འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྟ་གོན་དབང་ཆེན།
འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྟ་གོན་སྐབས། སློབ་དཔོན་མདུན་བདག་བསྐྱེད་མཆོད་པ་དང་། ནང་མཆོད་སོགས་བཤམ། དཀྱིལ་འཁོར་གཞི་ལས་ལྷའི་ཚོམ་བུ་གཏོར་མ། མཆོད་པ་སྔོན་གཏོར་བཤམ། ཡ་མཱནྟ་ཀིའི་སྔགས་ཀྱིས་རང་ཉིད་འཇིགས་བྱེད་དཔའ་བོ་གཅིག་པའི་སྐུར་གསལ་ནས། སྔོན་འགྲོའི། །ཏོར་མ་དང་། ས་ལྷ་ཚང་བ། ས་གཞི་སྦྱོང་སྔགས་སོགས་གྲུབ་ནས། ཚོམ་བུ་མཆོད་གཏོར་གཤེགས། སྐྱབས་སེམས་ནས་བཟླས་པའི་བར་བདག་བསྐྱེད་རྫོགས་པར་བྱས་ནས། བདག་བསྐྱེད་ཀྱི་ཡེ་ཤེས་པ་ནམ་མཁར་བཏེགས་ནས་མཆོད་བསྟོད། བཀའ་བསྒོ་དང་བསྐོར་བ་སོགས་གྲུབ་ནས་དཀྱིལ་འཁོར་གྱི་དབུས་སུ་ཕུར་བུ་གཅིག་སྔགས་ཚིག་གིས་གདབ། དེ་འཕྲལ་ཕུར་བུ་སྟེགས་དང་མ་བྲལ་བར་ཟུར་དུ་བཞག །དཀྱིལ་འཁོར་གྱི་གཞི་དྲི་བཟང་གི་ཐིག་ལེ་ལྷ་གྲངས་དང་ཚོམ་བུ་བཀོད། གཏོར་མ་དང་མཆོད་པ་བསྐོར་བཤམ་བྱ། ལྷ་སྟ་གོན་བསྐྱེད་ཆོག་ནས་མཆོད་པ་དང་བསྟོད་པའི་བར་བྱ། བཟླས་པ་མི་དགོས། གཏོར་ཆོག་ཚར་འཕྲོས། སྙན་གསན་དབབ། ལྷ་ནམ་མཁར་བཏེགས་པ་དང་། མཆོད་བསྟོད་སོགས་བྱས་ནས་ཚོམ་བུ་བསྡུ། བུམ་པ་གཉིས་བཞག །བུམ་པ་སྟ་གོན་བསྐྱེད་ཆོག་ནས་བཟླས་པ་དང་། མཆོད་བསྟོད་འོད་ཞུའི་བར་ཚང་བ་བྱ། དེས་ཉིན་དང་པོ་མདོར་བསྡུས་གྲུབ། ཐིག་ཚོན་དང་བཤམ་བཀོད་
སྐབས་སྔགས་ཀྱིས་ཕུར་བུ་དཀྱིལ་འཁོར་གྱི་མཐར་བཞག །ཉིན་གཉིས་པ་ནས་སྒྲུབ་མཆོད་དངོས་གཞི་བདག་མདུན་བུམ་གསུམ་སྒྲུབ་པ། གཏོར་ཆོག་བདག་འཇུག །ཚོགས་ཡོད་ན་ཚོགས་འཁོར། རྗེས་ཆོག་མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་བཏང་། གྲོལ་ཉིན་ཀྱང་དེ་ལྟར་ལ་རྗེས་ཆོག་སྐབས། རྡུལ་ཚོན་གྱི་དཀྱིལ་འཁོར་བ་གཤེགས་སུ་གསོལ། ཨ་ཀཱ་རོའི་སྔགས་ཀྱིས་རྡུལ་ཚོན་མཐའ་ནས་དབུས་སུ་བསྡུས་ཏེ་བུམ་པར་བླུག །ལྷ་མ་ཅུང་ཟད་མགོར་བཞག །ལག་གཉིས་སྐམ་པའི་རྒྱས་ཕུར་བུ་ཕྱུང་ལ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷཱུ་ར་ཨཱཛྙཱ་པཱ་ཡ་ཏི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བརྗོད། ཕུར་བུ་དབྱུང་ཤུལ་འོ་ཆབ་དང་། རེ་ཁཱ་དཀར་པོས་བཀང་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས་དགེ་བསྔོ་དང་བཀྲ་ཤིས་རྒྱས་པར་བརྗོད་པ་སོགས་བྱའོ། །ཞེས་པ་འདི་འང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།