༄༅། ། ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའིསྲོག་གྲུབ་བཞུགས་སོ། །
དྷཱི། ༔ འཇམ་དཔལ་སྒྲུབ་ཐབས་ལས་ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་གྲུབ་སྦྱར་བར་འདོད་ན། ཕྱི་རྟེན་མདའ་དར་དང༌། ཚེ་འབྲང་ཚེ་རྫས་ཀྱི་རིལ་བུས་བསྐོར་བ་དང༌། ཚེ་ཆང་བཤམས་ལ་ལས་གཞུང་བསྲང༌། བསྟོད་པའི་མཇུག་ཏུ་འཆི་མེད་ཚེ་སྒྲུབ་ཀྱི་བཟླས་དམིགས་འདི་སྦྱར་བར་བྱ་སྟེ། ཐུགས་ཀར་རྡོ་རྗེའིརྒྱ་གྲམ་སྟེང༔ གསལ་འཚེར་ཉི་ཟླའི་གྭའུ་རུ༔ སྔགས་ཀྱི་ཕྲེང་བའི་དབུས་ཉིད་ན༔ དྭངས་མའི་ཐུགས་སྲོག་དྷཱིཿཡི་དབུས༔ མི་ཤིགས་བྷྲཱུྃ་གྱི་ཡི་གེའི་ཁོང༔བདག་གི་བསོད་ནམས་ངོ་བོ་ནི༔ ཨ་ཡིག་དཀར་པོའི་ཁོང་སེང་དུ༔ སྲོག་དངོས་ནྲྀ་ལྗང་འོད་དུ་འབར༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས༔ རང་གི་བླ་ཚེ་བརྐུས་ཉམས་བཀུག༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན༔ འོད་དུ་བཞུས་པའི་དྭངས་མའི་བཅུད༔ ཨཱཿཡིག་དཀར་པོ་འོད་ཟེར་དང༔ བཅས་པའི་རྣམ་པར་འུབ་ཀྱིས་འདུས༔ སྙིང་གའི་ས་བོན་ལ་ཐིམ་པས༔ གཟི་བརྗིད་བཀྲག་མདངས་ཆེས་ཆེར་རྒྱས༔ དེ་ཡང་གཉུག་མའི་རིག་པ་དང༔ རོ་མཉམ་འགྱུར་མེད་ངང་དུ་བསྲེ༔ གཞོམ་མེད་རྡོ་རྗེའི་སྲོག་གྲུབ་གྱུར༔ ཅེས་དམིགས་པ་དྲག་ཏུ་རྩལ་སྤར་ལ། ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་ནྲྀ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུཿཥེ་ཧཱུྃ་ཨཱཿ བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར་ལ་བཟླས་པས་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། ། གཞན་དོན་དུ་བྱེད་ན་གཞན་ལྷར་གསལ་ལ་དམིགས་པ་སྤོའོ། ། ཐུན་མཐར་ཚེ་འགུགས་པ་ནི་དམིགས་པ་གཟིར་ཞིང་དབྱངས་
སྙན་པ་བཅས་མདའ་དར་གཡབ་ལ། ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ཀུན་མཉམ་པ་ཉིད་གྱུར་པའི། ། གདོད་ནས་རྣམ་དག་རང་བྱུང་ཡེ་ཤེས་སྐུ། ། འཕོ་འགྱུར་བྲི་གང་བྲལ་བ་ཚེ་ཡི་ལྷ། ། བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། ། བདེ་སྟོང་ཕྱག་རྒྱ་ཆོས་དབྱིངས་ལྷ་མོ་ཆེ། ། གང་འདུལ་རྣམ་རོལ་སྲས་བཅས་རྒྱལ་བའི་ཚོགས། ། ཏིལ་གྱི་གོང་བུ་ཕྱེ་བ་ལྟ་བུ་ཡི། ། རབ་འབྱམས་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀུན། ། ཐུགས་དམ་བསྐུལ་ལོ་ཡེ་ཤེས་ཐུགས་རྗེས་དགོངས། ། བདེ་སྟོང་རྡོ་རྗེའི་ལྕགས་ཀྱུ་ཞགས་པ་སོགས། ། འོད་ལྔའི་ཟེར་ཕྲེང་ཕྱག་མཚན་མགྱོགས་མའི་ཚོགས། ། ཁ་བ་བུ་ཡུག་བཞིན་དུ་འཚུབས་པ་ཡིས། ། སྣོད་བཅུད་སྲིད་དང་ཞི་བའི་སྣང་ཆ་ཀུན། ། བདེ་སྟོང་འོད་དུ་འཁྱིལ་ཞིང་ཤིགས་ཤིག་བསྐྱོད། ། རང་གི་བླ་ཚེ་ཉམས་འཁྱར་ཡར་བ་དང༌། ། གདོན་བགེགས་བྱད་ཀྱིས་བརྐུས་པ་ཐམས་ཅད་བཀུག། ནམ་མཁའ་ང་མེ་ཆུ་ས་འབྱུང་བའི་བཅུད། ། ནམ་མཁའི་དབྱིངས་ཁྱབ་ཁམས་གསུམ་སྐྱེ་རྒུའི་དཔལ། ། ལྷ་དང་དྲང་སྲོང་གྲུབ་པའི་སྟོབས་རྩལ་དང༌། ། ཉི་ཟླ་ནོར་བུ་དཔག་བསམ་གཏེར་གྱི་གཡང༌། ། སྲས་བཅས་རྒྱལ་བ་རྩ་གསུམ་ཚེ་ཡི་ལྷའི། ། མི་ཟད་བྱིན་རླབས་གསང་བའི་ཚེ་མཆོག་བཅུད། ། མདོར་ན་འཁོར་འདས་ལམ་གྱི་དཔལ་ཡོན་ཀུན། ། འོད་ལྔའི་ཐིག་ལེ་སྐུ་དང་ཡིག་འབྲུ་དང༌། ། ཕྱག་མཚན་བཀྲ་ཤིས་རྫས་ཀྱི་རྣམ་པ་རུ། ། ཁབ་ལེན་རྡོ་ཡིས་ལྕགས་བཞིན་བསྡུས་ནས་ཀྱང༌། ། མཁའ་དབྱིངས་འོད་དུ་འཁྱིལ་བའི་ལུ་གུ་རྒྱུད། ། དྭངས་མ་སྲོག་གི་རྟེན་ལ་བསྟིམས་མཛད་ནས། ། མི་ཤིགས་
རྡོ་རྗེ་ཚེ་ཡི་ཀ་བ་ཚུགས། ། རྩ་ང་ཐིག་ལེ་ལུས་ཀྱི་འབྱུང་བ་གསོས། ། ཉམས་རྟོགས་ཡེ་ཤེས་མཐུ་རྩལ་ནུས་པ་སྤེལ། ། འཆི་མེད་འོད་སྐུ་འགྲུབ་པར་མཛད་དུ་གསོལ། ། འཁོར་འདས་བདེ་ཆེན་ཐིག་ལེར་གྲོལ་བའི་དཔྱིད། ། རང་སྣང་ཡེ་ཤེས་བདུད་རྩིའི་སྤྲིན་ཆེན་ལས། ། རྩ་གསུམ་རྒྱལ་བ་དགྱེས་པའི་བྱིན་རླབས་རྒྱུན། ། འཛད་མེད་ཆར་དུ་ཕོབ་ལ་དགེ་མཚན་བསྐྱེད། ། གསང་བའི་དམ་རྫས་རྣམས་ལ་བཅུད་མཆོག་བསྐྱིལ། ། རྩ་རླུང་རིག་པའི་ཁམས་ལ་བདེ་དྲོད་སྤོར། ། གསང་མཆོག་བསྒྲུབས་པའི་རྟགས་མཚན་དངོས་སུ་སྟོན། ། རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། ། རིག་སྟོང་ཀུན་ཁྱབ་གདོད་མའི་ཡེ་ཤེས་ནི། ། རང་བྱུང་འཕོ་འགྱུར་བྲལ་བའི་ངང་ཉིད་དུ། ། འཕོ་ཞིང་གཡོ་བའི་འགྱུར་བ་ཀུན་བསྡམས་ནས། ། གཞོམ་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད། ། ཅེས་ཚེ་བཀུག་ནས་མཐར་རྒྱས་གདབ་གསུམ་གྱི་རྟེན་འབྲེལ་བྱ་སྟེ། དེ་ཡང་དང་པོ་ཚེ་མི་ཉམས་པར་གནས་པའི་ཕྱིར་སྲུང་བའིརྒྱལ་པོ་བྷྲཱུྃ་གྱིས་རྒྱས་གདབ་པ་ནི། ཚེ་བཅུད་ཐམས་ཅད་བཀུག་ནས་བསྟིམ་པའི་མཐར། བྷྲཱུྃ་ལས་འོད་འཕྲོས་པས་ཕྱིའི་ཉི་ཟླའི་གའུ་སྒོ་ང་ལྟར་སྲུབས་མེད་པ་སྲ་བརྟན་རྡོ་རྗེའི་རང་བཞིན་དུ་གྱུར་པས་ཚེ་ཉམས་ཤིང་འཕོ་བ་མེད་པར་བྱིན་གྱིས་བརླབས་པར་བསམས་ལ། བྷྲཱུྃ་གཅིག་པུ་ཅི་རིགས་བཟླ། དེ་ནས་བར་ཆད་དང་གནོད་པ་སྲུང་ཕྱིར་དྲག་པོ་ཐུགས་ཀྱི་ཡི་གེས་རྒྱས་གདབ་པ་ནི། ཧཱུྃ་བཟླས་པས་གའུའི་ཕྱི་ནས་ཧཱུྃ་ལས་བྱུང་བའི་རྡོརྗེ་རྩེ་གསུམ་པའི་དྲྭ་བ་ལུ་གུ་རྒྱུད་དུ་འབྲེལ་བ་ལྟེ་བར་ཧཱུྃ་གིས་མཚན་པས་གའུ་དང་གདན་རྡོ་རྗེ་རྒྱ་གྲམ་མིཕྱེད་པར་བཅིངས་ཤིང་གང་གིས་ཀྱང་མི་ཚུགས་པའི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་པར་བསམས་ལ། ཧཱུྃ་ཇི་རིགས་པ་བཟླའོ། ། གསུམ་པ་ནམ་ཡང་མི་འཕོ་བའི་ཕྱིར་དུ་གཞོམ་མེད་ཀྱི་ཡི་གེས་རྒྱས་གདབ་པ་ནི། དྭངས་མའི་སྲོག་བཅུད་དེ་དག་གཉུག་མའི་སྲོག་དང་རང་བཞིན་གྱིས་འདུ་འབྲལ་མེད་པར་ཤེས་པའི་ལྟ་བས་གདོད་མའི་རིག་པ་འགྱུར་མེད་བློ་འདས་ཀྱི་ངང་ལ་བཞག་ཅིང་དེའི་མདངས་སྐྱོང་བཞིན་ཨ་ཞེས་བཟླས་པས་རྒྱས་གདབ་པར་བྱའོ། ། རྟགས་མཐོང་ནས་རྫས་ལས་དངོས་གྲུབ་བླངས་ཤིང་ཐུན་མཐར་མཆོད་བསྟོད་སོགས་ཆོ་གའི་ལས་རྗེས་གཞུང་ལྟར་བྱའོ། ། ཟབ་ཨི་ཐིཿ རིག་འཛིན་བརྒྱུད་པའི་མན་ངག་གི་སྙིང་པོ་ཡིན་ནོ་གསང་རྒྱ། རབ་ཚེས་ལྕགས་སྦྲུལ་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ལ་བྲིས་སོ་དགེ ། ། །