Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་།next

གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་།


LT34_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་ཞེས་བྱ་བ་བཞུགས་སོ། །


LT34_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷཱ་ཡ། གང་གསུང་བདུད་རྩིའི་ཟེགས་མ་ཕྲ་རབས་ཀྱང་། །འཇིག་རྟེན་བཅུད་མཆོག་ཀུན་གྱིས་མི་བསྒྲུན་པ། །ཐུབ་གསུང་སྙིང་གི་ཟེའུ་འབྲུར་ཆགས་པ་ཡིས། །བློ་དམན་དད་པ་ཅན་གྱི་དབྱིག་འདི་སྦྱིན། །གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་མཆོད་རྟེན་བརྒྱ་རྩ་བརྒྱད་དང་ལྔ་གདབ་པའི་ཆོ་ག་གཉིས་དངོས་སུ་གསུངས་ཤིང་། འབུམ་ཕྲག་བཏབ་པའི་ཕན་ཡོན་བསྟན་པའི་ཤུགས་ལས་སྟོང་རྩ་སོགས་གདབ་པའི་ཆོ་གའང་བསྟན་པར་གྲུབ་ཅིང་། དེའི་དོན་གསལ་ཤེས་གྲུབ་ཏུ་བརྒྱའམ་སྟོང་སོགས་དཀྱིལ་འཁོར་གཅིག་ཏུ་བཏབ་པའི་ཚུལ་རྒྱས་པར་བཤད་ལ། གང་ལྟར་སཱཙྪ་བརྒྱ་བརྒྱད་ལ་གཟུངས་རིང་ཐུང་དང་སྐོར་བ་བརྒྱ་རྩ་འགྲོ་བའི་ཆོ་ག་སྦྱོར་དངོས་རྗེས་ཚང་ཚར་རེ་འགྲོ་དགོས་པ་གཉུང་གི་དགོངས་པ་དང་བླ་མ་རྣམས་ཀྱི་ཕྱག་ལེན་


LT34_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། འབྱོར་པ་ཆེ་ན་ཆོ་ག་ཚར་རེ་ལ་སཱཙྪ་བརྒྱ་བརྒྱད་དང་མཆོད་པ་དེ་མཚུངས་བཤམས་པའི་ཚར་སྟོང་ཕྲག་གཅིག་གིས་མཆོད་རྟེན་འབུམ་འགྲུབ་པ་བྱས་ན་ཕན་ཡོན་ཚད་མེད་ཅིང་། དེ་ལྟར་གྱི་ཚེ་ཆོ་ག་མཁན་པོ་དགེ་སློང་བཞི་སྡེ་ཙམ་དང་གཟུངས་དང་སྐོར་བའི་གྲངས་སྤྱི་འགོ་ནས་འགྲོ་བར་བྱས་ན་འཆམས་པར་འགྱུར་བ་དང་། འབྱོར་པ་ཆུང་བས་དེ་ལྟར་མི་ལྕོགས་ན་སཱཙྪ་སྟོང་ཕྲག་རེ་དང་བརྒྱ་མཆོད་སོགས་བཤམས་ཏེ་དགེ་སློང་བཅུ་ཐམ་པས་ཆོག་བཏང་ན་ཚར་གྲངས་བརྒྱ་ཕྲག་གིས་འབུམ་ཐེར་འགྲུབ་པར་འགྱུར་ལ། དེ་ལྟར་གྱི་ཚེ་ཆོ་ག་རེ་ལ་གཟུངས་དང་སྐོར་བ་མི་རེས་བརྒྱ་རྩ་རེ་འགྲུབ་དཀའ་བས་ལན་བཅུ་གཅིག་རེ་བྱས་ན་སྤྱི་ནས་བརྒྱ་དང་བཅུ་འགྲོ་བས་དེས་ཀྱང་རུང་ཞིང་། བར་རྣམས་ནི་དེ་ཡིས་རིགས་འགྲེས་པས་ཆོག་གོ། །ཤིན་


LT34_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱོར་པ་དམན་པས་ཆོ་ག་ཚར་གྲངས་མང་པོ་མི་འགྲུབ་ལ་སཱཙྪ་གྲངས་མང་གདབ་པར་འདོད་ན། གཞི་ཡངས་པོར་པདྨའི་གདན་མང་པོར་སཱཙྪ་གང་ཤོང་བསྒྲིག །མཆོད་པ་ཡང་ཅི་འབྱོར་བཤམས་ནས་དགེ་སློང་གྲངས་ཀ་གང་འཛོམ་གྱིས་ཆོ་ག་བཏང་། དེ་ལྟར་ཉིན་གཅིག་གམ་གསུམ་སོགས་ལ་ཆོག་གང་ཐོན་གྱིས་སཱཙྪ་རྫོགས་པར་བྱས་ན་ཆོག་མ་བྱས་པ་ལས་ནི་ཕན་ཡོན་འགྱུར་ཁྱད་ཤིན་ཏུ་ཆེ་ཞིང་། འབྱོར་བསམ་ལྕོགས་པ་ལ་ཉེས་པའང་མེད་དོ། །ཚར་གྲངས་མང་ཉུང་གང་བྱེད་ཀྱང་བཤམ་བཀོད་སོགས་ནི་འོག་ཏུ་གསལ་བའི་རྒྱས་བསྡུས་གང་འགྲུབ་མ་འཁྲུལ་བ་བྱ་དགོས་སོ། །དེ་ལྟར་སྤྱིར་རྒྱས་བསྡུས་བྱེད་ཚུལ་གྱི་རྣམ་དབྱེ་ཕྱེད་པར་བྱས་ནས། བྱེ་བྲག་ལག་ལེན་དངོས་བཤད་པ་ལ་བཞི། སཱཙྪ་འདེབས་པའི་རིམ་པ། དཀྱིལ་འཁོར་མཆོད་པའི་བཤམ་བཀོད། ཆོ་ག་རྒྱས་བསྡུས་བཏང་ཚུལ། རྗེས་ཇི་ལྟར་བཞུགས་པའི་ཚུལ་བཤད་པའོ། །དང་པོ་ནི། སཱཙྪའི་རྒྱུ་འཇིམ་པའི་ས་གང་ནས་ལེན་པའི་གནས་དེར། དཀར་གཏོར་དང་གསེར་སྐྱེམས་བཤམ། རང་ཉིད་རྡོ་རྗེ་འཛིན་པའི་ང་རྒྱལ་གྱིས་བྱིན་བརླབས་ལ་འབུལ་ཚིག་རྒྱས་བསྡུས་ཅི་འགྲུབ་བྱ། ཚོན་སྐུད་ལྔ་བསྒྲིལ་གྱི་སྐུད་པས་ས་ཇི་ཙམ་ལེན་དགོས་པའི་རྒྱ་ཁྱོན་གྱི་མཐར་གྲུ་བཞིར་བཅད་ལ། ཨོཾ་བཛྲ་སཱུ་ཏྲ་ཧཱུྃ་ཕཊ། ལན་གསུམ། ས་ལ་


LT34_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་གདོན་བགེགས་བསམ་སྦྱོར་ངན་པ་མཆོད་རྟེན་དང་དགེ་བའི་ལས་ལ་བར་དུ་གཅོད་པ་རྣམས་རྡོ་རྗེའི་རྭ་བས་མཚམས་བཅད། གཞི་དེ་ཉིད་མཆོད་རྟེན་གྱི་རྒྱུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཏུ་གྱུར། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལྔ་དབུས་དང་ཐིག་གི་གྲྭ་བཞིར་གདབ། གཅིག་ལས་མ་འབྱོར་ན་འདེབས་པའི་ཚུལ་བྱས་ལ་མཐར་དབུས་སུ་གདབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱ་ན་ཧཱུྃ་ཕཊ། ལན་བདུན་བརྗོད་ལ། ས་ཇི་ཙམ་དགོས་པ་བླངས་ལ་ཟིན་གྱི་བར་ཐིག་དང་ཕུར་བུ་མི་བསྡུའོ། །དེ་ནས་ཏིལ་དང་ཡུངས་ཀར་ལ། ཨོཾ་ཨ་མྲྀ་ཏེ་ཧ་ན་ཧ་ན་ཧཱུྃ་ཕཊ། ལན་བདུན་བཟླས་ལ་འཐོར་བས། བགེགས་ཐམས་ཅད་ཚར་བཅད་དེ་སའི་ཕྱོགས་དེ་བཞིན་གཤེགས་པའི་བཞུགས་གནས་དཔག་ཏུ་མེད་པར་གྱུར། །ཅེས་དང་། གཟུངས་ཐུང་ཡང་བརྗོད་ལ་བྱིན་གྱིས་བརླབ་པོ། །དེ་ནས་ཨོཾ་བཛྲ་ཁ་ན་ཁ་ན་ཧཱུྃ་ཕཊ། ཅེས་བཟླ་ཞིང་ས་བརྐོ། ས་གཞི་རིན་ཆེན་རྣམ་ལྔ་བརྐོས་པ་ཡིས། །དེ་བཞིན་གཤེགས་སྐུ་རྣམ་དག་རྒྱུར་གྱུར་ཅིག །ཅེས་བརྗོད་ལ་ཡིད་ཀྱིས་ཀྱང་དམིགས་པ་གཞན་ལའང་འགྲེའོ། །ས་གཙང་མ་བླངས་པ་གནས་གཙང་མར་སྤུངས་ལ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅས་ཐོ་བས་བརྡུང་ལ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་


LT34_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ། ལན་བདུན་སོགས་བརྗོད། ཉོན་མོངས་བག་ཆགས་བྱང་ཞིང་འཇོམས་གྱུར་ཅིག །འཇིམ་པ་བརྫི་བ་ནི། ཆུ་གཙང་དྲི་ཞིམ་སྔོས་དང་སྦྱར་བ་ལ་རྡོ་རྗེའི་ཕྱག་རྒྱ་གཏུགས་ཏེ། སྤོས་ཆུའི་སྟེང་དུ་ཨ་ལས་ཟླ་དཀྱིལ་ལས། །འོད་འཕྲོས་ཆུ་ཉིད་བདུད་རྩིའི་རང་བཞིན་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་བདུན་གྱིས་བྱིན་བརླབས་པས་འཇིམ་པ་བརྫིས་ལ། ཨོཾ་བཛྲ་པྲ་མརྡ་ནཱ་ཡ་ཧཱུྃ་ཕཊ། ཅེས་དང་རྟེན་སྙིང་བཟླས། འཇིམ་པ་དེ་བཞིན་གཤེགས་པའི་སྐུར་གྱུར་ཅིག །དེ་ནས་འཇིམ་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཤུདྡྷེ་ན་དུ་ཤོདྷ་ཡ་སྭཱ་ཧཱ། པད་ཟླར་འཇིམ་པ་རིན་ཆེན་ཕུང་པོར་གྱུར། །རང་གི་ཐུགས་ཀའི་འོད་ཟེར་འོག་མིན་དུ། །འཕྲོས་པས་རྣམ་པར་སྣང་མཛད་ཐུགས་རྒྱུད་བསྐུལ། །དེ་ལས་འོད་འཕྲོས་འགྲོ་རྒྱུད་ཉོན་མོངས་སྦྱངས། །སླར་འདུས་འཇིམ་པའི་ཕུང་པོ་ལ་ཐིམ་པས། །བདེ་གཤེགས་ཀུན་གྱི་ཡེ་ཤེས་རང་བཞིན་གྱུར། །ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང་། ལག་གཡས་དེ་བཞིན་བྱས་པ་ཁ་སྦུབས་པའི་བར་དུ་འཇིམ་པ་བཞག་ལ། ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ།།། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ།


LT34_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ས་མ་རོ་པེ། ཨ་ན་ལམྦེ། ཏ་རམྦེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛ། ནི་ར་ཀུ་ལེ། ནི་རྦཱ་ེ། སརྦ་བུདྡྷཱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་རྣམ་སྣང་གི་གཟུངས་རིང་ལན་ཉེར་གཅིག་དང་། ཨོཾ་ཛི་ན་ཛི་ཀ་སྭཱ་ཧཱ། ཉེར་གཅིག །གཟུངས་ཐུང་ཅི་ནུས་བཟླས། འཇིམ་པ་བཅད་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཆི་མེད་རྡོ་རྗེའི་སྲོག་ཟུངས་ཐོབ་པར་ཤོག །འབི་འབི་བྱས་ལ། ཨོཾ་བཛྲོ་དྦྷ་བཱ་ཡ་སྭཱ་ཧཱ། འོད་ཟེར་འཇིག་རྟེན་ཀུན་ཁྱབ་འགྲོ་དོན་བྱས། །སླར་འདུས་འབི་འབི་ཤེལ་གོང་ལྟར་དག་པ། །ཡེ་ཤེས་རྡོ་རྗེ་འབྱུང་བའི་རང་བཞིན་གྱུར། །བརྐོས་ཕོར་དུ་སྣུམ་བྱུགས་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཐབས་ཤེས་ཟུང་འཇུག་ཡེ་ཤེས་རྡུལ་བྲལ་གྱུར། །བརྐོས་ཕོར་དུ་བཅུག་ལ། ཨོཾ་བཛྲ་དྷཱ་ཏུགྷེ་སྭཱ་ཧཱ། ཞེས་དང་། ཨོཾ་དྷརྨ་དྷཱ་ཏུ་གྷེ་སྭཱ་ཧཱ། ཆོས་དབྱིངས་རྟག་པའི་སྙིང་པོ་རྙེད་པར་གྱུར། །ལེགས་པར་གདབ་ལ། ཨོཾ་བཛྲ་མུངྐ་ར་ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཀུན་གྱི་ཕྱག་རྒྱས་བཏབ་པར་གྱུར། །གཟུངས་བསྒྲིལ་མགོ་མཇུག་མ་ལོག་པར་གཞུག་ལ། ཨོཾ་བཛྲ་གྷེ་སྭཱ་ཧཱ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཞེས་དང་གཟུངས་ཐུང་ཡང་བཟླ། དབྱིངས་ཡེ་


LT34_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཆོས་སྐུའི་མཆོད་རྟེན་ནི། །འབྱམས་ཀླས་ཡེ་ཤེས་སྙིང་པོ་ཁོང་ཆུད་གྱུར། །ཕྱིར་ཕྱུང་ལ། ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་གྲངས་མེད་བྱོན། །འགྲོ་དོན་འཁོར་བ་ཇི་སྲིད་མཛད་པར་གྱུར། །སྐམ་ཐག་ཆོད་ནས་ཆོས་འཁོར་སོགས་རྒྱན་བཏགས་པར་མོས་ལ། ཨོཾ་པྲ་མ་ན་ཡེ་སྭཱ་ཧཱ། རིན་ཆེན་རྒྱན་བཀོད་སྣ་ཚོགས་གསོལ་བ་ཡིས། །ཡོན་ཏན་ཀུན་རྫོགས་འགྲོ་དོན་མཛད་གྱུར་ཅིག །སྐུ་དཀར་སོགས་ན་བཟའ་གསོལ་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨ་ཏེ་སྭཱ་ཧཱ། ཆོས་དབྱིངས་རྣམ་པར་དག་བའི་དོན་ལྡན་ཤོག །ཅེས་པའི་ཆོག་རྣམས་ཀྱིས་བཏབ་ཟིན་ནས་གདན་ལ་བཞུགས་པའི་སྐབས་སུ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བཟླ་བཞིན་ཏུ་བསྒྲིག །རྒྱལ་བ་ཐམས་ཅད་རྟེན་འདི་དང་། །དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །ཅེས་བརྗོད། དེ་ལྟར་སཱཙྪ་འདེབས་པའི་ཚེ་འབྱོར་པ་དང་བསྟུན་པའི་ཀློག་མཁན་གྲངས་ཅི་རིགས། བྲུས་སོགས་གཙང་སྦྲ་དང་ལྡན་པས་སྐྱབས་སེམས། ས་གཞི་བྱིན་རླབས། སྤྱན་འདྲེན། བཞུགས་གསོལ་ལྷ་ཁྲུས་ཡན་ལག་བདུན་པ་སྔོན་ཏུ་འགྲོ་བས། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བ་དང་། རིས་མེད་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བཏང་བར་སེམས་བསྐྱེད་དེ། བརྒྱད་


LT34_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་སོགས་ཤེར་ཕྱིན་གྱི་མདོ། གསེར་འོད་དམ་པ། འདུས་པ་རིན་པོ་ཆེའི་ཏོག །འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་དང་། གཙུག་ཏོར་དྲི་མེད་ཀྱི་མདོ་གཟུངས་རྣམས་རྒྱུན་མི་འཆད་པར་གསལ་དག་ཏུ་བཀླགས་ལ། མཐར་རྟེན་སྙིང་དང་། ཆོས་བཤད་པ་ལས་བྱུང་བ་སོགས་ཀྱིས་བསྔོ་བའང་བྱ། དེ་ཐམས་ཅད་མ་འགྲུབ་ནའང་ཤེར་སྙིང་དང་དྲི་མེད་ཀྱི་གཟུངས་རིང་ཐུང་། ཁྱད་པར་སྙིང་པོའི་གཟུངས་ཐུང་རྟག་ཏུ་བཟླ། ཤིན་ཏུ་འཛོམ་ན་སཱཙྪ་འདེབས་པ་དང་སྒྲུབ་པའི་ཚེ་ཛབ་རྒྱུན་ཀྱང་བཙུགས་པར་གསུངས་ཏེ་གལ་ཡང་ཆེའོ། །དེ་དག་རྣམས་ཀྱིས་སཱཙྪ་གདབ་པའི་བྱ་བ་འགྲུབ་བོ། །དེ་ལ་ནང་གཞུག་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས་ཀ་དགོས་ཀྱང་བརྒྱ་བརྒྱད་ཙམ་ལ་དེ་བཞིན་འགྲུབ་པ་ཅི་ནས་གལ་ཆེ་ཞིང་། ཁྲི་འབུམ་ལ་དེ་བཞིན་འགྲུབ་དཀའ་བས་གཟུངས་ཐུང་ཁོ་ནས་ཆོག །གང་ལྟར་རྒྱ་ཤོག་སོགས་ལ་སྦར་དུ་བཏབ་ནས་དྲི་བཟང་གིས་བྱུགས་པའམ་མཚལ་སྣག་ལ་བསྲེས་ཀྱང་རུང་། ཤུག་པ་སོགས་བཟང་ཤིང་མགོ་མཇུག་མ་ལོག་པའི་སྲོག་ཤིང་མཚོན་བྱེད་ལ་གཟུངས་ཀྱི་དབུ་ནས་སྔགས་ངོ་ནང་བསྟན་ཏུ་དྲིལ་བ་བཅུག །སཱཙྪ་སྐམ་ཐག་ཆོད་ནས་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ་སོགས་ལས་བཞིའི་མདོག་མཚུངས་ཀྱི་ཁ་དོག་བསྒྱུར་བ་གསུངས་ཀྱང་དཀྱུས་སུ་ཐམས་ཅད་སྐུ་དཀར་ལེགས་པར་གསོལ་ཞིང་།


LT34_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་ཀྱི་མཚོན་བྱེད་དར་ཚོན་སྣ་ལྔ་གང་འཛོམ་གྱི་དུམ་བུ་རེའང་སཱཙྪའི་དབུ་ལ་སྦྱར་གྲུབ་ན་ལེགས་སོ། །སཱཙྪ་འང་ཕལ་ཆེར་གྱིས་མཆོད་བརྒྱ་མ་ཁྲི་ཕྲག་ལ་འབུམ་ཐེར་བྱེད་སྲོལ་སྣང་ཡང་། །འདིའི་གཞུང་ནས་གསུངས་པའི་འབུམ་ཕྲག་ནི་གཟུངས་ཉིད་ལ་དགོངས་པ་ཡིན་པས་ངེས་པར་གཟུངས་འབུམ་ཕྲག་དང་ལྡན་པའི་སཱཙྪ་འབུམ་ཕྲག་གྲུབ་དགོས་པས་མཆོད་བརྒྱད་མ་གྲངས་ལྡན་བཏབ་ན་ལག་ལེན་བདེ་ཞིང་ཁུངས་བཙུན་པར་སྣང་ངོ་། །གཉིས་པ་བཤེམ་བཀོད་ནི། མཁན་པོའི་གཞུང་དུ་རྒྱས་བསྡུས་ཀྱི་ཁྱད་པར་མ་གསུངས་ཀྱང་། དྲི་མེད་འགྲེལ་པ་སློབ་དཔོན་ལྷན་སྐྱེས་རོལ་པས་མཛད་པ་ཉིད་ཕལ་ཆེར་གྱིས་ཚད་མར་བྱེད་པས་དེའི་ལུགས་དང་སྦྲེལ་ན་གཉིས། རྒྱས་པ་དང་། བསྡུས་པའོ། །དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གཞི་དེར་སློབ་དཔོན་གྱིས་དཀར་གཏོར་གསེར་སྐྱེམས་འབུལ་ཞིང་། ཐིག་གིས་བཅད་པ་དང་། ཕུར་གདབ། ཏིལ་ཡུངས་བྲབས་ཤིང་གཟུངས་ཐུང་བརྗོད་པ་ཡན་ཆད་གོང་དུ་སཱཙྪ་འདེབས་པའི་ཆོ་གར་བཤད་པ་རྣམས་སྔར་ཉིན་ཏུ་གྲུབ་པར་བྱ། དཀྱིལ་འཁོར་གྱི་སྟེགས་བུ་ས་རྡོ་ལས་བརྩིགས་པའམ་ཤིང་ལ་བཟོས་ཀྱང་རུང་སྟེ་དབྱིབས་གྲུ་བཞི། སྟེང་མེ་ལོང་ལྟར་འཇམ་ཞིང་མཉམ་པ། ངོས་བཞིར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་འབུར་རམ་རི་མོར་བྲིས་པ། རྒྱ་ཚད་ཆོ་ག་ཚར་རེ་ལ་སཱཙྪ་


LT34_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་གང་བཞུགས་ཉིད་ཤོང་བར་བྱེད་དགོས་པས་སཱཙྪ་ཆེ་ཆུང་སོགས་དང་བསྟུན་པའི་སྟེང་དུ་བ་བྱུང་ལྡེ་དང་གུར་གུམ་ཙནྡན་སོགས་དྲིའི་ཆུས་ཆག་ཆག་གདབ། དེ་ནས་ཕྱག་ལེན་གྱི་གཙོ་བོ་མཆོད་རྟེན་བརྒྱ་རྩ་བརྒྱད་པ་ལྟར་ན། གཞལ་ཡས་ཁང་རྟ་བབས་མེད་པའི་སྒོ་རྐྱང་གི་ཕྱི་རོལ་ཁྲུས་རྫིང་པདྨ་འོད་ཟེར་གྱི་ཁོར་ཡུག་དང་བཅས་པའི་ཐིག་ཚོན་སྤྱི་ལྟར་ལ། ཚངས་ཐིག་གི་གཡས་གཡོན་བཞི་པོར་ཆ་དྲུག་རེར་བགོས་པའི་རེའུ་མིག་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེ་བྲི། དེའི་ཆ་ལྔ་པ་ཡན་ཆད་རྣམས་སུ་སཱཙྪ་བརྒྱ་རྩ་བཞུགས་པའི་གནས་ཡིན་ཅིང་། ཆ་དྲུག་པའི་ཚངས་ཐིག་ཕྱོགས་བཞིའི་གཡས་གཡོན་གྱི་རེའུ་མིག་གཉིས་གཉིས་ལ་སཱཙྪ་རེ་རེ་བཞུགས་པས་བརྒྱད་ཚང་། དེའི་འཕྲོས་འཕགས་པ་རྣམས་གདན་འཛོམ་པའི་ལྷ་སྣམ་ཡིན་ལ། ཤོང་ཡངས་ཆེན་ཐོག་མ་ནས་ཆ་བདུན་རེར་ཕྱེས་ཏེ་ལྷ་སྣམ་རིམ་པ་གཉིས་སུ་བྱས་ནའང་ལེགས་སོ། །གལ་ཏེ་ཆོ་ག་གཅིག་ལ་སཱཙྪ་སྟོང་རྩ་བཞུགས་ན་ཕྱོགས་རེར་ཆ་དྲུག་ཅུ་རེར་དབྱེ་དགོས་པས་མཚོན། བར་རྣམས་རིགས་པས་དཔག །དེ་ལྟར་དཀྱིལ་འཁོར་ཡང་སཱཙྪ་བླང་བཞག་གི་ཚེ་མི་ཟུབ་པ་བྱ་དགོས་པས་ཤིང་སྟེགས་ཡིན་ན་ཆུ་ཚོན་གྱིས་བྲིས་ནས་རྩི་བཏང་བ་སོགས་ཤེས་པར་བྱ། དེ་ནས་རེའུ་མིག་གི་པདྨ་རེ་ལ་སཱཙྪ་རེ་བཞག་སྟེ། དེའང་ཐོག་མར་དབུས། དེ་ནས་ཤར་ལྷོ་ནུབ་


LT34_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་རིམ་བཞིན་གཡས་བསྐོར་དུ་དགོད། དབུས་སུ་འཕྲུལ་སྟེགས་ལ་ལུག་མ་ལ་སོགས་པའི་མཆོད་རྟེན་སངས་རྒྱས་ཀྱི་རིང་བསྲེལ་དང་ལྡན་པ་བཞུགས། སྟེང་དུ་གདུགས་དང་བླ་བྲེ། ལོགས་སུ་འཕན་དང་རྒྱལ་མཚན། ཁྱད་པར་བ་དན་དམར་པོ་བརྒྱ་རྩ་བརྒྱད་ལོགས་རེར་ཉེར་བདུན་རེ་བཀོད་ལེགས་མཛེས་པར་བཀྲམ། དེ་དག་གི་དབུས་ཀྱི་ཆར་འཇའ་འོད་ལྔ་ལྡན་གྱི་ནང་དུ་ཐིག་ལེ་སྔོན་པོ་ལ་གཙུག་ཏོར་དྲི་མེད་ཀྱི་གཟུངས་རིང་ཐུང་གསེར་གྱིས་བྲིས་པ་དང་། ཕྱོགས་བཞིར་མཆོད་རྟེན་དཀར་སེར་དམར་ལྗང་བཞིའི་བུམ་སྒོར་གཟུངས་ཐུང་། གདུགས་ལ་གཟུངས་རིང་བྲིས་པའི་ཐང་ཀའང་བཤམ། སྐུ་གདུང་རྣམས་ཀྱི་ཕྱི་རོལ་ངོས་བཞིར་བུམ་པ་རྒྱན་ལྡན་བཞིའི་ནང་འབྲུ་ལྔ་སྨན་ལྔ་རིན་པོ་ཆེ་ལྔ་དང་དྲི་ཆབ་བླུགས་པའི་ཁར། སྣོད་གཙང་མར་བྱེ་མ་བརྔོས་ནས་དུག་ཕྱུང་བ་ཡུངས་ཀར་དང་བསྲེས་པ་བཞག །དཀྱིལ་འཁོར་གྱི་གྲྭ་བཞིར་སྤོས་ཕོར་བཞི་བཞག་སྟེ་ཙནྡན་དང་ཨ་ག་རུ་དང་ཏུ་རུཥྐ་དང་གུ་གུལ་བཞི་པོ་རྒྱུན་མ་ཆད་པར་བདུག །ཏུ་རུཥྐ་དངོས་མ་རྙེད་ན་སྤོས་དཀར་གྱིས་རུང་། སྒོ་བཞིར་མཆོད་ཡོན་གྱི་སྣོད་བཞི་བཞག་པའི་ནང་དུ། གུར་གུམ་འབྲས་ཡོས་ནས་ཏིལ་དཀར་ཀུ་ཤ་འོ་མ་མེ་ཏོག་དཀར་པོ་སྟེ་རྫས་བདུན་ཅུང་ཟད་རེ་བླུགས། མཆོད་ཡོན་སྦྲེང་བའི་བྱ་མ་བུམ་ཆུ་གཙང་གིས་བཀང་བ་དང་། ཁྲུས་སྣོད་མེ་ལོང་སྐུ་ཕྱི་ན་བཟའ། རྒྱལ་ཆེན་


LT34_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ལ་ཟླུམ་གཏོར་གསུམ་རྣམས་ཀྱང་སྟེགས་བདེ་བར་བཞག །མེ་ཏོག་མར་མེ་ཞལ་ཟས་གཙོ་བོར་གྱུར་པའི་ཉེར་སྤྱོད་ལྔ་བརྒྱ་ཕྲག་གི་ཕྲེང་བས་མཚོན་མཆོད་པའི་བྱེ་བྲག་རྒྱས་པར་བཤམ་དགོས་ཀྱང་དཀྱིལ་འཁོར་གྱི་མཐར་སཱཙྪ་ལེན་བཞག་སྐབས་སྟབས་མི་བདེབས། བར་ཕྱེས་ནས་ཕྱོགས་ཕྱོགས་ཀྱི་སྟེགས་བུར་བསྒྲིགས་པ་རྣམས་ཀྱི་དབུས་སུ་སྣོད་གཙང་མར་ཙཱ་རུའི་བཟའ་བ་ཟླུམ་གཏོར་ཆེ་ལེགས་དཀར་མངར་ཤིང་ཏོག་གི་བཟའ་བཅའ་སྣ་ཚོགས་དང་ལྡན་པ་སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་པོ་ཆེ་ལྔ་སྙིང་པོ་ལྔ་སྟེ་ལྔ་ཕྲག་ལྔའི་རྫས། བཀྲ་ཤིས་རྫས་རྟགས་འབུར་རམ་རི་མོར་བྲིས་པ་རྣམས་རྟེན་ལ་ཁ་ཕྱོགས་ཏེ་བཀོད། སློབ་དཔོན་གྱི་མདུན་ཏུ་ཁྲུས་བུམ་མམ་དུང་ཕོར་དྲི་ཆབ་ཀྱིས་བཀང་བ། ཡུངས་ཀར་དང་འཐོར་ནས། གཞན་ཡང་རོལ་མོའི་བྱེ་བྲག་མདོ་ཆོག་ལ་འོས་པའི་རིགས་ཀྱང་འདུ་བྱའོ། །གཉིས་པ་བསྡུས་པ་ནི། དཀྱིལ་འཁོར་གྱི་ས་ཆོག་རྣམས་འདོར་ལེན་ཇི་ལྟར་བྱས་ཀྱང་རུང་ལ། དཀྱིལ་འཁོར་སྒོ་དང་རྟ་བབས་སོགས་མེད་པའི་པདྨའི་གདན་སྣམ་བུ་དང་བཅས་པ་བྲི། བཤམ་བཀོད་རིགས་གོང་ལྟར་ལ་གཟུངས་དང་མཆོད་རྟེན་བྲིས་པའི་ཐང་ཀ་ལྔ་པོ་མི་དགོས་ལ། བརྒྱ་མཆོད་རྣམས་གང་འབྱོར་བྱས་ནས་ཚར་རེ་བཞིན་ཁ་གསོ། ཙཱ་རུའི་བཟའ་བའང་དཀྱིལ་འཁོར་མདུན་ཏུ་ཚར་


LT34_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཀོད་པས་ཆོག །བུམ་པ་བཞི་མི་འཛོམ་ན་གཅིག་བྱེ་སྣོད་བཅས་སློབ་དཔོན་མདུན་ཏུ་བཞག །སྤོས་ཕོར་ཡང་གཅིག་གིས་མཚོན་ཙམ་རུང་ཞིང་བཟང་སྤོས་མ་འཛོམ་ན་ཤུག་པ་དང་ཨ་ག་རུ་དཀྱུས་མ་སིལ་སོགས་བདུག་པས་གོ་ཆོད། ལྔ་ཚན་ལྔ་མ་འབྱོར་ན་རི་མོར་བྲིས་པས་ཀྱང་རུང་ངོ་། །གསུམ་པ་ཆོ་ག་བཏང་ཚུལ་ལ་གཉིས། ཐུན་མོང་གི་ལག་ལེན། བྱེ་བྲག་དབྱེ་བསྡུའོ། །དང་པོ་ནི། བསླབ་པ་དང་ལྡན་པའི་དགེ་འདུན་པ་རྣམས་ཀྱིས་མགོ་ལུས་ལ་ཁྲུས་བྱ་ཞིང་བཀྲུ། ཆོས་གོས་རྣམ་གསུམ་ཚུལ་དང་ལྡན་པར་བགོ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་ལ་ཁྲུས་དང་གོས་གཙང་མ་གྱོན། ཤ་ཆང་སྒོག་གཙོང་མ་ཡིན་པའི་དཀར་མངར་གྱི་བཟའ་བཏུང་བག་ཡོད་པར་ལོངས་སྤྱད། ཉོན་མོངས་པའི་རྣམ་པར་རྟོག་པ་དང་། གཉིད་དང་ལེ་ལོ། གཞན་ལ་གནོད་འཚེ་སོགས་མ་དག་པའི་བསམ་སྦྱོར་ཅི་ནུས་སུ་སྤང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་མདོ་སྡེ་དང་མཆོད་རྟེན་གྱི་ཕན་ཡོན་ལ་ཡིད་ཆེས་པའི་དད་པ་དང་གུས་པ་ཆེར་བསྐྱེད། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་ལ་ཆོ་གའི་ཚིག་དལ་ཐེལ་རན་ཅིང་སྔགས་སྒྲ་དག་པ་སོགས་གལ་ཆེ། འགྲུབ་ཏུ་རུང་ན་དོན་ཞགས་ལུགས་ཀྱི་ཐེག་ཆེན་གསོ་སྦྱོང་བླངས་ལ་ཚུལ་ཁྲིམས་རྣམ་དག་གཟུངས་བཟླ་བ་ནངས་རེ་བཞིན་བྱས་ན་ཤིན་ཏུ་ལེགས།


LT34_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས་ལྕོགས་ན་གོང་སྨོས་མདོ་སྡེ་རྣམས་ཀློག་པ་པོ་གཅིག །གཟུངས་ཟློ་བ་པོ་གཅིག་བཅས་བཞག་གོ། །གཉིས་པ་ལ་གསུམ། རྒྱས་པ། འབྲིང་པོ། བསྡུས་པའོ། །དང་པོ་ནི། དགེ་འདུན་རྣམས་གྲལ་དུ་འཁོད་པ་དང་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་བརྗོད། སྙིང་པོ་དང་ཁྲུས་བདུན་རིག་པ་ཅི་འགྲུབ་བཟླས་པས་བུམ་པའི་ཆུ་བྱིན་གྱིས་བརླབས་ཏེ་འདུས་པ་རྣམས་ནས་ཁྲུས་དང་འཐོར་འཐུང་བྱས་མཐར་ཕན་ཡོན་བརྗོད། སྤྲོ་ན་ཐུབ་བསྟོད་གང་རུང་འདོན། འགྲེང་སྟེ་སེམས་བརྩེ་མ་བརྗོད་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མངོན་སུམ་ལྟ་བུར་དམིགས་ནས་ཕྱག་བྱ། དེ་ནས་གདན་ལ་འཁོད་དེ། ཤེས་པས་གྲུབ་པ་ལས། ཨོཾ་སུ་པྲ་ཏིཥྛ་སྟུ་བེ་སྭཱ་ཧཱ། ལན་གསུམ་བརྗོད་པ་ནས་བརྩམས། ཕུན་སུམ་ཚོགས་པའི་དབང་ཐམས་ཅད་བསྐུར་བར་གྱུར་བར་དང་། དེའི་གོང་དུ་ཡོད་པ། ཨོཾ་ཏྲཻ་ཡ་སོགས་སྔགས་ཚན་བཞི། ཨོཾ་རཏྣ་ཙཻདྱ་སོགས་གོང་འོག་གི་སྔགས་ཐམས་ཅད་ལན་གསུམ་གསུམ་དང་། བར་གྱི་དམིགས་པ་རྣམས་ཀྱང་། གྱུར་ཅིག་ཅེས་སྨོན་ལམ་ཏུ་བསྒྱུར་བ་སོགས་ཤེས་པར་བྱས་ལ་རྟེན་དང་ཡོ་བྱད་སྤྱིར་བྱིན་གྱིས་བརླབ། ཡང་ན་འདི་དག་ཁོ་བོས་གསར་བསྒྲིག་དྲི་མེད་ལམ་འཇུག་ལྟར་བྱས་ཀྱང་རུང་ངོ། །དེ་ནས་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། སོགས་དང་། གང་


LT34_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྐྱེན་ལས་སྐྱེས་པ་སོགས་ཤློ་ཀ་བརྗོད་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ། དེ་ནས་དྲི་མེད་ཆོག་གཞུང་ལྟར། ཆོས་ཐམས་ཅད་དོན་དམ་པར་སོགས་ནས། དགོད་པར་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བདག་ནི་དུས་ངན་པའི་སོགས་ཀྱིས་སེམས་བསྐྱེད་ལ། ས་གཞི་རྟེན་མཆོད་བྱིན་རླབས་དང་། བདེན་སྟོབས་བརྗོད་པ་ལན་གསུམ་གསུམ། དེ་ནས་མར་མེ་སྦར། བདུག་སྤོས་བཏུལ། དགེ་འདུན་རྣམས་པུས་བཙུག་ཐལ་སྦྱར་མེ་ཏོག་བླངས་ལ། བཅོམ་ལྡན་དཔལ་ཤཱཀྱ་ཐུབ་པ་སོགས་ནས། བྱིན་གྱིས་བརླབ་པར་ཅི་གནང་ཞེས་པའི་ཚིག་གོང་མའི་བར། དེ་ནས་མཆོད་འབུམ་ལས། དེ་བཞིན་གཤེགས་པ་དང་སོགས་ནས། གཤེགས་ཤིང་གཞེས་པར་གསོལ། ཅེས་པའི་བར་དང་། སླར་ཆོག་གཞུང་ལས། གནོད་སྦྱིན་གྱི་སྡེ་དཔོན་ནས། ཅི་གནང་ཞེས་པའི་བར། མཆོད་འབུམ་ལས། ལྷའི་འཇིག་རྟེན་ནས། དེ་ལྟ་བུར་གཤེགས་པར་གསོལ། ཅེས་པའི་བར་གྱིས་རྒྱལ་བ་སྲས་བཅས། མཆོད་རྟེན་ཆོས་སྐྱོང་བ་བཅས་སྤྱན་དྲངས་ལ་བར་མཚམས་རྣམས་སུ་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བྱ་ཆོག་གཞུང་ལས། ཕོ་བྲང་གི་དཀྱིལ་འཁོར་ནས། བཞུགས་པར་གྱུར་བར། འགྲེངས་ལ་ཕྱག་ལན་བདུན་འཚལ་བཞིན་ཏུ། མཆོད་འབུམ་ལྟར། ཡེ་ཤེས་ཚོགས་ཀྱིས་སོགས་བྱོན་ཕྱག་འབུལ་བ་ནས། སྨོན་


LT34_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འཇུག །མྱུར་ཐོབ་ཤོག་བར་བཏང་། ཨརྒྷཾ་འབུལ་བའི་སྐབས་ཕྱོགས་བཞིར་མཆོད་ཡོན་སྦྲེང་། ཁྲུས་ཀྱི་སྐབས་ཕྱོགས་བཞིའི་བུམ་པས་ཕྱོགས་སོ་སོ་ནས། ཁྲུས་གསོལ་བ་སོགས་དང་། མཆོད་པ་རྣམ་ལྔ་འབུལ་བའི་ཐོག་མར་མཆོད་སྤྲིན་གྱི་སྔགས་ལན་གསུམ་བརྗོད། ཡུངས་ཀར་འབུལ་བའི་སྐབས་སུ་ཡུངས་ཀར་འཐོར་བ་དང་རོལ་མོ་སོགས་བྱ། མཆོད་འབུམ་ལ་གོང་འོག་འཁྲུགས་ཅུང་ཟད་སྣང་ཡང་ལག་ལེན་མི་བདེ་བས་བཏང་སྙོམས་སུ་བཞག་པའོ། །དེ་ནས་འགྲེང་ལ་ཕྱག་འཚལ་བའི་གཟུངས་ལན་གསུམ་སྔོན་དུ་འགྲོ་བས། ཆོག་གཞུང་ལྟར། བཅོམ་ལྡན་འདས་མི་འཁྲུགས་པ་སོགས་ནས། ཆོས་དཀོན་མཆོག་ལ་ཕྱག་འཚལ་བ་ཡན་དང་། མཆོད་འབུམ་ལས། ཤེས་རབ་མཆོག་གིས་སོགས་ནས། རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད་བར། ཆོག་གཞུང་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ནས་ཕྱག་འཚལ་རྫོགས་པའི། སྐྱབས་སུ་མཆིའོའི་བར་བརྗོད་ལ་ཕྱག་བྱ། གདན་ལ་འཁོད་ནས། འཕགས་པའི་ཚོགས་ཐམས་ཅད་སོགས་ནས། མཆོད་ཅིང་འབུལ་ལོ་བར་དང་མཆོད་སྤྲིན་གྱི་གཟུངས་སྔགས་བཅས་རོལ་མོ་བྱ། དེ་ནས་མཆོད་འབུམ་ལས།


LT34_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཚོགས་རྫོགས་སོགས་མཐར་ཆགས་སུ་བཏང་བ་ལས། ཨརྒྷ་གསོལ་བའི་སྐབས་བྱ་མ་བུམ་སྤོས་ཀྱིས་བདུག །ལག་ཐལ་སྦྱར་གྱིས་དཔྲལ་པར་བཟུང་ལ་ཕྱོགས་བཞིའི་མཆོད་ཡོན་གྱི་སྣོད་རྣམས་སུ་གཡས་བསྐོར་དུ་སྦྲེང་། རྒྱལ་ཆེན་སོགས་ལ་མཆོད་ཅིང་བསྟོད་པ་མ་གཏོགས་གཏོར་འབུལ་གཞུང་འདིར་མ་བཤད་པས་མི་དགོས་ཀྱང་སྤྱི་ལྟར་སྤྲོ་ན་འགལ་བ་མེད་པས། མཆོད་རྟེན་བསྟོད་པ་གྲུབ་ནས་འཁྱིལ་པའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཆ་གསུམ་ལྟར་ཐུན་མོང་དུ་བྱིན་བརླབ། རྒྱལ་ཆེན་བཞིའི་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། ཤར་ཕྱོགས་ན་ནི་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་ཨིནྡྲཱ་ཡ་སོགས་ཀྱིས་ཕྱོགས་སྐྱོང་དང་། ཨོཾ་དེ་བ། ནཱ་ག་སོགས་ཀྱིས་སྡེ་བརྒྱད་ལ་འབུལ་ཞིང་མཆོད་བསྟོད་བྱས་ལ་གཏོར་མ་གཤེགས། སྡིག་པ་བཤགས་པ་ནས། བྱང་ཆུབ་བསྔོ་བའི་བར་གཞུང་རྫོགས་པར་གྲུབ་པ་དང་། ཆོག་གཞུང་སྔ་མའི་འཕྲོས། འཕགས་པའི་ཆོགས་ཐམས་ཅད་དགོངས་སུ་གསོལ་སོགས་ནས། དེ་བཞིན་ཏུ་གྱུར་ཅིག་བར་གཞུང་ལས་ལན་གསུམ་གསུངས་པ་རྣམས་ཀྱང་དེ་ལྟར་བརྗོད། དེ་ནས་གཙུག་ཏོར་དྲི་མེད་ཀྱི་མདོ་


LT34_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་དགུའི་རྒྱ་སྐད་ནས་བཟུང་ཚར་གཅིག་བཀླག །གཟུངས་རིང་ཐུང་ལ་སླེབས་པ་དང་ད་དག་བརྒྱ་རྩ་རེ་བཟླ་དགོས་པས་གཅིག་གིས་གྲངས་འགྲོ་དཀའ་ན་སྤྱི་མགོར་བརྩིས་ཀྱང་རུང་ངོ་། །གཟུངས་མདོ་གྲུབ་པ་དང་། ཆོག་གཞུང་ལྟར། ཕྱོགས་བཅུ་དུས་གསུམ་སོགས་ནས། དབྱིངས་ལ་འགོད་པར་གྱུར་ཅིག་བར་བརྗོད། གཟུངས་རིང་ཐུང་བརྗོད་ཅིང་གཟུངས་བུམ་རྣམས་ཀྱི་བུམ་ཆུ་བཀྱེས་ལ་འཐོར་འཐུང་བྱ། དེ་ནས་རིན་ཆེན་རྒྱལ་མཚན་གྱི་སྔགས་དང་འོད་ཟེར་དྲི་མེད་ལས་འབྱུང་བའི་སྐོར་བའི་སྔགས་ལན་གསུམ་གསུམ་བརྗོད། གཟུངས་རིང་ཐུང་གཉིས་ཀའམ་མི་ཤེས་ན་གཟུངས་ཐུང་བཟླ་བཞིན་ཏུ་སྐོར་བ་ལན་བརྒྱ་རྩ་བརྒྱད། དེའང་མི་ལྕོགས་ན་མི་གྲངས་ལ་བརྩིའོ། །དེ་ནས་གདན་ལ་འཁོད་དེ་མཆོད་རྟེན་བསྐོར་བའི་ཕན་ཡོན་དང་། གསལ་རྒྱལ་གྱི་ཚིགས་བཅད་གཉིས་ཀའམ་མི་ནུས་ན་རེས་མོས་སུ་བཀླག །དེ་ནས་སྐབས་འདིར་བཟང་སྤྱོད་སྨོན་ལམ་འདོན་པར་གསུངས་ཀྱང་ཆོ་ག་ཚར་གྲངས་མང་པོའི་སྐབས་སཱཙྪ་རྣམས་བླང་བཞག་གི་ཁྱད་ཀྱིས་རྗེས་ནས་འདོན་ན་ལེགས། དེ་ནས་འཕགས་པའི་ཚོགས་ཐམས་ཅད་ལ་སོགས་ནས། མཆོད་ཅིང་འབུལ་ལོ་བར་དང་། མཆོད་སྤྲིན་སྔགས་


LT34_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བརྗོད། གཞུང་ལྟར་བཟོད་གསོལ་དང་གཤིགས་གསོལ་བྱ། རྟེན་ལ་དམིགས་ནས་བརྟན་བཞུགས་བྱས་ཀྱང་རུང་། དེ་ནས་གོང་དུ་མ་འདོན་ན་བཟང་སྤྱོད་འདིར་འདོན་ཅིང་། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་བྱ། ཚར་གྲངས་མང་པོའི་སྐབས་དེའི་ཚེ་ལས་རྡོར་སོགས་ཀྱིས་སཱཙྪ་རྣམས་གཞན་ཏུ་སྤྱན་དྲངས་ལ། རྗེས་མ་རྣམས་དཀྱིལ་འཁོར་དུ་བསྒྲིག་པ་དང་། མཆོད་གཏོར་གསར་དུ་བཤམ་པ་དང་ཁ་གསོ་བ་སོགས་བྱའོ། །གཉིས་པ་ཆོ་ག་འབྲིང་པོ་ཙམ་བྱེད་ན། སྤྱིའི་ལག་ལེན་སོགས་རྒྱས་པ་ལྟར་ལ། ཐོག་མར་ཚིགས་སུ་བཅད་པ་བཞི་པ་ལྟ་བུའི་ཚིགས་བརྗོད་ནས་འཕགས་པ་རྣམས་ལ་ཕྱག་བྱ། གང་གིས་རྟེན་ཅིང་སོགས་སྟོང་པ་ཉིད་བསྒོམ་པ་ནས་བརྩམས་ཆོག་གཞུང་ལྟར་བཏང་བ་ལས། སྤྱན་འདྲེན་སྔ་ཕྱིའི་བར་དུ་མཆོད་འབུམ་ལྟར། དེ་བཞིན་གཤེགས་པ་དང་སོགས་ཀྱིས་མཆོད་རྟེན་སྤྱན་འདྲེན་སྦྱར། ཆོག་གཞུང་གི་ཕྱག་མཆོད་དང་། གླིང་གཞི་བརྗོད་ཅིང་ཐུགས་དམ་བསྐུལ་བ། བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་བ་རྣམས་གྲུབ་པའི་རྗེས་སུ། གཟུངས་མདོ། སྔགས་བཟླས། ཡན་ལག་བདུན་པ། བསྐོར་བ། ཕན་ཡོན་གྱི་ཚིགས་བཅད། མཆོད་པ། བཟོད་གསོལ་སོགས་


LT34_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱས་པ་དང་འདྲ་ལ། མདོར་ན་མཆོད་འབུམ་ལས་མཆོད་རྟེན་སྤྱན་འདྲེན་སྦྱོར་བ་ཙམ་མ་གཏོགས་གཞན་ཆོག་གཞུང་ཁོ་ན་ཚང་བར་བཏང་བ་ཡིན་ནོ། །གསུམ་པ་ཆོ་ག་བསྡུས་པ་ནི། ཆོ་ག་གཞུང་ལས་སྙིང་པོར་ཕྱུང་ནའང་ཕྱོགས་ཙམ་རུང་མོད། འཕྲི་བསྣན་འགའ་ཞིག་མ་བྱས་ན། འབྲིང་བསྡུས་འདི་དག་ལ་ཆོ་གའི་ཆ་ལག་ཚང་དཀའ་བ་དང་། འཕྲི་བསྣན་བསབ་འོས་མང་ན་ལག་ལེན་ཏུ་ཁྱེར་མི་བདེ་བས་བསྡུས་པའི་ཆོ་ག་དྲི་མེད་ལམ་འཇུག་ཅེས་བྱ་བ་ནག་འགྲོས་ཟུར་དུ་བཀོད་པ་ལས་རྟོགས་པར་བྱའོ། །དེའང་ཆོ་ག་ཚར་གྲངས་མང་དུ་བྱ་དགོས་པའི་ཚེ་སྔ་དྲོ་ཐོག་མར་རྒྱས་པ་ཚར་གཅིག་བཏང་། དེ་ནས་འབྲིང་པོ་ཚར་གཅིག །དེ་ནས་བསྡུས་པ་དུ་ཐོན་བྱ་བའམ། རྒྱས་པའི་ཁོངས་སུ་འབྲིང་པོའང་འདུ་བས་ཟུར་དུ་མི་བྱ་བར་རྒྱས་པ་ཚར་གཅིག་གི་རྗེས་སུ་བསྡུས་པ་ཉིད་གང་འགྲུབ་བྱས་ན་བདེ་ཞིང་ལེགས་པར་མངོན་ནོ། །བཞི་པ་རྗེས་ནི། སཱཙྪ་བརྒྱ་སྟོང་ལྟ་བུ་ཉུང་ངུ་ལས་མི་འགྲུབ་ན་དེ་དག་གི་ཆོག་ཟིན་ནས་ཚ་ཁང་ལྟ་བུ་ཕྱག་བསྐོར་སོགས་བཀུར་བསྟི་དང་ཚོགས་བསགས་ཀྱི་རྟེན་ཏུ་འགྱུར་ལ་ཆུད་མི་ཟ་བའི་གནས་སུ་དབུ་ཞབས་མ་ལོགས་པར་བཞུགས་སུ་གསོལ་བས་འཐུས་ཤིང་། འབུམ་ཐེར་ལྟ་བུ་ལ་ལམ་གྱི་གཞི་མདོའམ་གོང་


LT34_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཀྱི་གནས་སོགས་སུ། ས་ཆོག་སྔོན་ཏུ་འགྲོ་བས་ཁང་བུ་བརྩེགས་པའི་མཆོད་རྟེན་བརྩིགས་པའི་ནང་དབུས་སུ་རྡོ་ལ་བརྐོས་པའི་དཀྱིལ་འཁོར་སོགས་འདུ་བྱས་ཏེ། དྲི་མེད་རྣམ་གཉིས་ཀྱི་ཆོ་གའི་གཞུང་ཇི་ལྟ་བར་སྲོག་ཤིང་འཛུག་པའི་ཆོ་ག་བྱས་ལ། གཙུག་ཏོར་དྲི་མེད་ཀྱི་མཆོད་རྟེན་བརྒྱ་རྩ་བརྒྱད་དང་། འོད་ཟེར་དྲི་མེད་ཀྱི་མཆོད་རྟེན་དགུ་བཅུ་རྩ་དགུ་རྣམས་དབུས་སུ་བོང་སྒྲམ་ལྟ་བུར་བཞུགས་པའི་མཐའ་བསྐོར་དུ་སཱཙྪ་བྱིངས་རྣམས་ཀྱང་དབུ་ཞབས་མ་ལོགས་པར་བཞུགས་སུ་གསོལ་ན་ཕན་ཡོན་བསམ་ལས་འདས་པ་གཞུང་དེ་དག་ཏུ་གསལ་བ་ལྟར་རོ། །གལ་ཏེ་འོད་ཟེར་དྲི་མེད་ཀྱི་སཱཙྪའི་ཆོ་ག་བྱེད་ནའང་གཞུང་འདི་དག་ལ་སྨོན་ལམ་སོགས་ཅུང་ཟད་ཁ་བསྒྱུར་བས་འགྲུབ་སྟེ་དེའི་ཚུལ་ནི་ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་སོགས་སུ་ཤེས་པར་བྱའོ། །ཆོ་ག་ལན་ཅིག་གྲུབ་ཀྱང་ངན་འགྲོ་ཡི། །སྐྱེ་སྒོ་གཅོད་ཅིང་བྱང་ཆུབ་ཚོགས་རྫོགས་པའི། །ཐབས་མཆོག་སངས་རྒྱས་ཞལ་ནས་ཆེད་བསྔགས་པ། །དང་དུ་ལེན་པའི་སྐལ་ཅན་དེང་སང་དཀོན། །འོན་ཀྱང་སྙིང་ནས་ཡིད་ཆེས་དད་བ་ཡིས། །བྲིས་འདིས་རིང་བསྲེལ་སྙིང་པོ་ཅན་གྱི་གདུང་། །རྣམ་དག་ཆོ་གའི་གཟི་ལྡན་ས་གསུམ་ཁྱབ། །བཟང་པོ་སྤྱོད་པའི་རྣམ་ཐར་ཡོངས་རྫོགས་ཤོག །


LT34_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་ཆོ་གའི་ལག་ལེན་འདི་ཉིད་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པས་བཀའ་སྩལ་མེ་ཏོག་སྤྱི་བོར་བཅིངས་ཤིང་། སྔ་ཕྱིར་དོན་གཉེར་ཅན་འགའ་ཞིག་གི་བཞེད་པ་སྐོང་བའི་ཕྱིར་དང་། ཆོས་ཚུལ་ཁྱད་པར་འཕགས་པ་འདི་ཉིད་དར་ཞིང་རྒྱས་པར་གྱུར་ན་ཅི་མ་རུང་སྙམ་དུ་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། ཡོན་ཏན་རྒྱ་མཚོའི་མིང་ཅན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་བྲིས་པ་དགེ་ལེགས་འཕེལ། ཞེས་པ་འདིའང་ནཱ་ཐ་སིདྡྷིའི་སྤར་དུ་བསྒྲུབས་པའོ།།


previousགཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་།next