Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
ལྷ་རྩེའི་བཅའ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་རྩེའི་བཅའ་ཡིགnext

ལྷ་རྩེའི་བཅའ་ཡིག


LT39_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། དབེན་གནས་ལྷ་རྩེའི་སྒྲུབ་གནས་འདིར་འཁོད་པའི་དགེ་འདུན་འདུས་པ་རྣམས་ནས་སྤང་བླང་མཛད་རྒྱུ། སྤྱིར་སློབ་དཔོན་དབྱིག་གཉེན་གྱི་ལ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར་ཐུབ་བསྟན་རིན་པོ་ཆེར་སྒོར་ཞུགས་ཕྱིན་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་པ་གལ་ཆེ་བས། སོ་ཐར་གྱི་སྡོམ་པ་དགེ་བསྙེན། དགེ་ཚུལ་དགེ་སློང་གི་སྡོམ་པ་རྒྱུད་ཚོད་དང་མཐུན་པ་ལེན། སོ་སོའི་སྲུང་སྡོམ་གང་ནུས་དང་ཐམས་ཅད་ཀྱི་གཙོ་བོ་རྩ་བ་བཞི་ཆར་དང་བཅས་པ་སྲུང་ཞིང་ཉེས་ལྟུང་གིས་མ་གོས་པར་བྱ། རབ་ཏུ་བྱུང་ཕྱིན་ཆད་སྐྱ་ཆས། རྦད་མགོ། །རྐེད་གྲི་འཛུད་པ་སོགས་མི་བྱ་བར་གཟན་ཤམ་དང་ཐ་ནའང་གོས་དམར་འབུ་རས་ཙམ་དང་གཞི་བྱེས་ཀུན་ཏུ་འབྲལ་མེད་བྱ། གཞན་གནོད་གཞི་དང་བཅས་པ་སྤང་། ང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་པས་འཆོལ་སྤྱོད་བྱ་མི་རུང་སྙམ་དུ་དུས་རྒྱུན་ཏུ་བག་ཡོད་ཀྱི་དྲན་ཤེས་དང་མ་བྲལ་བ་བྱ། བྱང་སེམས་ཀྱི་སྡོམ་པ་བླངས་ཕྱིན་ཆད་དེའི་བསླབ་བྱ་རྣམས་ལ་བསླབ། གཙོ་བོ་སེམས་ཅན་བློས་སླངས་དང་ནག་པོའི་ཆོས་བཞིའི་ལྟུང་བས་མ་གོས་པར་གཞན་ཕན་གཞིར་བཅས་སྒྲུབ། གསང་སྔགས་ཀྱི་དབང་བསྐུར་ཞུས་ཕྱིན་ཆད་རྩ་བ་ཡན་ལག་གི་


LT39_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཅི་ནུས་བསྲུང་། གཙོ་བོ་བླ་མ་དང་མཆེད་ལྕམ་ལ་དམ་སེལ་སྤུ་ཙམ་མ་སོང་བ་དང་། ཡི་དམ་གྱི་སྒོམ་བཟླས། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཆོག་ཆགས་སུ་མི་རུང་། སྡོམ་པ་དང་དམ་ཚིག་འགལ་འཁྲུལ་ཤོར་ན་ཞག་ཏུ་མ་སོང་བ་བཤགས་སྡོམ་ཚད་ལྡན་བྱེད་དགོས། ཐོས་པ་རྒྱ་ཆེ་མ་བྱུང་རུང་སྡོམ་པ་གསུམ་གྱི་སྲུང་མཚམས་ངོ་ཤེས་པའི་དོན་ཏུ་སྡོམ་གསུམ་གཞུང་ཙམ་དང་རང་གི་འདོན་བསྒོམ་བྱ་རྒྱུ་གང་ཡིན་དེའི་ལག་ལེན་སྒོམ་དོན་རྣམས་ཤེས་ངེས་པར་བསླབས་ནས་དེའི་དོན་བསམ་པས་ངེས་པར་བྱེད། མཐར་ཉམས་སུ་ལོན་ཚད་གཅིག་ལ་དྲིལ་ནས་བསྐྱེད་རིམ་བསྒོམ་ཞིང་བཟླས་བརྗོད་གྲངས་ཚད་ལ་སྐྱེལ། རྫོགས་རིམ་གཙོ་བོ་ཆོས་དྲུག་དང་ཕྱག་ཆེན་གཉིས་ཀ་བྱུང་ན་རབ། མི་ནུས་ནའང་ཕྱག་ཆེན་ལ་རྩེ་གཅིག་ཏུ་དྲིལ་ནས་སྔོན་འགྲོ་རྣམས་སེམས་རྒྱུད་དང་འདྲེས་ངེས་རྟགས་ཐོན་དང་། དངོས་གཞི་ཞི་གནས་ལྷག་མཐོང་བསྒོམ། ཡེངས་མེད་ཀྱི་དྲན་པས་སེམས་ངོ་བསྐྱད་རྒྱུ་ཡོད་ངེས་འཆི་ཁར་འགྱོད་མི་དགོས་པ་བྱ། དགོན་སྡེ་རང་ལུགས་སྔར་ཡོད་འདོན་བྱ་རྣམས་དང་བཙུག་སྒོ་སྒྲུབ་མཆོད། གྲྭ་པ་སྤྱི་ལུགས་ཀྱི་བསྒྲིགས་ཁྲིམས་རྣམས་ལ་ཐོ་ཡོལ་ལེ་ལྷོད་ང་ཆེ་ཁོང་སྤོས་ཀྱི་བརྙས་ཆོས་སུ་མ་སོང་བར། བླ་མ་དང་ཆོས་ཁྲིམས་པའི་བཀོད་པ་ཉན། དགོན་འདིར་གཏོགས་ཚད་གྲུ་གཅིག་པའི་མགྲོན་པོ་ལྟར་རང་བསྟན་རང་གིས་མི་


LT39_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས་པར་རང་རང་གི་འདི་ཕྱིའི་གཏན་འདུན་ཡིན་པར་ཤེས་པས་དགེ་བའི་ཕྱོགས་སུ་བསམ་སྦྱོར་མཐུན་པར་བློ་སེམས་ཕྱོགས་བསྒྲིལ་བྱས་ན་བསྟན་པ་དར་ཞིང་འཕྲལ་ཡུན་ཕྲན་བདེ་རླབས་ཆེན་འབྱུང་བའི་རྒྱུར་འགྱུར་བས་དེ་ལྟར་ཐུགས་ལ་ངེས་པར་ཞུ། ཞེས་གཏན་ཚིགས་ཀྱི་ཡི་གེར་འཚེས་གསེར་འཕྱང་ཞེས་པ་མེ་མོ་བྱ་ལོའི་ཟླ་བ་བཞི་པའི་དམར་ཕྱོགས་རྒྱལ་བ་གཉིས་པའི་ཚེས་ལ་དཔལ་སྤུངས་ཡང་ཁྲོད་ནས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྤེལ་བ་དགེ་ལེགས་འཕེལ།། །།


LT39_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousལྷ་རྩེའི་བཅའ་ཡིགnext