དཔལ་གསང་བ་སྙིང་པོའི་སྤྱི་དོན་གཏན་ལ་འབེབས་པའི་ཐལ་འགྱུར་རིགས་པའི་སྒོ་འབྱེད། རབ་འབྱམས་ཨོ་རྒྱན་ཆོས་གྲགས།
དཔལ་གསང་བ་སྙིང་པོའི་སྤྱི་དོན་གཏན་ལ་འབེབས་པའི་ཐལ་འགྱུར་རིགས་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །རབ་འབྱམས་ཨོ་རྒྱན་ཆོས་གྲགས།
དཔལ་གསང་བ་སྙིང་པོའི་སྤྱི་དོན་གཏན་ལ་འབེབས་པའི་ཐལ་འགྱུར་རིགས་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བླ་མེད་ཐེག་པའི་བཅུད་འདུས་པའི། །གསང་སྔགས་ཀུན་གྱི་རྒྱལ་པོའི་རྒྱུད། །གསང་བའི་སྙིང་པོར་ངེས་པ་ཅན། །སྟོན་མཛད་དྲུག་པ་ཀུན་ཏུ་བཟང་། །འོག་མིན་ཆེན་པོའི་གནས་མཆོག་ཏུ། །སྐུ་ལྔའི་ཚུལ་གྱི་འཁོར་ལྔ་ལ། །གསུང་ལྔ་རང་བྱུང་རིག་པའི་དབྱངས། །སྒྲོལ་མཛད་ཀུན་བཟང་རིགས་ལྔར་འདུད། །རྒྱལ་བའི་བཀའ་ཡི་བསྡུ་བ་པོ། །གསང་འཛིན་ལག་ན་རྡོ་རྗེ་ནི། །ཞིང་འདིར་འགྱུར་མེད་རྡོ་རྗེའི་མགོན། །རྣམ་ཀུན་རིགས་ཀྱི་བདག་པོར་མཆོད། །གཏེར་ཆེན་བླ་མའི་ཡེ་ཤེས་གང་། །བཞད་པའི་རྡོ་རྗེར་འཕོས་པ་ཡིས། །སྐལ་ལྡན་ཕོ་ཉའི་རྟེན་འབྲེལ་གྱིས། །མཁའ་སྤྱོད་གནས་སུ་ཁྲིད་དེར་འདུད། །ཌཱཀྐི་གསང་བའི་ལུང་བྱང་གིས། །བསྐུལ་བའི་སྐྱབས་མཆོག་བཞད་པའི་བཀའ། །སྤྱི་བོར་ལྷུང་ལས་འགོང་མ་ནུས། །རྩོམ་ལ་སྤོབས་པའི་སྣང་བ་སྩོལ། །མཐའ་བྲལ་ཆོས་ཉིད་ཟབ་མོའ་དོན། །ཐ་སྙད་ཚིག་གིས་མཚོན་མིན་ཡང་། །ཚད་མ་གསུམ་གྱི་གཏན་ཚིགས་ཀྱི། །ཐལ་འགྱུར་རིགས་པའི་སྒོ་འབྱེད་སྤྲོ། །ནོངས་ན་མ་དང་མཁའ་འགྲོ་ཡིས། །བཟོད་པར་བཞེས་ལ་གྲོགས་མཛོད་ཅིག །དེ་ལ་ཐོག་མར་འཕྲོས་ཚུལ་གྱི་རྣམ་བཞག་དང་བཤད་ཚུལ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་ཉིད། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་གཞུང་འདི་ལ་འཕྲོས་པ་ཡིན་པར་ཐལ། འཕྲོས་པའི་རྒྱུ་མཚན། གཞུང་སྔ་མའི་སྐབས་སུ་རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་དབང་
པོ་རབ་འབྲིང་ཐ་གསུམ་ཡོད་པའི་ནང་ནས། མཚན་བསྟན་པ་ཙམ་གྱིས་རྒྱུད་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་བའི་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་དུ་སྡུད་པ་པོ་གསང་བདག་གིས་བཀའ་བསྡུ་མཛད་པའི་ཐོག་མར་རྒྱུད་དོན་གྱི་ངོ་བོ་དང་མཐུན་པའི་མཚན་ཀླད་དུ་བཀོད་ཚུལ་གྱིས་རྣམ་བཞག་དེ་ཉིད་བསྟན་ནས། རང་གི་སྟོན་པ་ལ་བསྟོད་ཕྱག་མཛད་ཚུལ་གྱི་རྣམ་བཞག་དེ་སྟོན་པ་ལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་གཞུང་འདི་བྱུང་བ་གང་ཞིག རྒྱུད་ཀྱི་གླེང་གཞི་ཕུན་སུམ་ཚོགས་པ་དེ་ལ། ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་མདོར་བསྟན་པ། རྒྱུད་ཁྱད་པར་གྱི་གླེང་གཞི་ཚོགས་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ། སྡུད་པ་པོ་གསང་བདག་རང་ཉིད་རིགས་ལྔ་དབྱེར་མི་ཕྱེད་པ་རྒྱལ་བ་དྲུག་པ་ཉིད་དུ་ཁས་བླངས་ནས་གླེང་གཞིའི་དོན་བསྡུས་ཏེ་བསྟན་པ་དང་གསུམ་ལས། ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་གླེང་གཞི་མདོར་བསྟན་གྱི་རྣམ་བཞག་དེ་སྟོན་པར་བྱེད་པ་ལ། འདི་སྐད་བཤད་པའི་དུས་ན། ཞེས་པའི་གཞུང་འདི་བྱུང་། བསྟན་བཤད་བསྡུད་གསུམ་གྱི་སྒོ་ནས་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་ལས། རྒྱུད་འབྱུང་བའི་རྐྱེན་གླེང་བསླང་བ་ལ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་པ་གཉིས་ལས། ཐུན་མོང་མ་ཡིན་པ་ལྷན་ཅིག་པའི་འཁོར་གྱི་ཆེད་དུ་སྟོན་པས་མདུན་བསུས་ཏེ་གླེང་བསླང་ཚུལ་དེ་སྟོན་པ་ལ། ཡབ་གྱིས་གླེང་བསླང་བ། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི སྐྱེ་མཆེད བྱང་ཆུབ ས་ཆུ མེ་རླུང་ནམ་མཁའ སྲིད་གསུམ ཐམས་ཅད སངས་རྒྱས སངས་རྒྱས་ཉིད་ལ སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། ཡུམ་གྱིས་གླེང་བསླང་བ། ཀྱེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད སྙིགས་མ ཕུང་པོ ཐམས་ཅད་མཆོག་གི གཞན་དུ ཉིད་ལས བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་དང་། ཐུན་མོང་དུ་གླེང་བསླང་བ། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི སྐྱེ་བ སྐྱེས་པ འགག་པ གནས་པ དམིགས་པ འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པའི་གཞུང་ཚན་གསུམ་པོ་འདི་བྱུང་། ཐུན་མོང་གི་གླེང་བསླང་དེ་ལ་གཉིས་ལས།
འཁོར་གྱིས་ཞུས་ཚུལ་ནི། ལྷན་ཅིག་པའི་འཁོར་རྣམས་ཐུན་མོང་མ་ཡིན་པའི་གླེང་བསླང་ལ་བརྟེན་ནས་སངས་རྒྱས་ཏེ། སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པས་རྒྱུད་ཞུ་མ་དགོས་ཀྱང་། གཞན་དོན་དུ་གོ་ཕྱེ་བའི་འཁོར་རྣམས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་ལྷག་པ་དོན་དམ་གྱི་བདེན་པ་མ་རྟོགས་པས་ཡེ་ནས་གསང་། ཀུན་བཏགས་ཀྱི་མ་རིག་པས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མ་རྟོགས་པས་རང་བཞིན་གྱིས་གསང་། སྣང་སྟོང་ཡ་བྲལ་དུ་བཟུང་བས་ལྷག་པ་བདེན་པ་དབྱེར་མེད་མ་རྟོགས་པས་ངོ་བོ་ཉིད་ཀྱིས་གསང་། ཡུལ་དང་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བར་མ་རྟོགས་པས་ཤིན་ཏུ་གསང་བ་སྟེ། དེ་ལྟར་གསང་བ་བཞིས་ཆོད་པའི་གདུལ་བྱ་རྣམས་ལ་རྒྱུད་བསྟན་པའི་སྒོ་ནས་ཐུགས་རྗེས་བཟུང་བར་རིགས་སོ་ཞེས་ལྷན་ཅིག་པའི་འཁོར་རྣམས་ཀྱིས་སྟོན་པ་ལ་ཞུས་ཚུལ་གྱི་རྣམ་བཞག་དེ་སྟོན་པར་བྱེད་པ་ནི། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། སྣ་ཚོགས ངོ་བོ གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པའི་གཞུང་འདི་བྱུང་། སྟོན་པས་ལན་སྩལ་ཚུལ་ནི། སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་ལས། དེ་ལྟར་མ་རྟོགས་པའི་དབང་གིས་བཅིངས་གྲོལ་ལྟར་སྣང་ཡང་། འཇམ་དཔལ་ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡིས། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་པ་ལྟར་གཤིས་ལ་བཅིངས་གྲོལ་གཉིས་ཀ་མ་གྲུབ་པའི་ཚུལ་མཚོན་དཔེ་དང་བཅས་པའི་རྣམ་བཞག་དེ་ཉིད་སྟོན་པར་བྱེད་པ་ནི། ཨེ་མ་ཧོ། བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག སྣ་ཚོགས གནས་དང་བདག་དང་སུས་ཀྱང་བཅིང་པར རྣམ་རྟོག ནན་གྱིས་མཁའ་ལ་མདུད་པ་བོར། །ཞེས་པའི་གཞུང་འདི་བྱུང་། དེ་ལྟར་སྟོན་པའི་ཐུགས་རྗེ་སྐྱེས་ཏེ། བཅིངས་གྲོལ་མེད་པའི་གཤིས་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་པར་དགྱེས་ནས། རང་ཉིད་སྐུ་དང་ཡེ་ཤེས་སུ་ཡེ་ནས་ལྷུན་གྱིས་རྫོགས་པ་འཁོར་འདས་མཉམ་པ་ཉིད་དུ་གསལ་བའི་དོན་སངས་རྒྱས་ཀུན་གྱིས་ཐུགས་སུ་ཆུད་པའི་ཆོས་དེ་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་ནས། གོ་ཕྱེ་བའི་འཁོར་ལ་བརྒྱུད་ནས་སྟོན་པའི་ཕྱིར། སྤྲུལ་པ་སྤྲོ་བར་ཞལ་གྱིས་བཞེས་ཚུལ་གྱི་རྣམ་བཞག་དེ་སྟོན་པར་བྱེད་པ་ནི།
བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། འཕྲོས་ཚུལ་དེ་ཙམ་ཞུས་ནས། གཉིས་པ་བཤད་ཚུལ་ནི། དེ་ལ་ཐོག་མར་མཚན་ཀླད་དུ་སྨོས་པའི་དགོས་པ། དེའི་དོན་བཤད་པ། དེ་ལ་རྩོད་པ་སྤངས་པ་གསུམ། དང་པོ་ནི། མཚན་ཀླད་དུ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བུམ་པ་ཞེས་པའི་མིང་ལས། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་དངོས་པོ་གོ་བ་ལྟར། མཚན་མཐོང་བའམ། ཐོས་པ་ལ་བརྟེན་ནས། དབང་པོ་རབ་ཀྱིས་གཞུང་གི་དོན་གོ་བ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཁོང་དུ་ཆུད་པ་དང་། ཐ་མས་ཀྱང་སྨན་གྱི་ཁ་བྱང་ལྟར་གླེགས་བམ་བཙལ་བདེ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི་འགྲེལ་ཆུང་ལས། འདིས་ནི་རང་བཞིན་ཆེ་བ་དང་། །མཚན་ཉིད་དང་ནི་དོན་བསྟན་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ལས། །མདོར་བསྡུས་གཏན་ལ་ཕབ་པ་ཡིན། །རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པས་ངེས་དོན་མདོར་བསྟན་པ། །དེ་ལྟ་རྣམ་པ་བཞི་པོ་རུ། །མདོར་བསྡུས་སྤྱི་ཡི་དོན་དུ་བཤད། །ཅེས་གསུངས་པའི་ཕྱིར་ན། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དེ་ཆོས་ཅན། ཁྱོད་ཀྱིས་མཚན་འདི་ལ་བརྟེན་ནས་གོ་ཚུལ་དང་རྟོགས་ཚུལ་ཡོད་དེ། གསང་བ་སོགས་མཚན་བཞིས་རིམ་པ་བཞིན། རྟོགས་དཀའ་བ་དང་། བཅུད་འདུས་པ་དང་། མཚན་ཉིད་གཞན་རྣམ་པར་བཅད་པ་དང་། དྲང་དོན་མ་ཡིན་པར་ངེས་དོན་ཐེ་ཚོམ་དང་བྲལ་བར་གོ་བ་གང་ཞིག སྟོན་ཚུལ་དེ་དང་རྗེས་སུ་མཐུན་པར་རྒྱུད་ཀྱི་རང་བཞིན་དང་ཆེ་བ་སོགས་ཀྱང་རྟོགས་པ་ཡིན་པའི་ཕྱིར། གསང་བ་ཞེས་པའི་མཚན་དེ་ཆོས་ཅན། ཁྱོད་ལ་དབྱེ་ན་གསུམ་དུ་ཡོད་དེ། རང་བཞིན་དང་། གབ་པ་དང་སྦས་པའི་གསང་བ་གསུམ་དུ་ཡོད་པའི་ཕྱིར། རང་བཞིན་གྱི་གསང་བ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། སེམས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུར་ཡེ་ནས་རང་ཆས་སུ་གནས་ཀྱང་བློའི་སྤྱོད་ཡུལ་དང་མ་བྲལ་བར་མ་རྟོགས་པ་
དེ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་ཉིད་མིག་གིས་མཐོང་བྱར་མ་གྱུར་པ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་པས་གསང་ཚུལ་བཞི་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པས་དོན་དམ་བདེན་པ་མ་རྟོགས་པས་ཡེ་ནས་གསང་བ། ཀུན་བཏགས་ཀྱི་མ་རིག་པས་ཀུན་རྫོབ་བདེན་པ་མ་རྟོགས་པས་རང་བཞིན་གྱིས་གསང་བ། སྣང་སྟོང་སོ་སོར་བཟུང་བས་དབྱེར་མེད་མ་རྟོགས་པས་ངོ་བོ་ཉིད་ཀྱིས་གསང་བ། ཡུལ་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བར་མ་རྟོགས་པས་ཤིན་ཏུ་གསང་བ་སྟེ། གསང་ཚུལ་བཞིས་ཆོད་པའི་ཚུལ་དུ་གསང་བ་ཡིན་པའི་ཕྱིར། གབ་པའི་གསང་བ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། གདུལ་བྱ་འཁྲུལ་པའི་བློ་ཅན་གྱིས་རྟོགས་དཀའ་བ་དང་། རས་ཆོད་ཅན་གྱིས་རྟོགས་སུ་མི་རུང་བས་གབ་པ་ཡིན་པའི་ཕྱིར། དཔེར་ན་མིག་སེར་ཅན་ལ་དུང་གི་ཁ་དོག་བཞིན་ནོ། །དེ་ཡང་རང་བཞིན་གྱིས་རྒྱུད་དུ་གབ་པ་དེ་ཆོས་ཅན། ཁྱོད་རང་ལ་རང་ཆས་སུ་གནས་ཀྱང་རྟོག་པས་བསྒྲིབས་ནས་གབ་པ་ཡིན་ཏེ། དེ་འབྱིན་བྱེད་ལུང་ཚད་མའི་བདག་པོ་སྟོན་པ་སངས་རྒྱས་ཉིད་ཀྱིས་འབྱིན་པར་མཛད་པའི་ཕྱིར། དཀྱུས་ཡི་གེ་ལ་གབ་པ་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། རས་ཆོད་ཅན་མགོ་རྨོངས་པར་བྱ་བའི་ཕྱིར། རྒྱུད་དཀྲུགས། ལུང་བཅུས། མན་ངག་གབ་པའི་ཚུལ་དུ་གནས་པ་དེ། མན་ངག་ཚད་མའི་བདག་པོ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པར་མཛད་པའི་ཕྱིར་ཏེ། དེ་ལྟར་ཡང་འདི་ཉིད་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་ཡིན་པའི་ཕྱིར། སྦས་པའི་གསང་བ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། རྒྱུད་ཟབ་མོ་འདི་གསང་སྔགས་ཀྱི་མན་ངག་མེད་པ་དང་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས་པའི་ཕྱིར་ཏེ། དེ་དག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དང་། གཅན་ག ཟན་ཆེན་པོའི་སྒྱུ་རྩལ་སྤྲེའུས་མི་བཟོད་པའོ། །སེང་ཞོ་སྣོད་ངན་དུ་བླུག་བྱ་མ་ཡིན་པ་བཞིན་ནོ། །དེ་ཡང་གང་སྦ་ན། གསང་སྔགས་ཀྱི་མཛད་སྤྱོད་སྦྱོར་སྒྲོལ་ལ་སོགས་པ་ལྟ་སྤྱོད་འབྲེལ་བས་སྤྱད་བྱར་གསུངས་པ་དེ་དག་བརྡའི་ཚུལ་
གྱིས་སྦས་པ་ཏེ། གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡའ་དག་སྣ་ཚོགས་གསུངས། །ཞེས་གསུངས་པ་ཡིན་པའི་ཕྱིར། གཉིས་པ། སྙིང་པོ་ཞེས་པའི་མཚན་དེ་ཆོས་ཅན། ཁྱོད་ལའང་དབྱེ་ན་གསུམ་དུ་ཡོད་དེ། རྒྱུ་དང་འབྲས་བུ་དང་བཅུད་འདུས་པ་དོན་གྱི་སྙིང་པོ་དང་གསུམ་དུ་ཡོད་པའི་ཕྱིར། དང་པོ། རྒྱུའི་སྙིང་པོ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། རྒྱུད་འདི་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་འབྱུང་བའི་རྒྱུ་ལྟ་བུར་གྱུར་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། འདི་ཉིད་ལས། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་གསུངས་པ་ཡིན་པའི་ཕྱིར། །གཉིས་པ་འབྲས་བུའི་སྙིང་པོ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཐེག་པའི་སྒོ་གང་ནས་བསྒྲུབས་ཀྱང་མཐར་རང་བཞིན་གསང་བའི་སྙིང་པོ་འདིའི་དོན་{དུ་}མངོན་དུ་བྱེད་དགོས་པའི་ཕྱིར་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་དང་། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ཡིན་པའི་ཕྱིར། གསུམ་པ་བཅུད་འདུས་པའི་དོན་གྱི་སྙིང་པོ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། གཏན་ཚིགས་ཀྱི་སྒོ་གང་ནས་གཏན་ལ་ཕབ་ཀྱང་མཐར་ཐུག་སངས་རྒྱས་ཀྱི་དགོངས་པའི་ངོ་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པས་འཁོར་བ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་བས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པའི་འཁྲུལ་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ། དེ་ཁོ་ན་ཉིད་ཅེས་པའི་མཚན་འདི་ཆོས་ཅན། ཁྱོད་ལའང་དབྱེ་ན་གསུམ་དུ་ཡོད་དེ་མ་བཅོས་པའི་དེ་ཁོ་ན་ཉིད་དང་། མ་ནོར་བའི་དེ་ཁོ་ན་ཉིད་དང་། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དང་གསུམ་དུ་ཡོད་པའི་ཕྱིར། དེའི་དང་པོ་མ་བཅོས་པའི་དེ་ཁོ་ན་ཉིད་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། རྟོག་ཚོགས་ཐམས་ཅད་རང་རིག་ལས་མི་གཞན་པས་སྣང་སྟོང་གཉིས་མེད་རང་བྱུང་
གི་ཡེ་ཤེས་ལ་སྒོམ་བྱེད་ཀྱི་བློས་མ་བཅོས་པར་བཞག་པས་ན་དེ་སྐད་དུ་བརྗོད་པའི་ཕྱིར་ཏེ། རྒྱས་པ་ལས། མ་བཅོས་ལྷུན་མཉམ་ཇི་བཞིན་ངང་བཞག་དང་། །ཞེས་གསུངས་པ་ཡིན་པའི་ཕྱིར། གཉིས་པ། མ་ནོར་བའི་དེ་ཁོ་ན་ཉིད་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། མ་བཅོས་པའི་དེ་ཁོ་ན་ཉིད་དེ་གོམས་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མང་པོར་སྣང་བ་ནི། མ་ནོར་བས་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། རྒྱས་པ་ལས། རྒྱུ་འབྲས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས་པ་ཡིན་པའི་ཕྱིར། གསུམ་པ། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། འབྲས་བུ་དེའང་སྒྲིབ་བྱེད་ཀྱི་ཞེན་པ་དག་པའི་ཚེ་རང་ལ་ཡོད་པའི་དོན་སྣང་བ་ལས། གཞན་ནས་བྱུང་བ་མ་ཡིན་པའི་ཕྱིར་ཏེ། འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཞེས་དང་། རྒྱས་པ་ལས། ཇི་སྙེད་བརྒྱུད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གཞན་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ། ངེས་པའོ། །ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ལའང་དབྱེ་ན་གསུམ་དུ་ཡོད་དེ། གཞི་དང་ལམ་དང་འབྲས་བུར་ངེས་པ་གསུམ་དུ་ཡོད་པའི་ཕྱིར། དང་པོ་གཞིར་ངེས་པ་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། གཞིའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་དེ་ཆོས་ཉིད་སྒྲོ་སྐུར་དང་བྲལ་བར་བདེན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། འདི་ཉིད་ལས། སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ལམ་དུ་ངེས་པ་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཐེག་པ་འདིའི་ལུགས་ཀྱི་ཡེ་ནས་གནས་པའི་འབྲས་བུ་ཉིད་ཤེས་ཐོབ་ཀྱི་བྱེད་པས་ལམ་དུ་བྱེད་པར་ངེས་པའི་ཕྱིར་ཏེ། འདི་ཉིད་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་འབྲས་བུར་ངེས་པ་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། རྒྱུད་འདི་རང་གི་ངོ་བོས་བརྗོད་བྱ་རྒྱལ་བའི་དགོངས་པ་ངེས་དོན་མངོན་དུ་ཕྱུང་ནས་སྟོན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། འདི་ཉིད་ལས། རྒྱལ་བའི་དཀྱིལ་འཁོར་
མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་པ་ཡིན་པའི་ཕྱིར། གསུམ་པ་རྩོད་སྤང་ལ། མཚན་རྒྱུད་དོན་ཡིན་མིན་ལ་རྩོད་པ། མཚན་དུ་རྒྱུད་དོན་འདུས་མ་འདུས་ལ་རྩོད་པ། མན་ངག་ཁོ་ནའི་མཚན་ནས་སྨོས་པར་རྩོད་པ། རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པར་རྩོད་པ་དང་བཞི་ལས། དང་པོ་ནི། མཚན་རྒྱུད་དོན་ཡིན་ནམ་མ་ཡིན། ཡིན་ན་གླེང་གཞི་གླེང་བསླང་དགོས་མེད་དུ་ཐལ་བ་དང་། མ་ཡིན་ན། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་ཡང་རབ་དེས་མཚན་མཐོང་བའམ། ཐོས་པས་རྒྱུད་དོན་མི་རྟོགས་པར་ཐལ་ལོ་ཟེར། དེའི་ལན་ལ། མཚན་རྒྱུད་དོན་ཡིན་ཡང་། གླེང་གཞི་གླེང་བསླང་མི་དགོས་པའི་སྐྱོན་མེད་དེ། སྔོན་བྱུང་འོག་མིན་དུ་གླེང་གཞི་ཚོགས་ཏེ་གླེང་བསླངས་ནས་རྒྱུད་དོན་གསུངས་པ། མི་ཡུལ་དུ་གསང་བདག་གིས་ཚིག་དང་ཡི་གེར་འགོད་པའི་ཚེ། བློ་རབ་འབྲིང་ཐ་གསུམ་ལ་དགོངས་ནས་མཚན་ཀླད་དུ་སྨོས་པའི་ཕྱིར་ཞེས་སྔ་རབས་པ་དག་གིས་ལན་དེ་ལྟར་གསུང་ཡང་མི་འཐད་དེ། མཚན་དེ་ཆོས་ཅན། ཁྱོད་རྒྱུད་དོན་མ་ཡིན་པར་ཐལ། ཁྱོད་དེ་རྟོགས་བྱེད་ཀྱི་ཐབས་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། སྟོན་པས་འོག་མིན་དུ་རྒྱུད་འདི་རྗོད་བྱེད་ཚིག་ཏུམ་གསུངས་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར་ཟེར་ན། དགོངས་པ་བརྡའི་བཤད་པ་ཉིད་གསང་བདག་གིས་ཚིག་ཏུ་བསྡུད་པའི་ཚེ། རང་ཉིད་སྟོན་པ་དང་དགོངས་པ་མཉམ་པར་ཁས་བླངས་ནས། འདི་སྐད་བཤད་པའི་དུས་ན། ཞེས་བསྡུས་པར་བཞེད་པའི་ཕྱིར་ཏེ། འགྲེལ་པ་ཉི་སེང་མར། ད་ནི་སྡུད་པ་པོས་བཅོམ་ལྡན་འདས་ཀྱི་ལུང་དང་མཐུན་པ་ལྟར་རྒྱུད་ཀྱི་གླེང་གཞི་མཛད་པ་བླ་མའི་མན་ངག་གིས་བཤད་པར་བྱ་སྟེ། འདི་སྐད། ཅེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། མཚན་དུ་རྒྱུད་དོན་འདུས་སམ་མ་འདུས། འདུས་ན་མཚན་དང་རྒྱུད་ཀྱི་དངོས་པོ་བཅུ་བྲང་སྤྲད་ལ་སྦྱོར་རིགས་པར་ཐལ། མ་འདུས་ན་དབང་རབ་ཀྱིས་མཚན་ལ་བརྟེན་ནས་རྒྱུད་དོན་མི་རྟོགས་པར་ཐལ་བའི་ཕྱིར་ཟེར། དེའི་ལན་ལ། རྒྱུད་ཀྱི་དངོས་པོ་བཅུ་དང་མཚན་དོན་སོ་སོར་སྦྱོར་དུ་མེད་ཀྱང་མཚན་དོན་གཞི་ལམ་འབྲས་གསུམ་དུ་གནས་པས། དེར་རྒྱུད་དོན་མཐའ་དག་འདུས་པའི་ཕྱིར་དང་།
མཚན་མཐོང་བས་རྒྱུད་དབུ་ཞབས་ཀྱི་དོན་རྟོགས་པར་གསུངས་པ་དེ་སྔོན་བྱུང་འཁོར་གྱིས་རྟོགས་ཚུལ་ཡིན་ཏེ། དོན་མཐོང་བ་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར་ཏེ། གསང་བདག་གིས་རང་གི་རྒྱུད་དོན་ཐུགས་སུ་ཆུད་ནས་འཁོར་ལ་འཆད་པའི་ཚེ་གསང་བ་སྙིང་པོ་ཞེས་དོན་མཐོང་བ་ལ་བརྟེན་ནས་མཚན་དུ་བཏགས་པའི་ཕྱིར། སྔོན་བྱུང་གི་ངོར་མཚན་དུ་ཚིག་དོན་མཐའ་དག་མ་ལུས་པ་དང་། སྐད་ཅིག་ཙམ་ལ་རྟོགས་པའང་མི་འགལ་ཏེ། རྒྱ་མཚོ་ལས། སྒྲིབ་པ་མཐའ་སྤོང་གདུལ་བྱ་ལ། །སྐད་ཅིག་ཙམ་གྱིས་སྣང་བར་མཛད། །ཅེས་གསུངས་པའི་ཕྱིར། རྗེས་འཇུག་ཏུ་མཚན་ལ་བརྟེན་ནས་དོན་གོ་བ་ནི། དེར་གཞི་ལམ་འབྲས་གསུམ་གྱི་བརྡ་འཕྲད་པ་ཙམ་དུ་གོ་བ་ཡིན་ཏེ། མིང་གིས་དོན་མཚོན་པར་ནུས་པ་ཙམ་གྱིས་མིང་ཡིན་པའི་ཕྱིར་རོ། །དཔེར་ན་བུམ་པ་ཞེས་བརྗོད་པས། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་དངོས་པོ་ཙམ་གོ་ཡང་། གསེར་བུམ་སོགས་ཁྱད་ཆོས་རྣམས་གོ་བས་མ་ཁྱབ་པ་བཞིན་ནོ། །གསུམ་པ་ནི། ཐུགས་ཐིག་ལས། དང་པོར་མཚོན་པ་མཚན་གསུམ་ལྡན། །ཞེས་དང་། ཁོག་གཞུང་ལས། རབ་མཚན་ཐ་སྙད་གསུམ་དུ་གྲགས། །ཞེས་པས་རྒྱུད་འདི་ལས་རྒྱུད་ལུང་མན་ངག་གི་མཚན་གསུམ་དུ་གྲགས་པ་ལས། གླེགས་བམ་གྱི་ཀླད་དུ་རྒྱུད་དང་ལུང་གི་མཚན་ནས་མི་སྨོས་པར། མན་ངག་ཁོ་ནའི་མཚན་ནས་སྨོས་པ་ལ་རྒྱུ་མཚན་མེད་དོ་ཟེར། དེའི་ལན་ནི། མ་ཧཱ་ཡོ་ག་ལའང་ནང་གསེས་ཀྱི་རྒྱུད་ལུང་མན་ངག་གསུམ་མམ། ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་དུ་གནས་པ་ལ། རྒྱུད་འདི་ནི་མ་ཧཱའི་ཨ་ཏི་ཐབས་ཤེས་གཉིས་མེད་དུ་སྟོན་པའི་རྒྱུད་ཡིན་པའི་གནད་ཀྱིས་མན་ངག་གི་མཚན་ནས་སྨོས་པའི་ཕྱིར་རོ། །བཞི་པ་ནི། རྒྱུད་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་པར་ཐལ། ཀླད་དུ་རྒྱ་སྐད་མ་སྨོས་པའི་ཕྱིར་ཟེར། དེའི་ལན་ལ། གཞན་ལན་དགག་པ་དང་། རང་ལན་གདབ་པ་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། རྒྱ་སྐད་གཏན་མེད་ན་བོད་དུ་བསྒྱུར་བ་མི་རིགས་པས། བོད་སྐད་དུ་ཞེས་པས་རྒྱ་སྐད་དུ་ཡོད་པར་ཤུགས་ཀྱིས་བརྡའ་འཇལ་བར་བྱའོ། །ཞེས་ཟེར་མི་འཐད་དེ། བོད་ཀྱི་སྐད་ལ་རྒྱ་ནག་ལ་སོགས་པའི་སྐད་ཀྱང་སྦྱར་དུ་རུང་བས། རྒྱ་གར་མར་མི་འགྲུབ་ཅིང་།
བོད་དུ་བརྩམས་པའི་བསྟན་བཅོས་རྣམས་ལའང་རྒྱ་སྐད་ཤུགས་ལ་སྦྱར་དུ་རུང་བའི་ཕྱིར་རྒྱ་གར་མར་ཐལ་བ་སོགས་ཀྱི་སྐྱོན་གནས་སོ། །གཉིས་པ་རང་ལན་གདབ་པ་ནི། འདིར་རྒྱ་སྐད་མེད་པས་བོད་མར་འགྱུར་བའི་ཁྱབ་པ་མེད་དོ། །བོད་དུ་བརྩམས་པའི་བསྟན་བཅོས་དུ་མར་ཡང་ཀླད་དུ་རྒྱ་སྐད་བཀོད་པ་ཡོད་མོད། དེས་རྒྱ་གར་མར་མི་འགྱུར་བ་བཞིན་ནོ། །གཞན་ཡང་། ཀླད་དུ་རྒྱ་གར་གྱི་སྐད་གཅིག་པོ་མ་སྨོས་པས་བོད་མར་འགྱུར་རམ། སྐད་གཉིས་ཀ་མ་སྨོས་པས་བོད་མར་འགྱུར། དང་པོ་ལྟར་ན། རྒྱ་ནག་ནས་བསྒྱུར་བའི་ཆོས་དེ་རྣམས་ཆོས་ཅན། བོད་མར་ཐལ། ཀླད་དུ་དེ་མ་སྨོས་པའི་ཕྱིར། གཉིས་པ་ལྟར་རྒྱ་གར་གྱི་དཔེ་དེ་རྣམས་ཆོས་ཅན། བོད་མར་ཐལ། ཀླད་དུ་དེ་གཉིས་ཀ་མ་སྨོས་པའི་ཕྱིར། གཞན་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཆོས་ཅན། ཁྱོད་བོད་མར་ཐལ་བའི་སྐྱོན་དང་བྲལ་བ་ཡིན་ཏེ། ཁྱོད་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་མང་དུ་བཀྲལ་བ་གང་ཞིག གསང་འདུས་ཀྱི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པར་ཡང་རྒྱུད་འདིའི་ལུང་མང་དུ་དྲངས་པའི་ཕྱིར་དང་། དུས་ཕྱིས་ཀྱང་རྒྱ་དཔེ་རྙེད་པ་ལས། ཐར་ལོ་ཉི་མ་རྒྱལ་མཚན་དང་། འགོས་ལོ་གཞོན་ནུ་དཔལ་བ་སོགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ལོ་ཙཱ་བ་ཆེན་པོ་དག་གིས་འགྱུར་མཛད་པའི་ཕྱིར་རོ། །མཚན་དེ་ལྡན་གྱི་རྒྱུད་དོན་བཤད་པ་ལ། སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཀླད་དོན་ཕྱག་དང་། བཀའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གཞུང་དོན་གཏན་ལ་ཕབ་པ་གཉིས་ཡོད་པ་ལས། དང་པོ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འདི་ལ་གསུམ། ངག་དོན། ཚིག་དོན། རྩོད་པ་སྤོང་བའོ། །དང་པོ་ནི། བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས་བཙལ་ན། སྡུད་པ་པོ་གསང་བདག་གིས། གང་ལ་ན། རྒྱུད་ཀྱི་སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། དུས་གང་གི་ཚེ་ན་སྡུད་པ་པོས་འོག་མིན་དུ་དང་པོར་ཤེས་རྒྱུད་ལ་བཏུས་ཏེ། དེ་ནས་མི་ཡུལ་དུ་ཚིག་ཏུ་བསྡུད་པའི་ཚེ་ནའོ། །ཚུལ་ཇི་ལྟར་བཙལ་ན་རབ་ལྟ་བ་འཇལ་བ། འབྲིང་བསྒོམ་པ་གོམས་པ། ཐ་
མ་མོས་གུས་ཀྱི་ཕྱག་གསུམ་ལས། འདི་ནི་སྡུད་པ་པོའི་ཕྱག་ཡིན་པའི་ཕྱིར་དང་པོའོ། །གཉིས་པ་ཚིག་གི་དོན་དེ་རྒྱས་པར་འཆད་ན། བི་མ་ལས། འགྲེལ་ཆུང་དུ། མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱའི་རང་བཞིན་ཚོགས་གཉིས་རྫོགས་པར་ལྡན། །ཡོད་མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེ་བཟང་། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་གུས་པས་རབ་ཏུ་ཕྱག་འཚལ་ལོ། །ཞེས་གསུངས་པའི་དོན་སྦྱོར་བ་ངག་དོན་ཏུ་དྲིལ་ན་སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ཀྱི་མཚན་ལ་བཅོམ་ཞེས་པ་དེ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་བདུད་བཞི་ངང་གིས་དག་པས་ན་བདུད་བཞི་བཅོམ་པའི་མཚན་ཡིན་ཏེ། རྒྱུ་ཉོན་མོངས་པའི་མཚན་མ་རང་སར་གྲོལ་བས་འབྲས་བུ་ཉེར་ལེན་གྱི་ཕུང་པོ་མི་ལེན་ཞིང་། དེ་མ་བླངས་ན་སྐྱེ་ཤི་དང་ལྷ་བུའི་བདུད་ཀྱི་བར་དུ་གཅོད་པས་མི་ཚུགས་པའི་ཕྱིར། དེ་ལྟར་ཡང་། རྒྱས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། །སྐྱེ་ཤི་མེད་པའི་གཡུང་དྲུང་གནས། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་མཚན་ལ་ལྡན་ཞེས་སྨོས་པ་དེ་ཡོན་ཏན་གྱི་མཚན་ཡིན་ཏེ། སྤྱིར་བྷ་ག་ཝན་གྱི་སྒྲ་ལས་བྷ་ག་ནི་བཅོམ་པ་ལ་འཇུག་པར་མ་ཟད། རྣམ་པ་གཅིག་ཏུ་ན་སྐལ་བའམ་ལེགས་པ་རྣམ་པ་དྲུག་ལ་འཇུག་པར་ཡང་བཤད་པའི་ཕྱིར་ཏེ། སམ་བུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པ་དེ་ལ་སྐལ་ཞེས་བྱ། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། སྐབས་འདི་ནི་ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་ལྡན་པའི་མཚན་ཡིན། ཆོས་སྐུའི་ཕྱག་རྒྱ་ཡེ་ཤེས་ཀྱི་ཚོགས་དང་། གཟུགས་སྐུའི་ཕྱག་རྒྱ་བསོད་ནམས་ཀྱི་ཚོགས་རྫོགས་པས་སྐུ་ལྔ་ལ་སོགས་པའི་ཡོན་ཏན་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པའི་ཕྱིར་ཏེ། རྡོ་རྗེ་ལས་རིམ་ལས། སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པའི་ཕྱིར། འོ་ན་འདས་ཞེས་པའི་དོན་དེ་གང་ཞེ་ན། དེ་ནི་བཀས་བཅད་ལས། འཇིག་རྟེན་པའི་བྷ་ག་ཝན་ལས་ཁྱད་
པར་འདས་ཞེས་བླ་ཐབས་སུ་བསྣན་ཏེ། ཞེས་གསུངས་ཤིང་། བྷ་གའི་སྒྲ་སྲིད་པ་དང་འཇིགས་པར་འགྲོ་བ་ལ་འཇུག་སྟེ། དེ་ལས་འདས་པས་ན་བྷ་ག་ཝན་ནོ། །འདིར་ནི་འདས་པ་ཞེས་པའི་མཚན་དེ་ཆོས་ཅན། མཚན་ཉིད་ཀྱི་མཚན་ཡིན་ཏེ། ཆོས་སྐུ་སྐྱེ་བ་མེད་པས་ཡོད་པའི་མཐའ་དང་། གཟུགས་སྐུ་འགག་པ་མེད་པས་མེད་པའི་མཐའ་སྟེ། སྤྲོས་པའི་མཚན་མ་ཀུན་ལས་འདས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་ཡང་། ཕལ་པོ་ཆེ་ལས། སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་དང་། རྡོ་རྗེ་ལས་རིམ་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་གསུངས་པའི་ཕྱིར་ཏེ། ཡང་དེ་ཆོས་ཅན། ཁྱོད་ལ་དཔལ་ཞེས་བརྗོད་པ་དེ་ཆེ་བའི་མཚན་ཉིད་ཡིན་ཏེ། རང་བཞིན་ལྷུན་གྲུབ་ཀྱི་དཔལ་གཞི་ཆོས་དབྱིངས་ཤིན་ཏུ་དྲི་མེད་དེ་ཉིད་མངོན་དུ་གྱུར་པས། འབྲས་བུ་ཆོས་སྐུ་རྟོགས་པ་བདག་གི་དཔལ་དང་། གཟུགས་སྐུ་ཐུགས་རྗེ་གཞན་གྱི་དཔལ་མངའ་བ་ཡིན་པའི་ཕྱིར། དེ་ལྟར་ཡང་རྡོ་རྗེ་ལས་རིམ་ལས། རང་བཞིན་མངོན་བྱས་མ་ལུས་རེ་བ་སྐོང་། ཞེས་གསུངས་པའི་ཕྱིར། སྟོན་པ་རིགས་དྲུག་པ་ཆོས་ཅན། ཁྱོད་ལ་ཀུན་ཏུ་བཟང་པོ་ཞེས་བརྗོད་པ་དེ་རང་གི་ངོ་བོའ་མཚན་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་འཆིང་གྲོལ་མེད་པའི་རང་བཞིན་མངོན་དུ་རྟོགས་པས་སྤྱོད་ཡུལ་ཡོངས་སུ་དག་པའི་ཕྱིར་ཏེ། འདི་ཉིད་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ཀུན་ཏུ་བཟང་པོ་ཡིན་ཏེ། གནས་ལུགས་ཡེ་སངས་རྒྱས་པ་ནི་རང་བཞིན་ཀུན་ཏུ་བཟང་པོ། དེ་ཉིད་རྟོགས་པའི་ཡོན་ཏན་མངོན་དུ་གྱུར་པ་ནི། རྟོགས་པ་ཀུན་ཏུ་བཟང་པོ། དེ་ལས་གཟུགས་ཀྱི་སྐུ་མངོན་དུ་སྣང་བ་ནི་ཐུགས་རྗེ་ཀུན་ཏུ་བཟང་པོ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཀུན་ཏུ་བཟང་པོ་ཡིན་ཏེ། འགྲོ་བ་ལ་ཕྱོགས་དུས་ཀུན་ཏུ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བཟང་པོ་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར་ཏེ། རྒྱུད་ཕྱི་མ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །མངོན་མཐོ་ངེས་ལེགས་རབ་སྟེར་བ། །ཀུན་ཏུ་བཟང་པོར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ལ་ཞེས་པ་ནི་ཕྱག་བྱ་བའི་
ཡུལ་མཚོན་པར་བྱེད་པའི་རྣམ་དབྱེ་སྟེ། སྡུད་པ་པོ་གསང་བདག་གིས་རང་དང་སྟོན་པའི་ཐུགས་གཉིས་སུ་མེད་པར་རྟོགས་པའི་སྒོ་ནས་ཕྱག་འཚལ་བའི་དོན་ནོ། །དེ་ལྟར་ཡང་འགྲེལ་པ་མངོན་རྟོགས་ལས། དེ་ཡང་ཐུན་མོང་པ་དག་ལུས་ངག་ཡིད་གསུམ་གྱིས་སོ་སོར་བལྟས་ནས་ཕྱག་འཚལ་བ་ནི་ཤིན་ཏུ་འགལ་ཏེ། ཚི་ཆད་པར་འགྱུར་རོ། །རྨད་དུ་བྱུང་བའི་ཐེག་པ་འདིར་ཀུན་ཏུ་བཟང་པོ་དང་རིག་པ་གཉིས་མེད་དུ་འཇལ་བ་ཕྱག་ཏུ་གསུངས་ཏེ། དཔེ་མར་གྱི་ནང་དུ་མར་བླུག་པ་བཞིན་ནོ། །ཞེས་དང་། རིམ་ལྔ་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། རྩོད་པ་འགོད་པ་དང་། དེ་སྤང་བའོ། །དང་པོ་ནི། ཁོ་ན་རེ། ཀླད་དུ་སྨོས་པའི་ཕྱག་འདི་ལོ་ཙཱ་བའི་འགྱུར་ཕྱག་ཡིན་གྱི། སྡུད་པ་པོའི་ཕྱག་མ་ཡིན་ཏེ། སྡུད་པ་པོའི་ཚིག་ནི། འདི་སྐད་བཤད་པའི་དུས་ན། ཞེས་པ་མན་ཆད་ཡིན་པའི་ཕྱིར་ཟེར། གཉིས་པ་དེ་སྤང་བ་ནི། འོ་ན་སྡུད་པ་པོས་བཀའ་བསྡུ་བྱེད་པའི་ཐོག་མར་རང་གི་སྟོན་པ་ལ་བསྟོད་ཕྱག་བྱས་པ་མེད་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། སོ་ཐར་གྱི་མདོའ་བཀའ་བསྡུས་པའི་ཚེ་སྟོན་པ་ལ་བསྟོད་ཕྱག་བྱས་ནས་བཀའ་བསྡུས་པའི་ཕྱིར་ཏེ། དེ་ལས་འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ནས། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་གསུངས་པའི་ཕྱིར་བྱས་པ་ལ། ཁོ་ན་རེ། འོ་ན་རྒྱུད་འདི་ལ་ལོ་ཙཱ་བའི་འགྱུར་ཕྱག་མེད་པར་ཐལ། ཀླད་དུ་བཀོད་པའི་ཕྱག་འདི་ནི་སྡུད་པ་པོའི་ཕྱག་ཡིན་ལ། དེ་ལས་གཞན་པའི་འགྱུར་ཕྱག་མེད་པའི་ཕྱིར་ཟེར། དེ་ལ་སྐྱོན་མེད་དེ། ལོ་ཙཱ་བས་རྒྱལ་པོའི་བཀས་བཅད་དང་བསྟུན་ནའང་སྟོན་པ་ཀུན་བཟང་ལ་ཕྱག་འཚལ་བར་རིགས། རང་གི་འདོད་པའི་ལྷ་ལ་འཚལ་ནའང་སྟོན་པ་ཀུན་བཟང་ལ་ཕྱག་བྱ་བར་རིགས་པར་མཐོང་ནས། འགྱུར་ཕྱག་ཟུར་དུ་མ་བཀོད་པའི་ཕྱིར་ཏེ། དུས་འཁོར་བསྡུས་རྒྱུད་ཀྱི་ཀླད་དུའང་ཡི་གེ་པའི་ཕྱག་གིས་གོ་བཅད་དེ་འགྱུར་ཕྱག་མ་བཀོད་པ་བཞིན་
ནོ། །གཉིས་པ་གཞུང་དོན་གཏན་ལ་དབབ་པ་ལ། འདི་ཉིད་ལས། རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཞེས་གསུངས་པ་ལྟར་གྱི་རྒྱུད་འདི་ཉིད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་ནས་འཆད་ཚུལ་གསུམ་སྟེ། ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པའི་ཕྱིར། དེ་ལས་འདིར་བར་མའི་དབང་དུ་བྱས་ན། གཞུང་ཚོགས་ལེའུ་ཉེར་གཉིས་ཀྱང་ཆོས་ལྔར་འདུ་སྟེ། འགྲེལ་པ་སྤར་ཁབ་ལས། སྤྲོས་པ་ལ་དགའ་བ་དབང་པོ་འབྲིང་གི་དོན་དུ་རྒྱུད་ཀྱི་དོན་རྣམ་པར་ཕྱེ་བས་ལྔ་སྟེ། ཞེས་གསུངས། དེ་ལ་ལྔ་པོ་དེ་གང་ཡིན་ཞེ་ན། འགྲེལ་པ་མངོན་རྟོགས་ལས། རྒྱུད་གཞུང་གཞི་བསླང་ཡོངས་སུ་ཤེས། །དགོས་འབྲེལ་གཏད་དང་རྫོགས་པའོ། །ཞེས་གསུངས་པས། ལེའུ་དང་པོ་དང་། གསུམ་པའི་སྟོད། བཅོ་ལྔ་པ་རྣམས་ཀྱིས་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་དང་། ལེའུ་གཉིས་པས་རྐྱེན་གླེང་བསླང་བ་དང་། ལེའུ་གསུམ་པའི་སྨད་ནས་ཉེར་གཅིག་པ་ཡན་གྱིས་འབྲས་བུ་ཡོངས་ཤེས་རྒྱུད་དོན་དང་། དེ་དག་ལ་ཁྱབ་བྱེད་དུ་རྒྱུད་ཀྱི་དགོས་འབྲེལ་དང་། ལེའུ་ཐ་མས་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ་ལས། དང་པོ་ལ། གླེང་གཞི་བསྟན་པའི་དགོས་ཆེད། དེའི་མཚན་ཉིད། སྒྲ་དོན། ཇི་སྙེད་བསྟན་པའི་རྣམ་གྲངས་དང་བཞི་ལས། དང་པོ་ནི། གླེང་གཞི་ཚོགས་པ་དེ་ཆོས་ཅན། དགོས་པ་གཉིས་སུ་ངེས་ཏེ། ཁྱོད་ཀྱིས་རྒྱུད་དོན་འབྱུང་བའི་རྒྱུ་བྱེད་པ་དང་། དེའི་ལོ་རྒྱུས་ལ་བརྟེན་ནས་མ་འོངས་པའི་གདུལ་བྱ་རྣམས་ཡིད་ཆེས་ཤིང་རྒྱུད་ལ་འཇུག་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྟོན་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་རྒྱུད་དོན་འབྱུང་བ་དང་ཡིད་ཆེས་ཀྱི་ངེས་པ་སྟེར་བའི་རིགས་གནས། གསུམ་པ་ནི། གང་གླེང་ན་བསྟན་པ་སྟེ། དེའི་རྒྱུའམ་གཞི་ནི་ཕུན་སུམ་ཚོགས་པ་ལྔ་པོ་དེ་ཡིན་པའི་ཕྱིར་དང་། ཡང་ན། དཱ་ན་ཞེས་པའི་སྒྲ་ལས་དྲངས་ན་ངེས་པ་སྦྱིན་པ་ཞེས་བྱ་བ་ཡིན་ཏེ། བཀའ་མ་ཡིན་པར་རྟོག་པའི་ཐེ་ཚོམ་ཅན་གྱི་
བློ་ལ་ཡིད་ཆེས་ཀྱི་ངེས་པ་སྦྱིན་བྱེད་ཡིན་པའི་ཕྱིར། བཞི་པ་ཇི་སྙེད་བསྟན་པའི་རྣམ་གྲངས་དེ་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་སུ་ངེས་ཏེ། ཐུན་མོང་མ་ཡིན་པའི་དང་། ཐུན་མོང་གི་གླེང་གཞི་གཉིས་སུ་ངེས་པའི་ཕྱིར། དེ་ལ་ཐུན་མོང་མ་ཡིན་པའི་གླེང་གཞི་ནི། བཤད་རྒྱུད་རྒྱ་མཚོ་དང་བཤད་རྒྱུད་ཐལ་བ་གཉིས་ཀྱིས་སྟོན་ཅིང་། འདིར་ཐུན་མོང་གི་གླེང་གཞི་དེ་ལ། རྒྱུད་འབྱུང་བ་ཁྱད་པར་གྱི་གླེང་གཞི། ཞར་བྱུང་གདུལ་བྱ་དགོས་བྱེད་དུ་སྟོན་པ་ཁྲོ་བོའ་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞི་དང་གསུམ་ལས། དང་པོ་ནི། འདི་ཉིད་ཀྱིས་ལེའུ་དང་པོས་སྟོན་ཏེ། དེ་ལ་ལྔ་ལས། དང་པོ་ཆོས་ཕུན་སུམ་ཚོགས་པནི། འདི་སྐད་བཤད་པ་ཞེས་པ་སྟེ། དེ་ཡང་སྦྱོར་ངག་ཏུ་སྟོན་ན། འདི་སྐད་བཤད་པ་ཞེས་པ་དེ་ཆོས་ཅན། ཁྱོད་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་མཚོན་པའི་ཚིག་ཕྲད་ཡིན་ཏེ། གསང་བདག་རང་ཉིད་སྟོན་པར་ཁས་བླངས་ནས་ངས་སྔར་འོག་མིན་དུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱའོ་ཞེས་པའི་ངག་ཚིག་ཡིན་ཕྱིར་ཏེ། རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། དུས་ན། ཞེས་པ་སྟེ། དུས་ན་ཞེས་པའི་དུས་དེ་ཆོས་ཅན། ཁྱོད་དུས་རེ་འགའ་བ་ལས་འདས་པའི་ཐུན་མོང་མ་ཡིན་པའི་དུས་ཡིན་ཏེ། ལོངས་སྐུ་རྟག་པ་རྒྱུན་གྱི་འཁོར་ལོ་ཆོས་གསུང་བའི་དུས་ཡིན་པའི་ཕྱིར། འདི་དག་ལ་རྩོད་པ་སྤང་བ་ལ། རྩོད་པ་འགོད་པ་དང་། དེའི་ལན་གཉིས་ལས། དང་པོ་ནི། ཁོ་ན་རེ། མདོ་རྒྱུད་ཐམས་ཅད་དུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་འབྱུང་བ་ལས། འདིར་དེ་ལྟར་མ་སྨོས་པའི་ཕྱིར། གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་ནོ་ཟེར། དེའི་ལན་ལ། གཞན་ལན་ལ་དཔྱད་པ་དང་། རང་ལན་གདབ་པ་གཉིས་ལས། དང་པོ་ནི། ལྷ་རྗེ་གླན་ཤཱཀ་བཟང་ན་རེ། བཤད་ཐོས་གཉིས་ཚིག་མི་མཐུན་ཡང་སྟོན་པས་འཁོར་ལ་བཤད་པ་དང་། འཁོར་གྱིས་སྟོན་པ་ལས་ཐོས་པ་དོན་མཐུན་གསུང་། དེ་ལྟར་ན་ཐོས་པ་ལ་བཤད་པས་ཁྱབ་ཅེས་པའི་སྐྱོན་གནས་སོ། །ཡང་ཁྱེད་བླ་མ་དང་། རྗེ་སྒྲོ་ཕུག་པ་ན་རེ། སྐུ་གཉིས་ཀྱི་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུ་ཚིག་ཏུ་མི་གསུངས་
པས་རྣ་བས་ཐོས་སུ་མེད་པའི་ཕྱིར་བཤད་ཅེས་དང་། སྤྲུལ་སྐུ་ཚིག་ཏུ་གསུང་བའི་ཕྱིར་ཐོས་བྱ་བར་འོང་བ་ཡིན་ཟེར་བ་ཡང་མི་འཐད་དེ། ལོངས་སྐུས་གསུངས་པའི་རྒྱུད་ཡིན་ན། བཤད་ཅེས་འབྱུང་བས་མ་ཁྱབ་པའི་ཕྱིར། གཉིས་པ་རང་ལན་གདབ་པ་ནི། གསང་བདག་གིས་བསྡུ་བ་བྱེད་པ་ན་རང་ཉིད་སྟོན་པ་ཉིད་དུ་ཁས་བླངས་ཏེ། སྔར་ངས་འོག་མིན་དུ་བཤད་པ་ཉིད་ཡང་འདིར་བཤད་པར་བྱ། ཞེས་དང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས་བཤད་ཅེས་པས་ནི་འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། ཞེས་སོགས་དང་། སྤར་ཁབ་ལས་ཀྱང་། ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ། རྒྱུད་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་གཉིས་ལས། དང་པོ་སྟོན་པའི་རང་བཞིན་ནི། དེ་བཞིན་གཤེགས་པ་ཡང་དག་པ་སོགས་ནས་དབྱེར་མེད་པ་ཞེས་པའི་བར་གྱིས་བསྟན། སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཅན། ཁྱོད་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་པ་དེ་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་མངའ་བ་ཡིན་ཏེ། ཁྱོད་ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཞིང་། དེའི་ངོ་བོ་མངོན་དུ་གྱུར་པས་ན་གཤེགས་པ་ཞེས་བརྗོད་པའི་ཕྱིར་ཏེ། རྡོ་རྗེ་ལས། དེ་བཞིན་ཉིད་དུ་གཤེགས་པ་ཡང་། །སྣ་ཚོགས་ཞེན་ལས་གྲོལ་བར་བཤད། །ཅེས་དང་། རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །ཅེས་གསུངས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཡོན་ཏན་མ་བཙལ་བར་ལྷུན་གྱིས་གྲུབ་པའི་ཡོན་ཏན་མངའ་བས་ཡང་དག་པར་རྫོགས་པ་ཞེས་བརྗོད་པ་ཡིན་ཏེ། ཁྱོད་ཀྱི་རང་བྱུང་གི་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་མ་ནོར། མི་འགྱུར། མི་བསླུ་བས་ཡང་དག་པ་དང་། ཐམས་ཅད་འབྲས་བུ་སྐུ་དང་ཡེ་ཤེས་སུ་རང་སྣང་བས་སྤང་ཐོབ་མེད་པར་ཡེ་རྫོགས་སུ་གནས་པས་དེ་ལྟར་དུ་བརྗོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བའི་རང་བཞིན་མངའ་བས་སངས་རྒྱས་ཞེས་བརྗོད་པ་ཡིན་ཏེ། མི་མཐུན་པ་དང་གཉེན་པོ་དབྱེར་མེད་པའི་ཡོན་ཏན་མཐར་ཐུག་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། ལེ་ལག་ལས། མ་རིག་
པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་གསུངས་པའི་ཕྱིར། དེ་ཆོས་ཅན། རང་གི་ངོ་བོ་གཏན་དུ་མེད་པའི་རང་བཞིན་མངའ་བས་བཅོམ་ལྡན་འདས་ཞེས་བརྗོད་པ་ཡིན་ཏེ། བདུད་བཞི་བཅོམ་ཞིང་ཆེ་བའི་ཡོན་ཏན་གྱི་འབྲས་བུ་ལ་མངའ་མཛད་པའི་ཕྱིར་ཏེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་གསུངས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་མཉམ་པ་ཉིད་ཀྱི་དོན་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་མངའ་བས་ལོངས་སྤྱོད་ཆེན་པོ་ཞེས་བརྗོད་པ་ཡིན་ཏེ། ཁྱོད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤྱད་བྱ་སྤྱོད་བྱེད་དུ་འཛིན་པའི་ཞེན་པ་དང་བྲལ་བའི་སྒོ་ནས་ལོངས་སྤྱོད་པས་གཞན་ལས་ཆེས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་འཆི་མེད་མཛོད་ལས། ཆེན་པོ་མཆོག་དང་ཚད་མེད་དང་། །མཁས་མཚོན་སྤྲོ་བའི་ལས་འདི་ཉིད། །ཤིན་ཏུ་རྨད་བྱུང་བྱེད་པ་ནི། །ཆེན་པོ་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་གཅིག་དང་དུ་མ་ལས་གྲོལ་བའི་རང་བཞིན་གྱི་མཚན་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི་རྟེན་བྱེད་པའི་ངོས་ནས་སྐུ་ལྔ། བརྡའ་སྤྲོད་པའི་ངོས་ནས་གསུང་ལྔ། མི་གཡོ་བའི་ཐུགས་ལྔ། དགོས་འདོད་འབྱུང་བའི་ཡོན་ཏན་ལྔ། གཞན་དོན་མཛད་པའི་ངོས་ནས་ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔ་པོ་དེ་དག་གཅིག་དང་དུ་མ་བྲལ་ཞིང་། རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་བྲལ་བ། ངོ་བོ་འདུས་མ་བྱས་པ་རྡོ་རྗེའི་བདག་ཉིད་དུ་རོ་གཅིག་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཁམས་གསུམ་དང་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་རང་བཞིན་ཅན་ཡིན་ཏེ། ཁྱོད་དང་དེ་ལྟ་བུའི་འཁོར་བའི་ཆོས་གཉིས་ཀའང་། ཀུན་རྫོབ་ཏུ་རིག་པ་སྒྱུ་མ་ལྟ་བུ་ཡིན་པས་སོ་སོ་མ་ཡིན། དོན་དམ་པར་སེམས་ཉིད་དུ་མ་སྐྱེས་པས་ཐ་མི་དད །བདེན་པ་གཉིས་ཀའི་ཐ་སྙད་ལས་ཀྱང་འདས་པས་ན། དབྱེར་
མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་སྟོན་པའི་ངོ་བོ་ནི། སྐུ་མདུན་དང་། རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་སོགས་ནས། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་། ཞེས་པ་སྟེ། དེ་ཆོས་ཅན། ཁྱོད་ཆོས་སྐུའི་བདག་ཉིད་དུ་གནས་པ་ཡིན་ཏེ། ཁྱེད་བདེ་གཤེགས་རང་སྣང་ལ་སྐུ་མདུན་དང་རྒྱབ་མ་གྲུབ་ཅིང་གདུལ་བྱའི་སྣང་བ་ལ་རིས་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བས་གཟུགས་སྐུའི་ཡོན་ཏན་མི་འགག་པའི་ཕྱིར་ཏེ། སེང་གེ་རྩལ་རྫོགས་ལས། ཀུན་ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། ལོངས་སྐུའི་བདག་ཉིད་དུའང་གནས་པ་ཡིན་ཏེ། ཐུན་མོང་དང་ཁྱད་པར་གྱི་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་བདག་ཉིད་དུ་གནས་པའི་ཕྱིར། དེ་ཆོས་ཅན། སྤྲུལ་སྐུའི་བདག་ཉིད་དུ་གནས་པ་ཡིན་ཏེ། ཁྱོད་ཀྱི་མཛད་པའི་སྣང་ཚུལ་ནི། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པར་སྣང་བའི་ཕྱིར་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས་ནམ་མཁའ་ཇི་ཙམ་ཁྱབ་པ་དེ་ཙམ་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་བོ། །ཞེས་གསུངས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་ཀྱི་བཞུགས་ཚུལ་བཤད་དུ་ཡོད་དེ། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་བརྡར་ཞབས་གཉིས་ཡབ་ཡུམ་གཉིས་ཀ་བཞེངས་པ་ལྟ་བུ་མ་ཡིན་པར་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་དུ་བཅིངས་ནས་བཞུགས་པ་ཡིན་པའི་ཕྱིར། ཞར་བྱུང་དུ། འཆད་པའི་སྐྱེས་བུ་རིགས་ལྔ་ཆོས་ཅན། ཁྱོད་རྣམས་ཀྱི་བཞུགས་ཚུལ་ཡོད་དེ། ཡབ་རྣམས་རྫོགས་པའི་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་གིས་གཡོན་ཕྱོགས་ནས་འཁྱུད་པའི་ཚུལ་དུ་བཞུགས་པ་ཡིན་པའི་ཕྱིར། སྟོན་པ་ཆོས་ཅན། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་བཤད་དུ་ཡོད་དེ་ཡེ་ཤེས་ལྔ། རང་བྱུང་གི་ཡེ་ཤེས་དང་དྲུག དེས་འགྲོ་དོན་མཛད་པའི་རྟགས་སུ་ཕྱག་མཚན་དྲུག་འཛིན་པ་ཡིན་པའི་ཕྱིར་ཏེ། སྒྱུ་འཕྲུལ་རོལ་པ་ཆེན་
པོའི་རྒྱུད་ལས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱི། །ཕྱག་རྒྱ་རིན་ཆེན་འབར་བའི་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་གསུངས་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྣམ་ཐར་གསུམ་མངའ་བ་ཡིན་ཏེ། དེ་གསུམ་གྱི་མཚན་མར་དབུ་དཀར་དམར་མཐིང་གསུམ་གྱི་ཁ་དོག་ཏུ་བསྟན་པའི་ཕྱིར། བཞི་པ་གནས་ཕུན་སུམ་ཚོགས་པ་ལ། གནས་ཀྱི་རང་བཞིན་དང་། དེའི་ངོ་བོ་གཉིས་ལས། དང་པོ་ནི། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། ཞེས་པ་དང་། གཉིས་པ་ནི། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་སོགས་ནས། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་ཞེས་པའི་བར་གྱིས་སྟོན་པ་སྟེ། དེའི་དོན་བཤད་པ་ལ། གནས་ཀྱི་མཚན་ཉིད། སྒྲ་དོན། གཏན་ལ་དབབ་པ་དང་གསུམ་ལས། དང་པོ་ནི། དོན་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ལས། དེའི་རྟགས་སྣང་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་རང་སྣང་བའི་རིགས་གནས་ཏེ། ཁོག་གཞུང་ལས། གནས་ཀྱི་རང་བཞིན་དེ་བཞིན་ཉིད། །ངོ་བོ་འོག་མིན་གཞལ་ཡས་ཁང་། །ཞེས་སོ། །གཉིས་པ་སྒྲ་དོན་ནི། ཨ་ཀ་ནིཥྛ་ཞེས་པའི་སྒྲ་ལས་དྲངས་ན། འོག་མ་ཡིན་པ་སྟེ། དོན་གདུལ་བྱའི་བློ་ལས་འདས་ཤིང་། རྟགས་དེ་འཇིག་རྟེན་གནས་ཀྱི་འོག་མིན་ལས་ཉིས་འགྱུར་གྱིས་སྤགས་པའི་ཕྱིར་ཏེ། སྒྱུ་འཕྲུལ་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་ཤིན་ཏུ་སྤགས་པ་ན། །ཞེས་སོ། །གསུམ་པ་གཏན་ལ་དབབ་པ་ལ། གནས་དེའི་རང་བཞིན་ཆོས་ཅན། ཁྱོད་མཐའ་དབུས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་ཏེ། ཁྱོད་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། དེའང་འགྲེལ་ཆུང་ལས། མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་གསུངས་པའི་ཕྱིར། གནས་ཀྱི་ངོ་བོ་དེ་ཆོས་ཅན། ཁྱོད་དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་རྟགས་སུ་གཞལ་ཡས་ཁང་གི་ཡོན་ཏན་གྱི་རྣམ་པར་རང་སྣང་བ་ཡིན་ཏེ། གཞི་དང་རྒྱུ་དང་རྒྱ་ལ་སོགས་པའི་དོན་བཅུ་གཅིག་གི་རྣལ་འབྱོར་རང་སྣང་བའི་ཕྱིར་ཏེ། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་
སྟེ། །ཞེས་གསུངས་པའི་ཕྱིར། དེའི་སྤྱིའི་འོག་གཞི་ཆོས་ཅན། ཁྱོད་ཡེ་ཤེས་ལྔ་མཚོན་པའི་རྟགས་སུ་འཁོར་ལོའ་རྣམ་པར་སྣང་བ་ཡིན་ཏེ། ཁྱོད་རྒྱ་ཁྱོན་ཚད་མེད་པའི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་རྣམ་པར་སྣང་བའི་ཕྱིར། དེའི་ནང་གི་འོག་གཞི་ཆོས་ཅན། ཁྱོད་ལ་སྤགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒོ་དང་ཁྱམས་སོགས་ནས་ལྟེ་བའི་བར་རིམ་པ་ལྟར་རྡོ་རྗེ་འགྲེང་བུ་རེས་སྤ གས་པ་དེ་ཐེག་པ་འོག་མ་ནས་འདིར་འཕར་བའི་དོན་ཡིན་པའི་ཕྱིར། གཞལ་ཡས་ཁང་དེའི་རྒྱུ་ཆོས་ཅན། ཁྱོད་རིན་པོ་ཆེ་ལས་གྲུབ་པ་ཡིན་ཏེ། ཡེ་ཤེས་ཉིད་རིན་པོ་ཆེའི་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་རེ་བ་སྐོང་བ་ཡིན་པའི་ཕྱིར། དེའི་རྒྱ་ཆོས་ཅན། ཁྱོད་ཕྱོགས་བཅུ་ཀུན་ཏུ་ཡོངས་སུ་མ་ཆད་པར་སྣང་སྟེ། ཁྱོད་ཆོས་དབྱིངས་མཐའ་ཀླས་པར་ཁྱབ་པ་རང་སྣང་བའི་ཕྱིར། དེའི་དབྱིབས་ཆོས་ཅན། ཁྱོད་གྲུ་བཞི་པ་ཡིན་ཏེ། ཁྱོད་དེ་བཞིན་གཤེགས་པའི་ཡོན་ཏན་གྱིས་ཁྱབ་པ་དང་མཉམ་པ་དང་། རྒྱས་པའི་དོན་ཡིན་པའི་ཕྱིར་ཏེ། རྒྱ་ཆེར་འ གྲེལ་ལས། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ནི་གྲུ་བཞིར་བརྗོད། །ཅེས་སོ། །དེའི་གློ་འབུར་དེ་ཆོས་ཅན། ཁྱོད་གྲུ་ཆད་ལས་ཕྱིར་འཕྱང་བའི་དབྱིབས་མཁར་གྱི་འབུར་ཐབས་ལྟ་བུ་སྣང་བ་ཡིན་ཏེ། ཁྱོད་ཡེ་ཤེས་རེ་རེའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་རྟགས་སུ་ཁ་དོག་རིགས་བཞིའི་མདོག་ཅན་གྱི་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པར་སྣང་བའི་ཕྱིར། དེའི་རྩེ་མོའ་ཚད་དབྱིབས་ཆོས་ཅན། ཚད་དཔག་ཏུ་མེད་པ་དང་དབྱིབས་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བའི་རང་བཞིན་དུ་སྣང་སྟེ། ཁྱོད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་རྟགས་སུ་སྣང་བ་ཡིན་པའི་ཕྱིར། དེའི་རྒྱན་ལ་བདུན་ལས། འོག་རྒྱན་གོང་དུ་བཤད་ཟིན། ལོགས་རྒྱན་ལ་གཉིས་ལས། རིན་པོ་ཆེའི་རྒྱན་དེ་ཆོས་ཅན། ཁྱོད་ཀྱི་ཁྱད་ཆོས་བཤད་དུ་ཡོད་དེ། ཁྱོད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པར་རང་སྣང་བའི་རྟགས་སུ་པཉྩ་རེ་ཁའི་རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དང་། ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུ་དང་། མདའ་ཡབ་ལ་སོགས་པའི་རྒྱན་ཁྱད་པར་དུ་འཕགས་པ་དུ་མས་སྤྲས་པར་སྣང་བའི་ཕྱིར། འདོད་ཡོན་
གྱི་རྒྱན་ཆོས་ཅན། ཁྱོད་འདོད་པའི་ཡོན་ཏན་ལྔ་མ་སྤངས་རྣམ་དག་རྒྱན་དུ་རྫོགས་པའི་རྟགས་སུ་རང་སྣང་བ་ཡིན་ཏེ། ཁྱོད་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོས་ཕྱོགས་ཀུན་ཏུ་འཁྲིགས་པར་རང་སྣང་བའི་ཕྱིར། སྟེང་རྒྱན་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། དབུས་བུམ་པ་ཟླུམ་པོའི་སྟེང་དུ་བྲེ་མཚོན་པའི་འཕྱུར་པོའི་རྩེར། པདྨ་ལ་གནས་པའི་འཁོར་ལོ་རིམ་པ་བཅུ་གསུམ་གྱི་སྟེང་ན་རཏྣའི་གདུགས་ཀྱིས་སྤྲས་པའི་སྟེང་། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པར་སྣང་བ་དེ་ཡིན་པའི་ཕྱིར། གཞལ་ཡས་ཁང་དེར་འཇུག་པའི་སྒོ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ་རྣམ་ཐར་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་བྱེད་ཕྱོགས་ཀྱི་དབྱེ་བས་སྒོ་བཞིར་སྣང་བ་དེ་ཡིན་པའི་ཕྱིར། གཞལ་ཡས་ཁང་དེའི་རྟ་བབས་ཆོས་ཅན། ཁྱོད་ཀྱི་གྲངས་ངེས་བཤད་དུ་ཡོད་དེ། རྒྱུའི་རྟ་བབས་བརྒྱད། འབྲས་བུའི་རྟ་བབས་བརྒྱད་དེ་བཅུ་དྲུག་ཏུ་གྲངས་ངེས་པ་ཡིན་པའི་ཕྱིར། རྒྱུའི་རྟ་བབས་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཐུན་མོང་གི་རྣམ་ཐར་བརྒྱད་ཀྱི་ཡོན་ཏན་གྱི་རྟགས་སུ་སྒོ་ཕུབས་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་དང་ལྡན་པ་དེ་ཡིན་པའི་ཕྱིར། འབྲས་བུའི་རྟ་བབས་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོགས་པའི་རྟགས་སུ་སྒོ་ལོགས་ཀྱི་ཕྱིར་ཟུར་བཞི་ནས་ཀ་བས་བཏེགས་པའི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་དེ་ཡིན་པའི་ཕྱིར། གཞལ་ཡས་ཁང་དེའི་མཚན་ཉིད་ཆོས་ཅན། ཁྱོད་ལ་ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཆོས་ཀྱི་དབྱིངས་རྡོ་རྗེ་ཀུན་ཏུ་བཟང་མོའ་བྷ་ག་ཉིད་དུ་འདུས་པས་ན། ཐ་སྙད་ཙམ་དུ་ནང་ཞེས་བརྗོད་པའི་ཕྱིར། གཞལ་ཡས་ཁང་དེའི་གདན་ཁྲིའི་དོན་དེ་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་གསུམ་ཡོད་པའི་དང་པོ་འོག་གཞི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཁྱོད་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྟོག་ཚོགས་གཅོད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་རྟགས་སུ་རང་ཤར་བ་དེ་ཡིན་པའི་ཕྱིར། གཉིས་པ་སའི་ཁྱད་པར་བགྲོད་པའི་གདན་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། མི་འཇིགས་པ་བཞི་སོགས་ལྷུན་གྱིས་གྲུབ་པའི་
ཡོན་ཏན་གྱི་རྟགས་སུ་སེང་གེ་ལ་སོགས་པ་སེམས་ཅན་ལྔ་པོ་རེ་རེའང་བརྒྱད་བརྒྱད་ཀྱི་གདན་ཁྲི་དང་ལྡན་པ་དེ་ཡིན་པའི་ཕྱིར། གསུམ་པ་ཡོན་ཏན་གྱི་ཆེ་བས་ཉེས་ཚོགས་བཅོམ་པའི་གདན་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། རྒྱལ་བའི་ཐུགས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་ཤེས་དབྱེར་མེད་པའི་རྟགས་སུ་ཉི་ཟླ་དང་། ཉེས་སྐྱོན་གྱིས་མ་གོས་པས་པདྨ་དང་། རེ་བ་སྐོང་ཞིང་དཀོར་བདུན་ལྷུན་གྱིས་གྲུབ་པའི་རྟགས་སུ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་ལྡན་རྣམས་སུ་ཤར་བ་དེ་ཡིན་པའི་ཕྱིར། ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ། རང་བཞིན་གཉིས་སུ་མེད་པའི་འཁོར། རིག་པ་ཁྱད་པར་ཅན་གྱི་འཁོར་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་སོགས་ཏེ། རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔ་པོ་དེ་ཆོས་ཅན། ཁྱེད་རྣམས་ཀྱི་རིགས་དང་ཡེ་ཤེས་ཀྱི་དབྱེ་བ་བཤད་དུ་ཡོད་དེ། མི་བསྐྱོད་པ་ནི་ཐུགས་རྡོ་རྗེའི་རིགས་དང་ཆོས་དབྱིངས་ཡེ་ཤེས། རྣམ་སྣང་ནི་སྐུའི་རིགས་དང་མེ་ལོང་ལྟ་བུའི་ཡེ་ཤེས། རིན་འབྱུང་ནི་རིན་པོ་ཆེའི་རིགས་དང་མཉམ་ཉིད་ཡེ་ཤེས། སྣང་མཐའ་ནི་པདྨའི་རིགས་དང་སོར་རྟོག་ཡེ་ཤེས། དོན་གྲུབ་ནི་ལས་ཀྱི་རིགས་དང་བྱ་གྲུབ་ཡེ་ཤེས་རྣམས་སུ་ངེས་པ་དེ་ཡིན་པའི་ཕྱིར། གཉིས་པ་ནི། རིགས་ཀྱི་ཡུམ་ལྔ་པོ་དེ་ཆོས་ཅན། ཁྱོད་ལ་བཙུན་མོ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། སྐྱེད་པར་བྱེད་པའི་རྒྱུ་དང་། སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། ནང་སེམས་ཆོས་ཅན། ཁྱོད་ལ་དབྱེ་ན་བཞིར་ཡོད་པ་དེ་རྣམས་ལ་མཐོང་བ་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར་མིག་རྣ་བ་སྣ་ལྕེའི་རྣམ་ཤེས་བཞི་ཡིན་པས་རྟོག་པའི་མཚན་ཡིན་ཏེ། ཁྱོད་དབང་པོ་བཞི་ལ་བརྟེན་ནས་ཡུལ་གཟུགས་མཐོང་བ་ལ་སོགས་པ་དབང་ཤེས་བཞིར་འ ཇོག་པའི་ཕྱིར། མཐོང་བ་ལ་སོགས་པ་བཞི་པོ་ཆོས་ཅན། ཁྱོད་ལྷའི་དུས་ན་ཐུགས་ཀྱི་སེམས་དཔའ་བཞི་ཡིན་ཏེ། མཐོང་བ་ས་སྙིང་། ཐོས་པ་ཕྱག་རྡོར། སྣོམ་པ་ནམ་སྙིང་། མྱོང་བ་སྤྱན་རས་གཟིགས་དབང་ཕྱུག་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་ཐུགས་ཀྱི་སེམས་དཔའ་ཞེས་བརྗོད་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། རྟག་པའི་དུས་སུ་རྣམ་ཤེས་ཀྱི་ནང་དུ་འདུས་
པ་གང་ཞིག ལྷའི་དུས་སུ་ཐུགས་རྡོ་རྗེའི་རིགས་སུ་ངེས་པའི་ཕྱིར། འདི་ཉིད་ལས། ཀ་ནི་སྤྱན་གྱི་སོགས་ནང་སེམས་བཞི་པོའི་ཡུམ་ཆོས་ཅན། ཁྱོད་རྣམས་ལ་མཐོང་བར་བྱ་བ་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར་ཡུལ་གཟུགས་སྒྲ་དྲི་རོ་བཞི་ཡིན་པས་རྟོག་པའི་མཚན་ཏེ། ཁྱོད་རྣམས་ཀྱི་མཐོང་བྱ་གཟུགས་ལ་སོགས་པའི་ཡུལ་བཞི་པོ་དེ་ཡིན་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་སྐུའི་སེམས་མ་བཞིར་གྲགས་ཏེ། མཐོང་བར་བྱ་བ་ལཱ་སྱེ་མ། མཉན་པར་བྱ་བ་གཱིརྟི་མ། སྣོམ་པར་བྱ་བ་མཱ་ལེ་མ། མྱོང་བར་བྱ་བ་ནིརྟི་མ་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་སྐུའི་སེམས་མ་ཞེས་བརྗོད་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཡུལ་བཞིས་རྣམ་པར་ཤེས་པ་བཞིའི་རྟེན་བྱེད་པའི་ཕྱིར། འདི་ཉིད་ལས། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག་སོགས། ཕྱི་སེམས་ཆོས་ཅན། ཁྱོད་རྣམས་ལ་མཐོང་བྱེད་ལ་སོགས་པར་སྨོས་པ་ནི་རིམ་པ་ལྟར་མིག་རྣ་བ་སྣ་ལྕེའི་དབང་པོ་བཞི་ཡིན་པས་རྟོག་པའི་མཚན་ཡིན་ཏེ། ཁྱོད་རྟོག་པའི་དུས་ཀྱི་རྣམ་ཤེས་བཞིས་ཡུལ་བཞི་མཐོང་བའི་བདག་རྐྱེན་དབང་པོ་བཞིས་བྱེད་པའི་ཕྱིར། དེ་དག་ཆོས་ཅན། ཁྱོད་རྣམས་ལྷའི་དུས་ན་གསུང་གི་སེམས་དཔའ་བཞིར་གྲགས་པ་ཡིན་ཏེ། ཁྱོད་རྣམས་རིམ་བཞིན་མཐོང་བྱེད་བྱམས་པ། ཐོས་བྱེད་སྒྲིབ་སེལ། སྣོམ་བྱེད་ཀུན་བཟང་། མྱོང་བྱེད་འཇམ་དཔལ་དབྱངས་རྣམས་སུ་ངེས་པའི་ཕྱིར། དེ་རྣམས་ལ་གསུང་གི་སེམས་དཔའ་ཞེས་བརྗོད་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། དབང་པོས་ཡུལ་དང་ཤེས་པ་གཉིས་ཀྱི་ཕྱི་ནང་གི་བརྡའ་སྦྱོར་བྱེད་པའི་ཕྱིར། འདི་ཉིད་ལས། ས་ནི་སྤྱན་གྱི་གསུང་གི་མཆོག ། ཅེས་སོགས། ཕྱི་སེམས་བཞིའི་ཡུལ་ཆོས་ཅན། དེ་དག་ལ་འདས་པ་ལ་སོགས་པར་སྨོས་པ་ནི་རྟོག་པའི་མཚན་ཡིན་ཏེ། དུས་བཞིས་གོ་ཕྱེ་ནས་དབང་པོ་བཞི་བསྐྱེད་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་དུས་བཞིའི་ལྷ་མོར་གྲགས་པ་ཡིན་ཏེ། འདས་པའི་དུས་བདུག་པ་མ། ད་ལྟར་བ་མེ་ཏོག་མ། འབྱུང་བ་སྟེ་མ་འོངས་པ་མར་མེ་མ། མ་བྱོན་པ་སྟེ་འབྱུང་བར་མ་ངེས་པའི་དུས་དྲི་ཆབ་མ་རྣམས་སུ་ངེས་པའི་ཕྱིར། འདི་ཉིད་ལས། ཡ་ནི་སྐྱེ་བ་རྣམ་པར་དག་པ་སོགས། དུས་བཞི་པོ་དེ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པའི་དུས་ནི་འདས་
པ། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ནི་ད་ལྟར་བ། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་ནི་མ་འོངས་པ། རྒྱུ་འབྲས་ཡོད་ལ་མ་ཚོགས་པ་ནི་འདས་མ་འོངས་གང་ལའང་མ་ངེས་པའི་དུས་ཡིན་པའི་ཕྱིར་ཏེ། དཔེར་ན་དབྱར་གྱི་དུས་ལྟ་བུ་ཞིག་གཞིར་བཞག་ནས་རྩི་ན། དཔྱིད་ནི་འདས་པ། དབྱར་ནི་ད་ལྟ་བ། སྟོན་ནི་མ་འོངས་པ། དགུན་ནི་མ་ངེས་པ་སྟེ། དབྱར་གྱི་དུས་འདི་ལས་སྔར་འདས་ཕྱིས་འབྱུང་གཉིས་ནི་འདས་མ་འོངས་པར་ངེས་ལ་དགུན་ནི་འདས་མ་འོངས་གང་རུང་གཅིག་ཏུ་ཁ་ཚོན་མ་ཆོད་པའི་ཕྱིར་ཏེ། དཔྱིད་ཀྱི་སྔ་ལོགས་ཀྱི་དགུན་ནི་འདས་པ་དང་། སྟོན་གྱི་ཕྱི་ལོགས་ཀྱི་དགུན་ནི་མ་འོངས་པ་ལྟར་སྣང་བའི་ཕྱིར། དེ་ལྟར་ཡང་། རྔམ་གློག་ལས། རྒྱུ་འབྲས་ངེས་པ་མ་ཚོགས་པས། །འབྱུང་བར་མ་ངེས་དུས་ཞེས་གྲགས། །ཞེས་སོ། །གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་བཤད་པ་དེ་ལ་མཚན་གཉིས་ལས། དང་པོ་སྤྱིའི་མཚན་ནི། འཇིགས་བྱེད་ཡབ་བཞི་པོ་ཆོས་ཅན། ཁྱོད་རྣམས་ལ་འཇོམས་པ་ཆེན་པོ་རྡོ་རྗེ་ཞེས་པའི་རྒྱུ་མཚན་ཡོད་དེ། ཕྱི་ལུས་ཀྱི་ཆོས་བཞི་དང་སྦྱར་ན། རྟོག་པའི་རང་བཞིན་མངོན་དུ་གྱུར་པའི་ཁྲོ་བོ་བཞིའི་སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་དང་ལོག་འདྲེན་རྣམས་འཇོམས་པ་དང་། ནང་གསང་བའི་ཁམས་བཞི་དང་སྦྱར་ན། འོག་སྒོ་གསང་བའི་ཁམས་གསུམ་འདུས་པའི་བདེ་བས་རྟོག་པ་དང་ལྷའམ་བདེ་བར་འཛིན་པའི་ཞེན་པ་གཉིས་ཀ་འཇོམས་པ་ལ་ཐོགས་པ་མེད་པས་ན་རྡོ་རྗེ་ཞེས་བརྗོད་པ་གང་ཞིག དེས་འཇོམས་པའི་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་ཞེས་བརྗོད་པའི་ཕྱིར། དེ་དག་གི་ཡུམ་བཞི་ཆོས་ཅན། ཁྱོད་རྣམས་ལ་བཙུན་མོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལྟ་བུའི་འཇོམས་བྱེད་ཀྱི་གཉེན་པོ་དེ་ཡང་རྟག་ཆད་བདག་མཚན་བཞི་མ་ཡིན་པའི་ཆོས་ཉིད་ཡུམ་གྱི་ངོ་བོ་དེས་བསྐྱེད་པའི་ཕྱིར། དཔེར་ན་དཀར་པོ་འཇོམས་པ་དེ་དཀར་པོ་མ་ཡིན་པ་གཞན་ཞིག་གིས་བསྐྱེད་པ་བཞིན་ཡིན་པའི་ཕྱིར། གཉིས་པ་བྱེ་བྲག་གི་མཚན་ནི། སྒོ་བ་བཞི་པོ་དེ་རྣམས་ཆོས་ཅན། ཁྱོད་རྣམས་ལ་རེག་པ་ལ་སོགས་པར་སྨོས་པ་ནི། གསང་བའི་མཚན་ཡིན་ཏེ། ཕྱི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་ལུས་དབང་། རེག་བྱ་ཡུལ། དེ་གཉིས་
འདུས་པའི་རེག་ཤེས་རྣམས་སུ་ཡོད་པ་དེ་ཡིན་པའི་ཕྱིར་དང་། ནང་ལྟར་ན་གསང་བའི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་པ་བསྐྱེད་པ་ལ། རེག་བྱེད་གསང་དབང་ཐབས་ཀྱི་རྡོ་རྗེ། རེག་བྱ་གསང་ཡུལ་ཤེས་རབ་ཀྱི་པདྨ། གསང་བའི་རེག་ཤེས་དགའ་བ་ཉམས་སུ་མྱོང་བ་རྣམས་སུ་ཡོད་པ་དེ་ཡིན་པའི་ཕྱིར། དེ་དག་ཆོས་ཅན། ལྷའི་དུས་ན་མཐར་བྱེད་སྒོ་བ་བཞིར་རིམ་པ་ལྟར་ཡིན་ཏེ། ཕྱི་ནང་གི་རྟོག་པ་གཉིས་ཀ་གོ་རིམ་བཞིན་དུ། ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། རྟ་མགྲིན་དང་། སྟོབས་པོ་ཆེ་དང་། གཤིན་རྗེ་གཤེད་པོ་རྣམས་སུ་དག་པ་དེ་ཡིན་པའི་ཕྱིར། དེ་དག་གི་ཡུམ་བཞི་པོ་དེ་ཆོས་ཅན། ཁྱོད་རྣམས་ལ་རྟག་པར་མ་ཡིན་པ་ཞེས་སོགས་སྨོས་པ་ནི་རྟོག་པའི་མཚན་ཡིན་ཏེ། རྟག་པར་མ་ཡིན་ཏེ་ཕུང་པོ་མི་རྟག་པར་འཛིན་པ་དང་། ཆད་པར་མ་ཡིན་པ་དེ་སྡུག་བསྔལ་གྱི་རང་བཞིན་ངར་འཛིན་པ་དང་། བདག་ཏུ་མ་ཡིན་པ་སྟེ་བདག་མེད་དུ་འཛིན་པ་དང་། མཚན་མར་མ་ཡིན་པ་དེ་སྟོང་པར་འཛིན་པ་རྣམས་སུ་ཡོད་པ་དེ་དག་ལྷའི་དུས་ན་གོ་རིམ་ཇི་ལྟ་བ་བཞིན་དུ་ཁྲོ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་དང་བཞིར་ངེས་པ་དེ་ཡིན་པའི་ཕྱིར། ཡང་རྟག་ཆད་བདག་མཚན་དུ་འཛིན་པའི་ཕྱིན་ཅི་ལོག་གི་རྟོག་པ་བཞི་ལྟར་ན། རྟག་པར་འཛིན་པ་ལ་སོགས་པའི་རྟོག་པ་བཞི་པོ་ཆོས་ཅན། ཁྱོད་རང་ག་མར་སྣང་བ་ལྟར་མ་ཡིན་ཏེ། ཁྱོད་རྣམས་ས་མ་སྤངས་པར་སྒོ་མ་བཞིའི་རང་བཞིན་དུ་དག་པ་དེ་ཡིན་པའི་ཕྱིར། ཞར་བྱུང་གོ་ཕྱེ་བའི་འཁོར་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཁྱོད་ཐུན་མོང་འགྲོ་བ་འདུལ་བའི་འཁོར། སྤྲུལ་སྐུ་ཐུབ་པ་དྲུག་དང་། རྗེས་འཇུག་ཆོས་ཀྱི་མིག་དང་ལྡན་པའི་གང་ཟག་སྐལ་བ་དང་ལྡན་པ་རྣམས་ལ་འཇོག་པ་དེ་ཡིན་པའི་ཕྱིར། དེ་ལྟར་ཡང་འདི་ཉིད་ལས། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་པའི་ཕྱིར་རོ། །རྗེས་མཐུན་འཁོར་གྱི་གྲངས་ཚད་བཤད་པ་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་སུ་ཡོད་དེ། ཁྱབ་པའི་ཚད་དང་། མང་བའི་ཚད་གཉིས་སུ་ཡོད་པའི་ཕྱིར། ཁྱབ་པའི་ཚད་དེ་ཆོས་ཅན། བཤད་དུ་ཡོད་དེ། ཀུན་ཏུ་ཁྱབ་ཅིང་མཐའ་ཡས་པར་ཁྱབ་པའི་ཕྱིར་ཏེ། དཔེར་ན་ཏིལ་གང་དེ་ཏིལ་འབྲས་ཀྱིས་གང་ཞིང་
ཁྱབ་པ་བཞིན་དུ་གནས་པ་དེ་ཡིན་པའི་ཕྱིར། མང་བའི་ཚད་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཁྱོད་སྔར་སྨོས་པ་དེ་ལྟ་བུའི་འཁོར་ཚོགས་ཀྱི་གྲངས་ཚད་འདི་ཙམ་ཞེས་བརྗོད་ཀྱིས་མི་ལང་བའི་ཕྱིར། འོ་ན་ཁྱབ་པ་དང་མང་བའི་བདག་ཉིད་ཅན་གྱི་འཁོར་དེ་དག་དང་གཉིས་སུ་མེད་པར་བཞུགས་ཚུལ་དེ་ཇི་ལྟ་བུ་ཞེ་ན། དེ་ཆོས་ཅན། རང་བཞིན་གཉིས་སུ་མེད་པར་བཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་འདུས་པ་གང་ཞིག་འགྲོ་བའི་ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པའང་ལྷའི་རང་བཞིན་དུ་གནས་པའི་ཕྱིར་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའ་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་གསུངས་པའི་ཕྱིར། ཞར་བྱུང་ལེའུའི་བསྡུ་བ་དེ། ཇི་ལྟ་བུ་ཞེ་ན། དེ་འཆད་པར་བྱེད་པ་ལ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའ་ཚོགས་དང་གཉིས་སུ་མེད་པའི་ནས། རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་པ་འདིས་བསྟན་པ་ཡིན་ཏེ། དེ་ཡང་ཚིག་དོན་དུ་སྒྲིལ་ན། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས་གསུངས་པ་ལོ་རྒྱུས་སུ་བརྗོད་པའི་དོན་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་སྤྱི་གཟུགས་རིགས་ལྔ་དབྱེར་མི་ཕྱེད་པའི་སྟོན་པ་ཉིད་ཀྱི་ཐུགས་ལ་རྒྱུད་དོན་ཇི་ལྟར་ཤར་བའི་དོན་མངོན་སུམ་དུ་སྣང་བས་ན་ཕྱུང་ངོ་ཞེས་ཐ་སྙད་དུ་བཏགས་པའི་ཕྱིར། ཨེ་ཨེ་མ་ཨེ་མའོ་ཞེས་སོགས་ཀྱི་དོན་དེ་ཆོས་ཅན། ཁྱོད་ཀྱིས་གང་གསུངས་པའི་བསྟན་པ་དེ་ཉིད་བསྟན་པ་ཡིན་ཏེ། རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་གཞི་ལམ་འབྲས་གསུམ་དུ་འདུ་བ་གང་ཞིག གཞུང་འདིས་རྒྱུད་གསུམ་མདོར་བསྟན་པ་ཡིན་པའི་ཕྱིར། ཇི་ལྟར་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ་དེ་ཆོས་ཅན། ཁྱོད་ཀྱི་གཞིའི་རྒྱུད་མདོར་བསྟན་པ་ཡིན་ཏེ། གནས་ལུགས་དེ་བཞིན་ཉིད་ཀྱི་དབྱིངས་དེ་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དེ་ཡིན་པའི་ཕྱིར། དབང་
བསྒྱུར་ཞེས་དང་། རང་སྣང་བར་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། ཞེས་པ་དེ་ཆོས་ཅན། ཁྱོད་ཀྱིས་ལམ་གྱི་རྒྱུད་མདོར་བསྟན་པ་ཡིན་ཏེ། ལམ་ནི་ཤེས་འཇུག་གི་བྱེད་རྩོལ་དང་བཅས་པའི་གདུལ་བྱའི་སྣང་བ་གང་ཞིག གཞི་འཆིངས་གྲོལ་མེད་པའི་གནས་ལུགས་དེ་ཉིད་རྟོགས་པ་ལ་དབང་བསྒྱུར་བའི་ལྟ་བ་དང་། སེམས་ཉིད་ལྷའི་དཀྱིལ་འཁོར་དུ་རང་གསལ་བར་སྒོམ་པའི་ཏིང་འཛིན་གྱི་ཐབས་ཡན་ལག་དང་བཅས་པའི་དོན་འཕྲོ་གཞིའི་རྩ་བ་ཡིན་པའི་ཕྱིར། ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །ཞེས་དང་། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས། ཞེས་པ་མན་ཆད་ཆོས་ཅན། ཁྱོད་ཀྱིས་འབྲས་བུའི་རྒྱུད་དོན་མདོར་བསྟན་པ་ཡིན་ཏེ། ཆོས་ཉིད་མངོན་གྱུར་སྐྱེད་དུ་བྱར་མེད་པར་སོན་པ་ནི་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་གང་ཞིག དེ་ཤེས་འཇུག་གི་རྐྱེན་དེས་རྟོགས་བྱའི་ཡུལ་གྱི་གྲུབ་འབྲས་སུ་ངེས་པའི་ཕྱིར། དེ་ལ་ཁོ་ན་རེ། བསྡུ་བའི་ཚིགས་སུ་བཅད་པ་འདི་ཆོས་ཅན། ཁྱོད་ཀྱིས་བསྟན་པ་རྒྱུད་དོན་མདོར་བསྟན་དུ་བཤད་པ་མི་འཐད་པར་ཐལ། དེ་འཐད་ན་འོག་ཏུ་གླེང་བསླང་བ་དགོས་པ་མེད་པའི་ཕྱིར་ཟེར། འདི་ལ་མགོ་མཚུངས་དང་རྣལ་ལན་གཉིས་ལས། དང་པོ་ནི། ཀླད་དུ་བཀོད་པའི་གསང་བའི་སྙིང་པོ་ཞེས་སོགས་ཀྱི་མཚན་དེ་ཆོས་ཅན། ཁྱོད་ཀྱིས་རྒྱུད་དོན་ཡོངས་སུ་རྫོགས་པ་བསྟན་པ་མི་འཐད་པར་ཐལ། དེ་འཐད་ན། འོག་ཏུ་གླེང་བསླང་བ་ལ་དགོས་པ་མེད་པའི་ཕྱིར། གཉིས་པ་ནི། སྟོན་པའི་ཐུགས་ལ་རྒྱུད་དོན་ཇི་ལྟར་ཤར་བའི་དོན་གསང་བདག་གིས་བསྡུ་བ་བྱེད་པའི་ཚེ་གདུལ་བྱ་དབང་རབ་ཀྱི་ཚུལ་དུ་བསྟན་པ་རྒྱུད་དོན་མདོར་བསྟན་གྱི་ཚུལ་དུ་བསྡུས་པ་ཡིན་པས་སྐྱོན་མེད་ཅིང་འོག་ཏུ་གླེང་བསླང་བ་ལ་དགོས་པ་མེད་པར་ཡང་མི་འགྱུར་ཏེ། གདུལ་བྱ་དབང་འབྲིང་མན་ཆད་ལ་རྒྱུད་དོན་འོག་ཏུ་སྟོན་པས་ན་འདི་ཉིད་གླེང་གཞིའི་དོན་བསྡུས་སུ་བཞེད་པའི་ཕྱིར་རོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པའི་དོན་དེ་ཆོས་ཅན། ཁྱོད་བཤད་དུ་ཡོད་དེ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་མཛོད་འཛིན་པ་པོ་རྒྱལ་སྲས་ལག་ན་རྡོ་རྗེ་དེ། རྒྱུད་འདི་ཉིད་ཀྱི་སྡུད་པ་པོར་སྟོན་པས་དེ་ལྟར་ལུང་བསྟན་པའི་ཕྱིར་ཏེ། རྒྱ་
མཚོ་ལས། འཁོར་གྱི་ནང་ན་སྐལ་ལྡན་མཆོག །འདུལ་བའི་དུས་བབ་གསང་བའི་བདག ། ལག་ན་རྡོ་རྗེས་བསྡུ་བ་མཛད། །ཅེས་གསུངས། དེ་ལྟར་རྒྱུད་འདིར་སྡུད་པ་པོ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྡུད་པ་པོ་མེད་ན་སྟོན་པས་བསྟན་ཀྱང་གཏམ་ལྐུགས་པ་ལྟར་ཕྱིས་མི་འབྱུང་བའི་སྐྱོན་དང་། རྒྱུད་འདི་གནས་གང་དུ། སྟོན་པ་གང་གིས། འཁོར་གང་ལ་བསྟན་ཅིང་གཏད། དེ་ནས་སུ་ཞིག་གིས་སྤེལ། ཞེས་པའི་སྒྲོ་སྐུར་སྤང་པའི་ཆེད་ཡིན་པའི་ཕྱིར། འཕྲོས་དོན་དུ་ཞར་བྱུང་གདུལ་བྱ་དགོས་ཆེད་དུ་སྟོན་པ་ཁྲོ་བོའ་གླེང་ཞི་དང་། འགྲོ་འདུལ་སྤྲུལ་སྐུའི་གླེང་གཞི་ནི། གདུལ་བྱ་ལ་ལྟོས་པ་སྟེ། གོང་དུ་སྨོས་པའི་གླེང་གཞི་དེ་ཉིད་གདུལ་བྱའི་སྣང་བ་ལ་སོ་སོར་བྱུང་བ་སྟེ། གདུལ་བྱ་གདུག་པ་ཅན་ལ་ཁྲོ་བོའ་གླེང་གཞི་དང་། ཐུན་མོང་གི་གདུལ་བྱ་རྣམས་ལ་སྤྲུལ་སྐུའི་གླེང་གཞིར་སྣང་བ་སྟེ། འཇམ་དཔལ་སྒྱུ་དྲྭའི་བཤད་རྒྱུད་ལས་ཀྱང་། གླེང་གཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དང་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོ་སྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །ཞེས་བཤད་པ་ལྟར་ཡིན་པའི་ཕྱིར། ད་ནི་དེ་དག་ལ་རྩོད་སྤོང་གི་རིགས་པ་འཆད་དེ། དེ་ལ་རྩོད་པ་འགོད་པ་ནི། ཁ་ཅིག ལེའུ་དང་པོའི་འཁོར་འདི་རྣམས་རང་སྣང་ཡིན་པར་མི་འཐད་དེ། བཟང་ངན་དུ་སྣང་བའི་ཕྱིར་དང་། རང་སྣང་ཡིན་ན། གདུལ་བྱ་རང་རྒྱུད་པ་མེད་པར་ཐལ། འདུལ་བྱེད་སྤྲུལ་པ་ཚོགས་པ་དོན་མེད་པའི་ཕྱིར་ཟེར་བ་མི་འཐད་དེ། འདིར་ཚོགས་པའི་འཁོར་ལ་ཆ་གཉིས་སུ་ཡོད་པར་ལུང་རིགས་གཉིས་ཀྱིས་གྲུབ་པའི་ཕྱིར་ཏེ། གནས་ལུགས་ཀྱི་དབང་དུ་བྱས་ན། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའ་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་སོ། །རིགས་པས་གནོད་དེ་སྲིད་གསུམ་གྱིས་བསྡུས་པའི་འགྲོ་བ་ཡོད་
དོ་ཅོག་ཆོས་ཅན། ཁྱོད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་ཡོད་པ་མ་ཡིན་པར་ཐལ། ཁྱོད་ལེའུ་དང་པོའི་གཙོ་འཁོར་གྱི་ནང་དུ་མ་འདུས་པའི་ཕྱིར། ཡང་སྣང་ལུགས་ཀྱི་དབང་དུ་བྱས་ན་ཡང་ལུང་རིགས་གཉིས་ཀྱིས་གྲུབ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། དང་པོའི་སངས་རྒྱས་པ་རྒྱལ་བ། །སེམས་པ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །རྣམ་གཉིས་ཚུལ་དུ་བཞུགས་པའོ། །ཞེས་སོ། །རིགས་པ་ནི། རྟོག་ཚོགས་སྦྱར་བའི་གཙོ་འཁོར་གྱི་རྣམ་པ་ཅན་གྱི་རྒྱལ་བ་བཞི་བཅུ་རྩ་གཉིས་པོ་དེ་ཆོས་ཅན། ཁྱོད་གང་ཟག་གཅིག་གི་རྟོག་པ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་དག་པ་དེ་མ་ཡིན་པར་ཐལ། ཁྱོད་རྣམས་རྒྱུད་ཐ་དད་པའི་བཟང་ངན་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། དེར་ཐལ། ཁྱོད་རྒྱུད་འདིའི་མཐར་ཐུག་གི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་གནས་པ་དེ་ཡིན་པའི་ཕྱིར་ཏེ། རྒྱས་པ་ལས། དོན་བསྡུས་གསུང་རབ་བཞི་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པ་འཁྲུལ་པ་ཡིན། །ཞེས་སོ། །འདུལ་བྱེད་ཚོགས་པའང་དོན་མེད་དུ་མི་འགྱུར་ཏེ། རང་སྣང་དུ་གཙོ་འཁོར་གྱི་རྣམ་པར་བསྟན་ནས་རྒྱུད་མི་གསུང་བའི་གསུང་བ་ཆེན་པོ་དེ་གཞན་སྣང་དུ་དེ་དང་ཆ་འདྲ་བའི་གཙོ་འཁོར་གྱི་བཀོད་པ་རང་ཤར་དུ་བྱུང་ནས་དོན་མཛད་པའི་སྣང་བ་འབྱུང་བའི་ཕྱིར། ཡང་ཁ་ཅིག་ན་རེ། སྐབས་འདིར་རྒྱུད་གསུངས་པ་པོའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ཡིན་ན། རིགས་དྲུག་པ་ཀུན་ཏུ་བཟང་པོ་ཡིན་པས་ཁྱབ་སྟེ། དེས་མ་གསུངས་པའི་མདོ་རྒྱུད་མེད་པའི་ཕྱིར་ཟེར་ན། འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ཆོས་ཅན། དེར་ཐལ། དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། རིགས་ལྔའི་ནང་ཚན་གྱི་ཐུགས་རྡོ་རྗེའི་རིགས་མི་བསྐྱོད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཐུགས་ཀྱི་སྒྱུ་འཕྲུལ་འཆད་པའི་སྐྱེས་བུ་དེ་ཡིན་པའི་ཕྱིར་ཏེ། རྒྱུད་ལས། ཀུན་འབྱུང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་སྐྱེས་བུ་མདུན་ན་གནས། །ཞེས་སོ། །ཡང་ཁ་ཅིག་ན་རེ། སྟོན་པ་ཕུན་སུམ་ཚོགས་པ་ཡིན་ན། དྲུག་པ་ཀུན་བཟང་དང་། རིགས་ལྔ་གང་རུང་ཡིན་པས་ཁྱབ་ཟེར་ནའང་། ཀུན་ཏུ་བཟང་མོ་དང་།
ཐུབ་དྲུག་སོགས་ཀྱིས་སྒྲུབ་བྱེད་སྔར་ལས་དཔགས་ཏེ་ཤེས་པར་བྱའོ། །ཡང་དོགས་སེལ་དུ། མིའི་ཐུབ་པ་ཆོས་ཅན། ཁྱོད་སྟོན་པ་མ་ཡིན་པ་ཐལ། ཁྱོད་འཁོར་ཡིན་པའི་ཕྱིར་ཏེ། གོ་ཕྱེ་བའི་འཁོར་ཡིན་པ་གང་ཞིག་རིག་པའི་སྐྱེས་བུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རིགས་ལྔ་ནང་ཕན་ཚུན་འགལ་བ་མ་ཡིན་ཏེ། གཞི་གཅིག་གི་སྟེང་དུ་གནས་པའི་ལྷ་ཡིན་པའི་ཕྱིར་ཟེར་ན། འོ་ན་མི་བསྐྱོད་པ་ཆོས་ཅན། རིགས་བཞི་ཀ་ཡིན་པར་ཐལ། གཞི་གཅིག་གི་སྟེང་དུ་གནས་པའི་ལྷ་ཡིན་པའི་ཕྱིར་ཏེ། རྣམ་སྣང་གི་རང་བཞིན་དུ་འདུས་ཤིང་དག་པའི་ལྷ་ཡིན་པའི་ཕྱིར་ཏེ། རྟོག་པའི་དུས་སུ་ཕུང་པོ་གཞན་བཞི་པོ་གཟུགས་ཕུང་ལ་ལྡན་པའི་ཆོས་གང་ཞིག ལྷའི་དུས་སུའང་རྟོག་པ་དེ་རྣམས་རྣམ་སྣང་གི་གནས་དེ་དང་དེ་རྣམས་སུ་དག་པའི་ལྷ་ཡིན་པའི་ཕྱིར། འདི་དག་གི་རྣལ་ལན་ནི། ངོ་བོའ་སྒོ་ནས་ལྷ་གཅིག་གི་བདག་ཉིད་དུ་ཁས་ལེན་ཏེ། ཏིལ་འབྲུ་དང་སྣུམ་གཉིས་རྫས་གཅིག་གི་ངོ་བོར་ཡོད་བཞིན་ཡིན་པའི་ཕྱིར། རྣམ་པ་སོ་སོ་བར་ཁས་ལེན་ཏེ། སྣུམ་ཁུ་བ་དང་། ཏིལ་གོང་བུའི་རྣམ་པ་གཉིས་འགལ་བ་ལྟར་གྲུབ་པའི་ཕྱིར་དེ་ལྟར་ན་ཐ་དད་མ་ཡིན་པའི་ཐ་དད་དུ་ཁས་ལེན་དགོས་ཏེ། རྒྱུད་འདི་ཉིད་ལས། ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་སོ། །དེས་མཚོན་ཏེ་ཐམས་ཅད་ལ་རིགས་འགྲེ་ཤེས་དགོས་སོ། །ཡང་གནས་ཀྱི་སྐབས་སུ་འཇིག་རྟེན་གྱི་ཁམས་དང་། འོག་མིན་ཆེན་པོ་གཉིས་གཅིག་དང་ཐ་དད་ག ང་ཡིན་ཟེར་ན། ངོ་བོའ་སྒོ་ནས་གཅིག་ཏུ་འདོད་དེ་གོང་དུ་སྨོས་པའི་སྣུམ་དང་ཏིལ་གྱི་དཔེ་བཞིན་དུ་ཁས་བླངས་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པའི་ཕྱིར། གནོད་བྱེད་མེད་དེ། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །སོགས་ནས། ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་སོ། །སྒྲུབ་བྱེད་ཡོད་དེ། མ་དག་པའི་འཇིག་རྟེན་འདི་ཆོས་ཅན། ཁྱེད་དག་པའི་ངོ་ན་འོག་མིན་གནས་སུ་ཡོད་དེ། ཁྱོད་སྤངས་པའི་ཕ་རོལ་ན་འོག་མིན་ཆེན་པོའི་གནས་བཙལ་དུ་མེད་པའི་ཕྱིར་ཏེ། འདི་ལྟར་དྲི་མ་མེད་པར་གྲགས་པའི་ཐུན་མོང་གི་མདོའ་ལུང་གིས་ཀྱང་
གྲུབ་པའི་ཕྱིར། རྣལ་ལན། འདི་ལྟར་རང་ག་མར་སྣང་བ་འདི་ཡང་མིན་ལ། འདི་ལས་གཞན་དུ་བརྗོད་དུའང་མེད་དོ། །ཞེས་བཞེད་དོ། །ཡང་ཁྲོ་བོའ་གླེང་གཞིའི་སྐབས་སུ་ཁ་ཅིག་ན་རེ། རུ་ཏྲ་དེ་སྤྲུལ་པ་བ་ཡིན་ནམ། ཐ་མལ་བ་ཡིན། དང་པོ་ལྟར་ན། ངན་སོང་གི་སྡུག་བསྔལ་མྱོང་བར་བཤད་པས་རིགས་པ་མ་ཡིན་ནོ་ཟེར། གཉིས་པ་ལྟར་ན། ཡི་དྭགས་སྲིན་པོ་ཆེན་པོ་ཟེར་བས་འདོད་ཁམས་པ་ཡིན་པའི་ཕྱིར། དེས་གཟུགས་ཁམས་དབང་དུ་བསྡུས་པ་མི་འཐད་དེ། དེར་བགྲོད་པ་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་དང་། དཔལ་ཆེན་པོ་སྤྱོད་ཡུལ་གཅིག་ཏུ་མ་སྤྱད་པའི་ཕྱིར། ཞལ་མཐོང་བའི་དངོས་ཀྱི་གདུལ་བྱར་གྱུར་པའང་མི་འཐད་དོ་ཟེར། དེ་དག་དགག་པ་ལ། སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཐ་མལ་པའི་གཟུགས་སུ་སྣང་བ་རྣམས་ཆོས་ཅན། ཁྱོད་ཐ་མལ་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་པའི་རྟེན་ཅན་གྱི་འཕགས་པ་ཆོས་ཅན། ཁྱོད་ཀྱིས་གཟུགས་ཁམས་དབང་དུ་བསྡུ་མི་ནུས་པར་ཐལ། ཁྱོད་འདོད་པའི་རྟེན་ཅན་ཡིན་པའི་ཕྱིར། འདོད་ན། དཔའ་བོས། སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །ཞེས་པའི་ལུང་གིས་གནོད་པའི་ཕྱིར་རོ། །ཤཱཀྱ་ཐུབ་པ་མཐོང་བའི་སེམས་ཅན་རྣམས་ཆོས་ཅན། ཁྱོད་ཀྱིས་ཐུབ་པ་དང་སྤྱོད་ཡུལ་གཅིག་ཏུ་སྤྱད་པར་ཐལ། དེའི་ཕྱིར། རྟགས་ཁས། དེས་རྒྱུད་འབྱུང་བའི་གླེང་གཞི་བཤད་པ་སོང་ནས། གཉིས་པ་རྐྱེན་གླེང་བསླང་བ་ལ། དགོས་ཆེད། ངོ་བོ། སྒྲ་དོན། རྣམ་གྲངས་དང་བཞི་ལས། དང་པོ་གླེང་བསླང་གི་དགོས་པ་ཆོས་ཅན། བཤད་དུ་ཡོད་དེ། རྒྱུད་དོན་གདུལ་བྱའི་བློ་དང་འཚམས་པར་མྱུར་དུ་འབྱུང་བ་དེ་ཁྱོད་ཀྱི་དགོས་པ་ཡིན་པའི་ཕྱིར། གཉིས་པ་གླེང་བསླང་གི་ངོ་བོ་ཆོས་ཅན། བཤད་དུ་ཡོད་དེ། སྟོན་འཁོར་དྲི་ལན་གཅིག་གི་རྐྱེན་དུ་གཅིག་གྱུར་པས་བསྟན་པ་འབྱུང་མ་རག་པ་དེ་ཡིན་པའི་ཕྱིར། གསུམ་པ་གླེང་བསླང་གི་སྒྲ་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། གླེང་བར་བྱ་བ་བསྟན་པ་ཡིན་ལ། དེ་གླེང་བར་བསྐུལ་བ་ནི་བསྟན་པ་འབྱུང་བའི་རྐྱེན་དུ་གྱུར་པས་ན། བསླང་ཞེས་
བརྗོད་པ་དེ་ཡིན་པའི་ཕྱིར། བཞི་པ་གླེང་བསླང་གི་རྣམ་གྲངས་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་སུ་ཡོད་དེ། ཐུན་མིན་ལྷན་ཅིག་པའི་འཁོར་གྱི་ཆེད་དུ་སྟོན་པས་མདུན་བསུས་ཏེ་གླེང་བསླང་བ་དང་། ཐུན་མོང་པ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་འཁོར་གྱིས་གུས་པས་དྲིས་ཏེ་གླེང་བ་གཉིས་སུ་ཡོད་པའི་ཕྱིར། དེའི་དང་པོ་ཐུན་མིན་ལྷན་ཅིག་པའི་འཁོར་གྱི་ཆེད་དུ་སྟོན་པས་མདུན་བསུས་ཏེ་གླེང་བསླང་བའི་གོ་དོན་ནི། སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་ལ་ཟབ་དབང་གསུམ་བསྐུར་བས་ཞེན་པ་དག་ནས་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པ་དེ་ཆོས་ཅན། ཁྱོད་ཐུན་མོང་མ་ཡིན་པའི་གླེང་བསླང་བ་ཡིན་ཏེ། དོན་དམ་ངེས་པའི་ཚིག་གིས་རང་བཞིན་གསང་བའི་སྙིང་པོའི་དོན་དངོས་སུ་སྟོན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་ཁོག་གཞུང་ལས། ཐུན་མོང་མ་ཡིན་སྟོན་པ་ཉིད། །ཡབ་ཡུམ་ཆགས་བསྐུལ་རོལ་པ་དང་། །དགྱེས་བསྟར་འཁོར་ལ་དབང་བསྐུར་བས། །རྒྱུད་དོན་འབྱུང་ཕྱིར་བསླང་ཞེས་བྱ། །ཞེས་སོ། །དེ་གཏན་ལ་དབབ་པ་ལ་གཉིས་ཏེ། དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་གསང་དབང་བསྐུར་བ་ལའང་། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་སྐུ་དང་ཡེ་ཤེས་ཀྱི་དོན་གླེང་བསླང་བ་དང་། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་དབྱིངས་ཀྱི་དོན་གླེང་བསླང་བ་གཉིས། དེའི་དང་པོ་ཡབ་ཀྱི་གླེང་བསླང་བ་དེ་ཉིད་འཆད་པར་བྱེད་པ་ལ། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་ནས། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཞེས་པའི་གཞུང་འདིས་བསྟན་པ་ཡིན་ལ། དེའི་དོན་ནི། རྒྱུད་ཀྱི་སྟོན་པ་རིགས་དྲུག་པ་ཡབ་ཡུམ་གཉིས་ཆོས་ཅན། ཁྱོད་ལ་བྱེད་པ་པོ་རྡོ་རྗེ་ཡིད་དང་། བྱ་བ་མོ་ཆོས་ཞེས་སྨོས་པ་ལ་རྒྱུ་མཚན་ཡོད་དེ། མ་རྟོགས་པའི་དུས་ན་ཡིད་ཀྱི་རྟོག་པ་ནི་འཁོར་བའི་བྱེད་པ་པོ་དང་། རྟོགས་པའི་དུས་ན་འདས་པའི་བྱེད་པ་པོ་རང་རིག་པའི་ཡེ་ཤེས་གཉིས་རང་བཞིན་དབྱེར་མི་ཕྱེད་པས་ན་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཞེས་བརྗོད་པ་གང་ཞིག བྱ་བ་མོ་ནི་དབང་པོ་ལྔའི་ཡུལ་དུ་མ་གྱུར་པའི་འདུས་བྱས་
དང་འདུས་མ་བྱས་ཀྱི་ཆོས་ཀྱི་ཁམས་ཡིན་ལ། དེས་ཡིད་སྐྱེད་པར་བྱེད་ཅིང་ཡིད་ཀྱི་ཡུལ་དུ་གྱུར་པས་ན་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ཞེས་བརྗོད་པའི་ཕྱིར། དེ་ལྟ་བུའི་སྟོན་པ་ཡབ་ཡུམ་གཉིས་སྙོམས་པར་ཞུགས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་ལྟར་ཞུགས་པ་ལས་བྱུང་བའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུ་བྱས་ཤིང་། ཡབ་ཡུམ་གྱིས་ཉམས་སུ་བསྟར་བའི་དོན་ཆེད་དུ་བརྗོད་པས་རྐྱེན་བྱས་ཏེ། དེའི་འབྲས་བུ་རྟོགས་པ་བརྗོད་པས་ལྷན་ཅིག་པའི་འཁོར་རྣམས་ཀྱིས་བདེན་པ་མཐོང་བའི་ཕྱིར། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་སོགས་ཀྱི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་གཅིག་གི་རང་བཞིན་དུ་སངས་རྒྱས་པ་ལ་ངོ་མཚར་བའི་ཚུལ་གྱིས་དེ་ལྟར་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་མཐོང་ནས་ཕུང་ཁམས་སྐྱེ་མཆེད་ཞིང་ལ་སོགས་པའི་ཆོས་ཐམས་ཅད་ལྷ་དང་ལྷ་མོའ་དཀྱིལ་འཁོར་དུ་རྟོགས་པས་སངས་རྒྱས་ཉིད་ལས་གཞན་པའི་ཆོས་རྡུལ་ཙམ་ཡང་མ་གྲུབ་པར་རྟོགས་པ་ཡིན་པའི་ཕྱིར། དེ་ལྟར་བརྗོད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་པ་ཡིན་པའི་ཕྱིར། གཉིས་པ་ཡུམ་གྱིས་གླེང་བསླང་བ་འཆད་པར་བྱེད་པ་ནི། དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས་ནས། ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏེ། ཞེས་པའི་གཞུང་འདིས་བསྟན་པ་ཡིན་ལ། དེའི་དོན་ནི། རྒྱུ་སྔར་བཞིན་ལས། རྐྱེན་ཀྱེ་མའོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །ཞེས་སོགས་ཀྱི་དོན་ཆོས་ཅན། བཤད་དུ་ཡོད་དེ། ཡུམ་གྱིས་ཤེས་རབ་ཀྱི་ཆ་བཟུང་ནས་རང་གི་ཉམས་སུ་བསྟར་བའི་དོན་དབྱིངས་ཀྱི་དོན་ལ་ངོ་མཚར་བའི་ཚུལ་གྱིས་དེ་ལྟར་གླེང་བར་མཛད་པས། འཁོར་རྣམས་ཀྱིས་ལྷག་པ་དོན་དམ་པའི་བདེན་པ་མཐོང་ནས། ཕྱོགས་བཅུ་སྟོང་ཁམས་དང་། སྲིད་པ་གསུམ་དང་། སྙིགས་མ་ལྔ་དང་། ཕུང་པོ་ལྔ་སྟེ་ཐ་སྙད་བཞིས་བསྡུས་ཀྱི་ཆོས་ཐམས་ཅད་ཡེ་ནས་ཆོས་ཀྱི་སྐུར་མངོན་པར་སངས་རྒྱས་པས་འབྲས་བུ་གཞན་ནས་བཙལ་དུ་མེད་པར་
རྟོགས་པའི་ཕྱིར། དེ་ལྟར་བརྗོད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྟོག་ཚོགས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་སྟོན་པ་ཉིད་ཀྱིས་མཁྱེན་པའི་ཕྱིར་ཏེ། འཁོར་རྣམས་ཀྱིས་དབང་ཐོབ་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་རྟོག་མེད་ཀྱི་ཡེ་ཤེས་སྐྱེས་ཀྱང་སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་ཉམས་སུ་མ་མྱོང་བའི་ཕྱིར་གསང་བའི་དབང་ཞེས་བརྗོད་པ་ཡང་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་གསང་དབང་བསྐུར་ནས། ཤེས་རབ་ཡེ་ཤེས་དང་། དབྱེར་མེད་བདེ་ཆེན་གྱི་དབང་གཉིས་ཀྱི་ལས་ཐུན་མོང་དུ་སྟོན་པར་བཞེད་ནས། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཞེས་སོགས་གསུངས་པ་ཡིན་ལ། དེ་ལྟར་གསུངས་པའི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། དོན་དགོངས་པ་དང་། རྟགས་ཡབ་ཡུམ་གྱི་ཉི་ཟླ་གཉིས་སུ་མེད་པའི་ངང་ནས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་སོགས་ཀྱི་རྟོགས་པ་བརྗོད་པའི་རྐྱེན་ལས་འཁོར་གྱིས་སེམས་ལྔ་བསྐྱེད་པ་དེ་ཡིན་པའི་ཕྱིར། སེམས་ལྔའི་དངོས་གཞིའི་རྟོག་པ་བརྗོད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་བ་མེད་ལས ཞེས་སོགས་གསུངས་པ་ཡིན་ལ། དེ་ལྟར་གསུངས་པའི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། ཡས་འབབ་དགའ་བཞིའི་འགྲོས་ལ། གཡོ་ལྡང་། འཇིག་འཇུག གནས་པ། སྨོན་པ། མཐར་ཕྱིན་པའི་སེམས་ལྔའི་མཐར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཅིང་། མས་བརྟན་དགའ་བཞིའི་འགྲོས་ཀྱིས་སེམས་ལྔའི་མཐར་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་ནས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་དེ་ཡིན་པའི་ཕྱིར། ཐུན་མོང་གི་གླེང་བསླང་ནི། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ཞེས་སོགས། དེ་ལྟར་གསུངས་པའི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། ལྷན་ཅིག་པ་རྣམས་རང་དོན་དུ་རྒྱུད་ཞུ་མ་དགོས་ཀྱང་གཞན་དོན་གོ་ཕྱེ་བའི་འཁོར་གསང་བ་བཞིས་ཆོད་པ་རྣམས་ཐུགས་རྗེས་བཟུང་བར་རིགས་ཞེས་བརྗོད་པ་དེ་ཡིན་པའི་ཕྱིར། དེ་ལྟར་ཞལ་གྱིས་བཞེས་ནས་ལན་སྩལ་བ་ནི། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །ཞེས་སོགས་གསུངས་པའི་དོན་ནི། སེམས་ཅན་ཐམས་
ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པས་གཤིས་ལ་བཅིངས་གྲོལ་མེད་པའི་དོན་དེ་ཆོས་ཅན། བཤད་དུ་ཡོད་དེ། སེམས་ཅན་ཐམས་ཅད་མ་རྟོགས་པའི་དབང་གིས་བཅིངས་གྲོལ་ལྟར་སྣང་ཡང་། སྣང་ཙམ་ཉིད་ནས་གཤིས་ལ་དེ་ལྟར་མ་གྲུབ་པས་འཁོར་འདས་མཉམ་པ་ཉིད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་ལྷུན་རྫོགས་སུ་བཞུགས་པ་དེ་ཡིན་པའི་ཕྱིར། དེ་ལྟར་སངས་རྒྱས་ཀྱིས་ཐུགས་སུ་ཆུད་པའི་ལྷུན་གྱིས་གྲུབ་པའི་ཆོས་དེ་ཆོས་ཅན། ཁྱོད་མཚོན་པར་བྱེད་པའི་རྒྱུད་འདི་དངོས་བརྒྱུད་ཀྱི་གདུལ་བྱ་ལ་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ་དགྱེས་པའི་ཚུལ་དྲུག་གི་སྒོ་ནས་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་པ་གང་ཞིག གོ་ཕྱེ་བའི་འཁོར་གདུལ་བྱ་ཐུན་མོང་པ་རྣམས་ལམ་སྟེགས་ཀྱི་ཐེག་པ་ལ་བརྟེན་ནས་རིམ་གྱིས་ལམ་འདིར་དཀྲི་བའི་ཆེད་དུ་སྤྲུལ་པ་ཐུབ་པ་དྲུག་སྤྲོ་བ་སོགས་སྣ་ཚོགས་སུ་སྣང་ནས་བསམ་གྱིས་མི་ཁྱབ་པའི་མཛད་པ་འཁོར་བ་ཇི་སྲིད་ཀྱི་བར་དེ་སྲིད་དུ་རྒྱུན་མི་ཆད་པར་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་གླེང་གཞི་དང་། གླེང་བསླང་གཞུང་གི་འབྲུ་འགྲེལ་སྦྱོར་ངག་རྣམས་བཤད་པ་སོང་ནས། ད་ནི་སྤྱིའི་དོན་ལ་འཇུག་སྟེ། རྩ་བའི་ས་བཅད་གསུམ་པ། འབྲས་བུ་ཡོངས་ཤེས་རྒྱུད་དོན་བཤད་པ་ལ་གཉིས་ཏེ། རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་གཞིའམ་རྒྱུའི་རྒྱུད། རང་བཞིན་མངོན་དུ་བྱེད་པ་ཐབས་སམ་ལམ་གྱི་རྒྱུད། རང་བཞིན་མངོན་དུ་བྱས་པ་འབྲས་བུའི་རྒྱུད་དེ་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་པ་ཅན་ནོ། །དང་པོ་གཞི་ལ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བརྟགས་གཞི་བཤད་པ་གཉིས་ལས། དང་པོ་ལ། ས་བཅད་འདི་ཆད་དམ་སྙམ། མཆན སྤྱིར་མཚན་ཉིད། དབྱེ་བ། ལུང་རིགས་ཀྱི་སྒོ་ནས་མཐའ་དཔྱད་པ་དང་། དེའི་དོན་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ནི། ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་དྲི་བཅས་དེ་བཞིན་ཉིད་དེ། མཚན་ཉིད་དེས་ནི་ངོ་བོ་དང་
བརྟགས་གཞི་གཉིས་ཀ་ལ་ཁྱབ་ཅིང་། ལམ་དང་འབྲས་བུ་གཉིས་རྣམ་པར་བཅད་པའོ། །གཉིས་པ་དབྱེ་བ་ལ། ངོ་བོའ་གཞི་དང་། བརྟགས་པའི་གཞི་གཉིས་ལས། དང་པོའི་མཚན་ཉིད་ནི། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ། དྲི་མའི་སྦུབ་ན་ཡོད་པའི་གནས་ལུགས་དེ་བཞིན་ཉིད་དེ། དཔེར་ན། འདམ་གྱི་དབུས་ན་ཡོད་པའི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལྟར་ཡང་རྒྱུད་ལས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་རང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །གཉིས་པའི་མཚན་ཉིད། ལོག་རྟོག་འཁྲུལ་པའི་སྣང་བ་གློ་བུར་བར་གནས་པ་སྟེ། དཔེར་ན། ནོར་བུ་ལ་ཡོད་པའི་འདབ་རྫབ་ལྟ་བུའོ། །དེ་ཡང་མདོ་ལས། གང་ཞིག་ལོག་པར་རྟོག་པས་མེད་མཐོང་བ། །བྱིས་པ་འདི་དག་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །དེ་ཡང་ཡུལ་ཡུལ་ཅན་གཉིས་མེད་ལ་གཉིས་སུ་བཟུང་བས་ལོག་རྟོག དེ་མ་ཡིན་ལ་དེར་བཟུང་བས་འཁྲུལ་པ། ལས་དང་ལོག་རྟོག་གི་བློར་སྣང་བའོ། །གསུམ་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དེ་ཤེས་བྱ་མ་ཡིན་ཏེ། དེ་ཤེས་བྱའི་ཡུལ་ལས་འདས་པའི་ཕྱིར་ཏེ། ཤེར་ཕྱིན་སུམ་བརྒྱ་པ་ལས། ཆོས་དབྱིངས་ཤེས་བྱ་མ་ཡིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང་གལ་པོ་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་ཟེར་བ་དང་། ཡང་ཡུལ་རྫས་སུ་གྲུབ་པ་འདི་དག་ཤེས་པ་ལས་གཞན་དུ་གྲུབ་པའི་ཕྱིར་མི་འཐད་དོ་ཟེར། གཉིས་པ། དེ་དགག་པ་ལ་ལུང་རིགས་གཉིས་ཀྱིས་གྲུབ་པའི་ཕྱིར་ཏེ། ལུང་གིས་གྲུབ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་ཟད་དོ། །ཞེས་དང་། གལ་པོ་ལས་ཤེས་བྱའི་ནང་ནས་དམ་པར་ནི། །གྱུར་ཕྱིར་ངེས་པའི་ཚིག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཞིའི་རྒྱུད་དེ་ཆོས་ཅན། ཐ་སྙད་ཙམ་དུ་གཏན་ལ་དབབ་བྱ་མ་ཡིན་པར་ཐལ། ཁྱོད་ཐ་སྙད་ཙམ་དུ་གཞལ་བྱར་མི་རུང་བའི་ཕྱིར། དེར་མ་ཟད་ནམ་མཁའ་ཆོས་ཅན། ཁྱོད་སྐྱེས་བུས་འཇལ་བ་མ་ཡིན་པར་ཐལ། ཁྱོད་སེམས་རྟོག་གི་ཡུལ་ལས་འདས་པའི་ཕྱིར། སྔར་
གྱི་ལུང་རྣམས་དང་མི་འགལ་ཏེ། མདོར་ན་གཞི་ལམ་འབྲས་གསུམ་དུ་ཕྱེ་བ་ཡང་རྨི་ལམ་གྱི་རྒྱུ་འབྲས་སོ་སོར་སྣང་བ་ལྟར། རེ་ཞིག་འཁྲུལ་སྣང་ཀུན་བཏགས་ཀྱི་དབང་གིས་སོ་སོར་སྣང་བ་ཙམ་ལ་བཞག་མོད། ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཕྱེ་བ་མ་ཡིན་ཏེ། ངོ་བོ་རང་རིག་པའི་བྱང་ཆུབ་སེམས་སུ་གཅིག་པའི་ཕྱིར་དང་། དོན་དམ་བློའི་སྤྱོད་ཡུལ་མ་ཡིན་ཡང་། བདེན་གཉིས་འབྱེད་པའི་རྣམ་བཞག་གི་ཚེ། གལ་པོར། ཤེས་བྱ་ཙམ་གྱི་སྣང་བ་ལ། །བདེན་པ་གཉིས་ཀྱི་ཞིང་ས་འགྲུབ། །ཅེས་སོ། །གཉིས་པའི་ལན་ནི། ཤེས་པ་ཆོས་ཅན། ཡུལ་ཤེས་ལ་བདག་གཅིག་གི་འབྲེལ་པ་མེད་པར་ཐལ། ཡུལ་ཤེས་བདག་མི་གཅིག་པའི་ཕྱིར་ཏེ། ཀ་བ་དང་། བུམ་པ་བཞིན་ནོ། །དེ་ལ་དེ་བྱུང་གི་འབྲེལ་པའང་མེད་པར་ཐལ། བསྟན་མེད་ཐོགས་མེད་ཀྱི་རིགས་ཙམ་དེ་ལས་བེམ་པོའི་རྫས་སྐྱེ་མི་སྲིད་པའི་ཕྱིར་ཏེ། ནམ་མཁའ་དང་པདྨོ་བཞིན་ནོ། །དེ་ལྟར་འབྲེལ་པ་མེད་པར་འདོད་ན། ཤེས་པ་ཆོས་ཅན། ཁྱོད་ལས་ཡུལ་རྣམས་སྣང་བ་མི་རིགས་པར་ཐལ། ཡུལ་ཤེས་ལ་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། མིག་དང་སྒྲ་བཞིན་ནོ། །འདོད་མི་ནུས་ཏེ་མངོན་སུམ་ཚད་མས་གནོད་པའི་ཕྱིར་རོ། །དེ་བས་ན་སེམས་ལས་གཞན་པའི་ཆོས་རྡུལ་ཙམ་ཡང་མ་གྲུབ་སྟེ། འདི་ལྟར་ཡུལ་སོགས་སྣང་བ་ཉམས་སུ་མྱོང་བའི་ཕྱིར། རྨི་ལམ་གྱི་སྣང་བ་བཞིན་དང་། སེམས་ཀྱི་ཇི་ལྟར་དབང་བསྒྱུར་བ་ལྟར་རང་སྣང་བའི་ཕྱིར། ཟད་པར་གོམས་པའི་སྣང་བ་བཞིན་ནོ། །དེ་ལྟར་ཡང་། རྒྱས་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །ཞེས་དང་། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའོ། །ཞེས་དང་། ལམ་རིམ་ལས། སེམས་ལས་མ་གཏོགས་ཆོས་མེད་ཕྱིར། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག །ཅེས་དང་། སློབ་དཔོན་དཔལ་དབྱངས་ཀྱི་མཐའི་མུན་སེལ་སྒྲོན་མ་ལས། ཆོས་རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཅེས་དང་། ཐུན་མོང་གི་ལུང་ལས་ཀྱང་གསུངས་ཏེ། ལངྐར་གཤེགས་པ་ལས། ཇི་ལྟར་བྱིས་པས་བཏགས་པ་ཡི། །ཕྱི་རོལ་དངོས་པོ་ཡོད་མིན་པར། །བག་ཆགས་ཀྱིས་ནི་
སྦགས་པའི་སེམས། །དོན་གྱི་དངོས་པོ་རབ་ཏུ་སྐྱེས། །ཞེས་དང་། མདོ་སྡེ་ས་བཅུ་པར་ཡང་ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་དག་སེམས་ཙམ་མོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག སོ་སྐྱེའི་ཤེས་པ་སོར་བཞག་འདི་གནས་ལུགས་ངོ་བོ་ཉིད་ཀྱི་གཞིར་འདོད་ན་ནི། ཤེས་བྱ་མ་ནོར་བ་ཡུལ་དུ་བྱེད་པས། འཕགས་པའི་མཁྱེན་པ་དང་ཁྱད་མེད་དུ་འགྱུར་ལ། དེ་ངོ་བོའ་གཞི་མ་ཡིན་ན་ནི། འཁྲུལ་སྣང་འདི་ཆོས་ཉིད་ཀྱི་ཁྱབ་བྱ་མ་ཡིན་པར་ཐལ་བ་སོགས་ཀྱི་སྐྱོན་གནས་སོ་ཟེར་ན། དེའི་ལན་ནི། རང་བཞིན་ཆོས་ཉིད་དུ་ཡོངས་སུ་རྫོགས། རྣམ་པ་འཁྲུལ་ལྡོག་ཏུ་མ་འདྲེས། ངོ་བོ་ལ་དབྱེར་མེད་ཅེས་བྱ་སྟེ། དགོངས་འདུས་ལས། ཞེ་སྡང་མ་འདྲེས་མནར་སེམས་པ། །ཡོངས་སུ་རྫོགས་པར་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་སོ། །འོ་ན་མ་འདྲེས་པ་ཆོས་ཉིད་མ་ཡིན་པ་བཞིན་དུ། ཡོངས་རྫོགས་ཀྱི་ངོས་ནས་ཀྱང་མ་ཡིན་པར་འགྱུར་ཏེ། དེ་ཉིད་ངོ་བོ་དབྱེར་མེད་ཡིན་པས་སོ་ཟེར་ན། སྐྱོན་མེད་དེ། ཏིལ་འབྲུ་དང་སྣུམ་གཉིས་རྫས་དབྱེར་མེད་ནའང་ཏིལ་འབྲུ་ཁུ་བ་དང་། སྣུམ་གོང་བུར་མི་སྣང་བ་བཞིན་ནོ། །བཞི་པ་གཞིའི་དོན་བྱེ་བྲག་ཏུ་བཤད་པ་ནི། ལྷག་པ་ཀུན་རྫོབ་བདེན་པ་དང་། ལྷག་པ་དོན་དམ་བདེན་པ་གཉིས། ལྷག་པའི་བདེན་པ་དབྱེར་མེད་བཤད་པ་དང་གསུམ་ལས། དང་པོ་ནི། དང་པོའི་མཚན་ཉིད་ནི། ཆུ་ཟླ་ལྟར་བདེན་དངོས་ཀྱིས་སྟོང་པའི་སྣང་བ་རིས་སུ་མ་ཆད་པའི་ཆོས་སོ། །དེ་སྒྲུབ་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། རྒྱས་པ་ལས། ཀུན་རྫོབ་སྒྱུ་མར་མཉམ་པ་ཡང་། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་སྣང་བྱ་བ་ཀུན་བྱེད་ཀྱང་། །རྟོག་པ་ཀུན་གྱི་མཚན་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་དེ། །བྱ་བྱེད་མེད་བཞིན་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །ཅེས་སོ། །གཉིས་པ་རིགས་པས་སྒྲུབ་པ་ལ། སྣང་ཙམ་དགག་མེད་དུ་སྒྲུབ་པ་དང་། བདེན་པས་སྟོང་པའི་སྣང་བ་རིས་མེད་དུ་སྒྲུབ་པའོ། །དང་པོ་ནི། སྣང་བ་ཆོས་ཅན། ཁྱོད་འགག་མེད་དུ་སྣང་བ་ཡིན་ཏེ། ཁྱོད་ཀྱི་གཤིས་
ལ་ཡང་དག་པའི་ཡེ་ཤེས་ཤིག་ཡོད་པའི་རྒྱུས་རང་སྣང་བ་ཡིན་པའི་ཕྱིར། དེ་ཡོད་པར་གཏན་ཚིགས་བཞིས་གྲུབ་པའི་ཕྱིར་ཏེ། བཞི་གང་ཞེ་ན། སྣང་བ་མ་གྲུབ་ན་འཁྲུལ་སྣང་འབྱུང་མི་རིགས་པའི་གཏན་ཚིགས་དང་། སྣང་བ་མེད་ན་དོན་དམ་ཤེས་བྱེད་མ་གྲུབ་པའི་གཏན་ཚིགས་དང་། སྣང་ཙམ་པ་འདི་སུས་ཀྱང་དགག་མི་ནུས་པའི་གཏན་ཚིགས་དང་། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པར་རང་སྣང་བའི་གཏན་ཚིགས་དང་བཞི་ལས། དང་པོ་ནི། ད་ལྟར་གྱི་འཁྲུལ་སྣང་འདི་ཆོས་ཅན། ཁྱོད་འབྱུང་རིགས་པར་ཐལ། ཁྱོད་སྣང་བ་རིས་སུ་མ་ཆད་པའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར། གཉིས་པ་ནི། སྣང་བ་ཆོས་ཅན། ཐལ་བ་ཆད་དམ་སྙམ། ཁྱོད་དོན་དམ་སྟོང་ཉིད་ཀློང་ན་དཀོར་བདུན་དུ་ལྷུན་གྱིས་གྲུབ་པའི་རྩལ་སྣང་ཡིན་པའི་ཕྱིར། གསུམ་པ་ནི། སྣང་བ་འདི་ཆོས་ཅན། ཐམས་ཅད་མཁྱེན་པའི་ཕྱག་གིས་ཀྱང་མི་ཁེགས་པར་བཤད་པ་མི་འཐད་པར་ཐལ། ཁྱོད་ཐམས་ཅད་དུ་རང་སྣང་བ་མ་ཡིན་པའི་ཕྱིར། བཞི་པ་ནི། རང་རིག་པ་ཆོས་ཅན། ཁྱོད་ཐམས་ཅད་དུ་རྩལ་མ་འགགས་པར་རང་སྣང་བ་ཡིན། དེ་མ་ཡིན་ན་ཁྱོད་བེམ་སྟོང་དང་ཁྱད་པར་མེད་པའི་ཕྱིར། གཉིས་པ་སྣང་བ་བདེན་སྟོང་རིས་མེད་དུ་སྒྲུབ་པ་ནི། དེ་ཡང་མཐུན་སྣང་གི་ཆོས་ཅན་གཅིག་ལ་སྒྲུབ་ན། རང་ཅག་མི་རྣམས་ལ་སྣང་གྱུར་ཐུན་མོང་དུ་དམིགས་པའི་ཆུ་འདི་ཆོས་ཅན། རིག་པ་སྒྱུ་མའི་སྣང་བ་ཡིན་ཏེ། སྣང་བའི་ངོ་བོ་རིས་སུ་མ་ངེས་པའི་ཕྱིར་ཏེ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། དམྱལ་བ་རང་སེམས་མེ་སོགས་སྣང་། །ཡི་དྭགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་ཐུར་ངམ་གྲོག་སྟེ། །མི་ལ་མཐོང་ཡུལ་འདི་ཉིད་སྣང་། །དེ་བཞིན་ལྷ་མིན་གོ་མཚོན་སོགས། །ལྷ་ལ་དགེ་སེམས་རིན་ཆེན་སྣང་། །ཞེས་སོ། །རྒྱུ་མཚན་དེས་རིག་པ་སྒྱུ་མའི་སྣང་བ་ཡིན་པར་གྲུབ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་པ་ལྟར་རོ། །དེ་ཡང་ལམ་རིམ་ལས། སྒྱུ་མ་མིག་ཡོར་སྤྲུལ་པ་དང་། །སྨིག་སྒྱུ་འཇའ་ཚོན་ཆུ་ཟླ་བཞིན། །ཞེས་པའི་དཔེས་སྒྱུ་མའི་དངོས་པོ་
དྲུག་ཏུ་དབྱེ་སྟེ། དེ་ལ་ལོག་རྟོག་སྒྱུ་མ་ནི། སྒྱུ་མའི་རྟ་གླང་ལྟར། དེ་མ་ཡིན་པ་ལ་དེར་འཛིན་གྱི་ཞེན་པའི་ལོག་རྟོག རྟེན་འབྲེལ་སྒྱུ་མ་ནི། དབང་པོ་སླད་པའི་མིག་ཡོར་གྱི་གཟུགས་ལྟར་སྣང་ལ་མ་གྲུབ་པ་དང་། དངོས་པོ་སྒྱུ་མ་ནི། སྣང་ལ་ཚིམ་པ་མེད་པ་སྨིག་རྒྱུའི་དཔེས་བུམ་པ་ལ་བུམ་པར་སྣང་བ་ལྟ་བུའི་སྣང་ཆ་དང་། ཕྱག་རྒྱ་སྒྱུ་མ་ནི། སྣང་ལ་རྟོག་པ་མེད་པ་ཆུ་ཟླའི་དཔེས་བདེན་དངོས་ཀྱིས་སྟོངས་པའི་སྣང་བ་ལྷ་སྐུར་གསལ་བའི་ཆ་དང་། ཡེ་ཤེས་སྒྱུ་མ་ནི། མེད་བཞིན་དུ་རྣམ་པར་བཀྲ་བ་འཇའ་ཚོན་གྱི་དཔེས་རིག་པ་ཕྱི་ནང་མེད་པར་གསལ་བའི་ཆ་དང་། ཐབས་སྒྱུ་མ་ནི་གཅིག་ཏུ་མ་ངེས་པ་སྤྲུལ་པའི་དཔེས་དེ་དང་དེར་སྣང་བ་འགག་མེད་དུ་འཆར་བའི་ཆ་ནས་བཞག་པའོ། །དེ་ལྟར་སྒྱུ་མའི་དངོས་པོ་དྲུག་པོ་ཐ་དད་མེད་པར་རིག་པ་ལ་གསལ་བ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལྟར་ན་ཀུན་རྫོབ་དང་བདེན་པ་དབྱེར་མེད་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། སྣང་ཡང་བདེན་པས་སྟོངས་པ་ཙམ་དུ་ངོ་བོ་གཅིག་ཀྱང་། གཏན་ལ་འབེབས་ཚུལ་གྱི་ལྡོག་པ་ཐ་དད་པས་སྐྱོན་མེད་དེ། འཁྱག་པ་དངོས་སུ་མཐོང་བས་ཆུ་ལྐོག་གྱུར་དུ་ཤུགས་ལ་རྟོགས་པ་བཞིན་ནོ། །གཉིས་པ་ལྷག་པ་དོན་དམ་བདེན་པ་ལ། མཚན་ཉིད་ནི། སྣང་བ་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་སྤྲོས་བྲལ་གྱི་ཆོས་ཉིད། དེ་སྒྲུབ་པ་ལ་ལུང་རིགས་གཉིས་ཏེ། ལུང་ནི་འདི་ཉིད་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། །གཉིས་པ་རིགས་པ་ལ། སྤྲོས་བྲལ་དུ་སྒྲུབ་པ་དང་། དེ་ཉིད་སྣང་བ་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པར་སྒྲུབ་པ་གཉིས་ལས། དང་པོ་ནི། ཕར་ཕྱིན་ཐེག་པའི་རིགས་པ་དང་མཚུངས་ལ། གཉིས་པ་ནི་སྤྲོས་བྲལ་གྱི་ཆོས་ཉིད་དེ་ཆོས་ཅན། ཁྱོད་སྣང་བ་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ཡིན་ཏེ། ཁྱོད་སྣང་ཙམ་ཉིད་ནས་བརྟགས་ན་ཡང་དག་པར་མ་གྲུབ་ཅིང་། ཁྱོད་སྣང་ཚོད་ཙམ་ཞིག་མ་འགགས་པའི་ཕྱིར་ཏེ། རྒྱས་པ་ལས། མེད་པ་ཉིད་ན་སྣ་ཚོགས་སྣང་། །ཐམས་ཅད་ཤེས་རབ་དབྱིངས་ལས་བྱུང་། །
ཞེས་སོ། །གསུམ་པ་ལྷག་པ་བདེན་པ་དབྱེར་མེད་ནི། མཚན་ཉིད་ནི། སྣང་སྟོང་དབྱེར་མེད་པར་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པའི་ཆོས་ཉིད། དེ་སྒྲུབ་པ་ལ་ལུང་རིགས་གཉིས་ལས། ལུང་ནི། འདི་ཉིད་ལས། བདེན་པ་གཉིས་ཀ་དབྱེར་མེད་པར། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །ཞེས་དང་། རྒྱས་པ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །འདུས་མ་བྱས་ཉིད་འདུས་བྱས་ཉིད། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཅེས་དང་། ལམ་རིམ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་སྟེར། །ཅེས་སོ། །གཉིས་པ་རིགས་པ་ནི། བདེན་པ་དབྱེར་མེད་ཆོས་ཅན། ཁྱོད་ཐི་གུ་དཀར་ནག་སྒྲིལ་བ་ལྟ་བུའི་ཐབས་ཤེས་དབྱེར་མེད་མ་ཡིན་ཏེ། ཁྱོད་ཕན་ཚུན་གཅིག་གིས་གཅིག་མི་གཏོང་བའི་ངོ་བོ་བདག་གཅིག་པའི་དབྱེར་མེད་ཡིན་པའི་ཕྱིར་ཏེ། དཔེར་ན། གསེར་དང་གསེར་གྱི་སེར་པོ་དང་། གཡུ་དང་གཡུའི་སྔོན་པོ་ལྟ་བུའོ། །དེ་ཉིད་མཚན་ཉིད་བློ་བྲལ་དུ་སྒྲུབ་པ་ནི། དེ་ཆོས་ཅན། བློའི་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱི་ཡུལ་མེད་རང་གསལ་དུ་ལ་བཟླ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། ལུང་ལས། བཤད་དུ་མེད་གང་བརྗོད་དུ་ཇི་ལྟ་ཡོད། །ཅེས་དང་། སློབ་དཔོན་གཉན་དཔལ་གྱིས། ཇི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་མཐུན་པར་མི་འགྱུར་རོ། །ཞེས་སོ། །གཤམ་གྱི་ས་བཅད་འདིའི་འཕྲོ་གཞི་མ་རྙེད་པས་མ་དཔེ་དག་པ་རེ་རྙེད་ན་དཔྱོད་རོགས གཉིས་པ་བརྟགས་གཞི་ལ། མཚན་ཉིད་དང་དེ་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། གནས་ལུགས་ལ་: གོ་གོལ་བར་རྟོག་པའི་ཞེན་སྣང་ངོ་། །དེ་ཡང་ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་སོ། །གཉིས་པ་ལ། འཁོར་བའི་ཆོས་གཏན་ལ་ཕབ་པ་དང་། མྱ་ངན་ལས་འདས་པའི་ཆོས་གཏན་ལ་ཕབ་པ་དང་གཉིས་ལས། དང་པོ་ལ། འཁོར་བར་འཁྲུལ་པའི་གཞི། ཇི་ལྟར་འཁྲུལ་པའི་ཚུལ། འཁྲུལ་བའི་རང་བཞིན་ཆོས་ཉིད་ལས་མ་གཡོས་པར་ལ་ཟླ་བའོ། །དང་པོ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡེ་ནས་དྲི་མ་མེད་པ་བདེ་བར་གཤེགས་པའི་སྙིང་པོའི་སྣང་བ་སྟེ། འདི་ཉིད་
ལས། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་སོ། །གཉིས་པ་ནི། རྒྱུ་རྒྱུད་བདེ་གཤེགས་སྙིང་པོའི་སྣང་བ་དེས་འཁྲུལ་གཞི་བྱས་ནས་རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པས་འཁྲུལ་ཏེ། རྒྱས་པ་ལས། རྟག་ཏུ་རང་བཞིན་སྣང་གྱུར་ཀྱང་། །མིག་གིས་མིག་བཞིན་མ་རིག་པའོ། །ཞེས་སོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་གང་ཞེ་ན། སྤར་ཁབ་ལས། ངེས་པའི་ཤེས་པ་མ་སྐྱེས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །ཞེས་གསུངས། དེའི་གྲོགས་ཀུན་བཏགས་ཀྱི་མ་རིག་པ་ནི་ཡུལ་ཡུལ་ཅན་དུ་སྣང་བའི་ལོག་རྟོག་ལས་གཟུང་འཛིན་གཉིས་སྣང་ཤེས་པ་སྐྱེས་པས། ལས་དགེ་སྡིག་གི་བག་ཆགས་ཀུན་གཞི་ལ་བཞག་སྟེ་འཁོར་བ་མཐོ་དམན་དུ་ལྷན་ཅིག་བྱེད་པའོ། །དེ་ལྟར་ཡང་འདི་ཉིད་ལས། མ་རིག་རྟོག་པའི་གཟུང་འཛིན་གྱི། །ཞེས་དང་། གཟུང་འཛིན་སྤྲོས་ལ་འཆེ ལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་འཛིན། །ཞེས་སོ། །གསུམ་པ་ནི། དེ་ལྟར་བརྟག་གཞི་འཁོར་བའི་ཆོས་དེ་དག་ཏུ་འཁྲུལ་པ་ལྟར་སྣང་ཡང་རང་བཞིན་ཆོས་ཉིད་ལས་གཡོས་པ་མེད་དེ་ཐོ་ཡོར་ལ་མིར་སྣང་ཡང་ཐོ་ཡོར་ལས་མ་གཡོས་པ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་དང་། ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་རང་དབང་བསྒྱུར། །ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་ཉིད་དེ་ལྟར་ཡིན། །ཞེས་སོ། །གཉིས་པ་ནི། མྱང་འདས་ཀྱི་ངོ་བོ་འབྲས་བུའི་སྐབས་སུ་འཆད་ཅིང་། འདིར་སྐུ་དང་ཡེ་ཤེས་སུ་ཞེན་པ་སྒྲོ་བཏགས་ཀྱི་བློ་དེ་བརྟགས་གཞི་ཡིན་ཏེ། རྣམ་བཀོད་ལས། བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་དང་། འཁོར་དང་འདས་དངོས་ཞེན་སྣང་བརྟགས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རང་བཞིན་མངོན་དུ་བྱེད་པ་ཐབས་སམ་ལམ་གྱི་རྒྱུད་ནི། དཔེ་ཆུང་རང་གནས་ལས། རང་བཞིན་མངོན་དུ་བྱེད་རྒྱུ་ནི། ངོ་བོ་དང་ནི་རྐྱེན་ཉིད་དོ། །ཞེས་པས་བརྗོད་བྱ་དོན་གྱི་རྒྱུད་ལམ་གྱི་ངོ་བོ་ཉིད་དང་། རྗོད་བྱེད་ཚིག་གི་རྒྱུད་ལམ་རྐྱེན་དུ་གྱུར་པ་གཉིས་ཏེ། དབྱེ་
ན་མདོ་སྔགས་གཉིས་ཀའི་འཇུག་ཡུལ་དུ་གྱུར་པའི་ཐུན་མོང་སྤྱིའི་ལམ་དང་། མ་ཧཱ་ཡོ་ག་ཉིད་ཀྱི་འཇུག་ཡུལ་དུ་གྱུར་པ་ཁྱད་པར་གྱི་ལམ་མོ། །ཐུན་མོང་གི་ལམ་ནི་ངེས་འབྱུང་གི་ཐེག་པ་བཞི་དང་ཕྱི་རྒྱུད་སྡེ་གསུམ་མོ། །ཁ་ཅིག་ན་རེ། ཐུན་མོང་གི་ལམ་དེ་ཁྱད་པར་གྱི་ལམ་དུ་འགྲོའམ་མི་འགྲོ། འགྲོ་ན་ཐུན་ཁྱད་ཁྱད་མེད་དུ་ཐལ་བ་དང་གལ་ཏེ་མི་འགྲོ་ན་ཐུན་མོང་གི་དམ་བཅའ་ཉམས་སོ་ཞེ་ན། དེའི་ལན་ནི། དངོས་སུ་ཁྱད་པར་གྱི་ལམ་མ་ཡིན་ཏེ། ལམ་ཐབས་གྲོལ་གང་རུང་ལ་སྤྱོད་མི་ནུས་པའི་ཕྱིར་དང་། རིམ་གྱིས་པ་ལ་ལྟོས་ན་ལམ་དེ་ལ་བསླབ་དགོས་པ། བརྟག་གཉིས་ལས། དང་པོ་གསོ་སྦྱོང་བྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །ཅེས་སོགས་དང་། དེ་ནས་ཀྱཻ་ཡི་རྡོ་རྗེ་བསྟན། །ཅེས་གསུངས་པས། སྔགས་ལམ་དོན་གཉེར་གྱི་གང་ཟག་རིམ་གྱིས་པ་དེའི་བསླབ་བྱ་ཡིན་པའི་ཕྱིར་དང་། སྔགས་ལམ་ཟབ་མོ་དེ་རྟོགས་པའི་ཐབས་རྨད་དུ་བྱུང་བའང་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟར་ཡང་འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀྱི། །དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་སོ། །དེ་བས་ན་ལམ་དེ་དག་གིས་རང་རང་གི་འབྲས་བུ་སྒྲུབ་པ་དང་འདིའི་ལམ་སྟེགས་སུ་བགྲོད་པ་ཐུན་མོང་དུ་བྱེད་པའི་ཕྱིར་ཐུན་མོང་གི་ལམ་ཞེས་བྱའོ། །ལམ་རྒྱུད་ཀྱི་མཚན་ཉིད་ནི། རྒྱུ་རྒྱུད་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་ཤེས་ཟུང་འཇུག་གི་བྱེད་རྩོལ་དང་བཅས་པ་དང་། དེ་ཉིད་མཐར་ཕྱིན་པ་གང་རུང་གི་རིགས་གནས། དེ་ཡང་ངོ་བོ་ཤེས་རབ་རྣམ་པ་གསུམ་གྱིས་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་སམ་སྐྱེ་བར་འགྱུར་བ་སྟེ། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་གྱིས། །སེམས་ལྔ་སྐྱེས་པར་བསྟན་པ་ཡིན། །ཞེས་སོ། །དེ་ཡང་རྒྱས་པ་ལས། སྐྱེ་ས་རྐྱེན་གྱི་སྐྱེ་ཚུལ་དང་། །སྐྱེས་པའི་ངོ་བོ་སེམས་རིམ་པ། །ཞེས་པས་སྐྱེ་ས་ནི་གཞིའི་ས་ནས་དང་། ལམ་དང་། འབྲས་བུའི་ས་ནས་སྐྱེ་བའོ། །དང་པོ་ལ། རིགས་ངེས་པ་དང་། མ་ངེས་པ་དང་། གནས་སྐབས་རིགས་ཆད་པ་དང་གསུམ་ལས། དང་པོ་ནི། ཉན་རང་བྱང་སེམས་ཀྱི་རིགས་ཅན་གསུམ་མོ། །གཉིས་པ་ནི། སྔར་གྲུབ་
མཐས་བློ་མ་བསྒྱུར་བའི་རྐྱེན་གྱི་དབང་གིས་སེམས་གང་དུའང་སྐྱེར་རུང་བ་སྟེ། རྒྱས་པ་ལས། ཐེག་པ་གང་དུ་བསྟན་པར་མ་ངེས་པའི། །ཞེས་དང་། ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ་མེད། །ཅེས་སོ། །གསུམ་པ་ནི། རྒྱས་པ་ལས། ཆོས་ཀྱི་དབྱིངས་ཀྱི་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐབས་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་ས་པ་ཡིན། །ཞེས་དང་། ཐུན་མོང་གི་ལུང་ལས་ཀྱང་། ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །ཅེསདང་། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་སོ། །དེ་ལ་ཁ་ཅིག་ན་རེ། རང་བཞིན་གྱི་རིགས་ཆད་ཡོད་དེ། །འདི་ཉིད་ལས། ཡང་དག་པའི་ལམ་དང་བྲལ་བ་དག ཅེས་དང་། རྩ་བ་ཡིན་ཏེ་རིགས་མེད་གྱུར། །ཅེས་བཤད་པའི་ཕྱིར་ཟེར་ན། དེ་ཆོས་ཅན། ཁྱོད་ལ་སངས་རྒྱས་ཀྱི་རྒྱུ་བདེ་གཤེགས་སྙིང་པོ་མེད་པར་ཐལ། ཁྱོད་རིགས་ཆད་ཀྱི་སེམས་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། དགྱེས་རྡོར་གྱི་རྒྱུད་ལས་ཀྱང་། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །བརྟན་དང་གཡོ་བར་ཁྱབ་ནས་གནས། །ཞེས་སོགས་དང་འགལ་ལོ། །རྩ་བའི་ལུང་དོན་ནི། རེ་ཞིག་ཐར་ཐོབ་ཀྱི་སྐལ་བ་མེད་པ་ལ་རིགས་ཆད་ཅེས་བྱ་སྟེ། སྤྱན་འགྲེལ་ལས། དེ་ནས་ཡུན་རིང་དུ་འགྱང་པ་ཙམ་ལ་བརྗོད་པའོ། །ཞེས་གསུངས། གཉིས་པ་ནི། ལམ་རིགས་བཞི་ནས་སྐྱེ་བ་ཡིན་ཏེ་ལྷ་མི་དང་། ཉན་རང་དང་བྱང་སེམས་དང་། ཕྱི་རྒྱུད་རྣམས་རིམ་གྱིས་བགྲོད་པའམ། གང་རུང་ལ་སྦྱོར་འཕྲོ་ནས་འདིར་འཇུག་པའོ། །དེ་ཡང་ལམ་རིམ་ལས། གཞི་ཡི་ཐེག་པ་དང་པོར་ཞོག །དེ་ནས་རིམ་གྱིས་བགྲོད་བྱ་སྟེ། །ཞེས་དང་། ལམ་ཆུང་ལས། ལ་ལ་ཐུན་མོང་ལམ་རྣམས་ནས། །རྐྱེན་རྒྱུས་འདིར་འཇུག་བསླབ་པར་ངེས། །ཞེས་སོ། །གསུམ་པ་ནི། འོག་མའི་འབྲས་བུ་མཐར་ཕྱིན་ནས་འདིར་འཇུག་པ་སྟེ། ལམ་ཆུང་ལས། ཐུན་མོང་ས་མཐར་བྱས་པའི་ཚེ། །ཞེས་སོ། །སེམས་སྐྱེ་བའི་རྐྱེན་ནི། ལམ་རིམ་ལས། གཤིན་རྗེ་མགོན་ལས་ལུགས་གཉིས་ཐོས། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེ་ཡི་སྐྱོ་རྨོངས་བྲེད་དང་བས། །གཉིས་པའི་རྒྱུ་རུ་གསུངས་པ་ཡིན། །
ཞེས་སོ། །དེ་ལ་ཁ་ཅིག་ན་རེ། ལམ་རིགས་བཞི་ནས་སེམས་བསྐྱེད་པ་མི་འཐད་དེ། རང་རྒྱལ་སྔགས་ལམ་དུ་མི་འཇུག་པའི་ཕྱིར་ཏེ། དེ་ནས་སྐྱེ་བ་སྔ་མ་སྨོན་ལམ་གསུམ་བཏབ་ནས་སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་དུས་སུ་འབྱུང་བར་བཤད་དེ། ཐུན་མོང་གི་གསུང་ལས། སངས་རྒྱས་རྣམས་ནི་མི་འབྱོན་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་གསུངས་པའི་ཕྱིར་ཟེར། དེ་དགག་པ་ལ་རིགས་པ་དང་ལུང་གཉིས་ཏེ། རིགས་པ་ནི། རང་རྒྱལ་ཆོས་ཅན། ཁྱོད་སངས་རྒྱས་ཀྱི་དངོས་ཀྱི་གདུལ་བྱ་མ་ཡིན་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེར་ཐལ་ཏེ། འདི་ཉིད་ལས། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལུང་གིས་གྲུབ་སྟེ། རྣམ་སྣང་སྒྱུ་དྲྭ་ལས། རང་རྒྱལ་རྣམས་ལ་གྲོགས་པོའི་གཟུགས། །བསྟན་ནས་ཐེག་ཆེན་དམིགས་ལ་འཛུད། །ཅེས་དང་། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས། གང་དག་རང་སངས་རྒྱས་ཀྱི་གཟུགས་ཀྱིས་གདུལ་བར་བྱ་བ་དེ་དག་ལ་ནི་རང་སངས་རྒྱས་ཀྱི་གཟུགས་སུ་འདུག་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་བརྡས་ཡང་དག་པར་སྟོན་ཏེ། ཞེས་སོ། །གསུམ་པ་སྐྱེ་ཚུལ་ནི། དབང་པོ་ལ་ལྟོས་ཏེ་རིམ་དང་ཅིག་ཅར་དུ་འཇུག་པས་སྐྱེ་བ་ཡིན་ཏེ། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པ་ཡིས། །སྣོད་དུ་གྱུར་པས་ཉེ་རིང་ཕྱིར། །རིམ་དང་ཅིག་ཅར་བཞི་ཆ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཅེས་སོ། །དབྱེ་ན། རང་རྣོ་དང་། སྦྱངས་རྣོ་གཉིས་ལས། རང་རྣོ་ནི། རང་གནས་རྒྱལ་པོའི་འགྲེལ་པར་ཆོས་ཉིད་ཀྱི་རིགས་པས་མུན་པའི་ས་ནས་སེམས་ཕལ་པ་བརྒྱད་སྐྱེ་སྟེ། ཞེས་གསུངས་པའི་ཕྱིར་རོ། །སྦྱངས་རྣོ་ནི། ལམ་རིམ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །ཤེས་རབ་མིག་ལྡན་འདིར་འཇུག་ཕྱིིར། །རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་སོ། །ཁ་ཅིག་ན་རེ། དབང་རྣོན་ཡིན་ན་སྦྱངས་རྣོ་ཡིན་པས་ཁྱབ་སྟེ། རང་བཞིན་གྱི་དབང་རྣོན་གཞི་མ་གྲུབ་པའི་ཕྱིར་ཟེར། འོ་ན། ཆོས་ཉིད་ཀྱི་རིགས་པས་དབང་པོ་ཆིག་ཆོད་
དུ་གནས་པའི་གང་ཟག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ལྷ་མིའི་སེམས་ཅན་དབང་པོ་མི་མཐུན་པས། །ལ་ལ་དབང་པོ་ཡེ་ནས་ཆིག་ཆོད་ཡོད། །ལ་ལ་སྦྱངས་པའི་དབང་པོ་འཕྲོ་ཅན་ཡོད། །ཅེས་དང་། མངོན་པ་མཛོད་ལས་ཀྱང་། ཁ་གཅིག་ཐོག་མ་ནས་དེའི་རིགས། །ཁ་གཅིག་སྦྱངས་པ་ལས་གྱུར་པའོ། །ཞེས་སོགས་ཀྱིས་སོ། །རྩ་བར་འདོད་ན། ལམ་རིམ་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །མཐོ་བརྟན་མྱུར་རྣམས་རྒྱ་ཆེ་ཡངས། །ཟབ་མོ་རྒྱུ་ཡི་གང་ཟག་དེ། །ཞེས་སོགས་དང་འགལ་ལོ། །བཞི་པ་སྐྱེས་པ་རང་གི་ངོ་བོ་ནི། དཔེ་ཆུང་ལས། འཇིག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེས་པ་ངོ་བོར་འདོད། །ཅེས་སོ། །དེ་ལ་གཉིས་ཏེ། གྲོལ་ལམ་དང་ཐབས་ལམ་གྱི་སེམས་ལྔའོ། །དང་པོ་ནི། སྤྱན་འགྲེལ་ལས། དང་པོ་གཡོ་ལྡང་བྱང་ཆུབ་སེམས། །གཉིས་པ་སྨོན་པ་གསུམ་འཇུག་སེམས། །གནས་པ་མཐར་ཕྱིན་བཞི་ལྔ་པ། །ཞེས་སོ། །གཉིས་པ་ཐབས་ལམ་གྱི་སེམས་ལྔ་ནི། ཁམས་ཉེར་གཅིག་པ་ལས། འཇིག་དང་ལྡང་དང་གནས་པ་དང་། །སྨོན་པ་བྱང་ཆུབ་སེམས་ཡིན་ནོ། །གཡོ་དང་བསྐྱོད་དང་ལྡང་དང་གནས། །ཞེས་སོ། །གྲོལ་ལམ་གྱི་མཚན་ཉིད་ནི། གཙོ་བོར་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པའི་རིགས་གནས་ཏེ། འདི་ཉིད་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །ཐབས་ལམ་གྱི་མཚན་ཉིད་ནི། གཙོ་བོར་ཐབས་དང་གདམས་ངག་གི་སྒོ་ནས་འཆིང་བ་ལ་བརྟུལ་ཞུགས་ཀྱི་སྤྱོད་པས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པའི་རིགས་ཅན་ཏེ། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་སོ། །དེ་ལྟར་ལམ་དེ་གཉིས་དཔེས་མཚོན་ནས་བཤད་ན་བདེ་བླག་ཏུ་གོ་བར་འགྱུར་ཏེ། མཀྵི་ཀའི་སྦྱོར་བས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་ཐབས་ལ་མཁས་པའི་མྱུར་ལམ་ཡིན་པས་ཐབས་ལམ་དང་དེ་ལ་མ་བརྟེན་པར་གསེར་འགྱུར་གྱི་ཐབས་གཞན་མེད་པའང་
མ་ཡིན་ཏེ། རིན་པོ་ཆེ་ཀོ་ཏུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་གསེར་དུ་འགྱུར་བ་ཉིད་གྲོལ་ལམ་གྱི་དཔེའོ་ཞེས་བཞེད་དོ། །དེ་ལ་གྲོལ་ལམ་ནི། འདི་ཉིད་ལས། རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་པས་རིམ་གྱིས་པ་ནི། འདི་ཉིད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས་མཚན་ཉིད་གསུམ་སྟེ། དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི། ལམ་བསྒོམ་པའི་སྔོན་དུ་འགྲོ་དགོས་ཏེ། མ་རྟོགས་པར་བསྒོམས་ཀྱང་ལྟུང་བར་བཤད་པའི་ཕྱིར་ཏེ། ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་གསུངས་པས་དེ་ཁོ་ན་ཉིད་ལྟ་:བུའི་བའི་རྒྱུད་ཀྱི་སྐབས་སུ་འོག་ཏུ་འཆད་དོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། མོས་སྒོམ་དང་ངེས་རྫོགས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་མོས་པ་ལམ་དུ་བྱེད་པ་སྟེ། ལམ་རིམ་ལས། སྤྲོས་པའི་འཁོར་ལོ་མོས་བསྒོམ་ཞིང་། །ཞེས་སོ། །གཉིས་པ་ངེས་རྫོགས་ནི། ལམ་སོ་སོ་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་མཐར་ཕྱིན་པར་བསླབ་པ་སྟེ། བི་མ་ལའི་ཕྱག་རྒྱ་བསམ་གཏན་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ངེས་རྫོགས་ཀྱི་ལམ་དེ་ལ་དབྱེ་ན། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །ཅེས་པས་ཚོགས་སྦྱོར་གྱི་ལམ་ལྔ་སྟེ། སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོམ་བུ་ཚོགས་ཀྱི་རྣལ་འབྱོར་རོ། །འདིར་དེ་རེ་རེ་ཡང་ཆོས་བཞི་བཞིས་སྟོན་པ་ལས་དང་པོ་ཚོགས་ལམ་སྟོང་པ་ཆེན་པོའི་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལ། མཚན་ཉིད་ནི། ཆོས་སྐུའི་རྟོགས་པ་རྒྱུ་མཐུན་དུ་སྒྲུབ་པར་བྱེད་པའི་ཐར་པ་ཆ་མཐུན་གྱི་རིགས་གནས། དེ་ཡང་མི་དམིགས་པ་སྟོང་པ་ཉིད་ལ་བློ་གནས་པར་བྱེད་པའི་ཐབས་ལ་འབད་པ་འགྲུབ་སྟེ།
ཁོག་གཞུང་ལས། དངོས་གྲུབ་མྱུར་དུ་འགྲུབ་འདོད་ན། །ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ། །ཞེས་སོ། །གཉིས་པ་རྣམ་གྲངས་ནི། སྣང་སྟོང་གཉིས་སུ་མེད་པའི། ལྷུན་གྱིས་གྲུབ་པའི། མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ། ལམ་རིམ་ལས། གཉིས་མེད་ལྷུན་མཉམ་དེ་བཞིན་ཉིད། །ཅེས་སོ། །གཉིས་པ་ཚོགས་ལམ་སྙིང་རྗེ་སྒྱུ་མའམ་ཀུན་སྣང་གི་ལམ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། སྟོང་འཛིན་གྱི་འཆིང་བ་དགྲོལ་ཞིང་གཟུགས་སྐུའི་རྟོགས་པ་རྒྱུ་མཐུན་དུ་སྒྲུབ་པར་བྱེད་པའི་ཐར་པ་ཆ་མཐུན་ནོ། །དེ་ཡང་རང་རིག་སྒྱུ་མ་ལྟར་གསལ་བའི་སྙིང་རྗེ་བསྐྱེད་པ་སྟེ། ལམ་རིམ་ལས། རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཞེས་སོ། །གཉིས་པ་རྣམ་གྲངས་ལ། འཁོར་བའི་ཆོས་ལ་ལྟོས་ནས་ལོག་རྟོག རྟེན་འབྲེལ། དངོས་པོ། སྒྱུ་མ་དང་གསུམ། འདས་པའི་ཆོས་ལ་ལྟོས་ནས། ཐབས། ཡེ་ཤེས་ཕྱག་རྒྱ་སྒྱུ་མ་གསུམ་དུ་ཕྱེ་བས་དྲུག་གོ །གསུམ་པ་ཕྱག་རྒྱ་གཅིག་པ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། སྣང་སྟོང་ཐ་དད་དུ་ཞེན་པ་དགག་ཅིང་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བའི་ཐར་པ་ཆ་མཐུན་ནོ། །ཕྱག་རྒྱ་བཞི་ལྡན་གྱི་སྐུ་སྣང་སྟོང་དབྱེར་མེད་དུ་གསལ་བ་སྟེ། འདི་ཉིད་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་སོ། །གསུམ་པ་རྣམ་གྲངས་ལ། དོན་གྱི་རྒྱ་གཅིག་པ་དང་། རྟགས་ཀྱི་རྒྱ་གཅིག་གོ ། དང་པོ་ནི། བདེན་པ་དབྱེར་མེད་རང་གི་མཚན་ཉིད་དུ་རྫོགས་པའོ། །གཉིས་པ་ལ་ཕྲ་རགས་གཉིས་ལས། ཕྲ་བ་ནི། ཡིག་འབྲུ་ལ་བསླབ་པ་སྟེ། རྒྱས་པ་ལས། ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །ཞེས་སོ། །རགས་པ་ནི། ལྷའི་སྐུ་ཕྱག་རྒྱ་གཅིག་པ་བསྒོམ་པ་སྟེ། ཞི་བ་རྒྱན་གཅིག་པ་དང་། ཁྲོ་བོ་རྒྱན་གཅིག་པའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ལ་གསུམ་ལས། དང་པོ་མཚན་ཉིད་ནི། སྤྲོས་བཅས་ལས་སུ་རུང་བས་ཚོགས་སྒྲུབ་ཀྱི་དངོས་རྒྱུར་འགྱུར་རུང་གི་ཐར་པ་ཆ་མཐུན་ནོ། །དེ་ཡང་རྟོག་ཚོགས་མཐའ་དག་རིག་པ་གཉིས་མེད་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྒོམ་པ་སྟེ། རིམ་དྲུག་ལས། དེ་ཕྱིར་བདེན་གཉིས་དབྱེ་བ་མེད། །ཕྱི་ནང་སྣོད་བཅུད་ཡེ་ནས་དག །ཅེས་སོ། །གསུམ་པ་རྣམ་གྲངས་ལ། རང་བཞིན། འབྲས་བུ། ལམ་ཕྱག་
རྒྱ་སྤྲོས་པ་དང་གསུམ་ལས། དང་པོ་ནི། རྟོག་ཚོགས་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པའོ། །གཉིས་པ་ནི། འོག་མིན་ན་འཁོར་ལོ་ཚོགས་ཆེན་གྱི་སངས་རྒྱས་དུ་མ་སྙེད་བཞུགས་པ་དེའོ། །གསུམ་པ་ལ། ཞི་བ་ཁྲོ་བོ་གཉིས། དེ་གཉིས་ཀ་ལ། དཀྱིལ་འཁོར་སྤྲོས་པ། ཚོམ་བུ་སྤྲོས་པ། ཞལ་ཕྱག་སྤྲོས་པ། རྣམ་གྲངས་སྤྲོས་པ་དང་བཞི་ལས། དང་པོ་ལ་རྒྱས་འབྲིང་བསྡུས་གསུམ་མོ། །གཉིས་པ་ལ་གཅིག་གསུམ་ལྔ་པའོ། །གསུམ་པ་ལ་ཞལ་གཅིག་ཕྱག་གཉིས་པ་དང་། ཞལ་གསུམ་ཕྱག་དྲུག་པ། ཁྱད་པར་ཁྲོ་བོ་ལ་དབུ་དགུ་ཕྱག་བཅོ་བརྒྱད་པ་ནས། དབུ་ཕྱག་གྲངས་མེད་པའི་བར་རོ། །བཞི་པ་ནི། ཞི་བ་ལ་སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་གསུམ། ཁྲོ་བོ་ལ་སྟོང་བཞི་བརྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ། བསམ་ཡས་ལྷུན་གྲུབ་གསུམ་མོ། །ལྔ་པ་སྦྱོར་ལམ་བར་ཆད་མེད་པའི་ལམ། ཚོམ་བུ་ཚོགས་སྒྲུབ་ལ་གཉིས་ལས། དང་པོ་མཚན་ཉིད་ནི། ལམ་གཞན་གྱིས་བར་མ་ཆོད་པར་ཆོས་ཉིད་རང་མཚན་མཐོང་བ་ལ་དངོས་སུ་སྦྱོར་བར་བྱེད་པའི་ངེས་འབྱེད་ཆ་མཐུན་ཏེ། འདི་ཉིད་ལས། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་སོ། །དེ་ཡང་རྟོགས་ཚོགས་ཐམས་ཅད་སྣང་སྟོང་གཉིས་མེད་ལྷའི་དཀྱིལ་འཁོར་དུ་གསལ་ཞིང་བརྟན་པ་ལ་བློ་གནས་པའོ། །འདི་ཉིད་ལས། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་རྣམ་གྲངས་ལ། ཞི་བ་དང་ཁྲོ་བོའ་ཚོགས་སྒྲུབ་གཉིས། དེ་གཉིས་ཀ་ཉམས་སུ་ལེན་པའི་དུས་སུ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་བཞིས་གཞུང་བསྲང་། རིག་འཛིན་འགྲུབ་པའི་དུས་གསུམ་དུ་བཅིངས་ཏེ་ཉམས་སུ་ལེན་པའོ། །ཞར་བྱུང་ཚོགས་སྦྱོར་གྱི་ལམ་ལྔ་ལ་རྩོད་པ་སྤོང་བ་ནི། འདོད་པ་བརྗོད་པ་དང་ལན་གཉིས་ལས། ཁ་ཅིག་ན་རེ། སྟོང་པ་ཆེན་པོའི་ལམ་དེ། རྒྱུ་ཤེས་པའི་ལྟ་བ་ལས་ངན་དུ་སོང་བར་ཐལ། དོན་དམ་རྐྱང་པ་བསྒོམ་པའི་ཕྱིར་དང་། སྙིང་རྗེ་སྒྱུ་མའི་སྐབས་སུ་ལམ་གོང་དུ་བགྲོད་པ་དོན་མེད་པར་ཐལ། སྔ་མ་དོན་དམ་ལས་ཕྱི་མ་ཀུན་རྫོབ་ཁ་སྤོས་པས་
ངན་དུ་སོང་བའི་ཕྱིར་དང་། སྒྱུ་མའི་ཆོས་དྲུག་ལས། ལོག་རྟོག རྟེན་འབྲེལ། དངོས་པོ་སྒྱུ་མ་གསུམ་སྒོམ་པས་གྲོལ་ན། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ། དེ་དག་ལ་གོམས་ཤིང་བར་མེད་དུ་སྤྱོད་པའི་ཕྱིར་ཟེར་ན། གཉིས་པ་དེ་དག་དགག་པ་ལ་ལུང་རིགས་གཉིས་ལས། དང་པོ་ལུང་ནི། རྣམ་བཀོད་ལས། དེ་ལྟར་ཚུལ་གསུམ་བརྗོད་པ་ཡིས། །མཐོང་བ་གང་ཡིན་ཤེས་རབ་སྤྱན། །དེ་ཡང་མངོན་སུམ་གཞན་ཡང་ཏེ། །སྒྲ་ཚིག་རྟེན་འབྲེལ་ཞན་ཙམ་མིན། །ཡུམ་མིན་རང་རིག་བདེན་དབྱེར་མེད། །བློ་ཡི་གཏིང་གོ་མངོན་སུམ་ཡུལ། །ཞེས་སོ། །རིགས་པ་ནི། ཚོགས་ལམ་སྟོང་པ་ཆེན་པོ་ལ་གནས་པའི་གང་ཟག་ཆོས་ཅན། ཁྱོད་ཐོས་བསམ་གྱི་ལྟ་བ་དོན་སྤྱི་རྟོགས་པ་དེ་སྔགས་ཀྱི་ཚོགས་ལམ་ཐོབ་ནས་མངོན་སུམ་གྱིས་ཉམས་སུ་མྱོང་ནས་གསལ་བར་རྟེན་དུ་བྱས་པ་མ་ཡིན་པར་ཐལ། དོན་སྤྱི་ལས་མངོན་སུམ་གྱིས་མྱོང་བ་དེ་སྔར་ལས་ངན་པར་ཁས་བླངས་པའི་ཕྱིར། དེ་རིགས་ཀྱི་སྐབས་ལུང་ནི། སྔ་མ་སྔ་མ་རྒྱུད་ལྡན་པས། །ཕྱི་མ་ཕྱི་མ་གསལ་བར་བྱེད། །ཅེས་པས། དེ་རིགས་རྒྱུད་ལ་ལྡན་པའི་སྟེང་ཀུན་སྣང་གི་ཡོན་ཏན་ལྡན་པའི་ཕྱིར་རོ། །རིགས་པ་ནི། ཚོགས་ལམ་སྙིང་རྗེ་སྒྱུ་མ་ལ་གནས་པ་དེ་ཆོས་ཅན། ཁྱོད་བདེན་གཉིས་རེས་འཇོག་ཏུ་བྱེད་པའི་གང་ཟག་ཏུ་ཐལ། ཁྱོད་སྔ་མ་དོན་དམ་ལས་ཕྱི་མ་ཀུན་རྫོབ་ལ་ཁ་སྤོས་པས་ངན་དུ་སོང་བའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་སྣང་བ་ཀུན་རྫོབ་བདེན་པ་དེ་དག་པ་ལྷར་སྣང་གི་ཀུན་རྫོབ་མ་ཡིན་པར་ཐལ། དོན་དམ་སྒྲིབ་བྱེད་ཀྱི་ཀུན་རྫོབ་ལ་འདོད་པའི་ཕྱིར་ཏེ། འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་བཤད་པ་ལ་འདོད་པའི་ཕྱིར། ཡང་སྒྱུ་མའི་ཆོས་དྲུག་སྒོམ་པའི་ལུང་། ཤེར་ཕྱིན་ལས། འཁོར་བ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། ཞེས་སོགས་གསུངས་པས། ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའི་ཚུལ་དུ་བལྟས་ནས་སྒོམ་པ་མ་གོ་བའི་ལོག་རྟོག་གོ །རིགས་པ་ནི། སྙིང་རྗེ་སྒྱུ་མ་ལ་གནས་པའི་ཚོགས་ལམ་པ་ཆོས་ཅན། ཁྱོད་ལོག་རྟོག རྟེན་འབྲེལ། དངོས་པོ་སྒྱུ་མ་རྣམས་བདེན་ཞེན་ཨ་འཐས་སུ་བྱེད་པའི་གང་ཟག་ཡིན་པར་ཐལ། ཁྱོད་ཀྱི་
དེ་གསུམ་ལ་སྤྱོད་པ་དེ་སེམས་ཅན་ཐ་མལ་པས་སྤྱོད་པ་དང་ཁྱད་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། ཁྱོད་ཀྱིས་དེ་གསུམ་འཛིན་མེད་སྒྱུ་མ་ལྟ་བུར་སྤྱོད་པའི་ཕྱིར། གཞན་ཡང་ཚོགས་སྦྱོར་གྱི་ལམ་ལྔའི་འབྲས་བུ་ལ་ལོག་རྟོག་བསལ་བ་ནི། དེ་ཏིང་གི་སྐབས་སུ། ལམ་རིམ་ལས། སྣང་སྟོང་དབྱེར་མེད་རྣལ་འབྱོར་མཐའ། །མངོན་བྱས་ལྷག་པའི་ཆོས་སྐུར་སྦྱོར། །ཞེས་པས་ཆོས་སྐུ་དང་། སྙིང་རྗེ་སྒྱུ་མའི་སྐབས་སུ། ལམ་འདིར་ཆ་རྐྱེན་རྫོགས་བསྒྲུབས་ན། །མཚན་དང་དཔེ་བྱད་ཀུན་དང་ལྡན། །དབང་ཕྱུག་ཆེན་པོའི་གནས་ཉིད་དུ། །མངོན་དུ་འབྱུང་བར་ཐེ་ཚོམ་མེད། །ཅེས་པས་ལོངས་སྐུ་དང་། ཕྱག་རྒྱ་གཅིག་སྤྲོས། ཚོགས་སྒྲུབ་གསུམ་གྱི་སྐབས་སུ། འདི་ཉིད་ལས། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོ་རྫོགས་འགྱུར་ཞིང་། །གསལ་ལ་ཡིད་གཉིས་མེད་པས་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་པས་སྤྲུལ་སྐུ་སྟེ་ངེས་པར་ཏིང་ངེ་འཛིན་དེ་དང་དེས་སྐུ་གསུམ་སོ་སོར་དངོས་སུ་ཐོབ་ཟེར་བ་མི་འཐད་དེ། དེ་ཏིང་གིས་ཆོས་སྐུ་ཐོབ་ན་སྙིང་རྗེ་སྒྱུ་མ་མན་ཆད་བསྒོམ་པ་དོན་མེད་དུ་འགྱུར་ཞིང་། ལམ་རིམ་ལས། ཕྱོགས་མཐུན་བརྗོད་ཀྱིས་རིགས་མ་ཡིན། །ཞེས་པ་དང་ཡང་འགལ་ལོ། །དེས་ན་འདི་དག་ཆོས་མཐུན་བརྩིས་པའི་སྐུ་གསུམ་གྱི་བརྒྱུད་རྒྱུ་ཙམ་དུ་ཁས་བླང་བར་བྱ་བའི་དོན་ནོ། །གསུམ་པ་ལམ་གྱུར་གྱི་འབྲས་བུའམ་ཟག་མེད་ཀྱི་ལམ་ལ་དབྱེ་བ་དང་། དེ་གཏན་ལ་དབབ་པ་གཉིས་ལས་དང་པོ་ལ། མཐོང་ལམ། སྒོམ་ལམ། མཐར་ལམ་རིག་འཛིན་ནོ། །མཐོང་ལམ་ལ་ཡང་། ནང་གསེས་ཀྱིས་དབྱེ་ན་གཉིས་སུ་འགྱུར་ཏེ། ལྷག་མེད་མྱང་འདས་རྣམ་སྨིན་དང་། ལྷག་བཅས་མྱང་འདས་ཚེ་དབང་གཉིས་སུ་ངེས་པའི་ཕྱིར། ལམ་རིམ་ལས། ལྷག་མ་མེད་དང་ཡོད་པ་ཡི། །མྱ་ངན་འདས་པས་མཐའ་སྦྱོར་བ། །ཞེས་པས་རིག་འཛིན་དེ་གཉིས་མཐོང་ལམ་དུ་ཁད་མཉམ་པར་བཤད་དོ། །གཉིས་པ་ལ། རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན། མཐར་ལམ་ལྷུན་གྲུབ་རིག་འཛིན་བཤད་པའོ། །དང་པོ་ལ་དྲུག་ལས། མཚན་ཉིད་ནི། ཆོས་ཉིད་ཀྱི་བདེན་པ་མཐོང་
ཡང་བློ་ཆུང་བའི་སྟོབས་ཀྱིས་འབྱུང་བ་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པའི་ལྷག་མེད་མྱང་འདས་སོ། །གཉིས་པ་ངོ་བོ། མཚན་ཉིད་གསུམ་ལྡན་ཏེ། ཡིད་ལྷའི་སྐུར་གསལ་ཞིང་རྫོགས་པར་སྨིན་པ། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་སྟེ། ལམ་རིམ་ལས། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ལྷ་ཡི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །གསུམ་པ་རྣམ་གྲངས་ནི་རྣམ་སྨིན་གྱི་ལུས་འདི་རྒྱ་ཆེན་གྱི་སར་མི་ཁྱེར་བས་ན་ལྷག་མེད་མྱང་འདས་དང་། འབྱུང་བའི་ལུས་མེད་པ་དང་། ལས་ཀྱི་ལུས་མེད་པ་ཞེས་བྱ། རང་དོན་དུ་སྲིད་པའི་མངལ་ཕྱི་མ་མི་ལེན་པས་ན་སྲིད་པ་ཐ་མ་པ་ཞེས་ཀྱང་བྱ་སྟེ། ཡིད་ལྷའི་སྐུར་སྣང་བར་སྨིན་པའི་རྣམ་སྨིན་གྱི་ལུས་མ་དོར་བས་རྣམ་སྨིན་རིག་འཛིན་ཞེས་ཀྱང་བྱ་སྟེ། ལམ་རིམ་ལས། ལྷག་མེད་འབྱུང་མེད་ལས་ལུས་མེད། །མྱ་ངན་འདས་པའི་སྨིན་ཞེས་བརྗོད། །ཅེས་སོ། །བཞི་པ་ཆ་ལུགས་ནི་ལུས་སྔོན་གང་ཡིན་དང་རྩ་བའི་ལྷ་གང་ཡིན་གྱི་ཆ་ལུགས་འཛིན་པ་སྟེ། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། ཟག་མེད་ལྷ་ཡི་སྤྱན་རྣམ་པར་དག་པ་ལ་སོགས་པས་གླིང་བཞི་པའི་འཇིག་རྟེན་ཙམ་ཡུལ་དུ་གྱུར་ཅིང་དེ་དག་གི་དོན་བྱེད་ནུས་པ་སྟེ། ལམ་རིམ་ལས། དཔག་ཚད་གླིང་ཁམས་ཡུལ་ལ་སྦྱོར། །ཞེས་སོ། །དྲུག་པ་འབྲས་བུ་ནི། རྣམ་སྨིན་གྱི་ལུས་རྒྱ་དང་བྲལ་མ་ཐག་ཏུ་ཕྱག་ཆེན་འོད་ཀྱི་ལུས་ལ་སྦྱོར་བ་སྟེ། དེ་ལས། གང་དེ་བྲལ་མ་ཐག་པ་རུ། །རྒྱ་བཞི་རྫོགས་པར་བདག་གྱུར་པ། །རྡོ་རྗེ་ལྔ་སོགས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོའི་རིགས་འབྲས་བུ། །ཞེས་སོ། །ཚེ་དབང་རིག་འཛིན་ལ་ཆོས་དྲུག་ལས། དང་པོ་མཚན་ཉིད་ནི། ཆོས་ཉིད་རང་མཚན་གསལ་བའི་ངོ་བོར་བསྐྱེད་དུ་བྱར་མེད་པར་མཐོང་ཞིང་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་པའི་ལྷག་བཅས་མྱང་འདས་སོ། །གཉིས་པ་ངོ་བོ་ནི། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱི། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིག །ཅེས་
སོ། །གསུམ་པ་རྣམ་གྲངས་ནི། དེ་ལས། ངོ་བོ་ཐབས་དང་སྨིན་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་མཆོག་རྫོགས་པའི་རིམ་པ་བཞི། །ཞེས་སོ། །དེ་ཡང་དང་པོ་གསུམ་རྟོགས་གོམས་ཀྱི་མཐུ་མེད་པས་རྫས་དང་ཐབས་རྐྱང་པ་ལ་བརྟེན་པའི་ཕྱིར་ཚེ་ལ་དབང་བར་འདྲ་ནའང་ཟག་བཅས་དང་། ཕྱི་མ་ནི་ཟག་མེད་དོ། །བཞི་པ་ཆ་ལུགས་ནི། མི་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའ་ཆ་བྱད་དུ་སྟོན་ཏེ། དེ་ལས། ལྷ་མིའི་རྒྱལ་པོའི་སྐྱེ་བ་འཛིན། །ཞེས་སོ། །དེ་ལྟ་ནའང་ལྷ་མི་གཞན་དང་ཁྱད་པར་ཆེ་སྟེ་སྐྱེ་བ་ལ་རང་དབང་ཅན་དུ་གནས་པའི་ཕྱིར་ཏེ། འདི་ཉིད་ལས། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་སོ། །དེ་དག་ཀྱང་སྤྲུལ་པའི་ཆ་ལུགས་ཡིན་ཞིང་། རང་གི་ངོ་བོ་ནི། ད་ལྟའི་ལུས་འདི་རྡོ་རྗེའི་ལུས་ཀྱི་རྣམ་པ་ཅན་ནོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དེ་བཞིན་སྤྱིའི་མངོན་ཤེས་དྲུག་དང་། བྱེ་བྲག་ཏུ་སྒོ་ལྔའི་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་དང་མཉམ་པ་ཡུལ་དུ་གྱུར་ཅིང་། དེ་སྙེད་ཀྱི་དོན་བྱེད་པ་སྟེ། ལམ་རིམ་ལས། གཉིས་སུ་མེད་པར་མངོན་རྟོགས་གོམས། །མཐོང་བས་དྲི་མ་དྲུག་སྦྱང་ཕྱིར། །དེ་སྙེད་གཟུགས་སྒྲ་དྲི་རོ་རེག །ཤེས་པའི་བྱེ་བྲག་རྩ་ལྔ་ཤར། །གཞན་དུ་ལྷ་ཡི་རྣ་བ་དང་། །སྤྱན་གྱི་མངོན་པར་ཤེས་པ་དང་། །ཕ་རོལ་གནས་ཀྱི་སེམས་ཤེས་དང་། །ཞེས་སོགས་གསུངས་སོ། །དྲུག་པ་འབྲས་བུ་ནི། རིམ་གྱིས་སམ་ཐོད་བརྒལ་བའི་ཚུལ་གྱིས་ལམ་གོང་མར་སྦྱོར་བ་སྟེ། ལམ་རིམ་ལས། སྔོན་བཞིན་རིམ་དང་ཅིག་ཅར་བའོ། །ཞེས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་དྲུག་ལས། དང་པོ་མཚན་ཉིད་ནི། བསྒོམ་བྱ་མངོན་དུ་གྱུར་པས་སྔོན་གང་བསྒོམས་ཀྱི་ལྷའི་ཆ་ལུགས་རང་མཚན་པ་འཛིན་ཅིང་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱོང་བ་ལ་ཞུགས་པའི་བསླབ་པའི་རིག་འཛིན་ཏེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམས་པས་མངོན་དུ་གྱུར་པའི་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིག །ཅེས་སོ། །གཉིས་པ་ངོ་བོ་ནི། ལམ་རིམ་ལས། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་
ལས་གྲོལ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། ཀྲི་ཡའི་རིགས་གསུམ། ཨུ་པ་ཡའི་རིགས་བཞི། ཡོ་གའི་རིགས་ལྔ། མ་ཧཱ་ཡོ་གའི་མཆོག་ལྔ་སྟེ། དེ་ལས། དེ་ཉིད་རིགས་གསུམ་རིགས་བཞི་དང་། །ལྔ་དང་མཆོག་ལྔའི་རིགས་འཛིན་པས། །ཞེས་སོ། །བཞི་པ་ཆ་ལུགས་ནི། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་གཡོ་ཞིང་། ཞེས་དང་། རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། རྣམ་ཤེས་དྲུག་གི་བྱེ་བྲག་ཉེར་ལྔ་དང་བཅས་པ་ཚེ་དབང་དང་འདྲ་ནའང་། འདི་གསལ་བརྟན་གྱིས་ཁྱད་པར་དུ་བྱས་ཤིང་། ཡུལ་ལོངས་སྐུའི་ཞིང་དང་མཉམ་པས། དོན་ཡང་དེ་སྙེད་དུ་བྱེད་པར་ནུས་པ་སྟེ། ལམ་རིམ་ལས། དེ་སྙེད་ཡུལ་གྱི་ཁྱད་པར་དང་། །དོན་རྫོགས་མཐུ་དང་གདུལ་བྱས་སྤགས། །ཞེས་སོ། །དྲུག་པ་འབྲས་བུ་ནི། ལམ་རིམ་ལས། ལྷན་ཅིག་གནས་པའི་དྲི་མ་དག །རྩོལ་བ་མེད་པར་ལྷུན་གྲུབ་ཐོབ། །ཅེས་སོ། །བཞི་པ་ལྷུན་གྲུབ་རིག་འཛིན་ལ་དྲུག་ལས། དང་པོ་མཚན་ཉིད་ནི། དབྱེར་མེད་ལམ་གྱི་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་ཀྱི་ས་ཐོབ་མ་རག་པའི་རྒྱུན་མཐའ་ལ་གནས་པའི་རིག་འཛིན་ཏེ། ལམ་རིམ་ལས། དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པའང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་རག་ལས་རིག་འཛིན་མཐའོ། །ཞེས་སོ། །གསུམ་པ་རྣམ་གྲངས་ནི། བྱ་རྒྱུད་ཀྱི་རིགས་གསུམ། རྣལ་འབྱོར་རྒྱུད་ཀྱི་རིགས་གསུམ་ལྔ། རྣལ་འབྱོར་བླ་ན་མེད་པའི་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་མཚན་རྣམ་པ་གསུམ་སྟེ། ལམ་རིམ་ལས། བྱ་བ་ལྷུན་གྲུབ་རྣལ་འབྱོར་གྱི། །རིག་འཛིན་ཆེན་པོ་ནང་རིག་འཛིན། །ཞེས་སོ། །བཞི་པ་ཆ་ལུགས་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་ཆེན་པོའི་ཚུལ་འཛིན་པ་སྟེ། ལམ་རིམ་ལས། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། །ལྔ་པོ་ལྷུན་གྱིས་གྲུབ་ཕྱིར་ན། །དེ་འདྲ་དེ་ཉིད་རྒྱལ་ཚབ་སྟོན། །ཞེས་སོ། །ལྔ་པ་མངོན་ཤེས་ཀྱི་ཡུལ་དོན་ནི། ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཤས་ཆེར་འདྲ་ཞིང་ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་མཛད་དེ། ལམ་རིམ་ལས། ཀུན་མཁྱེན་ཡེ་ཤེས་མངའ་བའི་ཕྱིར། །ཡུལ་ནི་ཚད་
མེད་རྒྱལ་བ་ཉིད། །ཇི་ལྟར་མེ་ལོང་ལྟ་བུའི་ཚུལ། །ཞེས་སོ། །དྲུག་པ་འབྲས་བུ་ནི། མཐར་ལམ་གྱི་སྐད་ཅིག་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདག་ཏུ་རྟོག་པ་བཟང་ངན་གྱི་མཚན་མ་བག་ལ་ཉལ་ཕྲ་བ་ཡང་བཅོམ་སྟེ་རྫོགས་སངས་རྒྱས་ཀྱི་སར་སྦྱོར་བ་ཉིད་དོ། །དེ་ལྟར་ཡང་སྔ་མ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བདག་རྟོག་མཚན་མ་ཀུན་བཅོམ་ནས། །རྡོ་རྗེ་དབྱིངས་སུ་ཐིམ་པར་བྱེད། །ཅེས་སོ། །གཉིས་པ་ཐོད་རྒལ་གྱི་ལམ་ལ། གང་ནས་འབྱུང་བའི་ས། གང་ལྟར་འབྱུང་བའི་གོ་བ། དེ་ལྟར་འབྱུང་མི་འབྱུང་གི་རྒྱུ་མཚན། ཇི་ལྟར་འབྱུང་བའི་ཚུལ། ཞར་ལ་ལོག་རྟོག་བསལ་བའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་གྱི་ཕྱག་རྒྱ་གཅིག་སྤྲོས་གཉིས་དང་། ཟག་མེད་ཀྱི་ཚེ་དབང་དང་ཕྱག་ཆེན་གཉིས་ནས་འབྱུང་སྲིད་པའོ། །གཉིས་པ་ནི། ལམ་བར་ནས་བོར་ཏེ་གོང་མ་ལ་མཆོངས་ནས་སྦྱོར་བ་ཞིག་གོ །གསུམ་པ་ནི། ཐོད་རྒལ་འབྱུང་བ་ལ་ལམ་རིམ་གྱིས་པ་གང་ཞིག ཆོས་གསུམ་དང་ལྡན་དགོས་ཏེ། གསུམ་གང་ཞེ་ན། ལམ་གཞན་བར་ནས་བོར་དུ་ཡོད་པ། ངང་གིས་བློ་ཆེ་བ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསྒོམ་ནུས་པ་དང་གསུམ་གཞི་གཅིག་ལ་འཚོགས་པའོ། །བཞི་པ་ནི། རྒྱུ་མཚན་དེའི་ཕྱིར་དེ་བཞིན་དང་ཀུན་སྣང་གཉིས་དབྱེར་མེད་སྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་མི་འབྱུང་ལ། ཟག་བཅས་ཚོགས་སྒྲུབ་དང་། ལྷུན་གྲུབ་རིག་འཛིན་གཉིས་ལམ་བར་ནས་བོར་དུ་མེད་པའི་ཕྱིར་མི་འབྱུང་། རྣམ་སྨིན་གྱི་དངོས་འབྲས་རྒྱ་ཆེན་དུ་ངེས་པའི་ཕྱིར་མི་འབྱུང་ངོ་། །ལྔ་པ་ནི། ཁ་ཅིག་ན་རེ། ཚོགས་སྒྲུབ་ནས་ཀྱང་ཐོད་རྒལ་འབྱུང་སྟེ། རྒྱུད་ལས། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཞེས་ཚོམ་བུ་གཅིག་པ་ནས་ཕྱག་ཆེན་ལ་སྦྱོར་བ་དང་། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་ཚོམ་བུ་གསུམ་པ་ནས་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བ་དང་། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་ཚོམ་བུ་ལྔ་པ་ནས་སངས་རྒྱས་སར་སྦྱོར་བར་བཤད་པའི་ཕྱིར་ཟེར་བ་མི་འཐད་དེ། རྒྱུད་ཀྱི་ལུང་ཚན་གསུམ་ནི་ཚོགས་སྒྲུབ་ཀྱི་དུས་ཚོམ་བུ་གཅིག་གསུམ་ལྔ་པ་བསྒྲུབས་པས་ཐོབ་པའི་ཚེ་དབང་དེ། རིམ་པར་རྒྱ་ཆེན། མཐར་ལམ་སངས་རྒྱས་ལ་སྦྱོར་བའི་ལུང་ཡིན་གྱི། ཚོགས་
སྒྲུབ་ནས་ཐོད་རྒལ་འབྱུང་བའི་ལུང་མ་ཡིན་ཏེ། གལ་ཏེ་ཡིན་ན་ཟག་མེད་ལམ་གྱི་འདུ་ས་དང་དབྱེ་ས་མཐོང་ལམ་མ་ཡིན་པར་ཐལ། ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བའི་ཕྱིར། འདོད་མི་ནུས་ཏེ། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །གསུམ་པ་ལ། ཟག་བཅས་ཟག་མེད་ཀྱི་ཁྱད་པར་སྤྱིར་བཤད། ཟག་ལྡོག་ཡོད་མེད་ཀྱི་ས་མཚམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པའི་ལས་ཀྱིས་ཀུན་ནས་བླངས་ཏེ་ཁམས་གསུམ་དུ་ཟག་ཅིང་འཕོ་བའི་ཕྱིར་ཟག་བཅས། དེ་ལས་ལོག་པ་ནི་ཟག་མེད་དོ། །དེ་ཡང་ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་བཏགས་ཉོན་མོངས་པའི་དང་། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་དང་། བདེ་མི་བདེ་རང་དབང་མེད་པར་མྱོང་བ་ཁམས་ཀྱི་དང་། ལས་ཀྱི་སྟོབས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པའོ། །དེ་ལ་ཉོན་མོངས་པའི་འཛིན་པ་ནི་གཙོ་བོ་སྟེ། དེས་འཁོར་བར་ཟག་པའི་རྒྱུའི་ས་བོན་དྲུང་པ་བྱེད་པའི་ཕྱིར། བྲན་ནི་ཕྱི་མ་གསུམ་སྟེ། དེ་ཙམ་གྱིས་འཁོར་བར་འཆིང་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ། སྤྱིར་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་སྟེ། ཟག་པ་མེད་ལ་བཟློག་པ་ཡོད་པའི་ལམ་ནི། ཐེག་པ་ཆུང་ངུའི་མཐར་ཐུག་གི་འབྲས་བུ་དགྲ་བཅོམ་ཐོབ་པ་ཞིག་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཚོགས་ལམ་གང་རུང་ལ་གནས་པ་དེའོ། །རྒྱུད་རྡོ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་སོ། །གཉིས་པ་ཟག་ལྡོག་གཉིས་ཀ་ཡོད་པའི་ལམ་ནི། ཚོགས་སྦྱོར་གྱི་རྣལ་འབྱོར་བཞི་སྟེ། ལམ་རིམ་ལས། དེ་ཕྱིར་ལམ་བཞིར་ཟག་ལྡོག་ཡོད། །ཅེས་སོ། །གསུམ་པ་དེ་ཡོད་ཀྱང་ལྡོག་པ་མེད་པའི་ལམ་ནི། སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་སྟེ་སྤྱོད་པའི་དུས་གྲངས་ངེས་པས་ཟག་མེད་ལ་དངོས་སུ་སྦྱོར་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས། བར་ཆད་མེད་པར་སྦྱོར་བ་ཡིས། །ཞེས་སོ། །བཞི་པ་ཟག་ལྡོག་གཉིས་ཀ་མེད་པའི་ལམ་ནི། རིག་འཛིན་བཞི་སྟེ། ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་འདི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །ཅེས་སོ། །གཉིས་པ་གྲོལ་ལམ་ཅིག་ཅར་བ་ལ། དགོས་ཆེད། ངོ་
བོ། རྣམ་པར་དབྱེ་བས་གཏན་ལ་དབབ་པའོ། །དང་པོ་ནི། དབང་པོ་ཡང་རབ་ཀྱིས་འབྲས་བུ་མྱུར་དུ་ཐོབ་པའི་ཆེད་དུའོ། །གཉིས་པ་ནི། རྟོགས་གོམས་གཅིག་ཆོད་དུ་མཐར་ཕྱིན་པར་བྱེད་པའོ། །གསུམ་པ་ལ་སྔར་ལྟར་མཚན་ཉིད་གསུམ་ལས། དང་པོ་ལྟ་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱེར་མེད་ཆིག་ཆོད་དུ་རྟོགས་པས་གཞལ་བྱ་དང་གཏན་ཚིགས་ལ་སོགས་པའི་ཐ་སྙད་ཀྱིས་སྟོངས་པ་སྟེ། ལམ་རིམ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བར། །འཁོར་འདས་རང་སྤྱི་དབྱེར་མེད་དུ། །མི་ཕྱེད་རྡོ་རྗེ་ཐུགས་མཆོག་གོ །ཞེས་སོ། །གཉིས་པ་ཏིང་ངེ་འཛིན་ལ་མཚན་བཅས་མཚན་མེད་གཉིས་ལས། དང་པོ་ནི། ཆོ་གའི་ཡན་ལག་ལ་མ་ལྟོས་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་གསལ་བ་སྟེ། རྒྱས་པ་ལས། སྐད་ཅིག་སྐུ་གསལ་འོད་དུ་འབར། །སྙིང་པོ་བརྗོད་པས་འཁོར་ལོར་ཤར། །ཞེས་སོ། །གཉིས་པ་ནི། བླ་མ་ལས། ཐིག་ལེ་ཆེན་པོའི་རང་བཞིན་ལ། །བསྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་སོ། །གསུམ་པ་འབྲས་བུ་ནི། རིག་འཛིན་བཞིའི་ཆར་གཏོགས་པའི་ཡེ་ཤེས་ཆིག་ཆོད་དུ་མངོན་དུ་གྱུར་པ་སྟེ། འདི་ཉིད་ལས། མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ཐབས་ལམ་ལ། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་གཉིས་ཏེ། རིམ་གྱིས་པ་སྟེང་སྒོ་དང་། ཅིག་ཅར་བ་འོག་སྒོའོ། །དང་པོ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་རྔུབ་དགངས་སྐྱིལ་དབབ་ལ་སོགས་ཏེ། གཏུམ་མོ་ཡེ་ཤེས་ཀྱི་མེ་དང་། ཐིག་ལེ་བྱང་ཆུབ་ཀྱི་སེམས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་རིམ་གྱིས་བསྐྱེད་པའི་ཕྱིར་སྟེང་སྒོ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །ཞེས་སོགས་སོ། །སྒོམ་པའི་འབྲས་བུ་ནི། དངོས་སུ་རླུང་སེམས་ལ་དབང་ཐོབ་པས་འོག་སྒོ་ཉམས་སུ་བླང་དུ་རུང་ཞིང་། བརྒྱུད་འབྲས་འོག་སྒོ་དང་ཐུན་མོང་དུའོ། །གཉིས་པ་ནི་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་དཀྲམ་ལ་སོགས་པའི་མན་ངག་གིས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཅིག་ཅར་དུ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ཉིད་ལས། ལྷ་མོ་ནས། དལ་རྡོ་རྗེ་ལྕེ་ཡི་བླངས་ཞེས་པའི་བར།
འབྲས་བུ་ནི་སྔ་མའི་འཕྲོས་ལས། མཁའ་འགྲོ་གསལ་འབར་སོགས་སོ། །གསུམ་པ་ལ། བདག་དོན་གྲུབ་པ་དང་། གཞན་དོན་མཛད་པའོ། །དང་པོ་ལ། ཐོབ་ཚུལ། གོ་དོན། རྣམ་གྲངས་སོ། །དང་པོ་ལ། ཐེག་པ་ཐུན་མོང་གི་དང་། མཆོག་གི་ཐོབ་ཚུལ་ལོ། །དང་པོ་ནི། འདི་ཉིད་ལས། དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་སོ། །གཉིས་པ་ལ་དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་གཞི་ཇི་ལྟ་བ་བཞིན་མངོན་དུ་བྱས་པས་སྤངས་ཐོབ་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་མཐར་ཐུག་པའི་ཆོས་སོ། །དེ་ལྟར་ཡང་འདི་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ལས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། དོན་དུ་རང་རིག་པ་དེ་བཞིན་ཉིད་དུ་སོན་པ་ཉིད་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཅེས་བྱའོ། །ཞེས་སོགས་སོ། །རྩོད་སྤོང་ནི། ཁ་ཅིག གསང་སྔགས་ཀྱི་ལམ་བདེ་ཞིང་མྱུར་བའི་ཐབས་ཀྱི་ཁྱད་པར་དུ་བྱས་ཀྱིས། མཐར་ཐུག་གི་འབྲས་བུ་ལ་ཁྱད་པར་མེད་དེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་ཟེར། དེ་དགག་པ་ལ། རིགས་པ་དང་ལུང་གཉིས་ལས། དང་པོ་ནི། རྒྱུའི་མཐར་ཐུག་གི་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་གང་ཟག་དེ་ཆོས་ཅན། སྔགས་ཀྱི་མི་སློབ་ལམ་དུ་འཇུག་མི་དགོས་པར་ཐལ། ཁྱོད་མཐར་ཐུག་གི་འབྲས་བུ་ཐོབ་ཟིན་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་ཡིན་པར་ཐལ། ཁྱོད་ལ་མཐར་ཐུག་འབྲས་བུའི་དབང་བསྐུར་ནས་སངས་རྒྱ་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། དགོངས་པ་ཐ་མ་ཐོབ་ནས་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་རོ། །ཞེས་བཤད་པའི་ཕྱིར་ལུང་གིས་ཀྱང་གནོད་དེ། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པ་ན། །ཞེས་དང་། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་
ཆེན་ཐེག་པའི་བསྟི་གནས་པ། །ཞེས་སོགས་ཀྱིས་གནོད་དོ། །གཞན་ཡང་མདོ་སྔགས་གཉིས་ལ། དབང་དང་ཤེས་འཇུག་རྟོགས་གོམས་ཀྱི་ལམ་ལ་ཁྱད་པར་ཡོད་པ་ལྟར། མཐར་ཐུག་གི་འབྲས་བུ་ལ་ཡང་ཡོད་དགོས་ཏེ། གསང་སྔགས་ཀྱི་དབང་སོགས་ཀྱི་རྒྱུ་མེད་པའི་གསང་སྔགས་ཀྱི་མཐར་ཐུག་གི་འབྲས་བུ་ཐོབ་པ་མི་སྲིད་པའི་ཕྱིར་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་འགྲོ་བའི་ཕྱིར། ཡང་ཁ་ཅིག་ན་རེ། ལམ་གོམས་པའི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར། འབྲས་བུ་འདུས་བྱས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་གི་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པ་ཉིད། ལམ་གྱི་ཞེན་པ་དག་པའི་ངོ་ན་དེར་གསལ་བའི་ཕྱིར། དཔེར་ན་སྤྲིན་དེངས་པའི་ཉི་མའི་དཀྱིལ་འཁོར་སྣང་བ་བཞིན་ནོ། །དེའང་འདི་ཉིད་ལས། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་སོ། །དེ་ལྟར་ན་མཚན་མ་ཅན་དུ་འགྱུར་ཏེ། འབྲས་བུ་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བའི་ཕྱིར་ཟེར་ན། མ་གྲུབ་སྟེ། དེ་ལྟར་ཡང་དེའི་ངོ་བོ་ཅིར་ཡང་བཟུང་དུ་མེད་པས་ན་ཡོད་པའི་མཚན་མར་མི་འགྱུར་ཞིང་། དེས་དོན་བྱེད་མི་ནུས་པ་ཡང་མ་ཡིན་ཏེ། གཞན་སྣང་གཟུགས་སྐུ་གཉིས་ཀྱང་རང་སྣང་ཡིན་པའི་ཕྱིར། སྒྱུ་མ་ལྟ་བུའི་ཕྲིན་ལས་ཀྱིས་དོན་མཛད་ལ། དེའི་དུས་ན་ངོ་བོ་ཉིད་གཞན་དུ་འགྱུར་བ་མ་ཡིན་ཏེ། འདུས་མ་བྱས་ཤིང་སྐྱེ་འཇིག་དང་བྲལ་བ། ཆོས་ཀྱི་སྐུ་ལས་མི་གཡོ་བའི་ཕྱིར་རོ། །དེ་ལྟར་ཡང་འདི་ཉིད་ལས། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །རྒྱལ་བ་མངོན་བྱུང་སྐྱོབ་པ་དང་། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོའི་མཆོག །ཅེས་སོ། །གཉིས་པ་གོ་དོན་ནི། སངས་རྒྱས་རྣམས་ལ་ཆོས་སྐུས་ཁྱབ་པ་གཅིག་ལས་མ་གཡོས་པར་གཟུགས་སྐུ་ཐ་དད་དུ་སྣང་བའི་ཕྱིར་གཅིག་དང་བྲལ་ལ། ཁྱབ་བྱ་གཟུགས་སྐུ་ཐ་དད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་རྒྱུད་ཐ་དད་མེད་པའི་ཕྱིར་དུ་མ་དང་བྲལ་ལོ། །དེ་ལ་ལྟོས་པའི་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ཡང་མེད་དེ། གཅིག་དང་དུ་མ་མ་གྲུབ་པས་དེའི་མུ་ཁེགས་པའི་ཕྱིར། དེ་ལས་གཞན་དུ་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར་
ཏེ། གཟིགས་བྱ་གཟིགས་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར། དེ་བས་ན་དགོངས་པ་ཡུལ་དང་ཡུལ་ཅན་མེད་པར་རང་གསལ་བའོ། །དེ་ལྟར་ཡང་འདི་ཉིད་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །གསུམ་པ་རྣམ་གྲངས་ལ། མིང་གི ངོ་བོའི། སའི་རྣམ་གྲངས་སོ། །དང་པོ་ནི། ལམ་རིམ་ལས། ཐུན་མོང་མིན་པའི་རྒྱལ་མིང་གྲངས། །བདེ་གཤེགས་དེ་བཞིན་གཤེགས་པ་སྟེ། །བཅོམ་ལྡན་འདས་དང་སངས་རྒྱས་དང་། །དགྱེས་ཆེན་བརྗོད་སོགས་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ལ། ཐུན་མོང་དང་མཆོག་གིའོ། །དང་པོ་ལ། རྟེན་དང་། བརྟེན་པ་གཉིས་ལས། དང་པོ་ནི། སྐུ་གསུམ་སྟེ། འདི་ཉིད་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་ནི། ཡེ་ཤེས་བཞི་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །གཉིས་པ་ལ། མ་འདྲེས་རྣམ་གྲངས་སུ་སྣང་བ་དང་། དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོའོ། །དང་པོ་ལ་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་རྒྱས་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རེ་རེ་ལའང་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་སྐུ་ནི། འདི་ཉིད་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་སོ། །གསུང་ནི། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། ཞེས་སོ། །ཐུགས་ནི། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཞེས་སོ། །ཡོན་ཏན་ནི། རྒྱས་པ་ལས། ཡེ་ཤེས་སྤྱན་གྱིས་སྤྲས་པའི་ཕྱིར། །ཞིང་དང་ཡོན་ཏན་བསམ་མི་ཁྱབ། །ཅེས་སོ། །ཕྲིན་ལས་ནི། འདི་ཉིད་ལས། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །གཉིས་པ་འབྲིང་དུ་དབྱེ་ན། ཁོག་གཞུང་ལས། དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་པས་རེ་རེ་ཡང་ལྔ་ལྔའོ། །དེ་ལས་དང་པོ་སྐུ་ལྔ་ནི། རང་དོན་རྟོགས་པ་མཐར་ཕྱིན་པའི་ངོ་བོ་
དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ནི་ཆོས་ཀྱི་སྐུ་སྟེ། འདི་ཉིད་ལས། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཞེས་སོ། །དེ་ལས་མ་གཡོས་པར་གདུལ་བྱ་ལས་དག་པ་ས་བཅུ་པའི་ངོར་རྟེན་ལུས་ཉིད་ཟག་མེད་དུ་གྱུར་པའི་བརྒྱུད་འབྲས་ཐུན་མིན་གྱི་མཚན་དཔེ་དང་ལྡན་པར་སྣང་བ་ལོངས་སྐུ་སྟེ། འདི་ཉིད་ལས། ཡང་དག་ཐར་པའི་གཟུགས་སྐུ་དང་། །ཞེས་སོ། །གདུལ་བྱ་མ་དག་པ་འགྲོ་བ་དྲུག་ལ་མོས་པ་དང་མཐུན་པར་སྣང་ནས་དོན་མཛད་པ་ནི་སྤྲུལ་སྐུ་སྟེ། འདི་ཉིད་ལས། འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་སོ། །དེ་ལྟར་གཟུགས་སྐུ་གཉིས་སུ་སྣང་ཡང་རང་རྒྱུད་པ་མེད་དེ། ཆོས་ཀྱི་སྐུ་ལས་མ་གཡོས་པའི་ཆོས་སྐུ་དང་གཟུགས་སྐུ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་སྐུ་སྟེ། འདི་ཉིད་ལས། སྟོན་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །ཅེས་སོ། །དེ་དག་རིག་པའི་ཡེ་ཤེས་ལ། ལྷུན་གྱི་རྫོགས་པས་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་ལས་དང་མཐུན་པར་སྣ་ཚོགས་སུ་སྣང་བ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ། འདི་ཉིད་ལས། མ་གཡོས་བཞིན་དུ་སྣ་ཚོགས་པའི། །དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་སོ། །གཉིས་པ་གསུང་ལྔ་ནི། སྟོན་པ་སྐུ་ལྔས་རང་གི་འཁོར་ལ་བརྡའ་སྤྲོད་པའི་བདག་ཉིད་ཅན་དེ། དེའང་ཆོས་ཉིད་སྨྲ་བརྗོད་དང་བྲལ་བ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་སྟེ། འདི་ཉིད་ལས། སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་སོ། །མེ་ལོང་གི་བྱད་ཀྱི་དྲི་མ་ངོས་ཟིན་ནས་སེལ་བར་བྱེད་པ་ལྟར་སྐུའི་བརྡས་འཁོར་གྱི་བློ་ལ་དོན་འཇལ་བར་སྟོན་པ་ནི་ལོངས་སྐུ་དགོངས་པ་བརྡའི་གསུང་སྟེ། འདི་ཉིད་ལས། དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་འཇལ་བར་སྟོན། །ཅེས་སོ། །གང་ལ་གང་འདུལ་གྱི་སྒྲ་སྐད་དང་མཐུན་པར་དུས་གཅིག་ཏུ་ཆོས་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་སྟེ། འདི་ཉིད་ལས། བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཞེས་སོ། །སྒྲ་སྐད་ཐམས་ཅད་གྲགས་
སྟོང་གཉིས་སུ་མེད་པས་མཐའ་གཉིས་ལས་གྲོལ་བ་ནི་དབྱེར་མེད་རྡོ་རྗེའི་གསུང་སྟེ། སྒྲ་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །ཅེས་སོ། །སྒྲ་ཐམས་ཅད་རང་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པས་ཅིར་ཡང་མི་འགག་པ་རིག་པ་བྱིན་རླབས་ཀྱི་གསུང་ནི་མངོན་བྱང་གི་གསུང་སྟེ། འདི་ཉིད་ལས། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་སོ། །གསུམ་པ་ཐུགས་ལྔ་ནི། ཡེ་ཤེས་ལྔ་ལ་བྱ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས་ཏེ། ལམ་རིམ་ལས། བདེ་བ་ཆེན་པོ་མཆོག་གི་ཐུགས། །ནམ་མཁའ་ལྟ་བུར་ཡེ་གསལ་སྟོང་། །ཞེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས་ཏེ། ལམ་རིམ་ལས། མཉམ་པ་ཉིད་ལས་མི་གཡོ་བ། །མཉམ་པ་ཆེན་པོ་མཆོག་གི་ཐུགས། །ཞེས་སོ། །བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ་འགྲོ་བ་སྒྲོལ་བའི་ཐུགས་ཏེ། ལམ་རིམ་ལས། ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །བྱ་བྱེད་མེད་པར་རྣམ་བཞི་ཡིས། །འགྲོ་བ་ཀུན་སྒྲོལ་ཐུགས་ཆེན་ཡིན། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་མི་ཕྱེད་རྡོ་རྗེའི་ཐུགས་ཏེ། ལམ་རིམ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བ། །རང་སྤྱི་དབྱེར་མེད་དུས་གཅིག་ཏུ། །མཁའ་ལ་འཇའ་ལྟར་གསལ་བ་ནི། །མི་ཕྱེད་རྡོ་རྗེའི་ཐུགས་མཆོག་གོ །ཞེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་མངོན་བྱང་གིས་ཅི་ཡང་སལ་ལེ་མཁྱེན་པའི་ཐུགས་ཏེ། ལམ་རིམ་ལས། ཆོས་སྤྱི་རང་མཚན་དབྱེར་མེད་ཀུན། །ཡུལ་མེད་མེ་ལོང་ལྟར་གསལ་བ། །མངོན་སུམ་ཀུན་གྱི་མཆོག་ཡིན་ཏེ། །རྣམ་པར་མི་རྟོག་མཆོག་གི་ཐུགས། །ཞེས་སོ། །བཞི་པ་ཡོན་ཏན་ལྔ་ལས། རྣམ་པར་དག་པ་ཞིང་ཁམས་ནི། འདི་ཉིད་ལས། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་དང་། ཞིང་ཁམས་རྣམ་དག་བསམ་ཡས་ཁང་། །ཞེས་སོ། །རྒྱ་ཚད་དང་བྲལ་བའི་གཞལ་ཡས་ནི། འདི་ཉིད་ལས། རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །ཞེས་སོ། །གསལ་ཞིང་དག་པའི་འོད་ཟེར་ནི། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་སོ། །ཁྱད་པར་དུ་འཕགས་པའི་གདན་ཁྲི་ནི། སེང་གེ་གླང་ཆེན་རྟ་རྨ་བྱ། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་སོ། །དགྱེས་དགུར་
སྤྱོད་པའི་ལོངས་སྤྱོད་ནི། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་སོ། །ལྔ་པ་ཕྲིན་ལས་ལྔ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པ་སྟེ། རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱ་བྱེད་མེད་ལས་རྣམ་བཞིར་མཛད། །མཛད་དང་མཛད་པར་བྱ་བ་མེད། །ཅེས་སོ། །གསུམ་པ་ལ། ཅུང་ཟད་བསྡུས་པ་དང་། ཤིན་ཏུ་བསྡུས་པའོ། །དང་པོ་ནི། འདི་ཉིད་ལས། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་པས་ལྔ་སྟེ། ཆེ་བའི་ཡོན་ཏན་མ་ལུས་པའི་རྟེན་བྱེད་པས་ན་སྐུ། གདུལ་བྱ་ལ་བརྡའ་སྤྲོད་པས་ན་གསུང་། ཤེས་བྱ་ཐམས་ཅད་མཁྱེན་པས་ན་ཐུགས། མངའ་ཐང་རྫོགས་པས་ན་ཡོན་ཏན། གདུལ་བྱ་འདུལ་བས་ན་ཕྲིན་ལས་ཏེ། དགོངས་འདུས་ལས། རྟེན་བྱེད་པས་ན་སྐུ་ཉིད་དོ། །གོ་བརྡའ་སྤྲོད་པས་ན་གསུང་ཉིད་དོ། །རིག་ཅིང་མཁྱེན་པས་ན་ཐུགས་ཉིད་དོ། །འདོད་དགུ་འབྱུང་བས་ན་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་ན་ཕྲིན་ལས་ཉིད་དོ། །ཞེས་སོ། །གཉིས་པ་ནི། རྟེན་སྐུ་དང་། བརྟེན་པ་ཡེ་ཤེས་སོ། །དང་པོ་ནི། སྒྲིབ་བྲལ་གྱི་དགོངས་པ་དབྱིངས་ཡེ་ཟུང་དུ་འཇུག་པ་ཆོས་སྐུ། དེ་ཉིད་འཁོར་སྨིན་པ་རྒྱ་མཚོ་ལ་ངེས་པ་ལྔ་ལྡན་དུ་སྣང་བ་ལོངས་སྐུ། འཁོར་མོས་པ་རྒྱ་མཚོ་ལ་སྣང་བ་སྤྲུལ་སྐུ། དེ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་བྱང་། དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་ལྔའོ། །དེ་གཅིག་གམ་ཐ་དད་ཅེ་ན། སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་དུ་ངོ་བོ་གཅིག་ལ་དེ་ཉིད་ཡོན་ཏན་གྱི་ལྡོག་ཆ་ནས་སྐུ་ལྔར་སྣང་བ་ཐ་དད་དེ། མཁའ་ཟླ་དང་ཆུ་ཟླ་བཞིན་ནོ། །དེ་ལྟར་ཡང་འདི་ཉིད་ལས། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་སོ། །དེ་ཡང་ཟུར་པ་རྣམས་མངོན་བྱང་དང་རྡོ་རྗེའི་སྐུ་ནི་ཡོན་ཏན་གྱི་ལྡོག་ཆ་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་སྐུ་བཏགས་པ་བ་སྟེ། སྐུ་མཚན་ཉིད་པ་ནི་གསུམ་དུ་ངེས་སོ་གསུངས། ཀུན་མཁྱེན་ཀློང་ཆེན་པ་ནི། ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་
གསུམ་སངས་རྒྱས་རང་སྣང་གིས་བསྡུས་པས་སྐུ་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་གདུལ་བྱའི་བློས་བསྡུས་པས་བཏགས་པའོ་གསུངས་སོ ། །གཉིས་པ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་ནི། འབྲས་བུ་ཉེར་ལྔ་པོ་དེ་དག་ཀྱང་སྐུ་ལྔའི་བདག་ཉིད་རྒྱལ་བ་དྲུག་པའི་ཡོན་ཏན་གྱི་ལྡོག་པ་ནས་ཤར་ཞིང་། དེའི་ཡོན་ཏན་དུ་འདུ་བའི་ཕྱིར་གཅིག་དང་དུ་མ་ལས་གྲོལ་བའི་བདག་ཉིད་དོ། །དེ་ལྟར་ཡང་དགོངས་འདུས་ལས། སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ། །དེ་ཉིད་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་དང་། རིམ་གསུམ་ལས། འབྲས་བུ་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་བུ་ལྟར་སྣང་བའོ། །ཞེས་སོ། །གསུམ་པ་སའི་རྣམ་གྲངས་ནི། འདི་ཉིད་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །ཞེས་པའི་སྐབས་ཀྱི་ས་བཅུ་པ་མན་ཆད་ནི་མཚན་ཉིད་པ་སྟེ། སྤང་བྱ་སྤོང་བ་དང་གཉེན་པོ་སྐྱེ་བའི་ས་ཡིན་པའི་ཕྱིར། གསུམ་པོ་ནི་བཏགས་པ་བ་ནི། མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་ས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ལས་ས་གསུམ་དུ་མིང་བཏགས་པའི་ཕྱིར། དེའང་ལམ་རིམ་ལས། མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་དང་། ཧེ་རུ་ཀ་གལ་པོ་ལས། དབྱིངས་ལས་ཡེ་ཤེས་ཤར་བ་ཀུན་ཏུ་འོད། །པདྨའི་སྤྱན་འདྲ་མི་འགག་ལོངས་སྤྱོད་རྫོགས། །ཡི་གེ་འཁོར་ལོ་གདུལ་བྱར་སྤྲུལ་པ་འགྱེད། །དེ་བཞིན་གཤེགས་པའི་ས་ཞེས་བྱ་བའོ། །ཞེས་སོ། །དེས་ན་ངོ་བོ་ལ་ཁྱད་པར་མེད་ཀྱང་མཚོན་ཚུལ་ལ་ཁྱད་པར་ཡོད་དེ། དུས་ཐམས་ཅད་དུ་ཆོས་ཉིད་མཐའ་མ་བ སྒྲིབས་པར་གསལ་བའི་དོན་མངོན་དུ་བྱས་པས་ཀུན་ཏུ་འོད་དེ་ཡེ་ཤེས་བླ་མའི་ས་ཞེས་ཀྱང་བྱའོ། །དེའི་ཚེ་ཐབས་སྙིང་རྗེ་ཆེན་པོས་གཞན་དོན་མཛད་ཀྱང་དམིགས་པ་མེད་པའི་ཤེས་རབ་ཀྱི་གདེངས་ཀྱིས་ཉེས་སྐྱོན་གྱིས་མ་གོས་པར་མཁྱེན་པས་པདྨ་ཅན། དེའི་ཚེ་སྤྱོད་ཡུལ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་ལ་མ་ཞེན་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། འདི་ཉིད་ལས། ཐབས་དང་ཤེས་རབ་ས་ཡི་མཆོག །ཅེས་པས་པདྨ་ཅན་དང་། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜལ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཞེས་པས་འཁོར་ལོ་
ཚོགས་ཆེན་ཏེ་ཐུན་མོང་དུ་མ་གྲགས་པའི་ས་གཉིས་བསྟན་ཏོ། །འོ་ན་བླ་མ་གོང་མ་དག ཀུན་ཏུ་འོད་ཕར་ཕྱིན་ཐེག་པའི་སངས་རྒྱས་ཀྱི་ས། པདྨ་ཅན་མ་ཧཱ་ཡོ་གའི་ཡི་གེ་འཁོར་ལོ་ཨ་ནུ་ཡོ་གའི་ས། ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་སའི་དབྱེ་ཚུལ་འདི་དང་ཐ་དད་པ་གཞན་ཏེ། འདིར་བཤད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་ཡིན་ན། མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པའི་སྐབས་ནས་བསྟན་པའི་ཆོས་སྐུའི་ས་ཡེ་ཤེས་བླ་མའམ་ཀུན་ཏུ་འོད་དང་། ཕར་ཕྱིན་ཐེག་པའི་བཅུ་གཅིག་པ་ཀུན་ཏུ་འོད་གཉིས་གཅིག་པར་འགྱུར་ལ་དེ་ལྟར་ན། ལམ་རིམ་ལས། ལམ་གྱི་རྩོལ་བས་ངལ་བ་རྣམས། །བྲོད་པ་སྐྱེ་ཕྱིར་ཀུན་ཏུ་འོད། །རྡོ་རྗེ་འཛིན་སྟུག་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པའི་རྒྱུའི་ཐེག་པའི་ཀུན་ཏུ་འོད་དང་། མཐར་ཐུག་གི་ས་གསུམ་གྱི་ནང་ཚན་གྱི་ཀུན་ཏུ་འོད་གཅིག་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སྔ་མའི་འཕྲོས་ལས། རང་ས་ཐོབ་ལ་ངོ་བོ་ཉིད། །གཅིག་པར་སྨྲ་བ་མུན་སྤྲུལ་ལོ། །ཞེས་རྒྱུའི་ཀུན་ཏུ་འོད། ཀྲི་ཡའི་རྡོ་རྗེ་འཛིན་པའི་ས། ཡོ་གའི་སྟུག་པོ་བཀོད་པའི་ས། མཐར་ཐུག་མ་ཧཱ་ཡོ་གའི་ས་རྣམས་ཀྱི་འབྲས་བུ་ལ་ཁྱད་ཆེ་བས་གཞན་དག་ཁྱད་མེད་ཅེས་སྨྲ་བ་ནི་མུན་སྤྲུལ་ལོ་ཞེས་བཞེད་པའི་ཕྱིར་རོ། །དེ་བས་ན་རྒྱུའི་ཐེག་པའི་ཀུན་ཏུ་འོད་སྔགས་ལམ་གྱི་ལྷུན་གྲུབ་རིག་འཛིན་གྱི་ས་ཡིན་པས། ལམ་གྱི་ཆོས་སྐུ་ཞེས་ཀྱང་མིང་དུ་བཏགས་ཏེ། དབུ་མའི་མཁན་པོ་ཨཱ་དེ་བས། རྒྱུ་ཡི་ཐེག་པའི་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཡང་དག་རྫོགས་པའི་སངས་རྒྱས་ལ། །རྒྱ་མཚོ་རླབས་བཞིན་ཤུགས་ཀྱིས་འཆར། །ཆུ་ཟླའི་གཟུགས་ལྟར་འགྲོ་འོང་མེད། །སྨོན་ལམ་སྟོབས་ལ་རག་མ་ལས། །ཞེས་དང་། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་ལས། དབུ་མས་བསྐལ་པར་སྦྱངས་པས་གྲུབ་པའི་ཀུན་ཏུ་འོད་སྨོན་ལམ་དང་སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་འཆར་བ་དང་། ཐབས་ཆེན་པོ་གཉིས་མེད་ཀྱི་སྐུ་ལྔ་མ་བཙལ་རྫོགས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རིམ་གྱི་བདག་ཉིད་དུ་བཞུགས་པས་རྒྱ་མཚོའ་རླབས་བཞིན་སྤྲུལ་པ་རང་ལ་འཆར་བས་ག་ལ་བསྡོ་སྟེ། ཀུན་ཏུ་
འོད་ནི་བསྟི་གནས་ཀྱི་སའོ། །དེ་ནི་འདིར་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་སོ། །ཞེས་གསུངས་སོ། །གཉིས་པ་གཞན་དོན་མཛད་པ་ལ། གདུལ་བྱ་ལ་ཐུགས་རྗེ་གཟིགས་ཚུལ། གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ། སྐྱེས་ནས་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ལ། ཡེ་ཤེས་རྒྱུན་ཆད་ནས་མི་གཟིགས་པར་འདོད་པའི་ལུགས་དང་། རྒྱུན་དང་བཅས་ཏེ་གཟིགས་པར་འདོད་པའི་ལུགས་དང་། མཐའ་གཉིས་དང་བྲལ་བས་ཡུལ་མེད་རང་གསལ་དུ་གཟིགས་པར་འདོད་པའི་ལུགས་སོ། །དང་པོ་ལ། འདོད་པ་བརྗོད་དང་། དེ་དགག་པའོ། །དང་པོ་ནི། སྤྱིར་སངས་རྒྱས་ལ་མཚན་ཉིད་པ་དང་། བཏགས་པ་བ་གཉིས་ལས། མཚན་ཉིད་པ་ནི་ཆོས་སྐུ་སྟེ། དཔེར་ན་བསྲེག་བྱ་ཟད་པའི་སྲེག་བྱེད་མེའི་རྒྱུན་མི་གནས་པ་ལྟར། སྒྲིབ་པ་ཕྲ་རགས་ཐམས་ཅད་སྤངས་པའི་ཤུལ་དུ། སྤོང་བྱེད་གཉེན་པོའི་ཡེ་ཤེས་ཀྱང་དབྱིངས་སུ་ཞི་སྟེ། རྟེན་དང་བརྟེན་པའི་ཡེ་ཤེས་རྒྱུན་ཆད་པའི་ཕྱིར་གཟིགས་བྱ་གཟིགས་བྱེད་ཀྱི་ཐ་སྙད་ལས་གྲོལ་བས་མི་གཟིགས་ལ། བཏགས་པ་བ་གཟུགས་སྐུ་གཉིས་ནི་སྔོན་གྱི་བསོད་ནམས་ཀྱི་ཚོགས་མི་འགག་པའི་འབྲས་བུའམ་སྨོན་ལམ་གྱི་འཕེན་པ་ཙམ་གྱིས་གདུལ་བྱ་ལ་སྣང་བའོ་ཟེར་རོ། །གཉིས་པ་ནི། དེ་ལྟར་ན་ཡེ་ཤེས་དེ་ཉིད་རང་ལྡོག་ནས་ཆད་དམ། གཉེན་པོ་གཞན་ཞིག་གིས་ཆད། དང་པོ་ལྟར་ན། སངས་རྒྱས་ཀྱི་ས་ན་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་མེད་པར་ཐལ། ཡེ་ཤེས་རྒྱུན་ཆད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཐུན་མོང་གི་ལུང་ལས་ཀྱང་། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་འཇུག་པའི་ཕྱིར། །ཞེས་དང་། སྡུད་པ་ལས། ཡེ་ཤེས་མེད་ན་བྱང་ཆུབ་འཕེལ་མེད་འགྲིབ་པ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་སོགས་ལུང་དུ་མས་གནོད་དོ། །གཉིས་པ་ལྟར་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཉེན་པོ་དེས་རྒྱུན་བཅད་དམ་གཞན་ཞིག་གིས་བཅད་ཧ་ཅང་ཐལ་བས་བག་ཡོད་པར་མཛོད་ཅིག གཉིས་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སངས་
རྒྱས་ཀྱི་ས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་སྤངས་པའི་ལག་རྗེས་སུ་ཡེ་ཤེས་རྒྱུན་དང་བཅས་པ་ཡོད་དེ། དེ་ལས་ཀྱང་ཀུན་རྫོབ་མཁྱེན་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་དུ་གཟིགས་ཏེ། སྔར་རྒྱུན་ཆད་པ་བཀག་པའི་ལུང་གིས་གྲུབ་བོ་ཟེར། གཉིས་པ་ནི་དེ་ལྟར་ན། སངས་རྒྱས་སའི་ཡེ་ཤེས་དེ་ཉིད་འཁྲུལ་ཤེས་སུ་ཐལ། ཀུན་རྫོབ་ཡུལ་དུ་བྱེད་པའི་ཕྱིར། སོ་སྐྱེའི་ཤེས་པ་བཞིན་ནོ་བྱས་པ་ལ། ཁོ་ན་རེ་སྣང་ཙམ་ཡུལ་དུ་བྱེད་ཀྱང་ཞེན་ཡུལ་དུ་མི་འཛིན་པས་སོ་ཟེར། འོ་ན་སངས་རྒྱས་སའི་ཡེ་ཤེས་དེ་སྤངས་པ་ཕྱོགས་གཅིག་པ་ཐལ། ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་སྤངས་ཀྱང་། སྣང་ཡུལ་ལ་འཁྲུལ་བའི་ལོག་ཤེས་མ་སྤངས་པའི་ཕྱིར། འདོད་ན། མདོ་ལས། ཡེ་ཤེས་དམ་པ་བདག་མེད་ལས། །སྣང་བ་མེད་པས་མ་གཟིགས་སོ། །ཞེས་གསུངས་པ་དང་འགལ་ལོ། །གསུམ་པ་ལ། དངོས་དང་རྩོད་པ་སྤང་བའོ། །དང་པོ་ནི། ཡེ་ཤེས་རྒྱུན་ཆད་ཅེས་བསྐུར་པ་མི་འདེབས། མ་ཆད་ཅེས་སྒྲོ་མི་འདོགས། དེ་གཉིས་ཆར་གྱི་མཐའ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་རྟོག་མེད་རང་གསལ་དུ་གཟིགས་ཏེ། འདི་ཉིད་ལས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་དེ་མེད་ནམ་ཡང་མེད་མི་འགྱུར། །རྟོག་ཅན་དག་ནི་ཡོད་དང་མེད་ཅེས་བྱ། །དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར། །ཞེས་སོ། །གཉིས་པ་ནི། ཡུལ་ཡོད་མེད་དབྱེར་མེད་ཀྱི་བརྟག་པ་གསུམ་ལས། ཡུལ་དུ་བྱས་ནས་གཟིགས་ན། སངས་རྒྱས་ཀྱི་ཡེ་ཤེས་གཟུང་འཛིན་ཅན་དུ་གྱུར་ཏེ། ཡུལ་དང་ཡུལ་ཅན་འབྱུང་བའི་ཕྱིར། འདོད་ན། རྒྱུད་དག་པ་མ་ཡིན་པར་ཐལ། གཟུང་འཛིན་ཡོད་པའི་ཕྱིར། སེམས་ཅན་བཞིན་ནོ། །ཡང་ཡུལ་དུ་མ་བྱས་པར་གཟིགས་ན། མིག་གིས་ཀྱང་སྒྲ་ཐོས་པར་ཐལ། དེའི་ཕྱིར། འདོད་ན་གསལ་ལོ། །གཞན་ཡང་སངས་རྒྱས་ཉིད་འཁྲུལ་བར་ཐལ། མེད་པ་གཟིགས་པའི་ཕྱིར། མིག་སེར་ཅན་གྱི་དུང་གི་ཁ་དོག་བཞིན་ནོ། །དབྱེར་མེད་དུ་གཟིགས་ཟེར་བའང་མི་འཐད་དེ། གཟིགས་བྱ་གཟིགས་བྱེད་དུ་འགལ་བའི་ཕྱིར། མིག་གིས་མིག་བཞིན་ནོ་
ཟེར།
ལན་དུ། རྗེ་སྒྲོ་ཕུག་པའི་ཞལ་ནས། སྐད་དོག་པར་ཁྱེར་ན། ཡུལ་ཡོད་མེད་ཀྱི་སྒྲོ་སྐུར་སྤངས་ནས་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྟོག་མེད་རང་གསལ་དུ་གཟིགས་ཏེ། རྒྱས་པ་ལས། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། །ཞེས་གསུངས་པའི་ཕྱིར། སྐད་ཡངས་པར་ཁྱེར་ན། ཡུལ་དུ་བྱས་ནས་ཀྱང་གཟིགས་ཏེ། དུས་གསུམ་གྱིས་བསྡུས་པའི་ཆོས་དང་སེམས་ལས་བྱུང་བ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་གསལ་མཁྱེན་མ་འགགས་པར་སྣང་བའི་ཕྱིར། ཡང་ཡུལ་མེད་དུའང་གཟིགས་ཏེ། ཇི་ལྟར་སྣང་ཡང་བདེན་པའི་ངོ་བོས་སྟོངས་པའི་ཕྱིར། དབྱེར་མེད་དུ་གཟིགས་ཏེ། ཤེས་བྱའི་གཤིས་ལ་ཐུགས་རྗེ་སྐྱེ་བའི་ཡུལ་སེམས་ཅན་དང་། སྐྱེ་མཁན་རྣམ་མཁྱེན་གྱི་སངས་རྒྱས་གཉིས་དམིགས་སུ་མེད་པའི་ཕྱིར། དེ་ཐུགས་རྗེ་ཅིར་འགྱུར་ཞེ་ན། དེ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ཕྱིར་གསུངས། འོ་ན་ཐུགས་རྗེས་གང་ལ་གང་ལྟར་གཟིགས་ཏེ། གཟིགས་པའི་ཐ་སྙད་མི་འཐད་དོ་ཟེར་ན། ལན་ནི། འཁྲུལ་པ་ཅན་གྱི་བློ་ངོ་ན་སྣང་བ་ལྟར་མ་འགགས་པར་གཟིགས་པས་སྐྱོན་གཉིས་པ་མེད་ཅིང་། ཇི་ལྟར་སྣང་ཡང་གཤིས་ལ་མ་གྲུབ་པར་མཁྱེན་པས་སྐྱོན་དང་པོ་ལས་གྲོལ་ལོ། །དེ་གཉིས་པོས་རྩོད་པ་གསུམ་པའང་ཞོར་ལ་ཁེགས་ཏེ། གཤིས་ལ་གདུལ་བྱ་འདུལ་བྱེད་དབྱེར་མེད་དུ་གཟིགས་ལ། དེ་ལྟར་མ་རྟོགས་པ་རྣམས་འཁོར་བའི་ཆུ་བོ་བཞིས་རྒྱུན་ཕྱོགས་སུ་ཁྱེར་བས་སྡུག་བསྔལ་བའང་གཟིགས་ཤིང་དེ་ལས་གྲོལ་བའི་ཐབས་ཀྱང་མཁྱེན་ནས་སྟོན་པར་མཛད་པ་ཡིན་ཏེ། དཔེར་ན་སྐྱེས་བུ་མངོན་ཤེས་ཅན་གཅིག་གི་དྲུང་ན། སྐྱེས་བུ་གཞན་ཞིག་གཉིད་དུ་སོང་བའི་རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་བ་རྨི་བ་ན། མངོན་ཤེས་མཁན་དེས་མཁྱེན་ནའང་རང་རྒྱུད་ལ་བདེན་ཞེན་མི་འབྱུང་ཞིང་། གཉིད་སད་ན་སྡུག་བསྔལ་དེ་ལས་གྲོལ་བ་ཡང་མཁྱེན་པ་བཞིན་ནོ། །འདིར་ཡང་གཟིགས་ལུགས་རྗེ་སྒྲོ་ཕུག་པའི་དགོངས་པས་གསུམ་སྟེ། དབྱིངས་ལས་མི་གཞན་པའམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་དབྱིངས་ཡེ་ཤེས་དབྱེར་མེད་དམ་ཇི་ལྟ་ཇི་སྙེད་དབྱེར་མེད་དུ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་གསུམ་དུ་བཞེད་
དོ། །གཉིས་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། རིམ་གསུམ་ལས། རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ནས་བྱུང་བར་སྣང་། །ཞེས་པས་བཞི་སྟེ་རྟག་པ་རྒྱུན་གྱི་ཐུགས་རྗེ་ཆུ་བོའ་རྒྱུན་ལྟ་བུ་དང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉི་མ་དང་འོད་ཟེར་ལྟ་བུ་དང་། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་སྙིང་རྗེ་ཅན་ལ་དབུལ་པོས་སློང་བ་ལྟ་བུ་དང་། ཡུལ་དང་འཕྲད་པའི་ཐུགས་རྗེ་མཛངས་པ་སྤྱོད་ལོག་བྱེད་པ་ལྟ་བུའོ། །གསུམ་པ་སྐྱེད་ནས་འགྲོ་དོན་མཛད་ཚུལ་ལ་རྟེན་ཅན་གྱིས་དོན་བྱེད་པར་འདོད་པ། རྟེན་མེད་ཀྱིས་དོན་བྱེད་པར་འདོད་པ། གནས་ལུགས་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པའོ། །དང་པོ་ནི། བྲམ་ཟེས་མཆོད་སྡོང་སྒྲུབ་པ་ལྟ་བུ་སྟེ། དཔེར་ན་རིག་སྔགས་གྲུབ་པའི་བྲམ་ཟེ་ཞིག་གིས་རིན་པོ་ཆེའི་མཆོད་སྡོང་བསྒྲུབས་ནས་བཞག་པས་རང་ཉིད་ཚེའི་དུས་བྱས་ཀྱང་རྗེས་འཇུག་རྣམས་ཀྱི་འདོད་པ་མཆོད་སྡོང་གིས་སྐོང་བར་བྱེད་པ་ལྟར། སྔོན་ལམ་དུ་ཚོགས་བསགས་པའི་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་དགོངས་པ་ཆོས་སྐུ་སྒྲིབ་བྲལ་གྱི་ཡེ་ཤེས་དེ་ཉིད་ལ་བརྟེན་ནས། གདུལ་བྱ་ལས་དག་པ་ལ་མཛད་པ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པར་བཞེད་པ་ནི། རྒྱ་གར་ན་སློབ་དཔོན་སེང་གེ་བཟང་པོ་དང་། བོད་ན་འབྲིང་མཚམས་ཀྱི་ཞང་ཤེས་རབ་བླ་མ་ལ་སོགས་པའི་དགོངས་པའོ། །གཉིས་པ་ནི། དྲང་སྲོང་དམོད་པ་གྲུབ་པ་ལྟ་བུ་སྟེ། དཔེར་ན་དམོད་པ་གྲུབ་པའི་དྲང་སྲོང་གིས་དམོད་པ་བསྒྲུབས་ནས་བཞག་པས་རང་ཚེའི་དུས་བྱས་ཀྱང་གཞན་སྣང་དུ་ཁོའ་དམོད་པ་ཇི་ལྟ་བར་འབྱུང་བ་བཞིན་མཐར་ཐུག་སངས་རྒྱས་ཀྱི་ས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ལས་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མ་གྲུབ་ཀྱང་སྔོན་ལམ་དུ་ཚོགས་བསགས་ཞིང་སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རང་གི་བློ་སྣང་དུ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་བྱེད་པར་བཞེད་པ་ནི། རྒྱ་གར་ན་སློབ་དཔོན་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོའི་དགོངས་པའོ། །གསུམ་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཤིང་མཆོད་ན་རང་རང་གི་བསོད་ནམས་དང་འཚམས་པའི་དགོས་འདོད་
འབྱུང་མོད་ཀྱི། འོན་ཀྱང་རིན་པོ་ཆེ་ལ་རྩོལ་རྟོག་དང་ཉེ་རིང་མེད་པ་ལྟར། མཐར་ཐུག་རྒྱལ་བའི་དགོངས་པ་ཡོད་མེད་ཀྱི་མཐའ་ལས་གྲོལ་བའི་ཕྱིར། མཐའི་སྒྲོ་སྐུར་དང་བྲལ་བའི་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་གདུལ་བྱའི་བློ་དང་འཚམས་པར་སྣ་ཚོགས་སུ་སྣང་ནས་དོན་མཛད་པར་བཞེད་པ་ནི་རྒྱའི་མཁས་པ་ཆེན་པོ་ཤྲཱི་སིངྷ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་ལ་སོགས་པའི་དགོངས་པའོ། །མདོར་ན་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང་། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་སོ། །འབྲས་བུའི་དོན་བཤད་ཟིན་ཏོ། །གཉིས་པ་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། ལྟ་བ་སྤྱོད་པ་དཀྱིལ་འཁོར་དབང་། །དམ་ཚིག་ཕྲིན་ལས་སྒྲུབ་པ་དང་། །ཏིང་འཛིན་མཆོད་པ་སྔགས་ཕྱག་རྒྱ། །ཕྱི་མ་གཉིས་བསྡོམས་བཅུ་རུ་འགྱུར། །ཞེས་པ་ལྟར་བཅུ་ལས། དང་པོ་དེ་ཁོ་ན་ཉིད་ལྟ་བ་ལ། དགོས་ཆེད། ངོ་བོ། མཚན་ཉིད། རྣམ་གྲངས། མ་རྟོགས་པའི་སྐྱོན། རྟོགས་པའི་ཡོན་ཏན་དང་དྲུག དང་པོ་ནི། ཐུགས་ཐིག་ལས། གཞན་པའི་ལྟ་དམིགས་བསལ་བ་དང་། །མཆོག་གི་སྤྱན་རབ་མངོན་བྱའི་ཕྱིར། །ཞེས་པས་གཞན་སེལ་དང་། དོན་དུ་གཉེར་བའི་དགོས་པ་གཉིས། དང་པོ་ནི། འདི་ཉིད་ལས། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཞེས་པས་མ་རྟོགས་པ་མུ་སྟེགས་ཕྱལ་པ་དང་རྒྱང་འཕེན། ལོག་པར་རྟོག་པ་མུ་སྟེགས་རྟག་ཆད་གཉིས། ཕྱོགས་རྟོགས་ཉན་རང་གཉིས། ཡང་དག་ཉིད་མ་རྟོགས་པ་དབུ་སེམས་གཉིས་ཀྱི་ལྟ་བ་སེལ་ལོ། །གཉིས་པ་ནི། ཆོས་ཉིད་ཡང་དག་པར་རྟོགས་པའི་དགོས་པ། ལས་གང་ལ་སྤྱད་ཀྱང་མི་འཆིང་བའི་དགོས་པ། སངས་རྒྱས་ཉིད་ཐོབ་པའི་དངོས་རྒྱུར་གྱུར་པའི་དགོས་པའོ། །དང་པོ་ནི། རྒྱས་པ་ལས། ཆོས་ཀྱི་རང་བཞིན་ཇི་ལྟ་བུ། །བདག་གིས་ཡང་དག་རྟོགས་པར་བྱ། །ཞེས་སོ། །གཉིས་པ་ནི། དེ་ལས།
ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་དུག་ལྔས་གནོད་མི་འགྱུར། །ཞེས་སོ། །གསུམ་པ་ནི། དེ་ལས། རང་རིག་ཡེ་ཤེས་དོན་རྟོགས་ན། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །ཅེས་སོ། །དེ་ཡང་དབུ་སེམས་གཉིས་ཀྱིས་ཡང་དག་ཉིད་མ་རྟོགས་པའི་ཚུལ་ཅུང་ཟད་བརྗོད་ན་དེ་ལ་སེམས་ཙམ་པ་དང་དབུ་མ་པའི་ལུགས་གཉིས་ལས། དང་པོ་ལ། དཀར་དམར་སྣ་ཚོགས་སུ་སྣང་བ་ཤེས་པ་དང་བཅས་པ་འདི་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་བདེན་པར་འདོད་པ་སེམས་ཙམ་རྣམ་བདེན་པ་དང་། ཤེས་པའི་རྣམ་པར་རྫུན་པར་འདོད་པ་སེམས་ཙམ་རྣམ་རྫུན་པ་གཉིས་ལས། དང་པོ་ནི། དོན་དུ་སྣང་བ་རང་གི་ཤེས་པའི་རྣམ་པ་ཕྱིར་ཤར་བ་ཙམ་སྟེ། དཔེར་ན། རྫིང་འགྲམ་གྱི་ནོར་བུའི་ཤིང་གི་ཡལ་ག་ལ་བཏགས་པའི་ནོར་བུ་ཀེ་ཀེ་རུའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ན་ནོར་བུའི་རྣམ་པ་ཕྱི་རོལ་དུ་ཤར་བ་བཞིན་ནོ་ཞེས་འདོད་དོ། །འདི་ལ་དབྱེ་ན། རྣམ་པའི་གྲངས་དེ་སྙེད་ལ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་འདོད་པ་དང་། རྣམ་པ་དང་ཤེས་པ་སྣ་ཚོགས་གཉིས་མེད་དུ་འདོད་པ་གསུམ་ལས། དང་པོ་ནི། སྒྲ་ཐོས་པའི་དུས་ན་སྒྲ་འཛིན་གྱི་ཤེས་པ་གཅིག་པུ་སྐྱེ་ཡི། གཟུགས་ལ་སོགས་པ་འཛིན་པའི་ཤེས་པ་མི་སྐྱེ་བ་ལྟར། ཡུལ་གང་ལ་འཇུག་པ་དེའི་ཤེས་པ་སྐྱེ་ཡི་གཞན་མི་སྐྱེ་བས། རྣམ་པའི་གྲངས་ཇི་སྙེད་པའི་ཤེས་པ་འདོད་པའོ། །གཉིས་པ་ནི། ཕྱི་རོལ་སྣ་ཚོགས་སུ་སྣང་བའང་ཤེས་པ་ལས་བྱུང་ལ། དེ་འཛིན་པའི་ཤེས་པའང་སེམས་ལས་བྱུང་བས། སྒོ་ང་བཀས་པ་ལྟར་རྣམ་པ་དང་ཤེས་པ་ཡུལ་ཡུལ་ཅན་སེམས་གཅིག་ལ་ཤར་བ་སྟེ། ད་ལྟ་ཡུལ་འཛིན་པ་ན། ཕྱི་རྣམ་པའི་ཤེས་པ་གཅིག་ལ་ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་ཤར་བ་ཡང་། ཐོག་མ་མེད་པའི་བག་ཆགས་ཀྱིས་དེ་ལྟར་གཉིས་སུ་སྣང་ཡང་། རང་རིག་པ་གཅིག་པུ་ལས་གཞན་དུ་གྲུབ་པ་མེད་པས་སྒོ་ང་བཀས་པ་ལྟ་བུའོ། །འོ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ་དེའི་ཚེ་འཛིན་པའི་ཤེས་པ་གཅིག་བྱུང་དུས་རྟོག་པ་གཉིས་གཅིག་ཆར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྣམ་པའི་ཤེས་པ་དེ་རྟོག་མེད་ཡིན་པའི་ཕྱིར་རོ་ཞེས་འདོད་དོ། །གསུམ་པ་ནི། ཕྱི་ཡུལ་གྱི་རྣམ་པ་སྣ་ཚོགས་
སུ་སྣང་ཡང་། ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་གིས་ཤེས་ཏེ། མཁར་གྱི་ནང་དུ་སྤྲེའུ་གཅིག་འཇུག་པ་མྱུར་བས་གློ་སྐར་བཞིར་སྐེ་རིབ་རིབ་བྱུང་ནས་ལྟ་བ་ལྟར། སྒོ་ལྔ་ལ་ཤེས་པ་གཅིག་གིས་ཞུགས་ནས་ཡུལ་རིག་པའོ། །རིག་དུས་ནའང་རྣམ་པ་དང་། ཤེས་པ་གཉིས་ག་སེམས་གཅིག་གི་རང་བཞིན་དུ་ཐ་མི་དད་དེ། རྨི་ལམ་གྱི་སྣང་བ་དང་། འཛིན་བྱེད་རང་དུ་སྣང་བ་གཉིས་ཀ་ཡང་གཉིད་གཅིག་གི་ཤེས་པར་ཐ་མི་དད་པ་བཞིན་ནོ་ཞེས་འདོད་དོ། །གཉིས་པ་རྣམ་རྫུན་པ་ནི། ཕྱི་དོན་གྱི་རྣམ་པར་ཤེས་པ་ལ་འཁྲུལ་པར་སྣང་བའི་བག་ཆགས་རྫུན་པ་བ་ཡིན་གྱི། ཤེས་པར་བདེན་པ་མ་ཡིན་ལ། དེ་འཇལ་བྱེད་ཀྱི་ཤེས་པ་ཡང་རྫུན་པ་བས་གཞལ་གྱི། མྱོང་བ་བདེན་པ་བས་གཞལ་བ་ནི་མེད་དེ། ཡུལ་ཤེས་གཉིས་ཀ་ཡང་འཁྲུལ་སྣང་རྫུན་པ་བའི་རང་བཞིན་ཙམ་དུ་འདོད་དོ། །འདི་ལ་དབྱེ་ན། དྲི་བཅས་སུ་ཤར་བར་འདོད་པ་དང་། དྲི་མེད་དག་པ་བར་འདོད་པ་གཉིས་ལས། དང་པོ་ནི། ད་ལྟའི་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། དེ་འཇལ་བའི་ཤེས་པ་གཉིས་ཀ་བློའི་དྲི་མ་ཉིད་སྣང་བ་ཙམ་ལས། དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཁམས་ཀྱི་ཡོན་ཏན་དང་བཅས་པ་ཙམ་ཞིག་ཡོད་ཀྱི། རྣམ་ཤེས་སུ་གྲུབ་པ་ནི་ཅི་ཡང་མེད་དོ། །སངས་རྒྱས་ཀྱི་ཆོས་སྐུ་ལྷག་མ་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དྲི་མ་མེད་པའི་དེ་བཞིན་ཉིད་ཡིན་ལ། ལྷག་བཅས་ཀྱི་གནས་སྐབས་ན་བག་ལ་ཉལ་གྱི་དྲི་མ་ཅུང་ཟད་ཡོད་པས། འཁྲུལ་པར་སྣང་བ་གཟིགས་པ་དང་། རོ་རྒྱབ་སྙུང་བ་ལ་སོགས་པ་ཡོད་དོ། །ཞེས་པ་དང་། ད་ལྟ་སེམས་ལ་ཉོན་མོངས་པ་དང་ཡེ་ཤེས་འདྲེས་པར་གནས་པའི་དྲི་མ་ཉོན་མོངས་པའི་ཆ་རྫུན་པ་བ་བསལ་བས། ལྷག་མ་མེད་པའི་ཡེ་ཤེས་དག་པ་མངོན་དུ་བྱེད་པའོ་ཞེས་འདོད་དོ། །དག་པ་ནི་རྣམ་པ་དང་རྣམ་ཤེས་རྫུན་པ་ཙམ་དུའང་གྲུབ་པ་མེད་དོ། །མངོན་པར་ཆགས་པ་དག་གིས་ན་ཆུང་ཡིད་ལ་བྱེད་པ་གོམས་པ་ལས། ཇི་ཞིག་ན་བསམ་མ་དགོས་པར། དེའི་བྱད་བཞིན་གྱི་སྣང་བ་མེད་པ་གསལ་སྣང་དུ་ཤར་བ་བཞིན་ནོ། །དེས་ན་ཡུལ་གྱི་རྣམ་པ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། འཇལ་བྱེད་ཀྱི་བློ་གཉིས་ཀ་མེད་བཞིན་སྣང་བ་གཟུགས་བརྙན་ལྟ་བུ་སྟེ། དེའི་
དོན་ཉམས་སུ་མྱོང་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཙམ་ཞིག་དོན་དམ་པར་ཡོད་དོ་ཞེས་འདོད་དོ། །གཉིས་པ་དབུ་མ་པ་ལ། རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས་ལས། དང་པོ་ནི། འདི་ལྟར་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་འཇལ་བྱེད་མེད་པ་གསལ་སྣང་ཙམ་དུ་ཟད། དོན་དམ་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་དེ་ཡང་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ་ཞེས་འདོད་དོ། །འདི་ལ་དབྱེ་ན། སྒྱུ་མ་དོན་དམ་དུ་འདོད་པ་དང་། རབ་ཏུ་མི་གནས་པ་གཉིས་ལས། དང་པོ་ནི། ཡུལ་ཡུལ་ཅན་དུ་གྲུབ་པ་མེད་ལ། མ་གྲུབ་པ་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་མེད་ཙམ་ཞིག་དོན་དམ་པར་སྒྱུ་མའི་ཚུལ་དུ་ཡོད་པས། སྒོམ་པའི་ཡོན་ཏན་ས་ལམ་དང་། མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུ་ཐོབ་ནས་ཆོས་ཀྱི་སྐུའི་ངང་ནས། སྒྱུ་མ་ལྟ་བུས་དོན་མཛད་པ་ཡིན་ཏེ། ཡུམ་བར་མ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་བས་ལྷག་པའི་ཆོས་ཤིག་ཡོད་དེ། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། ཞེས་སོ། །ཆོས་ཐམས་ཅད་ནི་ཡུལ་ཤེས་སྣ་ཚོགས་པ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་གཟུགས་སྐུ་བརྙེས་ནས་དོན་མཛད་པའོ། །དེ་ནས་ལྷག་པའི་ཆོས་ནི་སོ་སོ་རང་གི་རིག་པའི་དེ་བཞིན་ཉིད་དང་། ཆོས་སྐུ་དམ་པའོ་ཞེས་འདོད་དོ། །འདི་ལའང་སྒྱུ་མ་རིགས་དྲུག་དུ་འདོད་པ་དང་། སྒྱུ་མ་ལྟར་སྣང་དུ་འདོད་པ་ཡང་། སྒྱུ་མ་ཙམ་སོ་སོར་འདོད་པ་ལ་སོགས་པ་རྣམ་གྲངས་རབ་ཏུ་མང་སྟེ། རང་རྒྱུད་འོག་མ་པ་ཞེས་གྲགས་པ་ཡིན་ནོ། །གཉིས་པ་ནི། དོན་དམ་པར་སྒྱུ་མ་ཙམ་དུའང་མི་གནས་ཏེ། ཡུལ་དང་རྣམ་པ་མེད་པས་དེ་མེད་པར་མྱོང་བའི་སོ་སོ་རང་རིག་ཀྱང་མེད་པ་ནི། མོ་གཤམ་གྱི་བུ་མེད་པས་དེ་འཇལ་བྱེད་ཀྱི་ཤེས་པ་མེད་པ་བཞིན་ནོ། །ཀུན་རྫོབ་ལ་བདེན་པར་མེད་པས། དོན་དམ་ལ་གང་ཡང་མི་གནས་ཏེ། རྨི་ལམ་སད་པའི་དུས་ན། རྟ་གླང་གི་རྣམ་པ་འགགས་ཀྱང་། དང་པོ་ནས་མེད་པས་དོན་ལ་འགག་རྒྱུར་མ་གྲུབ་པ་བཞིན་ནོ། །ཡུམ་བར་མ་ལས། དོན་དམ་པར་ནི་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། སྟོང་པ་ཉིད་ཀྱང་མེད་དེ། ཚིག་གི་བླ་དྭགས་ཙམ་དུ་བས་
ལགས་སོ། །ཞེས་གསུངས་པ་ལྟ་བུའོ་ཞེས་འདོད་དོ། །འདི་ལ་ཀུན་རྫོབ་རབ་ཏུ་མི་གནས་པ་དང་། རྒྱུ་མཚན་མི་གནས་པ་དང་། ལྡོག་ཆ་མི་གནས་པ་དང་། ལྡོག་བྱེད་མི་གནས་པ་དང་། གཅིག་མི་གནས་པ་དང་། དུ་མ་མི་གནས་པ་དང་། གཅིག་དང་དུ་མ་དང་བྲལ་བ་མི་གནས་པ་དང་། སྣང་ཙམ་རབ་ཏུ་མི་གནས་པ་ལ་སོགས་པ་རྣམ་གྲངས་དཔག་ཏུ་མེད་པ་ཡོད་དེ། དབུ་མ་རང་རྒྱུད་གོང་མ་པ་ཞེས་གྲགས་སོ། །དབུ་མ་ཐལ་འགྱུར་བ་ནི། དེ་ལྟར་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་སྣང་ཙམ་སྒྱུ་མར་གྲུབ་པ་ལ་སོགས་པ་ཐམས་ཅད་བཀག་ནས། ཡོད་མེད་ཀྱི་མཐའ་ལས་འདས་པའི་རང་བཞིན་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའི་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱིས། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོགས་ཀྱིས་བློས་བཀོད་པའི་གྲུབ་མཐའ་གང་ཡང་མེད་དེ་སྤྲོས་པ་ཞི་བའི་ཕྱིར་རོ། །ཞེས་འདོད་ཅིང་། སྣ་ཚོགས་སུ་སྣང་ཙམ་འཇིག་རྟེན་པ་ཇི་ལྟར་འཇོག་པ་ལྟར་བརྡ་ཤེས་པའི་ཡན་ལག་ཏུ་བཞག་ཀྱང་། དེ་ཡང་ཁས་ལེན་མེད་པས་ཆོས་སུ་སྣང་བ་བདེན་རྫུན་ལས་འདས་པས་ཡོད་མེད་ཀྱི་མཐའ་དང་ད་ལྟའི་དུས་ནས་བྲལ་བར་འདོད་དོ། །འདི་ནི་དབུ་མའི་ལྟ་བ་མཐར་ཐུག་ཡིན་པ་ཀླུ་
སྒྲུབ་ཞབས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའང་འདི་ཡིན་ཏེ་འདིའི་དོན་གཏན་ལ་འབེབས་: བྱའི་པའིགཞུང་ཆེན་པོ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག རྩོད་པ་ཟློག་པ། ཐ་སྙད་སྒྲུབ་པ་རྣམས་སོ། །གཞན་ཡང་རང་སྟོང་དང་། གཞན་སྟོང་གི་ཚུལ་འཛིན་པའི་དབུ་མ་པ་མང་དག་བྱུང་སྟེ། དེ་གཉིས་ཀྱི་འཇོག་གཞི་ནི། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བའང་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། དེའི་འགྲེལ་པར། འདིས་ཅི་བསྟན་ཅེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ནི་འགའ་ཡང་མེད་དེ། གློ་བུར་གྱི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གྱིས་བསྣན་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་དང་བྲལ་བ། ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོངས་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ནི་མི་སྟོང་ངོ་། །ཞེས་གསུངས་སོ། །དེ་ལ་རང་སྟོང་ནི། ཆོས་ཅན་ཇི་ལྟར་སྣང་བ་འདི་དག་སྣང་ཙམ་ཉིད་ནས་རང་རང་གི་ངོ་བོས་སྟོངས་པས་མེད་དགག་གི་སྟོང་ཉིད་དོན་དམ་པར་བཞེད་ཅིང་། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་ལ་དོན་དམ་དུ་ཐ་དད་མེད་ཀྱང་། ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མ་ལྟ་བུ་ཞེས་རང་རྒྱུད་ཀྱི་དམ་བཅའ་འགོད་པ་དང་། ཐལ་འགྱུར་ཁོ་ན་འཕེན་པས་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་པའི་སྲོལ་གཉིས་སྣང་ངོ་། །གཞན་སྟོང་དུ་གཏན་ལ་འབེབས་པའི་དབུ་མ་པ་རྣམས་ལ། ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་
དུ་འདོད་པ་དང་། ཀུན་བཏགས་དང་ཡོངས་གྲུབ་གཉིས་སུ་བསྡུ་བའི་ཁྱད་པར་ལས། ཆོས་ཅན་ངོས་འཛིན་ཚུལ་མི་འདྲ་བ་གཉིས་བྱུང་སྟེ། རྣལ་འབྱོར་སྤྱོད་པའི་གཞུང་དུ། སྟོང་གཞི་གཞན་དབང་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་ཏུ་བཤད་པ་དང་། རྒྱུད་བླ་མ་སོགས་ལས་ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པར་གསུངས་སོ། །དེས་ན་ཡོངས་གྲུབ་སེམས་ཀྱི་ཆོས་ཉིད་དོན་དམ་པའི་དབྱིངས་འདིའི་ངོ་བོ་ལ་དོར་བྱའི་དྲི་མ་དང་སྔར་མེད་ཀྱི་ཡོན་ཏན་གསར་དུ་སྒྲུབ་ཏུ་མེད་དེ། ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡོན་ཏན་ལྷུན་གྲུབ་ཡིན་པའི་ཕྱིར། སྐྱོན་ཡོན་གྲུབ་བསལ་ལས་འདས་པས་དོན་དམ་གྱི་དབྱིངས་དེ་ཁོ་རང་གི་ངོ་བོས་སྟོངས་པ་ཡིན། གློ་བུར་འཁྲུལ་སྣང་གི་ཆོས་གཟུང་འཛིན་སྤྲོས་པའི་ཆ་རྣམས་གཤིས་ལ་མ་གྲུབ་པས་ཀུན་རྫོབ་རང་གི་ངོ་བོས་སྟོངས་པ་ཡིན་ལ། དེ་འདྲ་དེ་དོན་དམ་ཆོས་ཉིད་ལས་གཞན་ཡིན་པས། དོན་དམ་གཞན་གྱི་ངོ་བོས་སྟོང་པ་ཞེས་པའི་དོན་ནོ། །མདོར་ན་ཀུན་རྫོབ་ཀྱི་ཕྱོགས་ནས་གཞལ་ན་མེད་དགག་དང་མ་ཡིན་དགག་གི་སྟོང་ཉིད། དོན་དམ་དབྱིངས་ཀྱི་ཕྱོགས་ནས་གཞལ་ན་རང་ལས་གཞན་རྟོག་པའི་ཡུལ་གྱིས་སྟོངས་པའོ། །འོ་ན་དོན་དམ་རང་གི་ངོ་བོས་སྟོངས་པ་ལྟར་གསུངས་པའི་དགོས་པ་གང་སྙམ་ན། དོན་དམ་ལ་དམིགས་ནས་བློས་བཟུང་བ་ལྟར་མ་གྲུབ་པ་ལ་དགོངས་པ་ཡིན་ནོ། །དེ་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒོམ་པས་ཉམས་སུ་མྱོང་བའི་ལྟ་བ་ལ། འཁོར་ལོ་བར་པའི་དངོས་བསྟན་རིགས་ཚོགས་སུ་བཀྲལ་བ་ལྟར་ན། ངེས་དོན་མེད་དགག་ལ་བཞེད་པས་ཅི་ཡང་མི་སྒོམ་པ་ལ་སྟོང་ཉིད་སྒོམ་པ་དང་། ཅི་ཡང་མ་མཐོང་བ་ལ་དེ་ཁོ་ན་ཉིད་རྟོགས་པར་འཆད། འཁོར་ལོ་ཐ་མའི་དགོངས་པ་བྱམས་ཆོས་ཀྱི་གཞུང་ཐོགས་མེད་སྐུ་མཆེད་ཀྱིས་བཀྲལ་བ་དང་ཀླུ་སྒྲུབ་ཞབས་ཀྱིས་བསྟོད་ཚོགས་སུ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉིད་སྒོམ་པས་ཉམས་སུ་མྱོང་བྱར་ཞིང་། དེ་ཉིད་གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་དང་ཡང་དགོངས་པ་མཐུན་པ་ཡིན་ནོ། །དེ་ཡང་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་ཟུང་འབྲེལ་དུ་ཉམས་སུ་བཞེས་པ་ནི། སོ་སྐྱེའི་སར་ལྟ་བ་ཐོས་བསམ་གྱིས་གཏན་ལ་
འབེབས་པའི་ཚེ་བློའི་མཚན་འཛིན་གཞིག་དཀའ་བས། དེ་ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱིས་འགོག་པར་བྱེད་པ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་ཐལ་འགྱུར་བ་རྣོ་བའི་ཕྱིར་དང་། ཡང་སྒོམ་བྱུང་ཉམས་མྱོང་གིས་གཏན་ལ་འབེབ་པའི་སྐབས་སུ་འཁོར་ལོ་ཐ་མར་གསུངས་པའི་དབུ་མའི་ལྟ་བ་དེ་ཉིད་ཟབ་ཅིང་ཆེས་བཟང་བ་ཡིན་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་ཡིན་པ་གང་ཞིག གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་ནས་བཤད་པའི་ལྟ་བའི་ཉམས་ལེན་དང་ཡང་མཐུན་པའི་ཕྱིར་སྙམ་དུ་དགོངས་སོ། །དེས་ན་ཤིང་རྟའི་སྲོལ་འབྱེད་པ་པོ་ནི། བྱམས་མགོན་དང་སློབ་དཔོན་ཀླུ་སྒྲུབ་གཉིས་ཡིན་ཏེ། དགོངས་འགྲེལ་མཛད་པ་པོ་གཞན་དག་འདི་གཉིས་ཀྱི་བསྟན་བཅོས་ལ་བརྟེན་ནས་འཇུག་པའི་ཕྱིར། དེ་ཡང་ཀླུ་སྒྲུབ་ཞབས་ཀྱིས་འཁོར་ལོ་བར་པའི་དགོངས་འགྲེལ་དུ་ཆོས་ཐམས་ཅད་རང་སྟོང་གཏན་ལ་འབེབས་བྱེད་དབུ་མ་རིགས་ཚོགས་སོགས་དང་། འཁོར་ལོ་ཐ་མའི་དགོངས་འགྲེལ་གཞན་སྟོང་གཏན་ལ་འབེབས་བྱེད་བསྟོད་ཚོགས་སོགས་ཀྱིས་བཀའི་དགོངས་པ་ལེགས་པར་བཀྲལ་ཞིང་དེ་དང་དེའི་སྲོལ་འཛིན་རིམ་བཞིན་ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་རང་གི་སློབ་དཔོན་རྣམས་དང་། འཇིགས་མེད་ཆོས་སྐྱོང་ཞབས་ཡིན་ལ། རྒྱལ་ཚབ་མ་ཕམ་མགོན་གྱིས་གཞན་སྟོང་དུ་གཏན་ལ་འབེབས་པའི་བསྟན་བཅོས་བྱམས་ཆོས་སྡེ་ལྔ་མཛད་དེ། འཕགས་པ་ཐོགས་མེད་ལ་བསྟན་པ་སྐུ་མཆེད་གཉིས་ཀྱིས་ལེགས་པར་བཀྲལ་བའི་སྲོལ་དེ་ཉིད་ཕྱོགས་གླང་ཆོས་གྲགས་དང་ཙནྡྲ་གོ་མི་ལ་སོགས་པས་བཟུང་ཞིང་སྲོལ་འབྱེད་ཀྱི་སློབ་དཔོན་དེ་གཉིས་ཀའང་དབུ་མ་པ་ཆེན་པོ་ངེས་དོན་འཆད་པ་ལ་འཁྲུལ་མེད་ཉིད་དུ་རྒྱལ་བས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པར་རབ་བསྒྲུབས་ནས། །ཞེས་དང་། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་
གསུངས་ཤིང་། རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་ཀྱང་། ཀླུ་སྒྲུབ་དང་ཐོགས་མེད་རྣམ་གཉིས་གྲུབ་མཐའ་གཅིག་ཏུ་བཀྲལ་ཏེ། དེས་མཛད་པའི་དབུ་མ་རྒྱན་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང་། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡིན། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་འབྱུང་ཞིང་། ཞི་བ་འཚོ་ལ་སོགས་པ་རྣམས་ཀྱང་དགོངས་པ་ཕྱོགས་མཐུན་པ་སྣང་ངོ་། །སློབ་དཔོན་དེ: ཉིད་གཉིས་དགོངས་པ་མི་གཅིག་པར་བཀྲལ་བ་སོགས་ཀྱི་ལོ་རྒྱུས་སྔོན་གྱི་ཡིག་རྙིང་དག་དང་གཏེར་ཆེན་བླ་མ་ཡབ་སྲས་ཀྱི་གསུང་གི་བདུད་རྩི་ལས་ཐོས་པ་ཅུང་ཟད་བརྗོད་ན། སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་པ་གཉིས་བྱུང་བ་དེ་གཉིས་ཀྱིས། ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཀླུའི་བཤེས་གཉེན་དང་། དེའི་སློབ་མ་སློབ་དཔོན་དགེ་འདུན་བསྲུང་བ་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོབ་པར་བྱས་ནས་བསྒོམས་པས་ཡེ་ཤེས་མཆོག་བརྙེས། སྔ་མས་འཇམ་དཔལ་དང་། ཕྱི་མས་ཕྱག་རྡོར་གྱི་ཞལ་གཟིགས་ཆོས་མང་དུ་བསྟན། དབུ་མ་རྩ་བའི་གཞུང་ལ་སློབ་དཔོན་སྔ་མའི་བཞེད་པ་རྣམས་སུན་ཕྱུང་སྟེ་འགྲེལ་པ་མཛད་ཅིང་། ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་པར་ཞལ་གྱིས་བཞེས་ནས་མདོ་སྡེ་འགའ་ཞིག་ལ་འགྲེལ་པ་མཛད་ནས། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་བཙུགས་ཤིང་སངས་རྒྱས་བསྐྱངས་སློབ་མ་ཧ་ཅང་མང་བ་མ་ཡིན་ཡང་། ལེགས་ལྡན་པ་སློབ་མ་ཤིན་ཏུ་མང་བས་དགེ་སློང་སྟོང་ཕྲག་མང་པོ་རྗེས་སུ་འབྲང་བ་ཡིན་པས་ཤིན་ཏུ་དར་བར་གྱུར་ཏོ། །སློབ་དཔོན་འདི་གཉིས་མ་བྱོན་གོང་དུ་ཐེག་ཆེན་མཐའ་དག་བསྟན་པ་ཡུག་གཅིག་ཏུ་གནས་ཤིང་། སློབ་དཔོན་འདི་གཉིས་ཀྱིས་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཤིན་ཏུ་ཐ་དད་དེ། ཐོགས་མེད་ཀྱིས་ནི་དབུ་མའི་ལམ་མི་སྟོན་སེམས་ཙམ་ཁོ་ན་ཡིན་པས། ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད། ཅེས་མཐའ་གཞན་འགོག་པར་མཛད་པས། སློབ་དཔོན་དེ་གཉིས་སྐུ་འདས་པའི་འོག་ཏུ་ཐེག་ཆེན་ལའང་ནང་དུ་སྡེ་གཉིས་སུ་གྱེས་ཏེ་རྩོད་པ་ཆེན་པོ་བྱུང་བར་གྲགས། དེ་རྣམས་སངས་རྒྱས་བསྐྱངས་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང་། ལེགས་ལྡན་པ་སྐུ་ཚེའི་སྨད་ཀྱི་སློབ་
མ་ཡིན་པ་དང་། རྩོད་པ་བྱས་པ་སྐད། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་བཞེས་ཟེར་བ་སོགས་རིགས་པས་མ་གྲུབ་པའི་ཅོལ་གཏམ་དུ་ཟད་དོ། །དེའི་རྗེས་སུ་དཔལ་ལྡན་ཟླ་བ་གྲགས་པ་བྱོན་ནས་ལེགས་ལྡན་གྱི་སློབ་མ་མང་པོ་དང་། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལ། ཀླུ་སྒྲུབ་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་མནོས། མཁས་པ་ཆེན་པོར་གྱུར་ནས་དཔལ་ན་ལེནྡྲའི་མཁན་པོ་མཛད། རྩ་འཇུག་བཞི་གསུམ་དང་རིགས་པ་དྲུག་ཅུ་པ་ལ་སོགས་པའི་འགྲེལ་བ་མཛད། སངས་རྒྱས་བསྐྱངས་ཀྱི་ལུགས་དེ་ཉིད་ཆེར་དར་བར་མཛད། རི་མོར་བྲིས་པའི་བ་ལས་འོ་མ་དང་རྩིག་པ་སོགས་ལ་ཐོགས་མེད་དུ་བཞུད་པ་སོགས་ངོ་མཚར་བའི་མཛད་པ་དུ་མ་བསྟན་ཅིང་། མུ་སྟེགས་ཀྱི་རྒོལ་བ་ངན་པ་རྣམས་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་མང་པོ་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ་པར་གྲགས་སོ། །དེ་དང་དུས་མཉམ་སློབ་དཔོན་ཙནྡྲ་གོ་མི་བྱུང་སྟེ། སྤྱན་རས་གཟིགས་ཀྱི་ཞལ་མཐོང་བའི་མུ་སྟེགས་ཀྱི་པཎྜི་ཏ་རྒྱང་འཕེན་པའི་སྟོན་པ་ཞིག་དང་རྩོད་པར་གྱུར་ཏེ། དེའི་རིང་ལུགས་སུན་ཕྱུང་། ཡང་རིགས་པ་ནི་བློས་རྣམ་པར་བཏགས་པ་ཡིན་པས་གང་བློ་བསྒྲིན་པ་དེ་རྒྱལ་བ་ཡིན་གྱི། སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་མངོན་སུམ་མེད་པས་ཁོ་བོ་ཅག་མི་འདོད་ཟེར་བ་ན། དེར་ཡུལ་གྱི་རྒྱལ་པོ་ལ་སོགས་པ་དཔང་པོར་བཞག་སྟེ། ང་ཉིད་སྐྱེ་བ་ལེན་པ་ཡིན་པས་དཔྲལ་བར་རྟགས་ཐོབ་ཅིག་བྱས་ནས། དེས་དཔྲལ་བར་མ ཚལ་གྱིས་ཐིག་ལེ་ཤ་ལ་ཐིམ་པ་གཅིག་བྱས། ཁ་ནང་དུ་མུ་ཏིག་གཅིག་བཅུ ག་ནས་དེ་ཉིད་དུ་འདས་ཏེ། དེའི་ལུས་ཟངས་ཁ་སྦྱོར་གྱི་ནང་དུ་བཅུག་ནས་རྒྱལ་པོས་རྒྱས་བཏབ་བོ། །དེ་རྒྱལ་རིགས་ཀྱི་པཎྜི་ཏ་བི་ཤྭ་ས་ག་ཞེས་པའི་བུར་སྐྱེ་བར་ཁས་བླངས་པ་བཞིན། དེ་ལ་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་མ་ཐག་ཏུ་མཚལ་གྱི་རི་མོ་དཔྲལ་བར་ཡོད་པ་ཁ་ནང་དུ་མུ་ཏིག་ཡོད་པ་དེ་བྱུང་། རྒྱལ་པོ་སོགས་ཀྱིས་སྔར་གྱི་ཕུང་པོ་དེ་ལ་བལྟས་པས་དཔྲལ་བའི་མཚལ་གྱི་རི་མོ་ཡང་བྱི། མུ་ཏིག་གི་ཤུལ་ཧར་རེ་འདུག དེར་མུ་སྟེགས་དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་སྐད། ཁྱེའུ་དེ་བཙས་མ་ཐག་ཏུ་མ་ལ་ཕྱག་བྱས་ཏེ་ཟླ་བ་བཅུར་འོ་མ་བརྒྱལ་ལམ་བྱས་
པས་བཙས་མ་ཐག་སྨྲ་བ་ལྟས་ངན་ནོ་སྙམ་ནས་ཁ་རོག་འདུག་བྱས་པས་ལོ་བདུན་བར་ཅང་མ་སྨྲས་པས་ལྐུག་པའོ་སྙམ་མོ། །སྐབས་དེར་མུ་སྟེགས་ཀྱི་རྒོལ་བ་ཤིན་ཏུ་གོ་དཀའ་བ་སྙན་དང་གས་ཀྱི་ཚིགས་བཅད་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའ་འགོག་པར་བྱེད་པ་གཅིག་བརྩམས་ནས་རྒྱལ་པོ་དང་མཁས་པའི་ཚོགས་ཐམས་ཅད་ལ་གྲིམས་སོ། །དེར་བི་ཤྭ་ས་གའི་ཁྱིམ་དུ་བྱུང་བ་ན། དོན་དེ་ཡུན་རིང་བརྟག་པས་མ་གོ་བས་ལན་གདབ་པར་ག་ལ་ནུས། ལན་གཅིག་བྱ་བ་གཅིག་གི་ཕྱིར་ཁྱིམ་གྱི་ཕྱི་རོལ་དུ་སོང་བ་ན། དེར་ཙནྡྲ་གོ་མི་ལོ་བདུན་འགྲོ་བ་དེས་བལྟས་པ་ན། དོན་དེ་ཤེས་པར་དཀའ་བ་མེད། དོན་འགྲེལ་གྱི་ཡིག་ཆུང་བཏབ། ལན་གྱི་ཚིགས་བཅད་ཀྱང་བྲིས་སོ། །ཕས་ནང་དུ་འོངས་པ་ན་དེ་ལྟར་བྲིས་པ་མཐོང་ནས། ཁྱིམ་དུ་སུ་བྱུང་ཞེས་ཙནྡྲ་གོ་མིའི་མ་ལ་དྲིས་སོ། །གཞན་དུ་སུ་ཡང་མ་འོངས་བུ་ལྐུག་པས་བལྟ་ཞིང་བྲིས་སོ། །དེར་ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་བལྟ་ཞིང་འདུག མས་སྨྲོས་ཤིག་བྱས་པས། འདི་ནི་བདག་གིས་བྲིས་ཏེ་རྒོལ་བ་འདི་ཟློག་པ་ནི་དཀའ་བ་མ་ཡིན་ནོ་ཞེས་ཟེར། དེ་ནས་ནངས་པར་ཙནྡྲ་གོ་མི་དང་མུ་སྟེགས་ཀྱི་སྟོན་པ་དེ་གཉིས་བརྩད་པས་ཙནྡྲ་གོ་མི་རྒྱལ་ཏེ་བྱ་དགའ་ཆེན་པོ་ཐོབ། ཕྱོགས་ཐམས་ཅད་དུ་མཁས་པའི་གྲགས་པས་ཁྱབ་བོ། །དེ་ནས་ནམ་ཞིག་གི་ཚེ་དཔལ་ན་ལེནྡྲར་བྱོན་པས། དེའི་ཚེ་མཁན་པོར་གྱུར་པ་ཟླ་བ་གྲགས་པ་ཡིན་པ་དང་མཇལ་ནས། ཁྱོད་གང་ནས་འོངས་བྱས་པས། ལྷོ་ཕྱོགས་ནས་འོངས། ཆོས་གང་ཤེས་དྲིས་པས། སྒྲ་པ་ཎི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་དང་། མཚན་ཡང་དག་པར་བརྗོད་པ་གསུམ་ཤེས་བྱས་པས། འདི་གཞུང་གསུམ་ལས་མི་ཤེས་ཞེས་ཚིག་ཁེངས་བསྐྱུངས་ཀྱང་། དོན་ལ་ཐམས་ཅད་ཤེས་པར་ཁས་བླངས་པ་ཡིན་པས་ཙནྡྲ་གོ་མི་ཡིན་ནམ་སྙམ་དྲིས་པས། འཇིག་རྟེན་ན་དེ་ལྟར་གྲགས་གསུངས། དེ་ནས་ཙནྡྲ་གོ་མིས་ཐོགས་མེད་ཀྱི་སྲོལ་ལ་བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང་། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་གཞུང་སངས་རྒྱས་བསྐྱངས་ཀྱིས་བཀྲལ་བ་ལ་བརྟེན་ཏེ་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་བཟུང་། ལོ་བདུན་གྱི་བར་དུ་བགྲོ་གླེང་གི་བརྒལ་བརྟག་མཛད་དེ། རྩོད་པ་དེ་བལྟ་བའི་ཕྱིར་སྐྱེ་བོ་མང་པོ་རྟག་ཏུ་འདུས་
པ་ལས། གྲོང་པའི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་ཀྱང་ཕྱོགས་ཙམ་རིག་ནས། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། །ལ་ལའི་སྨན་ལ་ལ་ལའི་དུག །མ་ཕམ་འཕགས་པ་ཐོགས་མེད་གཞུང་། །སྐྱེ་བོ་ཀུན་ལ་བདུད་རྩིར་གྱུར། །ཅེས་གླུར་ལེན་པ་བྱུང་ངོ་། །ཟླ་གྲགས་ཀྱི་དགོངས་པར། འདི་ལ་རྩོད་པ་སློབ་མི་ཞིག་ཡོད་དམ་བསམ་ནས། ཙནྡྲ་གོ་མིའི་ཕྱི་བཞིན་བྱོན་པ་ན་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཡོད་པར་བཞུད། སྒོའི་ཕྱི་ནས་ཉན་པས། སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེས་སློབ་དཔོན་གྱིས་སློབ་མ་ལ་སྟོན་པ་བཞིན་ཆོས་གསུང་བ་གཟིགས་པས། འཕགས་པ་ལ་ཉེ་རིང་མི་མངའམ། ཞེས་སྒོ་ཕྱེ་བས་དེ་ཉིད་དུ་རྡོ་སྐུར་གྱུར་ཏེ། ཆོས་སློབ་བཞིན་པའི་ཕྱག་སོར་ཀེ་རེ་ལུས་པས་སྤྱན་རས་གཟིགས་མཛུབ་ཀེར་མར་གྲགས། དེ་སྐབས་ནས་རྩོད་པ་རང་ཞིའོ་ཞེས་བྱུང་ངོ་། །དེ་ལྟར་རང་སྟོང་དང་གཞན་སྟོང་གི་གྲུབ་པའི་མཐའ་མི་གཅིག་པ་དུ་མ་བྱུང་བ་དེ་དག་ཕྱོགས་གཅིག་དག་ལ་ཕྱོགས་གཅིག་མ་དག་ཅེས་སྐུར་པ་གདབ་ཏུ་མི་རུང་སྟེ། འགྲོ་བ་བློ་མཐོ་དམན་ལ་ལྟོས་ནས་དེ་དང་དེ་འདུལ་བའི་ཐབས་སུ་སྟོན་པ་ཡིན་པ་དང་། སློབ་དཔོན་དེ་དག་ཀྱང་འཕགས་པ་ཁོ་ནར་ཟད་པས། བྱིས་པས་འཕགས་པའི་སྤྱོད་ཡུལ་ལ་སྒྲོ་སྐུར་བཏབ་པར་མི་བྱ་སྟེ་འགྲོ་བ་འདུལ་བའི་སངས་རྒྱས་ཀྱི་ཕྲིན་ལས་པ་ཡིན་པའི་ཕྱིར་ཏེ། དེའང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་འགྲོ་བ་ཐམས་ཅད་ལ་དངོས་སུ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་དེ་བཞིན་གཤེགས་པ་བས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག ཅེས་དང་། ཡོན་ཏན་རིན་ཆེན་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་ཅིང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བསྐྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ངེས་པའི་དོན་དུ་ནི་འདི་ལྟར་ཡིན་ཏེ། བཀའ་འཁོར་ལོ་དང་པོར་ནི་ལས་དང་པོ་པ་དང་། དབང་པོ་དམན་པ་རྣམས་ལ་དགོངས་ནས་བདེན་བཞི་སྤང་གཉེན་དུ་བྱ་བས་འཁོར་བ་ལས་བཟློག་པའི་ཕྱིར་སྤང་བྱ་ལས་རྣམ་པར་གྲོལ་བའི་ཐབས་
སོ། །བར་པར་ཡོངས་སུ་སྦྱོང་བ་བྱས་པ་དང་། དབང་པོ་འབྲིང་པོ་ལ་དགོངས་ནས་གཉེན་པོར་འཛིན་པའི་འཆིང་བ་ལས་གྲོལ་བའི་ཐབས་སུ་སྒྱུ་མའི་དཔེ་བརྒྱད་དང་ནམ་མཁའ་ལྟ་བུའི་སྟོང་པ་ཉི ད་བསྟན་ཏེ། ཐ་མར་མཐར་ཕྱིན་པ་དང་དབང་པོ་རྣོན་པོའི་ངོར་ཤེས་བྱའི་གཤིས་ཇི་ལྟར་གནས་པ་དེ་ལྟར་གསུངས་པ་ཡིན་ནོ། །དེ་ལ་འདིར་བཀའ་ཐ་མ་ངེས་པ་དོན་གྱི་མདོ་སྡེ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་སྟོན་པ་ནི། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། དཔལ་ཕྲེང་སེང་གེའི་ང་རོ་སྒྲས་ཞུས་པའི་མདོ་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་དང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་དང་། མིའུ་ཐུང་སོར་ཕྲེང་ཅན་གྱི་མདོ་དང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། བྱམས་པས་ཞུས་པའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་རྣམས་ཡིན་ཏེ། དེ་དག་ལས་སེམས་ཅན་ཐམས་ཅད་ལ་ཡེ་ནས་གནས་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པའི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཡེ་ནས་གནས་པ་འགྱུར་བ་མེད་པ། དེའི་སྣང་ཆ་ལས་གཟུགས་སྐུ་མཚན་དང་དཔེ་བྱད་ཀྱི་འབྱུང་ཁུངས་དང་། སྟོང་ཆ་ལས་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ཉིད། ཡོན་ཏན་ལྷུན་གྱིས་གྲུབ་པས་ནོར་བུ་དང་། གཞན་དུ་མི་འགྱུར་བས་ནམ་མཁའ་དང་། སེམས་ཅན་ཐམས་ཅད་ལ་རླན་ཞིང་ཁྱབ་པས་ཆུ་དག་པའི་དཔེས་བསྟན་ཏེ། རྒྱུད་བླ་མ་ལས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཅེས་སོ། །དེ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སོ། །དེའང་སྔར་སེམས་ཅན་པའི་དུས་ན་མེད་པའི་ཡོན་ཏན་ཕྱིས་གསར་དུ་བསྐྱེད་པར་འདོད་པ་ནི་མ་ཡིན་ཏེ། འཕོ་འགྱུར་མེད་པའི་ཕྱིར་ཏེ།
སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་སོ། །དེ་ཡང་དཔེ་དགུས་ཉོན་མོངས་པའི་སྦུབས་ན་གནས་པར་བསྟན་པ་ནི། རྒྱུད་བླ་མ་ལས། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུད་དང་། །གོས་རུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ། །གཞན་ཡང་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ལ་གྱད་གཅིག་ཡོད་པའི་དཔྲལ་བ་ན་རྡོ་རྗེའི་ནོར་བུ་གཅིག་ཡོད་པ་གྱད་གཞན་དང་སྟོབས་བཀྱེ་བ་ལས། གྱད་ཕ་རོལ་པོས་མགོས་རེག་སྟེ། དཔྲལ་བའི་ནོར་བུ་དེ་ཤའི་ནང་དུ་ནུབ་ཀྱང་ནོར་བུ་གར་སོང་བ་མི་ཤེས་སོ། །རྨ་བྱུང་བའི་ཕྱིར་སྨན་པ་བོས་ནས་སྨན་པ་ཤིན་ཏུ་མཁས་པས་ནི། ནོར་བུ་ཤའི་ནང་དུ་སོང་བའ་ཕྱིར་རྨ་བྱུང་བས་དེ་ལ་སྨན་མི་བྱེད་དེ། འདི་སྐད་དུ། ཀྱེ་སྟོབས་པོ་ཆེ་ཁྱོད་ཀྱི་དཔྲལ་བའི་ནོར་བུ་ག་རེ་ཞེས་ཟེར་རོ། །གྱད་དེ་དངངས་ནས་སྨན་པ་ལ་འདི་སྐད་དུ། བདག་གི་དཔྲལ་བའི་ནོར་བུ་གར་ཡང་མ་སོང་བའི་རིགས་ཏེ། དེ་མེད་ན་འདི་སྒྱུ་མ་མ་ཡིན་ནམ་སྙམ་སེམས་ཏེ་ཤིན་ཏུ་མྱ་ངན་བྱེད་དོ། །དེ་ནས་སྨན་པ་དེས་ཀྱང་། དེའི་སྤྲོ་བ་བསྐྱེད་ནས། ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག ཁྱོད་སྟོབས་བཀྱེ་བ་ན་ནོར་བུ་ཤའི་ནང་དུ་ནུབ་སྟེ། གཟུགས་བརྙན་ཙམ་ཕྱི་རོལ་དུ་སྣང་ངོ་། །ཁྱོད་སྟོབས་བཀྱེ་བ་ན་ཞེ་སྡང་སྐྱེས་ཏེ། ནོར་བུའི་མཐུས་ཤའི་ནང་དུ་ནུབ་ཀྱང་མ་ཚོར་བ་ཡིན་ནོ། །དེ་སྐད་དུ་སྨྲས་ཀྱང་ཡིད་མ་ཆེས་ནས། འདི་སྐད་དུ། སྨན་པ་ཁྱོད་རྫུན་མ་ཟེར་ཅིག ཅི་སྟེ་ཤའི་ནང་དུ་ནུབ་ན་རྣག་ཁྲག་ཤིན་ཏུ་བཙོག་པ་ཡིན་པས་ཕྱིར་འབྱུང་བའི་རིགས་སོ། །ཅི་སྟེ་ཆུ་བའི་
ནང་དུ་སོང་ན་ནི་ཁྱོད་ཀྱིས་ཀྱང་མཐོང་བའི་མི་རིགས་སོ། །དེ་ནས་སྨན་པས་མེ་ལོང་བལྟར་བཅུག་ནས་མེ་ལོང་གི་ནང་དུ་ནོར་བུ་ཡང་གསལ་བར་སྣང་བར་གྱུར་ཏོ། །གྱད་དེས་དེ་ལྟར་གྱུར་པ་མཐོང་ནས་ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་སོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བསྐུར་མ་བྱས་པས་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མཐོང་བར་མི་ནུས་སོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ་ཟིལ་གྱིས་ནོན་པ་འགྲོ་བ་ཐ་དད་པ་མང་པོར་འཁོར་ཞིང་སྡུག་བསྔལ་བར་གྱུར་ཏོ། །ཞེས་པ་ནས། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ། །ཞེས་པའི་བར་ཚུལ་དུ་མས་གསུངས་སོ། །དེ་ལྟར་རང་གནས་ཀྱི་ཡེ་ཤེས་དེ་ཉིད་རྟོགས་པའི་ཐབས་ལ་རྒྱལ་བས་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ཚུལ་དཔེ་དོན་སྒོ་ནས་སྟོན་པ་ནི། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་བུད་མེད་བུ་ཆུང་ངུ་ཁ་མྱག་གསོ་བ་ཞིག་གལ་ཏེ་ནད་ཀྱིས་བཏབ་ན། བུད་མེད་དེ་ཤིན་ཏུ་མྱ་ངན་གྱིས་གདུངས་ཏེ་སྨན་པ་འཚོལ་ལོ། །དེ་ལ་སྨན་པས་སྨན་མར་དང་འོ་མ་དང་། ཤ་ཁ་ར་གསུམ་དུ་སྦྱར་ཏེ་བུ་ལ་བླུད་ནས། བུད་མེད་ལ་འདི་སྐད་ཅེས་བསྒོའོ། །བུ་འདི་སྨན་བཏང་གིས་རེ་ཞིག་སྨན་མ་ཞུའི་བར་དུ་ནུ་ཞོ་བླུད་དུ་མི་རུང་ངོ་ཞེས་བསྒོའོ། །དེ་ནས་བུད་མེད་དེས་ནུ་ཞོ་མ་བསྣུན་པའི་ཕྱིར་ནུ་མ་ལ་མཁྲིས་པས་བྱུགས་ནས། བུ་ལ་ཁོ་མོའ་ནུ་མ་དུག་གིས་བསྐུས་ཏེ་ནུར་མི་རུང་ངོ་ཞེས་ཟེར་རོ། །བུ་དེ་སྐོམ་གྱིས་གདུངས་ཏེ། ནུ་མ་ནུ་འདོད་ཀྱང་ཁ་བའི་རོ་ཚོར་མ་ཐག་ཏུ་ནུར་མི་བཏུབ་བོ། །སྨན་ཞུ་ནས་བུད་མེད་ཀྱིས་ནུ་མ་དག་པར་བཀྲུས་ཏེ། འདི་སྐད་དུ་བུ་ཚུར་ཤོག ད་ནུ་མ་ནུར་གཞུག་གོ །ཞེས་སྨྲས་ན། ཁྱེའུ་དེ་སྐོམ་གྱིས་གདུངས་ཀྱང་། སྔར་ཁ་བའི་རོ་མྱོང་བས་བོས་ཀྱང་འོང་དུ་མི་གཏུབ་བོ། །དེ་ལ་ཡང་མས་འདི་སྐད་དུ་བསྒོའོ། །ཁྱེད་སྔར་སྨན་འཐུངས་ཏེ་སྨན་མ་ཞུ་བའི་བར་དུ་ནུ་མ་བླུད་དུ་མི་རུང་བས། ཁོ་མོས་དུག་གིས་བསྐུས་པ་ཡིན་གྱིས། ད་ཁྱོད་ཀྱི་སྨན་ཡང་ཞུ་ལ། ཁ་བ་ཡང་
བཀྲུས་ཀྱིས་ད་ནི་ཁ་བའི་རོ་མེད་དོ། །ཞེས་སྨྲས་ན། གདོད་བག་ཀྱིས་ཉེ་སྟེ་འཐུང་དུ་གཏུབ་བོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཡང་དེ་བཞིན་དུ་སེམས་ཅན་བསྒྲལ་བའི་ཕྱིར། སེམས་ཅན་ཐམས་ཅད་བདག་མེད་པའི་ཆོས་ལ་ནན་ཏན་བྱེད་པ་སྟོན་ཏོ། །དེ་ལ་ནན་ཏན་བྱས་པས་བདག་ཅེས་བྱ་བའི་སེམས་མེད་དེ། ཡོངས་སུ་མྱ་ངན་ལས་བཟླའོ། །དེ་ལ་ཡང་འཇིག་རྟེན་རྒྱང་འཕེན་པའི་ངན་པར་ལྟ་བ་བསལ་བའི་ཕྱིར། འཇིག་རྟེན་རྒྱང་འཕེན་པའི་ཆོས་ལས་འདས་པ་བསྟན་པའི་ཕྱིར་གཞན་ཡང་འཇིག་རྟེན་རྒྱང་འཕེན་པ་དག་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པར་བསྟན་པའི་ཕྱིར་བདག་མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འགྱུར་བའི་ཕྱིར། ཇི་ལྟར་བུད་མེད་དེས་བུའི་ཕྱིར་མཁྲིས་པས་ནུ་མ་བསྐུས་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྟོང་པ་ཉིད་བསྒོམས་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་ཅེས་གསུངས་སོ། །ཇི་ལྟར་བུད་མེད་དེས་ནུ་མ་ཕྱིར་བཀྲུས་ནས་བུ་བོས་ཏེ། ནུ་ཞོ་བླུད་དོ་ཞེས་བྱ་བ་བཞིན་དུ། ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཡང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་ཀྱང་མ་སྐྲག་པར། ཇི་ལྟ་བུ་དེ་ལ་མས་བོས་ཏེ། ནུ་ཞོ་བགས་ཀྱིས་འཐུངས་པ་བཞིན་དུ། དགེ་སློང་ཁྱོད་ཀྱང་བྱེ་བྲག་ཕྱེད་པར་གྱིས་ཤིག དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ། །ངས་སྔོན་ཕ་རོལ་ཏུ་ཕྱིན་པའི་མདོ་བརྗོད་པ་དག་ལས། སྟོང་པ་ཉིད་དུ་བསྟན་པ་དེ་ཡང་། རང་བཞིན་མེད་པ་ཙམ་ལ་དགོངས་ཏེ་གསུངས་པར་རིག་པར་གྱིས་ཤིག གཞན་དུ་ན་ཅི་ཡང་མེད་པའི་སྟོང་པ་ཉིད་བསྒོམས་པ་ལས་ནི། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱང་འབྱུང་བར་མི་འགྱུར་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པ་བཞིན་ནོ། །ཞེས་སོ། །འདི་ཉིད་ངེས་དོན་མཐར་ཐུག་ཡིན་པ་ཅིས་ཤེས་ཤེ་ན། སྟོན་པ་མྱ་ངན་ལས་འདས་པའི་ཁར་སོ་སོའ་སྐད་དང་མཐུན་པར་གསུང་གཅིག་གིས་ང་མྱ་ངན་ལས་འདའ་ཡི་སུ་དག་ཐེ་ཚོམ་དང་སོམ་ཉི་ཡོད་ན་ནངས་ཀྱི་ཐ་མ་འདིར་ཞུས་ཤིག་ཅེས་པའི་སྒྲ་ཆེན་པོས་སྲིད་རྩེའི་བར་དུ་ཁྱབ་པར་མཛད་ཅིང་ཞལ་གྱི་སྒོ་ལས་འོད་ཟེར་གྱིས་ཕྱོགས་བཅུའི་སེམས་ཅན་ཀུན་ལ་རེག་པས་སྡུག་བསྔལ་ཞི་བ་སོགས་མཛད་ཚེ།
ཀུན་དགའ་བོ་ལ་སོགས་པ་རྣམས་ཀྱིས་ཞུས་པར་སངས་རྒྱས་ཀྱི་རང་བཞིན་ལམ་དབུ་མ་སྟོན་པ་མདོ་སྡེ་མྱང་འདས་གསུངས་ནས། དེང་ཕན་ཆད་མདོ་སྡེའི་མཐའ་ལ་འཇུག་པར་བྱ་ཡི། གང་ཟག་ལ་འཇུག་པ་མ་ཡིན་ནོ། །མདོ་དང་མཐུན། འདུལ་བ་ལ་གནས་ཤིང་། ཆོས་ཉིད་དང་མི་འགལ་ན་དེ་ལ་གུས་པར་ཟུངས་ཤིག དེ་ལས་ལྡོག་ན་དེ་ནི་ཆོས་མ་ཡིན་པར་ཟུངས་ཤིག་ཅེས་ཞལ་གདམས་སུ་སྩལ་བ་ཡིན་ནོ། །མདོ་སྡེ་དགོངས་པ་ངེས་འགྲེལ་ལས་ཀྱང་། འཁོར་ལོ་དང་པོ་གཉིས་ཀྱི་སྐབས་སུ། འཁོར་ལོ་བསྐོར་བ་འདི་ཡང་བླ་ན་མཆིས་པ་སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །ཞེས་དང་། གསུམ་པའི་སྐབས་སུ། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིའི་གནས་སུ་མ་གྱུར་ལགས་པའོ་ཞེས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། དེ་ལྟར་ན་གོང་དུ་དབུ་མ་ཡང་དག་ཉིད་མ་རྟོགས་པར་བཤད་པ་དང་འགལ་ཞིང་། མདོ་སྔགས་གཉིས་མཐར་ཐུག་གི་ལྟ་བའང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དེའི་ལན་ནི། མདོའ་ཐེག་པར་སྒྲིབ་པ་ཤིན་ཏུ་ཕྲ་བ་ནང་དུ་དཀར་དམར་རླུང་གསུམ་འགྲོགས་པས་ཤེས་པ་གཉིས་སྣང་འཁོར་བའི་ཆོས་སུ་ཤར་བར་བྱེད་པ་དོན་ལ་དག་བྱེད་གཉེན་པོ་ལ་ཞེན་པའི་སྙོམས་འཇུག་གི་སྒྲིབ་པ་ཤིན་ཏུ་ཕྲ་བ་དེ་སྔགས་ཀྱི་ཐེག་པ་ཁོ་ནས་སྦྱོང་དགོས་ཤིང་། དེ་སྦྱོང་བྱེད་ཀྱི་:སྙིང་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་མོད་ཀྱང་དེ་ནི་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་དཀར་ཆ་དག་པ་སྐུ་རྡོ་རྗེ། དམར་ཆ་དག་པ་གསུང་རྡོ་རྗེ། ཤེས་རིག་དག་པ་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་གསུམ་གྱི་ངོ་བོར་བྱང་ཆུབ་པར་བྱེད་པའི་ལམ་དེ་ཡིན་ཡང་། མདོ་ལམ་དུ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཞེས་པ་ལས་དེ་ཇི་ལྟར་ཡིན་མ་བཤད་པ་དང་། གོང་གི་ལྟ་བའི་སྟེང་དུ་ལྷན་ཅིག་སྐྱེས་པའི་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་དེ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་པར་དེ་གཉིས་མ་བཤད་པས་ཁྱད་པར་བྱས་པ་སྟེ། རྡོ་རྗེ་མེ་ལོང་ལས། རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་
གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དུས་འཁོར་ལས། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་སྔགས་ཀྱི་ཐེག་པར་བརྟེན། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྔགས་ཀྱི་ལྟ་བའི་ངོ་བོའམ་མཚན་ཉིད་ནི། མཐའ་གང་དུ་ཡང་མ་རེག་པའི་སེམས་ཉིད་ཡེ་ནས་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་ཤར་བའི་ལྷག་པ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་སྟེ། རྣམ་བཀོད་ལས། ལྷག་པའི་རྣམ་གཉིས་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་ཡུལ་ལས་འདས། །ཞེས་སོ། །གསུམ་པ་སྒྲ་དོན་ནི། དྲྀཥྚའི་སྒྲ་ལས་ལྟ་བ་སྟེ། གནས་ལུགས་དང་རྗེས་སུ་མཐུན་པའི་བདེན་དོན། མཐོང་བས་གདེངས་སུ་གྱུར་པའི་ཤེས་རབ་བོ། །རྒྱས་པ་ལས། ལྟ་དང་ལྟ་བ་བྱར་མེད་དེ། །ཡེ་ཤེས་སྒྲོན་མེ་སྒྲེང་བས་ནི། །ཕྱོགས་བཅུའི་ཞིང་ཁམས་མ་ལུས་མཐོང་། །ཞེས་སོ། །བཞི་པ་རྣམ་གྲངས་ལ། གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་དང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་ཚིགས་བཟུང་བ་གཉིས་ལས། དང་པོ་ནི། ལམ་རིམ་ལས། གཞི་དང་གཏན་ཚིགས་གྲུབ་པའི་དོན། །ཞེས་པས་ཆོས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་སྟེ། གང་གཞལ་བྱ་ཆོས་ཅན། གང་གིས་འཇལ་བྱེད་གཏན་ཚིག དེ་ལྟར་གཞལ་བའི་གྲུབ་མཐའོ། །དང་པོ་ལ་གཞལ་བྱ་དངོས། ཞར་ལ་དོགས་པ་བསལ་བ་དང་། རྩོད་པ་སྤང་བའོ། །དང་པོ་ནི། འདི་ཉིད་ལས། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་སོགས་དང་། ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་དང་། རྣམ་བཀོད་ལས། བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་སོ། །གཉིས་པ་ལ། གཞལ་བྱ་མེད་པའི་དང་། གཞལ་གྱིས་མི་ལོང་བའི་དོགས་པ་གཉིས་ལས། དང་པོ་ནི། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་གཞལ་བྱར་བྱས་ནས་འཇལ་བ་དེ། མྱང་འདས་འཇལ་ལམ། འཁོར་བ་འཇལ། དང་པོ་ལྟར་ན། འདས་པའི་རང་མཚན་ནི། ལས་དང་པོ་དང་། མོས་སྤྱོད་ཀྱི་རིག་ཤེས་ལ་ལྐོག་ཏུ་གྱུར་པའི་ཕྱིར། འོ་སྐོལ་རྣམས་ཀྱི་སྤྱོད་ཡུལ་མ་
ཡིན་པས་གཞལ་བྱར་མི་རུང་སྟེ། རྣམ་བཀོད་ལས། འདས་པ་སྤྱོད་ཡུལ་མ་གྱུར་ཕྱིར། །གཞལ་བྱའི་ཡུལ་དུ་ཇི་ལྟར་རིགས། །ཞེས་དང་། གལ་ཏེ་འདས་པའི་སྣང་བ་ལ། །འཇལ་ན་དང་པོའི་ལྐོག་ཏུ་གྱུར། །ཞེས་སོ། །དེར་ཞེན་པའི་སེམས་དེ་ལ་འཇལ་ལོ་ཞེ་ནའང་། མི་རིགས་ཏེ་མྱང་འདས་འཁྲུལ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་ཞེན་དུ་མི་རུང་ཞིང་། གལ་ཏེ་ཞེན་ན་སྒྲོ་བཏགས་འཁོར་བའི་ཆོས་སུ་འགྱུར་བས་འདས་པ་མ་ཡིན་ཏེ། སྔ་མ་ལས། སེམས་ལ་མྱ་ངན་འདས་ཞེན་པ། །དེ་ཉིད་འདས་པར་རུང་མ་ཡིན། །ཞེས་སོ། །གཉིས་པ་ལྟར་ན། འཁོར་བའི་རང་མཚན་སྣང་ཙམ་ཉིད་ལ་འཇལ་ལམ། {ཞེས་པ་}སྒྲོ་བཏགས་ཀྱི་ཤེས་པ་ལ་འཇལ། དང་པོ་མི་རིགས་ཏེ། ཨ་དེ་བས། ཇི་ལྟར་སྣང་ཉིད་དགག་མིན་ཏེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །འདིར་ནི་སྡུག་བསྔལ་རྒྱུར་འགྱུར་བའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་པས་རིགས་པས་དགག་པར་མི་ནུས་ཤིང་། བཀག་ན་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། ལམ་བསོད་ནམས་ཀྱི་ཚོགས་བཀག་པ་དང་། འབྲས་བུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །འོ་ན་གང་གཞལ་སྙམ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་རང་ཐད་རང་ཐད་ཀྱི་ཞེན་སྣང་ལ་འཇལ་ཏེ། རྣམ་བཀོད་ལས། དེ་ཤེས་ཤེས་པ་སྐད་ཅིག་མ། །དེ་ཡང་རང་ཐད་རང་ཐད་དཔྱད། །ཅེས་སོ། །དེ་ལྟར་ན་ཡིད་སོ་སོར་རྟོག་པའི་ཤེས་རབ་ཏུ་གནས་འགྱུར་བས་གཞལ་བྱ་མེད་དོ་ཞེ་ན། ཡིད་རྟོག་བཅས་བསམ་ཤེས་སུ་རེ་ཞིག་གནས་གྱུར་ཀྱང་ཞེན་པའི་ངོ་བོ་མ་དག་པས་ཀུན་བཏགས་སྐྱེ་རུང་དང་། ཞེན་སྣང་འབྱུང་རུང་དུ་ཡོད་པའི་ཕྱིར། དེའི་སྐྱོན་མེད་དེ། ཡིད་རྟོག་བཅས་ཀྱི་ཤེས་པ་རྩ་བ་ནས་འགག་པར་བྱེད་པའི་གཉེན་པོ་ཤེས་རབ་ཡིན་ལ། དེ་ད་དུང་རྒྱུད་ལ་མ་བསྟེན་པའི་ཕྱིར་ཏེ། རྣམ་བཀོད་ལས། གལ་ཏེ་ཡིད་འགྱུར་ཞེན་པ་ཡང་། །སྐད་ཅིག་མཉམ་པར་འགག་པས་མེད། །དེ་ཚེ་བརྟགས་གཞི་ཡོད་མི་རུང་། །དོགས་ན་ཞེན་པའི་ཡུལ་རྣམས་ནི། །གཏན་དུ་དག་པ་མ་ཡིན་ཕྱིར། །སོ་སོར་སྤྱོད་ཀྱང་ཞེན་ཡུལ་མཐོང་། །ཞེས་སོ། །དེ་ཡང་ཤེས་རྒྱུད་སྐད་ཅིག་གི་སྟེང་དུ་མངོན་འགྱུར་དུས་གཅིག་ཏུ་ཚོགས་ནས་འཇལ་བ་མ་ཡིན་གྱི་གཅིག་མངོན་གྱུར་
གྱི་ཚེ་གཅིག་བག་ལ་ཉལ་དུ་གནས་པའི་ཕྱིར། སྔ་མ་དང་ད་ལྟར། ད་ལྟ་དང་ཕྱི་མ་འཕྲད་པའི་ཚུལ་གྱིས་འཇལ་ཏེ། ད་ལྟར་གྱི་སྐད་ཅིག་མ་དང་པོ་ལ་འཕྲད་ཙམ། གཉིས་པ་ལ་མགོ་ནོན། གསུམ་པ་ལ་བསམ་ཤེས་རྫོགས་པར་སྐྱེས་པའི་ཚེ། སྔ་མའི་ཀུན་བཏགས་མངོན་གྱུར་ཅི་རིགས་སུ་འགག་ཅིང་། རྐྱེན་གཞན་གྱིས་དེའི་རྒྱུན་བརྗོད་པའི་སྐད་ཅིག་ཕྱི་མ་ལ་ཀུན་བཏགས་སྐྱེད་བཞིན་པ་སྟེ། ཡུལ་ཤེས་མ་འདྲེས་པའི་ཕྱིར་གཞལ་བྱ་མེད་པའི་སྐྱོན་མེད་དེ། རྣམ་བཀོད་ལས། གཞལ་བྱ་མེད་པར་དོགས་པ་ཡང་། །ཞེན་པ་ཤེས་པའི་ཕྱི་ཡུལ་ཡིན། །སྐད་ཅིག་གནས་འགྱུར་ཤེས་ཉིད་དོ། །དེ་བས་ཡུལ་སེམས་མ་འདྲེས་ཕྱིར། །ཞེན་སྣང་འཇལ་ལ་སྐྱོན་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །མདོར་ན། འཁོར་འདས་གཉིས་ཀྱི་རང་མཚན་ལ་མི་འཇལ་གྱི། འཁོར་བ་ཕྱི་ནང་སྣོད་བཅུད་དུ་ཞེན་པ་དང་། མྱང་འདས་སྐུ་དང་ཡེ་ཤེས་སུ་ཞེན་པའི་ཞེན་བྱེད་ཀྱི་བློ་ཉིད་གཞལ་བྱ་སྟེ། རྣམ་བཀོད་ལས། ངེས་པར་བཞག་པའི་གཞལ་བྱ་ནི། །འཁོར་དང་མྱ་ངན་འདས་པ་ཡི། །རང་གི་མཚན་ཉིད་མི་འདོད་དེ། །དེ་ལྟར་ནང་ན་ཞེན་པ་ཡི། །ཕྱི་རོལ་མེད་ལ་ཡོད་པར་སྣང་། །ཞེན་དང་སྣང་བ་གཉིས་ལ་བརྟེན། །ཅེས་སོ། །བཞི་པ་རྩོད་སྤང་ནི། འོ་ན་སོ་སོར་རྟོག་པའི་བསམ་པའི་ཤེས་རབ་དེ་འཁྲུལ་ཤེས་སུ་ཐལ། འཁོར་བ་པའི་ཤེས་པ་ཡིན་པའི་ཕྱིར་ཞེ་ན། ལན་ནི། སོ་སོར་རྟོག་པའི་ཤེས་རབ་ཆོས་ཅན། ཁྱོད་ཀྱིས་དོན་གཏན་ལ་མི་ཕེབས་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བསམ་ཤེས་སྐྱེས་པ་དོན་མེད་དུ་ཐལ་ལོ། །དེ་ལ་ཁོ་ན་རེ། མ་འཁྲུལ་པའི་ཕྱིར་འབད་མེད་དུ་གྲོལ་བར་ཐལ་ཟེར་ན། འཁྲུལ་མ་འཁྲུལ་གནས་སྐབས་ལ་འཇོག་སྟེ་དབང་པོའི་མངོན་སུམ་བཞིན་ནོ། །འཇལ་བྱེད་གཏན་ཚིགས་ལ། གོ་དོན་དང་། གཏན་ལ་དབབ་པའོ། །དང་པོ་ནི། བསྒྲུབ་བྱའི་དོན་ཤེས་པར་བྱེད་པའི་ཐབས་རྩོད་གཞི་ལ་བཀོད་ནས་དགག་སྒྲུབ་གཉིས་སུ་བྱེད་པའི་ལས་ཅན་ཏེ། ལམ་རིམ་ལས། དེ་ཕྱིར་གཏན་ཚིགས་ལས་ལ་བརྗོད། །ཅེས་སོ། །གཉིས་པ་ནི། དེ་ཉིད་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག ། ཅེས་པས་གསུམ་སྟེ། སྔོན་བྱུང་དངོས་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔ་དང་། ཚིག་
ལྔའི་གཏན་ཚིགས་སོ། །དང་པོ་ནི། སྔོན་བྱུང་དུ་སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལྔ་ལ་གསུང་ལྔའི་སྒོ་ནས་ཆོས་ཉིད་ཀྱི་དོན་དངོས་སུ་གཏན་ལ་ཕབ་པ་ནི་དངོས་ལྔའི་གཏན་ཚིགས་ཏེ། དེ་ཉིད་ལས། ཡང་དག་རྫོགས་སངས་རྒྱས་སྟོན་པ། །སྐུ་ལྔས་འདུལ་བའི་འཁོར་རྣམས་ལ། །གསུང་ལྔ་བསྟན་པ་དེ་ཁོ་ན། །གཏན་ལ་འབེབས་ཤིང་འཇལ་བྱེད་པའོ། །ཞེས་སོ། །གཏན་ཚིགས་འདི་ནི་རྗེས་འཇུག་ལ་ལྟོས་པ་སྟེ། སྔོན་བྱུང་ལ་ལྟོས་ན་གཏན་ཚིགས་དངོས་མ་ཡིན་པར་ཤེས་དགོས་སོ། །གཉིས་པ་ནི། དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་གྲགས་འདི་དག་གིས་མཚོན་ནས་སྔོན་བྱུང་དུ་དངོས་ལྔས་གཏན་ལ་ཕབ་པའི་སྐུ་ལྔའི་གསུང་གི་ཚུལ་དུ་རྟོགས་པར་བྱེད་པ་ནི་ཚུལ་ལྔའི་གཏན་ཚིགས་ཏེ། དེ་ཉིད་ལས། རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །དེས་ལུང་ཡིན་ཕྱིར་ཆོས་ཚུལ་སྟོན། །བརྗོད་དང་འདྲ་བར་བརྡའ་སྤྲོད་པས། །ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། །མ་འོངས་དོན་དུ་གཏན་ཚིགས་ངེས། །ཞེས་སོ། །གསུམ་པ་ནི། སྔར་གྱི་ཚུལ་ལྔ་པོ་ཉིད་ཚིག་ཏུ་དངོས་སུ་བརྗོད་པ་ནི་ཚིག་ལྔའི་གཏན་ཚིགས་སོ། །དེ་ཡང་། ཆོས་སྐུའི་ཚིག་ནི་སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་སོ། །དེ་བཞིན་དུ་ལོངས་སྐུའི་ལྡེམ་དགོངས་བརྡའི། སྤྲུལ་སྐུའི་བཀྲི་དྲང་བརྒྱུད་པའི། རྡོ་རྗེའི་སྐུའི་དབྱེར་མེད་རྡོ་རྗེའི། མངོན་བྱང་གི་ཡེ་ཤེས་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་ཏེ། ལམ་རིམ་ལས། ངོ་བོ་སྣང་ཚིག་རང་སྣང་ཚིག །ལྡེམ་དགོངས་ཚིག་དང་བཀྲི་དྲང་ཚིག །འདོད་རྐྱེན་ཚིག་དང་རྡོ་རྗེའི་ཚིག ། རང་རིག་མངོན་གསལ་ཚིག་གིས་མཚོན། །ཞེས་སོ། །དེ་ཡང་བསྡུ་ན། དཔྱད་དུ་མེད་པས་གོ་བ་དང་། ཡོད་པས་གོ་བའོ། །དང་པོ་ནི། སྐུ་བཞིའི་གཏན་ཚིགས་ཏེ། བརྟག་དཔྱད་ལ་མ་ལྟོས་པར་དོན་གོ་བའི་ཕྱིར་རོ། །གཉིས་པ་ནི། སྤྲུལ་སྐུའི་གཏན་ཚིགས་ཏེ་བརྟག་དཔྱད་ལ་བརྟེན་ནས་དོན་གོ་བའི་ཕྱིར་རོ། །དེ་ལ་དབྱེ་ན། ཚད་མ་བཀའ་གཞུང་དང་། སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་གཉིས། དང་པོ་ལའང་རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི། དང་པོ་ནི། འདི་ཉིད་ལས།
རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡི། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་རྟོགས་པ་བཞི་ལས། རྒྱུ་གཅིག་པ་ནི་འཁོར་འདས་གཉིས་ཆོས་ཅན། རྒྱུ་གཅིག་པ་ཡིན་ཏེ། སེམས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པའི་ཕྱིར། དཔེར་ན་རྒྱལ་བུ་དྭའུ་དམངས་སུ་འཛིན་པའི་སྒྲོ་འདོགས་དང་རྒྱལ་པོར་ངེས་པའི་ཚད་མ་གཉིས་ངོ་བོ་རྒྱལ་བུར་གཅིག་པ་བཞིན་ནོ། །དེའང་རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་སོ། །གཉིས་པ་ཡིག་འབྲུའི་ཚུལ་ནི། སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་བྱེད་ཡི་གེས་མཚོན་ནས་རྟོགས་པའི་ཕྱིར། དཔེར་ན་མཛུབ་མོས་རི་བོང་ཅན་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་སོ། །གསུམ་པ་བྱིན་གྱིས་བརླབས་པའི་ཚུལ་ནི། སྣང་སྟོང་གཉིས་ཆོས་ཅན། དབྱེར་མེད་པ་ཡིན་ཏེ། དེ་གཉིས་དངོས་སུ་རྟོགས་པའི་མཐུས་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པར་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུང་བའི་ཕྱིར། དཔེར་ན་རས་དཀར་པོ་དམར་པོར་བསྒྱུར་བའི་ནུས་པ་བཙོད་ལ་ཡོད་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། དེ་ཉིད་དབྱེར་མེད་བྱིན་རླབས་ལས། །དེ་ཉིད་དེ་ཡི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་སོ། །མངོན་སུམ་པ་ནི། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པའི་ཕྱིར། དཔེར་ན་མིག་སྐྱོན་མེད་པས་དུང་དཀར་པོར་མངོན་སུམ་དུ་མཐོང་བ་དེ་དེའི་གནས་ལུགས་ཡིན་པ་བཞིན་ནོ། །དེ་ཡང་རྒྱ་མཚོ་ལས། རང་སྣང་རང་བྱུང་ཆོས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་དང་། རྔམ་གློག་ལས། གཞན་ལ་
མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་སོ། །དེའང་སྤྱིར་མངོན་སུམ་ལ་བཞི་ཡོད་ཀྱང་འདི་རང་རིག་མངོན་སུམ་མོ། །གཉིས་པ་དག་པ་གསུམ་གྱི་གཏན་ཚིགས་ནི། །འདི་ལྟར་སྣང་བ་ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར་ཏེ། སྣོད་འབྱུང་བ་ལྔ་ཡུམ་ལྔར། བཅུད་ཕུང་པོ་ལྔ་ཡབ་ལྔར། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་ཕྱིར། དེའང་འདི་ཉིད་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་སོ། །གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། འདི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ལྷག་པའི་ཆོས་ཀྱི་སྐུར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར། བཞི་པ་ནི། རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀ་སྐྱེ་མེད་དང་། ཡང་ལོག་གི་ཀུན་རྫོབ་གཉིས་ཀ་སྒྱུ་མར་མཉམ་པ་ནི། ཐུན་མོང་གི་མཉམ་པ་གཉིས་སོ། །ལྷག་པའི་མཉམ་པ་གཉིས་ནི། མེད་དགག་དང་མ་ཡིན་དགག་གི་སྟོང་ཉིད་གཉིས་ཀ་དོན་དམ་དཀོར་བདུན་ཆོས་ཀྱི་སྐུ་དང་། མ་དག་པ་ལས་སྣང་དང་དག་པ་ལྷར་སྣང་གི་ཀུན་རྫོབ་གཉིས་ཀའང་གཟུགས་སྐུ་ལྷའི་དཀྱིལ་འཁོར་དུ་མཉམ་པས་ལྷག་པ་སྟེ། འདི་ཉིད་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱི། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་སོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། སྣང་ལུགས་ནས་དུ་མར་སྣང་ཡང་ཡིན་ལུགས་ནས་གཞལ་ན་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར། དཔེར་ན་ཕ་མེས་ཀྱི་ལོ་རྒྱུས་བརྗོད་པས་སོ་སོའ་རིགས་རྒྱུད་ཤེས་པ་བཞིན་ནོ། །དེའང་རྣམ་བཀོད་ལས། སྣང་བ་འདི་ཀུན་རང་རང་གི །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །གཉིིས་པ་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་ནི། ཚིག་མདོ་སྔགས་ཐུན་མོང་དུ་གྲགས་ཤིང་། དོན་འདི་ཉིད་ལྟར་གཏན་ལ་འབེབས་པའོ། །གསུམ་པ་གྲུབ་མཐའ་ལ། རྟོགས་པའི་ཚད། སྐབས་འཕྲོས་
ཀྱི་རྩོད་པ་སྤོང་བའོ། །དང་པོ་ནི། དྲི་མ་མེད་པའི་ཤེས་རབ་གསུམ་གྱིས་ཡོད་མེད་ལ་སོགས་པའི་སྒྲོ་སྐུ ར་གྱི་མཐར་མ་རེག་པར་བཙལ་བ་ལས་རྟོགས་པ་སྟེ། ལམ་རིམ་ལས། ཡོད་ལས་བཙལ་ན་སྒྲོ་བཏགས་ཏེ། །སྒྲོ་འདོགས་བརྒྱད་དུ་ལྷུང་བར་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །སྐུར་པ་བཅུ་ཡི་གནས་སུ་ལྷུང་། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ཉིད་ལུང་དུ་མ་བསྟན་འགྱུར། །ཞེས་སོ། །གཉིས་པ་ནི། གྲུབ་པའི་མཐའི་ངོ་བོ་གནས་ལུགས་ཉིད་རང་གི་མཚན་ཉིད་དུ་རྟོགས་ནས་རིག་པ་ཡུལ་མེད་དུ་གསལ་བ་སྟེ། ལམ་རིམ་ལས། རྒྱ་མཚོ་དང་ནི་གཟུགས་བརྙན་ལྟར། །སྒྲ་བརྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟེན་པའི་ལྟ་མཐར་ཕྱིན། །ཞེས་སོ། །བཞི་པ་རྩོད་སྤོང་ནི། ལམ་ཞུགས་སུ་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཡོད་པ་ཐལ། དེར་ལྟ་བའི་རང་མཚན་མཐོང་བའི་ཕྱིར་ཏེ། སྒྲ་བརྟེན་ཡིད་ལ་བྱེད་མིན་པར། ཞེས་དང་། དེ་མ་རྟོགས་ན་མངོན་སུམ་པའི་གཏན་ཚིགས་ཀྱང་དོན་མེད་པར་འགྱུར་རོ་ཞེ་ན། དེ་ལ་མགོ་མཚུངས་དང་། བརྒལ་ལན་གཉིས་ལས། ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་པའི་ཚོགས་ལམ་དུ་འཇུག་ཁ་མའི་གང་ཟག་དེ་ཆོས་ཅན། ལམ་སྟོང་པ་ཆེན་པོ་མངོན་སུམ་དུ་རྟོགས་པར་ཐལ། ལྟ་བ་འཁོར་འདས་དབྱེར་མེད་དུ་ཐོས་བསམ་གྱིས་གཏན་ལ་ཕེབས་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་སྟོང་པ་ཆེན་པོ་ནི་ཚོགས་ལམ་དུ་འཇུག་མ་རག་པ་ཡིན་པའི་ཕྱིར་རོ། །བརྒལ་ལན་ནི། ཆོས་ཉིད་སྤྱིའི་རྣམ་པ་དོན་སྤྱིར་མཐོང་བ་ལ་འཇོག་གོ །ཡང་ཁ་ཅིག་ཆོས་ཉིད་རང་མཚན་དེ་ཟག་བཅས་སུ་རང་རིག་མངོན་སུམ་དང་། ཟག་མེད་དུ་རྣལ་འབྱོར་མངོན་སུམ་གྱིས་མཐོང་ངོ་ཞེས་ཟེར་བའང་སྔར་གྱི་སྐྱོན་འབབ་བོ། །གསུམ་པ་རྣམ་གྲངས་རྣམ་པར་ཕྱེ་བ་ལ། ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྟ་གྲངས་དང་། བསྲུང་བྱ་རྒྱུད་དོན་གྱི་ལྟ་གྲངས་སོ། །དང་པོ་ནི། ཁྱབ་བྱ་ལམ་ཀུན་ལ་ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར་ལམ་གྱི་ལྟ་གྲངས་དགུ་སྟེ། ལམ་རིམ་ལས། མཉམ་ཉིད་ངང་ལས་མི་སྐྲག་པས། །མངོན་བྱས་ངེས་པའི་ཤེས་
རབ་དང་། །རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་ལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། །དབང་བསྐུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་དགུ། །ཞེས་སོ། །གཉིས་པ་ནི། རྒྱུད་ཀྱི་དངོས་པོ་རྣམས་ལ། ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར། རྒྱུད་དོན་གྱི་ལྟ་གྲངས་དགུ་སྟེ། དེ་ཉིད་ལས། རྒྱུད་དོན་གཟུངས་ཀྱིས་ཟིན་པ་ནི། །དམ་ཚིག་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་པ་ལ་སོགས་པའོ། །ལྔ་པ་མ་རྟོགས་པའི་སྐྱོན་ལ། སངས་རྒྱས་ཀྱི་ཞིང་འཁོར་བའི་གནས་སུ་མཐོང་བའི་དང་། དགེ་བའི་ལས་ལ་སྤྱད་ཀྱང་འཁོར་བ་ལས་མི་གྲོལ་བའི་སྐྱོན་ནོ། །དང་པོ་ནི། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་རྟག་སྤྱད་ཀྱང་། །མཐོ་རིས་ལྷ་དང་མིར་སྐྱེ་ཡི། །སྐྱེ་ཤི་མེད་པའི་ས་མི་འཐོབ། །ཅེས་སོ། །དྲུག་པ་རྟོགས་པའི་ཡོན་ཏན་ལ། ངན་སོང་གི་གནས་སངས་རྒྱས་ཀྱི་ཞིང་དུ་མཐོང་བའི་དང་། ལས་ཅི་ལ་སྤྱད་ཀྱང་མི་འཆིང་བའི་དང་། འཁོར་བར་མི་ལྡོག་ཅིང་འཚང་རྒྱ་བའི་ཡོན་ཏན་ནོ། །དང་པོ་ནི། རྒྱས་པ་ལས། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་སོ། །གཉིས་པ་ནི། འདི་ཉིད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །གསུམ་པ་ནི། ལམ་རིམ་ལས། གང་ཞིག་འདི་ལྟར་མཐོང་རྟོགས་པ། །དངོས་གྲུབ་མཆོག་གི་སྙིང་པོ་དེ། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ། དང་པོ་དོན་རྟོགས་མཐའ་མི་གཏོང་། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་གསུངས་སོ། །གཉིས་པ་ཟིན་ཆགས་མེད་པའི་སྤྱོད་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་སྒྲིབ་པ་འབྱང་ཞིང་བག་ཆགས་འདག དོན་གཉེར་ཚོགས་རྫོགས་ཤིང་ལྟ་སྒོམ་གྱི་བོགས་
འབྱིན་པར་བྱེད་པ་སྟེ། ཁོག་གཞུང་ལས། དེ་ཡང་བདག་གཞན་དོན་ཕྱིར་དུ། །ལམ་རྗེས་མཐུན་པའི་སྤྱོད་པ་ཡང་། །སྐབས་ཀྱི་ཏིང་འཛིན་སྟོངས་ཕྱིར་སྤྱད། །ཅེས་སོ། །གཉིས་པ་ངོ་བོའམ་མཚན་ཉིད་ནི། ལམ་པའི་སྒོ་གསུམ་ཡོངས་སུ་དག་པར་བྱེད་པའི་ལུས་ངག་ཡིད་གསུམ་གྱི་བྱ་བར་གྱུར་པ་སྟེ། འདི་ཉིད་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པས། །ཞེས་སོ། །གསུམ་པ་སྒྲ་དོན་ནི། ཙའི་སྒྲ་ལས་སྤྱོད་པ་སྟེ། སྒོ་གསུམ་དོན་ཡོད་པར་བྱ་བའི་ཕྱིར་སྔགས་ཀྱི་སྤྱད་པ་ལ་སྤྱོད་པའི་ལས་ཅན་ནོ། །དེའང་ཁོག་གཞུང་ལས། སྒོ་གསུམ་ལས་ཕྱིར་ངེས་ཚིག་འགྲུབ། །ཅེས་སོ། །བཞི་པ་རྣམ་གྲངས་ལ། གང་གི་ཚེ་སྤྱོད་པའི་དུས་དང་། གང་སྤྱད་བྱ་དངོས་པོ། དང་པོ་ནི། མཉམ་བཞག་ལས་ལངས་ནས་རྗེས་ཐོབ་ཏུ་སྤྱོད་པ་ཅི་ལ་མ་ཆགས་པར་སྤྱོད་པ་སྟེ། དེ་ཉིད་ལས། ཀུན་ཀྱང་མཉམ་ལས་ལངས་ཚེའོ། །ཞེས་སོ། །གཉིས་པ་ལ། སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། སྤྱིར་ལུས་ངག་ཡིད་གསུམ་དག་པའོ། །དེའང་ཅུང་ཟད་བཤད་ན། ལས་དང་པོ་པའི་དུས་སུ་བག་དང་ལྡན་པའི་སྤྱོད་པ་སྟེ་དབྱེ་ན། མི་མཐུན་པའི་རྐྱེན་ལས་བྱོལ་བའི་དང་། མཐུན་རྐྱེན་བརྟེན་པའི་སྤྱོད་པ་གཉིས་ལས། དང་པོ་ནི། འཇིག་རྟེན་གྱི་ཆོས་བརྒྱད་སོགས་ཁ་ན་མ་ཐོ་བ་ཐམས་ཅད་ལས་མཐོལ་ནས་གཞན་གྱིས་དགེ་བ་སྤེལ་བའི་ཕྱིར་མཐུན་འཇུག་འཚམས་པའི་སྤྱོད་པ་ལ་འཇུག་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ཡང་། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །གཉིས་པ་ནི། མཉམ་བཞག་གི་རྟོགས་པ་བག་ལྡན་དུ་བསྲིང་ཞིང་། ཐུན་མཚམས་ཀྱི་བྱ་བའི་ཆ་གཙོ་བོར་བསྟེན་པ་སྟེ། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་དེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པས་ཆོས་སྤྱོད་བཅུ་དང་། དེ་ནས་ཅུང་ཟད་གོམས་ཏེ་དབེན་པར་མཉམ་རྗེས་ཁྱད་མེད་དུ་གྱུར་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཤིན་ཏུ་གོམས་ནས་རྟོགས་པ་
ལ་བྲི་གང་མེད་པར་གྱུར་པ་ན་བཅོས་བསླད་མེད་པར་གཞན་ཕན་བྱེད་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱིར་བཤད་པའོ། །གཉིས་པ་ཁྱད་པར་གྱི་སྤྱོད་པ་ལ་གྲོལ་ལམ་བག་ཡོད་ཀྱི་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །དང་པོ་ལ། རིམ་ཅིག་ཅར་གཉིས་ལས། དང་པོ་ལ་ཟག་བཅས་ཀྱི་ལམ་དུ་དང་། ཟག་མེད་ཀྱི་ལམ་དུ་ཇི་ལྟར་སྤྱོད་པའོ། །དང་པོ་ལ། དད་བརྩོན་གྱི་སྤྱོད་པ་ཤེས་རབ་དང་མཐུན་པ། ཐབས་དང་མཐུན་པ། ཕྱོགས་གཅིག་པ་སྤྲོས་བཅས་ཀྱི། ཚོགས་ཀྱི་སྤྱོད་པ་དང་དྲུག་སྟེ་གོ་སླའོ། །གཉིས་པ་ནི། རྫུ་འཕྲུལ་གྱི་སྤྱོད་པ་སྟེ། རིག་འཛིན་བཞིའི་སྤྱོད་པའོ། །གཉིས་པ་གྲོལ་ལམ་ཅིག་ཅར་བའི་སྤྱོད་པ་ནི། རྗེས་ཤེས་སུ་ཇི་ལྟར་སྤྱོད་ཀྱང་། མི་དམིགས། མ་ཆགས། བྱ་རྩོལ་འཛིན་རྟོག་དང་བྲལ་བ་རྨད་དུ་བྱུང་བའི་སྤྱོད་པ་སྟེ། ཀུན་འདུས་ལས། མི་དམིགས་པ་ལས་རྣམ་པར་སྤྱོད། །དེ་ལྟར་སྤྱོད་པ་ཀུན་སྤྱོད་ཀྱང་། །དམ་པའི་དོན་དེ་སྤྱོད་མཆོག་ཡིན། །ཞེས་སོ། །གཉིས་པ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། ཐབས་མཁས་ཀྱི་རྩིས་ཟིན་པའི་གདེངས་དང་ལྡན་པས་འཁོར་བའི་ཆོས་ཅི་ལའང་སྤྱོད་པ་སྟེ། འདི་ཉིད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །ལྔ་པ་སྐྱོན་ནི། ཁྱད་པར་གྱི་སྤྱོད་པ་དང་མི་ལྡན་ན་མཐར་ཐུག་གི་འབྲས་བུ་མི་འཐོབ་སྟེ། ཐུགས་ཐིག་ལས། ཁྱད་པར་དོར་ན་མཐར་ཕྱིན་མེད། །ཅེས་སོ། །དྲུག་པ་ཡོན་ཏན་ནི། སྤྱོད་པ་དེ་དག་གིས་བོགས་ཕྱིན་ནས་དངོས་གྲུབ་རྣམ་པ་གཉིས་མྱུར་དུ་འཐོབ་པར་འགྱུར་ཏེ། རྒྱས་པ་ལས། བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །ཞེས་གསུངས་སོ། །གསུམ་པ་བཀོད་པའི་དཀྱིལ་འཁོར་ལའང་དྲུག་ལས། དང་པོ་དགོས་ཆེད་ནི། དབང་སྒྲུབ་མཆོད་ཕྲིན་ལ་སོགས་པའི་དུས་སུ་བདག་གཞན་གྱི་དོན་བྱེད་པའི་རྟེན་ཏུ་གྱུར་པ་ནི་སྤྱིའི་དགོས་ཆེད་དང་། བྱེ་བྲག་དངོས་གྲུབ་ཀྱི་ཐབས་དང་རྟེན་ནི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །གཉིས་པ་ངོ་བོའི་མཚན་ཉིད་ནི། བཀོད་པ་ལྷའི་འཁོར་ལོར་རྫོགས་པར་སྣང་
བའི་རིགས་སུ་གནས་པའོ། །དེའང་ཐུགས་ཐིག་ལས། གནས་སྐབས་བདུན་དུ་སྙིང་པོ་ལེན། །བཀོད་པ་གང་རྫོགས་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ནི། མཎྜ་ལ་ཞེས་པའི་སྒྲ་ལས། སྙིང་པོའི་གཞི་འཛིན་པའམ། སྙིང་པོ་ལེན་པའི་དོན་ཏེ། འགྲེལ་ཆུང་ལས། མཎྜ་ཞེས་བྱ་སྙིང་པོའི་དོན། །ལ་ཞེས་པ་ནི་ལེན་པ་སྟེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ། གསུམ་དུ་དབྱེ་བ། བདུན་དུ་དབྱེ་བ། བཅུ་གཉིས་སུ་དབྱེ་བའོ། །དང་པོ་ནི། ཆོས་དོན་ལས། དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་སོ། །གཉིས་པ་ནི། རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཅེས་སོ། །གསུམ་པ་ནི། འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེ་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་སོ། །འདིར་སྐབས་བབ་ཀྱི་དབྱེ་ན། རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞི་དང་། དེ་ལས་སྐབས་དོན་དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་གཉིས་སོ། །དང་པོ་ལ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པའི་ཏིང་ངེ་འཛིན་གྱི་གཟུགས་བརྙན་ནམ་སྤྲུལ་པའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་བཞི་ལས། དང་པོ་གསུམ་ནི་རིམ་པར་སློབ་དཔོན་རྫོགས་པའི་སངས་རྒྱས་དང་མཐར་ལམ་པ་དང་། མཐོང་སྒོམ་ལ་གནས་པས། སློབ་མ་ས་མཐའི་བྱང་སེམས་དང་། མཐོང་སྒོམ་དང་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་རྣམས་ལ་དབང་བསྐུར་བའི་དཀྱིལ་འཁོར་ཡིན་པར་སྒྱུ་འཕྲུལ་རྡོ་རྗེ་ལས་བཤད་པས་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་དེ་ལས་འདིར་སྤྲུལ་པའི་དཀྱིལ་འཁོར་ལ་ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་པ་ནི་འདིར་སྐབས་སྒྱུ་འཕྲུལ་བའི་སྐད་དོ། །
བཞི་པ་ནི། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ཡན་ཆད་ཀྱི་སློབ་དཔོན་མཚན་ཉིད་དང་ལྡན་པས། སྐལ་ལྡན་གྱི་སློབ་མ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ལ། དེ་ལའང་གདུལ་བྱའི་དབྱེ་བས། སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ་ལྟ་བུར་དམིགས་རྟེན་ཅུང་ཟད་ཙམ་ལ་བརྟེན་ནས་བསྐུར་བ་ཡོད་དེ། བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆོག་རྩ་བར། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡི། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་སོ། །དེ་ལས་ཀྱང་བློ་ཆེ་བའི་སྐལ་ལྡན་ཁ་ཅིག་ཐོག་མ་ནས་སློབ་དཔོན་གྱི་ལུས་དཀྱིལ་དུ་འཇུག་རུང་བའང་ཡོད་དེ། ལུས་དཀྱིལ་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་གང་ཟག་མཁས་པ་དེས་ཕྱི་དཀྱིལ་བརྟེན་དགོས་པའི་ངེས་པ་མེད་པའི་ཕྱིར་ཏེ། སློབ་དཔོན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་ཤིང་། དོང་སྤྲུགས་ཀྱི་འཇུག་པའི་མེ་ཏོག་དོར་སྐབས་སུའང་། སློབ་དཔོན་སྐུ་ཡི་དཀྱིལ་འཁོར་དུ། །ཞེས་གསུངས་སོ། །ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་བསྐུར་བར་བཞེད་དེ། དེ་ལ་རས་བྲིས་སུ་སྨིན་བྱེད་ཀྱི་དབང་བསྐུར་རུང་བའི་ཁུངས་ནི། མི་གཡོ་བླ་མེད་ཀྱི་རྒྱུད་ལས། ཡང་ན་དཀྱིལ་འཁོར་བྲི་བྱ་བ། །རས་བྲིས་ཚུལ་དུ་བྲི་བར་བྱ། །དཀྱིལ་འཁོར་སྔར་བཞིན་བྲིས་བྱས་ནས། །དབུས་སུ་མི་གཡོ་མཐིང་ནག་བྲི། །ཞེས་སོགས་རས་བྲིས་ཀྱི་དཀྱིལ་འཁོར་བཤད་ཅིང་། སློབ་དཔོན་ཛ་ཡ་སེ་ནས་ཀྱང་། རྡུལ་ཚོན་བྲི་བར་མ་ནུས་ན། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་དང་བཅས་པར་བྲི། །ཞེས་སོ། །སྐབས་དོན་དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི། དབང་བཞི་ལ་ལྟོས་ནས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞི་སྟེ། བུམ་དབང་ལ་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྡུལ་ཚོན་ནི། དཔེ་བཟླས་དྲངས་པའི་ཆུ་ཚོན་རས་བྲིས་ཀྱི་དཀྱིལ་འཁོར། ཆོག་དབང་གསུམ་ལ་སྤྱིར་བདག་གི་དེ་ཁོ་ན་ཉིད་ནང་
ལུས་ཀྱི་དཀྱིལ་འཁོར་དང་། ཁྱད་པར་གསང་དབང་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ་གའི་དཀྱིལ་འཁོར། ཤེར་དབང་ལ་ལྷའི་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། དབང་བཞི་པ་ལ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་རོ། །དེའང་གསང་འདུས་ལས། བྷ་ག་དཀྱིལ་འཁོར་ཞེས་བྱར་བཤད། །བྱང་ཆུབ་སེམས་ཀྱང་དཀྱིལ་འཁོར་ཉིད། །ལུས་ནི་དཀྱིལ་འཁོར་ཉིད་དུ་བརྗོད། །དཀྱིལ་འཁོར་གསུམ་དུ་གསུངས་པ་ཡིན། །ཞེས་གསུངས་སོ། །ལྔ་པ་སྐྱོན་ནི། འཆད་འགྱུར་གྱི་ཡོན་ཏན་ལས་བཟློག་པ་སྟེ། ཐུགས་ཐིག་ལས། དེ་ལས་ཟློག་པའི་སྐྱོན་ཅན་བཞི། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དཀྱིལ་འཁོར་ལ་བརྟེན་པས་རྟོགས་པའི་ཡེ་ཤེས་འཕེལ་བ་དང་སྡིག་སྒྲིབ་འབྱང་ཞིང་མཚན་རྟོག་འགྲིབ་པ་དང་། ཚོགས་གཉིས་རྫོགས་པའི་ཕན་ཡོན་ཁྱད་པར་ཅན་གྱི་ཐབས་སུ་གྱུར་པ་དང་མཐར་ཐུག་འགྲུབ་པའི་རྟེན་དུ་འགྱུར་བའི་ཕྱིར་ཏེ། དེ་ལས། འཕེལ་འགྲིབ་ཕན་ཡོན་ཐབས་འགྲུབ་བཞི། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་རིམ་པར་བགྲོད་པ་དབང་ལ་དྲུག་ལས། དང་པོ་དགོས་ཆེད་ནི། ཆོས་ཀྱི་རྒྱལ་པོའི་གོ་འཕང་རྒྱུད་ལ་འཇོག་པའི་ཆེད་དུ་སྟེ། དེ་ཐོབ་པ་ལ་སྒྲིབ་པ་འཇོམས་ཤིང་ནུས་པ་འཇོག་པའི་ཐབས་འདིས་རིམ་པར་བགྲོད་དགོས་པའི་ཕྱིར། དེ་ལྟར་ཡང་ཐུགས་ཐིག་ལས། བདག་གཞན་དོན་ནུས་ཚོགས་ལས་འགྲུབ། །དེ་ལ་དེ་ཡོད་ཕྱིར་ནོད་བྱ། །ཞེས་སོ། །གཉིས་པ་ངོ་བོའམ་མཚན་ཉིད་ནི། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་ཐོབ་བྱ་གོ་འཕང་གི་འབྲས་བུ་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པ་དང་། སྐྱེ་ངེས་གང་རུང་གི་རིགས་གནས། དེའང་སྔ་མ་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་སོ། །གསུམ་པ་སྒྲ་དོན་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་དྲི་མ་འཁྲུད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་དེའི་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་སྟེ། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་
ནུས་པ་ཐོབ་ཕྱིར་དབང་། །ཞེས་སོ། །བཞི་པ་རྣམ་གྲངས་ལ་དབྱེ་བ་དང་། ལས་ཀྱི་རིམ་པའོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་གྱི་སྒོ་ནས་དང་། བསྐུར་བ་དུས་ཀྱི་སྒོ་ནས་དབྱེ་བ་དང་། མོས་པ་ཐ་དད་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞིར་འགྱུར་ཏེ་སྔར་བཤད་གྲུབ་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། ཐོག་མཐའ་བར་གསུམ་སྟེ། འདི་ལྟར་རྒྱུ་དུས་ཀྱི་དབང་ཐོག་མར་བསྐུར་ཏེ། མ་སྨིན་པ་སྨིན་བྱེད་ཀྱི་དབང་ཡིན་པས་ལམ་གྱི་སྔོན་དུ་འགྲོ་དགོས་པའི་ཕྱིར། ལམ་དུས་ཀྱི་དབང་ནི་དུས་ལ་ནམ་བབས་པའི་ཚེ་བསྐུར་ཏེ། ལམ་གྱི་བོགས་འདོན་ཡིན་པའི་ཕྱིར་རོ། །འབྲས་དུས་ཀྱི་དབང་ནི། ཐ་མར་བསྐུར་ཏེ། ལམ་མཐར་ཕྱིན་ནས་མཐར་ཐུག་སངས་རྒྱས་ཀྱི་ས་ལ་སྦྱོར་བྱེད་ཡིན་པའི་ཕྱིར་རོ། །དེས་ན་ཕྱི་མ་གཉིས་ནི་གྲོལ་བྱེད་ལམ་གྱི་དབང་ཡིན་ནོ། །གསུམ་པ་ལ། ཞི་ཁྲོ་གཉིས་ལས། ཞི་བ་ལ་ནི། ཐུགས་ཐིག་ལས། རྩ་བ་རྣམ་ལྔ་བཅོ་བརྒྱད་དང་། །ཞེས་པའི་རྩ་བ་ལྔ་ནི། རྡོ་རྗེ་ལས། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་བསྐྱེད་པ་ཡིན། གསུམ་པས་ཉམས་མྱོང་བསྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པ་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ། །ཅེས་པས་ཕན་ནུས་གཉིས་རེ་རེ་དང་། ཟབ་དབང་གསུམ་སོ་སོར་བགྲངས་པའོ། །ཡན་ལག་བཅོ་བརྒྱད་ནི། ཕན་དབང་ལ་བཅུ་དང་། ནུས་དབང་ལ་ལྔར་ཕྱེ་ཞིང་། ཟབ་དབང་གསུམ་དང་བཅས་པའོ། །གཉིས་པ་ནི། ཐུགས་ཐིག་ལས། བསྒྱུར་བ་ལྔ་ལ་སུམ་ཅུ་དྲུག །ཅེས་པས། རྩ་བའི་གྲངས་ཞི་བ་དང་མཚུངས་ལ། དེའི་ཡན་ལག་སོ་དྲུག་ནི། ཁྲོ་བོ་ལས་རིམ་ལས། ལྷ་དབང་ཕྱག་མཚན་རྒྱན་ཆས་དང་། །ནུས་དབང་ལྔ་དང་གདན་གྱི་དབང་། །སྒྲུབ་རྫས་གསང་བ་རྣམ་གསུམ་མོ། །ཞེས་པའི་ནང་གསེས་ཀྱི་གྲངས་སོ་དྲུག་སྟེ། དེ་འདྲེན་ཚུལ་ནི། ཕྱག་རྒྱ་ལྷའི་དང་། བསྣམས་པ་ཕྱག་མཚན་གྱི་དང་། དྲེགས་པ་གདན་གྱི་དབང་གསུམ་ནི་རེ་རེ་དང་། དེ་ལས་གཞན་རྣམས་ཀྱི་བྱེ་བྲག་བགྲང་བའི་སྡོམ་ནི། རྒྱན་ཆས་རྟགས་ལ་བཅུ་ཡིན་ཏེ། །དབུ་རྒྱན་བུམ་པ་སྙིང་པོ་ལྔ། །ཅོད་པན་གོ་ཆ་ཕྲེང་བ་རྒྱན། །ཐོད་ཕྲེང་རྟགས་གསུམ་མེ་དཔུང་
ངོ་། །ནུས་པའི་དབང་ནི་ལྔར་ངེས་ཏེ། །ཉན་སྒོམ་འཆད་ལས་རབ་འབྱམས་དབང་། །སྒྲུབ་པའི་དབང་ལ་བཅོ་ལྔ་སྟེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །རཀྟ་རྒྱལ་མཚན་གདུགས་ཁ་ཊཱཾ། །ཕུར་པ་རྡོར་དྲིལ་རྔེའུ་ཆུང་། །ཡུངས་ཀར་གཟུངས་མ་ཕྲེང་བ་དང་། །ཚེ་དང་བཟའ་བཏུང་མིང་དབང་ངོ་། །ཟབ་དབང་གསུམ་སྟེ་གསང་བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །ཞེས་སོ། །དེའང་དབང་བཞིར་བསྡུ་བའི་ལས་ཁྲིགས་ཀྱི་སྡོམ། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཕྱི་དབང་ཉེར་བརྒྱད་ཕན་པའི་དབང་། །ནང་ནི་ནུས་པའི་དབང་ལྔ་སྟེ། །གསང་བ་ཟབ་དབང་རྣམ་གསུམ་མོ། །ཞེས་སོ། །གཉིས་པ་ལ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བའོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགག་དྲི་དང་ལུས་དབུལ་དང་། །བགེགས་བ སྐྲད་ལྷར་སློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོད་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡི་ཡན་ལག་རྫོགས་པར་འགྱུར། །ཞེས་པས་རིགས་བསྡུ་ན་སློབ་དཔོན་འཇུག་པའི་ཆོས་གཉིས་དང་སློབ་མ་འཇུག་པའི་ཆོས་བཅུ་དྲུག་གོ །གསུམ་པ་དབང་བསྐུར་བ་ལ། བསྐུར་བ་དངོས་དང་། རྗེས་ཀྱི་རིམ་པའོ། །དང་པོ་ལ། སྣོད་རིམ་དང་སྦྱར་བ། དབང་གྲངས་དང་རིམ་པ་ལ་དཔྱད་པ། དེ་དབང་བཞིར་བསྡུ་ཚུལ་ལོ། །དང་པོ་ནི། འདི་ཉིད་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་སོ། །དེ་ཡང་ཇི་ལྟར་བསྐུར་བའི་ཚུལ་ལ། དབང་ཐམས་ཅད་ལ་མཚུངས་ལྡན་དབང་རྫས་བསྐུར་ཐབས་ལ་སོགས་པ་དོན་བརྒྱད་བརྒྱད་དེ། རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་སོ། །གཉིས་པ། གྲངས་ལ་དཔྱད་པ་དང་། རིམ་པ་ལ་དཔྱད་པའོ། །དང་པོ་ནི། ཁ་ཅིག ཟབ་དབང་ནི། ནུས་པ་དངོས་སུ་འཇོག་བྱེད་ཡིན་པའི་ཕྱིར། ནུས་དབང་དུ་འདུ་བས་གྲངས་བཅོ་ལྔ་ཁོ་ནར་འདོད་
པ་དང་། ཁ་ཅིག་ཟབ་དབང་གསུམ་གཅིག་ཏུ་བྱས་ཏེ་བཅུ་དྲུག་ཏུ་འདོད་པ་དང་། ཁ་ཅིག་བུམ་དབང་དང་གསང་དབང་གཉིས་སུ་འདུ་བར་འདོད་པ་ལས། དེ་དག་དགག་པ་ལ་ལུང་རིགས་མན་ངག་གསུམ་སྟེ། དང་པོ་ལུང་ནི། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། ཞེས་དང་། དབང་གི་གལ་པོ་ལས། ནུས་དང་ཕན་པའི་དབང་ཐོབ་ནས། །བརྟུལ་ཞུགས་ལྡན་པའི་བུ་མཆོག་ལ། །ཞེས་སོགས་ཀྱིས་གནོད་པའི་ཕྱིར། རིགས་པ་ནི་ཕན་དབང་ཆོས་ཅན། ཁྱོད་ལས་གཞན་པའི་དབང་གྲངས་བརྗོད་པ་དགོས་མེད་དུ་ཐལ། དབང་ཐམས་ཅད་ཁྱོད་ཀྱི་ནང་དུ་འདུ་བ་གང་ཞིག ཁྱོད་བདག་གཞན་གྱི་དོན་ལ་ཕན་བྱེད་ཀྱི་དབང་ཡིན་པའི་ཕྱིར། ཟབ་དབང་གསུམ་པོ་དེ་ཆོས་ཅན། ཁྱོད་ངོ་བོ་གཅིག་མ་ཡིན་པར་ཐལ། ཁྱོད་ལ་གོ་འཕང་གི་ཐོབ་བྱ་སོ་སོར་ཡོད་པའི་ཕྱིར། གསུམ་པ་ཡང་དེས་ཁེགས་སོ། །མན་ངག་གིས་ཀྱང་གནོད་དེ། རྡོ་རྗེ་ལས་རིམ་ལས། ངོ་བོ་སྣོད་ཀྱི་མཚན་ཉིད་ཀྱིས། །དབྱེ་བ་རྣམ་པ་ལྔ་རུ་འགྱུར། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། དབང་བཅོ་བརྒྱད་པོ་དེ་དབང་བཞིར་འདུས་མ་འདུས་ཀྱི་བཞེད་པ་སྣ་ཚོགས་ཡོད་ཀྱང་། དབང་བཞིར་བསྡུ་བ་འཐད་དེ། རྒྱུད་ཕྱི་མའི་དྲི་བ་བཅུ་གསུམ་པར། དབང་བསྐུར་བ་ཡི་དོན་ཡོད་ཅིང་། །ཞེས་པའི་ལན་དུ། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྡུད་ཚུལ་ཡང་ཕན་ནུས་ཀྱི་དབང་ལྔ་པོ་ནི་བུམ་པའི་དབང་དུ་བསྡུ་སྟེ། དེ་ཐོབ་པས་ལམ་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱས་པའི་ཕྱིར་རོ། །དེ་ཡང་ཕན་དབང་ཐོབ་པས་ཕྱི་དཀྱིལ་དྲང་དོན་གྱི་སྣོད་རུང་དུ་བྱས་པ་དང་། དེའི་སྟེང་དུ་ཉན་སྒོམ་གྱི་དབང་གཉིས་ཀྱིས་ནང་རང་བཞིན་གྱིས་གྲུབ་པའི་ལུས་དཀྱིལ་ལ་བརྟེན་པའི་ངེས་དོན་གྱི་བསྐྱེད་རིམ་སྒོམ་ནུས་པ་དང་། ལྷག་མ་གསུམ་ལས། རྡོ་རྗེ་རྒྱལ་པོ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་དང་། འཆད་ཕྲིན་གཉིས་དེའི་བྱེད་ལས་ཡིན་པས། དེ་ལྟར་ན་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་བུམ་དབང་དང་རྗེས་སུ་འབྲེལ་བའི་ལམ་ཐམས་ཅད་ལ་སྤྱོད་པའི་བདག་པོར་གྱུར་པའོ། །ཟབ་དབང་གསུམ་ནི། རིམ་པ་ལྟར་
གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་རྣམས་སུ་འདུས་པར་ཟད་ལ། དེ་གསུམ་ཐོབ་པས། རྫོགས་རིམ་སྟེང་འོག་གི་སྒོ་དང་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་སྒོམ་པའི་སྣོད་རུང་དུ་བྱས་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དབང་རྟགས་རྡོར་དྲིལ་སྦྱིན་པ་སོགས་ནས་ཤིས་པ་བརྗོད་པས་མཐའ་བརྒྱན་པ་རྣམས་སོ། །ལྔ་པ་དབང་མ་ཐོབ་པའི་སྐྱོན་ནི། འདི་ཉིད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། འདི་ཉིད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། ཧེ་རུ་ཀ་མངོན་འབྱུང་ལས། དཀྱིལ་འཁོར་བདག་པོ་མཐོང་ནས་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་མི་འདའ་བ་དམ་ཚིག་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་ངན་སོང་དང་ཐེག་དམན་དུ་མི་ལྟུང་ཞིང་། དོན་གཉེར་ཞིང་ས་གཤིན་པོ་ལ་ས་བོན་བཏབ་ན་འབྲས་བུ་སྨིན་པར་འགྱུར་བ་ལྟར་ལམ་དང་། འབྲས་བུའི་གཞི་དམ་ཚིག་གིས་བཟུང་སྟེ་ལམ་གྱི་འབད་པ་དོན་ཅན་དུ་བྱེད་པའོ། །དེ་ལྟར་ཡང་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་སོ། །གཉིས་པ་ངོ་བོའམ་མཚན་ཉིད་ནི། བསྲུང་བྱའི་དོན་ཁྱད་པར་ཅན་ལས་མི་འདའ་བར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་སྟེ། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུའང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །གསུམ་པ་སྒྲ་དོན་ནི། ས་མ་ཡའི་སྒྲ་ལས་དོན་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་སྟེ། ཀུན་འདུས་ལས། འདའ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །བཞི་པ་རྣམ་གྲངས་ལ། ཐོབ་བྱེད་ཀྱི་ཆོ་ག་དང་། ཐོབ་པའི་ས་མཚམས། ཐོབ་བྱའི་ངོ་བོ། ཉམས་ན་བསྐང་
བའི་ཐབས་སོ། །དང་པོ་ནི། དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་ཁོ་ན་ལས་ཐོབ་ཀྱི། གཞན་ལས་ནི་དམ་ཚིག་དང་སྡོམ་པ་མེད་དེ། བརྟུལ་ཞུགས་ཙམ་དུ་ཟད་དོ། །དེ་བས་ན་རྒྱུད་སྡེ་སོ་སོའ་དབང་ཆོག་ལས་སོ། །གཉིས་པ་ནི། ཁས་བླངས་ཀྱི་སྔགས་སྡོམ་སྦྱོར་བའི་དུས་རིགས་ལྔའི་སྡོམ་བཟུང་ལན་གསུམ་བཟླས་པའི་བརྗོད་པ་གསུམ་པའི་ཆ་ཐ་མ་ལ་གང་བཟུང་བའི་སྡོམ་པ་དེ་ཉིད་ཐོབ་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་ལེགས་བཀོད་ནས། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །ཞེས་དང་། ཐུན་མོང་གི་ལུང་ལས་ཀྱང་། སྡོམ་པ་ཇི་ལྟར་ཁས་བླངས་ཤིང་། །ཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། །ཞེས་སོ། །འོན་ཀྱང་དེ་ཉིད་སྔགས་སྡོམ་བཏགས་པ་བ་ཡིན་ཏེ། སླར་དབང་སྐུར་བས་ཡེ་ཤེས་ཁོང་ཆུད་ཀྱིས་ཐོབ་པར་བཤད་པའི་ཕྱིར་རོ། །གལ་ཏེ་དབང་དུས་སུ་ཡེ་ཤེས་དངོས་སུ་མ་སྐྱེས་ཀྱང་སྐྱེ་རུང་གི་ནུས་པ་བཞག་པ་དེས་དྲི་མ་སྦྱོང་བ་དང་། ཡོན་ཏན་སྐྱེ་བའི་མགོ་རྩོམ་པ་ཡིན་པས་རྒྱུད་འགྱུར་བའི་ཁྱད་པར་ཏེ། དེ་ལ་རྒྱུད་སྨིན་པ། དབང་ཐོབ་པ། དམ་ཚིག་དང་སྡོམ་པ་ཐོབ་པ་ཞེས་པའི་ཐ་སྙད་ཐོབ་ཅིང་། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་བཏབ་པའི་ཆ་དེ་སངས་རྒྱས་ཀུན་གྱི་གསང་བའི་རྡོ་རྗེ་གསུམ་འཛིན་པའི་ཆ་ནས་དམ་ཚིག་ཀྱང་ཡིན་ལ། རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་པའི་ཕྱིར་ཏེ། ཕྲ་རྒྱས་ལ། དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་སོ། །དམ་ཚིག་དང་སྡོམ་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ལྟ་བུ་ཡིན་ཡང་། དམ་ཚིག་ཡིན་ན། དེ་ཡིན་པས་མ་ཁྱབ་སྟེ། གསང་བ་བཅུའི་སྐབས་ཀྱི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པའི་སྐབས་ཀྱི་དམ་ཚིག་དེ་སྡོམ་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ངོ་བོ་ལ་སྔགས་སྡོམ་གྱི་མཚན་ཉིད། དབྱེ་བ། དམ་ཚིག་གི་ཆེ་བ། དེའི་རྣམ་གྲངས་བཤད་པ་དང་བཞི་ལས། དང་པོ་ནི། སྡོམ་བྱེད་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྡམ་བྱ་སྒོ་གསུམ་ཕྲ་བའི་བག་ཆགས་དང་མཚན་འཛིན་གྱི་རྟོག་
པ་སྡོམ་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག རང་རྒྱུ་དབང་བསྐུར་བ་ལས་གསར་དུ་ཐོབ་པའི་ཚུལ་ཁྲིམས། གཉིས་པ་དབྱེ་བ་ལ། བྱ་བ། སྤྱོད་པ། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་སྔགས་སྡོམ་དང་བཞིའི་མཚན་ཉིད་རིམ་བཞིན། བལྟས་པའི་བདེ་བ། དགོད་པའི་བདེ་བ། ལག་བཅངས་ཀྱི་བདེ་བ་གོ་རིམ་བཞིན་དུ་ལམ་དུ་བྱས་པའི་སྒོ་ནས་ཆགས་པ་དེ་དང་དེ་དག་པར་བྱེད་པའི་ཡེ་ཤེས་རང་རྒྱུད་ལ་འཛིན་པའི་ཐབས་ཤེས་ཀྱིས་སྒོ་གསུམ་གྱི་བག་ཆགས་དང་མཚན་རྟོག་སྡོམ་པར་བྱས་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག རང་རྒྱུ་རྒྱུད་སྡེ་རང་ལ་ལྟོས་པའི་དབང་ལས་ཐོབ་པའི་ཚུལ་ཁྲིམས། བླ་མེད་ཀྱི་སྔགས་སྡོམ་གྱི་མཚན་ཉིད་ནི། དབང་པོ་གཉིས་སྦྱོར་བདེ་བ་ལམ་དུ་བྱས་པའི་སྒོ་ནས་ཆགས་པ་དེ་དག་པར་བྱེད་པའི་ཡེ་ཤེས་རང་རྒྱུད་ལ་འཛིན་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་སྒོ་གསུམ་གྱི་བག་ཆགས་དང་མཚན་རྟོག་སྡོམ་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག རང་རྒྱུ་བླ་མེད་ཀྱི་དབང་ལས་ཐོབ་པའི་ཚུལ་ཁྲིམས། དབྱེ་ན་གཉིས་ཏེ། བུམ་དབང་ལས་ཐོབ་པ་དང་། དབང་གོང་མ་ལས་ཐོབ་པའི་སྡོམ་པའོ། །དང་པོའི་མཚན་ཉིད་སྦྱོར་བའི་དུས་སུ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་ཁས་བླངས་ཤིང་། དངོས་གཞིའི་དུས་སུ་བུམ་དབང་འཁོར་བཅས་བསྐུར་བ་ལས་གསར་ཐོབ་ཀྱི་ཚུལ་ཁྲིམས་གང་ཞིག ཐབས་ཤེས་ཁྱད་པར་ཅན་བསྐྱེད་རིམ་གྱིས་ཐ་མལ་སྣང་ཞེན་གྱི་མཚན་རྟོག་སྡོམ་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་གཉིས་པའི་མཚན་ཉིད། རང་ཐོབ་བྱེད་ཀྱི་རྒྱུ་དབང་གོང་མ་གང་རུང་བསྐུར་བ་ལ་བརྟེན་ནས་གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་ལས་སྐྱོབ་པའི་ཚུལ་ཁྲིམས་གང་ཞིག ཐབས་ཤེས་ཁྱད་པར་ཅན་རང་བྱིན་བརླབས་པས་སེམས་གསལ་སྟོང་གི་ངོ་བོར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་གསང་དབང་གི་དང་། དེ་གང་ཞིག ཐབས་ཤེས་ཁྱད་པར་ཅན་ཀུན་རྫོབ་ཞུ་བདེས་མཚོན་བྱེད་དཔེའི་ཡེ་ཤེས་བདེ་སྟོང་གི་ངོ་བོར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་ཤེར་དབང་གི་དང་། དེ་དག་གང་ཞིག ཐབས་ཤེས་ཁྱད་པར་ཅན་འཕོ་མེད་བདེ་ཆེན་གྱི་ཟུང་འཇུག་ལྷན་སྐྱེས་ཀྱི་ཡེ་ཤེས་
མཚོན་བྱ་དོན་དམ་པའི་ངོ་བོར་སྡོམ་པའི་སེམས་པ་ས་བོན་དང་བཅས་པ་དབང་བཞི་པའི་སྔགས་སྡོམ་གྱི་མཚན་ཉིད་དེ། དགྱེས་རྡོར་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དམ་ཚིག་གི་ཆེ་བ་ལ་སྤྱོད་སྒོ་ཡངས་པའི་དང་། འདུལ་སྡོམ་ཐམས་ཅད་འདུས་པའི་ཆེ་བའོ། །དང་པོ་ནི། གནས་ལུགས་ལ་རྟོགས་གོམས་ཀྱི་གདེངས་དང་ལྡན་ན་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པའམ། བླ་ན་མེད་པའི་ཐེག་པར་ངེས་པ་ཞེས་བྱ་སྟེ། སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་སྤྱད་ཀྱང་ཕྱོགས་འཛིན་གྱི་བློ་མི་སྐྱེ་བའི་ཕྱིར། དེ་འདྲ་བའི་གདེངས་ཀྱིས་ཟིན་པའི་གང་ཟག་དེས། ལས་དང་ཉོན་མོངས་པ་གང་ལ་སྤྱད་ཀྱང་སྒྱུ་མའི་སྤྲུལ་པ་ལ་སྤྱོད་པ་ལྟར་མ་ཞེན་པའི་ཕྱིར། དེའི་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་ཚོགས་གཉིས་རྫོགས་པར་འགྱུར་བ་དང་། སོ་བྱང་ཕྱི་རྒྱུད་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་དག་པར་འགྱུར་བ་ཉིད་དོ། །བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་སོ། །གཉིས་པ་ནི། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་གསུངས་པ་ལྟར། དེ་གསུམ་ཀྱང་རྣམ་པ་འགལ་བ་དང་། ངོ་བོ་ཚང་བ་དང་གནས་གྱུར་པ་གཉིས་ལས། དང་པོ་ནི། ལེན་དུས་ཀྱི་རྣམ་པ་སོ་ཐར་ཇི་སྲིད་འཚོའ་བར་དང་། བྱང་སྡོམ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དང་། སྔགས་སྡོམ་འཁོར་བ་མ་སྟོངས་ཀྱི་བར་དུ་ཁས་ལེན་པའི་ཁྱད་པར་དང་། བསླབ་ཚུལ་ལ་སོ་ཐར་ཕྱི་ལུས་ངག་གི་སྤང་བ་བདུན་ལ་བསླབ་པ་དང་། ནང་ཡིད་ཀྱི་ལས་གསུམ་གཙོ་བོར་སྤོང་བའི་སྙིང་རྗེ་ལ་བསླབ་པ་དང་། རྟོགས་གོམས་ཀྱི་གདེངས་ཀྱིས་མཉམ་པའི་དོན་ལས་མི་འདའ་བར་བསླབ་པའོ། །གཉིས་པ་ངོ་བོ་ལ། ཚང་བ་དང་། གནས་འགྱུར་གཉིས་ལས། དང་པོ་ནི། སོ་ཐར་ནི་གཞན་ལ་གནོད་པ་གཞི་བཅས་ལས་ལོག་པ་དང་། བྱང་སྡོམ་ནི་དེའི་སྟེང་དུ་ཕན་
འདོགས་པའི་སྦྱོར་བ་ལ་ཞུགས་པ་དང་། སྔགས་སྡོམ་ནི་དེ་གཉིས་ཀ་ལ་ཞུགས་པའི་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་ལ་མཁས་པས་ཐམས་ཅད་པའི་ཕྱིར། བྲེ་གསུམ་ཡོད་པའི་ནང་དུ་དོ་མ་ཚང་བའི་དོགས་པ་མེད་པ་ལྟར། ཡོན་ཏན་ཡར་ལྡན་དུ་འདུས་པའི་ཕྱིར། དེ་ལྟར་ཡང་གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །རྣམ་པར་དག་པ་ནི། སོ་ཐར་གྱི་གཞན་གནོད་གཞི་བཅས་སྤོང་བ་དང་བྱང་སྡོམ་གྱི་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ་རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་འགྱུར་ཞིང་། མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་རྩ་བ་ནས་བཏང་ནས་མཉམ་པ་ཆེན་པོའི་དམ་ཚིག་ཏུ་སོ་བྱང་གི་སྡོམ་པའི་ངོ་བོ་དེ་ཉིད་གནས་འ གྱུར་ཏེ་རྣམ་པར་དག་པ་ཡིན་ནོ། །དེ་ཡང་བྱེ་བྲག་ཏུ་བཤད་ན། དེ་ལ་སོ་ཐར་གྱི་སྡོམ་པ་ནི། ཕས་ཕམ་བཞི་བྱུང་ན་ཞིག་པར་གསུངས་པ་ལས། འདིར་གནས་ལུགས་རྟོགས་པའི་གདེངས་ཀྱིས་ཟིན་ན་ཇི་ལྟར་སྤྱད་ཀྱང་མི་གོས་པས་ངོ་བོ་ཡར་ལྡན་དང་། སླར་ཚོགས་སུ་འགྱུར་བའི་ཕྱིར་ཡོན་ཏན་ཡར་ལྡན་ཏེ། འདི་ཉིད་ལས། བྱས་ལ་མི་གསོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་དང་། སྡུད་པ་ལས། སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཀྱང་། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་སོ། །གཉིས་པ་བྱང་སྡོམ་དང་མི་འགལ་བར་འདུས་ཚུལ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་རྒྱུད་སྡོམ། གཉེན་པོ་ལེགས་སྤྱོད་དགེ་བའི་ཚོགས་སྒྲུབ་པ། དགེ་བ་ཆོས་སྡུད་ཀྱིས་རྟོགས་པ་དང་ཡོན་ཏན་ཁྱད་པར་ཅན་སྒྲུབ། སེམས་ཅན་དོན་བྱེད་ཀྱི་སྒོ་ནས་གཞན་ལ་ཕན་འདོགས་པ་གསུམ་དུ་འདུ་བ་ལས། འདིར་ཡང་ལས་དང་ཉོན་མོངས་པ་ལ་སྤྱོད་པ་ལྟར་ཡང་མ་ཞེན་པའི་ཕྱིར་དོན་གྱི་ངོ་བོ་ལ་ཅི་ཡང་བྱས་པ་མེད་པ་ནི་སྡོམ་པའི་ཚུལ་ཁྲིམས། གང་ལྟར་སྤྱོད་ཀྱང་སྒོ་གསུམ་རྡོ་རྗེ་གསུམ་
གྱི་ཕྱག་རྒྱས་བཏབ་སྟེ་མི་འདའ་བ་ནི་དགེ་བ་ཆོས་སྡུད། གཞན་དོན་དུ་འགྱུར་ན་འཁོར་བའི་ཆོས་གང་ཡང་མི་འདོར་བར་སྤྱོད་པ་ནི་སེམས་ཅན་དོན་བྱེད་དེ། ཕལ་པོ་ཆེ་ལས། གང་དག་སེམས་ཅན་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་བབ་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་དག་ལ་རྩོད་པ་སྤོང་བ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། ཁ་ཅིག བུམ་དབང་རྫོགས་པར་ཐོབ་པའི་ཚེ། སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ཏེ། མཆོག་དབང་གོང་མ་གསུམ་ལ་སྔགས་སྡོམ་གསར་ཐོབ་མེད་པའི་ཕྱིར་ཟེར་བ་དང་། ཁ་ཅིག སྨིན་བྱེད་གཞིའི་དབང་བཞི་བསྐུར་བས་སྔགས་སྡོམ་ཐོབ་ཀྱང་། སླར་སྡོམ་ལྡན་རང་ཉིད་ཀྱིས་དབང་བླངས་པའམ། བླ་མས་བསྐུར་བ་གང་རུང་ལ་བརྟེན་ནས་སྔར་མ་ཐོབ་པའི་སྡོམ་པ་གསར་ཐོབ་ཡོད་དེ། དབང་བསྐུར་རེ་རེ་ཐོབ་པའི་ཚེ་གོང་འཕེལ་དུ་འགྲོ་བས། ཇི་ཙམ་འཕེལ་བའི་ཆ་དེ་གསར་ཐོབ་ཡིན་པའི་ཕྱིར་ཟེར་བ་དང་། ཡང་། ཁ་ཅིག གནས་འགྱུར་གྱི་སྐབས། སྡོམ་པ་འོག་མ་གཉིས་གོང་མར་གནས་གྱུར་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སོ་ཐར་གྱི་ཕམ་པ་བཞི་འཆབ་བཅས་སྤང་བ་དང་། བྱང་སྡོམ་གྱི་སེམས་ཅན་ལ་འཚེ་བ་ཆ་བཅས་ལས་ལྡོག་ནས་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ། འདིར་སྔགས་སྡོམ་གྱི་སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་དངོས་སུ་འགལ་བའི་ཕྱིར་ཟེར་རོ། །གཉིས་པ་དེ་དག་དགག་པ་ལ་ལུང་རིགས་གཉིས་ལས། ལུང་དང་པོ་ལ། ལུང་ནི། རབ་དབྱེ་ལས། བླ་མ་བཙལ་ལ་དབང་བཞི་བླངས། །དེ་ཡི་སྡོམ་པ་གསུམ་ལྡན་འགྱུར། །ཞེས་པ་ལ་སོགས་ཀྱིས་གནོད་དོ། །རིགས་པ་ནི། མཆོག་དབང་གོང་མ་མ་ཐོབ་ལ། བུམ་དབང་རྫོགས་པར་ཐོབ་པའི་གང་ཟག་དེ་ཆོས་ཅན། ཁྱོད་རྫོགས་རིམ་གྱི་སྔགས་སྡོམ་པའི་གང་ཟག་དུ་ཐལ། ཁྱོད་སྔགས་སྡོམ་རྫོགས་པར་ཐོབ་པའི་ཕྱིར་ཏེ། བུམ་དབང་རྫོགས་པར་ཐོབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་ཐོབ་བྱེད་ཀྱི་མཆོག་དབང་གོང་མ་མ་ཐོབ་པའི་ཕྱིར་རོ། །ལུང་གཉིས་པ་ལ། སྨིན་བྱེད་གཞིའི་དབང་བཞི་ཐོབ་པའི་གང་ཟག་དེ་ཆོས་ཅན། ཁྱོད་རིམ་གཉིས་སྒོམ་པ་ལ་དབང་བའི་
གང་ཟག་མ་ཡིན་པར་ཐལ། ཁྱོད་ལ་སྔར་མ་ཐོབ་པའི་སྔགས་སྡོམ་རིགས་མི་འདྲ་བ་གསར་དུ་ཐོབ་རྒྱུ་ཡོད་པའི་ཕྱིར། དབང་གི་གོ་མ་ཕྱེ་བར་ལམ་ལ་བསླབ་པར་མ་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེར་ཐལ། ཁྱོད་རྒྱུད་སྨིན་ཟིན་པའི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་ཕྱིར་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཅེས་ཕར་ཕྱིན་ཐེག་པར་སྦྱོར་ལམ་ཐོབ་ནས་རྟེན་དེ་ཉིད་ལ་མཐོང་སྤང་སྤང་རུང་དང་། མཐོང་ལམ་སྐྱེ་རུང་ལ་སྨིན་པའི་ཚད་དུ་འཇོག་པ་ལྟར། འདིར་ཡང་བླ་མེད་ཀྱི་ཐེག་པ་འདིར་ཞུགས་ནས་ཚེ་འདི་ཉིད་ལ་སྤང་བྱ་སྤང་རུང་དང་། ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་གི་ནུས་པ་ཐོབ་པའི་ཕྱིར། དེས་ན་དབང་ཐོབ་པ་ཉིད་རྒྱུད་སྨིན་པའི་ཚད་དེ། ཆུ་ལུད་དྲོད་གཤེར་འཛོམ་དུས་ཞིང་ལ་ས་བོན་ཐེབ་པ་བཞིན་ནོ། །དེ་ལ་དངོས་ལན་ནི། སྔར་རྒྱུད་ལ་ཡོད་པའི་སྔགས་སྡོམ་གྱི་རྒྱུན་དེ་ཉིད་ཕྱིས་ལམ་དབང་བསྐུར་བ་རེ་རེ་ཐོབ་པའི་ཚེ་གོང་འཕེལ་དུ་འགྲོ་བས་ན། ཇི་ཙམ་འཕེལ་བའི་ཆ་དེ་གསར་ཐོབ་ཡིན་མོད། འོན་ཀྱང་ཐོབ་བྱ་དབང་གི་ངོ་བོ་རིགས་མཐུན་ཕྱིན་ཆད་སྡོམ་པ་རིགས་མི་འདྲ་བ་དང་ངོ་བོ་ཐ་དད་དུ་འཇུག་པའང་མེད་པས་དངོས་གཞི་གསར་ཐོབ་མེད་པའི་ཕྱིར། དབང་བཞིའི་དང་པོ་དེ་ལ་སྨིན་བྱེད་ཀྱི་དབང་ཞེས་སྔགས་སྡོམ་གསར་དུ་ཐོབ་བྱེད་ཀྱི་དབང་ཡིན་ཞིང་། ཕྱི་མ་རྣམས་ལའང་རང་སྐལ་གྱིས་སྨིན་པར་བྱས་པའི་ཆ་རེ་ཡོད་ཀྱང་སྨིན་བྱེད་དང་སྡོམ་པ་གསར་ཐོབ་ཀྱི་ཐ་སྙད་མི་སྦྱོར་ཏེ། སྨིན་ཚུལ་དེ་ཙམ་ཞིག་སངས་རྒྱས་མ་ཐོབ་ཀྱི་བར་དུ་འབྱུང་བའི་ཕྱིར་རོ། །ལུང་གསུམ་པ་ལ་ལུང་དང་རྣལ་ལན་གཉིས་ལས། དང་པོ་ནི། རྒྱུད་འབུམ་པའི་ལུང་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཅིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་སོགས་དང་འགལ་ལོ། །རྣལ་ལན་
ནི། དེ་ལྟར་འོག་མ་རྣམས་དང་རྣམ་པ་འགལ་བ་ལྟར་སྣང་ཡང་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པ་དང་། ཐབས་མཁས་ཀྱི་སྤྱོད་པས་ཟིན་པའི་གནད་ཀྱིས་མི་འགལ་བར་འོག་མའི་སྡོམ་པ་ཡར་ལྡན་དུ་རྫོགས་པ་ཡིན་ཏེ། རྒྱུ་མཚན་ཉན་ཐོས་ཀྱི་དགེ་སློང་ལ། ཕམ་བཞི་འཆབ་བཅས་བྱུང་ན་སོ་ཐར་གྱི་སྡོམ་པ་ཞིག་པར་གསུངས་པ་ལས། འདིར་མི་ཚངས་སྤྱོད་ལ་བདག་དང་ཡུམ་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨར་ཤེས་པ་སྔགས་ཀྱི་འདུ་ཤེས་ཀྱིས་གཞིའི་ཡན་ལག་མ་ཚང་། ཐབས་འདིས་བདེ་བ་ཆེན་པོའི་ཡེ་ཤེས་བསྒྲུབ་པར་བྱའོ་སྙ མ་པ་ཆོས་ཀྱི་འདུ་ཤེས་ཀྱིས་བསམ་པའི་ཡན་ལག་མ་ཚང་། བྱེད་པ་སྡོམ་པའི་ཐབས་མཁས་ཀྱི་སྤྱོད་པས་ཟིན་ཅིང་ཆགས་པའི་རོ་ཡེ་ཤེས་སུ་གསལ་བས་མཐར་ཐུག་གི་ཡན་ལག་མ་ཚང་བའི་ཕྱིར་དང་། ཆོས་ཐམས་ཅད་སེམས་ཉིད་ཀྱི་རང་སྣང་དུ་ཤེས་པས་རྨི་ལམ་དུ་སྤྱད་པ་ལྟར་ཉེས་པས་མི་གོས་ཤིང་འཛག་མེད་ཀྱི་ཡེ་ཤེས་འགྲུབ་པ་སོགས་ཀྱི་དོན་དུ་འགྱུར་བས་དགག་དགོས་གནད་གཅིག་པའི་ཕྱིར་མི་འགལ་ཏེ། འདི་ཉིད་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ལ་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་དང་། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པའི་མདོ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག ། རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེའི་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་སོ། །ཡང་ཁ་ཅིག་སྡོམ་གསུམ་གནས་གྱུར་ངོ་བོ་གཅིག་ཏུ་ཡོད་པ་མི་འཐད་ཟེར་བ་ལ་ལུང་རིགས་གཉིས་ཀྱིས་དགག་སྟེ། ལུང་ནི་འདི་ཉིད་ལས། ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་སོགས་ཀྱིས་གནོད་ལ། རིགས་པ་ནི། གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་གཞན་ལ་ཕན་པ་སྒྲུབ་པའི་སེམས་པ་དེ་ཆོས་ཅན། ཁྱོད་གཞན་ལ་གནོད་པ་སྤོང་བའི་དེ་དང་། སྔགས་ཀྱི་དམ་ཚིག་ལ་བསླབ་པའི་སེམས་པ་གཉིས་ཀ་ཡིན་
ཏེ། ཁྱོད་དེ་གཉིས་དང་ངོ་བོ་བདག་གཅིག་ཏུ་གནས་པའི་ཕྱིར། སྡོམ་པ་གསུམ་གྱི་ལྡོག་པ་འགལ་བ་ཡིན་ཏེ། དཔེར་ན་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པས་ཆོ་ག་ཉན་ཐོས་ཀྱི་ལུགས་ལྟར་བླངས་པའི་ཐེག་པ་ཆེན་པོ་ཡིན་པར་ཐལ། ཉན་ཐོས་ཀྱི་དགེ་སློང་གི་སྡོམ་པ་ཉིད་སླར་སེམས་བསྐྱེད་བླངས་པས་དེར་གནས་གྱུར་པའི་རྒྱུད་ཀྱི་སྡོམ་པ་གང་ཡིན་ཡང་རུང་སྟེ། དེ་ཀུན་སློང་བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། སྡོམ་པའི་ལྡོག་པ་གཉིས་ཡོད་པ་ལས། སྔ་མ་ཚེ་འཕོས་པའི་དུས་སུ་མི་གཏོང་སྟེ། དེ་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་མ་ཡིན་པའི་ཕྱིར། ཕྱི་མ་སྡོམ་པ་ཁས་བླངས་པའི་དུས་ཀྱི་ལྡོག་ཆ་ནི་ཚེ་འཕོས་པའི་དབང་གིས་གཏོང་སྟེ་དགེ་སློང་གི་སྡོམ་པ་དེ་ཇི་སྲིད་འཚོའ་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར། རབ་དབྱེ་ལས། ཐེག་ཆེན་སོ་སོར་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་སོ། །སྡོམ་པ་གསུམ་གྱི་སེམས་པ་ལྡོག་པ་ཐ་དད་པ་གསུམ་པོ་དེ་རྣམས་སྐྱེ་འཇིག་གནས་གསུམ་དུས་གཅིག་པ་མ་ཡིན་ཏེ། ཇི་ལྟར་ཁས་བླངས་པ་ལྟར་གནས་འཇིག་བྱེད་པའི་རང་ལྡོག་མ་འདྲེས་པའི་ཕྱིར་དང་། གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་པ་སྔ་མ་རྣམས་ཕྱི་མ་དང་ངོ་བོ་གཅིག ཕྱི་མ་སྔ་མ་དང་། གནས་འགྱུར་ངོ་བོ་གཅིག་པ་མ་ཡིན་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྒྱ་ཆེ་བའི་ཕྱིར་དང་། ཕྱི་མ་བླངས་ཚེ་སྔར་གྱི་སྡོམ་པའི་རྫས་རྒྱུན་མ་ཡིན་པའི་སྡོམ་རྫས་གསར་པ་དུ་མ་ཞིག་སྐྱེ་བ་ཡོད་དགོས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེའི་རྒྱུད་ཀྱི་བྱང་སྡོམ་དང་སྔགས་སྡོམ་དུ་ཐལ། དེ་དང་དེར་གནས་གྱུར་པའི་ཕྱིར་རོ་ཟེར་ན། ལུང་རིགས་གཉིས་ཀྱིས་གནོད་དེ། ལུང་ནི། གསང་བ་སྤྱོད་པའི་རྒྱུད་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ལ། །གསེར་དུ་གྱུར་པས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་པས་གནོད་ལ། རིགས་པ་ནི། ཀུན་གཞིའི་རྣམ་ཤེས་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ། དེ་
དེར་གནས་གྱུར་པའི་ཕྱིར་རོ། །བཞི་པ་རྣམ་གྲངས་ལ། རྩ་བའི་དམ་ཚིག་ལྔ། ཡན་ལག་ལྔ་ཚན་གཉིས་ཏེ་བཅོ་ལྔ་དང་། དེ་ལས་སྤྲོས་ན་སུམ་བརྒྱ་དྲུག་ཅུར་དབྱེ་བ་དང་། མཐའ་ཡས་པར་སྤྲོ་བ་ལ་སོགས་པ་རྣམས་སོ། །བཞི་པ་ཉམས་ན་བསྐང་བའི་ཐབས་ནི། དགོངས་འདུས་ལས། ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་བཟླས་ཉམས་ཞར་ཉམས་ལྔ། །ཞེས་པ་ལྟར་ཉམས་ན། དེ་ཉིད་བསྐང་བས་རྫོགས་པར་འགྱུར་བའི་ཕྱིར་འོག་མ་དག་ལས་འཕགས་སོ། །དེའང་ཉན་ཐོས་པ་ནི་ཕམ་པ་འཆབ་བཅས་བྱུང་ན་གསོར་མི་རུང་བས་རྫ་བེའུ་ཆག་པ་དང་འདྲ་ལ། བྱང་སེམས་ནི་གསེར་དངུལ་གྱི་སྣོད་ཆག་པ་མགར་བས་བྱར་རུང་བ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉམས་པ་གསོར་རུང་བར་བཞེད་དོ། །འདིར་ནི་གསེར་གྱི་སྣོད་གཞོམ་པ་རང་གི་རྩོལ་བས་སྲོང་ཐུབ་པ་ལྟར་གཞན་ལ་མ་བརྟེན་པར་རང་སྟོབས་ཀྱིས་གསོར་རུང་བ་སྟེ། དགོངས་འདུས་ལས། གང་དེ་བསྐང་བར་བྱ་བ་ཡང་། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ཉམས་པའི་སྐྱོན་ནི། འདི་ཉིད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབས་པ་ཐམས་ཅད་ལོག་པར་འགྱུར། །ཞེས་སོགས་དང་། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་སོ། །དྲུག་པ་ཡོན་ཏན་ནི། འདི་ཉིད་ལས། རྒྱལ་བའི་རིག་པ་འཛིན་པ་སྟེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་བརླབས། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་རོལ་པ་ཕྲིན་ལས་ལ་དྲུག་ལས། དང་པོ་དགོས་ཆེད་ནི། ཕན་གདགས་པ་དང་། ཚར་བཅད་པའི་སྒོ་ནས་བདག་གཞན་གྱི་དོན་སྒྲུབ་པའི་བྱ་བ་སྟེ། ཁོག་གཞུང་ལས། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། དེའང་ཞི་བས་ཕྱི་རུ་ནད་གདོན་དང་། ནང་དུ་མཚན་རྟོག་ཞི་བར་བྱེད། རྒྱས་པས་ཕྱི་རུ་འཁོར་དང་ལོངས་སྤྱོད། ནང་དུ་ཚེ་བསོད་ཉམས་རྟོགས་འཕེལ་
ཞིང་རྒྱས་པར་བྱེད། དབང་གིས་ཕྱི་རུ་གང་དབང་དུ་སྡུད་པར་འདོད་པ་དང་། ནང་དུ་རང་སེམས་ལ་དབང་ཐོབ་པར་བྱེད། མངོན་སྤྱོད་ཀྱིས་ཕྱི་རུ་དགྲ་བགེགས་དང་ནང་ཉོན་མོངས་པ་ཕྲ་རགས་འཇོམས་པའི་ཕྱིར་ཏེ། ཐུགས་ཐིག་ལས། ཟུག་རྔུ་ཕྱི་ནང་ཞི་ཕྱིར་དང་། །སྤེལ་བྱ་གཉིས་པོ་འཕེལ་ཕྱིར་དང་། །དགུག་དབང་བཞི་པོ་བསྡུ་ཕྱིར་དང་། །གདུག་པ་རྣམ་གཉིས་འཇོམས་ཕྱིར་དང་། །ཞེས་སོ། །གཉིས་པ་ངོ་བོའ་མཚན་ཉིད་ནི། ཚད་མེད་པ་བཞིའི་རྒྱུ་ལས་བྱུང་ཞིང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་གཙོ་བོར་གཞན་དོན་སྒྲུབ་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །དེའང་ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། །ཅེས་སོ། །བཞི་པ་རྣམ་གྲངས་ལ། གཞི་ལམ་འབྲས་བུའི་ཕྲིན་ལས་གསུམ་ལས། འདིར་ལམ་གྱི་ཕྲིན་ལས་ལ། དོན་བྱ་བའི་ཡུལ། བྱེད་པའི་ཕྲིན་ལས། བྱ་ཐབས་ཀྱི་རྣམ་གྲངས་སོ། །དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡིན་ལ། དེ་ཡང་དམིགས་བསལ་གུད་དུ་ཕྱེ་ན། གནོད་སྡིག་ཅན་དང་། དབུལ་འཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་རྣམས་སོ། །གཉིས་པ་ནི། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པ་དང་ལྔའོ། །གསུམ་པ་ནི། ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱི་བྱ། །ཞེས་པའོ། །ལྔ་པ་སྐྱོན་ནི། དོན་གཉིས་མི་འགྲུབ་པ་ལ་སོགས་པ་སྟེ། རྡོ་རྗེ་ལས། དོན་གཉིས་མི་འགྲུབ་དེ་ཡི་སྐྱོན། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དེ་ལས་བཟློག་པས་རང་གཞན་གྱི་དོན་འགྲུབ་པ་སྟེ། རྡོ་རྗེ་ལས། དེ་ལས་བཟློག་པའི་ཚུལ་ལྡན་པ། །ཡོན་ཏན་ཉིད་དུ་ཤེས་པར་བྱ། །ཞེས་གསུངས་སོ། །བདུན་པ་དོན་དུ་གཉེར་བ་སྒྲུབ་པ་ལ་དྲུག་ལས། དང་པོ་དགོས་བྱེད་ནི། གང་དོན་དུ་གཉེར་བའི་བསྒྲུབ་བྱ་གཉིས་མངོན་དུ་འགྱུར་བའི་ཆེད་དེ། ཐུགས་ཐིག་ལས། ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །བདག་གཞན་དོན་ཐོབ་བཞི་ཡི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོའམ་མཚན་ཉིད་ནི། མཆོག་ཐུན་གྱི་དངོས་གྲུབ་རྣམ་གཉིས་གང་རུང་སྒྲུབ་པའི་ཐབས་ཁྱད་པར་ཅན་ནོ། །གསུམ་པ་སྒྲ་དོན་ནི། སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་བྱའོ། །ས་
དྷ་ནཱའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ། འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ། ཧེ་རུ་ཀ་འདུས་པ་ལས། རིག་འཛིན་ལམ་དང་འབྲས་བུ་དང་། །ཚེ་དང་པྲ་དང་རོ་ལངས་དང་། །རྐང་མགྱོགས་མཁའ་འགྲོ་ལ་སོགས་པ། །སྒྲུབ་པས་སྒྲུབ་པ་ཉིད་དུ་བཤད། །ཅེས་སོ། །བཞི་པ་རྣམ་གྲངས་ལ། མཆོག་ཐུན་གྱི་སྒྲུབ་པ་གཉིས་ལས། དང་པོ་ནི། འདི་ཉིད་ལས། སྒྲུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །བཤད་རྒྱུད་ལས་གསུངས་པ་ལྟར་ན། ཁོག་གཞུང་ལས། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དང་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། །གཉིས་པ་ལ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག འབྱུང་ལྔའི་ལྔ། ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་སྒྲུབ་པའོ། །བཤད་རྒྱུད་ལས་གསུངས་པ་ནི། ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ཅེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདི་ཆེད་ཕྱིར་འཇིག་རྟེན་པའོ། །ཞེས་སོ། །ལྔ་པ་སྐྱོན་ནི། སྒྲུབ་པའི་ཐབས་ཡལ་བར་དོར་ན་བསྒྲུབ་བྱའི་དོན་མི་འགྲུབ་པ་སྟེ། ཐུགས་ཐིག་ལས། ཡལ་བས་མི་འགྱངས་མི་ཐོབ་བཅུ། །ཅེས་སོ། །དྲུག་པ་ཡོན་ཏན་ནི། འདི་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་དང་། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་སོ། །བརྒྱད་པ་མི་གཡོ་བ་ཏིང་ངེ་འཛིན་ལ་དྲུག་ལས། དང་པོ་དགོས་ཆེད་ནི། རྟོགས་པའི་དོན་ལ་མི་ཡེངས་པར་དབང་བསྒྱུར་བས་སེམས་ལས་སུ་རུང་བར་བྱེད་པ་སྟེ། འདི་ཉིད་ལས། དངོས་རྣམས་ཉིད་ན་དངོས་མེད་པ། །རྟོགས་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་སོ། །གཉིས་པ་ངོ་བོའམ་མཚན་ཉིད་ནི། བསྒོམ་བྱའི་དོན་ལ་མི་གཡོ་བར་གནས་པའི་སེམས་རྩེ་
གཅིག་པའི་ཏིང་ངེ་འཛིན་ཏེ། ཧེ་རུ་ཀ་འདུས་པ་ལས། གང་དང་གང་དུ་གསལ་བའི་ཡིད། །མ་ཡེངས་པ་ཉིད་ཏིང་ངེ་འཛིན་ཏེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ། བསྒོམ་བྱ་ངོས་བཟུང་བ་དང་། ཇི་ལྟར་བསྒོམ་པའི་ཐབས་སོ། །དང་པོ་ལ་རིམ་པ་གཉིས་ལས། དེ་གཉིས་ཀྱི་གོ་དོན་ནི། སྣོད་བཅུད་ཐ་མལ་དུ་འཛིན་པ་སྤང་ཞིང་ལམ་མ་དག་པ་བདུན་དང་འབྲས་བུ་གཟུགས་སྐུའི་རྟེན་འབྲེལ་སྒྲིག་པ། ཁྱད་པར་རང་གི་དངོས་འབྲས་ཐུན་མོང་གི་དངོས་གྲུབ་འགྲུབ་པར་བྱེད་པ་ནི་བསྐྱེད་རིམ་དང་། འཕོ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་ཞིང་ལམ་དག་པ་ས་གསུམ་དང་། འབྲས་བུ་ལྷན་ཅིག་སྐྱེས་སྐུའི་རྟེན་འབྲེལ་སྒྲིག་པ། ཁྱད་པར་རང་གི་དངོས་འབྲས་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པ་ནི་རྫོགས་རིམ་གྱི་དགོས་པ་སྟེ། སྙིང་པོའི་རྒྱུད་ཕྱི་མ་ཁ་ཆེ་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་སོ། །སྦྱང་བྱ་འཁྲུལ་པ་གློ་བུར་བ་ཀུན་བརྟགས་དང་། ས་བོན་གྱི་ཆ་གཉིས་ལ་ལྟོས་ནས་ཀྱང་སྦྱོང་བྱེད་བསྐྱེད་རྫོགས་གཉིས་གསུངས་ཏེ། བསྐྱེད་རིམ་ནི། ཨུཏྤརྟི་ཀྲ་མའི་སྒྲ་ལས་དྲངས་ན། ཨུཏྤརྟི་ཞེས་པ་བཅོས་པའམ་བརྟགས་པ་ལ་འཇུག་ལ། གང་ལས་བཅོས་ཤིང་གདགས་པའི་གཞི་ནི་རྫོགས་རིམ་སྟེ། དེའི་སྐད་དོད་ནི། ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་མ་བཅོས་པའི་གྲུབ་པ་དང་རྫོགས་པ་ལ་འཇུག་ཅིང་། གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ཐབས་སམ་ལམ་གྱི་གོ་རིམ་དུ་འགྱུར་བས། བཅོས་ཤིང་བརྟགས་པ་རྗེས་དཔག་གི་ལྷའི་རྣལ་འབྱོར་འཁོར་བཅས་ལ་བསྐྱེད་རིམ་དང་། བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་ལ་རྫོགས་རིམ་ཞེས་བྱ་སྟེ། ཕྱི་མ་ཁ་ཆེ་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་གྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་སོ། །དེ་ལ་སྐྱེ་འཕགས་གཉིས་ཀྱི་ལམ་གྱི་གནས་སྐབས་ལས། སོ་སྐྱེའི་དུས་སུ་བསྐྱེད་རིམ་གྱི་མཚན་ཉིད་ནི། ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་བཅོས་ཤིང་བརྟགས་པ་ལས་བྱུང་བའི་
ཁྱད་པར་བཞི་ལྡན་གྱི་ལྷ་སྐུ་སྣང་སྟོང་ངོ་། །ཁྱད་པར་བཞི་ནི། ཆོ་གའི་ཁྱད་པར་རྒྱུད་ནས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་ནུས་པ། ངོ་བོའ་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བའོ། །རྫོགས་རིམ་གྱི་མཚན་ཉིད། ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པ་ཁྱད་པར་གསུམ་ལྡན་བཅོས་མིན་གྱི་ལྷ་སྐུ་སྣང་སྟོང་མི་བརྟན་པར་གྱུར་པ་རྒྱུའི་རྫོགས་རིམ་གྱི་དང་། དེ་བརྟན་པར་གྱུར་པ་འབྲས་བུའི་རྫོགས་རིམ་གྱི་མཚན་ཉིད་དེ། རྫོགས་རིམ་རྒྱུད་ལ་སྐྱེས་ཟིན་ནས་བསྐྱེད་རིམ་ལ་བསླབ་མི་དགོས་པའི་ཕྱིར་རོ། །འཕགས་ལམ་གྱི་དུས་ཀྱི་བསྐྱེད་རིམ་མི་འབྱུང་ལ། རྫོགས་རིམ་ལ་སློབ་པ་དང་མི་སློབ་པའི་ཡེ་ཤེས་གཉིས་ལས། དང་པོའི་མཚན་ཉིད། འཕགས་རྒྱུད་ཀྱི་ཡེ་ཤེས་གང་ཞིག ཞུ་བདེ་དང་མཚུངས་ལྡན་དུ་གྱུར་པའི་ལྷ་སྐུ་ཁ་སྦྱོར། གཉིས་པ་ནི། དག་པ་གཉིས་ལྡན་གྱི་ཡེ་ཤེས་མཐར་ཐུག་གང་ཞིག ཁ་སྦྱོར་ལ་སོགས་པའི་ཡན་ལག་བདུན་ལྡན་ཏེ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཅེས་པའི་དོན་དེ་བ་ཙནྡྲས། ལོངས་སྤྱོད་རྫོགས་པ་ནི་རྣམ་པ་ཐམས་ཅད་པའོ། །ཁ་སྦྱོར་ནི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གོ །བདེ་ཆེན་ནི་གཟུང་འཛིན་གྱི་རྟོག་པ་མེད་པའོ། །རང་བཞིན་མེད་པ་ནི་སྐྱེ་བ་མེད་པའོ། །སྙིང་རྗེ་ཡོངས་གང་ནི་མི་འགྱུར་བའི་བདེ་བའོ། །རྒྱུན་མི་ཆད་པ་ནི་རྒྱུན་གྱིས་རྟག་པའོ། །འགོག་པ་མེད་པ་ནི་ཆད་པ་མེད་པའོ། །ཞེས་བཤད་དོ། །དེ་ཡང་འབྲས་བུའི་རྫོགས་རིམ་ཡིན་ན། གཞི་ལམ་འབྲས་གསུམ་གྱི་བཟླས་ཕྱེ་བའམ་འབྲས་བུ་ཡིན་པས་མ་ཁྱབ་སྟེ། འཕགས་པ་སློབ་པ་རྣམས་དང་། ཡེ་ཤེས་ཀྱི་སྐུ་འགྲུབ་པའི་སོ་སྐྱེས་ལམ་གྱི་རྫོགས་རིམ་དེ་འབྲས་བུའི་རྫོགས་རིམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་བསྐྱེད་རིམ་ནི། སྦྱང་བྱ་འཁོར་བའི་ཆོས་སྣ་ཚོགས་པར་སྣང་བ་འདི་དག་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་འཆར་བས་འཁོར་བའི་ཆོས་ཀྱི་གཙོ་བོ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས། བསྐྱེད་རིམ་སྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལ། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་
རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་སོ། །རྫོགས་རིམ་ནི་ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་པ་ལ་སོགས་པ་རྣམས་སོ། །ལྔ་པ་སྐྱོན་ནི། ཏིང་འཛིན་མེད་ན་ལྟ་བའི་གོ་ཡུལ་བཟང་ཡང་འགྲུབ་པར་མི་འགྱུར་ཏེ། ལམ་རིམ་ལས། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིངས་ཀྱི་ཕ་བོང་ལྟར། །བསྐལ་པར་ལམ་ལ་འབད་བྱས་ཀྱང་། །དོན་མེད་སྙིང་པོ་བསྐམ་པ་ཡིན། །ཞེས་སོ། །དྲུག་པ་ཡོན་ཏན་ནི། བསྒྲུབ་བྱ་གང་ཡང་ཏིང་ངེ་འཛིན་གྱིས་འགྲུབ་པའི་ཕྱིར་ཏེ། རིན་ཆེན་དྲྭ་བ་ལས། བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་ཕྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དགུ་པ་གནས་སུ་སྟོབ་པ་མཆོད་པ་ལ་དྲུག་ལས། དང་པོ་དགོས་ཆེད་ནི། གཞན་སེལ་སྒྲིབ་པ་འབྱང་ཞིང་ཉམས་ཆག་སྐོང་། དོན་གཉེར་ལྷ་མཉེས་པས་ཚོགས་རྫོགས་ཤིང་ལས་དང་དངོས་གྲུབ་སོགས་བདག་གཞན་གྱི་དོན་འགྲུབ་པའི་ཕྱིར་ཏེ། ཐུགས་ཐིག་ལས། བདག་གཞན་དོན་རྫོགས་མཉེས་སྐོང་བ། །ཞེས་དང་། ཁོག་གཞུང་ལས། ཚོགས་གཉིས་རྫོགས་ཕྱིར་མཆོད་པ་སྟེ། །ཞེས་སོ། །གཉིས་པ་ངོ་བོའ་མཚན་ཉིད་ནི། བཀུར་བྱའི་ཡུལ་དུ་གྱུར་པ་རྣམས་སྒོ་གསུམ་གྱིས་བཀུར་ཞིང་། ཡོ་བྱད་སྟོབ་པའི་སྒོ་ནས་ཀྱང་མཉེས་པར་བྱེད་པའི་རིགས་གནས་ཏེ། ཐུགས་ཐིག་ལས། བྱ་བྱེད་བྱ་བ་བྱེད་འདུས་པས། །དགྱེས་ཚིམ་འགྱུར་བའི་དངོས་པོ་ཉིད། །ཅེས་སོ། །གསུམ་པ་སྒྲ་དོན་ནི། པཱུ་ཛའི་སྒྲ་ལས་མཆོད་པ་སྟེ། དགེ་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་སྐྱེད་པར་བྱེད་པའི་དོན་དང་། ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། བཀུར་བའི་དོན་གྱི་གནས་སུ་སྟོབ་པའི་ཕྱིར་མཆོད་པའོ། །དེའང་ཁོག་གཞུང་ལས། གནས་སུ་སྟོབ་ཕྱིར་མཆོད་པ་སྟེ། །ཞེས་སོ། །བཞི་པ་རྣམ་གྲངས་ལ་དམིགས་ཡུལ་ཞིང་གི་དང་། ཡོངས་སུ་བསྔོ་བའི་དང་། འབྲས་བུ་ལ་དམིགས་པའི་དང་། དངོས་པོའི་བྱེ་བྲག་གོ །དང་པོ་གསུམ་ནི་རིམ་པར་འཕགས་པ་མཆོད་པ་དང་། ཐར་པའི་རྒྱུར་འགྱུར་བའི་མཆོད་པ་རྣམས་ནི་འཇིག་རྟེན་ལས་འདས་པ་ཏེ། དེ་ལས་གཞན་པ་རྣམས་ནི་འཇིག་རྟེན་པའོ། །བཞི་པ་དངོས་པོའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུས་
ཞི་ཁྲོའི་མཆོད་པ་བཅུ་བཞི་བསྡོམས་སུ་སྟོན་ན། གུས་པས་ཕྱག་དང་ཕྱག་རྒྱ་གར། །ཀུན་བཟང་ཞབས་བསིལ་བཞི་བསྣོལ་ཏེ། །བདུད་རྩི་གཏོར་མ་གསང་བསྣན་དང་། །ལྷག་པ་ཏིང་འཛིན་སྒྲོལ་དང་སྦྱོར། །འདོད་ཡོན་རོལ་མོ་གླུ་ཡེ་ཤེས། །ཞེས་གསུངས་ཤིང་། དེ་རྣམས་ཇི་ལྟར་འབུལ་ཚུལ་ཡང་། ཧེ་རུ་ཀ་འདུས་པ་ལས། རྡོ་རྗེ་ལྷ་མོ་རབ་མཛེས་མ། །སོ་སོའི་ཡོ་བྱད་རབ་ཐོགས་ནས། །ནམ་མཁའ་ཁྱབ་པར་རབ་སྤྲུལ་ཞིང་། །ཡོ་བྱད་རང་ལུས་ཐིམ་པ་མཆོད། །ཅེས་སོ། །ལྔ་པ་སྐྱོན་ནི། འཆད་འགྱུར་གྱི་ཡོན་ཏན་ལས་ལྡོག་པ་སྟེ། ཐུགས་ཐིག་ལས། དེ་ལས་བཟློག་དང་མི་སྐོང་གཡེལ། །ཉམས་ཆག་མཐུ་བྱིན་བྲལ་བར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དགོས་ཆེད་དུ་བསྟན་པའི་རྗེས་སུ་འགྲོ་བ་སྟེ། ཁོག་གཞུང་ལས། ཐུན་མོང་ཁྱད་པར་ཡོན་ཏན་ལྡན། །ཞེས་གསུངས་པའི་ཕྱིར་རོ། །བཅུ་པ་འཆིང་ཟློས་སྔགས་དང་ཕྱག་རྒྱ་ལ་དྲུག་ལས། དང་པོ་དགོས་ཆེད་ནི་སྒྲིབ་གཉིས་སྦྱོང་ཞིང་། ཏིང་ངེ་འཛིན་གྱི་སྟོབས་སུ་གྱུར་པ་ལས་དང་དངོས་གྲུབ་ཐོབ་པར་བྱེད་པའི་ནུས་པ་བསྐྱེད་པ་སྟེ། ཐུགས་ཐིག་ལས། སྦྱང་ཞིང་ཉེ་བར་བསྐྱེད་པ་དང་། ཐོབ་བྱ་ལྔ་པོ་རྫོགས་བྱའི་ཕྱིར། །ཞེས་སོ། །གཉིས་པ་ངོ་བོ་ལ་གཉིས་ལས། དང་པོ་སྔགས་ཀྱི་ངོ་བོའམ་མཚན་ཉིད་ནི། ཐབས་ཤེས་ཀྱི་ཡི་གེ་འདུས་ཤིང་གྲུབ་པ་བཞིས་བྱིན་གྱིས་རློབ་པས་མཐུ་ཅན་དུ་གྱུར་པའི་རིགས་གནས་ཏེ། ཐུགས་ཐིག་ལས། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །ཞེས་སོ། །གཉིས་པ་ཕྱག་རྒྱའི་མཚན་ཉིད་ནི། རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མི་འདའ་བའི་རིགས་གནས། དེའང་ཐུགས་ཐིག་ལས། བཞི་རྫོགས་ཉིད་ལས་མི་འདའ་བ། གང་ལ་སྣང་བ་དེ་ངོ་བོ། །ཞེས་སོ། །གསུམ་པ་སྒྲ་དོན་ལ། སྔགས་ནི་མནྟྲའི་སྒྲ་ལས། མན་ནི་ཡིད་དམ་ཤེས་པ། ཏྲ་ཡ་ནི་སྐྱོབ་པའི་དཔུང་གཉེན་ལ་འཇུག་པས། ཡིད་ཤེས་བདེ་མྱུར་དུ་སྐྱོབ་ཅིང་བྱིན་རླབས་འབྱུང་བའི་ཕྱིར་སྔགས་ཏེ། ཡེ་ཤེས་སྙིང་པ་ོལས། མན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པ་ཉིད་དུ་བཤད། །ཅེས་སོ། །ཕྱག་རྒྱ་ནི། མུ་ཏྲའི་སྒྲ་ལས་མཚན་མའི་དོན་ཏེ། འདོགས་ཤིང་མཚོན་པར་བྱེད་པའམ། རྒྱས་
བཏབ་པ་ལས་འདའ་བར་དཀའ་བའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེའང་འདི་ཉིད་ལས། སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་དང་། རྒྱས་པ་ལས། འདའ་དཀའ་ཇི་བཞིན་མི་ཤིགས་པའི། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོའི་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་སོ། །བཞི་པ་རྣམ་གྲངས་ལ། སྔགས་དང་། ཕྱག་རྒྱ་གཉིས་ལས། དང་པོ་ལ། སྤྱི་དང་བྱེ་བྲག་གོ །དང་པོ་སྤྱིར་སྔགས་ལ་གསང་སྔགས། རིག་སྔགས། གཟུངས་སྔགས་དང་གསུམ། དེ་ཡང་ཐབས་ཤེས་ཀྱི་བདག་ཉིད། དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྔགས་ཏེ་ངག་ཏུ་རྗོད་པར་བྱེད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པ་ནི་གསང་སྔགས། ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོགས་པའི་སྙིང་པོར་གྱུར་པ་ནི་རིག་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ། འདི་གསུམ་གྱི་རྟགས་ཀྱང་། དང་པོ་ལྷ་ཕོའ་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའ་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །གཉིས་པ་བྱེ་བྲག་ཏུ་གསང་སྔགས་ཀྱི་སྒོར་གྱུར་པའི་སྔགས་ལ། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །ཞེས་སོ། །གཉིས་པ་ཕྱག་རྒྱ་ལའང་། རང་བཞིན་གྱི། ལྟ་བའི། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་གསུམ་ལས། དང་པོ་ནི། རྟོག་ཚོགས་ཐམས་ཅད་སྒྱུ་དྲྭའི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པ་སྟེ། འདི་ཉིད་ལས། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་སོ། །གཉིས་པ་ནི། ལྟ་བ་ཕྱག་རྒྱ་ཆེན་པོས་ཐ་མལ་གྱི་རྟོག་པ་ལ་རྒྱས་འདེབས་པར་བྱེད་པ་སྟེ། འདི་ཉིད་ལས། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀྱང་། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོ། །གསུམ་པ་ནི། ཞི་ཁྲོའི་ལྷ་ཚོགས་གང་བསྒོམ་ཡང་། ཕྱག་རྒྱ་བཞི་ལྡན་ནམ། བདུན་ལྡན་དུ་བསྒོམ་པ་སྟེ། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །ལྔ་པ་སྐྱོན་ནི། སྔགས་
དང་ཕྱག་རྒྱ་སྤངས་ན་གསུང་གི་དམ་ཚིག་ཉམས་པས་ཕུང་ཞིང་འབྲས་བུ་མེད་པར་འགྱུར་ཏེ། ཐུགས་ཐིག་ལས། རལ་གྲིའི་སོ་ལ་བཟུང་ཉེས་ལྟར། །ནན་ཏན་མེད་པའི་གསང་སྔགས་པ། །ཕུང་ཞིང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །དྲུག་པ་ཡོན་ཏན་ནི། དེ་ཉིད་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །ཅེས་གསུངས་སོ། །ལམ་གྱི་ཆ་རྐྱེན་དངོས་བཅུ་བཤད་ཟིན་ཏོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི་གོ་སླའོ། །ལྔ་པ་གདམས་གཏད་ནི། འཁོར་རྣམས་ལ་ཟབ་མོའ་རྒྱུད་གཅེས་སྤྲས་ཀྱི་སྒོ་ནས་གདམས་ཤིང་བསྟན་པའི་སྙིང་པོ་དེ་དར་ཞིང་མི་ནུབ་པར་བྱ་བའི་ཕྱིར་གཏད་པ་སྟེ། རྒྱས་པ་ལས། ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་གསུངས་པའི་ཕྱིར་རོ། །རེ་ཞིག་དེ་ཙམ་ཞུས་ནས། སྔོན་གྱི་མཁས་པ་རྣམས་ཀྱི་འགྲེལ་བཤད་རྣམས་སུ་བརྒལ་བརྟག་གི་རིགས་པ་ཕྲ་མོའ་བཤད་པ་མཛད་པ་མི་སྣང་བས་མཚན་ཉིད་ཀྱིས་མཚོན་བྱ་ལ་ཁྱབ་མ་ཁྱབ་ཀྱི་མཐའ་མ་ཆོད་ཅིང་། འགལ་བ་དང་མ་འབྲེལ་བ་དང་མ་རྟོགས་ལོག་རྟོག་སོགས་ཀྱི་སྐྱོན་མཁས་པའི་དབང་པོ་རྣམས་ཀྱིས་བཟོད་པར་བཞེས་ནས་ཉེས་སྐྱོན་དག་ལེགས་པར་འཆོས་འཚལ་ལོ། །ཤིན་ཏུ་རྙེད་དཀའ་གསང་ཆེན་རྡོ་རྗེའི་ཚིག །དང་པོའི་འགྲོ་ལ་རྟོག་གེ་རིགས་པའི་ལུང་། །རྣམ་པར་ཕྱེ་འདི་དཔལ་ལྡན་རྒྱུད་རྒྱལ་གྱི། །གསང་ཆེན་ལམ་འདིར་འཇུག་ལ་ཕན་ཕྱིར་དང་། །ཁྱད་པར་སྐྱབས་མཆོག་བླ་ན་མེད་པ་གང་། །ཁྱབ་བདག་རྗེ་དྲུང་བཞད་པ་རྡོ་རྗེ་ལ། །མཁའ་འགྲོའི་གསང་ལུང་ཉིད་ཀྱིས་ལེགས་བསྐུལ་བའི། །བཀའ་ལུང་སྤྱི་བོར་ཕེབས་འཕྲལ་གུས་བཏུད་དེ། །སྔོན་རབས་མཁས་པའི་རྣམ་བཤད་དཔག་མེད་ལས། །བདག་ལྟས་དོན་གཞན་བརྗོད་པར་ནུས་མིན་ཡང་། །རྒྱུད་དོན་ཇི་བཞིན་འཆད་ལ་ཟླ་བྲལ་བ། །དཔལ་ལྡན་བླ་མ་གཏེར་བདག་གླིང་པ་དང་། །ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་ཡི། །ཐུགས་མཚོར་འཁྱིལ་
བའི་རྒྱུད་དོན་བདུད་རྩིའི་རྒྱུན། །དད་བརྩོན་རྔ་ཡབ་རྩེ་མོས་བཅུད་དུ་བླངས། །ཅུང་ཟད་མྱོང་འདི་སྐལ་བ་བཟང་པོར་བྱས། །གསང་ཆེན་ཟབ་མོ་བྱིས་པའི་སྤྱོད་ཡུལ་མིན། །འོན་ཀྱང་དམ་པའི་གསུང་གིས་བསྐུལ་བར་བརྟེན། །བླུན་པོས་ཚུལ་འདི་གྲོང་ཚིག་བརྗོད་པའི་གཏམ། །ཡི་གེར་སྤེལ་ལ་ནོངས་པ་གང་མཆིས་བཤགས། །འདི་ལས་རྣམ་དཀར་དགེ་བ་གང་ཐོབ་པ། །དེ་ཡིས་མཁའ་མཉམ་ལུས་ཅན་མ་ལུས་ཀུན། །རྨད་བྱུང་ལམ་གྱིས་དྲི་མ་ཡོངས་སྦྱངས་ནས། །རང་བྱུང་ཡེ་ཤེས་མངོན་དུ་རྟོགས་པར་ཤོག །ཅེས་པ་འདི་ནི་སྐྱབས་ཀུན་འདུས་པའི་བདག་ཉིད་རྗེ་བླ་མ་བློ་བཟང་ཕྲིན་ལས་དབང་པོའམ་མཚན་གཞན་ཁྱབ་བདག་རྗེ་དྲུང་བཞད་པ་རྡོ་རྗེ་ཞེས་སྙིགས་དུས་འགྲོ་བ་ཀུན་གྱི་འདྲེན་མཆོག་དམ་པར་གྱུར་པ་ལ། མཁའ་འགྲོའི་གསང་ལུང་དུ་འདི་ལྟར་བྱུང་སྟེ། ཧྲཱི༔ རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་ནི་དུས་གསུམ་གྱི་རྒྱལ་བའི་དགོངས་ཉམས་གཅིག་ཏུ་དྲིལ་བ་ཡིན་པས། དེ་ཉིད་འཆད་པ་དང་། བརྒལ་བརྟག་གིས་གཏན་ལ་འབེབས་པ་སྨོན་ལམ་གྱི་མཐུ་གྲུབ་པ་ནི་ཆོས་ཀྱི་མཛོད་འཛིན་སྨིན་གྲོལ་གླིང་དུའོ། །དེ་བས་ན་དེར་དེ་བསྐུལ་བར་བྱའོ། །ཡང་ནས་ཡང་དུ་ཡིན་ནོ། །ཞེས་ལུང་བསྟན་པའི་དོན་བཞིན། འདི་ཉིད་ལ་རིགས་ལམ་ནས་དྲངས་པའི་བརྒལ་བརྟག་གི་ཟིན་བྲིས་ཤིག་རྩོམ་པར་གྱིས་ཤིག་ཅེས་པའི་བཀའ་ལུང་གནང་སྐྱེས་བཟང་པོ་དང་བཅས་སྤྱི་བོར་ཕེབས་འཕྲལ་དང་དུ་བླངས་ཏེ། མདོ་སྔགས་གཞུང་ལུགས་ཀྱི་ཚིག་དོན་ཅི་རིགས་བློ་ཡུལ་དུ་ལོངས་པའི་སྨིན་གླིང་གྲྭ་པའི་ཐ་ཤལ་བ་དགེ་སློང་དྷརྨ་ཀིརྟིས་རང་ལོ་ང་བདུན་པ་བསམ་གཏན་གྱི་ཐུན་བར་རྣམས་སུ་རྩོམ་པའི་བྱ་བ་ལ་ཞུགས་ཏེ། ཆུ་བྱི་ཧོར་ཟླ་གཉིས་པ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོའི་ཚེས་གཉིས་གཟའ་ཚེས་ཕུན་སུམ་ཚོགས་པ་རྗེ་བླ་མའི་དུས་དྲན་གྱི་མཆོད་པའི་ཉིན་རང་གི་གྲྭ་ཁང་དུ་གྲུབ་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་འ གྱུར་ཤོག དགེའོ། །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།། །།