའུ་ཁའི་རས་ལ་འོག་ནས་འབྱུང་བའི་སྔགས་བཟླས་ལ་ཟེའུ་ཁ་བཅིང་ངོ་། །དེ་ནས་ལུས་དྲང་པོར་བསྲང་སྟེ་བཞག་ལ་དབང་པོ་ལྔ་ཡུལ་གྱི་ཁྱད་པར་དག་ལས་ལྡོག་སྟེ་མགྲིན་པ་རྨ་བྱ་ལྟར་བྱས་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དལ་བུས་དབྱུང་ཞིང་མིག་ཅུང་ཟད་ཙམ་ཕྱེ་སྟེ་སྣའི་རྩེ་མོ་ལྟ་བ་དེ་གཏད་ཅིང་སོས་སོ་མནན་ནས་ལྕེ་རྐན་ལ་སྦྱར་ཏེ། སེམས་ཅན་གྱི་ཚོགས་མ་ལུས་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་པོ་ཐམས་ཅད་རྣམ་པར་ཤེས་པ་ཙམ་ལས་གཞན་དུ་མེད་ཅིང་རྣམ་པར་ཤེས་པ་དེ་ཡང་དོན་དམ་པའི་རང་བཞིན་གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀུན་རྫོབ་ཏུ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་ལྷའོ། །དེ་ལས་ལངས་ནས་བཟླ་བར་བྱ་བའི་སྔགས་ཀྱི་སྒྲར་གྲགས་པ་ནི་སྒྲའི་ལྷའོ། །དེ་ལས་སྔགས་ཀྱི་ཡི་གེའི་རྣམ་པར་ནམ་མཁའ་གནས་པར་བྱ་སྟེ་ཡི་གེའི་ལྷའོ། །དེ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཀོད། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེ་ལ་རང་གི་ལྷའི་གཟུགས་ཀྱི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྤྲོས། དེས་མཆོད་པའི་སྤྲིན་ཕུང་དཔག་མེད་སྤྲུལ་ནས་འཕགས་པ་ཐམས་ཅད་མཆོད། སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་དམྱལ་བ་པ་རྣམས་བདེ་བས་ཚིམ་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་པའི་འོད་ཟེར་སླར་ལོག །རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ནས་གཅིག་ཏུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེངྒེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པར་བསྒོམ་པ་ནི་གཟུགས་ཀྱི་ལྷའོ། །ལག་པ་ཁུ་ཚུར་དུ་བྱས་ཏེ་སོར་མོ་བརྐྱང་པའི་རྩེ་མོ་རྣམས་ཕན་ཚུན་དུ་སྤྲད་དེ་ནང་སྟོང་པར་བྱས་པ་གཙུག་ཏོར་གྱི་ཕྱག་རྒྱ་དང་། ༀ་དྲུཾ་བནྡྷ་སྭཱ་ཧཱ། ཞེས་པས་དབུ་གཙུག་ཏོར་དང་ལྡན་པར་བྱིན་གྱིས་བརླབ། ལག་པའི་སོར་མོ་རྣམས་ཕན་ཚུན་སྦྱར་ལ་ལག་པ་གཉིས་བཀན་ཏེ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་བ་ལྡོག་ནས་མཐུར་དུ་བསྟན་ཏེ་དཔྲལ་བར་བཞག་པ་མཛོད་སྤུའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ། ཨརྷ་ཏེ་བྷྱ། སམྱ་ཀྶཾ་བུདྡྷ་བྷྱ། ཧེ་ཧེ་བནྡྷ་བནྡྷ། ཏིཥྛ་ཏིཥྛ། དྷ་ར་ཡ་དྷ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཨུཏྣ་མ་ཎི་སྭཱ་ཧཱ། ཞེས་པས་སྨིན་མཚམས་ཀྱི་མཛོད་སྤུ་དང་ལྡན་པར་བྱིན་གྱི་བརླབ། ཐལ་མོ་ཕན་ཚུན་སྦྱར་ཏེ་གུང་མོ་གཉིས་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ་དེའི་རྒྱབ་ཏུ་མཛུབ་མོ་གཉིས་ཅུང་ཟད་བཀུག་ལ་བཞག །མཐེ་བོང་གཉིས་ནང་དུ་བཅུག་པ་སྤྱན་གྱི་ཕྱག་རྒྱ་དང་སྔར་གྱི་རུ་རུ་སྥུ་རུ་སོགས་བཟླས་པས་སངས་རྒྱས་ཀྱི་སྤྱན་དང་ལྡན་པར་བྱིན་གྱིས་བརླབ། ཐལ་མོ་སྦྱར་བ་བྱས་ནས་གདུབ་སྐོར་ལྟར་བྱས་པ་ནོར་བུ་རིན་པོ་ཆེའི་ཕྱག་རྒྱ་དང་། ༀ་ཏེ་ཛ་ཛྭ་ལ་སརྦ་ཨརྠ་སཱ་དྷ་ཀ་སིདྡྷྱ་ཙིནྡྷ་མ་ཎི་རཏྣ་ཧཱུྃ། ཞེས་པས་ཡིད་བཞིན་གྱི་ནོར་བུ་ལྟར་བྱིན་གྱིས་བརླབ། སྐྱིལ་ཀྲུང་གི་གཡས་གཡོན་བརླ་ཉྭའི་ཕྱོགས་སུ་ཁུ་ཚུར་རྒྱལ་མཚན་དུ་འཛིན་པ་མཁར་གསིལ་གྱི་ཕྱག་རྒྱ་དང་། ༀ་དྷ་ན་ཛི་ཏ་ར་ཎ་ཧཱུྃ། ལག་པ་ཐལ་མོ་སྦྱར་བ་ཕན་ཚུན་དུ་མངོན་པར་ཕྱོགས་པ་སྣམ་སྦྱར་གྱི་ཕྱག་རྒྱ་དང་། ཆོས་གོས་ཀྱི་སྔགས་ཀྱིས་སྣམ་སྦྱར་དང་ལྡན་པར་བྱིན་གྱིས་བརླབ། ལག་པ་ཐལ་མོ་སྦྱར་ནས་བཟེད་པ་ལྟར་བྱས་པ་ལྷུང་བཟེད་ཀྱི་ཕྱག་རྒྱ་དང་། ༀ་ལོ་ཀ་པ་ལ་ཨ་དྷིཥྛ་ཏམྦ་ར་ཡ་དྷ་ར་ཡ། མ་ཧཱ་ནུ་བ་ནུ་དྷ་པཱ་ཏྲ་སྭཱ་ཧཱ། ལག་པ་གཡས་མཐེ་བོ་བཏེག་ལ་ཁུ་ཚུར་བཅིང་། གཡོན་ཆོས་གོས་འཛིན་པ་ཆོས་གོས་ཀྱི་ཕྱག་རྒྱ་དང་། ༀ་རཀྵ་རཀྵ་མཾཿསརྦ་བུདྡྷ་ཨ་དྷིཥྛི་ཏཱ་དམ་ཙཱི་བར་སྭཱ་ཧཱ། ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་པ་ལས། གཡོན་པའི་མཐེ་བོ་བཏེག་པ་མཆེ་བའི་རྒྱ་དང་། ན་མཿས་མནྟ་བཛྲ་ཎཾ་ཏིཥྛ་ཧེ་ཏྲཊ་ཏྲཊ། མ་ཊ་མ་ཊ། ཛྭ་ལ་ནཱཾ་ཁི་ཁ་རེ། ཚེམས་མཆེ་བ་བཞི་དང་ལྡན་པར་བྱིན་གྱིས་བརླབ། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་། གཡོན་ཆོས་གོས་འཛིན་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཨ་བི་ཤ་ར་དཱ་བཛྲ་མཱརྒ་ནིརྡཪྴ་ཀ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་མི་འཇིགས་པ་དང་ལྡན་པར་བྱིན་གྱིས་བརླབ། སྔར་གྱི་སྤྱན་གྱི་ཕྱག་རྒྱ་ལས་གུང་མོའི་ཚིགས་བཀུག་ནས་གུང་མོ་གཉིས་གཅིག་ཏུ་བྱས་པ་བྱམས་པའི་ཕྱག་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ། སརྦ་མུ་ཁེ་བྷྱ། སརྦ་ཐཱ་མེ་ཏྱ་ར་ག་ཏ། སརྦ་སཏྭ་ཧི་ཏངྐ་ར་སྭཱ་ཧཱ། ཞེས་པས་བྱམས་པའི་ཐུགས་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། །སོར་མོ་རྣམས་ཕན་ཚུན་བསྡུས་ནས་ཁུ་ཚུར་བྱས་ལ་གུང་མོ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོའི་རྩེ་མོ་བཀུག་ནས་སྦྱར་བ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། ༀ་ཚིནྡྷ་ཚིནྡྷ། ཧ་ན་ཧ་ན། ཙཀྲ་དིཔྟ་ཧཱུྃ། ཞེས་པས་ཆོས་ཀྱི་འཁོར་ལོར་བྱིན་གྱིས་བརླབ། ལག་པ་གཡས་ཀྱི་སོར་མོ་གསུམ་རྡོ་རྗེའི་རྩེ་མོ་ལྟར་བྱས་ལ་སྐེད་པའི་ཕྱོགས་སུ་བཞག་པ་གནས་པའི་ཕྱག་རྒྱས་བྱིན་གྱིས་བརླབ། དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་སྙིང་ག་དང་། མགྲིན་པ་དང་། སྨིན་མཚམས། དཔུང་མགོ་གཉིས་ཏེ་གནས་ལྔར་གཏུགས་ནས་བྱིན་གྱིས་བརླབ། སྔར་གྱི་གོ་བསྐོན་པའི་སྔགས་རྒྱས་གོ་བསྐོན་ལ་བསྲུང་སྟེ། ཕྱག་རྒྱའི་ལྷའོ། །དེ་ཉིད་ལ་རྣམ་པར་རྟོག་པ་གཞན་གྱིས་མ་ཡེངས་པར་རྣམ་རྟོག་དང་བཅས་པའི་ཏིང་ངེ་འཛིན་གྱི་དེ་ཉིད་ཡང་དང་ཡང་དུ་བསྒོམ་པ་མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱི་ལྷའོ། །དེ་ལྟར་བདག་བསྐྱེད་ནས་མདུན་དུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ་བསམ་ནས། ༀ་ཙ་ལ་བཱི་ར་ཧཱུྃ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ། དེའི་སྟེང་དུ་འོ་མའི་རྒྱ་མཚོ་ཆེན་པོ་ལ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ། པདྨ་དང་། ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་བརྒྱན་པ། རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བ་རྣམས་བསམ་ལ། ༀ་བི་མ་ལ་དྷཱ་ཧཱ་ཧཱུཾ། ཞེས་པའི་བྱིན་གྱིས་བརླབ་བོ། །དེའི་དབུས་སུ་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ། ངོས་བཞི་ནས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ། མཐའ་སྐོར་དུ་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལ་རྣམ་པར་རྒྱལ་བའི་བ་དན་སྟོང་འཕུར་བ་རང་གི་ཁྱད་པར་གྱི་རྒྱན་གྱིས་བརྒྱན་པར་བསམ། རི་རབ་དེའི་སྟེང་དུ་པདྨའི་སྡོང་པོ་རིན་པོ་ཆེ་དུ་མས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་དང་གསེར་གྱི་ཟེའུ་འབྲུ་དང་གེ་སར་གྱིས་བརྒྱན་པ། སྤུར་ལོང་གི་ཟེ་འབྲུ་ཅན། སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ་དཔག་ཚད་དུ་མའི་ཁྱོན་ཅན། རི་རབ་ཀྱི་དབུས་བརྡོལ་ནས་བྱུང་བར་བསམ། དེ་ལས་ཀྱང་པདྨའི་དྲྭ་བ་གཞན་བརྒྱ་སྟོང་བྱེ་བ་སྙེད་བྱུང་བར་བསམ་ལ། ཕྱག་འཚལ་བའི་ཐལ་མོ་ཕན་ཚུན་བསྣོལ་ཏེ་གཡས་པའི་མཐེ་བོས་གཡོན་པའི་མཐེ་བོང་མནན་པའི་ཕྱག་རྒྱ་བཅིངས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ནཱཾ་སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་བརྒྱ་བཟླས་པས་དེ་རྣམས་བརྟན་པར་བྱ། དེ་བཞིན་དུ་སྟེང་ནས་བླ་བྲེ་ལ་སོགས་པའང་བསམ། དེ་ནས་ལྷ་སྤྱན་དྲངས་པའི་ཕྱིར་ཟངས་ལ་སོགས་པའི་མཆོད་ཡོན་གྱི་སྣོད་དུ། ནས་དང་། འོ་མ་དང་། མེ་ཏོག་དཀར་པོ་དང་། ཏིལ་དང་། ཀུ་ཤ་དང་། འབྲས་ཡོས་དང་། དྲི་བཟང་དང་། ཆུ་གཙང་དང་སྦྱར་བའི་མཆོད་ཡོན་བཤམ་ནས། དེ་ལ་བདུག་སྤོས་ཀྱིས་བདུག །དེ་ནས་སྤྱིའི་རིགས་ཀྱི་སྙིང་པོའམ། ལྷ་སྤྱན་དྲང་བའི་གསང་སྔགས་སམ། ལས་ཐམས་ཅད་པའི་སྔགས་དང་རིགས་སྔགས་བཟླས་ཤིང་། ལྷ་གནས་པའི་ཕྱོགས་སམ། རི་མོ་ལ་སོགས་པ་ལྷའི་གཟུགས་བཞུགས་པ་དེར་ཁ་བལྟས་ཏེ། སོར་མོ་ཕན་ཚུན་བསྣོལ་ཏེ་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོ་གཉིས་གཡབ་པ་སྤྱན་དྲང་བའི་ཕྱག་རྒྱ་བྱས་ལ། དད་པ་དང་ནི་དམ་ཚིག་གི། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཅེས་བརྗོད་པ་སྔགས་གང་རུང་གི་མཐར་ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི། ཞེས་པས་བཅོམ་ལྡན་ཤཱཀྱ་ཐུབ་པ་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ། པུས་མོ་ས་ལ་བཙུགས་ཏེ་མཆོད་ཡོན་གྱི་ཕྱག་རྒྱ་སྤྱི་བོར་བཅས་ནས་འོག་ནས་འབྱུང་བ་ལྟར་མཆོད་ཡོན་དུ་དབུལ་བས་སྤྱན་དྲངས་ལ་ལས་ཀྱི་བྱེ་བྲག་ལས་ཤར་རམ། བྱང་ངམ། ནུབ་ཏུ་ཁ་བལྟས་ཏེ། ལྷ་མདུན་དུ་བཞུགས་སུ་གསོལ་ལ། པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པ་རྡོ་རྗེའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་བཛྲ་ཨཱ་ས་ན་ཧཱུྃ་ཕཊ། ཅེས་པས་གདན་ཕུལ་ནས། ལག་པ་གཡས་པའི་མཐེ་བོས་མཐེ་ཆུང་གི་སེན་མོ་མནན་ཏེ་སོར་མོ་ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་པ་དམ་ཚིག་གི་ཕྱག་རྒྱ་དང་། ཤཾ་ཀ་རེ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅིངས་ནས་མཐེ་བོ་གཉིས་བརྟན་པར་བྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྟན་ལ། ཛི་ན་ཛིཀ྄ །ཅེས་བརྗོད་དོ། །དེ་ནས་སོར་མོ་ཕན་ཚུན་སྦྱར་ཏེ་ཁུ་ཚུར་བཅིངས་ལ་གུང་མོ་གཤིབས་པའི་ཕྱི་རོལ་དུ་མཛུབ་མོ་རྡོ་རྗེ་ལྟར་བྱས་ནས་མཐེ་བོང་གཉིས་གློ་ལ་སྦྱར་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་སྟེ། དེ་བཅིངས་ཏེ་བསྐོར་བས་ནང་དུ་བྱས་པ་ཐམས་ཅད་ལས་བསྲུང་བ་ཆེན་པོར་འགྱུར་རོ། །དེ་ནས་སྔར་བཤད་པ་ལྟར་མཆོད་རྫས་རྣམས་བགེགས་བསལ་བ་དང་། བསང་བ་དང་། གཟིན་བྱིན་བསྐྱེད་པ་རྣམས་བྱས་ལ། མཆོད་འབུལ་གྱི་ཕྱག་རྒྱ་འཆའ་བའི་སྔོན་དུ་ཁྲོ་བོ་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་བཅས་ལ། དེ་ནས་རྡོ་རྗེ་ཐལ་མོ་བྱ། དེ་ལས་མཉམ་པའི་ཐལ་མོ་བྱ་བ་མཆོད་པ་སྤྱིའི་ཕྱག་རྒྱའོ། །དེ་ཐམས་ཅད་ལ་སྔོན་དུ་འགྲོ་བ་མཐེ་ཆུང་དང་སྲིན་ལག་ནང་དུ་ཕན་ཚུན་བསྣོལ་ནས་གུང་མོ་གཤིབས་ཏེ་བསྒྲེངས་པའི་ཚིགས་གསུམ་པར་མཛུབ་མོ་གཟུག །མཐེ་བོང་ངོས་ལ་སྦྱར་བ་མཆོད་ཡོན་གྱི་ཕྱག་རྒྱ་དང་། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ཞེས་པ་དང་། རང་སྔགས་ཀྱི་མཐར། ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ་ལ། སྐུ་ཁྲུས་གསོལ་བར་བྱ་སྟེ། རི་མོ་སོགས་ལ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལ་སྐུ་ཁྲུས་གསོལ་ཞིང་མ་འབྱོར་ན་བསྒོམ་ལ། ཐལ་མོ་བཀན་ལ་མཛུབ་མོ་རྩེ་སྦྱར་བ་དང་མཐེ་བོང་གི་རྩེ་མོ་སྦྱར་བ་ཁྲུས་གསོལ་བའི་ཕྱག་རྒྱ་དང་། ༀ་སརྦ་དེ་བ་ཏ་ཨ་ཙིནྟ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བརྗོད་ཅིང་རིན་པོ་ཆེའི་བུམ་པ་སྤོས་ཆུ་དྲི་ཞིམ་པོས་གང་བ་དུ་མས་སྤོས་ཆུའི་སྤྲིན་ཆེན་པོས་སྐུ་ཁྲུས་གསོལ་བར་བསམ། དེ་ནས་ཡིད་ཀྱིས་ན་བཟའ་དང་རྒྱན་གསོལ། དུང་དང་རྔ་བོ་ཆེ་ལ་སོགས་པ་རོལ་མོ་དུ་མས་མཆོད་ལ། བསྟོད་པའི་གླུ་དབྱངས་བླང་ངོ་། །དེ་ནས་མཆོད་རྫས་རྣམས་ལ་རང་གི་ལྷའི་སྔགས་བཟླས་ལ་ལག་པ་སྐྱབས་སྦྱིན་གྱི་ཕྱག་རྒྱའི་མཁྲིག་མ་ནས་ལག་པ་གཡོན་པས་བཟུང་བ་དྲིའི་ཕྱག་རྒྱ་དང་། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱཧཱ། ཞེས་པའི་དྲི་ཆབ་དབུལ་ཏེ། སྔགས་འདི་མར་མེ་མ་གཏོགས་པ་གཞན་བཞི་ལའང་འགྲེའོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་ལག་པའི་ནང་དུ་མཛུབ་མོ་གཉིས་ཕན་ཚུན་རྩེ་མོ་གཅིག་ཏུ་བྱས་ལ་གདུ་བུའི་ཚུལ་དུ་བྱས་ནས་མཐེ་བོང་གློར་བཞག་པ་པདྨ་ལྟར་བྱས་པ་མེ་ཏོག་གི་ཕྱག་རྒྱ་དང་། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལག་པ་གཉིས་ཀྱི་མཐེ་ཆུང་དང་སྲིན་ལག་དང་གུང་མོ་རྣམས་ཀྱི་སོར་མོ་རྣམས་ཕན་ཚུན་སྦྱར་ཏེ། སྔ་མ་སྔ་མའི་རྒྱབ་ཀྱི་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་ལོགས་ཤིག་ཏུ་བརྐྱང་སྟེ། མཐེ་བོང་གཉིས་གློར་བཞག་པ་བདུག་སྤོས་ཀྱི་ཕྱག་རྒྱ་དང་། ནགས་ཚལ་བཅུད་ནི་ཡིད་དུ་འོང་། །དྲི་ཡིས་སྦྱར་བ་ལྷ་ཡི་རྫས། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་བདུག་སྤོས་དང་། བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པ་ལྷ་བཤོས་ཀྱི་ཕྱག་རྒྱ་དང་། སྨན་རྣམས་བཅུད་ནི་ཡིད་དུ་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་པས་ཞལ་ཟས་དང་། མཐེ་བོ་དང་གུང་མོ་གཅིག་ཏུ་སྦྱར་ཏེ་བསྒྲེང་། ལག་པ་གཡས་ཁུ་ཚུར་གཅིག་ཏུ་བྱས་པ་མར་མེའི་ཕྱག་རྒྱ་དང་། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱཧཱ། དེ་ནས་བསྟོད་པ་བྱ་སྟེ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །སོགས་ནས། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་ལ་དྲག་ཤུལ་ཅན། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ནས་བསྟོད་པ་འབྱུང་བའི་སྔགས། ན་མཿསརྦ་བུདྡྷ་བོདྷི་སཏྭ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་ཨ་བྷི་ཛྙཱར་ཤི་ནི་ན་མཿསྟུ་ཏེ་སྭཱ་ཧཱ། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་པ། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་ཅི་བ གྱིས་དང་། །སྔོན་གྱི་ཚེ་རབས་གཞན་དག་དང་། །ཚེ་རབས་འདི་དག་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང་། །ཁྲོ་བ་དག་གིས་འཁྲུལ་གྱུར་ཏེ། སངས་རྒྱས་ཆོས་དང་དགེ་བདུན་ནམ། །བླ་མ་དག་དང་ཕ་མ་དང་། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །སྦྱིན་གནས་གང་ཡང་རུང་བ་དང་། །དེ་ལས་གཞན་པའི་སེམས་ཅན་དང་། །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང་། །གང་ཡང་བགྱིད་དུ་སྩལ་བ་དང་། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང་། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་ལ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ཏེ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱི་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱིད། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་ཇི་སྲིད་འཚོ་བར་དུ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ། །ས་ལ་མགོ་བོས་གཏུགས་ནས་ནི། །དཀོན་མཆོག་གསུམ་ལ་བློ་ཅན་གྱིས། །དེ་ལྟར་གུས་པས་སྐྱབས་སུ་འགྲོ། །དེ་ནས་མཆོག་གི་ས་བོན་གང་། །ཐར་པ་བདུད་རྩིའི་འབྲས་བུ་འབྱིན། །ཤིན་ཏུ་བསྒོམས་ནས་མཆོག་གྱུར་པ། །དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ངན་འགྲོ་རྣམས་ལས་བསྒྲལ་བ་དང་། །ཉོན་མོངས་རྣམས་ལས་སྒྲོལ་བའི་ཕྱིར། །སྲིད་པ་མི་བདེ་དོགས་པ་ན། །དུཿཁ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་བསྐྱབ་བྱའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་། །དུཿཁ་བདེ་བར་བྱེད་པ་དང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང་། །འདི་དང་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་ཡི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །ཚེ་ཡི་མཐའ་ཀླས་བྱེད་པ་དང་། །གང་ཡང་ཅུང་ཟད་བྱེད་གྱུར་པ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཐམས་ཅད་ཞི་བ་དང་། །གྲོལ་བར་བྱ་བའི་ཕྱིར་འབད་ཅིང་། བྱང་ཆུབ་བར་དུ་བདག་བརྩོན་ནོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །ཆོ་ག་བཞིན་དུ་ཀུན་ཏུ་བསྐྱེད། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། བྱམས་པ་ཉེ་བར་གནས་པར་བྱ། །སེམས་ནི་ལེགས་པར་སྦྱང་བའི་ཕྱིར། །སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག །ནང་གི་བདག་ཉིད་ཞི་བ་ཡི། །བསམ་པ་གཅིག་ཏུ་བསྒོམ་པར་བྱ། །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ། །མཉམ་པར་བཞག་ནས་ཡི་རང་ངོ་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞི་ཞིང་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང་། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་བ་དད་པ་དང་། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་དོན་ཡིད་ལ་བརྣག་པས་བརྗོད་དོ། །དེ་ནས་བོ་དྷི་ཙི་སྟོང་བརྒྱ་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་དམ། ལྔ་བཅུ་རྩ་བཞིའམ། ཉི་ཤུ་རྩ་གཅིག་བླངས་ལ་མིག་ཕུག་སྟེ་བའི་རྣམ་ལྔས་བཀྲུས་པ་བུ་མོས་བཀལ་བའི་སྐུད་པ་གསུམ་སྒྲིལ་གྱིས་བརྒྱུས་ནས། མདུད་པ་བོར་ལ་ལྷ་ལ་མཆོད་པ་བྱས་ནས་སྙིམ་པར་བཅུག་ལ། ༀ་བྷ་ག་བྷ་ཏཱི་སིདྡྷི། སིདྡྷི་ཡ། སིདྡྷརྠེ་སྭཱ་ཧཱ། འདི་ནི་ཕྲེང་བའི་རབ་གནས་སོ། །བཟླས་པའི་དུས་ཐལ་མོ་སྦྱར་ནས་བླ་མ་ལ་ཕྱག་བྱས། ལྷ་གསལ་བར་བསྒོམས་ལ་སྔགས་ཀྱི་ནོར་བུ་སྙིམ་པར་བཅུག་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨརྦྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷི རྠེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་པའི་བྱིན་གྱིས་བརླབས། སྙིང་གར་ཕྲེང་བ་བཟུང་ནས་གུང་མོ་དང་མཐེའུ་ཆུང་བརྐྱང་སྟེ་མཛུབ་མོ་བཀུག་ནས་གུང་མོའི་རྒྱབ་ཏུ་བཞག་ནས་སྲིན་ལག་དང་མཐེ་བོས་དྲག་པོའི་ལས་མ་གཏོགས་པ་ཐམས་ཅད་བགྲང་སྟེ། སྔགས་རེ་རེ་ལ་ནོར་བུ་རེ་རེ་བགྲང་ངོ་། །དེ་ལ་རང་ལྷར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་དང་མདུན་གྱི་ལྷ་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ན་མཿསབྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྠི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྵ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུར་བི་ཤྭ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྷི་བོ་དྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨ་ཝ་ར་ཎ་བི་ཤུ དྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུ དྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་སམ། ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོ་དྷ་ནི། རུ་ུདྷ་བ་ལེ་པྲ་ཏི་སཾསྐ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སནྡྷ་ར་སནྡྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྠ་ན་ཨ་དྷིཥྠི་ཏེ་སྭཱ་ཧཱ། ཞེས་པ་སྙིང་པོའམ་སྔགས་ཀྱི་ཡི་གེ་རྣམས་རིམ་པ་བཞིན་དུ་བཀོད་ལ། མངོན་སུམ་ལྟར་བལྟ་སྟེ་ཟློས་པ་པོས་རུས་སྦལ་གྱི་ཡན་ལག་བསྐུམ་པ་དང་། ལྕེ་ཡིས་ཆུ་བཏུང་བ་ལྟར་ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང་དབང་པོའི་གྲོང་ནང་དུ་བསྡུས་ཀྱང་ནང་གི་མི་ཕྱིར་བལྟ་བའི་ཚུལ་གྱིས་མི་གཟིམ་པ་བྱས་གདོང་ཅུང་ཟད་སྟོད་དེ་སྒྲ་སྔགས་ཀྱི་ཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར་དང་། གཞི་སངས་རྒྱས་ཀྱི་སྐུ་རྣམས་རིམ་པ་འདིས་ཅིག་ཅར་དམིགས་ཤིང་། ཡིད་བཟླས་སམ་ཤུབ་བུའི་བཟླས་པ་བྱའོ། །བར་སྐབས་སུ་རླུང་བག་ཡངས་སུ་བྱ་ཞིང་དབུགས་དབྱུང་བ་ན་གསང་སྔགས་མི་འགྱུར་བའི་གཞི། རང་གི་བསྒོམ་པའི་ལྷ་ལ་བལྟས་ནས། ཡང་སྔར་བཞིན་དུ་མདུན་གྱི་སྐུ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་དབྱུང་བའི་མཐའི་བར་དུ་སྲོག་རྩོལ་བསྡམས་ལ་བཟླས་བརྗོད་བྱའོ། །དེ་ལྟར་བཟླས་ཚེ་ན་ཁྲོ་བ་དང་དགའ་བ་ལ་སོགས་པའི་རྣམ་རྟོག་དང་གཏམ་གཞན་མི་སྨྲ། ལྷ་གཞན་མི་བསྒོམ། ཡན་ལག་འགྱུར་བ་མེད་པར་བཟླས་སོ། །ངལ་ན་སྒྲ་ལ་སོགས་པ་རིམ་པས་བསྡུས་ཏེ་ཐ་མལ་གྱི་ངང་ལ་བཟླའོ། །གལ་ཏེ་བཟླས་པ་བྱེད་འཕྲོ་ལ་གཉིད་བྲོ་བའམ། གླལ་བའམ། སྦྲིད་པའམ། གློ་དང་ལུད་པའམ། འོག་རླུང་ངམ། གཤང་གཅི་བྱུང་ན་མདོ་ཁོ་ན་ཕྲེང་བ་བཞག་སྟེ་བཅག་པ་ལ་སོགས་པ་བྱས་ནས་ཁྲུས་དང་ཉེ་རེག་བྱས་ནས་བཟླས་པ་དང་པོ་ནས་བརྩམ་པར་བྱ་ཡི། སྔར་གྱི་དེ་གྲངས་སུ་མི་གཞུག་གོ། །ཕྲེང་བའི་ཐོག་མ་དང་མཐའ་མ་བགྲང་བའི་ཚེ་ན་སྔགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །སྔགས་གྲངས་རྫོགས་པའི་ཚེ། ལྷའི་རི་མོའམ། སྐུ་གཟུགས་སམ། མཆོད་རྟེན་ནམ། དེའི་གདན་ལ་མིག་གིས་ཀུན་ཏུ་བལྟ་བར་བྱའོ། །བག་མེད་པས་ལྷ་གཞན་གྱི་སྔགས་བཟླས་ན་ཡིད་ཀྱིས་གསོལ་བ་བཏབ་ལ། བཟླས་བརྗོད་ཀྱང་སླར་བརྩམ་པར་བྱའོ། །བཟླས་བརྗོད་ཀྱི་གྲངས་ཐེམས་པའམ་ལྷག་པར་བྱས་པའི་མཇུག་ཏུ་ལག་པ་གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག །གཡོན་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་ནས་སྦྱར་ཏེ་ལག་པ་གཡས་པའི་མཛུབ་མོས་གཡོན་པའི་གུང་མོ་དང་སྲིན་ལག་དཀྲི་ཞིང་གཡོན་པའི་མཛུབ་མོས་གཡས་ཀྱི་གུང་མོ་དང་སྲིན་ལག་དཀྲིས་ལ་མཐེ་ཆུང་གཉིས་གཤིབས་ཏེ་སྒྲེངས་ནས། མཐེ་བོ་གཉིས་མཛུབ་མོའི་ཚིགས་དབུས་མར་བཞག་པ་བུམ་པའི་ཕྱག་རྒྱ་བཅས་ལ། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི་དངོས་གྲུབ་ཆེ་གོ་མོ་ཞིག་གི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱེད་ཀྱིས་ཆེ་གེར་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད་ལ་གཏང་རག་གི་མཆོད་པ་དང་བསྟོད་པ་སྔར་བཞིན་བྱས་ལ་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་། རང་རང་གི་སྙིང་པོའམ་སྤྱིའི་སྙིང་པོ་ལ་གཙྪ་བཏགས་པ་བརྗོད་དོ། །མཆོད་ཡོན་ཕུལ་ནས་སྤྱན་དྲང་བའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ་ལོ། །དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ། སོར་མོ་བསྣོལ་བའི་རྩེ་མོ་དྲུད་པར་སྦྱར་ཏེ་ཐད་ཀར་བཞག་པ་མི་མཉམ་པའི་ཡན་ལག་གམ། ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཞིང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་བརྗོད་ལ་སྔར་གྱི་ར་བ་དང་དྲྭ་བས་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དཀྲོལ་བར་བྱའོ། །དེ་ནས་བུ་མོས་བཀལ་བའི་སྐུད་པ་དམར་པོ་ལེ་བརྒན་རྩིའམ། གུར་གུམ་གྱིས་བཙོས་པ་ལ་མདུད་པ་བདུན་བོར་ལ། ༀ་ཧ་ར་ཧ་ར་བནྡྷཱ་ནི་ཤུ་པྲ་དྷཱ་ར་ཎི་སིདྡྷིརྠེ་སྭཱ་ཧཱ། ལན་སྟོང་བཟླས་ནས་སྲོད་ཀྱི་དུས་སུ་སྐེད་པ་ལ་བཅིངས་ཏེ་འཛག་པ་བསྲུང་བར་བྱའོ། །ༀ་རཀྵ་རཀྵ་མཱཾ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨཏྨ་ཙཱི་བ་ར་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པའི་བླ་གོས་ལན་གསུམ་དུ་བསང་གཏོར་དང་བཀྲུ་བ་བྱས་ལ་བགོ་ཞིང་། རྡུལ་དང་དྲི་མས་མ་ཕོག་པར་བྱ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པ་མཐང་གོས་མི་སྤང་། རྗེས་གླེགས་བམ་བཀླག་པ་དང་། མཆོད་རྟེན་གདབ་པ་དང་། རྗེས་སུ་དྲན་པ་དྲུག་བསྒོམ་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་འབད་པར་བྱ་སྟེ། སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ལྟར་བསྙེན་པ་སྔོན་དུ་སོང་ནས་སྤྱི་དང་ཁྱད་པར་གྱི་སྒོ་ནས་བརྟགས་པས་རུང་བར་ཤེས་པའི་ས་གཞི་ལ་གཟའ་སྐར་དུས་ཚོད་བཟང་པོ་ལ་ཞག་བདུན་གྱི་གོང་ནས་སྔར་བསྟན་པ་བཞིན། བདག་དང་གནས་བསྲུང་བ་བྱས་ཏེ་བའི་རྣམ་ལྔ་ལ་སྔར་བཤད་པའི་ཁྲོ་བོ་ཀཱི་ལི་ཀཱི་ལའི་སྔགས་རྒྱས་བསང་གཏོར་བྱ། རྐང་པ་གཡས་པ་ས་ལ་བཞག་སྟེ། གཡོན་བཏེགས་པའི་བོལ་གྱིས་གཡས་བརྐང་པའི་བརླ་ལ་བཞག །ལག་པ་གཡས་པ་བསྣུན་པའི་ཚུལ་དུ་ང་རྒྱལ་གྱིས་བརྟན་པར་བྱེད་པའི་ཕྱག་རྒྱ་དང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཞེས་པ་གཞན་གྱིས་མི་ཐུབ་པའི་སྔགས་རྒྱ་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ཏ་དཱཪྱ་ཨ་བ་ལོ་ཀི་ཏ་མ་ར་བཛྲོཥྞཱི་ཥ་ཧཱུྃ་ཧཱུྃ་པྲ་ཛྙཱ་མི་ཏ་མུརྟི་སྭཱ་ཧཱ། ལག་པ་གཉིས་སྙིམ་པར་སྦྱར་ལ་སྲིན་ལག་གཉིས་དང་མཐེ་ཆུང་གཉིས་ནང་དུ་བཀུག་སྟེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་ལ་འཁྱུད་པ་རྡོ་རྗེ་གཙུག་ཏོར་གྱི་སྔགས་རྒྱས་སྦྱངས་ལ་བརྐོ་བ་ལ་སོགས་པ་དགོས་པའི་ས་གཞི་ཡིན་ན་སེང་ལྡེང་གི་ཕུར་བུ་མཛུབ་གང་བ་རྣོ་བ་བཞི་ལ་ཙནྡན་དམར་པོ་བཀུས་པ་སྐུད་པ་དམར་པོ་དཀྲི། རྡོ་རྗེ་ཕུར་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། གནས་ཀྱི་ཕྱོགས་བཞིར་གདབ། ལས་ཐམས་ཅད་པ་དང་བདུད་རྩི་ཐབས་སྦྱོར་གྱི་སྔགས་བཟླས་པའི་ཡུངས་ཀར་གྱིས་བགེགས་བསལ། རིག་པའི་རྒྱལ་པོའི་སྔགས་བཟླས་པའི་བ་དན་དཀར་པོ་སྨྱུག་མ་རིང་པོས་ཡུ་ུབ་བྱས་པ་ཤར་དུ་གཟུག །ལྕགས་ཕྱེ་ལ་རྡོ་རྗེ་ར་བའི་སྔགས་རྒྱས་བཟླས་ནས་རྡོ་རྗེའི་ར་བ་བྱ། རྡོ་རྗེ་དྲྭ་བའི་སྔགས་རྒྱས་བཟླས་པའི་ལྕགས་ཕྱེས་ཁོར་ཡུག་ཏུ་རྡོ་རྗེའི་ཕྲེང་བ་བྲིས་ལ་རྡོ་རྗེས་དྲྭ་བ་བྱ། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་བ་བྱས་ལ་དེ་ནས་བརྐོས་ཏེ། སའི་ཟུག་རྔུ་རྣམས་བསལ་ལ་ཞིབ་མོར་བརྡུངས་ཏེ་བའི་གཅིན་གྱིས་བྲན། ས་གཞི་ལག་མཐིལ་ལྟར་མཉམ་པར་བྱས་ལ། ཤར་ཕྱོགས་ནས་བརྩམས་ཏེ་བ་གཅིས་བྱུག །དབུས་སུ་ཁུང་བུ་བརྐོས་ཏེ་འབྲུ་ལྔ་དང་རིན་པོ་ཆེ་ལྔ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་ལ་གཞུག །ཟུག་རྔུ་དབྱུང་བར་མི་ནུས་པ་ཡོད་ན་ལས་ཐམས་ཅད་པ་དང་སངས་རྒྱས་སྤྱན་གྱི་སྔགས་བཟླས་ཤིང་ལག་པས་བྲབ་པར་བྱའོ། །གལ་ཏེ་བརྐོ་བ་ལ་སོགས་མི་དགོས་ན་ས་གཞི་བྱི་དོར་བྱས་པ་གཏེར་དུ་བཅུག །བ་བྱུང་དང་དྲི་བཟང་པོའི་ཆུས་བྱུག་ནས་ལག་པས་རེག་སྟེ། མཛུབ་མོ་གཉིས་སྦྱར་ནས་དཀྱིལ་འཁོར་ལྟ་བུར་བྱས་པ་དང་། ༀ་ཛ་ཡོཥྞཱི་ཥ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ད་མ་ད་མ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧ་ན་ཧཱུྃ་ཞེས་པས་རྒྱལ་བའི་གཙུག་ཏོར་དང་། ལས་ཐམས་ཅད་དེའི་སྔགས་བཟླས་པར་བྱ་སྟེ་ས་སྦྱང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་འབྲི་བའི་ས་གཞི་དེར་ལས་ཐམས་ཅད་པའི་སྔགས་བཟླས་ལ་དེར་འོག་ནས་འཆད་པའི་དཀྱིལ་འཁོར་བསྒོམ་སྟེ། ལྷ་སྤྱན་དྲང་བ་ནས་བཟླས་པ་དང་བཅས་པ་བྱས་ནས་ལྷ་གཤེགས་སུ་གསོལ་བའི་བར་ཞག་གསུམ་དུ་བྱ་སྟེ་དཀྱིལ་འཁོར་གྱི་ས་གཞི་བཟུང་བའོ། །དེ་ནས་ལག་པ་གཅིག་གིས་དྲིའི་ཆུས་བསང་གཏོར་བྱ། གཅིག་ས་ལ་རེག་སྟེ། ལས་ཐམས་ཅད་པ་དང་རིག་པའི་རྒྱལ་པོའི་སྔགས་བཟླས་ལ་གནས་འདིར་དཀྱིལ་འཁོར་བྲིའོ་སྙམ་དུ་བློས་ཡོངས་སུ་བཟུང་བར་བྱ་སྟེ་ས་ཡོངས་སུ་བཟུང་བའི་ཆོ་གའོ། །དེ་ནས་སང་ཉི་མ་ཤར་བ་དང་དཀྱིལ་འཁོར་གྱི་ས་ཆ། དཀྱིལ་འཁོར་གྱི་བཀོད་པའི་ས་ཡིད་ཀྱིས་བརྟགས་ནས་ཁ་ཟས་གཙང་མ་ཟོས་ཉི་མ་ནུབ་ནས་ཁྲུས་བྱས་ལ། གོས་གཙང་མ་བགོ་སྟེ། དཀྱིལ་འཁོར་གྱི་ས་ཕྱོགས་བྱི་དོར་ལེགས་པར་བྱས། བ་བྱུང་དང་དྲི་བཟང་གིས་བྱུག །རིག་པའི་རྒྱལ་པོ་དང་ལས་ཐམས་ཅད་པ་བཟླས་པའི་སྤོས་ཆུས་བསང་གཏོར་བྱས་ལ་ལྷ་གནས་མི་འཆོལ་བའི་ཕྱིར་སྐམ་ཐིག་བཏབ་སྟེ། ལྷ་སོ་སོའི་གནས་སུ་དྲིས་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱ་གསུངས་ཏེ་སྐབས་དང་སྦྱར། རིགས་ཀྱི་སྙིང་པོ་དང་ལྷ་རང་རང་གི་སྔགས་ལན་བདུན་བདུན་བཟླས་པས་ལྷ་དེ་དང་དེར་བསྐྱེད་ལ། དེ་ནས་ལྷ་སྤྱན་དྲང་བ་ནས་བཟླས་པའི་བར་འོག་བཞིན་བྱ། གྲུབ་ན་སྦྱིན་སྲེག་སྟ་གོན་ཡང་བྱས་ལ་ཡང་མཆོད་པས་མཆོད། གཡས་སྤོས་པོར་འཛིན་གཡོན་དྲིལ་བུ་དཀྲོལ་ཞིང་། ཤཱཀྱ་སེང་གེ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་བོ་ཆེ། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འོད་ཟེར་དྲི་མེད་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། བསྟོད་པས་བསྟོད་ནས་གཤེགས་སུ་གསོལ། དབང་བསྐུར་བའི་བུམ་པ་དང་སློབ་མ་ལྷག་གནས་ནི་དབང་མི་བསྐུར་བས་མི་དགོས་སོ། །ནངས་པར་སྔ་བར་ལངས་ནས་ཁྲུས་ནས་བཟླས་པའི་བར་བྱས་ལ། ལས་ཐམས་ཅད་པའི་གསང་སྔགས་ཀྱིས་བསང་གཏོར་བྱས་ལ། གཞོན་ནུ་མས་བཀལ་བའི་སྐུད་པ་སྔར་གཞན་དུ་ལོངས་མ་སྤྱད་པའི་གསར་པ་གཙང་མ་དྲི་ཞིམ་པ་རེག་ན་བདེ་བ། སྦོམ་ཕྲ་རན་པ། སྦོམ་ཕྲ་དང་འཇུར་མདུད་མེད་པ་ཁ་དོག་དཀར་དམར་སེར་ལྗང་ནག་ལྔ་ལ་ལས་ཐམས་ཅད་པ་དང་རིག་པའི་རྒྱལ་པོའི་སྔགས་བཟླས་ཤིང་། དང་པོ་སོ་སོར་སྒྲིལ། དེ་ནས་གཅིག་ཏུ་སྒྲིལ་ལ་ལས་ཐམས་ཅད་པའི་སྔགས་ལན་བརྒྱ་བཟླས་ཏེ། མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ལ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསམ་ལ་དཀོན་མཆོག་གསུམ་ལ་མཆོད་པ་བྱ། ལྷ་རྣམས་ལའང་ཕྱག་དང་མཆོད་པ་བྱས་ནས་ཤར་དུ་ཐིག་སྐུད་རྡོགས་ཏེ་བཟུང་། དེ་ནས་ལྷོར་ཕྱིན་ལ་ཁ་བྱང་དུ་བལྟས། སྒྲུབ་པའི་གྲོགས་མཆོག་བྱང་དུ་འདུག་སྟེ་ཁ་ལྷོར་བལྟས་པའི་ལག་ཏུ་ཐིག་སྐུད་གཏད། དེ་ནས་གཡས་སྐོར་གྱིས་ཤར་དུ་སོང་སྟེ་ནུབ་ཏུ་བལྟས་ནས་ཚངས་ཐིག་དང་པོ་གདབ། དེ་ནས་ལྷོར་སོང་སྟེ་བྱང་དུ་བལྟས་ནས་གཉིས་པ་གདབ། དེ་ནས་མེར་སོང་ལ་བྱང་དུ་བལྟས་ཤར་གྱི་རྩ་ཐིག་དང་། དེ་ཉིད་དུ་འདུག་སྟེ་ནུབ་ཏུ་བལྟས། ལྷོའི་རྩ་ཐིག་དང་། རླུང་དུ་འདུག་སྟེ་ལྷོར་བལྟས་ལ་ནུབ་ཀྱི་རྩ་ཐིག་དང་། དེ་ཉིད་དུ་འདུག་ནས་ཤར་དུ་བལྟས་ལ་བྱང་གི་རྩ་ཐིག་དང་། མེར་འདུག་སྟེ་རླུང་དུ་བལྟས་ལ་ཟུར་ཐིག་དང་། བདེན་བྲལ་དུ་འདུག་སྟེ་དབང་ལྡན་དུ་བལྟས་པས་ཟུར་ཐིག་གཉིས་པ་བཏབ་ལ། རྩ་ཐིག་གི་དབུས་སུ་བརྒྱད་ཆ་ཕྱིས་བསྒོ་ཡིན། དེའི་བཞི་ཆ་ཆ་ཆུང་ངོ་། །གཞན་རྣམས་སྤྱི་དང་མཐུན་པར་གདབ། རྩ་ཐིག་གི་ནང་དུ་སྒོ་ཚད་གཉིས་དོར་བར་ཐིག་གདབ་པ་ནི་ནང་གི་དཀྱིལ་འཁོར་རོ། །སྒོ་བཞི་པའམ། ཡང་ན་སྒོ་གཅིག་ནུབ་ཏུ་བསྟན་པའི་དབུས་སུ་སྔར་བསྟན་པའི་ཕུར་བུ་གདབ་སྟེ། དེ་ལ་སྲད་བུ་བཏགས་ནས་ཐིག་ཟླུམ་བགོས་པ་རྣམས་བསྐོར་ཏེ། དེ་ནས་དཀོན་ཅོག་གསུམ་ལ་མཆོད་པ་ཅི་འབྱོར་བས་མཆོད་ལ། ཁྲོ་བོའི་རྒྱལ་པོ་བསྒོམ་ནས་སྐྱུ་རུ་རའི་ཕྱེ་མ་ལ་བྱས་པའི་ཁྲུས་ཆབ་ཀྱིས་ཁྲུས་བྱས་ལ་གོས་གཙང་མ་བགོ། །དཀྱིལ་འཁོར་གྱི་ས་གཞི་རྣམས་ལ་བའི་ཆུ་དང་ལྕི་བ་བསྲེས་ལ་བྱུགས། སྤོས་ཆུས་བསང་གཏོར་བྱ། ཕྱག་བདར་དང་། ཆག་ཆག་བཏབ་ལ་མེ་ཏོག་སིལ་མ་གཏོར། སྲད་བུས་བསྐོར། རྒྱལ་མཚན་དང་། རྟ་བབས་དང་། མེ་ཏོག་གི་ཕྲེང་བ་བརྒྱུས་པ་རྣམས་ཀྱིས་བརྒྱན་ལ། དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་བྱང་ཕྱོགས་སུ་བསགས་ཏེ་ཁྲོ་བོའི་རྒྱལ་པོས་བསྲུངས་ནས་གནས་ཁང་ལ་བསང་གཏོར་བྱ་བ་དང་བགེགས་བསལ་བ་བྱས་ནས་བདག་དང་དཀྱིལ་འཁོར་བསྲུང་བ་བྱས་ལ་སེམས་སྤྲོ་བ་ཆེན་པོས་རིགས་གསུམ་གྱི་ལྷ་རེ་རེ་ལ་ཕྱག་བྱས་ལ་དཀྱིལ་འཁོར་འབྲི་བ་ལ་འཇུག །ལྟས་ངན་པ་བྱུང་ན་ཞི་བའི་སྦྱིན་སྲེག་བྱ། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ལ་མཆོད་ཡོན་རྩ་སྔགས་ཀྱིས་དབུལ། མེ་ཏོག་ལ་སོགས་པའི་མཆོད་པས་མཆོད། སློབ་མ་དང་དཀྱིལ་འཁོར་འབྲི་བ་ལ་སོགས་པའི་གྲོགས་རྣམས་ལ་བསང་གཏོར་དང་བསྲུང་བ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན། ཕྱག་བྱས་ཏེ་དཀྱིལ་འཁོར་བྲིའོ། །དེ་ལ་འོད་ཟེར་དྲི་མེད་ཀྱི་གཟུངས་ལས། དཀྱིལ་འཁོར་གྲུ་བཞི་པར་བྱས་ལ་དེའི་སྟེང་དུ་ཚོན་ལྔས་རི་མོ་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང་། རྡོ་རྗེ་དང་། དུང་དང་། མདུང་རྩེ་གསུམ་པ་དང་། གཡུང་དྲུང་རིས་དང་། པདྨོ་རྣམས་བྲིའོ། །གྲྭ་བཞིར་ཡང་པདྨོ་རེ་རེ་བྲིས་ཏེ་དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་རེ་རེ་གྲྭ་བཞིར་བཞག་གོ། །བདུག་སྤོས་ཀྱིས་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་བཞག་གོ། །ཁ་དོག་སྣ་ལྔའི་སྣོད་དུ་ཁ་ཟས་སྣ་ཚོགས་དང་། ཟས་དཀར་གསུམ་དང་འབྲས་ཆན་དུ་སྦྱར་བ་བཞག །ཡང་དྲིའི་ཆུ་དང་། མེ་ཏོག་དང་། འབྲས་སམ། འབྲུས་སྣོད་བཀང་བ་ཕོར་བུ་རེ་རེ་བླུག་པ་དང་། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་སྤོས་ཆུ་བུམ་པ་གང་དང་སྦྱར་ཏེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་གོ། །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ་དཀྱིལ་འཁོར་གྱི་ནང་དུ་ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་འབུལ་དུ་གཞུག་གོ། །ཞེས་གསུངས་པས། འདི་གཙོ་ཆེར་སྡིག་པ་ཞི་བའི་ཕྱིར་ན་འབྲས་སཱ་ལུའི་ཕྱེ་མ་ཁ་བསྒྱུར་བའམ། ཚེ་བསྲིང་བའི་ཕྱིར་ན་རྒྱས་པའི་ལས་ཡིན་པས་མཚལ་དང་བ་བླ་ལ་སོགས་པའི་ཕྱེ་མ་འབྱུང་ཁུངས་ནས་བྱུང་བའི་ཚོན་རྣམ་པ་ལྔ་བསང་བ་དང་། བགེགས་བསལ་བ་དང་། གཟི་བྱིན་བསྐྱེད་པ་རྣམས་སྔར་བཞིན་དུ་བྱས། ལས་ཐམས་ཅད་པའི་སྔགས་ལན་བརྒྱར་བཟླས་པས་བྱིན་གྱིས་བརླབ་ལ། ལྷའི་མཚན་མ་འགོད་པའི་གནས་རྣམས་སུ་གཅི་བཀུ་བའི་རྣམ་ལྔའི་ཆུས་བཀྲུ། དྲི་ཆུས་གཏོར། རྡུལ་མཚོན་ལའང་རིག་པའི་རྒྱལ་པོས་བསྔགས་པའི་དྲིའི་ཆུས་གཏོར་ལ། དབུས་ཀྱི་ཕུར་བུ་ཕྱུང་ལ་བུ་ག་རྩིག་པའི་རིམ་པ་བཞིན་དུ་ཚོན་གྱིས་བཀང་། རེ་ཁཱ་ལྔའི་ས་ལ་རྡོ་རྗེ་ཁུ་ཚུར་རམ། ལྷུང་བཟེད་ཀྱི་ཕྱག་རྒྱའམ། ལྕགས་ཀྱུའི་ཕྱག་རྒྱའམ། རིག་བྱེད་ཀྱི་ལག་པས་རེ་ཁ་ལྔ་ནང་ནས་རིམ་པ་བཞིན། དཀར་དམར་སེར་ལྗང་ནག་ལྔ་པོ་གཡས་བསྐོར་གྱིས་བར་མ་ཆད་མཉམ་པར་བྲིས་ལ་རིན་པོ་ཆེ་ལ་སོགས་པའི་སྣོད་ཀྱིས་བཀབ་ལ་བཞག་གོ། །ཕྱིས་སྦྲེལ་རན་པ་དང་བླངས་ཏེ་མཚན་མ་བཏགས་ལ་སྦྲེལ་ལོ། །ཕྱོགས་ཚོན་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་གོ། །གཞན་རྣམས་ཕལ་ཆེར་སྤྱི་དང་མཐུན་པར་བྱ། སྒོ་བཞི་བྱེད་ན། ནུབ་སྒོ་མིན་པ་གསུམ་པོ་རེ་ཁ་དཀར་པོ་ཕྲ་མོས་བཅད་ལ་བཞག །གཅིག་ལས་མེད་ན་མི་དགོས་སོ། །དེ་ནས་ནང་གི་དཀྱིལ་འཁོར་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ་ཚོན་དཀར་པོས་འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་ཕྲེང་བ་དང་བཅས་པ་སྔར་བཤད་པའི་རྩ་སྔགས་དང་རིགས་ཀྱི་སྙིང་པོ་ཛི་ན་ཛིཀ྄་ཟློས་ཤིང་བཀོད་ལ། སྔར་བཤད་པའི་བཅོམ་ལྡན་འདས་ཤཱཀྱ་སེངྒེ། མཚན་ཉིད་ཐམས་ཅད་ཚང་བ་ཞལ་ནུབ་ཏུ་བསྟན་པར་བསམ་མོ། །དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པད་ཟླའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ་ལ་ཕྱག་ན་རྡོ་རྗེའི་སྔགས་དང་རིགས་ཀྱི་སྙིང་པོ་བཛྲ་དྷྲྀཀ྄་ཟློས་ཤིང་བྲིས་ལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་ན་རྡོ་རྗེ་འཛིན་པ། ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པའོ། །དེའི་སྔགས་ནི། ན་མོ་རཏྣ་ཏྲ་ཡ་ཡཱ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་པ་ཏ་སྱ། ན་མཥྩཎྜ་པྲ་མརྔྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། དེ་ནས་དེའི་མདུན་དུ་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་ཁྱབ་འཇུག་གི་སྔགས། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། བཟླས་ཤིང་དུང་བྲིས་ལ་དེ་ཉིད་ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་དུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐོགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དུང་ནི་ཁྱབ་འཇུག་གི་མཚན་མ་ཡིན་ཏེ། རིག་པ་མཆོག་གི་རྒྱུད་ལས། འཁོར་ལོ་དུང་དང་བེ་ཅོན་དང་། །རལ་གྲི་དང་ནི་ཕུབ་ཟླུམ་དང་། །ནམ་མཁའ་ལྡིང་དང་ཕག་རྣམས་ནི། །ཁྱབ་འཇུག་ཕྱག་རྒྱ་བདུན་པོ་ཡིན། །ཞེས་གསུངས་པས་སོ། །དེའི་གཡོན་འཁོར་ལོའི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ་མདུང་རྩེ་གསུམ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། ཞེས་བཟླས་ལ། དྲག་པོ་དཀར་པོ་མགྲིན་པ་སྔོན་པོ་ལག་པ་གཡས་ན་མདུང་རྩེ་གསུམ། གཡོན་ན་རལ་གྲི་ཐོགས་པ། གླང་བུ་ཁྱུ་མཆོག་ལ་ཞོན་པའོ། །དེའི་གཡོན་དུ་གཡུང་དྲུང་རིས་བྲི་བ་ནི། རིག་པ་མཆོག་གི་རྒྱུད་ལས། གཡུང་དྲུང་རིས་ནི་དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཉིས་རིམ་དུ་བྲེས་ཏེ་དངོས་བཞི་ནས་ཤད་བཞི་དྲངས་ལ་ཚིགས་བཅག་སྟེ་གཡས་ཕྱོགས་སུ་འཁྱིལ་བ་བྲིའོ། །ཤད་བཞི་པོ་དག་ཀྱང་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །ཞེས་བཤད་པ་བཞིན་ནོ། །ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཞེས་བཟླས་ཤིང་བྲིས་ལ། རིག་པ་མཆོག་གི་རྒྱུད་དུ་གཡུང་དྲུང་རིས་རྣམས་ནི་ཚོགས་རྣམས་ཀྱིའོ། །ཞེས་གསུངས་པས་ཚོགས་བདག་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ་མདུན་དུ་སྒུར་བ་དང་། ཕྱིར་དགྱེ་བའི་ཚུལ་གྱིས་བཞུགས་པའོ། །དེ་གསུམ་མཚན་མ་རྣམས་མགོ་ནུབ་ཏུ་བསྟན་པ་བྲིས་ལ། ལྷ་རྣམས་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་འཁོར་ལོའི་གཡས་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ་སྡོང་བུ་དང་བཅས་པའི་པདྨ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཞེས་བཟླས་ཤིང་བྲིས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པ་མཆོག་སྦྱིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་མོ། །ཕྱིའི་སྣམ་བུའི་གྲ་བཞིར་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཞག །ཤར་གྱི་སྣམ་བུའི་སྟེང་དུ་སྤོས་སྣ་ཚོགས་འཐུལ་བའི་སྤོས་སྣོད་ལྔའམ་གསུམ་གང་འབྱོར་བཞག །ལྷོའི་བུམ་པ་ལ་སྣོད་ཁ་དོག་ལྔར་བསྒྱུར་བའི་ནང་དུ་ཁ་ཟས་སྣ་ཚོགས་དང་། ཞོ་འོ་མ་མར་ཏེ་དཀར་གསུམ་དང་འབྲས་ཆན་སྦྱར་བ་བཞག །ནུབ་ཀྱི་སྣམ་བུ་ལ་དྲིའི་ཆུས་བཀང་བའི་དུང་ཆོས་དང་། མེ་ཏོག་གིས་གང་བའི་སྣོད་དང་འབྲས་སོགས་འབྲུས་བཀང་བ་བཞག །བྱང་གི་སྣམ་བུ་ལ་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་དང་། དྲིའི་ཆུས་བཀང་བའི་བུམ་པ་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཞག །བྱང་གི་གཏོར་མ་དང་ནུབ་ཀྱི་འབྲས་གཉིས་ཀྱི་བར་སྔར་གྱི་དྲིའི་བུམ་པའི་རྒྱབ་ཏུ་ཚོགས་ཀྱི་བདག་པོའི་གཟུགས་གླང་པོ་ཆེའི་གདོང་པ་ཅན་དཀར་པོ་དགྲ་སྟྭ་དང་ལ་ཕུག་འཛིན་པ་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་བཞག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བཀོད་ནས་དེའི་མཐའ་བསྐོར་དུ་མཆོད་ཡོན་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱ་བའི་རྒྱུད་ལམ་བཀག་པ་བཅུ་ལ་སོགས་པ་ཅི་འབྱོར་བ་བཤམ། དཀྱིལ་འཁོར་གྱི་ཕྱོགས་བཞིར་མཆོད་ཡོན་འབུལ་བའི་སྟེགས་བུ་རེ་རེ་བྱ། དེ་ནས་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་རྒྱལ་མཚན་བརྒྱད་གཟུག་པ་དང་བཀྲ་ཤིས་པའི་རྫས་ཀྱི་བརྒྱན་པ་ལ་སོགས་པ་ཅི་འབྱོར་བ་བྱ། དེ་ནས་སྔར་བཤད་པ་ལྟར་ཁྲུས་དང་ཉེ་རེག་བྱས་ལྷ་རྣམས་ལ་ཕྱག་བྱས་ནས་སྙིང་པོའམ་སྔགས་བཟླ་ཞིང་མཚན་མ་བརྟགས་པར་བྱའོ། །དེ་ནས་བདག་ཉིད་བསྲུང་བ་བྱས་ནས་མདུན་དུ་རི་རབ་ཀྱི་སྟེང་དུ་པདྨ་བསྐྱེད་པའི་བར་སྔར་བསྙེན་པའི་སྐབས་དང་འདྲ་བ་ལས་ཁྱད་པར་འདིར་པདྨའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའམ། ཡང་ན་སྒོ་གཅིག་ནུབ་ཏུ་བསྟན་པ། རིན་པོ་ཆེའི་རྩིག་པ་ལྔ་དང་ལྡན་པ། ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་ལ་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་ནས་འདོད་ཡོན་གྱི་སྣམ་བུའི་ཁ་ཁྱེར་གྱིས་བསྐོར་བ། རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། མཚན་ཉིད་ཐམས་ཅད་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པར་བསམ་ལ་སྔར་བརྗོད་པའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་གཞལ་ཡས་ཁང་དབུས་མའི་ནང་དུ་སྔར་བསྐྱེད་པའི་ལྷ་རྣམས་གསལ་བ་དང་། སྣམ་བུ་ུལ་བཀོད་པའི་མཆོད་རྫས་རྣམས་ལའང་བསང་བ་དང་། བགེགས་བསལ་བ་དང་། གཟི་བྱིན་བསྐྱེད་པ་དང་། ལས་ཐམས་ཅད་པའི་སྔགས་བཟླས་ལ་བཞག །ཕྱི་ནས་བཤམས་པའི་མཆོད་རྫས་རྣམས་ཀྱང་སྔར་བཞིན་དུ་བྱིན་གྱིས་བརླབ་བོ། །དེ་ནས་སྤྱན་དྲང་བའི་ཕྱག་རྒྱ་བཅས་ལ་རིག་པའི་རྒྱལ་པོའི་སྔགས་བྷྲཱུྃ་དང་། སྔར་བཤད་པའི་སྙིང་པོའི་ཤམ་དུ། བཅོམ་ལྡན་འདས་ཤཱཀྱ་མུ་ནེ་ཨེ་ཧྱ་ཧི་བྱས་པས་སྤྱན་དྲངས་ལ་ཤར་གྱི་སྟེགས་བུའི་སྟེང་དུ་སྔར་བཞིན་མཆོད་ཡོན་དང་། དེ་ནས་རིག་པའི་རྒྱལ་པོ་རྟ་མགྲིན་ཡི་གེ་བཅུ་པའི་སྔགས་དང་། སྔར་བཞིན་སྤྱན་རས་གཟིགས་ཀྱི་སྔགས་ཀྱི་མཐར། ཨཱཪྱཱ་བ་ལོ་ཀི་ཏེ་ཤྭ་ར་ཨེ་ཧྱ་ཧི་ཞེས་པས་སྤྱན་དྲངས་ལ་མཆོད་ཡོན་སྙིང་ག་ནས་བྱང་གི་སྟེགས་བུའི་སྟེང་དུ་དབུལ་ལོ། །རིག་པའི་རྒྱལ་པོ་ཧཱུཾ་བཞི་པ་དང་ཕྱག་རྡོར་གྱི་སྔགས་ཀྱི་ཤམ་དུ། བཛྲ་པཱ་ཎི་ཨེ་ཧྱ་ཧི་ཞེས་པས་ཕྱག་རྡོར་སྤྱན་དྲངས་ལ་མཆོད་ཡོན་ལྟེ་བའི་ཐད་ནས་ལྷོའི་སྟེགས་བུའི་སྟེང་དུ་དབུལ། ནུབ་ཕྱོགས་པ་རྣམས་ལ་ཧཱུྃ་བཞི་པའི་སྔགས་དང་རང་རང་གི་སྔགས་ཀྱི་ཤམ་དུ་རང་རང་གི་མིང་ཁྱབ་འཇུག་ལ་བིཥྞུ། དྲག་པོ་ལ་རུ་ཏྲ། ཚོགས་ཀྱི་བདག་པོར་ག་ཎ་རྣམས་ལ་ཨེ་ཧྱ་ཧི་བཏགས་པས་སྤྱན་དྲངས། མཆོད་ཡོན་ནུབ་ཀྱི་སྟེགས་བུར་དབུལ། དེ་ལ་ཁ་ཕྱོགས་དེ་དང་དེར་བལྟས་ཞིང་། ལྷ་ལངས་པ་ལ་ལངས་ནས། འདུག་པ་ལ་འདུག་ནས། བཟུར་པ་ལ་བཟུར་ནས་སྤྱན་དྲང་ངོ་། །དེ་ནས་བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ནི། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ག་ག་ན་ས་མ་ཡེ་ཧཱུྃ་ཞེས་པས་བྱོན་ལེགས་བྱས་ནས་ཚིག་དེ་ཉིད་འདོན་པ་ཁ་བསྒྱུར་ཏེ། ཞབས་བསིལ་ཕུལ་བས་ཞབས་བཀྲུས་པར་བསམ་ལ། སྔར་གྱི་སྔགས་རྒྱས་རྡོ་རྗེའི་འདུག་སྟངས་ཀྱི་གདན་དང་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཉིད་པདྨའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་ཀ་མ་ལ་ཡེ་སྭཱ་ཧཱ། ཞེས་པས་པདྨའི་འདུག་སྟངས་ཀྱིས་གདན་དང་། ཕྱག་རྒྱ་དེ་ཉིད་ལས་སོར་མོ་དབུས་མ་གསུམ་གཅིག་ཏུ་སྦྱར་བའི་དཔའ་བོའི་འདུག་སྟངས་ཀྱི་ཕྱག་རྒྱ་དང་། ༀ་བཛྲ་ཀ་ཧཱུྃ་ཕཊ་ཅེས་པས་དཔའ་བོའི་འདུག་སྟངས་ཀྱིས་གདན་ཕུལ་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་ལྷ་དེ་རྣམས་ལ་གུས་པས་ཕྱག་བཙལ་ནས། མཆོད་པ་དབུལ་བའི་ཕྱིར། དང་པོ་མཆོད་ཡོན། དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིས། །གསང་སྔགས་ཀུན་ལ་དབུལ་ལོ་བཞེས། །མེ་ཏོག་སྤོས་ཆུས་བཀང་བ་ཡི། །མཆོད་ཡོན་དག་ནི་དབུལ་བར་བྱ། །སངས་རྒྱས་པ་ལ་ཤར་ཕྱོགས་སུ། །པདྨ་འཛིན་ལ་བྱང་ཕྱོགས་སུ། །གསང་བའི་བདག་པོར་བཞེད་པ་ཡི། །གསང་སྔགས་རྣམས་ལ་ལྷོ་ཕྱོགས་སུ། །ཆོ་ག་འདི་ཡི་ནུབ་ཕྱོགས་སུ། །འཇིག་རྟེན་པ་ཡི་ལྷ་རྣམས་ནི། །ཀུན་ལ་དབུལ་ལོ་ཞེས་བརྗོད་ཅིང་། །ཕྱི་རོལ་སྟེགས་བུའི་སྟེང་དུ་མཆོད། །ཅེས་གསུངས་པ་བཞིན་བྱའོ། །དེ་ལྟར་སྔར་བསྙེན་པའི་སྐབས་སུ་བཤད་པ་བཞིན་དུ་སྐུ་ཁྲུས་གསོལ་བ་ནས་མར་མེ་དབུལ་བའི་བར་སྔར་བཞིན་དུ་བྱ། དེ་ཡང་རིགས་སོ་སོ་ལ་མཆོད་པ་སོ་སོར་དགོས་པ་ལ་བོད་དུ་དེ་མི་རྙེད་ཅིང་རིགས་གཞན་གྱི་མཆོད་རྫས་གཞན་ལ་འབུལ་ན་རང་གི་སྔགས་ཀྱིས་བཏབ་ནས་དབུལ་བར་བཤད་པ་བཞིན་དུ་བྱ། མེ་ཏོག་དང་བདུག་སྤོས་ལ་སོགས་པའི་སྣོད་གཅིག་ལས་མེད་ན་ལྷ་གཅིག་ལ་དབུལ་བ་ཚར་ནས་ཡང་བསང་གཏོར་ལ་སོགས་པ་བྱས་ནས་ལྷ་གཅིག་གི་སྔགས་ཀྱི་བྱིན་བརླབ་བྱས་ལ་དབུལ། དེ་ཡང་གཙོ་བོ་ལ་ཉིས་འགྱུར་དུ་དབུལ། གཞན་རྣམས་ལ་ཆ་ཕྲི་ལ་དབུལ། ལྷ་བཤོས་དབུལ་བའི་སྐབས་སུ་ཁུར་བའི་བྱེ་བྲག་དང་། ཤིང་ཏོག་དང་། སྲན་ཚོད་ལ་སོགས་པའི་ཚོད་མ་སྣ་ཚོགས་དང་། འོ་ཐུག་ལ་སོགས་པའི་ཐུག་པ་སྣ་ཚོགས་རྣམས་སོ་སོའི་མིང་ནས་སྨོས་ལ་འདི་དབུལ་ལོ་ཞེས་བརྗོད་ལ་དབུལ་བར་བཤད་དོ། །དེ་ནས་དཀྱིལ་འཁོར་ནང་དུ་བཤམས་པའི་གཏོར་མ་རྣམས་བསང་སྦྱངས་བྱིན་བརླབས་གཟི་བྱིན་བསྐྱེད་པ་རྣམས་བྱ་སྟེ། ནང་གི་འཇིག་རྟེན་པ་གསུམ་གྱི་མིང་ལ་ནམ་མཁའ་མཛོད་ཀྱི་སྔགས་བཏགས་ལ་དབུལ། དེ་ནས་སྒྲུབ་ཁང་གི་ཕྱི་རུ་ཕྱིན་ལ་དཔུང་བཟང་ནས་འབྱུང་བའི་ཚོགས་ཕྱོགས་མཚམས་རྣམས་སུ་གཏོར་མ་གསུམ་གསུམ་བྱ། བགེགས་རྣམས་ལ་ཡང་གཏོར་མ་སྦྱིན་ནོ། །གཏོར་མ་འཐོར་བའི་ཚེ་ལྕེ་སྤྱང་གི་སྒྲའམ། སྒྲ་ཆེན་པོའམ། འབྲུག་སྒྲའམ། ཤིང་གི་ཡལ་ག་ཆག་པ་ལ་སོགས་པ་བྱུང་ན་གཏོར་མ་ཡང་བསྐྱར་ལ་སྦྱིན་ཞིང་སྔར་བཤད་པའི་ཆོ་ག་རྣམས་བྱའོ། །དེ་ནས་ལག་པ་བཀྲུས་ཉེ་རེག་བྱས་ནས་ཕྱི་རོལ་དུ་སྤོས་ཆུས་བཀྲུས་ནས་ནང་དུ་ཞུགས་ནས་ལྷ་ལ་མཆོད་ཡོན་ཕུལ། བདུག་སྤོས་ཀྱིས་བདུག་ནས་མཆོད་པའི་གཤོམས་རྣམས་ཀྱང་ཕུལ་ལ། འབྱོར་ན་ལྷ་ཐམས་ཅད་ལ་རས་ཟུང་རེ། མ་འབྱོར་ན་གཙོ་བོ་གསུམ་ལ་ཟུང་རེ། དེའང་མ་འབྱོར་ན་སྤྱིར་ཟུང་གཅིག་དབུལ། དེ་ནས་གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས། ལྷ་གཞན་རྣམས་ཀྱི་བདུན་བདུན་བཟླས། དེ་ནས་རིགས་ཀྱི་སྙིང་པོ་ཛི་ན་ཛིཀ྄་ལ་སོགས་པ་སུམ་བརྒྱ་རེ་བཟླས། དེ་ནས་སོ་སོའི་ཕྱག་རྒྱ་བསྟན་པར་བྱ་སྟེ། རང་རང་སོ་སོའི་སྔགས་ལན་གསུམ་གསུམ་བཟླས་ལ་རང་རང་གི་ཕྱག་རྒྱ་བཅིང་ངོ་། །དེ་ལ་གཙོ་བོའི་ཕྱག་རྒྱ་ནི་གོང་དུ་བཤད་དོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ལས་མཐེ་བོང་གཡས་པ་གཅིག་པུ་བསྟན་པ་སྤྱན་རས་གཟིགས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་པ་ལས་གུང་མོ་གཉིས་ཕྱུངས་ཏེ་བརྐྱང་བ་རྩེ་མོ་གཅིག་ཏུ་བྱས་པ་རྡོ་རྗེའི་རྩེ་མོ་འདྲ་བ་བྱས་པ་ཕྱག་རྡོར་གྱིའོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ནས་མཐེ་བོང་གཉིས་བཏུད་ནས་ཅུང་ཟད་སྟོང་པ་ཁྱབ་འཇུག་གི་ཕྱག་རྒྱའོ། །མཐེ་ཆུང་གི་རྩེ་མོ་མཐེ་བོས་མནན་ནས་སོར་མོ་གསུམ་བརྐྱང་བ་སྔར་གྱི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རྩེ་མོ་མཐུར་དུ་བསྟན་པ་དྲག་པོའི་མདུང་རྩེ་གསུམ་གྱི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་དཀྲིས་ལ་མཐེ་བོང་གཉིས་ལག་པའི་ནང་དུ་བཀུག་ནས་སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་འདྲ་བར་སོ་སོ་ནས་ལག་སྟེང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། །དེ་ནས་རིགས་གསུམ་སྤྱིའི་ཕྱག་རྒྱ་གསུམ་བསྟན་ལ། སྙིང་པོ་ཡི་གེ་གསུམ་པ་བཟླའོ། །དེ་ནས་གྲུབ་ན་སྦྱིན་སྲེག་གི་ཆོ་ག་བྱས་ལ། དེ་ནས་ལྷ་ལ་བདུག་སྤོས་ཕུལ་ཏེ་བསྟོད་པ་ནས་སྨོན་ལམ་གདབ་པའི་བར་སྔར་བཞིན་བྱ། བསྟོད་པའི་སྐབས་སུ་འཇིག་རྟེན་པ་གསུམ་གྱིས་བསྟོད་པས་ཁ་བསྐང་། དེ་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ལ་གླེགས་བམ་བཀླག་པར་བྱ་སྟེ། དེས་ནི་དཀྱིལ་འཁོར་སྒྲུབ་མཆོད་ཚར་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་སྒྲུབ་མཆོད་བྱས་ནས་བསྒྲུབ་བྱ་གང་གི་དོན་དུ་བྱ་བ་དེ་ལ་དམིགས་ནས་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་ལན་བདུན་ཅུ་རྩ་བདུན་བྱ། རྩ་སྔགས་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ལ། སྔགས་འདོན་པ་དང་ཡི་གེ་འབྲི་མཁན་ཁྲུས་བྱས། གོས་གཙང་མ་གྱོན་ཁ་ཟས་གཙང་མ་ཟོས་ལ་མེ་ཏོག་དང་བདུག་པས་མཆོད། རིན་པོ་ཆེ་ལ་སོགས་པའི་ཡོན་གྱིས་མགུ་བར་བྱ། རྩ་སྔགས་ཚར་བདུན་ཅུ་རྩ་བདུན་བྲིས་ཏེ་སློབ་དཔོན་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་བསྒྲུབ་པའི་ཆོ་ག་ལས་འབྱུང་བ་བཞིན་སཱཙྪ་བདུན་ཅུ་རྩ་བདུན་བཏབ་ལ་དེའི་ནང་དུ་རྩ་སྔགས་བཅུག་སྟེ། དཀྱིལ་འཁོར་གྱི་ཉེ་འཁོར་དུ་བཞུགས་སུ་གསོལ་ལ། ཞི་བ་སྙིང་པོའི་ཆོ་ག་བཞིན་དུ་རབ་ཏུ་གནས་པར་བྱ། བསྡུ་ན་དེས་ཆོག་ལ། རྒྱས་པར་མཁན་པོ་བོདྡྷི་སཏྭས་མཛད་པའི་དྲི་མེད་ཀྱི་གཟུངས་ཀྱི་ཆོ་ག་འདོན་པ་ཁ་སྤོས་ལ་བྱའོ། །དེ་ནས་བསྒྲུབ་བྱ་གང་ཡིན་དེ་ཁྲུས་བྱས་གོས་གཙང་མ་གྱོན། དཀྱིལ་འཁོར་དུ་འཇུག་པའི་སྒོ་ནུབ་ཕྱོགས་སུ་བཞག་ནས་དེའི་མདུན་དུ་མཆོད་པ་ཚང་བ་དང་། ཁྱད་པར་ལྷ་བཤོས་ཚད་ཀྱི་བཟང་དུ་བྱ་སྟེ། བསང་སྦྱང་བྱིན་བརླབ་བྱས་ལ། མཆོད་པའི་ཚིགས་བཅད་དང་རྩ་སྔགས་ཀྱིས་འབུལ་དུ་གཞུག །གྲ་བཞིའི་བུམ་པ་ལ་རྩ་བའི་སྔགས་བདུན་ཅུ་རྩ་བདུན་དང་། སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས། ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལས་འོད་ཟེར་འཕྲོས། ངན་སོང་གིས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་དུཿཁ་དང་སྡིག་པ་ཐམས་ཅད་བསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད། དེ་རྣམས་ཐམས་ཅད་ལས་འོད་ཟེར་བདུད་རྩི་ལྟ་བུ་བྱུང་ནས་བུམ་པ་གང་བར་བསམ་ཞིང་བཟླས་པ་བྱས་ལ། དེས་བསྒྲུབ་བྱ་དེ་ལ་རྩ་སྔགས་བདུན་ཅུ་རྩ་བདུན་བཟླས་ལ་ཁྲུས་བྱ། དེ་ནས་མཁན་པོ་བོ་དྷི་ས་ཏྭས་མཛད་པའི་དྲི་མེད་ཀྱི་ཆོ་ག་ནས་བཤད་པའི། དེ་ནས་ནངས་པར་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་མཆོད་ནས། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་འདེབས་སུ་སྩལ་ཏེ། ཞེས་པ་ནས་དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་པའི་བར་འདོན་པ་ཁ་སྤོས་ལ་བྱ། དེ་ཙམ་མ་འགྲུབ་ན་འདི་ཉིད་ཀྱིས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ནས་སྨོན་ལམ་གདབ་པའི་བར་སྔར་བཞིན་བྱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཆོས་སྐྱོང་བའི་ཚོགས་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། །བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ནས་འབྱུང་བའི་ཆོ་ག་བཞིན་དེའི་རྩ་བའི་སྔགས་བདུན་ཅུ་རྩ་བདུན་བྲིས་ཏེ་ནང་དུ་བཅུག་པའི་མཆོད་རྟེན་བདུན་ཅུ་རྩ་བདུན་བཏབ་སྟེ་མཆོད་ཅིང་མངའ་གསོལ་བ་ཡང་བགྱིས། དཀྱིལ་འཁོར་བྲིས་ཏེ་འཕགས་པའི་ཚོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་རྣམས་གདན་དྲངས་ནས་མཆོད་པའི་ཚོགས་སྦྱར་བ་རྣམས་ཀྱིས་མཆོད་ཅིང་གསོལ་བ་བཏབ་པ་དང་། གཟུངས་སྔགས་བཟླས་ཤིང་འབྱུང་པོ་རྣམས་གཏོར་མས་ཚིམས་པར་བྱས་པའི་མཐུས། ཆེ་གེ་ལ་སོགས་པ་ལས་དང་ཉོན་མོངས་པས་མནར་ཞིང་། ནད་དང་སྡུག་བསྔལ་གྱིས་གཙེས། དུས་མ་ཡིན་པར་འཆི་བས་ཉེན་ཏེ་སྐྱབས་སུ་སོང་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ནས་སྔོན་གྱི་སྨོན་ལམ་བཟང་པོ་ལས་གླེངས་ཏེ། ཆེ་གེ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དུཿཁ་དང་གནོད་པ་ཐམས་ཅད་བྱང་ཞིང་། ཞི་བ་དང་ཕན་པ་དང་བདེ་བ་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་བར་བྱིན་གྱིས་རློབ་ཅིང་། ཇི་ལྟར་འཚལ་བ་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་བྲམ་ཟེ་སེར་སྐྱའི་ཟླ་བ་ལ་ཐུགས་བརྩེ་བའི་སྒོ་ནས་དཔལ་གྱི་མགུར་ནས་འདི་སྐད་དུ། གང་ལ་ལ་འདིའི་ཆོ་ག་བྱེད་པར་འདོད་ན། ཚེས་བརྒྱད་དང་། བཅུ་གསུམ་དང་། བཅུ་བཞི་དང་། བཅོ་ལྔ་རྣམས་གང་ཡང་རུང་བ་ལ་མཆོད་རྟེན་རིང་བསྲེལ་ཅན་ལན་བདུན་ཅུ་རྩ་བདུན་བསྐོར་ལ། གསང་སྔགས་འདི་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ཏེ། ཁྲུས་བྱས་ལ། དཀྱིལ་འཁོར་བྱས་ནས་གསང་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་བྲིས་ཏེ། དེའི་ཚེ་གསང་སྔགས་འདོན་པ་དང་ཡི་གེ་འབྲི་བ་ཡང་ཁྲུས་བྱས་ལ། གོས་གཙང་མ་གྱོན་ཏེ། ལུས་སྤོས་ཀྱིས་བྱུགས་ནས་ཁ་ཟས་གཙང་མ་ཟོས་ལ། མེ་ཏོག་དང་བདུག་པས་མཆོད་དེ། དེ་ལ་རིན་པོ་ཆེན་སྣ་བདུན་ཡང་ཡོན་དུ་ཕུལ་ལམ། ཡང་ན་བདག་གི་ཉམས་ཀྱིས་ཅི་འབྱོར་བ་ཕུལ་ཡང་རུང་སྟེ་སེམས་མགུ་བར་བྱའོ། །ཆོས་བཙུན་པར་བྱ་བའི་ཕྱིར་བསྟི་སྟངས་དང་རི་མོ་ཆེར་བྱའོ། །གསང་སྔགས་ཀྱི་ཡི་གེ་ལ་ཡང་དཀོན་ཞིང་རིན་པོ་ཆེའི་འདུ་ཤེས་བཞག་སྟེ། མཆོད་རྟེན་ཆེ་ཆུང་ཇི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང་། དེ་རེ་རེའི་ནང་དུ་གསང་སྔགས་རེ་རེ་བཅུག་སྟེ་སེམས་རྩེ་གཅིག་ཏུ་མཆོད་པ་ཆེན་པོ་བྱས་ནས་ཚེ་ཟད་པ་ལས་ཚེ་སླར་ནུར་ཏེ་ཚེ་རིང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཚེ་རབས་གྲངས་མེད་པའི་སྡིག་པ་ཐམས་ཅད་བྱང་ནས། ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་སྐྱེ་གནས་ཐམས་ཅད་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེས་པའི་གནས་ཐམས་ཅད་དུ་ཡང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། ཡིད་ལ་བསམ་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གང་ལ་ལ་ཞིག་ནད་ཚབས་ཆེན་པོས་བཏབ་སྟེ་འཆི་བའི་དུས་བྱེད་པ་ལ་ཐུག་ན་དཀྱིལ་འཁོར་གྲུ་བཞི་པར་བྱས་ལ། དེའི་སྟེང་དུ་ཚོན་སྣ་ལྔས་རི་མོ་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང་། རྡོ་རྗེ་དང་། དུང་དང་། མདུང་རྩེ་གསུམ་པ་དང་། གཡུང་དྲུང་རིས་དང་། པདྨོ་རྣམས་བྲིའོ། །གྲྭ་བཞིར་ཡང་པདྨ་རེ་རེ་བྲིས་ཏེ། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་རེ་རེ་གྲྭ་བཞིར་བཞག་གོ། །བདུག་སྤོས་ཀྱིས་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་བཞག་གོ། །ཁ་དོག་སྣ་ལྔའི་སྣོད་དུ་ཁ་ཟས་སྣ་ཚོགས་དང་། ཟས་དཀར་གསུམ་དང་། འབྲས་ཆན་དུ་སྦྱར་བ་བཞག །ཡང་དྲིའི་ཆུ་དང་མེ་ཏོག་དང་འབྲས་སམ། འབྲུས་སྣོད་བཀང་བ་ཕོར་བུ་རེ་རེ་བླུགས་པ་དང་། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་སྤོས་ཆུ་བུམ་པ་གང་དང་སྦྱར་ཏེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་གོ། །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མར་མེ་བཞག་གོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ་དཀྱིལ་འཁོར་གྱི་ནང་དུ་ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་འབུལ་དུ་གཞུག་གོ། །དེ་ནས་སྔགས་མཁན་གཙང་སྦྲ་ཆེར་བྱས་ཏེ། ནད་པ་དེ་ལ་གསང་སྔགས་བདུན་ཅུ་རྩ་བདུན་གྱིས་བཏབ་སྟེ་ཆོ་ག་འདི་ལྟར་བྱས་ན། ནད་པ་ཚེ་ཟད་དེ་འཆི་བའི་དུས་བྱེད་དུ་ཉེ་བ་ཞག་བདུན་ནས་དྲན་པ་ཉམས་ཤིང་འཁྲུལ་པར་གྱུར་བ་ཡང་ཚེ་སླར་ནུར་ཞིང་ཚེ་རིང་པོར་འགྱུར་རོ། །རྨི་ལམ་གྱི་དུཿཁ་ཡང་མྱོང་བར་མི་འགྱུར་རོ། །གང་ལ་ལ་ཞིག་གིས་གཙང་སྦྲ་ཆེར་བྱས་ཏེ་ཉིན་གཅིག་བཞིན་རྟག་པར་གསང་སྔགས་ལན་རེ་རེ་ཇི་སྲིད་འཚོའི་བར་དུ་བཏོན་ན་དེ་འཆི་བའི་དུས་བྱས་ནས་ལོངས་སྤྱོད་དང་བདེ་བ་མི་ཟད་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་པར་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་ཞིང་ཚེ་རབས་རྗེས་སུ་དྲན་པར་ཡང་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་དང་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་མི་ཤི་བའི་ཆེད་དུ་ཕན་པར་འདོད་པས་སེམས་ཐག་པ་ནས་གསང་སྔགས་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ན་ཤི་བ་དེ་ངན་སོང་གི་གནས་སུ་ལྷུང་ན་ཡང་དེའི་མོད་ལ་ལས་ཀྱིས་སྒྲིབ་པ་རྣམས་ཟད་ནས་མཐོ་རིས་ཀྱི་ལྷའི་གནས་སུ་སྐྱེ་ཞིང་བདེ་བ་མྱོང་བར་འགྱུར་རོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲིས་པ་གཞན་གྱི་མིང་ནས་སྨོས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ལས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ངན་སོང་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་། ནམ་ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མས་ཕོག་ཀྱང་རུང་སྟེ་དེའི་སྡིག་པ་ཐམས་ཅད་འབྱང་ཞིང་ཟད་པར་འགྱུར་རོ། །མཆོད་རྟེན་དེའི་གནས་ན་འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་ལ་སོགས་པ་ལུས་ལ་འཇུག་ཅིང་གནོད་པ་དང་། གཅན་གཟན་ཁྲོ་བོ་དང་། ཐོག་འབབ་པ་དང་། སྡིག་སྦྲུལ་ཁ་གདུག་པ་དང་། སྦྱར་དུག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་ཚུགས་ཤིང་མེད་པར་འགྱུར་རོ། །གཞན་ཡང་ཕ་རོལ་གྱི་དམག་ཚོགས་དང་། མཚོན་དང་། མེ་དང་། ཆུ་དང་། སེར་བ་དང་། མུ་གེ་དང་། དུས་མ་ཡིན་པར་འཆི་བ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་དང་། དུཿཁའི་གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །ཡུལ་དེར་ལྟས་ངན་ཞིག་བྱུང་ན་ཡང་མཆོད་རྟེན་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འོད་ཟེར་ཆེན་པོ་བྱུང་བས། ལྟས་ངན་དང་། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་འགྱུར་རོ། །གང་གཞན་ཞིག་བསམ་པ་ངན་པས། དམག་དང་ཆོམ་རྐུན་གྱིས་གནོད་པ་བྱ་བར་སེམས་སམ། དགྲ་རྒོལ་བ་ཞིག་བྱུང་ན་ཡང་གནས་དེར་མཆོད་རྟེན་དེ་ལ་འོད་ཟེར་ཆེན་པོ་འབྱུང་སྟེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མེ་ལྕེ་ཀུན་ཏུ་འབར་བས་བསྐོར་བའི་ནང་ན་དམག་གི་དཔུང་དང་། མཚོན་ཆའི་ཆར་མངོན་པར་བསྟན་པས། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཞི་ཞིང་ཕྱིར་བཟློག་པར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པ་བྱས་ཏེ། ཕྱོགས་བཞིར་དཔག་ཚད་བརྒྱ་ཚུན་ཆད་དུ་མཚམས་བཅད་དེ་བསྲུངས་པས། དེའི་ནང་དུ་འཁྲུག་པ་དང་། ནད་འགོ་བ་དང་། ཕྱུགས་ནད་ཐམས་ཅད་མི་འབྱུང་ངོ་། །འཐབ་ཅིང་རྩོད་པ་མི་འབྱུང་ངོ་། །ཆོས་མ་ཡིན་པར་སྤྱོད་པ་མེད་པར་འགྱུར་རོ། །འདི་ལ་གསང་སྔགས་གཞན་གྱིས་བཅད་པ་དང་མནན་པར་མི་ནུས་ཏེ། གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པར་ཅི་གནང་ཞེས་ལན་གསུམ་དུ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་ནས་བསྒྲུབ་བྱ་ལ་ཁྲོ་བོ་མནོལ་བ་མེད་པ་དང་། བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་བ་དང་། གོ་ཆའི་སྔགས་ཀྱིས་བསྲུང་བ་དང་། གོ་བསྐོན་པ་བྱས་ལ་བཏང་། དེའི་རྗེས་སུ་མཆོད་པ་གསོ་བའམ་སྤོས་ལ་གཏང་རག་གི་མཆོད་པ་ཕུལ། འགྲུབ་ན་སྦྱིན་སྲེག་བྱས་ལ་བསྟོད་པ་ནས་སྨོན་ལམ་གདབ་པའི་བར་དང་། ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་སྔར་བཞིན་བྱ། སྔར་གྱི་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་ལྷ་རང་རང་གི་སྙིང་པོའི་ཤམ་དུ་གཙྪ་བཏགས་པ་བརྗོད་ཅིང་། མཆོད་ཡོན་སྦྲེང་ནས་སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། སྔགས་ཀྱིས་སྤྲུལ་པའི་ལྷ་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་བསྡུ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་བསྡུ། ཡི་གེ་ཟླ་བ་ལ་བསྡུ། ཟླ་བ་རྣམ་སྨིན་གྱི་ལུས་ལ་བསྡུས་ནས། ཐོག་མར་དཀྱིལ་འཁོར་གྱི་མཚན་མ་རྣམས་བསྡུ། དེ་ནས་གདན་རྣམས་བསྡུས་ཏེ་རྡུལ་ཚོན་རྣམས་ཕྱགས་ལ་མཆོད་རྫས་དང་དམན་པ་རྣམས་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་ུལ་དོར་བར་བྱ། བཟའ་བཅའ་རྣམས་ཕོངས་པ་རྣམས་ལ་སྦྱིན་ཞིང་ཁྱི་དང་བྱ་རོག་ལ་ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །དེ་ནས་སྔར་བཤད་པ་བཞིན་གྱི་སྔགས་རྒྱས་ར་བ་དང་། དྲྭ་བ་དང་། ཕྱོགས་མཚམས་བཅིངས་པ་རྣམས་བཀྲོལ་ལ། བདག་ཉིད་ལ་གོ་ཆ་བསྐོན་ཏེ་བསྲུང་བར་བྱ། མཇུག་ཏུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པར་བྱ་སྟེ་དེ་ནི་འཆི་བ་བསླུ་བའི་ཆོ་གའོ། །མཆོད་རྟེན་གྱིས་སྲོག་ཤིང་འཛུགས་པའི་ཆོ་ག་བྱེད་པར་འདོད་ན་བསྙེན་པའི་སྐབས་སུ་གཞན་སྔར་དང་འདྲ་བ་ལས། བཅོམ་ལྡན་འདས་ཐུབ་པའི་དོད་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གསེར་མདོག་ཐོར་ཚུགས་ཅོད་པན་ཅན། ཕྱག་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པ། དེའི་སྔགས་ནི། ན་མོ་བྷ་ག་ཝ་ཏེ། ན་བ་ན་བ་ཊཱི་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲ་ཎཱཾ། ན་མཿསརྦ་ནཱི་ཝ་ར་ཎ་བི་སྐམྦི་ནི་བོདྷི་ས་ཏྭཱ་ཡ། ༀ་ཏུ་རུ་ཏུ་རུ་མ་མ་སརྦ་ཨཱ་བ་ར་ཎ་བི་ཤྭ་དྷ་ནི། སརྦ་ཏ་ཐཱ་ག་ཏ་ཨ་ཡུཪྦ་ལ་ནི། བི་པུ་ལ་ནིརྨ་ལེ། སརྦ་སིདྡྷི་ན་མ་སྐྲྀ་ཏྭཱ། བ་ར་བ་ར། སརྦ་སཏྭཱ་ཨ་ཝ་ལོ་ཀི་ནི། ༀ་སརྦ་ནི་བཱ་ར་ཎ། བིསྐམྦི་ནི། མ་མ་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཀུ་རུ་སྭཱ་ཧཱ། ཕྱག་རྒྱ་ནི་ཐལ་མོ་བརྐྱང་པ་སྦྱར་ནས་ཅུང་ཟད་རྩེ་མོ་བསྐུམ་པར་བྱས་པའོ། །བདག་བསྐྱེད་ཀྱིི་སྐབས་སུ་གཙུག་ཏོར་གྱི་ཕྱག་རྒྱ་ནས་གནས་པའི་ཕྱག་རྒྱའི་བར་མི་དགོས། མདུན་དུ་ཡེ་ཤེས་པ་སྤྱན་འདྲེན་པ་ན་ཡང་སྒྲིབ་པ་རྣམ་སེལ་ཉིད་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྟན་པའི་སྔོན་དུ་རང་གི་ཕྱག་རྒྱ་བསྟན་ལ་སྔགས་བཟླ། བཟླས་པའི་སྐབས་སུ་སྔར་གྱི་སྔགས་གཉིས་པོའི་དོད་ལ། རང་གི་སྔགས་གཅིག་པོ་བཟླ། གཞན་སྔར་དང་འདྲ་བ་སྔོན་དུ་བསྙེན་པ་བྱས་ནས། དཀྱིལ་འཁོར་སྔར་ལས་ཁྱད་པར་མ་གསུངས་ཀྱང་མཚན་མ་འགོད་པའི་སྐབས་སུ་བཅོམ་ལྡན་འདས་ཀྱི་གཡོན་དུ་སྒྲིབ་པ་རྣམ་སེལ་གྱི་མཚན་མ་ཡིད་བཞིན་ནོར་བུ་བཀོད་ན་འཐད་པར་མངོན། །དཀྱིལ་འཁོར་གྱི་སྣམ་བུའི་གྲ་བཞིར་བུམ་པ་བཞི་མི་དགོས་པས་དེའི་དོད་དུ་དྲིའི་ཆུས་གང་བའི་དུང་ཆོས་རེ་རེ་བཞག །སྔར་སྣམ་བུའི་ནུབ་ཏུ་འགོད་པ་རྣམས་ལྷོ་རུ་འགོད། ཏིལ་ནག་དང་། མ་ཤ་དང་། འབྲས་བསྲེས་ནས་བཙོས་པའི་ཐུག་པ་ཀྲི་ས་ར་དང་། ཟས་དཀར་གསུམ་རྣམས་བུམ་པའི་ནང་དུ་བླུག་པ་དང་། ཤིང་ཏོག་སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་རྣམས་ནུབ་ཏུ་དགོད། བྱང་དུ་སྔར་གྱི་སྟེང་དུ་སྤོས་དང་མེ་ཏོག་བསྣན་ལ་དགོད། གཞན་སྔར་དང་འདྲ་བར་ས་ཆོག་ནས་སྒྲུབ་མཆོད་ཀྱི་བར་ཁྱད་མེད་པར་བྱའོ། །དེ་ནས་སྒྲིབ་སེལ་གྱི་གཟུངས་དེ་ཉིད་དགུ་བཅུ་རྩ་དགུ་བྲིས་ཏེ་སྲོག་ཤིང་གི་ཕྱོགས་བཞིར་གཞུག །འོད་ཟེར་དྲི་མེད་ཀྱི་གཟུངས་རིལ་པོ་བྲིས་ནས་སྲོག་ཤིང་གི་ནང་དུ་གཞུག །སྔར་གྱི་སྙིང་པོའི་སྔགས་བྲིས་ནས་སྲོག་ཤིང་གི་རྩ་བར་གཞུག །གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བྲིས་ལ་སྲོག་ཤིང་གི་རྩེ་མོར་བཅུག་སྟེ་མཆོད་རྟེན་གསར་པའམ་རྙིང་པ་ཞིག་རལ་གསོ་བའི་དབུས་སུ་བཙུགས་ལ། མཆོད་རྟེན་དེའི་ཕྱི་རོལ་གྱི་ཕྱོགས་བཞིར་མཆོད་པ་ཚང་བ་གཏོར་མ་དང་བཅས་པ་བཤམ། དེ་ནས་དཀྱིལ་འཁོར་སྒྲུབ་མཆོད་ཚར་བ་དང་མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་སེམས་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་བརྒྱད། གསང་བའི་བདག་པོ། རྒྱལ་ཆེན་བཞི། ཚངས་པ། དབང་ཕྱུག །ཁྱབ་འཇུག་རྣམས་མངོན་སུམ་དུ་བྱོན་པར་བསྒོམ་སྟེ། དེ་རྣམས་ལ་དམིགས་ནས། ཕྱག་འཚལ་བ་མཁན་པོ་བོདྷི་སཏྭའི་དྲི་མེད་ཀྱི་ཆོ་ག་ནས་འབྱུང་བ་བཞིན། ཕྱོགས་བཞི་ནས་ཕྱག་བྱ་སྟེ། བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་འཆིའོ། །དེ་བཞིན་དུ་རིན་པོ་ཆེ་ཏོག་ལ་སོགས་པ་ལྷོ་ཕྱོགས་ཀྱི༴ འོད་དཔག་མེད་ལ་སོགས་པ་ནུབ་ཕྱོགས་ཀྱི༴ རྔ་སྒྲ་ལ་སོགས་པ་བྱང་ཕྱོགས་ཀྱི༴ ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་སོགས་པ་བྱང་ཤར་གྱི༴ པདྨོ་དམ་པའི་དཔལ་ལ་སོགས་པ་ལྷོ་ཤར་གྱི༴ ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་སོགས་པ་ལྷོ་ནུབ་ཀྱི༴ གདུགས་དམ་པ་ལ་སོགས་པ་ནུབ་བྱང་གི༴ རྣམ་པར་སྣང་མཛད་ལ་སོགས་པ་འོག་ཕྱོགས་ཀྱི༴ ཡེ་ཤེས་ཏོག་ལ་སོགས་པ་སྟེ་སྟེང་ཕྱོགས་ཀྱི༴ ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་ཤྭཀྱ་ཐུབ་པ་གདུལ་བྱའི་དབང་གིས་ཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ། སྣ་ཚོགས་ཀྱི་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལ༴ འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ལ༴ གནོད་སྦྱིན་གྱི་དབང་པོ་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད༴ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་བ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་ལ༴ ཞེས་ཕྱག་བྱས་ལ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་རོལ་མོས་མཆོད། གནོད་སྦྱིན་དང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་བྱིན་ལ་བསྟོད་པ་ཅི་ཤེས་པས་བསྟོད་དེ། འོག་ནས་འབྱུང་བའི་སྔགས་ཉི་ཤུ་རྩ་བརྒྱད་བརྗོད་ལ་པུས་མོ་བཙུག་ཐལ་མོ་སྦྱར་ནས་བདུག་སྤོས་འཛིན་བཞིན་པས། སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འཁོར་དང་བཅས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་། ཁྱད་པར་དུ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་འབྱུང་བའི་ཆོ་ག་བཞིན་འཕགས་པ་གདན་འཛོམ་པར་མཛད་པའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ་འཕགས་པ་རྣམས་སྤྱན་དྲངས་ནས་མཆོད་ཅིང་གསོལ་བ་བཏབ་པ་དང་། མཆོད་རྟེན་གྱི་སྲོག་ཤིང་བཙུག་པའི་དགེ་བའི་རྩ་བ་འདིས། འཕགས་པ་ཐམས་ཅད་ཀྱིས་མཆོད་རྟེན་འདི་ཆོས་ཀྱི་སྐུ་རུ་བྱིན་གྱིས་བརླབས་ཏེ། རིང་བསྲེལ་དང་ལྡན་པར་མཛད་ནས། མཆོད་རྟེན་ལ་མཆོད་པ་དང་རིམ་གྲོ་བྱེད་ཅིང་སྲོག་ཤིང་བརྟན་པར་མཛད་དུ་གསོལ། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས། ཚེ་རིང་ཞིང་ནད་མེད་པ་དང་། བར་ཆད་ཀྱི་བགེགས་ཐམས་ཅད་དང་བྲལ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔོན་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང་། ཡོན་ཏན་ཐོབ་པར་འདོད་པས་གསང་སྔགས་ཀྱི་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱ་སྟེ། དགུ་བཅུ་རྩ་དགུ་ཡི་གེར་བྲིས་ལ། སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ་བའི་ལྕི་བས་བྱུགས་ཏེ། གྲ་བཞིར་དྲིའི་ཆུ་ཕོར་པུ་བཀང་བ་རེ་རེ་བཞག །བདུག་སྤོས་ཀྱི་སྣོད་དུ་བ་འཐུལ་བ་ཡང་བཞག་ནས། སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་། དྲིའི་ཆུ་དང་། འབྲས་སྐམ་པོ་རྣམས་བླུགས་ཏེ། འདི་རྣམས་བུམ་པའི་ནང་དུ་བླུགས་པ་དང་། ཡང་ཤིང་ཏོག་སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་དང་། ཁ་ཟས་མིང་གིས་སྨོས་པ་འདི་རྣམས་དང་། སྤོས་དང་མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ། གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས་མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་ཏེ་ཕྱག་བྱས་ལ་སེམས་རྩེ་གཅིག་པས་གསང་སྔགས་འདི་དག་གདོན་པར་བྱའོ། །འདི་ལྟ་སྟེ། ༀ་བི་པུ་ལ། བི་མ་ལེ། པྲ་བ་རེ་ཛི་ན་པ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གརྦྷེ། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨ་ཡ་ཏ་ཏོ་བ་ནི་སྭཱ་ཧཱ། སརྦ་དེ་བ་ཎི་བ་ཧ་ཡ་བི་བུདྡྷ་ཨ་དྷིཥྛ་ན་ས་མ་ཡེ་སྭཱ་ཧཱ། བདུག་སྤོས་འཐུལ་བ་རྒྱུན་མི་ཆད་པར་བྱ་ཞིང་། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་བཏོན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། གསང་བའི་བདག་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་རྣམས་དེའི་མོད་ལ་མཆོད་རྟེན་དེ་ལ་མཆོད་པ་དང་། རིམ་གྲོ་བྱེད་དེ་སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་གོང་དུ་ཡང་སངས་རྒྱས་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་། གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ། མཆོད་རྟེན་དེ་ལ་མཆོད་པ་དང་། །ཆོས་ཀྱི་སྐུར་བྱིན་གྱིས་རློབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་པ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར། ཐ་ན་བྱ་དང་རི་དྭགས་ལ་སོགས་པའི་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་བཀའ་སྩལ་བའི་ཕན་ཡོན་ཐམས་ཅད་ཆེ་གེ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་གྱུར་པས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་བཞིན་དུ་མཆོད་རྟེན་གྱི་ཕྱོགས་བཞི་ཀ་ནས་ཚར་རེ་རེ་བྱས་ལ། འཇུག་ཏུ་བཀྲ་ཤིས་དང་སྨོན་ལམ་རྒྱས་པར་གདབ་བོ། །དཀྱིལ་འཁོར་གྱི་འཇུག་གི་བྱ་བ་རྣམས་སྔ་མ་ལྟར་བྱ་སྟེ། སྲོག་ཤིང་འཛུགས་པའི་ཆོ་གའོ། །ཡང་ཚོགས་རྫོགས་ཤིང་སྡིག་པ་དག་པར་འདོད་པས་བསྙེན་གནས་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་བར་བསྟན་མ་ཐག་པ་དང་འདྲ་བར་བྱས་ལ། སྔར་གྱི་སྲོག་ཤིང་གི་སྔགས་དང་། སྙིང་པོའི་སྔགས་དང་། སྒྲིབ་པ་རྣམ་སེལ་གྱི་གཟུངས་དང་། སྲོག་ཤིང་བརྟན་པར་བྱེད་པའི་གཟུངས་བཞི་པོ་རེ་རེ་བཞིན་དགུ་བཅུ་རྩ་དགུ་བྲིས་ལ། དེ་ནང་དུ་བཅུག་པའི་སཱཙྪ་དགུ་བཅུ་རྩ་དགུ་བྱས་ཏེ། འོག་ནས་འཆད་པའི་ན་མོ་ན་བ་ན་བ་ཏཱི་ནཱཾ་ལ་སོགས་པའི་སྔགས་བྲིས་ལ། མཆོད་རྟེན་གྱི་འཕང་ལོའི་ནང་དུ་གཞུག །དཀྱིལ་འཁོར་གྱི་སྣམ་བུའི་སྟེང་ནས་མར་བཞུགས་སུ་གསོལ། དཀྱིལ་འཁོར་དུ་ཤོང་བ་མེད་ན་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་པདྨའི་གདན་བྱས་ལ་བཞུགས་སུ་གསོལ། ཞི་བ་སྙིང་པོའི་གཞུང་ངམ་མཁན་པོ་བོ་དྷི་ས་ཏྭའི་གཞུང་བཞིན་དུ་མཆོད་རྟེན་གྱི་མངའ་གསོལ་བ་དང་མཆོད་པ་རྒྱ་ཆེར་བྱ། བསྐོར་བ་ལན་བདུན་བྱ་ཞིང་། འོག་ནས་འབྱུང་བའི་སྔགས་ན་མོ་ན་བ་ལ་སོགས་བརྒྱ་རྩའམ་དགུ་བཅུ་རྩ་དགུ་བཏོན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཆོས་སྐྱོང་བའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པ་འོད་ཀྱི་གཟུངས་ནས་འབྱུང་བའི་ཆོ་ག་བཞིན། འཕགས་པ་རྣམས་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་བཞེངས་ཏེ་འཕགས་པ་རྣམས་སྤྱན་དྲངས་ནས་མཆོད་ཅིང་བསྟོད་ནས་བཟླས་བརྗོད་བགྱིས་པ་དང་། གསང་སྔགས་བཞི་པོ་རེ་རེ་བཞིན་ནང་དུ་བཅུག་པའི་མཆོད་རྟེན་དགུ་བཅུ་རྩ་དགུ་བགྱིས་ཏེ། གསང་སྔགས་ཡི་གེར་བྲིས་ནས་མཆོད་རྟེན་གྱི་འཕང་ལོར་བཅུག་པའི་མཆོད་རྟེན་བགྱིས་ཏེ་མཆོད་ཅིང་བསྟོད་ནས་བསྐོར་བ་བྱས་ཤིང་གཟུངས་བཟླས་པའི་མཐུས། ཆེ་གེ་ལ་སོགས་པའི་སེམས་ཅད་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་། གནོད་པ་དང་སྡུག་བསྔལ་ཐམས་ཅད་ཞི་ནས་ཕན་བདེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དངོས་གྲུབ་སྩོལ་བར་ཅི་གནང་། སྔོན་གསང་བའི་བདག་པོ་ལ་དཔལ་གྱི་མགུར་ནས་འདི་སྐད་དུ། གང་ལ་ལ་ཞིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་པར་འདོད་པ་དེས་སྔ་མ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ས་དང་ལྕི་བས་བྱུགས་ལ་དེའི་སྟེང་དུ་སྤོས་ཀྱི་རྐྱང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་དྲིའི་ཆུས་བཀང་བའི་སྣོད་རེ་རེ་བཞག་ལ། སྔར་བསྟན་པའི་གསང་སྔགས་བཞི་པོ་དག་ལས་རྣམ་པ་གཅིག་ཀྱང་དགུ་བཅུ་རྩ་དགུ་བྲིས་ཏེ། རང་གི་ལག་གིས་མཆོད་རྟེན་ཆུང་ངུ་དགུ་བཅུ་རྩ་དགུ་གདབ་ཅིང་གསང་སྔགས་རྣམས་ཀྱང་རེ་རེ་དེའི་ནང་དུ་གཞུག་གོ། །དེ་ནས་ཡང་གསང་སྔགས་འདི་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ་མཆོད་རྟེན་གྱི་འཕང་ལོ་རྣམས་ཀྱི་ནང་དུ་བཅུག་ལ། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། མེ་ཏོག་དང་བྱུགས་པས་མཆོད་ལ། ལན་བདུན་བདུན་བསྐོར་ཞིང་གསང་སྔགས་འདི་ཡང་གདོན་པར་བྱའོ། །ན་མོ་ན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གངྒཱ་ནཾ་དི། བ་ལུ་ཀ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ༀ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཆོ་ག་འདི་ལྟར་སྤྱད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱད་པར་ཡང་མ་ཟད་དེ། དེས་ནི་རིན་པོ་ཆེའི་མཆོད་རྟེན་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པར་འགྱུར་རོ། །དེའི་གོང་དུ་ཡང་ལྷ་ཐམས་ཅད་ཀྱིས་མཆོད་པའི་སྤྲིན་སྣ་ཚོགས་བསྡུས་ཏེ། མཆོད་རྟེན་དེ་ལ་ཡོ་བྱད་སྣ་ཚོགས་སྦྱར་ནས། དེ་བཞིན་གཤེགས་པའི་ཕོ་བྲང་དང་། ཡོ་བྱད་སྣ་ཚོགས་སྦྱར་ནས་མཆོད་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྙེད་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་རློབ་པར་མཛད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་རྒྱ་ཆེན་པོའི་བསོད་ནམས་དང་། ཡོན་ཏན་ཐམས་ཅད་ཐོབ་པར་མཛད་དོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོ་འདིའི་སྙིང་པོ་མ་ནོར་བར་ཡི་གེར་བྲིས་ལ་རྟག་ཏུ་བཏོན་ཏེ་མཆོད་པའི་ལས་བྱས་ལ་ལུས་ལ་ཐོགས་ན་རིག་པ་དེ་ཉིད་ཀྱིས་བསྲུང་བ་དང་བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང་། ཤར་གཉེར་བ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་གནོད་པ་བྱེད་པར་མི་འགྱུར་ཏེ། འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་ཡང་། མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འབྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་དེའི་སྒྲ་ཐོས་སམ། གྲིབ་མས་ཕོག་གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱི་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་ཁྱེར་བར་མི་འགྱུར། གདོན་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་ཅིང་། སྤྱན་རས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང་། དམ་ཚིག་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལ་སྡོང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་སྔགས་དང་། བྱད་དང་། སྦྱོར་བ་ངན་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལྟ་བས་ན་རིག་པ་འདོན་པ་གནས་གང་ན་འདུག་ཀྱང་། གསང་སྔགས་འདིའི་ཆོ་ག་དོན་དུ་གཉེར་བར་བྱ་སྟེ། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་གཞི་མདོའམ། སུམ་མདོ། སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ། དེའི་ནང་དུ་བཅུག་ན་འགྲོ་བ་ཐམས་ཅད་དང་། བྱ་དང་། སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོང་བ་དང་། ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་། རྡུལ་དང་། རླུང་དང་། གྲིབ་མས་ཕོག་ན་ཡང་བྱོལ་སོང་དང་། ཡི་དྭགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་། འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་ནས་ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང་། ཕྱིར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །ཞེས་བཀའ་སྩལ་བའི་ཕན་ཡོན་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཕྲལ་དུ་འགྲུབ་པར་ཅི་གནང་། དེ་བཞིན་གཤེགས་པའི་བཀའ་ཡང་དག་པའི་ཚད་མར་གྱུར་པས། ཇི་ལྟར་བཀའ་སྩལ་པ་བཞིན་དུ། བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང་། ཞེས་ལན་གསུམ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་ཆོ་ག་ཐམས་ཅད་སྔ་མ་དང་འདྲ་བ་ཡིན་ཏེ། ཚོགས་བསགས་པའི་ཆོ་གའོ། །བྱ་རྒྱུད་རིན་ཆེན་འབྱུང་གནས་ལས། །འོད་ཟེར་དྲི་མེད་ནོར་བུ་བླངས། །སྤྱི་རྒྱུད་བཞི་ཡིས་བྱི་དོར་བྱས། །ལེགས་བཤད་རྒྱལ་མཚན་རྩེར་མཆོད་པའི། །དགེ་བས་འགྲོ་བ་མ་ལུས་པ། །རྣམ་གྲོལ་རིན་ཆེན་གླིང་གི་བདག །ཡོན་ཏན་རོ་འཛིན་ཉི་སྟོང་ལྡན། །ཀུན་མཁྱེན་གདེངས་ཅན་གྲུབ་གྱུར་ཅིག །འདི་ལ་ནོངས་པའི་ཚོགས་མཆིས་ན། །བླ་མ་རྣམས་དང་ལྷག་པའི་ལྷ། །བྱ་བའི་རྒྱུད་ལ་མཁས་རྣམས་ཀྱིས། །བཟོད་པའི་མེ་ཡིས་གཞོམ་དུ་གསོལ། །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་ལས་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པའི་བྱ་བ་སྤྱིའི་སྒྲུབ་ཐབས་སུ་བསྡུས་པ་དང་། བྱ་བ་སྤྱིའི་རྒྱུད་རྣམ་པ་བཞི་ནས་ཁ་བསྐང་ཞིང་། མ་ཚང་བ་དག་འཇམ་དཔལ་རྩ་རྒྱུད་དང་། དོན་ཞགས་ཆོ་ག་ཞི བ་མོ་དང་། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་ལ་སོགས་པ་བྱ་བའི་རྒྱུད་སྡེ་ཆེ་བ་རྣམས་ནས་ཅུང་ཟད་ཁ་བསྐང་སྟེ། དཀྱིལ་འཁོར་གྱི་ཆོ་ག་ཉུང་བསྡུས་སུ་བསྡེབས་པ་འདི ། ལུང་དང་། རིགས་པ་དང་། མན་ངག་གི་ཡོན་ཏན་དུ་མས་ཕྱུག་པར་གྱུར་པ་བླ་མ་ཆོས་རྗེ་ཁྲོ་ཕུ་ལོ་ཙཱ་བའི་དབོན་མཁན་པོ་བསོད་ནམས་སེངྒེ་དང་། རྒྱུད་སྡེ་རིན་པོ་ཆེ་དུ་མས་རྒྱུད་ཕྱུག་ཅིང་། ཁྱད་པར་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་ལ་མི་འཇིགས་པའི་སྤོབས་པ་ཅན་དགེ་བའི་བཤེས་གཉེན་ཡར་ལུང་པ་ནམ་མཁའ་བློ་གྲོས་གཉིས་ཀྱིས་ཆོ་ག་འདི་སྔར་མ་དར་བས་ལག་ཏུ་བླང་དཀའ་བར་འདུག་པས་ཡིག་ཆ་ཞིག་ཅིས་ཀྱང་གྱིས། ངེད་ཀྱིས་སྦྱིན་བདག་དད་པ་ཅན་རྣམས་ལ་བསྐུལ་མ་བྱས་ལ་མཆོད་རྟེན་བཞེང་དུ་གཞུག་གོ། །ཞེས་ཁས་བླངས་པའི་ངོར། དགེ་སློང་རིན་ཆེན་གྲུབ་ཀྱིས་ཀུན་ལྡན་གྱི་ལོ། གྲོ་ཞུན་ཅན་གྱི་ཟླ་བའི་ཉི་ཤུ་བརྒྱད་ལ་སྦྱར་བའི་ཡི་གེ་པ་ནི་དེ་ཉིད་ལ་ཉེ་བར་གནས་པའི་དགེ་སློང་བསོད་ནམས་གྲུབ་བོ། །འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག། །།


previousའཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ། དགེ་སློང་རིན་ཆེན་གྲུབ།next