རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ལེའུ་གཉིས་པ་བཤད་པ།
དེ་ལྟར་རྗེས་སུ་དཔག་པའི་ཚུལ་ཇི་ལྟར་ཡིན་པ་སྔོན་དུ་སོང་བའི་སྒོ་ནས་ཚད་མ་མདོའི་མཆོད་པར་བརྗོད་པའི་དོན་བཞིན་ལེའུ་གཉིས་པ་འདིར་ཐར་ལམ་རིགས་པས་སྒྲུབ་ཚུལ་བཤད་པ་ལ། སྟོན་པ་ཚད་མའི་སྐྱེས་བུར་བསྟན། །དེ་ཡི་སྒྲུབ་བྱེད་རྒྱས་པར་བཤད། །དེ་ལྟར་བསྟན་པའི་དགོས་པ་གསུམ། །དང་པོ་ལ། ཚད་མ་སྤྱི་ཡི་མཚན་ཉིད་བཤད། །དེ་ཕྱིར་ཐུབ་པ་ཚད་མར་བསྟན། །དང་པོ་ལ། ཚད་མའི་མཚན་ཉིད་བསྟན་པ་དང༌། །དེ་ལས་རྣམ་གཅོད་གྲུབ་པའི་ཚུལ། །དེ་ལ་རྩོད་པ་སྤང་བའོ། །དང་པོ།
ཚད་མ་བསླུ་མེད་ཅན་ཤེས་པ།།ཚ༷ད་མ༷་ནི་བསླུ༷་བ་མེད་པ་ཅ༷ན་གྱི་ཤེས་པ༷་ལ་བྱ་བ་ཡིན་ནོ། །ཞེས་སོ།།
གཉིས་པ་དེ་ལས་རྣམ་གཅོད་གྲུབ་པའི་ཚུལ་ནི།
དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་སྒྲ་ལས་བྱུང་བ་ཡང༌།།མངོན་པར་འདོད་པ་སྟོན་ཕྱིར་རོ། །སྨྲ་བ་པོ་ཡི་བྱེད་པའི་ཡུལ།།དོན་གང་བློ་ལ་རབ་གསལ་བ། །དེ་ལ་སྒྲ་ནི་ཚད་མ་ཉིད།།དོན་གྱི་དེ་ཉིད་རྒྱུ་ཅན་མིན། །གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི།།མི་འདོད་་་་་།གལ་ཏེ་ཡུལ་སྣང་བ་ཡོད་པ་ཙམ་གྱིས་དེ་ལ་མི་སླུ་བ་ཡིན་ན་ནི་ཟླ་བ་གཉིས་སྣང་ལྟ་བུ་རྟོག་མེད་འཁྲུལ་ཤེས་དང་ཐག་ཁྲ་སྦྲུལ་འཛིན་ལྟ་བུ་རྟོག་པ་ལོག་ཤེས་ལ་ཡང་རང་སྣང་གི་ཡུལ་ཡོད་ཅིང༌། ཡུལ་ཐོབ་པ་ཁོ་ན་ལ་འཛིན་ན་ནི་མངོན་སུམ་རྗེས་དཔག་གིས་ཀྱང་བཟུང་བ་མ་ཐོབ་ཐོབ་པ་མ་བཟུང་བར་འགྱུར་ཏེ་ཡུལ་དང་ཡུལ་ཅན་སྐད་ཅིག་མ་ཉིད་ཀྱི་ཕྱིར་བསླུ་མེད་ཀྱི་ཤེས་པ་ཞེས་བྱ་བ་འདི་མི་སྲིད་པར་འགྱུར་རོ་ཞེ་ན། སྐྱེས་བུའི་འཇུག་ཡུལ་གྱི་དོན་རང་མཚན་འདི་དོན་བྱེད་ནུས་པ་ཡིན་པས་ན་ཐ་སྙད་དཔྱོད་པས་འདི་ལ་བརྟག་ཅིང་འཇུག་ལྡོག་བྱེད་ཀྱི། དོན་བྱེད་མི་ནུས་པ་འཇུག་ལྡོག་གི་ཡུལ་དུ་བརྟག་པ་ལ་དགོས་ནུས་མེད་པར་སྔར་བཤད་པ་ལྟར་ཡིན་པས་ན། བློ་འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་ཞུགས་པ་དེ་ལྟར་དོན་བྱེད་ནུ༷ས་པ༷ར་གན༷ས་པ༷་ནི་མི་སླུ༷་བར་གྱུར་པ་གང་ཡིན་པ་དེ་ཙམ་ལ་བློ་དེས་བཅད་པ་ལྟར་དོན་ཐོབ་པའི་ཕྱིར་ཚད་མ་ཞེས་བྱ་སྟེ་དེ་ལྟར་ཐོབ་པ་ཡོད་པ་ནི་འཇིག་རྟེན་ན་བསྙོན་དུ་མེད་པར་ཡོད་པ་འདི་ཙམ་ལས་ཀུན་ཏུ་ཐ་སྙད་པའི་ཚད་མའི་དོན་ཡོངས་སུ་རྫོགས་པ་ཡིན་པས་ན་ལོག་ཤེས་རྣམས་ནི་ཤེས་པས་བཅད་པ་ལྟར་དོན་གྱི་ངོ་བོར་མེད་ལ། སྐད་ཅིག་ཕྱེ་ནས་དཔྱད་པ་ཡང་མི་དགོས་པས་མི་སླུ་བའི་ཤེས་པ་ནི་དེ་ལྟར་སྲིད་པ་ཡིན་ནོ། །དེ་ལའང་ལས་སུ་བྱ་བ་ཡུལ་གང་ལ་མི་སླུ་ན། ཇི་ལྟར་བཅད་པའི་དོན་རང་མཚན་དེ་ལའོ། །བྱེད་པ་པོ་གང་གིས་མི་སླུ་ན་ཚད་མ་གཉིས་ཀྱི་བློ་དེས་སོ། །ཇི་ལྟར་མི་སླུ་ན་དེས་ཡོད་པར་བཅད་ན་ཡོད་པར་མི་སླུ་བ་དང༌། མེད་པར་བཅད་ན་མེད་པར་མི་སླུ་བ་དང༌། དེ་བཞིན་དུ་ཡིན་པའམ་མིན་པར་བཅད་པ་ལྟར་དོན་ལ་དེ་ལྟར་གནས་པར་གྱུར་པའི་ཕྱིར་རོ། །ཡང་མཚན་ཉིད་འདི་ལ་མི་ལྡན་རྣམ་གཅོད་མེད་པས་མ་ཁྱབ་པར་འགྱུར་ཏེ། སྒྲ་བྱུང་གི་ཚད་མ་ནི་ཤེས་པ་མིན་ཡང་མི་སླུ་བའི་ཚད་མ་ཡིན་ནོ་ཞེ་ན། སྤྱིར་སྒྲ་བྱུང་ཚད་མ་ཞེས་པ་འདི་ཅི་ཞིག སྒྲ་ལས་བྱུང་བའི་ཉན་ཤེས་ལ་ཟེར་རམ། དེའི་རྗེས་སུ་སྒྲ་སྤྱི་འཛིན་པའི་རྟོག་པ་ལ་ཟེར་རམ། སྒྲ་རང་ཉིད་ལས་བརྗོད་བྱ་རྟོགས་པ་ལ་ཟེར། དང་པོ་ལྟར་ན་མངོན་སུམ་ཚད་མ་ཡིན་ལ། གཉིས་པ་ལྟར་ན་རྗེས་དཔག་ཏུ་འགྱུར་བ་ཡང་རུང་སྟེ། སྒྲ༷་ལ༷ས་བྱུ༷ང་བ༷་ཉན་ཤེས་ཀྱི་བློ་ཡ༷ང་རྗོད་པ་པོས་ཇི་ལྟར་གཞལ་བ་མངོན་པ༷ར་འདོད་པ༷་ཡི་དོན་སྟོན་པ་ལ་རྟགས་སུ་གྱུར་པའི་སྒྲ་དེ་འཛིན་པའི་བློ་ཡིན་པའི་ཕྱིར་རོ། །དེ་ལས་ཇི་ལྟར་རྗེས་སུ་དཔག་ཅེ་ན། སྨྲ༷་བ༷་པོ་ཡི་ངག་གིས་རྗོད་པར་བྱེད་པ༷འི་ཡུ༷ལ་དུ་གྱུར་པའི་དོན་ག༷ང་ཞིག་ཁོ་རང་གི་རྟོག་བཅས་ཀྱི་བློ་ལ༷་ར༷བ་ཏུ་གས༷ལ་བ༷་དེ་ཙམ་ལ༷་སྒྲ༷་དེ་ནི་ཚ༷ད་མ༷་ཉིད་ཡིན་ཏེ་དེའི་འབྲས་རྟགས་ཡིན་པས་སོ། །ཡང་གི་སྒྲས་ནི་གློག་དང་རི་མོ་དང་སྤྲིན་ལ་སོགས་པར་སྣང་བ་སྡུད་དེ་འདི་རྣམས་ལའང་ཐོབ་པ་མེད་ཀྱང་དེར་སྣང་བ་ཙམ་གྱིས་དེ་ལ་ཚད་མར་སོང་བ་ཡིན་ཞེས་སོ། །འོ་ན་རྨི་ལམ་གྱི་སྣང་བ་དང་ཟླ་གཉིས་ལའང་ཚད་མར་འགྱུར་རོ་ཞེ་ན། དེར་སྣང་བ་ཙམ་ལ་ཚད་མར་སོང་ཡང་མི་འགལ་ཏེ། རང་རིག་གིས་གྲུབ་པའི་ཕྱིར་དང་དེར་སྣང་ཙམ་མེད་པར་མ་བཅད་ལ། དེ་དག་ཐོབ་པའི་དོན་བྱེད་ནུས་པར་ཡང་མ་བཅད་དེ་དོན་བྱེད་མི་ནུས་པར་ཚད་མས་བཅད་པ་ལྟར་མི་སླུ་བ་ཡང་ཡིན་ནོ།།གསུམ་པ་ལྟར་མངོན་རྗེས་གང་ཡང་མིན་པའི་སྒྲ་ལས་དོན་རྟོགས་པ་ནི་ལུང་ལས་ལྐོག་གྱུར་རྟོགས་པ་ལྟ་བུ་སྟེ་དེ་ལ་སྒྲ་ཙམ་ཚད་མ་ཡིན་པས་སོ་ཞེ་ན། སྒྲ་ཙམ་དོན་ལ་ཚད་མར་གྱུར་པའི་རྒྱུ་མཚན་གང་ཡང་མེད་ཅིང༌། ཕྱི་རོལ་དོན་གྱི་དེ་ཁོ་ན་ཉིད་རྟོགས་པའི་རྒྱུ༷་མཚན་ཅ༷ན་མིན་ཏེ། སྒྲ་དང་དོན་ལ་མེད་ན་མི་འབྱུང་གི་འབྲེལ་བ་མེད་པར་ལན་མང་དུ་དཔྱད་ཟིན་ཏོ། །འོ་ན་ཤིན་ཏུ་ལྐོག་གྱུར་ལ་ལུང་གིས་འཇལ་བ་དེ་ཚད་མ་གཉིས་ཀྱི་ཡུལ་ནི་མ་ཡིན་ལ་མི་སླུ་བ་ཡོད་པས་ལུང་གི་སྒྲ་ཙམ་གཞལ་བྱ་དེ་ལ་ཚད་མར་སོང་བ་མིན་ནམ་སྙམ་ན། དེ་དཔྱད་པ་གསུམ་གྱིས་དག་པའི་ངག་ལས་རྗེས་སུ་དཔག་པ་ཡིན་གྱི་སྒྲ་ཙམ་གྱི་སྟོབས་ཀྱིས་ནི་མ་ཡིན་ཏེ་འཁྲུལ་སྲིད་པའི་ཕྱིར་རོ།།གལ་ཏེ་སྐྱེས་བུའི་ངག་ལས་ཀྱང་བདེན་པའི་དོན་ཐོབ་པ་དང༌། མྱོང་སྟོབས་དང་རྟགས་ལ་བརྟེན་ནས་སྒྲོ་འདོགས་མ་ཆོད་ཀྱང་མཐའ་གཅིག་ཏུ་འཛིན་པའི་ཡིད་དཔྱོད་ལས་ཀྱང་དོན་རྙེད་པ་དང༌། ཐེ་ཚོམ་ཟ་བ་ལས་ཀྱང་དོན་ཐོབ་པ་ཞིང་ལས་དང་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བ་ལྟ་བུ་མི་སླུ་བ་ཡང་ཡོད་པ་མིན་ནམ་ཞེ་ན། དེ་ལས་རེས་འགའ་དོན་ཐོབ་པའང་ཡོད་མོད་ཀྱི་རྣམ་པ་ཀུན་ཏུ་མི་སླུ་བ་མ་ཡིན་ཏེ་རེས་འགའ་སླུ་བར་སྲིད་ལ་ཚད་མས་བཅད་པ་ནི་རྣམ་པ་ཀུན་ཏུ་མི་སླུ་བའི་ཕྱིར་རོ། །དོན་རང་མཚན་ལ་མི་སླུ་བ་ཡིན་ན་ཕྱི་དོན་ཁས་མི་ལེན་པའི་རྣལ་འབྱོར་སྤྱོད་པའི་ལུགས་ལ་ཚད་མ་ཇི་ལྟར་སྲིད་སྙམ་ན། ཕྱི་རོལ་གྱི་དོན་མ་གྲུབ་ཀྱང་བག་ཆགས་བརྟན་བྱུང་གི་ཤེས་པ་དོན་ལྟར་སྣང་བ་ལ་ཇི་ལྟར་བཅད་པ་ལྟར་མི་སླུ་བ་འདི་ལའང་ཡོད་པས་ན་ཚུ་རོལ་མཐོང་བའི་ཡུལ་དུ་དོན་བྱེད་པའི་སྣང་བ་བསླུ་མེད་བསྙོན་མེད་དུ་གྲུབ་པ་དེ་ཙམ་ཞིག་གིས་ཐ་སྙད་ཀྱི་དོན་བྱས་པས་ན་ཁྱད་པར་གང་ཡང་མེད་དོ། །ཡང་མི་སླུ་བའི་ཤེས་པ་ཞེས་པའི་མཚན་ཉིད་འདིས་གཞན་ལྡན་མ་བཅད་དེ་བཅད་ཤེས་ལ་ཁྱབ་ཆེས་སོ་སྙམ་ན། དེ་ནི་ཚད་མ་སྔ་མས་བཅད་ཟིན་པའི་གཟུ༷ང་བ༷་ཡི་བྱེད་པ་མ་ཉམས་པའི་དོན་དེ་སླར་ཡང་འཛིན་པ་ཙམ་ཡིན་པའི་ཕྱིར་མིང་གཞན་ཀུ༷ན་རྫོབ་ཀྱི་ཤེས་པའམ་ངེས་ཤེས་སམ་བཅད་ཤེས་ནི་ཚད་མར་མི་འདོད་དེ་མི་སླུ་བའི་བྱ་བ་ཚད་མ་སྔ་མས་བྱས་ཟིན་པའི་ཕྱིར་དེའི་སྟོབས་ལས་འདི་དོན་མཐུན་གྱི་ཤེས་པར་གྱུར་པ་ཡིན་གྱི་རང་སྟོབས་ཀྱིས་ནི་མ་ཡིན་ཏེ་ཡིད་དཔྱོད་བདེན་པ་བཞིན་ནོ།།
གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ། ཤེས་པ་ཁོ་ན་ཚད་མར་འཐད། །ཚད་མའི་བསྟན་བཅོས་དོན་མེད་མིན། །མཚན་ཉིད་གཞན་བསྟན་འདིར་དོན་གཅིག །དང་པོ།་
་་་་བློ་ནི་ཚད་མ་ཉིད། །བླང་དང་དོར་བྱའི་དངོས་པོ་ཡི།།འཇུག་ལ་དེ་གཙོ་ཡིན་ཕྱིར་དང༌། །ཡུལ་རྣམ་ཅན་ནི་ཐ་དད་པས།།བློ་ཡི་རྟོགས་པ་ཐ་དད་ཕྱིར། །དེ་ཡོད་ན་འདི་ཡོད་ཕྱིར་རོ།།དབང་པོ་གཟུགས་ཅན་པ་ཚད་མར་འདོད་པ་བྱེ་སྨྲ་སོགས་ན་རེ། ཤེས་པ་ཁོ་ན་ཚད་མར་བཞག་པ་མི་འཐད་དེ། དབང་པོ་ལ་ཡང་མི་སླུ་བ་ཡོད་ལ། དེ་བཞིན་དུ་སྲང་གིས་རེག་བྱ་ལྕི་ཡང་ལ་མི་སླུ་བ་སོགས་དང༌། ཡུལ་ཡོད་པ་དང་མེད་པར་རང་གི་ངོས་ནས་ཀྱང་མི་སླུ་བ་ཡོད་པས་མི་སླུ་བ་གཞན་དང་གཞན་དུ་མ་ཡོད་བཞིན་དུ་ཤེས་པ་ཁོ་ན་ལ་མི་སླུ་བའི་ཚད་མའོ་ཞེས་ཇི་ལྟར་འཇོག་སྙམ་ན། བློ་ནི་ཚ༷ད་མ༷་ཉིད་འཇོག་པར་འཐད་དེ། བླ༷ང་ད༷ང་དོར་བྱ༷འི་དངོས་པོ་ཡི་དོན་ལ་འཇུ༷ག་པ་ལ༷་བློ་དེ་གཙོ་བོ་ཡིན་པའི་ཕྱིར་དེ་ཁོ་ན་ཚད་མ་ཡིན་ཏེ། དབང་པོ་ལ་སོགས་པ་དོན་མ་ནོར་བར་འཇལ་བའི་རྒྱུ་ཇི་སྙེད་ཡོད་དུ་ཟིན་ཀྱང་དེ་ལས་སྐྱེས་པའི་བློ་མེད་པར་དེ་དག་གིས་འཇུག་ལྡོག་བྱེད་པར་ཡོངས་སུ་གཅོད་པ་ཅུང་ཟད་ཀྱང་མི་ནུས་པའི་ཕྱིར་ད༷ང༌། ཡུ༷ལ་གང་དང་གང་གི་རྣ༷མ་པ་ཅ༷ན་གྱི་བློ་ནི་ཐ༷་ད༷ད་པ༷ས་ཡུལ་འདི་དང་འདི་ལྟ་བུའོ་ཞེས་བློ་ཡི་རྟོགས་པ༷་ཐ༷་ད༷ད་པའི་སྒོ་ནས་དོན་ཡོངས་སུ་གཅོད་པ་དེ་ཡི་ཕྱིར། གཟུང་རྣམ་མམ་བློ་ཡི་རྣམ་པ་ཐ་དད་པ་དེ་ཡོད་ན༷་དོན་འདི་དང་འདི་ཞེས་ཐ་དད་དུ་རྟོགས་པ་འདི་ཡོད་ཀྱི་གཞན་དུ་དེ་མི་སྲིད་པའི་ཕྱིར་རོ།།
གཉིས་པ་ཚད་མའི་བསྟན་བཅོས་དོན་མེད་མིན།
རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད།།བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན།།ཚད་མ་ཞེས་པ་འདི་ཅི་ཞིག རང་གི་ངོ་བོ་ཡུལ་ལ་མི་སླུ་བར་གྲུབ་པ་ཞིག་ཡིན་ནམ། རྐྱེན་གཞན་གྱིས་ཚད་མར་བསྒྲུབ་དགོས་པ་ཞིག་ཡིན། དང་པོ་ལྟར་ན་ཚད་མའི་བསྟན་བཅོས་ཀྱང་མི་དགོས་ཏེ་རང་ཉིད་ཚད་མར་གྲུབ་ཟིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་སྒྲུབ་བྱེད་ཐུག་མེད་དུ་འགྱུར་ཞིང་བློ་སྐད་ཅིག་མ་རང་ཉིད་ཚད་མར་མ་གྲུབ་པ་ལ་སླར་ཡང་ཚད་མར་སྒྲུབ་པར་མི་ནུས་སོ། །གཞན་ཡང་བློ་དེ་ཉིད་མི་སླུ་བར་རང་གིས་ངེས་སམ་རྒྱུ་གཞན་གྱིས་ངེས་དགོས། དང་པོ་ལྟར་ན་ཚད་མ་ཚད་མིན་ལ་སུ་ཡང་རྨོངས་མི་སྲིད་པས་ཚད་མའི་བསྟན་བཅོས་དོན་མེད་ལ། གཉིས་པ་ལྟར་ན་རང་ཉིད་ལ་མི་སླུ་བ་མེད་ན་གཞན་གྱིས་དེར་བྱ་མི་ནུས་པས་སོ། །ཡང་ཡུལ་དང་ཡུལ་ཅན་སྐད་ཅིག་དང་ཕྲ་རགས་ལ་སོགས་པས་དཔྱད་ན་ཚད་མ་མི་འགྲུབ་པས་ཚད་མའི་བསྟན་བཅོས་བྱེད་པ་དོན་མེད་ལ། མ་དཔྱད་པར་འཇུག་ན་ཚད་མ་དང་ཚད་མིན་ཡང་མེད་པར་མགོ་མཉམ་མོ་ཞེས་པའི་རྩོད་པ་གསུམ་བཀོད་པའི་ལན་དུ། མངོན་སུམ་ལ་རང་ངེས་གཞན་ངེས་གཉིས་ཡོད་དེ། ཡིད་གཏད་པ་དང་གོམས་པ་དང་འཁྲུལ་རྒྱུས་མ་ཟིན་པ་རྣམས་ནི་ཡུལ་དེ་ལ་མ་འཁྲུལ་པའི་བློ་ཡིན་པར་མངོན་སུམ་རང་སྟོབས་ཀྱིས་ངེས་པ་འདྲེན་ཐུབ་ལ། ཅི་འདི་མེ་ཏོག་གི་ཚོགས་སམ་ནོར་བུའི་ཕུང་པོ འོ་སྙམ་དུ་དམར་ལམ་པ་མཐོང་བ་དང༌། སྐྱ་རྫས་ལ་རླངས་པ་དང་དུ་བར་མ་ངེས་པ་ལྟ་བུ་ལ་གོམས་པའམ་ཡིད་གཏད་པས་སྤུ་རིས་ངེས་པར་ཟིན་པའམ། རྟགས་གཞན་གྱིས་ངེས་པ་ལས་བློ་དེ་མ་འཁྲུལ་བར་རྟོགས་པ་ལྟ་བུ་སོགས་རྒྱུ་མཚན་གཞན་ལས་ངེས་པའང་ཡོད་ལ། རྗེས་དཔག་ཐམས་ཅད་ནི་རང་ལས་ངེས་པ་ཡིན་ནོ། །དེ་འདྲའི་ཚད་མའི་བློ་དེ་ཡུལ་ལ་མི་སླུ་བ་ནི་གོང་དུ་བྱ་བྱེད་ལས་གསུམ་གྱིས་བསྟན་པ་ལྟར་འཇིག་རྟེན་ཐ་སྙད་ཀྱི་འཇུག་ཚུལ་ཡིན་ལ། སྐད་ཅིག་སོགས་སུ་ཕྱེ་བའི་དཔྱོད་པས་བརླག་མི་ནུས་ཏེ་འཇིག་རྟེན་རང་གི་སྣང་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པའི་ཐ་སྙད་ཙམ་དོན་དམ་དཔྱོད་པས་ཀྱང་ཁེགས་པར་མི་འགྲོ འོ། །དེས་ན་ཚད་མ་རྣམས་ནི་འཇལ་བྱེད་ར༷ང་ཉིད་ལ༷ས་གཞལ་བྱ་ར༷ང་གི་གནས་ཚུལ་དང་མཐུན་པར་དེའི་ངོ་བོ་རྟོགས་པའི་བློ་ཡིན་པས་ན། ཕྱིས་ཀྱི་ཐ༷་སྙ༷ད་དཔྱོད་པ་ལ༷ས་ནི་ཅི་བློ་འདི་དོན་མཐུན་པའམ་དོན་མཐུན་པ་མ་ཡིན་ཞེས་ཚད་མ་དང་ཚད་མིན་གཉིས་སུ་ཕྱེ་ནས་ཡུལ་ཡང་དག་པར་འཇལ་བའི་བློ་ལ་ཚ༷ད་མ༷་ཉིད་དུ་འཇོག་པ་ཡིན་ནོ། །དེས་ན་ཚད་མའི་རྣམ་གཞག་བསྟན་པའི་བསྟ༷ན་བཅོས་ནི་སྔར་རང་གི་ངོ་བོས་ཚད་མ་མིན་པའི་བློ་ཞིག་སླར་ཚད་མར་བསྒྲུབ་པའི་ཆེད་དུ་མ་ཡིན་ཡང་ཚད་མའི་བློ་ལ་ཚད་མ་ཡིན་པར་མི་ཤེས་པ་དང་ཚད་མིན་གྱི་བློ་ལ་ཚད་མར་སྒྲོ་འདོགས་པའི་རྨོངས་པ༷་ཟློག་པར་བྱེད་པ་ཡིན་པས་ཚད་མའི་བསྟན་བཅོས་དོན་ཡོད་པ་ཡིན་ནོ།།
གསུམ་པ་མཚན་ཉིད་གཞན་བསྟན་འདིར་དོན་གཅིག་ལ། དངོས་དང་དེ་ལ་དོགས་སྤང་ངོ༌། །དང་པོ།
མ་ཤེས་དོན་གྱི་གསལ་བྱེད་ཀྱང༌།།སློབ་དཔོན་གྱི་གཞུང་ལ་ལར་ཚད་མའི་མཚན་ཉིད་དུ་མ༷་ཤེས་པའི་དོན་གྱི་གས༷ལ་བྱེད་ཅེས་གསུངས་ལ། འདིར་མི་སླུ་བའི་རིག་པ་ཞེས་བཤད་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་མ་ཤེས་དོན་གྱི་གསལ་བྱེད་ཀྱ༷ང་ཚད་མའི་མཚན་ཉིད་ཡིན་ནོ། །དེ་ལ་མཚན་ཉིད་གཉིས་པོ་འདི་ཐ་སྙད་དང་དོན་དམ་དཔྱོད་པའི་ཚད་མའི་མཚན་ཉིད་སོ་སོ་ལ་སྦྱོར་བ་དང༌། གཉིས་ཀ་ཚོགས་ནས་ཚད་མའི་མཚན་ཉིད་ཆ་ཚང་བར་འདོད་པ་དང༌། དོན་གཅིག་ཏུ་འདོད་པའི་ཕྱོགས་གསུམ་བྱུང་ཡང་ཕྱི་མ་འདི་ཁོ་ན་ལྟར་གཟུང་བར་བྱའོ། །དེ་ལ་མཚན་ཉིད་མི་འདྲ་བ་དུ་མ་ཡོད་ན་ཚད་མའི་མཚན་ཉིད་ཐུག་པ་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། འདི་གཉིས་ཚིག་གི་བརྗོད་ཚུལ་ཙམ་ལས་དོན་མི་འདྲ་བ་མེད་པས་སོ། །ཇི་ལྟར་ན་མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ནི་དོན་དེ་ལ་མི་སླུ་བ་ཡིན་ལ། མི་སླུ་བའི་ཤེས་པ་གང་ཡིན་པ་དེ་མ་ཤེས་པའི་དོན་དེའི་གསལ་བྱེད་ཀྱང་ཡིན་པས་སོ།
གཉིས་པ་དེ་ལ་དོགས་སྤང་བ།
རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ།།རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར།། རང་གི་མཚན་ཉིད་དཔྱད་ཕྱིར་རོ།།ཡུལ་སྔོན་པོ་ལྟ་བུ་ར༷ང་གི་ངོ་བོ་མངོན་སུམ་གྱིས་རྟོགས་པའི་འོག་ཏུ༷་སྔོན་པོར་ངེས་པའི་བློ་སྤྱི་ཡི་རྣ༷མ་པ༷ར་ཤེས་པ༷་སྐྱེ་བ་ལའང་མ་ཤེས་དོན་གསལ་ཞེས་པའི་མཚན་ཉིད་དེ་ཐོབ་པའི་ཕྱིར་ཁྱབ་ཆེས་པར་འགྱུར་ཏེ། སྤྱི་བློ་སྔར་མེད་གསར་དུ་སྐྱེ་བ་ཡིན་ལ་དེ་སྔར་མ་ཤེས་པའི་དོན་སྤྱི་དེའི་དོན་གྱི་གསལ་བྱེད་ཀྱང་ཡིན་པས་སོ་སྙམ་ན། དོན་ཞེས་པ་ནི་དོན་ར༷ང་གི་མཚ༷ན་ཉིད་ཀྱི་གནས་ཚུལ་སྔར་མི་ཤེས་པ༷་གསར་དུ་ཤེས་པ༷་ག༷ང་ཡིན་པ་ཞེས་དགོངས་པའི་ཕྱིར་བཅད་ཤེས་ལ་ཁྱབ་ཆེས་པ་མེད་དེ། དེས་མངོན་སུམ་གྱིས་བཟུང་ཟིན་དེ་སྤྱིའི་ཚུལ་གྱིས་བཟུང་བ་ལས་དོན་རང་མཚན་ལ་གསར་དུ་རྟོགས་པ་གང་ཡང་མེད་པས་སོ།།དོན་ཞེས་པ་རང་མཚན་ལ་དགོངས་པ་ཅིས་ཤེས་སྙམ་ན། ཐ་སྙད་དཔྱོད་པས་འཇུག་ཡུལ་ནི་དོན་བྱེད་ནུས་པ་ར༷ང་གི་མཚ༷ན་ཉིད་ལ་སླུ་མི་སླུ་དཔྱ༷ད་ནས་ཚད་མའི་མཚན་ཉིད་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །དེར་ངེས་ཏེ་སྤྱི་ཙམ་ལ་དོན་ཐོབ་པ་མེད་པས་དེ་ལ་སླུ་མི་སླུ་དཔྱོད་པ་མ་ཡིན་ཏེ་གོང་དུ་རྒྱས་པར་བསྟན་པ་བཞིན་ནོ།།
གཉིས་པ་དེ་ཕྱིར་ཐུབ་པ་ཚད་མར་བསྟན་པ་ལ། ཚད་མར་གྱུར་པ་རང་ལུགས་བཞག །རང་བྱུང་ཚད་འདོད་གཞན་ལུགས་དགག །དང་པོ་ནི།
དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །མ་སྐྱེས་པ་ནི་བཟློག་དོན་དུ།།གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས།།ཚད་མ་མདོ་ལས།ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།།སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་གསུངས་པ་འདིའི་དོན་ལེའུ་འདིས་འཆད་པ་ཡིན་ལ། དེ་ཡང༌། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཚད་མར་གྱུར་པ་ཞེས་བྱ་སྙམ་ན། གོང་དུ་བཤད་མ་ཐག་པའི་ཚད་མ་དེ་ཡི་མཚན་ཉིད་དང་ལྡ༷ན་པའི་ཕྱིར་བཅོམ་ལྡ༷ན་འདས་ནི་ཚ༷ད་མ༷་ཉིད་ཡིན་ནོ། །དེའི་མཚན་ཉིད་དང་ཇི་ལྟར་ལྡན་སྙམ་ན། འདི་ལྟར་འཇིག་རྟེན་ན་ཚད་མ་ནི་ཇི་ལྟར་བཅད་པ་ལྟར་དོན་ཐོབ་པ་ལ་མི་སླུ་བའི་བློ་ལ་ཡོངས་སུ་གྲགས་པའི་དབང་དུ་བྱས་ན་བཅོམ་ལྡན་འདས་ནི་ཚད་མ་དེ་དང་འདྲ་བ་སྟེ་སྐྱེ་རྒུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དོན་མངོན་མཐོ་ངེས་ལེགས་ཀྱི་འབྲས་བུ་ཐོབ་པ་ལ་འདིས་མི་སླུ་བ་ཡིན་པས་སོ།།དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་བསྟན་པ་སོགས་བླང་དོར་གྱི་མིག་བསྟན་ནས་མི་སླུ་བར་བྱེད་པས་ན་མི་སླུ་བ་མཆོག་གི་ཁྱད་པར་དེ་ལ་མངའ་བས་དེ་སྐད་དུ་བཏགས་པའོ། །འོ་ན་ཚད་མར་བཏགས་པ་ཙམ་ལས་དངོས་སུ་ཚད་མར་གྱུར་པ་མ་ཡིན་ནོ་སྙམ་ན། ཤིན་ཏུ་ཡང་ཚད་མར་གྱུར་པ་ཡིན་ཏེ་སྒོམ་པ་མཐར་ཕྱིན་པའི་སྟོབས་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུལ་པའི་དྲི་མ་མཐའ་དག་སྤངས་པའི་ངོ་བོ་ཉིད་ཡིན་པས་ན་ཚད་མ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ་འདི་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡིན་ལ། ཚད་མ་གཞན་དང་གཞན་ནི་ཉི་ཚེའི་ཡུལ་ཅན་ཡིན་ནོ།།དེ་ལྟར་ཡིན་ན་ཚད་མ་དང་འདྲ་བར་ཅིའི་ཕྱིར་བཏགས་སྙམ་ན། འཇིག་རྟེན་ན་ཡོངས་སུ་གྲགས་པའི་མངོན་རྗེས་ཀྱི་ཚད་མ་ལ་ལྟོས་ནས་དེ་ལྟར་བཏགས་པ་སྟེ། སྐབས་ཀྱི་བཤད་བྱའི་ཚད་མ་ནི་མངོན་རྗེས་ཀྱི་ཚད་མ་ཡིན་ལ་བཅོམ་ལྡན་འདས་ནི་ཆོས་ཀུན་ལ་མངོན་སུམ་ཚད་མར་གྱུར་པ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་འཇིག་རྟེན་པའི་མངོན་སུམ་གྱི་དོན་དང་མི་འདྲ་བས་དེ་ལྟར་བཏགས་པ་ཡིན་ནོ། །དེ་ལ་སྟོན་པ་ཚད་མ་ཞེས་པ་དེ་ཡང་སྒྲུབ་བྱེད་ཀྱི་རྒྱུ་ལས་མ༷་སྐྱེས་པ༷་ནི་བཟློག་པའི་དོན་དུ༷་གྱུ༷ར་པ༷་ཉིད་གསུ༷ངས་སོ། །གང་མ་སྐྱེས་པ་ནི་སྐྱེས་བུའི་དོན་ལ་མི་སླུ་བའི་ཚད་མར་མི་རུང་བ་དེ་ཡི་ཕྱིར་ཚད་མ་དེའི་སྒྲུ༷བ་བྱེད་ཐབས་ཕུན་སུམ་ཚོགས་པ་ལ༷་ནན་ཏན་རབ་ཀྱི་མཐར་ཕྱིན་པ་ལ་ལྟོས་ནས་ཚ༷ད་མ་ཡིན་པར་གྱུར་པ་ནི་རིགས་པ་ཡིན་གྱི་གཞན་དུ་མི་འཐད་དོ།།
གཉིས་པ་རང་བྱུང་ཚད་འདོད་གཞན་ལུགས་དགག་པ་ལ།ཚད་མ་རྟག་པ་ཡོད་པ་དགག །ཚད་ཅན་དབང་ཕྱུག་བྱེད་པོ་དགག །དང་པོ།
ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང༌།།ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ།།ཕྱི་རོལ་པ་རྣམས་ན་རེ། སྔར་ཚད་མ་མིན་པ་ཞིག་སྒྲུབ་བྱེད་ལ་ལྟོས་ནས་གསར་དུ་ཚད་མར་གྱུར་པས་ཤེས་བྱ་མཐའ་ཡས་པ་ཤེས་པ་མི་སྲིད་ལ། ཡོན་ཏན་བརྒྱད་དང་ལྡན་པ་མཁའ་ལྟར་ཁྱབ་པའི་དབང་ཕྱུག་རྟག་པ་དེ་ནི་ཚད་མ་ཡིན་ལ་འགྲོ་བ་མཐའ་དག་གི་བྱེད་པོའང་ཡིན་ནོ་ཞེ་ན། ཚ༷ད་མ༷་རྟ༷ག་པ༷་ཉིད་ཡོད་པ་མིན་ཏེ་རྒྱུ་མཚན་གང་གི་ཕྱིར་ན་དངོས་པོ་ཡོད་པ་རང་མཚན་ཇི་ལྟ་བར་གཞལ་བའམ་རྟོགས་པ༷་དེ་ཚ༷ད་མ་ཡིན་པའི་ཕྱིར་བློ་ཉིད་ཚད་མ་ཡིན་གྱི་གཞན་ནམ་མཁའ་སོགས་ཚད་མ་མིན་པའི་ཕྱིར་ད༷ང༌། ཡུལ་ཤེས་བྱ་དེ་ཡང་རང་གི་ངོ་བོས་མི་རྟ༷ག་པ༷་ཡིན་པ་ཉིད་ཀྱིས་དེའི་ཡུལ་ཅན་ཚད་མ་དེ་ནི་མི་བརྟ༷ན་པ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཡུལ་དེ་དམིགས་རྐྱེན་ཡིན་ལ་དེ་ལས་སྐྱེས་པའི་བློ་ཚད་མ་ཡིན་པའི་ཕྱིར་སྐད་ཅིག་མར་འཐད་ཀྱི་ཡུལ་གྱིས་ཁྱད་པར་བྱར་མེད་ན་ནི་ཡུལ་གང་ཡང་ཤེས་པར་མི་འགྱུར་རོ། །ཡུལ་གང་ཡང་མ་ཤེས་ན་དོན་རང་མཚན་ལ་མི་སླུ་བའི་ཚད་མར་ཇི་ལྟར་འགྱུར། དེས་ན་རྟག་པའི་བློ་ལ་ཡུལ་རིམ་བཞིན་འཇལ་བའི་དོན་བྱེད་ནུས་པས་སྟོང་པར་ཤེས་པར་བྱའོ།།
གཉིས་པ་ཚད་ཅན་དབང་ཕྱུག་བྱེད་པོ་དགག་པ་ལ། དེ་རྟག་མི་རྟག་བརྟགས་ལ་དགག །ཀུན་གྱི་བྱེད་པོ་ཡིན་པ་དགག །དང་པོ།
རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར།།ལྟོས་པ་མི་རུང་བ་ཡི་ཕྱིར། །རྣམ་འགས་ཕན་གདགས་བྱ་མིན་ཕྱིར།། མི་རྟག་ན་ཡང་ཚད་མེད་ཉིད།།ཚད་མ་དང་ལྡན་པ་དབང་ཕྱུག་དེ་ནི་འགྲོ་བའི་བྱེད་པ་པོ་མ་ཡིན་ཏེ། འདི་ལྟར་སྣང་བའི་ཆོས་གང་དག་རིམ་བཞིན་སྐྱེ་བ༷་ཅ༷ན་འདི་ད༷ག་ནི་རྒྱུ་དབང་ཕྱུག་རྟ༷ག་པ་ལ༷ས་སྐྱེ་བ༷་ནམ་ཡང་མི་འཐ༷ད་དེ། རྟག་པ་ལ་རིམ་གྱིས་དོན་བྱེད་པའི་ཁྱད་པར་མི་སྲིད་པའི་ཕྱིར་རོ། །རྟག་པ་དེ་ཡང་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་བཞིན་སྐྱེད་དོ་ཞེ་ན། རྟག་པ༷་ལ་རྐྱེན་གྱིས་ཁྱད་པར་བྱར་མེད་པ་ཡིན་ཏེ་རྐྱེན་ལ་ལྟོས་པ་ནི་རྣམ་པ་ཀུན་ཏུ་མི་རུ༷ང་བ༷་ཡི་ཕྱིར་དང༌། རྐྱེན་གྱི་རྣ༷མ་པ་འག༷ས་ཀྱང་ཕ༷ན་གད༷གས་བྱ་མིན་པའི་ཕྱིར་ཏེ། རང་གི་ངོ་བོ་རྐྱེན་གཞན་ལ་ལྟོས་པ་དང༌། རྐྱེན་གྱིས་དེ་ལ་ཕན་གདགས་ན་མི་རྟག་པར་འགྱུར་རོ། །གལ་ཏེ་དབང་ཕྱུག་མི་རྟ༷ག་པ་ཡིན་ནོ་ཞེ་ན༷་ཡ༷ང༌། དེ་རང་བྱུང་གི་ཚད་མ་ཉིད་དུ་མེད་པ་ཡིན་ཏེ་ཚད་མར་སྒྲུབ་བྱེད་མེད་པས་སོ། །དེ་བཞིན་དུ་དེ་གཅིག་བྱེད་པ་པོ་ཡིན་པ་ལའང་སྒྲུབ་བྱེད་ཀྱི་ཚ༷ད་མ་གང་ཡང་མེད་པ་ཉིད་དོ།།
གཉིས་པ་ཀུན་གྱི་བྱེད་པོ་ཡིན་པ་དགག་པ་ལ། སྒྲུབ་བྱེད་མེད་དང་གནོད་བྱེད་ཡོད། །དང་པོ་ལ། སྒྲུབ་བྱེད་ཡང་དག་མིན་པར་བསྟན། །དེ་ཡི་རིགས་པ་རྒྱས་པར་བཤད། །དང་པོ།
སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང༌། །དོན་བྱེད་པ་ལ་སོགས་པ་དག།འདོད་པ་གྲུབ་པའམ་དཔེ་མ་གྲུབ། །ཡང་ན་ཐེ་ཚོམ་ཟ་བ་ཡིན།།ཕྱི་རོལ་པ་རྣམས་ན་རེ། སེམས་ཅན་གྱི་ལུས་དང་གནས་སྣོད་ཀྱི་འཇིག་རྟེན་དང་བྱེད་པ་དབང་པོ་རྣམས་ནི་རྩོམ་པར་ནུས་པའི་ཕུལ་དུ་བྱུང་བའི་བློ་ཅན་གྱིས་བྱས་པ་ཡིན་ཞིང་དེ་ནི་དབང་ཕྱུག་ཡིན་ལ་དེའི་སྒྲུབ་བྱེད་ཀྱང་འདི་ལྟར་ལུས་གནས་བྱེད་པ་འདི་ཀུན་དུས་གཞན་དུ་སྡོད་ཅིང་རེས་འགའ་འཇུ༷ག་པའི་ཕྱིར་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་ཤིང་བཞོག་པ་ལ་སྟེའུ་ལ་སོགས་པ་བཞིན་ནོ། །གལ་ཏེ་སྟེའུ་རང་དབང་གིས་འཇུག་ན་རྟག་ཏུ་འཇུག་པའམ་ཡང་ན་གཏན་ནས་མི་འཇུག་པར་འགྱུར་ན་ཡང་འདི་སྐྱེས་བུའི་བྱེད་པ་ལ་བརྟེན་ནས་དེ་ལྟར་སྡོད་ཅིང་འཇུག་པ་ཡིན་ནོ། །དེ་བཞིན་དུ་གྲུ་བཞི་དང་ཟླུམ་པོ་སོགས་དབྱིབས་ཀྱི་ཁྱ༷ད་པ༷ར་ད༷ང་ལྡན་པའི་ཕྱིར་ཡང་སྐྱེས་བུས་བྱས་པ་ཡིན་ཏེ། ཁང་བཟང་དང་བུམ་པ་བཞིན་ནོ།།ཡང་དོན་བྱེད་པའི་ཕྱིར་ན་སྐྱེས་བུས་བྱས་པ་ཡིན་ཏེ་མེ་དང་དགྲ་སྟྭ་ལ་སོགས་པ་བཞིན་སྐྱེས་བུས་ཉེ་བར་མཁོ་བའི་ཕྱིར་བྱས་པའི་ཕྱིར་དགྲ་སྟྭ་ལ་སོགས་པས་རང་རང་གི་ངོས་སྐལ་གྱི་དོན་བྱེད་པ༷་ཡིན་ནོ། །ལ༷་སོགས་པ་ཞེས་པས་གྲངས་དང་ལྡན་པ་དང་ཚད་དང་ལྡན་པ་སོགས་ཀྱང་སྐྱེས་བུས་བྱས་པའི་སྒྲུབ་བྱེད་དུ་སངས་རྒྱས་པའི་ངོར་བཀོད་པ་ད༷ག་ནི་འདོད་པ༷་གྲུ༷བ་པ༷འ༷མ་ཞེས་སྟེའུ་ལ་སོགས་པའི་སྡོད་ཅིང་འཇུག་པ་སོགས་དཔེར་བཀོད་པ་དེ་དག་སྐྱེས་བུའི་བྱེད་པ་ལ་རག་ལས་པ་ནི་འདོད་པ་ཡིན་ལ། དངོས་སུ་སྐྱེས་བུས་མ་བྱས་པ་རི་གླིང་ལ་སོགས་པ་ཀུན་ཀྱང་རྒྱུ་སྐྱེས་བུ་རྣམས་ཀྱི་སེམས་པ་སྔོན་དུ་སོང་བའི་རྒྱུ་ལས་གྲུབ་པ་ཙམ་དུ་སྒྲུབ་པར་བྱེད་ན་འདོད་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སེམས་པའི་འདུ་བྱེད་ཀྱི་ཁྱད་པར་ལས་གནས་ལུས་སྣ་ཚོགས་པར་གྲུབ་པ་ནི།འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །ཞེས་འདོད་དོ། །གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་དངོས་པོ་དེ་ཀུན་བྱེད་པོ་སྐྱེས་བུ་རྟག་པ་གཅིག་གིས་བྱས་པ་ནི་དཔེ་མ༷་གྲུ༷བ་པ་ཡིན་ཏེ། གང་བྱས་པ་ཐམས་ཅད་མི་རྟག་པའི་རྒྱུས་བྱེད་པ་ལས་རྟག་པས་རིམ་དང་ཅིག་ཅར་དུ་བྱེད་པ་གཉིས་ཀ་མ་མཐོང་བས་སོ།།ཡ༷ང་ན༷་རྟགས་དེའི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ༷་བ༷་ཡང་ཡིན་ཏེ། སྡོད་ཅིང་འཇུག་པ་ལ་སོགས་པ་ཡོད་པ་ཙམ་གྱིས་སྐྱེས་བུས་བྱས་པ་ཡིན་ན་ཁྱོད་རང་གིས་སྐྱེས་བུས་མ་བྱས་པར་འདོད་པ་དབང་ཕྱུག་སོགས་ལའང་སྐྱེས་བུས་བྱས་པར་དོགས་པ་སྐྱེ་སྟེ། དེ་ཡང་རེས་འགའ་སྡོད་ཅིང་རེས་འགའ་འཇུག་པའི་ཕྱིར། གལ་ཏེ་སྡོད་ཅིང་མི་འཇུག་ན་ནི་དེ་ལ་སྡོད་པའི་དུས་མེད་པས་འབྲས་བུ་ཐམས་ཅད་ཀྱང་མི་སྡོད་པར་རྟག་ཏུ་ཡོད་པའམ། སྡོད་ཅིང་མི་འཇུག་པའི་དུས་ཡོད་ན་ནི་འབྲས་བུ་ཐམས་ཅད་ཀྱང་རྟག་ཏུ་མེད་པར་ཐལ་བ་དང༌། དེ་བཞིན་དུ་དེས་དོན་མི་བྱེད་ན་ནི་ཁས་བླངས་དང་འགལ་ལ་བྱེད་ན་ནི་དེ་ཡང་གཞན་གྱིས་བྱས་པར་འགྱུར་བ་སོགས་སོ།།
གཉིས་པ་དེ་ཡི་རིགས་པ་རྒྱས་པར་བཤད་པ་ལ། དངོས་དང་དེས་གཞན་ཁེགས་ཚུལ་དང༌། །དེ་ཡི་གྲུབ་དོན་བསྟན་པ་གསུམ། །དང་པོ་ལ། དབྱིབས་དོན་རྟགས་སུ་མི་རུང་བ། །དབྱིབས་སྒྲ་འཇུག་ཙམ་རྟགས་མིན་པའོ། །དང་པོ་ལ། ཁྱད་པར་ཅན་དབྱིབས་ཕྱོགས་ཆོས་མེད། །དབྱིབས་ཙམ་རྟགས་སུ་མ་ངེས་པའོ། །དང་པོ།
བྱིན་རླབས་ཡོད་མེད་རྗེས་འཇུག་ཅན། །དབྱིབས་སོགས་ཅི་འདྲ་རབ་གྲུབ་པ།།དེ་ལས་རྗེས་སུ་དཔོག་གང་ཡིན། །དེ་ནི་རིགས་པ་ཉིད་ཡིན་ནོ།།གང་ཞིག་བྱིན་གྱིས་རླ༷བས་པ་པོའམ་འདུ་བྱེད་པ་པོ་ཡོད་པ་ན་ཡོད་པ་དང་མེད་ན་མེད་པའི་རྗེས་སུ་འཇུ༷ག་པ་ཅ༷ན་གྱི་དབྱིབས་སོགས་ཀྱི་ཁྱད་པར་དང༌། སྡོད་འཇུག་སོགས་ཅི་འདྲ་བ་དེ་ནི་གང་ལ་ཕྱོགས་ཀྱི་ཆོས་སུ་ར༷བ་ཏུ་གྲུ༷བ་པ༷་དེ་ལ༷ས་སེམས་ལྡན་གྱི་རྒྱུ་ཡོད་པའམ་སྐྱེས་བུས་བྱས་པར་རྗེས་སུ༷་དཔོག་པ་ག༷ང་ཡིན་པ་དེ་ནི་རིགས་པ༷་ཉིད་ཡིན་ཏེ་སྟེའུ་དང་བུམ་པ་ལ་སོགས་པ་བཞིན་ནོ། །རི་གླིང་སོགས་ལ་དབྱིབས་ཡོད་ཀྱང་སྐྱེས་བུས་མ་བྱས་པར་ལས་ཀྱི་དབང་གིས་དེ་ལྟ་བུར་གྲུབ་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པས་ན་དེའི་དབྱིབས་དེ་སྐྱེས་བུས་བྱས་པའི་ཁྱད་པར་དང་ལྡན་པར་མི་འདོད་པས་ན་ཕྱོགས་ཆོས་མ་གྲུབ་པ་ཡིན་ནོ། །དབྱིབས་ལ་སྐྱེས་བུས་བྱས་པ་དང་མ་བྱས་པ་གཉིས་སུ་འདོད་པའི་བློ་ངོར་དབྱིབས་ཙམ་ལས་བྱས་པར་སྒྲུབ་པ་དེ་ནི་དབྱིབས་ཀྱི་མིང་ཙམ་མཐུན་པར་སོང་གི་དབྱིབས་ཀྱི་དོན་ལས་སྐྱེས་བུས་བྱས་པ་འགྲུབ་པར་མི་འགྲོ་སྟེ། དབྱིབས་ཀྱི་དོན་ལ་སྐྱེས་བུས་བྱས་མ་བྱས་གཉིས་སུ་ཡོད་པའི་ནང་ནས་མ་བྱས་པ་དེ་བྱས་པའི་སྒྲུབ་བྱེད་དུ་བཀོད་པའི་ཕྱིར་རོ།།
གཉིས་པ་དབྱིབས་ཙམ་རྟགས་སུ་མ་ངེས་པ་ལ། མ་ངེས་ངེས་ན་ཧ་ཅང་ཐལ། །འབྲས་མཚུངས་ལྟག་ཆོད་དུ་ཐལ་སྤང༌། །དང་པོ།
ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་ཐ་དད་མེད་པའི་ཕྱིར།།69རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱ་བོའི་རྫས་ལས་མེ་བཞིན་ནོ།།ཕ་རོལ་པོ་ན་རེ། དབྱིབས་ཡིན་ནོ་ཅོག་སྐྱེས་བུས་བྱས་པའི་དབྱིབས་ཁྱད་པར་བ་ཡིན་ཏེ། དབྱིབས་ཙམ་དུ་ཁྱད་པར་མེད་པའི་ཕྱིར་ཏེ་འདི་ལྟར་ཁྱོད་ཀྱིས་འདོད་པ་ལྷ་རྣམས་ལ་ཆེད་དུ་མ་བྱས་པའི་ཁང་བཟང་ཡོད་པ་དང༌། མི་རྣམས་ཀྱིས་ཆེད་དུ་བྱས་པའི་ཁང་བཟང་གཉིས་ལ་དབྱིབས་རང་གི་སྟེང་ན་ཁྱད་པར་བ་ཞེས་མི་དོར་བའི་རྒྱུ་མཚན་གང་ཡང་མེད་པས་སོ་ཞེ་ན། འོ་ན་ངེད་ཀྱིས་སྐྱེས་བུས་མ་བྱས་པར་འདོད་པ་དེ་དག་གི་དབྱིབས་དང་ཁྱད་པར་མེད་པའི་ཕྱིར་འདི་ཀུན་ཀྱང་སྐྱེས་བུས་མ་བྱས་པར་འགྱུར་རོ་ཞེས་བརྗོད་ན་ཁྱོད་ཀྱི་རིགས་པ་གང་གིས་ཟློག་པར་བྱེད་ཅེས་དྲིས་པ་ན། འདི་ཀུན་སྐྱེས་བུས་བྱེད་པར་མཐོང་བའི་མངོན་སུམ་གྱིས་བསལ་ལོ་ཞེ་ན། སྐྱེས་བུས་བྱས་པར་ནམ་ཡང་མ་མཐོང་བའི་རི་ལ་སོགས་པའི་དབྱིབས་ལ་གང་གིས་རྗེས་སུ་དཔོག་པར་བྱེད་པ་ཡིན། དེ་ཡང་དེ་ལྟར་རྗེས་སུ་དཔག་གོ་ཟེར་ན་རིགས་པ་མ་ཡིན་ཏེ། སྐྱེས་བུས་བྱེད་པའི་རྗེས་སུ་འགྲོ་བའི་དབྱིབས་ཅན་བུམ་པ་སོགས་ལས་ཐ་ད༷ད་པའི་དངོས་པོ་རི་གླིང་སོགས་ལ༷་དབྱིབས་གང་ཞིག་ར༷བ་ཏུ་གྲུ༷བ་པ༷་དེ་ནི་ལེགས་པར་བརྟགས་ན་དབྱིབས་ཞེས་པའི་སྒྲ༷་འཇུག་པར་མཚུ༷ངས་པ་ཙམ་ལ་ཐ༷་ད༷ད་མེད་པ༷འི་རྒྱུ་མཚན་ཡོད་པ་ཡིན་ལ། སྒྲ་མཚུངས་པ་དེ་ཙམ་གྱི་ཕྱིར་སྐྱེས་བུས་བྱས་པར་རྗེས་སུ་དཔོག་རིགས་པ༷་མ༷་ཡིན་ཏེ། སྐྱེས་བུས་བྱས་པ་དང་དབྱིབས་ཙམ་ལ་མེད་ན་མི་འབྱུང་གི་འབྲེལ་བ་སྒྲུབ་མི་ནུས་པའི་ཕྱིར་ཏེ་སྐྱེས་བུས་ཆེད་དུ་མ་བྱས་ཀྱང་དབྱིབས་ཡོད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །རྟགས་དང་བསྒྲུབ་བྱ་འབྲེལ་བ་མེད་པས་ནི་གང་ཡང་མི་འགྲུབ་སྟེ། མེ་དང་འབྲེལ་བ་དུ་བའི་སྐྱ་རྫས་ཁྱད་པར་རྟགས་སུ་མ་བཟུང་བར་ས་རྡུལ་དང་རླངས་པ་སོགས་སྐྱ་བོའི་རྫ༷ས་ཙམ་ལ༷ས་མེ་དཔོག་པ་བཞིན་ནོ། །དེས་ན་སྐྱེས་བུས་བྱས་པ་ལ་མི་འཁྲུལ་བའི་རྒྱུ་མཚན་ཁྱད་པར་ཅན་མེད་ན་དབྱིབས་ཙམ་གྱིས་ནི་གང་ཡང་མི་འགྲུབ་བོ། །འོ་ན་དབྱིབས་ཁྱད་པར་བ་ལས་སྐྱེས་བུས་བྱས་པར་དཔོག་རིགས་ཞེས་བཤད་པ་དེ་གང་ཡིན། དབྱིབས་ལ་སྐྱེས་བུས་བྱས་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དབྱིབས་ཙམ་ནི་རྫས་ཀྱི་བཀོད་པ་ལ་བརྟེན་ནས་མིང་དུ་བཏགས་པ་ཡིན་པས་དེ་ཡི་སྟེང་ན་མི་ནོར་བའི་ཁྱད་པར་ཡོད་ཅེས་བརྗོད་པ་ནི་གཏན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྫས་ཀྱི་བཀོད་པའི་ཁྱད་པར་གང་ཞིག་སྐྱེས་བུའི་བྱེད་པ་ལ་རག་ལས་ཏེ་འཇུག་པ་ཅན་དེ་དག་སྐྱེས་བུས་བྱས་པའི་ཁྱད་པར་དང་ལྡན་པའི་དབྱིབས་ཏེ། དཔེར་ན་མེ་ལས་དུ་བ་བཞིན་སྐྱེས་བུ་དང་འབྲེལ་བ་ཅན་ནོ། །དེ་ལྟར་རག་ལས་པར་ནི་འཇིག་རྟེན་ན་མཐོང་བའི་ཕྱིར་འདི་ལ་དཔྱད་པ་གཞན་མི་འཇུག་གོ །གང་སྐྱེས་བུས་བྱེད་པ་ལ་རག་མ་ལས་པར་རྒྱུ་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་ཚེར་མ་རྣོ་བ་དང་མེ་ཏོག་གི་དབྱིབས་ལ་སོགས་པ་ནི་སྐྱེས་བུའི་བྱེད་པ་དང་མ་འབྲེལ་ཏེ་ཀ་བུམ་མ་འབྲེལ་བ་བཞིན་ནོ། །དེ་དག་ལའང་བྱེད་པོ་ལྐོག་ཏུ་གྱུར་པ་དབང་ཕྱུག་གིས་བྱས་པར་མི་ཁེགས་སྙམ་ན། དེ་དག་རང་རང་གི་རྒྱུ་རྐྱེན་ལས་སྐྱེ་བ་ལས་དབང་ཕྱུག་གིས་ཅི་ཡང་མ་བྱས་ཏེ་འོག་ཏུ་འགོག་པར་འགྱུར་རོ།།
གཉིས་པ་ངེས་ན་ཧ་ཅང་ཐལ་བའི་སྐྱོན་ནི།
དེ་ལྟ་མིན་ན་རྫ་མཁན་གྱིས། །བུམ་པ་ལ་སོགས་འཇིམ་པ་ཡི།།རྣམ་འགྱུར་འགའ་ཞིག་བྱེད་པའི་ཕྱིར། །གྲོག་མཁར་ཡང་དེས་བྱས་གྲུབ་འགྱུར།།བཤད་མ་ཐག་པ་ལྟར་འབྲེལ་བའི་དབང་གིས་བསྒྲུབ་བྱ་སྒྲུབ་པ་དེ་ལྟ་མིན་པར་ཆོས་འགའ་ཞིག་ལ་རྒྱུ་གང་ཞིག་མཐོང་ནས་གཞན་ཡང་དེ་དང་འདྲ་བ་ཙམ་དུ་དམིགས་པའི་སྒོ་ནས་སྔ་མའི་རྒྱུ་ཅན་དུ་རྗེས་སུ་དཔོག་པ་ཡིན་ན༷། རྫ་མཁ༷ན་གྱིས་བུ༷མ་པ༷་ལ༷་སོགས་པ་འཇིམ་པ༷་ཡི་རྣ༷མ་འགྱུ༷ར་འག༷འ་ཞིག་བྱེད་པར་གྲུབ་པ༷འི་ཕྱིར་འཇིམ་པའི་རྣམ་འགྱུར་ཡིན་ནོ་ཅོག་དེས་བྱས་པར་ཡང་འགྲུབ་པས་གྲོག་མཁ༷ར་ཡ༷ང་རྫ་མཁན་དེས་བྱ༷ས་པར་གྲུ༷བ་པར་འགྱུ༷ར་རོ། །རྫ་མཁན་དེས་འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱས་པས་འཇིམ་པའི་རྣམ་འགྱུར་ཡིན་ནོ་ཅོག་བྱས་པར་མི་འགྱུར་སྙམ་ན། བུམ་པ་སོགས་ཀྱི་དབྱིབས་འགའ་ཞིག་སྐྱེས་བུས་བྱས་ཀྱང་དབྱིབས་ཡིན་ནོ་ཅོག་སྐྱེས་བུས་བྱས་པར་ག་ལ་ངེས་ཏེ་སྐྱེས་བུའི་རྩོལ་བ་ཆེད་དུ་སྐྱེས་པ་ལ་རག་མ་ལས་ཀྱང་རང་རང་གི་རྒྱུ་རྐྱེན་དེ་ལས་དེ་ལྟར་སྐྱེ་བར་འགྲུབ་བོ།།
གསུམ་པ་འབྲས་མཚུངས་ལྟག་ཆོད་དུ་ཐལ་སྤང༌བ་ནི།
བསྒྲུབ་བྱའི་རྗེས་འགྲོ་ཕྱིར་འབྲས་བུ། །སྤྱིས་ཀྱང་སྒྲུབ་པར་བྱེད་པ་ལ།།འབྲེལ་བ་ཅན་ཉིད་ཐ་དད་ཕྱིར། །ཐ་དད་སྐྱོན་བརྗོད་འབྲས་མཚུངས་འདོད།།དེ་ལྟར་སྐྱེས་བུས་བྱས་པ་དང་མ་བྱས་པའི་དབྱིབས་སོ་སོར་ཕྱེ་ནས་དབྱིབས་རྟགས་སུ་བཀོད་པ་སུན་འབྱིན་པ་འདི། འབྲས་བུ་མཚུངས་པའི་ལྟག་ཆོད་ཅེས་སུན་འབྱིན་ལྟར་སྣང་བ་ཡིན་པར་སློབ་དཔོན་ཕྱོགས་གླང་གིས་བཤད་པ་དེ་དང་མཚུངས་པར་འགྱུར་རོ་ཞེ་ན་མི་མཚུངས་ཏེ། སྒྲ་མི་རྟག་པར་བསྒྲུ༷བ་བྱ༷འི་རྗེས་སུ་འགྲོ་བའི་ཕྱིར་འབྲ༷ས་བུ༷་སྟེ་རྒྱུ་རྐྱེན་གྱིས་བྱས་པ་རྟགས་སུ་བཀོད་པ་ལ་བྱས་པའི་ཁྱད་པར་ཕྱེ་མི་དགོས་པར་སྤྱིས་ཀྱ༷ང་འགྲུབ་པ་ཡིན་ཏེ། བྱས་པ་ཡིན་པ་ཙམ་གྱིས་མི་རྟག་པ་འགྲུབ་པ་ཡིན་ཡང་ཚུལ་དེ་ལྟར་བྱས་པས་མི་རྟག་པར་སྒྲུ༷བ་པ༷ར་བྱེད་པ༷་ལ༷་གཞན་མུ་སྟེགས་རྣམས་ཀྱིས་རྟགས་བྱས་པ་དེའི་འབྲེལ་བ༷་ཅ༷ན་སྒྲ་དང་བུམ་པ་ལྟ་བུ་ཉིད་ཐ༷་ད༷ད་པའི་ཕྱིར་རྟགས་བྱས་པ་ཡང་ཐ༷་ད༷ད་པར་འགྱུར་ལ། དེ་ལྟ་ན་སྒྲའི་བྱས་པ་བུམ་པ་ལ་མ་གྲུབ་པས་མཐུན་དཔེར་རྗེས་འགྲོ་མེད་ལ། བུམ་པའི་བྱས་པ་སྒྲ་ལ་ཕྱོགས་ཆོས་སུ་མ་གྲུབ་ཅིང༌། གཉིས་ཀ་མིན་པའི་བྱས་པ་ནི་གང་དུ་ཡང་མ་ངེས་པའི་ཕྱིར་དེ་འདྲ་རྟགས་ཡང་དག་མིན་ཞེས་སྐྱོན་བརྗོད་པ་ནི་འབྲ༷ས་མཚུ༷ངས་ཀྱི་ལྟག་ཆོད་དམ་སུན་འབྱིན་ལྟར་སྣང་ཡིན་པར་འདོད་དེ། དེ་འདྲའི་མ་གྲུབ་པ་དང་རྗེས་འགྲོ་མེད་པར་བརྗོད་ཀྱང་གཏན་ཚིགས་ཡང་དག་ཡིན་པ་སུན་ཕྱུང་མི་ནུས་པས་ལྟག་ཆོད་ཡིན་ནོ།།འབྲས་མཚུངས་ཞེས་པ་འབྲས་བུ་ནི་སྒྲ་འབྲས་བུ་ཡིན་པར་བསྟན་པ་རྩོལ་བྱུང་དང་བྱས་པ་ལྟ་བུའི་ཚིག་དེ་ཡིན་ལ། དེ་བཀོད་པ་ན་མ་གྲུབ་པ་སོགས་གཏན་ཚིགས་ལྟར་སྣང་བ་གཞན་དང་མཚུངས་སོ་ཞེས་རིགས་པ་ལྟར་སྣང་བས་སྐྱོན་བརྗོད་པ་ལ་འབྲས་མཚུངས་ཀྱི་ལྟག་ཆོད་ཅེས་བརྡ་བྱས་པའོ། །དེ་ལྟག་ཆོད་ཡིན་ཏེ་སྒྲ་དང་བུམ་པའི་ཁྱད་པར་ཕྱེ་མི་དགོས་པར། སྤྱིར་བྱས་པ་ཡིན་ན་མི་རྟག་པར་འགྲུབ་ངེས་ཀྱང་དེ་ལྟར་མི་འགྲུབ་པར་བསྟན་པ་ནི་སུན་འབྱིན་མི་ནུས་པའི་ཚིག་ཙམ་ཡིན་པའི་ཕྱིར་རོ། །དེས་ན་དབྱིབས་ལ་གཉིས་སུ་མ་ཕྱེ་བར་དབྱིབས་ཙམ་གྱིས་སྐྱེས་བུས་བྱས་པར་འགྲུབ་ན། དེ་མི་འགྲུབ་པར་བསྟན་པ་ལྟག་ཆོད་དུ་འགྱུར་ཡང་དབྱིབས་ཁྱད་པར་དུ་དབྱེ་བ་མ་བྱས་པར་དབྱིབས་ཙམ་ནི་སྐྱེས་བུས་བྱས་པ་ལ་མི་འཁྲུལ་བའི་འབྲེལ་བ་མ་གྲུབ་པས་འབྲས་མཚུངས་ཀྱི་ལྟག་ཆོད་དང་འདྲ་བ་མ་ཡིན་ནོ།།
གཉིས་པ་དབྱིབས་སྒྲ་འཇུག་ཙམ་རྟགས་མིན་པ་ལ།དབྱིབས་ཀྱི་སྒྲ་ཙམ་རྟགས་མིན་དཔེ། །ཡིན་ན་ཧ་ཅང་ཐལ་བ་འོ། །དང་པོ།
རིགས་ཀྱི་ཁྱད་པར་ལ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས།།སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གོ་ཉིད་ཕྱིར་ན་རྭ་ཅན་བཞིན།།ཆོས་སོ་སོའི་རང་རང་གི་རིགས་ཀྱི་ཁྱད༷་པ༷ར་མི་འདྲ་བ་ལ༷་རྗོད་བྱེད་དུ་གྲུ༷བ་པ༷་ཡི་སྒྲ༷་ཡི་སྤྱི་སྟེ་ཐུན་མོང་གི་མིང་ནི་ཡུལ་བརྗོད་བྱ་གང་ལ་ཡོད་པ་ཙམ་མཐོང་བ༷་ལ༷ས་རིགས་གཞན་དང་གཞན་དུ་སྒྲུ༷བ་པར་བྱེད་པ་ནི་མི་རིགས་ཏེ་དཔེར་ན། ང༷ག་དང་ཕྱོགས་ལ༷་སོགས་པ་ཆོས་ཅན། གོ་ཞེས་པ་ཉིད་ཡིན་པའི་ཕྱིར་ན༷་རྭ༷་ཅ༷ན་ཡིན་ཞེས་པ་བཞིན་ནོ། །དེ་དག་ལ་སྤྱི་མིང་དུ་གོ་སྒྲ་འཇུག་ཀྱང་མིང་དེ་ཞུགས་པ་ཙམ་གྱིས་དེ་ཡི་མིང་ཅན་གཞན་དུ་གྲུབ་པར་མི་འགྱུར་རོ། །ཇི་སྐད་དུ།ངག་ཕྱོགས་ས་དང་འོད་ཟེར་དང༌། །མཐོ་རིས་མིག་དང་རྡོ་རྗེ་དང༌།།བ་ལང་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་གཟུང༌། །ཞེས་གྲགས་པ་ཡིན་ནོ། །དབྱིབས་ཙམ་གྱི་སྒྲ་སོགས་ཀྱིས་སྐྱེས་བུས་བྱས་པར་སྒྲུབ་པའང་ཚུལ་དེ་དང་འདྲའོ།།
གཉིས་པ་ཡིན་ན་ཧ་ཅང་ཐལ་བ་ནི།
བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན།།དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་གྲུབ།།སྐྱེས་བུས་བརྗོད་པ༷ར་འདོད་པ༷འི་གཞ༷ན་དབ༷ང་གིས་འཇུག་པ་ཅན་ཡིན་གྱི་རང་དབང་གིས་འཇུག་པ་ཅན་མིན་པའི་ཕྱིར། སྒྲ༷་རྣ༷མས་ནི་ཡུལ་ག༷ང་ལ༷འ༷ང་སྦྱར་དུ་མེད་པ་མ༷་ཡིན་པས་ན་སྒྲ་ཙམ་དེ་ཡོད་པ༷ས་ནི་དེའི་མིང་ཅན་གྱི་དོན་དེ་གྲུ༷བ་ན༷་བུམ་སོགས་དོན་གང་ཡང་རུང་བ་ཐ༷མས་ཅ༷ད་ཀྱིས་ནི་སྣམ་སོགས་གཞན་གྱི་དགོས་པ་ཐ༷མས་ཅ༷ད་གྲུ༷བ་པར་ཐལ་ཏེ། དཔེར་ན་སྐྱེས་བུ་ལ་ཉི་མ་ཞེས་པའི་མིང་ཡོད་ན་དེས་སྣང་བར་ཡང་བྱེད་པར་ཐལ་ལོ།།
གཉིས་པ་དེས་གཞན་ཁེགས་ཚུལ།
འདིས་ནི་སེར་སྐྱ་ལ་སོགས་ཀྱི། །མི་རྟག་སོགས་ཕྱིར་ཡང་སེམས་མེད།།སོགས་དང་ཤུན་པ་བཤུས་ན་ནི། །འཆི་ཕྱིར་སེམས་ལྡན་དཔྱད་པ་ཡིན།།སྒྲ་ཙམ་མཚུངས་པས་དོན་མཚུངས་པར་སྒྲུབ་མི་ནུས་པར་བསྟན་པའི་རིགས་པ་འདིས་ནི་སེར་སྐྱ༷་བ་དང་ལ༷་སོགས་ཀྱི་སྒྲས་གཅེར་བུ་པ་རྣམས་ཀྱི་སྒྲུབ་བྱེད་ལྟར་སྣང་བ། མི་རྟ༷ག་པ་དང་སྐྱེ་བ་ཅན་ཡིན་པ་སོགས་ཀྱི་ཕྱིར་ཡ༷ང་བློ་དང་བདེ་བ་སོགས་སེམས་མེད་པ་དང་ནང་མ་ཡིན་པ་སོགས་སུ་སྒྲུབ་པ་ད༷ང༌། ཤུ༷ན་པ༷་བཤུ༷ས་ན༷་ནི་འཆི་བའི་ཕྱིར་ཤིང་སེམས་ལྡ༷ན་དུ་འདོད་པའང་མི་རིགས་པར་དོན་གྱིས་དཔྱ༷ད་ཅིང་བསལ་བར་བྱས་པ༷་ཡིན་ནོ། །ཇི་ལྟར་ཞེ་ན། སེར་སྐྱ་བ་ན་རེ། གཙོ་བོ་ལས་བྱུང་བའི་བློ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་དང༌། གཙོ་བོའི་རྣམ་འགྱུར་སྒྲ་སོགས་ཀྱི་རང་བཞིན་བདེ་བ་སྡུག་བསྔལ་བཏང་སྙོམས་ཞེས་པ་འདི་རྣམས་ཆོས་ཅན། སེམས་མེད་པ་ཡིན་པ་དང་ནང་ཤེས་རིག་གི་སྐྱེས་བུའི་ཆོས་མ་ཡིན་པར་ཕྱི་རོལ་གྱི་ཆོས་ཡིན་ཏེ། འདི་དག་མི་རྟག་པ་དང་སྐྱེ་བ་ཅན་ཡིན་པའི་ཕྱིར་ཞེས་བརྗོད་དོ། །དེ་དག་གི་ཞེ་འདོད་ལ་བློ་དང་བདེ་བ་སོགས་མི་རྟག་པ་དང་སྐྱེ་བ་ཅན་ཡིན་པར་བརྗོད་པ་ནི་ཕྱི་ནང་གཉིས་ཀའི་ངོར་གྲུབ་པ་ཡིན་ལ། རྟགས་དེ་གྲུབ་ན་སེམས་མེད་དུ་ཡང་འགྲུབ་ནུས་སོ་སྙམ་པའོ། །སེམས་མེད་དུ་ཅིས་གྲུབ་ན། ཁོ་རང་གིས་མི་རྟག་པ་ཞེས་པའི་དོན་ནི་ཕྱི་རོལ་གྱི་གཙོ་བོ་ལས་སྐྱེས་པ་དེ་སླར་ཡང་དེར་ནུབ་པ་ཙམ་ལ་འདོད་པས་སྔར་མེད་གསར་དུ་སྐྱེ་བ་དང་སྔར་ཡོད་གཏན་དུ་འགག་པར་མི་འདོད་ལ། དེ་ལྟ་ན་མི་རྟག་པ་ཞེས་པ་དེ་གྲུབ་ན་མི་རྟག་པ་དང་སྐྱེ་ལྡན་གྱི་དོན་རང་གི་ཞེ་འདོད་ལ་ཡོད་པ་དེ་འགྲུབ་བོ་སྙམ་པའོ། །དེ་གྱི་ན་སྟེ་ཁོ་རང་གི་ཞེ་འདོད་ཀྱི་མི་རྟག་པ་དེ་ལྟ་བུ་བློ་སོགས་ཀྱི་སྟེང་དུ་ནང་པ་སངས་རྒྱས་པའི་ངོར་མ་གྲུབ་ལ། སངས་རྒྱས་པའི་མི་རྟག་པའི་དོན་དེ་ཁོ་རང་གི་ངོར་མ་གྲུབ་པས་རྟགས་དེ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་མི་སྲིད་པས་སྒྲ་ཙམ་གྲུབ་པ་དེས་ཞེ་འདོད་ཀྱི་དོན་གང་ཡང་མི་འགྲུབ་སྟེ། སངས་རྒྱས་པའི་ངོར་བློ་སོགས་དགག་པར་འགྱུར་བར་གྲུབ་ཀྱང་དེས་སེམས་མེད་པར་མི་འགྲུབ་བོ། །ཡང་གཅེར་བུ་པ་ན་རེ། ཤིང་ཆོས་ཅན། སེམས་པ་ཅན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཞེས་སངས་རྒྱས་པའི་ངོར་བཀོད་པ་ན། འཆི་བ་ཞེས་པའི་ཐ་སྙད་དེ་ཙམ་ཤིང་ལ་འཇུག་པ་ཡོད་པ་ནི་སངས་རྒྱས་པས་ཀྱང་འདོད་ལ། དེ་ཁས་བླངས་ན་སེམས་ཡོད་པའང་འགྲུབ་སྙམ་པའོ། །དེ་ཡང་སངས་རྒྱས་པས་རིས་མཐུན་པར་གནས་པའི་དབང་ཤེས་སྲོག་གསུམ་འགག་པ་ལ་འཆི་བ་ཞེས་བརྗོད་པའི་དོན་དེ་ཤིང་ལ་མ་གྲུབ་ལ། ཤིང་སྐམ་པ་ལ་ཤིང་ཤི་བ་ཞེས་དང༌། འོ་མ་རུལ་བ་ལ་འོ་མ་ཤི་ཞེས་པ་དེ་ཙམ་བརྗོད་པ་ཡོད་ཀྱང་དེས་སེམས་ལྡན་དུ་མི་འགྲུབ་སྟེ་སྐམ་པ་ཙམ་ལ་ཤི་བ་ཞེས་བརྗོད་པ་ལ་སོགས་པ་ཡིན་པས་ན། སྒྲ་དེ་ཙམ་ཞུགས་པས་དེ་གྲུབ་ན་ཤིང་དུ་མ་ཟད་འདམ་རྫབ་སོགས་ལའང་སེམས་གྲུབ་པར་འགྱུར་རོ། །དེ་འདོད་དོ་ཞེ་ན། གཅེར་བུ་པ་རང་གིས་སྲོག་མིན་དུ་འདོད་པ་སྒྲ་དྲི་འོད་རྣམས་ཀྱང་འགག་པ་ལ་ཤི་བའི་སྒྲ་མེད་པ་མ་ཡིན་པས་གནོད་དོ།།
གསུམ་པ་གྲུབ་དོན་བསྡུ་བ་ནི།
དངོས་པོའི་ངོ་བོ་མ་གྲུབ་ན། །ཚུལ་འདི་གྲུབ་ན་མ་གྲུབ་ཀྱང༌།།ཁྱད་པར་གནོད་བྱེད་མ་ཡིན་ཏེ། །སྒྲ་ཡི་ནམ་མཁའ་ལ་བརྟེན་བཞིན།།སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་འགྱུར་ཏེ་དཔེར།།འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན།།དེ་ཉིད་འཁྲུལ་ལ་སོགས་ཡིན་ན། །སྒྲ་ནི་འཁྲུལ་པ་མེད་ན་ཡང༌།།སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་70གྲུབ་ཕྱིར་རོ།།འགྲོ་བའི་ཕྱིར་དང་ལག་ལྡན་ཕྱིར། །རྭ་ཅན་གླང་པོ་ཞེས་སྒྲུབ་བྱེད།།འདི་ཡི་སྒྲ་ཡི་བརྗོད་བྱ་ནི། །གྲགས་པ་71ཡིན་གྱིས་བརྗོད་འདོད་མིན།།རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་སྒྲ་གང་གིས་བརྗོད་ཀྱང་རུང་རྟགས་སུ་འགྲོ་རྒྱུའི་དངོས་པོའི་ངོ་བོ་དེ་ཆོས་ཅན་ལ་མཐུན་སྣང་དུ་མ༷་གྲུ༷བ་ན༷། གོང་དུ་བཤད་པ་ལྟར་ཕྱོགས་ཆོས་མ་གྲུབ་པའི་ཚུ༷ལ་འདི་ཉིད་དུ་འགྱུར་ལ།རྟགས་ཀྱི་དོན་དེ་གྲུ༷བ་ན༷་རང་གི་ཞེ་འདོད་ཀྱིས་གཞན་དུ་བརྟགས་པའི་དབང་གིས་མིང་དེ་མ༷་གྲུ༷བ་ཅེས་བརྩད་ཀྱང༷༌། ཞེ་འདོད་ཀྱི་ཁྱ༷ད་པ༷ར་ལས་དོན་གཞན་ལ་བཏགས་པའི་མིང་དུ་བསམས་ནས་མིང་དེ་མ་གྲུབ་ཅེས་བརྗོད་པ་ནི་རྟགས་དེས་བསྒྲུབ་བྱ་འགྲུབ་པ་ལ་གནོད་བྱེད་དུ་གྱུར་པ་མ༷་ཡིན་ཏེ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པ་ན་བྱས་པ་ཡིན་པ་རྟགས་མ་གྲུབ་སྟེ། སྒྲ་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་མ་བྱས་པའོ་ཞེས་སྐྱོན་བརྗོད་པས་རྟགས་མ་གྲུབ་པར་མི་འགྱུར་ཏེ། སྒྲ༷་ཡི་སྟེང་ན་རང་གི་ཞེ་འདོད་ཀྱིས་ཀུན་ཏུ་བརྟགས་པའི་ཁྱད་པར་གྱི་ཆོས་ན༷མ་མཁ༷འ་ལ༷་བརྟེན་པའམ་ནམ་མཁའི་ཡོན་ཏན་ཡིན་ནོ་ཞེས་ཁོ་རང་གི་གཞུང་ན་གྲགས་པ་དེའི་དབང་དུ་ན་སྒྲ་ལ་བྱས་པ་ཞེས་མ་གྲུབ་ཀྱང༌། བྱེད་པ་ལྕེ་རྐན་སོགས་ཀྱི་རྒྱུ་ལས་དམིགས་པ་ནི་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་ཡིན་ལ་ནང་པ་སངས་རྒྱས་པས་དེ་ལ་བྱས་པ་ཞེས་བཏགས་པ་ཡིན་པས་ན་རྟགས་སུ་འགྲོ་རྒྱུའི་དངོས་པོ་ནི་དེ་ཡིན་པས་དེའི་མིང་གི་ཁྱད་པར་གཞན་དུ་བྱས་ཀྱང་དངོས་པོ་དེ་གཞན་དུ་བྱ་མི་ནུས་པས་དངོས་པོའི་སྟོབས་ལས་སྒྲ་མི་རྟག་པར་འགྲུབ་པ་བཞིན་ནོ། །དེས་ན་སྒྲ་ཙམ་གྱི་དོན་ལ་ཞེ་འདོད་ཀྱི་གོ་བ་ཐ་དད་པའི་དབང་གིས་རྟགས་མ་གྲུབ་པ་ལྟར་སྣང་ཡང་ཞེ་འདོད་ཀྱི་དོན་དེ་རྟགས་སུ་སོང་ན་མིང་གཞན་དུ་བཏགས་པས་གེགས་བྱེད་མི་ནུས་པར་བསྟན་ནས། དེ་ལྟར་རྟགས་དེའི་སྒྲ༷་མ༷་གྲུ༷བ་ཀྱང༷་རྟགས་སུ་གཟུང་བྱའི་དངོས་པོ་ནི་ཆོས་ཅན་དེ་ལ་གྲུ༷བ་པར་གྱུར་ན༷་དེས་རང་དང་འབྲེལ་བ་ཅན་གྱི་བསྒྲུབ་བྱའང་འགྲུབ་ལ། བསྒྲུབ་བྱ་དེས་ཁྱད་པར་དུ་བྱས་པའི་ཚོགས་དོན་ཡང་གྲུ༷བ་པ༷ར་འགྱུ༷ར་ཏེ་དཔེར་ན་རྡུལ་ཕྲན་རྟག་པར་འདོད་པ་འུ༷ག་པ༷་པ༷་ལ༷་ས༷ངས་རྒྱ༷ས་པ༷ས་ལུ༷ས་ཅན་ཡིན་པ་དང་ཐོགས་བཅས་ཡིན་པ་སོགས་རྡུལ་ཕྲ་རབ་རྟག་པ་མིན་པའི་སྒྲུ༷བ་བྱེད་དུ་བཤ༷ད་པ༷་བཞིན་ནོ། །ཇི་ལྟར་ན། རྡུལ་ཕྲ་རབ་ཆོས་ཅན། རྟག་པ་མ་ཡིན་ཏེ། ལུས་ཅན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་བཀོད་པ་ན། འུག་པ་པའི་ངོར་ལུས་ཅན་ཡིན་པའི་སྒྲ་མ་གྲུབ་སྟེ། དེས་ཐམས་ཅད་དུ་སོང་བ་མིན་པའི་རྫས་ཀྱི་ཚད་ལ་ལུས་ཅན་ཞེས་འདོད་ཅིང༌། རྡུལ་ཕྲན་ལ་ཚད་མེད་པས་ལུས་ཅན་མིན་པར་འདོད་དོ། །དེའི་ལུགས་ལ་ཐམས་ཅད་དུ་སོང་བ་མིན་པ་ནི་འབྱུང་བ་བཞི་དང་ཡིད་ཡིན་པར་འདོད་ལ། དེ་ལས་ཡིད་ལ་ཚད་མེད་པས་ན་གཞན་བཞི་ཁོ་ནར་འདོད་ཅིང༌། ཚད་ཅེས་པ་ཡོན་ཏན་གྱི་བྱེ་བྲག་སྟེ་ཆེ་ཆུང་རིང་ཐུང་བཞི་ཡི་རྣམ་པར་སྣང་བ་ཡོད་པ་ལ་ལུས་ཅན་ཞེས་བྱའོ།།སངས་རྒྱས་པས་ཚད་རྫས་སུ་མི་འདོད་པས་ཚད་ལ་ལུས་ཅན་ཞེས་མི་བྱ་བར་རེག་བྱ་དང་ལྡན་པ་ལ་ལུས་ཅན་ཞེས་བཏགས་པ་ཡིན་ནོ། །དེ་ལྟར་ལུས་ཅན་ཞེས་པ་འདོགས་ཡུལ་མི་འདྲ་ཡང་མི་རྟག་པ་སྒྲུབ་པའི་རྟགས་སུ་འགྲོ་རྒྱུ་རེག་བྱ་དེ་ནི་རྡུལ་ཕྲན་དང་བུམ་པ་གཉིས་ཀ་ལ་ཡོད་པར་རྒོལ་བ་གཉིས་ཀས་ཀྱང་ཁས་ལེན་དགོས་ཏེ། རྡུལ་ཕྲ་རབ་ཀྱང་རེག་བྱ་ཅན་མིན་ན་ཡུལ་གྱི་གོ་ས་ཕན་ཚུན་མནན་ནས་ཚོགས་པ་རྩོམ་མི་སྲིད་པས་ན། ལུས་ཅན་མིན་པའི་སྒྲ་མ་གྲུབ་པར་རེ་ཞིག་རྩོད་དུ་ཆུག་ཀྱང༌། སྒྲུབ་ནུས་ཀྱི་དོན་རྟགས་སུ་གྱུར་པ་རེག་བྱ་ཡོད་པ་དེས་མི་རྟག་པར་འགྲུབ་པ་ཡིན་ནོ། །དེ་གྲུབ་ན་གང་རེག་བྱ་ཡོད་པ་དེ་ནི་ལུས་ཅན་དུ་བཏགས་པའང་ཐ་སྙད་སྐྱོན་མེད་པ་ཡིན་པར་ཡང་འགྱུར་རོ། །དེ་བཞིན་དུ་ཐོགས་བཅས་ཡིན་པའང་འུག་པ་པའི་ངོར་མ་གྲུབ་སྟེ། དེས་ཆ་ཡོད་པ་ལ་ཐོགས་བཅས་སུ་འདོད་ཀྱང་གཟུགས་ཅན་གཞན་གྱི་ངོར་གཞན་གནས་པ་ལ་གེགས་བྱེད་པའི་དོན་ནི་རྡུལ་ཕྲན་པ་ལ་72གྲུབ་པ་དེས་དོན་གྲུབ་པ་ཡིན་ནོ། །རྟགས་ཀྱི་དོན་དེ་ཉིད་བསྒྲུབ་བྱ་ལ་འཁྲུ༷ལ་པ་དང་ལ༷་སོགས་པའི་སྒྲས་མ་གྲུབ་པ་དང་འགལ་བ་ཡིན་ན༷། རྟགས་སུ་བརྗོད་པའི་སྒྲ༷་ཙམ་ནི་ཆོས་ཅན་དེ་ལ་འཇུག་པར་ནི་ཡོངས་སུ་གྲགས་པས་འཁྲུ༷ལ་པ༷་མེད་པ་ཡིན་ན༷་ཡ༷ང་དེ་འདྲའི་སྒྲུ༷བ་བྱེད་ནི་སྐྱོན་ལྡ༷ན་དུ་ཤེས་པར་བྱ་སྟེ་རྟགས་སུ་འགྲོ་རྒྱུའི་དངོས་པོ་དེ་ལ༷ས་བསྒྲུབ་བྱའི་དངོས་པོ་གྲུབ་པ་ཡིན་གྱི་སྒྲ་ཙམ་གྱིས་སྒྲུ༷བ་མི་ནུས་པའི་ཕྱིར་རོ། །ཇི་ལྟར་ན། སྐྱེས་བུ་འདི་ཆོས་ཅན། འགྲོ་བ༷འི་ཕྱིར་ད༷ང་ལ༷ག་པ་དང་ལྡ༷ན་པའི་ཕྱིར་རིམ་པ་ལྟར་རྭ༷་ཅ༷ན་ཡིན་ནོ་ཞེས་དང༌། གླ༷ང་པོ་ཆེ་ཡིན་ནོ་ཞེས་སྒྲུ༷བ་པར་བྱེད་པ་བཞིན་ཏེ། བཤད་མ་ཐག་པ་འགྲོ་ལྡན་དང་ལག་ལྡན་ཞེས་པ་འདི་ཡི་མིང་ངམ་སྒྲ༷་དེ་ཡི་བརྗོད་བྱ་གླང་དང་གླང་པོ་ཆེ་ཡིན་པ་ནི་དེ་གཉིས་ཁོ་ནའི་སྒེར་མིང་དུ་འཇིག་རྟེན་ན་ཡོངས་སུ་གྲ༷གས་པ༷་ཙམ་ཁོ་ནས་ཡིན་གྱིས་སྐྱེས་བུའི་བརྗོད་འདོད་ཀྱིས་མིན་ཏེ། བརྗོད་འདོད་དབང་བཙན་དུ་བྱས་ན་དེ་གཉིས་མ་ཡིན་པ་ལའང་འགྲོ་བ་དང་ལྡན་པ་དང་ལག་པ་དང་ལྡན་པ་ཡོད་པའི་ཕྱིར་སྐྱེས་བུ་སོགས་ལའང་མིང་དེ་མི་འཇུག་པའི་རྒྱུ་མཚན་ཅི་ཞིག་ཡོད་དེ་འོན་ཀྱང་གྲགས་པ་དབང་བཙན་པར་བྱས་པའོ།།དེས་ན་སྐྱེས་བུ་ལ་མེ་ཞེས་བརྗོད་པ་ན་སྐྱེས་བུ་དེ་ལ་མིང་དེ་འཇུག་པ་ཡིན་པ་ལ་མ་འཁྲུལ་དུ་ཟིན་ཀྱང་དེས་སྐྱེས་བུ་དེ་བཙོ་སྲེག་གི་དོན་བྱེད་པར་མི་འགྲུབ་པ་བཞིན་ནོ། །འདི་དང་གོང་དུ། ཚིག་གང་སྨྲ་པོས་ཇི་ལྟ་བུར། །ཞེས་སོགས་ཀྱི་སྐབས་རྣམས་སུ་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཚུལ་བསྟན་པ་ཡིན་ནོ།།
གཉིས་པ་གནོད་བྱེད་ཡོད་པ་ལ། རྒྱུ་དང་རྒྱུ་མིན་མཚུངས་པ་ཐལ། །འབྲེལ་མེད་རྒྱུ་རུ་ཐལ་བའི་དཔེ། །ཧ་ཅང་ཐལ་བ་བརྗོད་པ་འོ། །དང་པོ།
ཇི་ལྟར་དངོས་དེ་རྒྱུ་ཡིན་པ། །དེ་ལྟ་དེ་ཉིད་གང་གི་ཚེ།།རྒྱུ་མིན་གང་གིས་དེ་ནི་རྒྱུར། །འདོད་ལ་རྒྱུ་མ་ཡིན་མི་འདོད།།རྟག་པ་འགྱུར་མེད་ཀྱི་དབང་ཕྱུག་དེས་ཐམས་ཅད་བྱས་པར་འདོད་ན་དེ་ལ་བུམ་པ་ལྟ་བུ་བྱེད་པ་དང་མི་བྱེད་པའི་གནས་སྐབས་ཡོད་དམ་མེད། མེད་ན་བུམ་པ་མི་བྱེད་པའི་ཡུལ་དང་དུས་མེད་པས་ཐམས་ཅད་ཐམས་ཅད་ན་རྟག་ཏུ་ཡོད་པར་ཐལ་ལ། མི་བྱེད་པའི་གནས་སྐབས་ཡོད་ན་ནི་བུམ་པ་མི་བྱེད་པ་དེའི་ཚེ་དེའི་རྒྱུ་མིན་པར་ཡང་འགྱུར་ལ། དེ་ལྟ་ན་བུམ་པའི་རྒྱུ་མིན་པའི་གནས་སྐབས་དེ་ལས་ནམ་ཡང་འགྱུར་མི་ཤེས་པས་ན་ཐམས་ཅད་དུའང་བུམ་པའི་རྒྱུ་མ་ཡིན་པར་འགྱུར་བ་དེའི་ཚུལ་གྱིས་དངོས་པོ་གང་གི་ཡང་རྒྱུ་མིན་པར་འགྱུར་རོ།།དེའི་ཕྱིར་ཇི་ལྟ༷ར་ན་དངོས་པོ་དེ་ཡོད་པ་ན་དེའི་རྒྱུ༷་དབང་ཕྱུག་ཡིན་པ༷་དེ་ལྟ་ན། དངོས་པོ་དེ་ཉིད་མ་བྱུང་གོང་དང་ཞིག་པའི་འོག་ཏུ་དེ་མེད་པ་ག༷ང་གི་ཚེ་ན་དེའི་རྒྱུ༷་མིན་པའང་ཡིན་དགོས་ཤིང༌། དེ་ལྟ་ན་རྒྱུ་ཡིན་པ་དང་མིན་པ་གཉིས་ཀ་ནི་འགལ་བ་ཡིན་ལ་རྒྱུ་དང་རྒྱུ་མིན་གྱི་གནས་སྐབས་ལ་ཁྱད་མེད་པའི་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་རྒྱུ་མིན་པར་ཡང་འགྱུར་བཞིན་དུ། རྒྱུ་མཚན་ག༷ང་གིས་དབང་ཕྱུག་དེ་ནི་ཐམས་ཅད་ཀྱི་རྒྱུ༷ར་འདོད་ལ༷་རྒྱུ༷་མ༷་ཡིན་པར་མི་འདོད་པ་ཅི་ཡིན་ཏེ་དེ་གཉིས་རྣམ་པ་ཀུན་ཏུ་མཚུངས་པས་སོ།།
གཉིས་པ་འབྲེལ་མེད་རྒྱུ་རུ་ཐལ་བའི་དཔེ་ནི།
མཚོན་དང་སྨན་སོགས་འབྲེལ་བ་ལས། །ནག་པའི་རྨ་དང་འདྲུབས་ཡིན་ན།།འབྲེལ་མེད་སྡོང་དུམ་ཅི་ཡི་ཕྱིར། །རྒྱུ་ཉིད་དུ་ནི་རྟོག་མི་བྱེད།།གལ་ཏེ་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་ཡུལ་དུས་འགའ་ཞིག་ཏུ་བུམ་པ་སྐྱེ་བར་བྱེད་ལ། འགའ་ཞིག་ཏུ་མི་སྐྱེ་བར་ཡང་བྱེད་པ་ཡིན་པས་ཅི་འགལ་སྙམ་ན།སྐྱེ་བྱེད་དང་མི་སྐྱེ་བར་བྱེད་པའི་རྒྱུ་དབང་ཕྱུག་ལ་སྔ་ཕྱི་དང་ངོ་བོའི་ཁྱད་པར་མེད་པས་ན་དེ་འདྲའི་དབང་ཕྱུག་དེ་ནི་སྐྱེ་བའམ་མི་སྐྱེ་བར་བྱེད་པའི་རྒྱུ་གང་ཡང་མིན་པས་ན་ཕན་གནོད་གང་ཡང་མེད་པ་དེ་འདྲ་རྒྱུ་རུ་རྟོག་ན་ཧ་ཅང་ཐལ་ཏེ། དཔེར་ན་རྨ་བྱེད་པའི་རྒྱུ་མཚོན་ད༷ང་རྨ་སོས་པའི་རྒྱུ་སྨ༷ན་དང་སྔགས་སོགས་སུ་འབྲེལ་བ༷་ལ༷ས། ན༷ག་པ༷འི་ལུས་ལ་རྨ༷་འབྱུང་བ་ད༷ང་འདྲུ༷བས་པ་ཡིན་ན༷འང་རྨ་བྱེད་པ་དང་རྨ་འདྲུབས་པ་གཉིས་ཀྱི་རྒྱུར་འབྲེལ་མེད་ཀྱི་སྡོང་དུ༷མ་ཡང་ཅི་ཡི་ཕྱིར་ན་རྨ་དང་འདྲུབས་པ་དེ་དག་གི་རྒྱུ༷་ཉིད་དུ༷་ནི་རྟོག་པར་མི་བྱེད་དེ་འབྲེལ་མེད་དབང་ཕྱུག་རྒྱུ་རུ་འདོད་རིགས་པས་སོ།།
གསུམ་པ་ཧ་ཅང་ཐལ་བ་བརྗོད་པ་ལ། དངོས་དང་དེ་ཡི་ལན་དགག་པའོ། །དང་པོ་ལ། རྗེས་སུ་འགྲོ་ལྡོག་མི་འགྲུབ་ཚུལ། །དེ་ཕྱིར་ཧ་ཅང་ཐལ་བ་བརྗོད། །དང་པོ།
རང་བཞིན་ཁྱད་པར་མེད་པར་ནི། །བྱེད་པར་ཡང་ནི་མི་རུང་ངོ༌།།རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ།།དབང་ཕྱུག་རྟག་པ་གཅིག་པུའི་ར༷ང་བཞིན་ལ་སྔ་ཕྱི་དང་ནུས་པའི་ཁྱ༷ད་པ༷ར་མི་འདྲ་བ་མེད་པ༷ར་ནི་འདོད་པའི་ཕྱིར། རིམ་ཅན་དུ་བྱུང་བའི་འབྲས་བུ་འདི་དང་སྣ་ཚོགས་མི་འདྲ་བའི་དངོས་པོ་རྣམས་རྒྱུ་དེ་ཡིས་བྱེད་པ༷ར་ཡ༷ང་ནི་མི་རུ༷ང་ངོ༌།།རྒྱུ་རྟ༷ག་པ་ལ༷་ནམ་ཡང་ལྡོག་པ༷་མེད་པ༷འི་ཕྱིར་དེ་ལ་འབྲས་བུ་བྱེད་པའི་ནུ༷ས་པ༷་ཡོད་པ་ཉིད་ཀྱ༷ང་རྟོགས་པ༷ར་དཀ༷འ་སྟེ། འདི་ལྟར་མེ་ལོག་པས་དུ་བ་མེད་པར་ཤེས་ནས་མེ་ལ་དུ་བ་སྐྱེད་པའི་ནུས་པ་ཡོད་པར་ཤེས་ཀྱང༌། འབྲས་བུ་གང་ཞིག་ལོག་པ་ན་དེའི་རྒྱུ་དབང་ཕྱུག་ནི་སྔ་མ་ལྟར་ཡོད་པའི་ཕྱིར་དེའི་ནུས་པ་ཡིན་ན་འབྲས་བུའང་ལྡོག་མི་རིགས་པའི་ཕྱིར་ན་འདི་དབང་ཕྱུག་གི་འབྲས་བུ་མ་ཡིན་ཏེ་རང་གི་རྒྱུ་ལོག་པས་ལྡོག་པ་ཙམ་དུ་ཟད་དོ་སྙམ་དུ་དབང་ཕྱུག་དེའི་ནུས་པ་ཤེས་པར་ནམ་ཡང་མི་འགྱུར་རོ།།དེས་ན་རྒྱུ་འབྲས་སུ་ཁས་ལེན་པ་ནི་རྗེས་སུ་འགྲོ་ལྡོག་མཐོང་བས་བྱེད་པ་ཡིན་ན་དེ་འདི་ལ་མ་དམིགས་བཞིན་དུ་ཁས་ལེན་པ་དོན་མེད་དོ།།
གཉིས་པ་དེ་ཕྱིར་ཧ་ཅང་ཐལ་བ་བརྗོད།
གང་དག་ཡོད་ན་གང་འགྱུར་ཉིད། །དེ་དག་ལས་གཞན་དེ་ཡི་རྒྱུ།།73རྟོག་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར།།རྒྱུ་ག༷ང་ད༷ག་ཡོད་ན༷་འབྲས་བུ་ག༷ང་ཞིག་ཡོད་པར་འགྱུ༷ར་ཞིང་མེད་ན་མི་འབྱུང་བ་ཉིད་དེའི་རྒྱུ་ཡིན་གྱི། དེ་འདྲའི་རྒྱུ་དེ་ད༷ག་ལ༷ས་གཞ༷ན་འབྲེལ་བ་མེད་པ་དག་དེ་ཡི་རྒྱུ༷་ཡིན་པར་རྟོག་པ༷་ཡིན་ན༷་དབང་ཕྱུག་ཏུ་མ་ཟད་རི་བོང་རྭ་དང་ནམ་མཁའ་སོགས་ཀྱང་རྒྱུར་ཐལ་བས་དངོས་པོ་ཐ༷མས་ཅ༷ད་ལ༷་ཡང་རྒྱུ༷་རྣ༷མས་ལ་མཐའ་ཐུ༷ག་པ༷་མེད་པ༷ར་འགྱུ༷ར་རོ།།
གཉིས་པ་ལན་དགག་པ་ལ། མ་ངེས་དཔེ་གཉིས་སོ་སོར་དགག །ཐུན་མོང་དོན་ནི་བསྡུ་བ་འོ། །དང་པོ
།མྱུ་གུ་སྐྱེད་ལ་ས་ལ་སོགས། །རང་བཞིན་ཡོངས་སུ་གྱུར་ནས་74ནི།།རྒྱུ་ཡིན་དེ་ལེགས་བྱས་པ་ན། །དེ་ཡི་ཁྱད་པར་མཐོང་ཕྱིར་རོ།།གལ་ཏེ་ཇི་ལྟར་ཡུལ་དབང་པོ། །ཚོགས་པ་ཁྱད་མེད་བློ་རྒྱུ་ཡིན།།དེ་ལྟར་འདི་ཡིན་ཞེ་ན་མིན། །དེ་ལའང་ཁྱད་པར་ཡོད་ཕྱིར་རོ།།སོ་སོ་སོ་སོར་ནུས་མེད་རྣམས། །རང་བཞིན་ཁྱད་པར་མེད་པས་ན།།ཚོགས་ཀྱང་ནུས་པ་མེད་འགྱུར་བས། །དེ་ཕྱིར་ཁྱད་པར་གྲུབ་པ་ཡིན།།དབང་ཕྱུག་ལ་ཁྱད་པར་ཐ་དད་པ་མེད་ན་འབྲས་བུ་སྐྱེད་པར་མི་འཐད་ཅེས་པ་དེ་མ་ངེས་ཏེ། ཕྱི་རོལ་ལ་དཔེར་བྱས་ན་ས་དང་ས་བོན་ཆུ་སོགས་ལ་ཚོགས་པ་དང་མ་ཚོགས་པའི་གནས་སྐབས་ལ་ཁྱད་མེད་ཀྱང་འབྲས་བུ་མྱུ་གུ་སྐྱེད་པའི་ཕྱིར་ཞེ་ན། དེ་ལ་ཁྱད་མེད་པ་མ་གྲུབ་སྟེ་ཁྱད་ཡོད་པ་ཁོ་ནའོ། །ཇི་ལྟར་ན། མྱུ༷་གུ་སྐྱེད་པ་ལ༷་ནི་ས༷་བོན་དང་ས་ཆུ་ལ༷་སོགས་པ་སྔར་མི་སྐྱེད་པའི་གནས་སྐབས་ལས་ར༷ང་བཞིན་ཡོངས་སུ༷་གྱུ༷ར་ན༷ས་ནི་འབྲས་བུ་དེའི་དངོས་རྒྱུ་བྱེད་པ་ཡིན་གྱི་དེ་མིན་ན་སྔར་གྱི་གནས་སྐབས་བཞིན་ཚོགས་ཀྱང་མི་སྐྱེད་པར་འགྱུར་རོ། །དེ་ལ་ཁྱད་པར་ཡོད་པ་ཡང་རྒྱུ་དེ་དག་ལེགས་པར་བྱ༷ས་པ༷་ན༷་བྱ་བ་དེ་ཡི་ཁྱ༷ད་པ༷ར་མཐོང་བའི་ཕྱིར་རོ། །གང་ཞེ་ན། རྨོས་ཐབས་ཀྱི་ཁྱད་པར་ལེགས་པར་བྱས་པ་ལས་འབྲས་བུ་མང་ལ་བཟང་བ་འོང་བ་ནི་ཁྱད་པར་བྱར་ཡོད་པས་ཡིན་གྱི་ཁྱད་པར་བྱར་མེད་ན་བྱ་བ་དེ་དག་ཆུད་ཟོས་པར་འགྱུར་རོ།།ཡང་ནང་གི་ཆོས་ལ་དཔེར་བྱས་ཏེ། ག༷ལ་ཏེ་ཇི་ལྟ༷ར་ཡུ༷ལ་གཟུགས་ལ་སོགས་པ་དང་དབ༷ང་པོ་མིག་ལ་སོགས་པ་ཚོགས་པ༷་ན་ཡུལ་དང་དབང་པོ་རང་གི་ངོ་བོ་ལ་སྔར་དང་ཁྱ༷ད་མེད་དེ་ཡོད་ན་སྔར་དང་མི་འདྲ་བའི་ཁྱད་པར་དམིགས་དགོས་ནའང་དེ་མ་དམིགས་བཞིན་དུ་དབང་ཤེས་ཀྱི་བློ་སྐྱེད་པའི་རྒྱུ༷་ཡིན་པ་དེ་ལྟ༷ར་དབང་ཕྱུག་འདི་ཡང་སྔར་དང་ཁྱད་མེད་ཀྱང་རྒྱུ་ཡིན་ནོ་ཞེ་ན༷་མིན་ཏེ། ཡུལ་དབང་དེ་ལ༷འ༷ང་སྔར་དང་མི་འདྲ་བའི་ཁྱ༷ད་པ༷ར་ཡོད་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་མེད་པ་ཞིག་ན་མ་ཚོགས་པའི་སྐབས་ཀྱི་རྒྱུ་སོ་སོ་སོ་སོར་གནས་པ་ན་འབྲས་བུ་སྐྱེད་པའི་ནུ༷ས་པ་མེད་པ་དེ་རྣ༷མས་ཚོགས་ཀྱང་སྔར་གྱི་ར༷ང་བཞིན་དང་ཁྱ༷ད་པ༷ར་མེད་པ༷ས་ན༷་ཚོགས་ཀྱ༷ང་སྔར་ལྟར་ནུ༷ས་པ༷་མེད་པར་འགྱུ༷ར་བ༷ས་གནོད་ལ། ཚོགས་ན་འབྲས་བུ་སྐྱེད་པ་དེ་ཕྱིར་ཚོགས་མ་ཚོགས་ལ་ཁྱ༷ད་པ༷ར་གྲུ༷བ་པ༷་ཡིན་ནོ།།
གཉིས་པ་ཐུན་མོང་དོན་ནི་བསྡུ་བ་།
དེ་ཕྱིར་སོ་སོར་གང་ནུས་མེད། །ཚོགས་ན་ཡོན་ཏན་སྲིད་འགྱུར་བ།།དེ་དག་རྒྱུ་ཡིན་དབང་ཕྱུག་སོགས། །མ་ཡིན་ཁྱད་པར་མེད་ཕྱིར་རོ།།བཤད་མ་ཐག་པ་དེ་ཕྱིར་རྒྱུ་སོ་སོར་འབྲས་བུ་ག༷ང་སྐྱེད་པའི་ནུ༷ས་པ་མེད་པ་ལ་ཕན་ཚུན་ཚོགས་པར་གྱུར་ན༷་འབྲས་བུ་སྐྱེད་པའི་ཡོན་ཏ༷ན་ནམ་ནུས་པ་སྲིད་པར་འགྱུ༷ར་བ༷་དེ་ད༷ག་ནི་རྒྱུ༷་ཡིན་གྱི་དབ༷ང་ཕྱུ༷ག་སོགས་མ༷་ཡིན་ཏེ། དབང་ཕྱུག་སོགས་རྟག་པ་དེ་ལ་སྔར་དང་མི་འདྲ་བའི་ཁྱ༷ད་པ༷ར་མེད་པའི་ཕྱིར་རོ།།
གཉིས་པ་དེ་ཡི་སྒྲུབ་བྱེད་རྒྱས་པར་བཤད་པ་ལ། སྒྲུབ་བྱེད་རིགས་པ་རྣམ་པར་གཞག །དེ་ཡི་དོན་རྣམས་བསྡུ་བ་འོ། །དང་པོ་ལ། སྒྲུབ་བྱེད་མེད་པར་འདོད་པ་དགག །ཡང་དག་སྒྲུབ་བྱེད་བསྟན་པ་འོ། །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་དགག་པའོ། །དང་པོ།
ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར།།ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད།།རྒྱང་འཕེན་པ་དང་སྤྱོད་པ་པ་སོགས་ན་རེ། དབང་ཕྱུག་ཚད་མར་འདོད་པ་དེ་ལ་ཁྱོད་ཀྱིས་དེ་ཚད་མར་ཤེས་བྱེད་ཀྱི་རྟགས་མེད་ལ། དེ་འདྲའི་ཚད་མ་དེ་སྒྲུབ་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་མི་འཐད་ཅེས་བཀག་པ་དེ་ཁྱོད་རང་ལའང་མཚུངས་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་ཚད་མར་འདོད་པ་དེ་ལའང་དེ་གཉིས་མེད་པས་སོ།།ཇི་ལྟར་སྟོན་པ་དོན་ཀུན་ལ་ཚ༷ད་མ༷་ཉིད་དུ་གྱུར་པ་ནི་ལྐོག་གྱུ༷ར་གྱི་དོན་སྲིན་བུའི་གྲངས་དང་ཤིང་གི་ལོ་མ་སོགས་མཐའ་དག་ཤེས་པ་ཡིན་ལ། དེ་དེ་ལྟར་ཤེས་པའི་རྟགས་ཀྱང་མི་སྲིད་ལ་ལྐོག་གྱུར་དེ་ཤེས་པའི་ཚད་མའི་སྒྲུ༷བ་བྱེད་ཐབས་ཀྱ༷ང་འདིའོ་ཞེས་ཤེས་པ་མེད་པ༷འི་ཕྱིར་ཐབས་དེ་ལ་ན༷ན་ཏ༷ན་དུ་བྱེད་པ༷་སུ་ཡང་ཡོད་པ་མ༷་ཡིན་པས་ཚད་མའི་སྒྲུབ་བྱེད་ཀྱང་ཡོད་པ་མིན་ནོ་ཞེས་ནི་རྒྱལ་དཔོགས་པ་སོགས་མུ་སྟེགས་ཁ༷་ཅིག་གིས་ར༷བ་ཏུ་བརྗོད་དོ།།
གཉིས་པ་དེ་དགག་པ།
མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས།།དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད།།དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི།།འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད།།བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ།།གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ།།རིང་པོ་མཐོང་བའམ་75མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན།།གལ་ཏེ་རིང་མཐོང་ཚད་ཡིན་ན། །ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས།།སྟོན་པ་བཅོམ་ལྡན་འདས་ཚད་མར་སྒྲུབ་པ་ལ་དེ་གཉིས་ཀ་མེད་པ་མ་ཡིན་ཏེ། རྒྱུ་མཚན་གང་ཞེ་ན། འདི་ལྟར་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་གང་ཟག་རྣམས་ཀྱིས་མངོན་འདོད་ཀྱི་གཙོ་བོ་སྡུག་བསྔལ་ཉེ་བར་ཞི་བའི་ཐབས་སྔར་རང་གིས་མི་ཤེས་ཤིང་གཞན་གྱིས་སྟོན་པ༷ར་བྱེད་པ༷་ལ༷་ཡང་དེ་ཐབས་ཡང་དག་པ་ཡིན་ནམ་མིན་ཞེས་འཁྲུ༷ལ་པ༷ར་དོགས་པ༷་ཅ༷ན་རྟོག་ལྡན་རྣ༷མས་ཀྱིས་སྟོན་པ་དེས་བཤ༷ད་པའི་ཐབས་ལ་ན༷ན་ཏ༷ན་དུ་སྒྲུབ་པ་སྙིང་པོར་བྱ༷་བ༷འི་ཕྱིར། ཐོག་མར་སྡུག་བསྔལ་རྣམས་གཏན་དུ་ཉེ་བར་ཞི་བའི་ཐབས་ཤེས་པ་དང་ལྡ༷ན་པ་འག༷འ་ཞིག་འཚོལ་བ༷ར་བྱེད་པ་ཡིན་ཏེ་ནད་ཀྱིས་ཉེན་པས་སྨན་པ་མཁས་པ་འཚོལ་བ་བཞིན་ནོ། །དེ་ལྟར་མངོན་འདོད་ཀྱི་གཙོ་བོ་སྡུག་བསྔལ་ཉེར་ཞིའི་ཐབས་ལ་ནན་ཏན་དུ་འདོད་པས་ཐབས་མཁྱེན་པ་འཚོལ་བ་ཡིན་པ་དེ་ཕྱིར། རྟོག་ལྡན་དེ་ཡིས་དོན་དུ་གཉེར་བྱའམ་བསྒྲུ༷བ་བྱ་རུ་གྱུ༷ར་པ༷འི་ཐབས་དེ་འདྲ་མཁྱེན་པའི་ཡེ་ཤེས་མངའ་བའམ་མི་མངའ་ཞེས་རྣ༷མ་པར་དཔྱ༷ད་པར་བྱ༷འི། །སྟོན་པ་འདི་ཡིས་ལུས་ཀྱི་སྲིན་བུ༷འི་གྲ༷ངས་མཁྱེན་པ༷་སོགས་ནི་ཐར་པ་འདོད་པ་ངེད་ལ༷་དེའི་ཐབས་སུ་འག༷ར་ཡ༷ང་ཉེར་མཁོ་མེད་པའི་ཕྱིར་དཔྱད་པར་བྱ་བ་མིན་ནོ།།དེས་ན་རང་གི་མངོན་འདོད་ཀྱི་དོན་དེ་ལ་དཔྱད་པ་ན། བླ༷ང་བྱ་འགོག་པ་ད༷ང་དོར་བྱ༷འི་དེ་ཉིད་སྡུག་བསྔལ་བདེན་པ་ནི་འཐོབ་བྱ་དང་ཤེས་བྱར་བསྟན་ནས། བླང་བྱ་དེ་མངོན་དུ་བྱེད་པའི་ཐ༷བས་ལམ་བསྟེན་པར་བྱ་བའི་ཚུལ་ད༷ང༌། དོར་བྱ་སྡུག་བསྔལ་དེ་སྤོང་བའི་ཐབས་ཀུན་འབྱུང་སྤོང་བའི་ཚུལ་ཡང་བསྟན་པ་ནི་བླང་དོར་དེ་ཐབས་དང་བཅ༷ས་པ༷་སྟོན་པ་གང་གིས་རིག་པའམ་མཁྱེན་པར་མཛ༷ད་ནས་གཞན་ལའང་རིག་པར་མཛད་པ༷་ག༷ང་དེ་སྟོན་པ་ཚ༷ད་མ༷་ཉིད་དུ་འདོད་ཀྱི། དགོས་མེད་ཀྱི་སྲིན་བུའི་གྲངས་སོགས་ཐ༷མས་ཅ༷ད་རིག་པར་མཛ༷ད་པ་ཞིག་ཚད་མ༷་ཡིན་ནོ་ཞེས་སྒྲུབ་པ་མ་ཡིན་ནོ། །དེས་ན་སྐྱེས་བུ་གང་གིས་རིང་པོ་མཐོང་བ༷འ༷མ་མཐོང་བ་མིན་ཡ༷ང་རུ༷ང་རང་གི་འདོད་པ༷འི་དེ་ཁོ་ན་ཉིད་མཐོང་བ༷་དེ་ཙམ་གྱིས་སྟོན་པ་ཚད་མར་འདོད་པ་ཡིན་ནོ།།ག༷ལ་ཏེ་རིང་པོ་མཐོང་བ་ཙམ་ཚ༷ད་མའི་སྐྱེས་བུ་ཡིན་ན༷་ཀྱེ་གྲོལ་བར་འདོད་པ་སྤྱོད་པ་པ་སོགས་ཚུ༷ར་ཤོག་བདེན་བཞི་སྟོན་པའི་མཁས་པ་བོར་ལ་རིང་པོ་མཐོང་བ་བྱ་རྒོད་དང་རིང་པོ་ཐོས་པ་ཕག་རྒོད་དང་གཞན་སེམས་ཤེས་པ་མཁའ་འགྲོ་མ་སོགས་བསྟེན་པ༷ར་གྱིས་དང་ཁྱོད་ཀྱི་དོན་འགྲུབ་བོ་ཞེས་མི་རིགས་པའི་སྨྲ་བ་ལ་ཁྲེལ་བའི་ལན་བརྗོད་པ་སྟེ། རིང་པོ་མཐོང་བ་ལ་སོགས་པ་ཙམ་གྱིས་རྣམ་གྲོལ་དོན་གཉེར་ལ་ཅི་ཡང་མི་ཕན་པས་སྟོན་པ་ཚད་མར་སྒྲུབ་པ་ལ་དེ་འདྲ་དགོས་པ་མ་མཆིས་པའི་ཕྱིར་རོ།།དེས་ན་དངོས་སྟོབས་ཀྱིས་སྒྲུབ་ནུས་པ་བདེན་བཞི་མ་ནོར་བར་བསྟན་པ་འདི་ཙམ་གྱིས་སྟོན་པ་ཚད་མར་གྱུར་པ་འགྲུབ་སྟེ་ལུགས་འབྱུང་དུ་སྒྲུབ་པ་ནི་ཚད་མའི་སྒྲུབ་བྱེད་ཀྱི་རྒྱུ་ཡིན་ལ། ལུགས་བཟློག་ཏུ་བསྟན་པ་ནི་ཚད་མ་ཡིན་པ་ཤེས་བྱེད་ཀྱི་རྟགས་ཀྱང་ཡིན་ནོ།།དེ་གྲུབ་པས་ལྐོག་ཏུ་གྱུར་པ་མཐའ་ཡས་པ་མཁྱེན་པའང་རྗེས་སུ་དཔག་ནུས་ལ་སྒྲུབ་བྱེད་ཡོད་ལ་གནོད་བྱེད་མེད་པས་ཤེས་བྱ་ཐམས་ཅད་མཁྱེན་པའང་འགྲུབ་མོད་ཀྱི། ཐམས་ཅད་མཁྱེན་པ་ཡིན་པའི་རྟགས་སུ་སྲིན་བུའི་གྲངས་ལ་སོགས་པ་ལྐོག་གྱུར་རེ་རེ་ནས་འདི་ལྟར་མཁྱེན་ནོ་ཞེས་རྟགས་འགོད་དགོས་པ་མ་ཡིན་ཏེ། སྟོན་པས་མཁྱེན་དུ་ཟིན་ཀྱང་དེ་སྙེད་བསྟན་ནས་སུ་ཞིག་གིས་བཟུང་ནུས་ལ་དགོས་པ་མེད་པས་གཟུང་བར་བྱ་བའང་མིན་ནོ།།ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་ཀྱང་མེད་པ་མིན་ཏེ་སྒྲིབ་གཉིས་སྤོང་བའི་ཐབས་ལ་སྙིང་རྗེ་ཆེན་པོ་གོམས་པ་རབ་ཀྱི་མཐར་ཐུག་པར་ནན་ཏན་མཛད་པ་འཆད་པར་འགྱུར་རོ།།
གཉིས་པ་ཡང་དག་སྒྲུབ་བྱེད་བསྟན་པ་ལ།བསམ་སོགས་ལུགས་འབྱུང་ལམ་བཞིན་བཤད། །སྐྱོབ་སོགས་ལུགས་བཟློག་ཤེས་བྱེད་བཤད། །དང་པོ་ལ། རྒྱུ་དང་འབྲས་བུ་ཕུན་ཚོགས་གཉིས། །དང་པོ་ལ། སོ་སོར་བསྟན་དང་མཇུག་བསྡུ་བའོ། །དང་པོ་ལ། བསམ་པ་ཕུན་ཚོགས་ཕན་བཞེད་བཤད། །སྦྱོར་བ་ཕུན་ཚོགས་སྟོན་པ་བཤད། །དང་པོ་ལ། དངོས་དང་དེ་ལ་རྩོད་སྤོང་ངོ༌། །དང་པོ།
སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ།།བཅོམ་ལྡན་འདས་དེ་ཚད་མར་གྱུར་པའི་སྒྲུ༷བ་བྱེད་གང་ཡིན་ཞེ་ན། སྒྲུབ་བྱེད་ནི་ཐུ༷གས་རྗེ་ཆེན་པོ་སྐྱེ་བ་དུ་མར་ཡང་ནས་ཡང་དུ་གོམས་པ་ལ༷ས་མཐར་ཕྱིན་པ་དེ་ཡི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་ལ་ཐུགས་རྗེ་ཆེན་པོ་གང་ཞེ་ན། ལན་ལ་མ་ལྟོས་པར་སེམས་ཅན་ཐམས་ཅད་ལ་མཉམ་པར་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ཞེ་སྡང་མེད་པའི་རང་བཞིན་ནོ། །དེ་ལྟ་བུ་ནི་ཡང་ནས་ཡང་དུ་གོམས་པ་ལས་རབ་ཀྱི་མཐར་ཕྱིན་པ་ན་ལྡོག་པ་མེད་པར་བློ་དེའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་ནོ།།
གཉིས་པ་བསམ་པ་ཕུན་ཚོགས་དེ་ལ་རྩོད་པ་སྤོང་བ་ལ། གོམས་པ་མི་སྲིད་རྩོད་པ་སྤང༌། །སྲིད་ཀྱང་མཐའ་མེད་མི་སྲིད་སྤང༌། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ།
བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན།། མ་ཡིན་རྟེན་ནི་བཀག་ཕྱིར་རོ།།རྒྱང་འཕེན་པ་ན་རེ། བློ་ནི་ལུ༷ས་ལ༷་བརྟེན་པ་སྟེ་ཇི་ལྟར་ན་སྒྲོན་མེ་དང་འོད་ལྟར་ལུས་ཀྱི་འབྲས་བུའམ་ཆང་དང་མྱོས་པ་ལྟར་ལུས་ཀྱི་ཡོན་ཏན་ནམ་རྩིག་པ་དང་རི་མོ་ལྟར་རང་བཞིན་གྱི་ཚུལ་གྱིས་བརྟེན་པ༷འི་ཕྱིར་ལུས་ཞིག་པ་ན་བློ་རྒྱུན་ཆད་པས་བློའི་ཆོས་སྙིང་རྗེ་སོགས་སྐྱེ་བ་དུ་མར་གོམས་པ༷ས་མཐར་ཕྱིན་པར་གྲུ༷བ་པ༷་མེད་དོ་ཅེ་ན༷། གོམས་པ་མེད་དོ་ཞེས་བརྗོད་པ་དེ་ནི་རིགས་པ་མ༷་ཡིན་ཏེ། ཁྱོད་ཀྱི་འདོད་པ་དེ་ལྟར་ལུས་བློ་ཡི་རྟེན་ཡིན་པ་ནི་ཚད་མས་བཀ༷ག་པའི་ཕྱིར་རོ།།
གཉིས་པ་གོམས་པ་མི་སྲིད་རྩོད་སྤོང་རྒྱས་པར་བཤད་པ་ལ།བློ་རྟེན་ལུས་འདོད་སྒྲུབ་བྱེད་མེད། །དེ་ལ་གནོད་བྱེད་ཡོད་པར་བསྟན། །དང་པོ་ལ། གཞན་ལུགས་དགག་དང་རང་ལུགས་བཞག །དང་པོ་ལ། དུས་མི་མཉམ་པའི་རྟེན་འདོད་དགག །དུས་མཉམ་གྱི་ནི་རྟེན་དགག་པའོ། །དང་པོ་ལ། དེ་ལ་རྗེས་སུ་འཇུག་པ་དང༌། །ལྡོག་པ་མེད་པར་བསྟན་པ་འོ། །དང་པོ་ལ། རྗེས་འགྲོ་ལྟར་སྣང་དགག་པ་དང༌། །གྲུབ་དོན་རང་ལུགས་རྗེས་འགྲོ་བཞག །དང་པོ་ལ། རང་གི་རིགས་འདྲའི་རྗེས་འཇུག་སྒྲུབ། །དེ་ཡི་འཐད་པ་རྒྱས་པ་བསྟན། །དང་པོ།
སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི།།རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།།ཧ་ཅང་ཐལ་ཕྱིར་མཚམས་སྦྱོར་བར། །ནུས་ལྡན་མཐོང་བ་གང་དེ་ལ།།ཅི་ཞིག་ཡོད་འགྱུར་གང་མེད་པ། །གང་གིས་ཕྱི་ནས་མཚམས་སྦྱོར་མེད།།འདི་ལྟར་སེམས་ཅན་རྣམས་སྐྱེ་གནས་སུ་སྐྱེ་བ༷་ཡོངས་སུ༷་ལེན་པ༷་ན༷་དབུགས་འབྱུ༷ང་རྔུ༷བ་དང་མིག་སོགས་དབ༷ང་པོ་དང་བློ་རྣམ་པར་ཤེས་པ་ད༷ག་ནི་ར༷ང་གི་རིགས་འདྲ་སྔ་མ་ལ༷་ལྟོས་པ་མེད་པ་ཅ༷ན་དུ་ལུ༷ས་ཉིད་འབ༷འ་ཞིག་ལ༷ས་སྐྱེ་བ་མིན་ཏེ། གལ་ཏེ་སྐྱེ་བ་ན་ཧ་ཅ༷ང་ཐ༷ལ་བའི་ཕྱིར་ཏེ། ཇི་ལྟར་ན། རིགས་འདྲ་སྔ་མ་སྔོན་དུ་མ་སོང་ཡང་འབྱུང་བ་ཙམ་ལས་སྐྱེ་ན་འབྱུང་བ་ཐམས་ཅད་སྲོག་ཆགས་སུ་འགྱུར་བའི་ཕྱིར་རོ།།གཞན་ཡང་ཤེས་པ་སྔ་མ་ཕྱི་མར་མཚ༷མས་སྦྱོར་བ༷ར་ནུ༷ས་པ་དང་ལྡ༷ན་པར་མཐོང་བ༷་ག༷ང་དེ་ལ༷་རྒྱུ་ཚང་བ་ཡིན་བཞིན་དུ་མཚམས་མི་སྦྱོར་ཞེས་པ་མི་འཐད་དེ། རྒྱུ་མཚན་དེ་ལ་མཚམས་སྦྱོར་བའི་རྒྱུ་མ་ཚང་བ་ཅི་ཞིག་གསར་དུ་ཡོད་དགོས་པར་འགྱུ༷ར་བའམ། སྔར་མཚམས་སྦྱོར་བའི་ཁྱད་པར་ག༷ང་ཞིག་ཕྱིས་མེད་པ༷་ལྟ་བུའི་རྒྱུ་མཚན་ག༷ང་གིས་འཆི་སེམས་སྐད་ཅིག་ཐ་མ་ཕྱི་ན༷ས་གཞན་དུ་མཚ༷མས་སྦྱོར་བ་མེད་པ་ཡིན་ཏེ། ཚེ་འདིའི་སྲིད་པ་འགག་པའི་རྒྱུན་གྱི་ཐ་མའི་བློ་སོགས་དེ་ལ་རྒྱུ་ལྷག་པོ་གང་ཡང་མི་དགོས་ཤིང༌། སྔར་ཡོད་པ་ཞིག་མེད་པའམ་མ་ཚང་བའང་མེད་ན་སྲིད་པ་གཞན་དུ་མཚམས་ཅིས་མི་སྦྱོར་ཏེ་སྦྱོར་བ་ཁོ་ན་ཡིན་ནོ།།
གཉིས་པ་དེ་ཡི་འཐད་པ་རྒྱས་པར་བསྟན་པ་ལ། སྐྱེ་བའི་ཡ་མཐའི་རྒྱུན་རྗེས་འཇུག །ཕྱི་མཐའི་རྒྱུན་རྗེས་འཇུག་ཚུལ་ལོ། །དང་པོ་ལ། སྤྱིར་བསྟན་བྱེ་བྲག་རྟག་པ་དགག །དང་པོ་ལ། དགག་པ་བརྗོད་དང་ལུང་འགལ་སྤང༌། །དང་པོ་ལ། ཀུན་ཏུ་སྐྱེ་བར་ཐལ་བ་དང༌། །རྒྱུ་འབྲས་བཟློག་པར་ཐལ་བ་འོ། །དང་པོ།
གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་བར་76མི་འགྱུར་བའི།།ས་སོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག།དེ་ཕྱིར་དབང་སོགས་རང་རིགས་ལ། །ལྟོས་པ་མེད་པར་77འབྱུང་ཡིན་ན།།ཇི་ལྟར་གཅིག་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ།།ག༷ང་དུ༷་དྲོད་གཤེར་ལས་སྐྱེ་བ་ལ༷་སོགས་པ༷་ཡི་སྐྱེ་བོ་སྐྱེ་བ༷ར་མི་འགྱུ༷ར་བ༷འི་ས༷་སོགས་འབྱུང་བའི་ཆ༷་དེ་འག༷འ་ཡ༷ང་མེད་པ་དེ་ཕྱིར་འབྱུང་བ་ཐ༷མས་ཅ༷ད་བློ་ཡི་ས་བོན་གྱི་བད༷ག་ཉིད་དུ་ཐལ་ལ། འབྱུང་བ་ཐམས་ཅད་བློ་སྐྱེད་པའི་རྒྱུ་ཚང་བ་དེ་ཕྱིར་དབ༷ང་པོ་སོགས་ར༷ང་གི་རིགས་འདྲ་སྔ་མ་ལ༷་ལྟོས་པ༷་མེད་པ༷ར་འབྱུ༷ང་བ་ཙམ་ལས་བྱུང་བ་ཡིན་ན༷། ཇི་ལྟར༷་ས་སོགས་འབྱུང་བའི་ཆ་གཅིག་ནི་སྲོག་ཆགས་སུ་ཡོངས་སུ་འགྱུ༷ར་བ་བཞིན་འབྱུང་བ་ཀུ༷ན་ཀྱང༷་དེར་འགྱུར་བ་ལ་ཁྱད༷་པ༷ར་མེད་པའི་ཕྱིར་རོ། །དེ་ལྟ་ན་རྡོ་དང་ཆུ་ལ་སོགས་པ་ནི་སྲོག་ཆགས་སུ་ཕ་རོལ་པོས་ཀྱང་མི་འདོད་ལ་མངོན་སུམ་གྱིས་བསལ་བའི་ཕྱིར་མི་འཐད་དོ། །གལ་ཏེ་དེ་དག་ལའང་སེམས་མངོན་དུ་མ་གྱུར་ཀྱང་མི་གསལ་བ་ནུས་པའི་ངོ་བོར་ཡོད་དོ་ཞེ་ན། དེ་ལ་སེམས་ཀྱི་ཉེར་ལེན་ཡོད་ན་ནི་སྐབས་དེར་མི་གསལ་ཡང་སེམས་རྒྱུན་སྔ་མ་གྲུབ་སྟེ་གཉིད་དང་བརྒྱལ་བ་ལ་སོགས་པའི་སྐབས་ཀྱི་སེམས་བཞིན་ནོ། །སེམས་ཀྱི་ཉེར་ལེན་མེད་ཀྱང་འབྱུང་བ་ལ་སེམས་ཀྱི་ནུས་པ་ཡོད་དོ་ཞེ་ན། ནུས་པ་ཞེས་པ་དེ་ཅི་ཞིག འབྱུང་བ་ལས་ཐ་དད་པ་ཞིག་གམ་འབྱུང་བ་དང་གཅིག་ཡིན། ཐ་དད་ན་འབྱུང་བས་སེམས་སྐྱེད་པ་མིན་ལ། གཅིག་ན་འབྱུང་བ་ཡོད་པ་ཙམ་གྱིས་སྐྱེད་པར་ཐལ་བ་སོ་ན་གནས་སོ།།
གཉིས་པ་རྒྱུ་འབྲས་བཟློག་པར་ཐལ་བ་ནི།
དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན།།འདི་འགྱུར་ན་ནི་དེ་དག་ཀྱང༌། །འགྱུར་བ་དག་ཏུ་མཐོང་བ་ཡིན།།དེ་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ།།དབང་པོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་པོ་ཡིན།།དེ་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན།།རྒྱུ་ལ་གནོད་པས་འབྲས་བུ་ལ་གནོད་པ་ཆོས་ཉིད་ཡིན་ནའང་འདི་ལྟར་དབ༷ང་པོ་མིག་ལ་སོགས་པ་རྣམ༷ས་རེ་རེ་ལ༷་རབ་རིབ་སོགས་ཀྱི་གནོད་པའམ་ཞར་བ་སོགས་རྟེན་ཉམས་པར་གྱུར་ན༷་ཡང་ཡིད་ཀྱི་བློ་ལ༷་ནི་གནོད་པ་ཡོད་པ་མ༷་ཡིན་ཏེ་སྔ་མ་ལྟར་ཡུལ་ཀུན་གྱི་སྤྱོད་ཡུལ་ལ་རྟོག་ཅིང་གནས་སོ།།གནས་སྐབས་སུ་འདོད་འཇིགས་མྱ་ངན་དང་སྨྱོ་བ་སོགས་ཀྱིས་ཡིད་འགྱུར་བའི་ཚེ་དབང་པོ་ཡང་ཕྱིན་ཅི་ལོག་ཏུ་འགྱུར་ཞིང༌། ཤི་བའི་ཚེ་ཡིད་གཏན་འགྱུར་བ་ན་དབང་པོའི་བྱེད་པའང་ལྡོག་པས་ན་ཡིད་བློ་འདི་འགྱུ༷ར་ན་ནི་བློ་དང་བཅས་པའི་དབང་པོ་དེ་ད༷ག་ཀྱང༷་འགྱུ༷ར་བ༷་ད༷ག་ཏུ༷་མཐོང་བ༷་ཡིན་པ་དེ་ཕྱིར་ཡིད་བློ་གན༷ས་པ༷་ཡི་རྟེན་ནི་རང་གི་རིགས་འདྲ་སྔ་མའི་བློ་ཉིད་ཡིན་ལ། དེ་ལ༷་ནི་བརྟེན་པ༷་ལས་ཀྱི་མིང་ཅན་སེམས་པའི་ཁྱད་པར་འག༷འ་ཞིག་སྟེ་ལུས་ལ་སྲེད་པ་དང་བཅས་པ་ནི་མིག་སོགས་དབ༷ང་པོ་རྣ༷མས་ཀྱི་རྒྱུ༷་ཡིན་པ༷ས་དེ་ཕྱིར་ཡིད་བློ་ལ༷ས་དབ༷ང་པོ་འབྱུང་བ་ཡིན་ནོ། །ཡིད་བློ་སྔ་མ་ལ་དེ་འདྲ༷འི་འཕེན་བྱེད་ཡོད་པར་གྱུ༷ར་ན༷་ཕྱིས་ཀྱ༷ང་འཕེན་བྱེད་རྒྱུ་ཡི་ཚུལ་དེ་འདྲ༷ར་སྐྱེ་བ་ལེན་པར་འགྱུ༷ར་བ༷་ཡིན་ནོ།།
གཉིས་པ་ལུང་འགལ་སྤང་བ་ནི།
དེ་ཡི་ཤེས་པས་ཕན་འདོགས་ཕྱིར། །ཡིད་ནི་ལུས་ལ་བརྟེན་པར་བཤད།།གལ་ཏེ་དབང་པོ་མེད་པར་བློ། །མ་ཡིན་དེ་ཡང་དེ་མེད་པར།།དེ་ལྟའང་ཕན་ཚུན་རྒྱུ་ཉིད་པས། །དེ་ཕྱིར་ཕན་ཚུན་རྒྱུན་ཅན་ཡིན།།འོ་ན་སངས་རྒྱས་ཀྱིས་ཆོས་མངོན་པར་ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ནོ་ཞེས་གདུང་ཁྱིམ་བཞིན་དུ་བརྟེན་པར་གསུངས་པ་དང་འགལ་ལོ་ཞེ་ན། ལུས་དེ་ཡི་དབང་པོ་རྣམས་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པ༷ས་ཡིད་ལ་ཕ༷ན་འདོགས་པའི་ཕྱིར་ཡིད་ནི་ལུ༷ས་ལ༷་བརྟེན་པ༷ར་མདོ་ལས་བཤ༷ད་པ་ཡིན་ནོ། །ག༷ལ་ཏེ་དབ༷ང་པོ་དང་བཅས་པའི་ལུས་མེད་པ༷ར་བློ་སྐྱེ་བ་མ༷་ཡིན་ཏེ་མ་མཐོང་བས་སོ་ཞེ་ན། དབང་པོ་དེ་ཡ༷ང་བློ་ཡི་རྒྱུར་བྱས་པ་དེ་མེད་པ༷ར་ཡང་མ་མཐོང་བས། དེ་ལྟ་ནའ༷ང་ཕ༷ན་ཚུ༷ན་རྒྱུ༷་ཉིད་ཡིན་པ༷ས་གང་རུང་གཅིག་མེད་པར་གཅིག་མི་འབྱུང་བ་དེ་ཕྱིར་ཕ༷ན་ཚུ༷ན་རྒྱུ༷ན་ཅ༷ན་ཡིན་པས་སྔོན་དང་ཕྱི་མཐར་ཐུག་མེད་དུ་རྒྱུན་གྱིས་འཇུག་པར་འགྱུར་རོ།།
གཉིས་པ་བྱེ་བྲག་ཏུ་ལུས་སྐད་ཅིག་མ་མིན་པའི་རྟག་པ་ལས་བློ་སྐྱེ་བ་དགག་
པ་ནི།
རིམ་ཅན་མིན་ལས་རིམ་ཅན་མིན། །ཁྱད་པར་ཅན་མིན་ལྟོས་པའང་མེད།།ལུས་ལས་རིམ་གྱིས་བློ་འགྱུར་ན། །དེའི་ཡང་རིམ་པ་གསལ་བར་བྱེད།།སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མེད་དེའི།།རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད།།ལུས་རིམ་ཅ༷ན་མིན་པ་རྟག་པ་ལ༷ས་བློ་སྔ་ཕྱི་མི་འདྲ་བའི་རིམ་པ་ཅ༷ན་སྐྱེ་བ་མིན་པར་ཐལ་ཏེ། རྒྱུ་ལ་རིམ་པ་མེད་ན་འབྲས་བུའང་རིམ་མིན་ཅན་དུ་འགྱུར་རོ། །རྐྱེན་ལ་ལྟོས་ནས་བློ་རིམ་ཅན་སྐྱེའོ་ཟེར་ན། རྒྱུ་རང་ཉིད་རིམ་མིན་རྟག་པ་ལ་རྐྱེན་གྱིས་སྔ་ཕྱིའི་ཁྱ༷ད་པ༷ར་བྱར་རུང་བ་ཅ༷ན་མིན་པས་ན་གཞན་ལ་ལྟོས་པ༷འ༷ང་མེད་དོ། །གལ་ཏེ་ལུ༷ས་རིམ་མིན་གཅིག་ལ༷ས་རིམ་གྱིས་བློ་སྣ་ཚོགས་འབྱུང་བར་འགྱུ༷ར་ན༷་འབྲས་བུ་བློའི་རིམ་པ་དེ་ཉིད་ཀྱིས་རྒྱུ་ལུས་དེའི་ཡ༷ང་རིམ་པ༷་ཡོད་པ་གས༷ལ་བ༷ར་བྱེད་པ་ཡིན་ཏེ་རྒྱུ་ཐ་དད་མིན་ན་འབྲས་བུ་ཐ་དད་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ལུས་དབུགས་དབང་པོ་བློ་རྣམས་ཀྱི་སྐ༷ད་ཅིག་སྔ༷་མ༷་སྔ༷་མ༷་ནི་སྐ༷ད་ཅིག་རེ་རེ་བཞིན་དུ་འབྱུང་བའི་སྔོན་མེད་པའི་སྐད་ཅིག་ཕྱི་མ་དེའི་རྒྱུ༷་ཡིན་ལ། རྒྱུ་མཚན་དེ་ཡི་ཕྱིར་ན༷་དེ་འདྲའི་རྒྱུ༷་ཡི་སྐད་ཅིག་དེ་ནི་སྐྱེ་བ་དང་འཆི་བའི་དུས་ཐ༷མས་ཅ༷ད་ཚེ་ན༷་མཐོང་བ༷འམ་ཡོད་པ་ཉིད་ཡིན་ཏེ། འབྲས་བུའི་སྐད་ཅིག་ནི་སྔ་མ་མེད་པར་འབྱུང་མི་སྲིད་ལ་གེགས་མེད་ཅིང་རྒྱུ་ཚང་བའི་སྐད་ཅིག་ལས་རིགས་འདྲ་ཕྱི་མ་སྐྱེད་ངེས་པས་སོ།།
གཉིས་པ་ཕྱི་མཐའི་རྒྱུན་རྗེས་འཇུག་ཚུལ་ལ།སྒྲུབ་བྱེད་མེད་པར་མདོར་བསྟན་དང༌། །དེ་དོན་རྒྱས་པར་བཤད་པ་འོ། །དང་པོ།
ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད།།སྲོག་འགག་པ་འཆི་སེམས་སྐད་ཅིག་ཐ་མ༷འི་སེམས་ནི་འཇིག་རྟེན་ཕ་རོལ་གྱི་སེམས་གཞ༷ན་ད༷ང་མཚ༷མས་སྦྱོར་བ༷་ལ༷་འག༷ལ་བ་ཅི་ཡོད་དེ། དེ་གཉིས་ལྷན་ཅིག་མི་གནས་པ་དང་ཕན་ཚུན་སྤངས་འགལ་གྱི་རྣམ་པར་གྱུར་པ་མེད་པས་ན་ཅིའི་ཕྱིར་མཚམས་མི་སྦྱོར་ཏེ་སྦྱོར་བར་འགྱུར་རོ།།
གཉིས་པ་དེ་དོན་རྒྱས་པར་བཤད་པ་ལ། བཀག་དང་རྩོད་པ་སྤང་བ་འོ། །དང་པོ་ལ། དཔེ་མ་གྲུབ་དང་གཏན་ཚིགས་མེད། །དང་པོ།
དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མེད་པར་འདོད།།ཚད་མས་མ་གྲུབ་དོན་ཅན་གྱི། །གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི།།རྒྱང་འཕེན་པ་ན་རེ།གང་གང་འཆི་སེམས་དེ་དང་དེ། །སྐྱེ་བ་གཞན་དུ་རྗེས་འགྲོ་མེད།།འཆི་སེམས་ཡིན་པའི་ཕྱིར་ན་དཔེར། །ཉེས་བྲལ་འཆི་ཁའི་རིག་པ་བཞིན། །ཞེས་བརྗོད་དེ། ཐ་མལ་པ་འཆི་བའི་ཡིད་བློ་ཆོས་ཅན། རང་འབྲས་རིག་པ་ཕྱི་མ་མི་སྐྱེད་དེ། འཆི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པར་འདོད་པའི་འཆི་སེམས་བཞིན། ཞེས་ཟེར་རོ།།དེ་ལ་དཔེ་བཀོད་པ་དོན་མེད་དེ། དགྲ་བཅོམ་པ་འདའ་ཁའི་སེམས་ག༷ང་ཡིན་པ་དེ་ཡ༷ང་རྒྱུ་མཚན་ག༷ང་ལ༷ས་མཚ༷མས་སྦྱོར་བ་མེད་པ༷ར་འདོད་པ་ཡིན། སངས་རྒྱས་པས་བཤད་པའི་སྲེད་པ་སྤངས་པ་སོགས་ཀྱི་རྒྱུ་མཚན་དེ་ནི་ཁྱོད་ཀྱིས་མི་འདོད་དེ། ཁྱོད་འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་འདོད་པ་ཡིན་པས་སོ། །འོན་ཀྱང་ཁྱེད་རང་གིས་ཁས་བླངས་པས་སོ་ཞེ་ན། ཁྱོད་རང་གིས་ཚ༷ད་མ༷ས་མ༷་གྲུ༷བ་པའི་དོན་ཅ༷ན་གྱི་གཞན་པ་དག་གི་གྲུ༷བ་མཐ༷འི་རྗེས་སུ༷་འབྲ༷ང་ང༷མ་ཅི། དེ་ཙམ་གྱིས་ནི་འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་མི་ནུས་སོ།།
གཉིས་པ་གཏན་ཚིགས་གྲུབ་པ་ལ། མ་གྲུབ་འདོད་བརྗོད་དེ་འགོག་པའོ། །དང་པོ།
གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན། །དེ་ཉིད་འདིར་ནི་ཅིས་མ་བརྗོད།།ག༷ལ་ཏེ་ཁྱོད་ཀྱིས་གྲུབ་མཐའི་རྗེས་སུ་འབྲང་བ་ཁོ་ནས་དཔེ་སྒྲུབ་པ་མིན་ཏེ། འཆི་བའི་ཚེ་ན་སེམས་དེ་འབྱུང་བའི་རྒྱུ༷་དབུགས་འབྱུང་རྔུབ་དང་དབང་པོ་སོགས་དང་བྲ༷ལ་བའི་ཕྱིར་ཞེ་ན༷། འོ་ན་དང་པོ་ནས་རྒྱུ་དང་བྲལ་བ་ཞེས་གཏན་ཚིགས་དེ་ཉིད་མི་བརྗོད་པར་མ་ངེས་པའི་གཏན་ཚིགས་འཆི་སེམས་ཡིན་པའི་ཕྱིར་ཞེས་ཅི་སྟེ་བརྗོད། དེ་ལྟ་ནའང་འཇིག་རྟེན་ཕ་རོལ་གྱི་སེམས་རྒྱུ་དང་བྲལ་བ་མིན་ཚུལ་འདིར་ནི་ཅིས་མ༷་བརྗོད་དེ་དེས་ན་དེ་སྒྲུབ་བྱེད་མིན་ནོ།།
གཉིས་པ་དེ་འགོག་པ་ལ། དབང་བཅས་ལུས་ལས་སྐྱེ་བ་བཀག །དབང་མེད་ལུས་ལས་སྐྱེ་བ་བཀག །དང་པོ།
དེ་བློ་བཞིན་དུ་འཛིན་འགྱུར་ཕྱིར། །དབང་པོ་བཅས་ལས་ཡིད་ཤེས་མིན།།ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ།།གལ་ཏེ་དབང་པོ་དང་བཅས་པའི་ལུས་ཡིད་བློའི་རྒྱུ་ཡིན་ན་དབང་པོ་རེ་རེ་རྒྱུ་ཡིན་ནམ། དབང་པོ་ཀུན་ཚོགས་པ་རྒྱུ་ཡིན། རེ་རེ་རྒྱུ་ཡིན་ནོ་ཞེ་ན། མིག་ཁོ་ན་ཡིད་བློའི་རྒྱུ་ཡིན་ན་མིག་དེ་ཡི་བློ་བཞིན་དུ༷་ཡིད་ཀྱང་གཟུགས་གསལ་བར་འཛིན་པ་ཁོ་ནར་འགྱུ༷ར་ནའང་དེར་མ་ངེས་ཏེ། ཡིད་ནི་ཡུལ་ཀུན་གཅོད་ནུས་པ་ཡིན་ལ་མིག་དབང་མེད་ཀྱང་གཟུགས་ལ་རྟོག་པའི་ཡིད་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་སོགས་ལྷག་མ་ཀུན་ལའང་སྦྱར་རོ། །དེས་ན་དབ༷ང་པོ་དང་བཅ༷ས་པ་སྟེ་དབང་པོ་གང་ཡང་རུང་བ་གཅིག་ཡུལ་ལ་འཇུག་པ་དང་མ་བྲལ་བ་ལ༷ས་ཡིད་ཤེས་སྐྱེ་བ་མིན་ཏེ། ཡིན་ན་དབང་པོ་དེ་མི་འཇུག་པའི་སྐབས་སུ་ཡིད་མེད་པར་འགྱུར་ན་ཡང་དེ་མིན་པར་མངོན་སུམ་གྱིས་བསལ་ལོ། །གལ་ཏེ་དབང་པོ་ལྔ་ཀ་ཚོགས་པ་ལས་ཡིད་སྐྱེད་དོ་ཞེ་ན། དབང་པོ་དེ་དག་ནི་སོ་སོའི་ཤེས་པ་སྐྱེད་པ་ལ་ནུ༷ས་པ༷་ཐ༷་ད༷ད་པར་ངེས་པའི་ཕྱིར་ཏེ། མིག་གིས་གཟུགས་འཛིན་ཤེས་པ་སྐྱེད་ལ་སྒྲ་འཛིན་མི་སྐྱེད་པ་སོགས་ཕན་ཚུན་མི་ལྟོས་པར་འབྲས་བུ་ཐ་དད་པ་སྐྱེད་པས་ན། དབང་པོ་ཀུ༷ན་ལ༷ས་ཀྱ༷ང་ནི་ཡིད་གཅིག་འབྱུང་བ་མ༷་ཡིན་ནོ། །གལ་ཏེ་ཡིན་ན་དབང་པོ་གཅིག་ཡུལ་ལ་མི་འཇུག་ན་ཡང་ཡིད་མེད་པར་འགྱུར་ཞིང༌། ཀུན་འཇུག་པ་ན་ཡིད་སྐྱེ་ལ་དེ་ཡང་ཡུལ་ཀུན་གྱི་གསལ་སྣང་ཅན་དུ་འགྱུར་དགོས་ནའང་དེ་ལྟ་མ་ཡིན་པར་ཡུལ་ཀུན་ལ་མི་གསལ་བར་དོན་སྤྱི་འཛིན་པའི་ཡིད་རྟོག་བཅས་དེ་ནི་དབང་ཤེས་གང་ལའང་མི་ལྟོས་པར་ཡོད་པས་ན། ཡིད་རང་གི་རིགས་འདྲ་སྔ་མའི་རྒྱུན་ལས་སྐྱེ་ཡི་དབང་པོ་ལ་མི་ལྟོས་པར་གྲུབ་བོ།
གཉིས་པ་དབང་མེད་ལུས་ལས་སྐྱེ་བ་བཀག
སེམས་མེད་ཉིད་ཕྱིར་གཞན་ལས་མིན།།གལ་ཏེ་དབང་པོ་མེད་པའི་ལུས་ལས་ཡིད་བློ་སྐྱེའོ་ཞེ་ན། དབང་པོ་མེད་པ་སྐྲ་སེན་ལ་སོགས་པ་ནི་སེམས་མེད་པ་ཉིད་ཀྱི་ཕྱིར་དབང་པོ་མེད་པ་གཞ༷ན་ལ༷ས་ཡིད་བློ་སྐྱེ་བ་མིན་ཏེ་ཡིད་བློ་ནི་སེམས་ཡིན་ལ་དེ་ལ་དེ་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་སྐྲ་སེན་སོགས་ཀྱིས་ཀྱང་ཡུལ་ཤེས་པར་དམིགས་དགོས་ནའང་དེ་མི་སྲིད་པས་སྒྲུབ་བྱེད་གང་ཡང་མེད་དོ། །སྒྲུབ་བྱེད་མེད་ཀྱང་ཡོད་དོ་ཞེས་ཁས་ལེན་ན། རྒྱང་འཕེན་པ་རང་གི་ཁོང་པའི་ནང་ན་ཡང་ངན་སོང་དང་འཇིག་རྟེན་ཕ་རོལ་ནས་འཕོས་པའི་སྐྱེས་བུ་དང་དགྲ་བཅོམ་པ་ཡོད་པར་ཡང་ཁས་ལོངས་ཤིག
གཉིས་པ་རྩོད་སྤོང་ལ།ལྷན་ཅིག་གནས་པ་མི་སྲིད་སྤང༌། །རྟེན་ལས་བརྟེན་འགྱུར་མི་འཐད་སྤང༌། །དང་པོ།
རྒྱུ་གཅིག་ཕྱིར་ན་ལྷན་ཅིག་གནས། །དབང་བཞིན་གཟུགས་དང་རོ་བཞིན་ནོ།།འོ་ན་ལུས་སེམས་གཉིས་ལྷན་ཅིག་ཏུ་གནས་པའི་ངེས་པའང་མེད་དེ་ཉེར་ལེན་དང་ཉེར་ལེན་ཅན་མིན་པའི་ཕྱིར་བུམ་སྣམ་དང་ཤིང་ལ་བྱ་གནས་པ་བཞིན་དེ་དག་རེས་འགའ་ལྷན་དུ་ཚོགས་ཀྱང་མི་འབྲལ་བར་གནས་པའི་ངེས་པ་མེད་ལ། བློ་ནི་ལུས་ལ་མི་གནས་པ་མ་མཐོང་བས་སོ་ཞེ་ན། དེ་དག་ལྷན་ཅིག་གནས་པ་ནི་ཉེར་ལེན་དང་ཉེར་ལེན་ཅན་ཡིན་པས་མ་ཡིན་ཏེ། རྒྱུ་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར་དེ་ཇི་སྲིད་ལས་ཀྱི་འཕེན་པ་མ་རྫོགས་ཀྱི་བར་དུ་ལྷན༷་ཅིག་གན༷ས་ཏེ། དཔེར་ན་སྐྱེས་བུ་གཅིག་གི་དབ༷ང་པོ་ལྔ་པོ་བཞིན་དང༌། བུ་རམ་གྱི་གཟུ༷གས་ད༷ང་རོ་ལྷན་ཅིག་གནས་པ་བཞིན་ནོ། །དཔེ་དེ་དག་ཕན་ཚུན་གཅིག་གཅིག་གི་ཉེར་ལེན་གྱི་རྒྱུ་ཡིན་པར་ནི་འདོད་མི་ནུས་ལ། རྒྱང་འཕེན་པས་ཀྱང་དེ་དག་གཅིག་གཅིག་གི་ཉེར་ལེན་དུ་མི་འདོད་པ་ཡིན་ནོ།།
གཉིས་པ་རྟེན་ལས་བརྟེན་འགྱུར་མི་འཐད་སྤང༌།
དོན་གྱི་སྒོ་ནས་འགྱུར་བ་ཡིན།།ལུས་སེམས་གཉིས་རྒྱུ་དང་འབྲས་བུའི་ཚུལ་གྱིས་རྟེན་པ་མིན་ན་དུག་ལ་སོགས་པས་ལུས་འགྱུར་བ་ན་ཡིད་འགྱུར་བར་མི་འཐད་ཀྱང་ཡིད་འགྱུར་བར་མཐོང་བའི་ཕྱིར་རྒྱུ་འབྲས་སུ་གྲུབ་བོ་ཞེ་ན། དེ་ནི་རྒྱུ་ལུས་འགྱུར་བས་འབྲས་བུ་ཡིད་འགྱུར་བ་མ་ཡིན་ཏེ། ལུས་དེ་ཡིད་ཀྱི་གཟུང་དོན་དུ་བྱས་པ་ཅན་གྱི་སྒོ་ན༷ས་ཡིད་འགྱུ༷ར་བ༷་ཡིན་ཏེ། དཔེར་ན་བུའི་རོ་དང་གཞན་གྱི་ཁྲག་མཐོང་བ་སོགས་ལས་བརྒྱལ་བ་བཞིན་ནོ། །བུའི་རོ་དང་གཞན་གྱི་ཁྲག་ལ་སོགས་པ་ནི་ཡུལ་ཅན་སྐྱེས་བུའི་བློའི་ཉེར་ལེན་ཡིན་པར་མི་རིགས་སོ། །དེ་བཞིན་དུ་རང་ལུས་ལ་བདག་གིར་བཟུང་ནས་དེ་ལ་ནད་སོགས་ཀྱི་འགྱུར་བ་གཟུང་དོན་དུ་བྱས་པ་ལས་ཡིད་འགྱུར་གྱི་གཟུང་དོན་དུ་མ་བྱས་པ་ཞིག་ན་མི་འགྱུར་ཏེ། གཞན་གྱི་ལུས་ན་བ་ལས་རང་གི་ཡིད་མི་འགྱུར་བ་བཞིན་ནོ།།
གཉིས་པ་གྲུབ་དོན་རང་ལུགས་རྗེས་འགྲོ་བཞག་པ།
རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད།།དེ་རྒྱུ་དེ་ཕྱིར་བདུན་པ་དང༌། །སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན།།རྗེས་སུ་འགྲོ་བ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། རང་གི་ལུགས་བཞག་པ། འབྲས་བུ་གང་ཞིག་དུས་རྟ༷ག་ཏུ༷་རྒྱུ་དེ་ཡི་རྗེས་སུ་འཇུ༷ག་པའམ་དེ་ལ་རག་ལས་པའི་ཕྱིར་མེད་ན་མི་འབྱུང་བར་ངེས་ཤིང༌། རྒྱུ་ག༷ང་ཞིག་ཡོད་པ༷ས་འབྲས་བུ་གང་ལ་ཕ༷ན་འདོགས་ཏེ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་རྗེས་སུ་འགྲོ་བའམ་རྒྱུ༷་ཞེས་བྱ་སྟེ། དེ་ཡི་ཕྱིར་ན་འདི་ཡོད་ན་འདི་འབྱུང་ཞེས་རྒྱུ་མཚན་གྱི་བདུ༷ན་པ༷་ད༷ང༌། ཡང་ན་འདི་ལ་འདི་བརྟེན་པའོ་ཞེས་བདུན་པ་དང༌། ཡང་ན་ལྔ་པ་སྦྱར་ཏེ་འདི་ལས་འདི་སྐྱེས་པའི་ཕྱིར་རྒྱུའོ་ཞེས་ནི་མདོ་ལས་བཤ༷ད་པ༷་ཡིན་ནོ།།
གཉིས་པ་ལྡོག་པ་མེད་པ་བསྟན་པ་ལ།སྤྱི་དང་བྱེ་བྲག་ལུས་རྟག་དགག །དང་པོ་ལ། ལྡོག་པ་མེད་པའི་དམ་བཅའ་བསྟན། །དེ་ཡི་འཐད་པ་རྒྱས་པར་སྒྲུབ། །དང་པོ།
འགའ་ཞིག་ཚེ་ན་སེམས་རྒྱུན་ལ། །ཕན་འདོགས་བྱེད་པའང་ཡིན་སླ་སྟེ།།བུམ་སོགས་ལ་ནི་མེ་སོགས་བཞིན། །དེ་ཙམ་གྱིས་ནི་ལྡོག་པ་མིན།།འདོད་གཟུགས་སུ་སྐྱེས་པའི་གནས་སྐབས་འག༷འ་ཞིག་གི་ཚེ་ན༷་སེམས་ཀྱི་རྒྱུ༷ན་ལ༷། གོང་བཤད་ལྟར་བརྒྱུད་ནས་ལུས་ཀྱིས་ཕ༷ན་འདོགས་པར་བྱེད་པ༷འ༷ང་ཡིན་ཡང་སླ༷་སྟེ། འོན་ཀྱང་བུ༷མ་སོགས་ལ༷་ནི་མེ་སོགས་ཀྱིས་སོ་བཏང་བ་སོགས་ཕན་འདོགས་ཀྱང་མེ་ལོག་པས་བུམ་པ་མི་ལྡོག་པ་བཞིན་ཕན་འདོགས་བྱེད་ཡིན་པ་དེ་ཙ༷མ་གྱིས་ནི་ཕན་འདོགས་བྱེད་ལོག་ན་ཕན་གདགས་བྱའི་རྒྱུན་ལྡོག་པ༷་མིན་ནོ།།
གཉིས་པ་དེ་ཡི་འཐད་པ་རྒྱས་པར་སྒྲུབ་ལ། ཐལ་བ་བརྗོད་དང་ཉེས་སྤོང་དགག །དང་པོ།
ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པར་ཐལ་བར་འགྱུར།།རྒྱུ་ལུས་ལྡོག་པས་སེམས་ལྡོག་པར་སྨྲ་བའི་ལུགས་མི་འཐད་དེ། རྒྱུ་ལུ༷ས་ནི་གན༷ས་པ༷་ཉིད་ན༷་རྒྱུ་ཚང་བའི་ཕྱིར་སེམས་ལྡོག་པ༷་མེད་པ༷ར་ཐ༷ལ་བ༷ར་འགྱུ༷ར་རོ། །དེ་ལྟ་ན་ཤི་བ་དང་བརྒྱལ་བ་སོགས་ཀྱི་དུས་ནའང་ཇི་སྲིད་ལུས་ཡོད་པ་དེ་སྲིད་དུ་སེམས་མི་ལྡོག་པར་འགྱུར་རོ།།
གཉིས་པ་ཉེས་སྤོང་དགག་པ་ལ། མཐུན་རྐྱེན་མ་ཚང་ལན་མི་རུང༌། །འགལ་རྐྱེན་ཡོད་པ་ལན་མིན་པའོ། །དང་པོ་ལ། བཀག་དང་རང་ལ་མི་མཚུངས་ཚུལ། །དང་པོ།
དེ་ཡོད་ཡོད་དང་དབང་གྱུར་ཕྱིར། །དེ་ལས་འབྱུང་རྔུབ་དེ་མ་ཡིན།།རླུང་འབྱིན་པ་དང་འདྲེན་པ་ནི། །འབད་རྩོལ་མེད་པར་གང་ལས་ཡིན།།དེ་དག་ཕུལ་བྱུང་འགྲིབ་པ་ལས། །ཕུལ་བྱུང་འགྲིབ་པ་འཐོབ་པར་འགྱུར།།དེ་དག་ལ་ཡང་ཐལ་བ་མཚུངས།།ཕ་རོལ་པོ་ན་རེ། ཤི་བའི་འོག་ཏུ་ལུས་ལས་སེམས་མི་འབྱུང་བ་ནི་དབུགས་མ་ཚང་བས་ཡིན་ནོ་ཞེ་ན་དེ་ལྟ་མིན་ཏེ། ཡིད་བློ་དེ་ཡོད་ན་དབུགས་འབྱུང་རྔུབ་དེ་ཡོད་པ་ད༷ང༌། དབུགས་དེ་ཡང་རིང་ཐུང་དུ་འདྲེན་པ་སོགས་ཡིད་དེ་ཡི་དབ༷ང་དུ་གྱུ༷ར་པའི་ཕྱིར་ཡིད་བློ་དེ་ལ༷ས་དབུགས་འབྱུ༷ང་རྔུ༷བ་འབྱུང་གི་དབུགས་ལས་ཡིད་བློ་འབྱུང་བ་དེ་མ༷་ཡིན་ཏེ། གང་ལ་རག་ལས་པའི་རྒྱུ་དེ་ཉིད་ཀྱི་འབྲས་བུ་དབང་དུ་འགྱུར་གྱི་འབྲས་བུས་རྒྱུ་ལ་སླར་ཡང་དབང་བྱེད་པ་ནི་མི་སྲིད་དོ། །དེ་ཡོད་ན་ཡོད་པ་ཞེས་པའང་འཐད་དེ། རླུ༷ང་ཕྱིར་འབྱིན་པ༷་ད༷ང་ནང་དུ་འདྲེན་པ༷་ནི་ཡིད་དང་ལྡན་པའི་སྐྱེས་བུའི་འབ༷ད་རྩོལ་མེད་པ༷ར་རྒྱུ་མཚན་ག༷ང་ལ༷ས་ཡིན་ཏེ་གཞན་རྡོ་ལ་སོགས་པ་ལ་མ་མཐོང་ངོ༌། །སེམས་ཀྱི་གོམས་པ་འབད་མེད་དུ་འཇུག་པ་ཐོབ་པས་གང་ལ་སེམས་ཀྱི་རྒྱུན་ཡོད་པ་ན་དེའི་རྐྱེན་ལས་སད་རྨི་གཉིས་ཀར་ཡང་དབུགས་འབྱིན་རྔུབ་འབད་མེད་དུ་འཇུག་པ་ཡོད་དེ་རྫ་མཁན་གྱི་འཁོར་ལོ་བསྐོར་བ་བཞིན་ནོ།།དབུགས་ལས་ཡིད་བློ་སྐྱེ་བ་ཡིན་ན་ནི་དབུགས་དེ་ད༷ག་ཕུ༷ལ་དུ་བྱུ༷ང་བར་འཕེལ་བ་དང་འགྲིབ་པ༷་ལ༷ས་བློ་ཡང་ཕུ༷ལ་དུ་བྱུ༷ང་བ་དང་འགྲིབ་པ༷་འཐོབ་པ༷ར་འགྱུ༷ར་ཏེ་འབྲས་བུ་རྒྱུའི་རྗེས་སུ་མི་འགྲོ་བ་མི་སྲིད་པས་སོ། །སྐྱོན་གཞན་ཡང་དབུགས་མ་ཚང་ཞེས་པ་དེ་ཙམ་ཡང་མི་རུང་སྟེ་དབུགས་དེ་ད༷ག་ལ༷་ཡ༷ང་རྒྱུར་གྱུར་པ་ལུས་གནས་པའི་ཕྱིར་ཤི་བའི་ལུས་ལའང་དབུགས་འབྱུང་བར་ཐ༷ལ་བ༷་མཚུ༷ངས་སོ།།
གཉིས་པ་རང་ལ་མི་མཚུངས་ཚུལ།
སེམས་རྒྱུ་ཡིན་ན་མཚུངས་མ་ཡིན། །གནས་པའི་འཕེན་བྱེད་གཞན་དག་ཀྱང༌།།གང་ཕྱིར་རྒྱུ་ནི་ཡིན་པར་འདོད།།སེམས་དབུགས་ཀྱི་རྒྱུ༷་ཡིན་ན༷་ཡང་ལུས་ལ་སེམས་མི་ལྡོག་ལ་སེམས་ཡོད་པ་དེ་སྲིད་དུ་དབུགས་ཀྱང་འབྱུང་བའི་ཕྱིར་དབུགས་ནམ་ཡང་ལུས་ལ་མི་ལྡོག་པར་ཐལ་བ་མཚུངས་སོ་ཞེ་ན་མཚུ༷ངས་པ་མ༷་ཡིན་ཏེ། ལུས་སེམས་རྟག་ཏུ་ལྷན་ཅིག་གནས་པར་ཁས་ལེན་ན་སྐྱོན་དེར་འགྱུར་ཡང་དེ་གཉིས་རྟག་ཏུ་ལྷན་ཅིག་གནས་སོ་ཞེས་ཁས་མི་ལེན་ནོ། །ཇི་ལྟར་ན་ལུས་ལ་སེམས་གན༷ས་པ༷འི་འཕེན་བྱེད་ལས་ལ་སོགས་པ་གཞ༷ན་ད༷ག་ཀྱ༷ང་ག༷ང་གི་ཕྱིར་རྒྱུ༷་ནི་ཡིན་པ༷ར་འདོད་པས་སོ། །འདི་སྡེབ་སྦྱོར་གོ་བདེ་བར་བསྡེབས་ན། གང་ཕྱིར་གནས་པའི་འཕེན་བྱེད་གཞན། །དག་ཀྱང་རྒྱུ་ནི་ཡིན་པར་འདོད། །ཅེས་པའི་དོན་ཡིན་ནོ། །ཀྱང་གི་སྒྲས་འཕེན་བྱེད་ཀྱི་ལས་དེ་དག་ཇི་སྲིད་བར་ལུས་སེམས་ལྷན་ཅིག་གནས་པའི་རྒྱུ་ཡིན་པར་མ་ཟད་དབུགས་འབྱུང་བ་སོགས་ཀྱི་རྒྱུའང་ཡིན་ཏེ་སྲོག་འཚོ་བའི་ཆ་རྐྱེན་དུ་དབུགས་ཀྱི་གཡོ་བ་མེད་ན་མི་རུང་བས་དེ་ཡང་འཕེན་པ་ཡིན་ལ། སྲོག་དེ་ནི་ཡིད་
དང་ལྡན་པ་མིན་པ་ལ་མེད་པས་ཡིད་ཀྱང་དབུགས་དེའི་རྒྱུར་ངེས་པར་དགོས་པ་ཡིན་ནོ། །ཚུལ་འདིས་གཉིད་འཐུག་ན་དབུགས་འབྱུང་བ་སོགས་གནད་མང་པོ་ཤེས་པར་བྱའོ།།
གཉིས་པ་ལན་ཕྱི་མ་ལ། ཕྱོགས་སྔ་བརྗོད་དང་དེ་འགོག་པའོ། །དང་པོ།
གལ་ཏེ་སྡོང་བུ་ལ་སོགས་བཞིན། །ཉེས་པས་མི་མཐུན་ལུས་རྒྱུ་མིན།།ག༷ལ་ཏེ་སྡོང་བུ༷་རླན་གྱིས་གེགས་བྱས་པ་ཅན་དང༌། ཏིལ་མར་གྱིས་བྱུག་པའི་ས་བོན་ལ༷་སོགས་པ་བཞིན་རླུང་ལ་སོགས་པ་ཉེས་པ༷ས་སེམས་སྐྱེ་བ་དང་མི་མཐུ༷ན་པར་བྱས་པའམ་ནུས་པ་མེད་པར་བྱས་པ་ཤི་བའི་ལུ༷ས་ནི་སེམས་སྐྱེ་བའི་རྒྱུ༷་མིན་ནོ་ཞེ་ན།
གཉིས་པ་དེ་འགོག་པ་ནི།
ཤི་བས་ཉེས་པ་ཉམས་གྱུར་ཚེ། །སླར་ཡང་འཚོ་བ་དག་ཏུ་འགྱུར།།ཉེས་པས་མི་མཐུན་པར་བྱས་པ་ཞེས་བྱ་བ་ནི་ལུས་ཀྱི་འབྱུང་བའི་ཁམས་འཕེལ་ཟད་འཁྲུགས་ནས་ཆ་མི་མཉམ་པ་ཙམ་ལས་གཞན་གང་ཡང་མེད་ལ། ཆ་མི་མཉམ་པ་ཙམ་ཞིག་ནི་སེམས་ལྡོག་པའི་རྒྱུ་མ་ཡིན་ཏེ་ནད་པ་རྣམས་ཀྱི་ལུས་ལའང་སེམས་གནས་པའི་ཕྱིར་རོ། །གལ་ཏེ་སེམས་སྐྱེད་པར་མི་རུང་བའི་མི་མཐུན་པ་ཞིག་གིས་ཤི་བ་ཡིན་ནའང་ཤི་བའི་འོག་ཏུ་དེ་འདྲའི་མི་མཐུན་པ་དེ་ལྡོག་པར་རིགས་ཏེ་མི་ལྡོག་པའི་སྒྲུབ་བྱེད་མེད་པ་དང༌། མི་ལྡོག་ན་རོ་ལས་ཀྱང་སྲིན་བུ་སོགས་གཞན་འབྱུང་བར་མི་རིགས་ལ། གལ་ཏེ་ཤི་བ༷ས་ཉེས་པ༷་རྣམས་ཉ༷མས་པར་གྱུ༷ར་པ་སྟེ་ལྡོག་པ་ན་འབྱུང་བ་རྣམས་ཕན་ཚུན་མི་མཐུན་པར་མེད་པར་རྡུལ་རང་རང་སོ་སོའི་གོ་ས་མཉམ་པར་གནས་པ་དེ་ཡི་ཚེ་ན་སླ༷ར་ཡ༷ང་སྔ་མ་ལྟར་སེམས་དང་ལྡན་པར་འཚོ་བ༷་ད༷ག་ཏུ་འགྱུ༷ར་ཏེ་ཤི་བའི་ལུས་ཀྱི་འབྱུང་བ་རྣམས་ལ་ནི་མི་མཐུན་པ་ཞེས་བྱ་བ་གང་ཡང་མེད་དེ། རྡུལ་རྣམས་རང་ས་ན་གནས་པའི་ཕྱིར་རོ། །དེ་ལྟར་འབྱུང་རྡུལ་རྣམས་ལ་མི་མཉམ་པའི་ཁྱད་པར་ཡོད་པས་རྒྱུར་མི་རུང་ན་ས་སོགས་གཞན་ལའང་མཉམ་པ་རྙེད་དཀའ་བས་འབྱུང་བ་ལས་སེམས་ཅན་སྐྱེ་བའང་འགྲུབ་པར་དཀའོ། །མི་མཉམ་པའི་ཁྱད་པར་རིམས་ལ་སོགས་པའི་ཉེས་པ་ནི་སྲོག་ཆགས་ཁོ་ན་ལ་མཐོང་གི་རོ་སོགས་སྲོག་མེད་ལ་ཡོད་པར་མི་རིགས་སོ།།
གཉིས་པ་འགལ་རྐྱེན་ཡོད་པ་ལན་མིན་པ་ལ། ཕྱོགས་སྔ་བརྗོད་དང་དེ་འགོག་པའོ། །དང་པོ།
གལ་ཏེ་མེ་ནི་ལྡོག་ན་ཡང༌། །ཤིང་གི་འགྱུར་བ་མི་ལྡོག་བཞིན།།དེ་ནི་ལྡོག་པ་མེད་ཅེ་ན།།ག༷ལ་ཏེ་མེ་ནི་ལྡོག་ན༷་ཡ༷ང་ཤིང་གི་འགྱུ༷ར་བ༷་སོལ་བ་ནི་ཤིང་དུ་སླར་ཡང་མི་ལྡོག་པ་བཞིན་ཉེས་པ་ལོག་ཀྱང་སེམས་དེ་ནི་སླར་ལྡོག་པ༷་མེད་དོ་ཅེ་ན༷།
གཉིས་པ་དེ་འགོག་པ་ལ། མདོར་བསྟན་རྒྱས་བཤད་གྲུབ་དོན་བསྟན། །དང་པོ།
མ་ཡིན་གསོ་སྦྱོར་ཡོད་ཕྱིར་རོ།།ནད་ཀྱི་འགྱུར་བ་མི་ལྡོག་པ་མ༷་ཡིན་ཏེ། དེས་རྒྱུ་ལུས་མེད་པར་མ་བྱས་པས་ལུས་ནི་སྔ་མ་ལྟར་གནས་པས་ན་ཉེས་པ་དེ་ལ་ག༷སོ་བའི་སྦྱོར་བ་རྩོམ་རུང་བར་ཡོད་པའི་ཕྱིར་རོ།།
གཉིས་པ་འགོག་པ་རྒྱས་པར་བཤད་པ།
སླར་མི་འབྱུང་བར་འགའ་ཞིག་ནི། །ལ་ལར་འགྱུར་བ་སྐྱེད་པར་བྱེད།།འགའ་ཞིག་ལྡོག་པ་ཡིན་ཕྱིར་དཔེར། །ཤིང་དང་གསེར་ལ་མེ་བཞིན་ནོ།།དང་པོ་ཆུང་ཡང་ལྡོག་པ་མིན། །སླར་ལྡོག་རུང་བར་འགྱུར་བྱས་78གང༌།།དེ་ནི་སླར་ཡང་འབྱུང་འགྱུར་ཏེ། །གསེར་གྱི་སྲ་བ་ཉིད་བཞིན་ནོ།།ཅུང་ཟད་གསོ་བྱ་མིན་བརྗོད་པ། །འཆོས་བྱེད་རྙེད་པར་དཀའ་ཕྱིར་རམ།།ཚེ་ཟད་ཕྱིར་རོ་ཉེས་འབའ་ཞིག །ཡིན་ན་གསོ་མིན་མེད་པ་ཉིད།།79འདི་ལྟར་དངོས་པོའི་ཆོས་ཉིད་ཀྱིས་སླ༷ར་མི་འབྱུ༷ང་བར་འགྱུར་བ༷་ནི་རྒྱུ་འག༷འ་ཞིག་གིས་ནི་ཡུལ་ལ༷་ལ༷ར་གཏན་དུ་འགྱུ༷ར་བ༷་སྐྱེད་པ༷ར་བྱེད་པ་ཡིན་ལ། རྒྱུ་འག༷འ་ཞིག་གིས་འགྱུར་བ་བསྐྱེད་པ་འགའ་ནི་སླར་ལྡོག་པ༷་ཡིན་པའི་ཕྱིར་དཔེར་ན་ཤིང་ད༷ང་གསེར་ལ༷་མེ་དག་གིས་འགྱུར་བ་བསྐྱེད་པ་བཞིན་ནོ། །ད༷ང་པོ་མེས་ཤིང་ལ་འགྱུར་བ་བསྐྱེད་པ་དེ་ཆུ༷ང་ཡ༷ང་ལྡོག་པ༷་མིན་ལ། སླ༷ར་ལྡོག་རུ༷ང་བ༷ར་འགྱུ༷ར་བ་བསྐྱེད་པར་བྱ༷ས་པ་ག༷ང་དེ་ནི་འགྱུར་བ་ཤིན་ཏུ་ཆེ་ནའང་སླ༷ར་ཡ༷ང་ཡུལ་རང་གི་རང་བཞིན་སྔ་མ་ལྟར་འབྱུ༷ང་བར་འགྱུ༷ར་ཏེ། མེས་ཤིན་ཏུ་བཞུས་པའི་གསེར་གྱི་ཞུན་ཁུ་ལས་སླར་ཡང་སྲ་བ༷་ཉིད་འབྱུང་བ་བཞིན་ནོ། །དེས་ན་ཉེས་པས་ནི་ཤིང་ལ་མེས་བྱས་པ་ལྟར་ལུས་མེད་པའམ་རྣམ་པ་གཞན་དུ་མ་བྱས་པས་གསོ་བླག་མེད་པ་མིན་པས་ན་སླར་ཡང་འཚོ་རུང་ངོ༌། །དེ་མི་རུང་སྟེ་གསོར་མི་རུང་བའི་ནད་གསོ་དཔྱད་སོགས་ལས་བཤད་པའི་ཕྱིར་རོ་སྙམ་ན། ནད་འགའ་ཞིག་ཅུ༷ང་ཟ༷ད་ཀྱང་གསོ་བྱ་མིན་པར་བརྗོད་པ༷་ནི་འཆོས་བྱེད་ཀྱི་སྨན་དང་སྨན་པ་སོགས་ཡུལ་དུས་དེར་རྙེད་པ༷ར་དཀ༷འ་བའི་ཕྱིར་ར༷མ་ལས་ཀྱི་དབང་གིས་ནད་པའི་ཚེ་ཟ༷ད་པས་ན་གསོ་མི་ནུས་པར་བཤད་པའི་ཕྱིར་རོ། །ཁྱོད་ལྟར་ན་ཚེ་ཟད་པའི་རྒྱུ་སྔོན་ལས་མི་འདོད་ལ། འཚོ་ཐབས་ཀྱང་རྣམ་པ་ཀུན་ཏུ་མི་རྙེད་པར་མཐའ་མི་ཁེགས་པས་ལ་ལར་རྙེད་སྲིད་ལ། མི་འཚོ་བའི་རྒྱུ་ཉེས་པ་འབ༷འ་ཞིག་ཡིན་ན༷་ཉེས་པ་དེ་ཙམ་ལ་གཏན་ནས་གསོ་བྱ་མིན་པ་གང་ཡང་མེད་པ༷་ཉིད་དེ། དེ་འཕེལ་འགྲིབ་ཅན་ཡིན་པས་ན་དེའི་མི་མཐུན་ཕྱོགས་སྨན་ལ་སོགས་པས་ཞི་བར་ནུས་ཏེ་མེ་ཇི་ལྟར་འབར་ཡང་དེ་བས་ཆེ་བར་གྱུར་པའི་ཆུས་སོད་པ་བཞིན་ནོ།།
གསུམ་པ་གྲུབ་དོན་བསྟན་པ།
ཤི་བའི་དུག་སོགས་ལྡོག་ཕྱིར་རམ། །དེ་ཡི་སོས་ཟིན་བཅད་ལས་ཀྱང༌།།འགྱུར་བའི་རྒྱུ་དང་བྲལ་བས་ན། །དེ་ཅིས་སླར་ཡང་འཚོ་མི་འགྱུར།།དེས་ན་ཤི་བ༷འི་ལུས་ལ་དུ༷ག་སོགས་མི་གནས་པར་རང་བཞིན་གྱིས་ལྡོག་པའི་ཕྱིར་ར༷མ། སྦྲུལ་གདེངས་ཀ་ཅན་སོགས་དེ་ཡི་སོས་ཟིན་པའི་དུག་འཆི་ཁར་དང་པོ་ཟིན་པའི་དུས་ལྟར་རྨའི་ཁར་འདུ་བ་ཡིན་པས་དེ་བཅ༷ད་པར་བྱས་པ་ལ༷ས་ཀྱ༷ང་ལུས་འགྱུ༷ར་བ༷འི་རྒྱུ༷་ད༷ང་བྲ༷ལ་བ༷ས་ན༷། དེ་དག་ཅིས་ན་སླ༷ར་ཡ༷ང་སྔ་མ་བཞིན་འཚོ་བར་མི་འགྱུ༷ར་ཏེ་འཚོ་བའི་རྒྱུ་ཚང་བས་སོ།།
གཉིས་པ་བྱེ་བྲག་ལུས་རྟག་དགག་པ་ལ། དངོས་དང་དེ་ལ་དོགས་པ་སྤང༌། །དང་པོ་ནི།
ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བར་ནི།།བྱེད་པར་མི་ནུས་དཔེར་འཇིམ་པ། །འགྱུར་བ་མེད་པར་བུམ་སོགས་བཞིན།།དངོས་གང་འགྱུར་བ་མེད་པར་ནི། །དངོས་པོ་གང་ཞིག་རྣམ་འགྱུར་བ།།དེ་དེའི་ཉེར་ལེན་མི་རིགས་ཏེ། །བ་ལང་བ་མིན་ལ་སོགས་བཞིན།།སེམས་དང་ལུས་ཀྱང་དེ་བཞིན་ནོ།།བློའི་ཉེར་ལེན་གྱི་རྒྱུར་འདོད་པ་ལུས་དེ་ཡང་སྐད་ཅིག་མ་མིན་པར་རྟག་པར་འདོད་ན་དེ་ལས་ཉེར་ལེན་ཅན་ནམ་འབྲས་བུ་སེམས་ནམ་ཡང་མི་སྐྱེ་སྟེ་ཉེར་ལེན་གྱི་རྒྱུར་མི་འགྱུར་བས་སོ།།རྒྱུ་མཚན་ཉེར་ལེན་གང་ཡིན་པ་དེ་གཞན་དུ་འགྱུ༷ར་བ༷་མེད་པ༷ར་ནི་རྒྱུ་དེ་ཉིད་ཉེར་ལེན་ཅ༷ན་ད༷ག་གི་ངོ་བོར་གོ་འཕོས་པའམ་འགྱུ༷ར་བ༷ར་ནི་བྱེད་པ༷ར་མི་ནུ༷ས་ཏེ་དཔེར་ན་འཇིམ་པ༷་ཉིད་འཇིམ་པའི་རང་བཞིན་ལས་འགྱུ༷ར་བ༷་མེད་པ༷ར་གནས་བཞིན་དུ་བུ༷མ་སོགས་སུ་རྣམ་པར་འགྱུར་བ་མི་སྲིད་པ་བཞིན་ནོ། །དངོས་པོ་ག༷ང་ཞིག་འགྱུ༷ར་བ༷་མེད་པ༷ར་གནས་བཞིན་དུ་ནི་དངོས་པོ་གཞན་ག༷ང་ཞིག་རྣམ༷་པར་འགྱུ༷ར་བ༷་སྟེ་འབྱུང་བ་དེ་ནི་དེའི་ཉེར་ལེན་དུ་མི་རིགས་ཏེ་དཔེར་ན་བ༷་ལ༷ང་དང་བ༷་མིན་མེ་དང་ཆུ་ལ༷་སོགས་པ་བཞིན་འབྲེལ་མེད་ཡིན་ལ། སེམས་ད༷ང་ལུ༷ས་ཀྱང༷་དེ་བཞིན་ཡིན་ནོ།།དེ་ཡང་ལུས་སེམས་ལྷན་ཅིག་ཏུ་ཚོགས་པ་འདི་ལ་ལུས་མ་འགྱུར་བཞིན་དུ་སེམས་ཡོད་ལ་ལུས་ལ་ཁྱད་པར་མེད་ཀྱང་འཇིགས་པ་མྱ་ངན་ཡིད་བདེ་བ་སོགས་ཀྱིས་སེམས་ཀྱི་འགྱུར་བའི་ཁྱད་པར་སྣ་ཚོགས་སྐྱེ་བ་དང་ཡན་ལག་བཅད་པ་སོགས་ལུས་འགྱུར་ཡང་སེམས་སྔར་ལས་མི་འགྱུར་བར་མཐོང་བས་ན་སྔར་བྱུང་བ་ལུས་ཀྱི་རྒྱུ་ལས་སེམས་བྱུང་བ་མིན་ནོ།།
གཉིས་པ་དེ་ལ་དོགས་པ་སྤོང༌བ།
དེ་རྒྱུ་ལྷན་ཅིག་བྱེད་པ་ལས། །སྐྱེ་བའི་འབྲས་བུ་ལྷན་ཅིག་གནས།།མེ་དང་ཟངས་མའི་ཞུ་ཉིད་བཞིན།།ལུས་སེམས་ཉེར་ལེན་དང་ཉེར་ལེན་ཅན་མིན་ན་ལྷན་ཅིག་གནས་པའི་ངེས་པ་ཅི་ཞེ་ན། སྔོན་གྱི་ལས་ཀྱི་རྒྱུའི་འཕེན་པས་རྣམ་པར་ཤེས་པའི་རྒྱུན་མངལ་དུ་ཉིང་མཚམས་སྦྱོར་བ་ན་ལུས་དེ་ཡི་རྒྱུ༷་ནུར་ནུར་པོ་ལ་སོགས་པ་ལྷ༷ན་ཅིག་བྱེད་རྐྱེན་དུ་ཡོད་པ༷་ལ༷ས་སྐྱེ་བ༷འི་སྲིད་པ་འཛིན་པ་ཡིན་ལ། སྔོན་ལས་གཅིག་གིས་འཕངས་པའི་ལུས་སེམས་ཚོགས་པ་དེ་ནི་རྒྱུ་གཅིག་གི་འབྲ༷ས་བུ༷་ཡིན་པས་ན་ཇི་སྲིད་ལས་ཀྱི་འཕེན་པ་ཤུགས་མ་རྫོགས་བར་དུ་ལྷ༷ན་ཅིག་ཏུ་གན༷ས་ཏེ། དཔེར་ན་ཟངས་མ་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་གྱི་རྒྱུ་ལས་བྱུང་བའི་ཟངས་དེ་མེའི་ལྷན་ཅིག་བྱེད་རྐྱེན་གྱིས་ཞུ་བར་བྱས་ནས་ཞུན་དུ་གྱུར་པ་ན་མེ་ད༷ང་ཟ༷ངས་མ༷འི་ཞུ༷་བ་ཉིད་ལྷན་ཅིག་གནས་པ་བཞིན་ནོ།།དེ་ཡན་ཆད་ཀྱིས་ལུས་སེམས་དུས་མི་མཉམ་པར་ལུས་སྔར་ཡོད་ཀྱི་ཉེར་ལེན་ལས་སེམས་སྐྱེ་བར་འདོད་པ་དགག་པ་ཡིན་ལ། དེ་ཡང་དབང་ཤེས་ལྔ་ནི་དབང་པོ་ལས་སྐྱེ་བ་རེས་འགའ་འབྱུང་ལ་རེས་འགའ་མི་འབྱུང་བ་ཡིན་ཡང༌། ཡིད་ཙམ་ཞིག་མེད་པའི་གནས་སྐབས་མེད་ལ་དེ་ནི་དབང་པོ་ལྔ་རེ་རེ་དང་ཚོགས་པ་ལ་མ་ལྟོས་ཀྱང་འབྱུང་བས་ན་ཡིད་བློའི་རྒྱུན་ལུས་དང་རྗེས་སུ་འགྲོ་ལྡོག་བྱེད་པར་སྒྲུབ་བྱེད་མེད་ལ། དེ་རང་གི་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་མི་སྐྱེ་བར་གྲུབ་ཅིང་སླར་ཡང་རྒྱུན་འབྱུང་བར་འགྲུབ་པའང་ཡིན་ནོ། །དེ་ཙམ་གྱིས་རྒྱང་འཕེན་པ་ལ་སོགས་པའི་སྐྱེ་བ་སྔ་ཕྱི་མེད་པའི་ལོག་རྟོག་ཟློག་ནུས་པ་ཡིན་ཞིང༌། གཞན་ཡང་ཞིབ་ཏུ་ཕྱེ་ན་ལུང་ལས་བཤད་པ་ལྟར་ལེགས་པར་དཔྱད་ཚེ་གཉིད་ལ་སོགས་པའི་སྐབས་ན་རིམ་བཞིན་ཡིད་རགས་པ་ལོག་ཀྱང་ཕྲ་བ་མི་ལྡོག་པ་དང༌། ཕྲ་བ་ལོག་ན་ཡང་ཀུན་གཞི་མི་ལྡོག་ལ་ཀུན་གཞི་ལོག་ན་ཡང་འོད་གསལ་གྱི་སེམས་ནམ་ཡང་མི་ལྡོག་པས་སེམས་གཏན་དུ་རྒྱུན་ཆད་པར་མི་སྲིད་ལ་དེའི་ཕྱིར་ཡེ་ཤེས་རྒྱུན་མི་ཆད་པར་ཡང་གྲུབ་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཡོད་པའི་ཁམས་སམ་སེམས་ཀྱི་ས་བོན་དེ་མེད་ན་གྲོལ་འཁྲུལ་འབྱུང་མི་ཤེས་ལ། དེ་དག་གི་ཚུལ་ནི་ཐེག་པ་གཞན་དང་གཞན་དུ་ཇེ་བས་ཇེ་གསལ་གྱི་ཚུལ་གྱིས་བཤད་ལ། མདོ་སྡེ་རྒྱན་ལས་ཀྱང༌།སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད།།དེ་ནི་གློ་བུར་ཉེས་པས་མ་རུང་བྱས།།ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི།།འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་ལས་ཀུན་ཏུ་རྟོག་པས་ཁམས་གསུམ་དུ་འཁོར་བར་ཤེས་པར་བྱ་སྟེ། གོང་བཤད་རིགས་པ་འདི་རྣམས་ཀྱིས་ཀྱང་མཐར་གྱིས་གྲུབ་དོན་འདི་ལ་གཏུགས་དགོས་པས་ཤིན་ཏུ་གལ་ཆེའོ།།
གཉིས་པ་དུས་མཉམ་གྱི་རྟེན་དགག་པ་ལ། མི་འཐད་པ་ཡི་གཞན་ལུགས་དགག །གྲུབ་དོན་འཐད་པ་བཞག་པ་འོ། །དང་པོ་ལ། བརྟེན་པ་ཡོད་མེད་བརྟགས་ལ་དགག །བརྟེན་པ་སྐྱེ་འཇིག་བརྟགས་ལ་དགག །དང་པོ་ལ། བརྟེན་པ་ཡོད་མེད་བརྟགས་ལ་བཀག །ཚུལ་དེས་གཞན་པ་ཁེགས་ཚུལ་ལོ། །དང་པོ་ལ། བཀག་དང་དེ་ལན་དགག་པ་འོ། །དང་པོ།
ཡོད་མེད་དག་ལ་རྟེན་མེད་ཕྱིར། །མ་ཡིན་ཡོད་པའི་གནས་རྒྱུ་ནི།།རྟེན་ཡིན་ཞེ་ན་འདི་རྟེན་མེད། །གནས་པ་པོ་ལས་གཞན་མིན་ཕྱིར།།གཞན་ཡིན་ན་ཡང་དེ་རྒྱུ་ཉིད། །དེས་ནི་དངོས་པོ་ཅི་ཞིག་བྱས།།འཇིག་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་དེ་འཇིག་རྒྱུ་ལས་འདོད།།དེ་ལའང་ཐལ་བ་མཚུངས་པ་ཡིན། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱས།།གལ་ཏེ་འཇིག་རྒྱུ་ཕྲད་བར་དུ། །དེས་གནས་འཇིག་པ་དངོས་ཆོས་ཉིད།།ཡོད་པ་འདི་གནོད་/མེད་ཕྱིར་དང༌། །80གནས་པའི་རྒྱུས་ནི་ཅི་ཞིག་བྱ།།ལུས་སེམས་དུས་མཉམ་པར་ལུས་ལ་སེམས་གནས་པའོ་ཞེ་ན། དུས་མཉམ་པར་གནས་པ་ཞེས་པ་འདི་ཅི་ཞིག དུས་དེར་ཕན་ཚུན་ཕན་མ་བཏགས་བཞིན་བུམ་སྣམ་ཚོགས་པ་ཙམ་ལྟ་བུ་ཡིན་ན་ནི་རྟེན་བརྟེན་པར་ཡང་མི་རུང་ལ། ཕན་བཏགས་ཏེ་རྟེན་གྱིས་བརྟེན་པ་གནས་པར་བྱེད་དོ་སྙམ་ན། གནས་པར་བྱ་བའི་རྟེན་དེ་རང་གི་ངོ་བོ་རྫས་སུ་ཡོད་པ་ཞིག་གིས་རྟེན་བྱེད་པ་ཡིན་ནམ། མེད་པ་ཞིག་གིས་རྟེན་བྱེད་པ་ཡིན། ཡོད་པ་རང་གྲུབ་ཟིན་ལ་རྟེན་ཅི་ཡང་མི་དགོས་ལ་མེད་པ་ལ་བརྟེན་པར་བྱར་མེད་པས་ན་ཡོད་མེད་གང་ཡིན་ཡང་དེ་ད༷ག་ལ༷་རྟེན་དུ་གྱུར་པ་མེད་པའི་ཕྱིར་དུས་མཉམ་པར་ཕན་མི་འདོགས་པས་བརྟེན་པ་ཡོད་པ་མ༷་ཡིན་ནོ།།གལ་ཏེ་མེད་པ་ལ་བརྟེན་པ་མི་འཐད་ཀྱང་གྲུབ་ཟིན་ཡོད་པ༷འི་གན༷ས་རྒྱུ༷་དེ་ནི་རྟེན་ཞེས་བྱ་བ་ཡིན་ནོ་ཞེ་ན༷། ཡོད་པ་འདི་ལ་རྟེན་གྱིས་གནས་པར་བྱེད་དགོས་པ་མེད་དེ། རྒྱུ་མཚན་གན༷ས་པ༷་ཞེས་བྱ་བ་གནས་པ་པོ་རང་ཉིད་གྲུབ་ཟིན་པ་དེ་ལ༷ས་གཞ༷ན་མིན་པ་སྟེ་ཐ་དད་དུ་མེད་པའི་ཕྱིར་རྟེན་གྱིས་གནས་པའི་ཁྱད་པར་གང་ཡང་མ་བྱས་སོ།།གལ་ཏེ་གནས་པ་པོ་དེ་ལས་གནས་པ་ཞེས་བྱ་བ་གཞ༷ན་ཡིན་ན༷་ཡ༷ང་གནས་པ་པོ་ལས་ཐ་དད་པའི་གནས་པ་ཞེས་བྱ་བ་དེ་ཡི་རྒྱུ༷་ཉིད་རྟེན་དེ་ཡིན་དུ་ཆུག་ཀྱང༌། རྟེན་དེས་ནི་བརྟེན་རྒྱུའི་དངོས་པོ་དེ་ལ་གནས་པའི་བྱ་བ་ཅི་ཞིག་བྱ༷ས་ཏེ་ཅི་ཡང་མ་བྱས་པར་ཐལ། དེ་ལས་དོན་གཞན་བྱས་པ་དེ་རྫ་མཁན་གྱིས་བུམ་པ་བྱས་པས་བ་ལང་གནས་པར་མ་བྱས་པ་བཞིན་ནོ། །གལ་ཏེ་རྟེན་མེད་ན་དེ་མི་གནས་པར་འགྱུར་ལ་རྟེན་གྱིས་དེ་གནས་པར་བྱས་སོ་སྙམ་ན། གྲུབ་ཟིན་དེ་ནི་གནས་མི་དགོས་ལ་དེ་མི་འཇིག་པར་རིང་དུ་གནས་པར་བྱེད་པ་ཡིན་ན་རྟེན་གྱིས་མི་འཇིག་པར་བྱས་པས་ན་བརྟེན་པ་དེ་ནམ་ཡང་འཇིག་པ༷་མེད་པ༷ར་ཐ༷ལ་བ༷ར་འགྱུ༷ར་རོ།།ག༷ལ་ཏེ་ནམ་ཡང་མི་འཇིག་པ་ནི་མ་ཡིན་ཏེ་བརྟེན་པ་དེ་འཇིག་པ་ནི་ཕྱིས་འབྱུང་གི་རྒྱུ༷་ལ༷ས་འབྱུང་བར་འདོད་དོ་ཞེ་ན། འཇིག་པ་དེ་ལ༷འ༷ང་གོང་གི་ཐ༷ལ་བ༷་མཚུ༷ངས་པ༷་ཡིན་ཏེ་འཇིག་རྒྱུ་དེས་རང་དང་དུས་མཉམ་པའི་ཡོད་པ་འཇིག་གམ་མེད་པ་འཇིག ཡོད་པ་འཇིག་མི་ནུས་ལ་མེད་པ་འཇིག་པར་བྱར་མེད་དོ། །ཡང་ན་དངོས་པོ་དེ་དང་འཇིག་པ་གཉིས་གཅིག་ན་འཇིག་རྒྱུ་མི་དགོས་ལ་གཞན་ན་དངོས་པོ་མི་འཇིག་པ་ཡང་མཚུངས་སོ། །འཇིག་རྒྱུས་འཇིག་ན་ཡང་གན༷ས་པ༷འི་རྒྱུ༷ས་ཀྱ༷ང་དེ་གནས་པར་ཅི་ཞིག་བྱ༷ས་ཏེ་འཇིག་རྒྱུ་དང་མ་ཕྲད་ན་གནས་པར་བྱེད་མི་དགོས་ལ་འཕྲད་ན་གནས་པར་བྱེད་མི་ནུས་པས་སོ།།ག༷ལ་ཏེ་འཇིག་རྒྱུ༷་དང་མ་ཕྲ༷ད་བ༷ར་དུ༷་རྟེན་དེས་གན༷ས་པར་བྱས་སོ་ཞེ་ན། དེ་ལྟ་ན་འཇིག་རྒྱུ་དང་མ་ཕྲད་བར་དུ་དེས་གནས་པར་མ་བྱས་ན། དེ་ཉིད་དུ་འཇིག་པར་འགྱུར་བ་ཡིན་ལ། དེ་ཡིན་ན་འཇིག་པ་རྒྱུ་གཞན་མེད་ཀྱང་རང་ཉིད་འཇིག་པར་གྲུབ་པའི་ཕྱིར་འཇིག་པ༷་ནི་དངོས་པོའི་ཆོས་ཉིད་དུ་ཡོད་པ༷་ཁོ་ན་ཡིན་པ་འདི་ལ་གེགས་བྱེད་པའམ་གནོད་པར་བྱེད་ནུས་པ་མེད་པའི་ཕྱིར་ད༷ང༌། གན༷ས་པ༷འི་རྒྱུ༷ས་ནི་དེ་མི་འཇིག་པའི་བྱ་བ་ཅི་ཞིག་བྱ་སྟེ་གང་ཡང་བྱེད་མི་ནུས་པས་དགོས་པ་མེད་དོ། །ནུས་ན་འཇིག་རྒྱུ་དང་ཕྲད་ན་ཡང་མི་འཇིག་པར་བྱར་ཅིས་མི་ནུས་ཏེ་དེ་ནི་དེ་ལས་ཆེས་སླ་བའི་ཕྱིར་རོ།།
གཉིས་པ་དེ་ལན་དགག་པ།
གལ་ཏེ་དཔེར་ན་ཆུ་སོགས་ཀྱི། །རྟེན་བཞིན་ཞེ་ན་འདི་ལའང་མཚུངས།།དངོས་རྣམས་སྐད་ཅིག་རེ་རེར་ནི། །འཇིག་ན་དངོས་རྒྱུན་དེ་ལྟ་བུར།།སྐྱེ་རྒྱུ་ཡིན་ཕྱིར་དེ་རྟེན་ཡིན། །དེ་ལྟ་མིན་ན་རིགས་མ་ཡིན།།འབོ་བ་ཡི་ནི་གེགས་བྱེད་ཕྱིར། །ཆུ་སོགས་ཀྱི་ནི་རྟེན་འགྱུར་གྱི།།འགྲོ་བ་མེད་ཅན་ཡོན་ཏན་སྤྱི། །ལས་རྣམས་ལ་ནི་རྟེན་ཅི་དགོས།།ག༷ལ་ཏེ་དཔེར་ན༷་ཆུ༷་དང་སྤྱི་ལ་སོགས་ཀྱི་དངོས་པོ་ཡོད་ཟིན་དེ་སྣོད་དང་རྫས་ལ་སོགས་པས་རྟེན་པ་བཞིན་རྟེན་བརྟེན་པ་མངོན་སུམ་མཐོང་བས་དེ་ཁེགས་མི་ནུས་པ་ཡིན་ནོ་ཞེ་ན༷། ཆུ་སོགས་ཀྱི་རྟེན་འདི་ལ༷འ༷ང་གོང་གི་རིགས་པ་དེ་མཚུ༷ངས་པ་ཡིན་ཏེ། དུས་མཉམ་པའི་སྣོད་དེས་ཆུ་རང་ཉིད་ཡོད་པ་དང་མེད་པ་གང་ལའང་གནས་པའི་རྟེན་མི་བྱེད་པའི་ཕྱིར་རོ། །འོ་ན་འཇིག་རྟེན་གྱི་མངོན་སུམ་དུ་སྣོད་ཀྱིས་ཆུ་བརྟེན་པར་མ་མཐོང་ངམ་ཞེ་ན། དེ་ནི་མ་བརྟགས་པར་རྒྱུན་ལ་བརྟེན་ནས་ཐ་སྙད་བྱེད་པ་སྟེ། ཆུ་སོགས་ཀྱི་དངོས་པོ་རྣ༷མས་སྐ༷ད་ཅིག་རེ་རེར་ནི་འཇིག་པ་ཡིན་པའི་ཕྱིར་ན༷་རང་དང་དུས་མཉམ་པའི་སྐད་ཅིག་དེ་ལ་རྟེན་དེས་གནས་པར་གང་ཡང་མི་བྱེད་དོ། །འོན་ཀྱང་དངོས་པོ་སྐད་ཅིག་མ་རིགས་འདྲ་བར་མ་ཆད་དུ་འབྱུང་བའི་རྒྱུ༷ན་ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མའི་སྤྱོད་ཡུལ་དེ་ལྟ་བུ༷ར་སྐྱེ་བའི་རྒྱུ༷་ནི་རྟེན་དེ་དག་ཡིན་པའི་ཕྱིར་ན་སྣོད་སོགས་དེ་རྟེན་ཡིན་པར་རིགས་ཏེ། ཆུ་རང་གི་ཉེར་ལེན་གྱི་རྒྱུ་ལས་བྱུང་བའི་སྐད་ཅིག་དེ་རང་ཉིད་དང་དུས་མཉམ་པའི་ལྷན་ཅིག་བྱེད་རྐྱེན་སྣོད་ཀྱི་སྐད་ཅིག་དེ་དང་ཚོགས་པ་ལས་དེའི་ཕྱི་ལོགས་སུ་སྔ་མ་དེའི་སྤྱོད་ཡུལ་དང་མཚུངས་པའི་ཆུ་ཡི་སྐད་ཅིག་འབྱུང་ངོ༌། །དེས་ན་དེ་གཉིས་ཚོགས་པ་དང་བྲལ་བ་ན་ཡུལ་གཞན་དུ་གནས་པའི་ཆུའི་རིགས་འདྲ་སྐྱེ་བ་ཡིན་ཏེ། དུས་མཉམ་དུ་ཚོགས་པ་དེས་ནང་ཕན་ཚུན་གནས་པར་བྱེད་པ་མེད་ཀྱང་ལྷན་ཅིག་བྱེད་པའི་རྒྱུ་དང་ཚོགས་པའི་ཁྱད་པར་གྱིས་རིགས་འདྲ་ཕྱི་མ་ལ་སྤྱོད་ཡུལ་ཁྱད་པར་ཅན་སྐྱེད་པ་ཡོད་དོ། །དེས་ན་དེ་ལྟར་དེ་བྱུང་གི་འབྲེལ་བས་ཕན་བཏགས་པ་ལས་རྟེན་བརྟེན་པར་འཇོག་པ་ཡིན་ཡང༌། འཇིག་རྟེན་བླུན་པོས་དུས་མཉམ་པར་ཕན་བཏགས་པར་འཁྲུལ་པ་ཡིན་ནོ། །ཚུལ་དེ་ལྟ་མིན་ན༷་རྟེན་བརྟེན་པ་ཞེས་པ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ཏེ་བརྟེན་པར་མི་སྲིད་པའི་ཕྱིར་རོ། །གཞན་ཡང་ཆུ་ལ་སོགས་པ་ཐུར་དུ་འབོ་བ༷་ཡི་ནི་གེགས་རྟེན་དེས་བྱེད་པའི་ཕྱིར་ཆུ༷་དང་འབྲུ་ལ་སོགས་ཀྱི་ནི་རྟེན་དུ་སྣོད་དེ་རིགས་པར་འགྱུ༷ར་གྱི་རང་གི་ངོ་བོ་ཡུལ་གཞན་དུ་འགྲོ་བ༷་མེད་པ་ཅ༷ན་ཡོན་ཏ༷ན་དང་སྤྱི་དང་ལ༷ས་རྣ༷མས་ལ༷་ནི་རྟེན་ཅི་དགོས་ཏེ། དེས་ན་དེ་གསུམ་གྱི་རྟེན་རྫས་ཡིན་པར་ཁས་བླངས་པ་དོན་མེད་དོ།།
གཉིས་པ་ཚུལ་དེས་གཞན་པ་ཁེགས་ཚུལ་ནི།
འདིས་ནི་འཕྲོད་པ་འདུ་བ་དང༌། །འཕྲོད་པ་འདུ་བ་ཅན་རྒྱུ་དང༌།།རིགས་ལ་སོགས་པ་རྣམ་གནས་ཉིད། །རྟེན་མེད་ཕྱིར་ན་བསལ་བ་ཡིན།།བརྟེན་པ་ཡོད་མེད་བརྟག་པའི་རིགས་པ་འདིས་ནི་སེམས་ནི་ལུས་ལ་འཕྲོད་པ༷་འདུ་བ༷་ད༷ང༌། ལུས་ཀྱང་སེམས་ཀྱི་འཕྲོད་པ༷་འདུ༷་བ༷་ཅ༷ན་གྱི་རྒྱུ༷་ཡིན་པ་ད༷ང༌། གཞན་ཡང་རིགས་དང་ཡོན་ཏན་ལ༷་སོགས་པ༷འང་དེ་ལྟར་འཕྲོད་པ་འདུ་བའི་དབང་གིས་རྟེན་གྱིས་བརྟེན་པ་རྣ༷མ་པར་གན༷ས་པ་ཡིན་ནོ་ཞེས་ཁས་བླངས་པ་ཉིད་ཀྱང༌། དུས་མཉམ་པའི་རྟེན་མེད་པར་སྒྲུབ་པའི་ཕྱིར་ན༷་རིགས་པ་དེས་བས༷ལ་བ༷་ཡིན་ནོ། །དེ་ཡང་ཕ་རོལ་པོས། སྣལ་མ་དང་སྣམ་བུ་བ་ལང་དང་རྭ་བདག་དང་བློ་རྫས་དང་རིགས་ལ་སོགས་པ་ལ་འདི་ལ་འདིའོ་སྙམ་པའི་བློ་འཇུག་པའི་རྒྱུ་མཚན་འཕྲོད་པ་འདུ་བ་ཡིན་ལ། འཕྲོད་པ་འདུ་བའི་རྒྱུ་རྫས་ལ་སོགས་པར་ཁས་ལེན་ཞིང༌། དེ་ལྟར་འཕྲོད་པ་འདུ་བའི་དབང་གིས་རྟེན་བརྟེན་པར་ཁས་ལེན་པའང་གོང་གི་རིགས་པས་བསལ་བར་གྲུབ་བོ།།
གཉིས་པ་བརྟེན་པ་སྐྱེ་འཇིག་བརྟགས་པ་ལ། འཇིག་པའི་ཚུལ་ལ་བརྟགས་ནས་དགག །འཕེལ་བའི་ཚུལ་ལ་བརྟགས་ནས་དགག །དང་པོ།
གལ་ཏེ་གཞན་ལས་དངོས་འཇིག་ན། །དེ་ཡི་གནས་རྒྱུས་ཅི་ཞིག་བྱ།།དེ་གཞན་མེད་པར་འཇིག་ན་ཡང༌། །གནས་པའི་རྒྱུ་རྣམས་ནུས་མེད་ཡིན།།རྟེན་བཅས་ཐམས་ཅད་གནས་ལྡན་དང༌། །སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན།།དེ་ཕྱིར་དངོས་པོ་ཐམས་ཅད་ནི། །འགའ་ཞིག་ཚེ་ནའང་འཇིག་མི་འགྱུར།།གལ་ཏེ་རང་འཇིག་ངང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང༌།།གལ་ཏེ་རང་འཇིག་ངང་ཚུལ་བདག །མིན་ན་དེ་གནས་བྱེད་གཞན་གང༌།།ག༷ལ་ཏེ་རྒྱུ་གཞ༷ན་ལ༷ས་བརྟེན་པ་བློ་ལ་སོགས་པ་དེ་དག་གི་དངོས་པོ་འཇིག་པ་ཞིག་ན༷་དེ་ཡི་གན༷ས་རྒྱུ༷ས་དེ་གནས་པའི་བྱ་བ་ཅི་ཞིག་བྱ་སྟེ། མ་ཕྲད་བར་དུ་གནས་མི་དགོས་ལ་ཕྲད་ན་གནས་མི་ནུས་པས་སོ། །དངོས་པོ་དེ་རྒྱུ་གཞ༷ན་མེད་པ༷ར་རང་ཉིད་འཇིག་ན༷་ཡ༷ང་གན༷ས་པ༷འི་རྒྱུ༷་རྣ༷མས་དེ་གནས་པར་བྱེད་པ་ལ་ནུ༷ས་པ་གཏན་མེད་ཡིན་ཏེ་གནས་པར་བྱ་མི་ནུས་པས་སོ། །གལ་ཏེ་ནུས་ན་རྟེན་དང་བཅ༷ས་པ་ཐ༷མས་ཅ༷ད་ནི་གན༷ས་པ་དང་ལྡ༷ན་པ་ཡིན་ཏེ་རྟེན་གྱིས་གནས་པར་བྱས་པའི་ཕྱིར་ད༷ང༌། གང་སྐྱེ་བ་ཅ༷ན་ཀུ༷ན་ནི་རྟེན་བཅ༷ས་ཡིན་ཏེ། ཡོན་ཏན་ལ་སོགས་པ་ཇི་སྙེད་པ་རྫས་ལ་བརྟེན་ཅིང་རྫས་རྡུལ་ཕྲ་རབ་རྟག་པར་འདོད་པ་ལ་བརྟེན་པ་དང༌། བློ་སོགས་ཀྱང་བདག་རྟག་པ་ལ་བརྟེན་པས་ན་མཐར་རྟག་པ་ལ་མི་བརྟེན་པ་གང་ཡང་ཁྱོད་ཀྱི་ལུགས་ལ་མེད་པས་རྟེན་པ་དེས་དེ་ཀུན་གནས་པར་བྱེད་པ་དེ་ཕྱིར་དངོས་པོ་ཐ༷མས་ཅ༷ད་ནི་དུས་འག༷འ་ཞིག་གི་ཚེ་ན༷འ༷ང་འཇིག་པར་མི་འགྱུ༷ར་བས་ཐམས་ཅད་རྟག་པར་ཐལ་ལོ། །གཞན་ཡང་བརྟེན་པར་བྱ་རྒྱུའི་དངོས་པོ་དེ་ག༷ལ་ཏེ་ར༷ང་ཉིད་འཇིག་པའི་ང༷ང་ཚུ༷ལ་ཅན་དུ་གྱུར་པའི་བད༷ག་ཉིད་ཡིན་ན་དེ་གནས་པར་བྱེད་མི་ནུས་པས་དེ་གནས་པར་བྱེད་པ་གཞན་གང་ཞིག་ཡིན་ལ། གལ་ཏེ་རང་ཉིད་འཇིག་པའི་ངང་ཚུལ་ཅན་གྱི་བདག་ཉིད་ཡིན་ན༷་དེ་གན༷ས་པར་བྱེད་པ་གཞ༷ན་ག༷ང་ཞིག་སྟེ་གནས་པར་བྱ་མི་དགོས་པས་དེ་ལའང་གནས་པར་བྱེད་པ་གཞན་མི་སྲིད་དོ། །དེ་ལྟར་བསྟན་པའི་རིགས་པ་འདི་དག་གིས་ལུས་ནི་རང་དང་དུས་མཉམ་པར་བློའི་རྟེན་དུ་འདོད་པ་བཀག་པ་ཡིན་ལ་རིགས་པ་དེ་དུས་མཉམ་པའི་རྟེན་བརྟེན་པ་ཐམས་ཅད་ལ་ཁྱབ་པར་འཇུག་པ་ཡིན་ནོ།།
གཉིས་པ་འཕེལ་བ་བརྟགས་ནས་དགག་པ་ལ།དངོས་དང་དེས་གཞན་ཁེགས་ཚུལ་ལོ། །དང་པོ་ལ། དངོས་དང་དེ་ལན་དགག་པ་འོ། །དང་པོ།
ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས།།ཤེས་རབ་ལ་སོགས་ཕུལ་བྱུང་དང༌། །འགྲིབ་པ་དག་ཏུ་འགྱུར་བ་ཡིན།།འདི་ནི་མར་མེའི་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན།།ལུ༷ས་ཀྱི་ཁམས་ཕུ༷ལ་དུ་བྱུ༷ང་བ་དང་འགྲིབ་པ་མེད་པ༷ར་གནས་བཞིན་དུ་ནང་བློ་ཡི་འདུ་བྱེད་པ༷འི་ཁྱ༷ད་པ༷ར་གྱིས་ཤེས་ར༷བ་དང་བྱམས་སྙིང་རྗེ་ལ༷་སོགས་པ་ཕུ༷ལ་དུ་བྱུ༷ང་བ་ད༷ང་ཡང་རེས་འགའ་འགྲིབ་པ༷་ད༷ག་ཏུ༷་འགྱུ༷ར་བ༷་ཡིན་པར་མཐོང་ལ། རྟེན་ལ་ཁྱད་པར་མེད་བཞིན་བརྟེན་པ་ལ་ཁྱད་པར་ཡོད་པ་འདི་ལྟ་བུ་ནི་མ༷ར་མེའི་འོད་དང་ལུས་ཀྱི་གྲིབ་མ་དང་ས་བོན་གྱི་མྱུ་གུ་ལ༷་སོགས་པ་རྒྱུ་འབྲས་ཀྱི་ཚུལ་གྱིས་རྟེན་པ༷་རྣ༷མས་ལ༷་ཡོད་པ་མ༷་ཡིན་པས་ན་ལུས་ལ་བརྟེན་ནས་སེམས་འབྱུང་བ་ཁོ་ནར་མ་ངེས་སོ།།
གཉིས་པ་དེ་ལན་དགག་པ།
དེ་ལས་ཀྱང་འདི་ཁྱད་འགྱུར་ཏེ། །སེམས་ལ་ཕན་འདོགས་མེད་པར་མིན།།འགའ་ཚེ་ཆགས་སོགས་རྒྱས་སོགས་ཀྱི། །འཕེལ་བ་བདེ་སྡུག་ལས་སྐྱེས་ཡིན།།དེ་ཡང་ཁམས་སྙོམས་ལ་སོགས་པ། །ནང་གི་དོན་ནི་ཉེ་བ་ལས།།བཅུད་ལེན་ལ་སོགས་པས་ལུས་རྒྱས་པ་ལས་ཤེས་རབ་སོགས་བློ་ཡང་ཁྱད་པར་དུ་འགྱུར་བས་ལུས་ལས་བློ་འབྱུང་བར་ཡང་མཐོང་ངོ་ཞེ་ན། ལུས་རྒྱས་པ་དང་སྙོམས་པ་དེ་ལ༷ས་ཀྱ༷ང་བློ་འདི་སྔར་བས་ཁྱ༷ད་པར་ཡོད་པར་འགྱུ༷ར་བ་ཡིན་ཡང་འོན་ཏེ་བཅུད་ལེན་ལ་སོགས་པས་ལུས་ཀྱི་ཁམས་སྙོམས་པར་བྱས་པ་གཟུང་དོན་དུ་བྱས་པས་ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེས་པས་ཡིད་འཆོལ་བ་མེད་པར་གནས་པ་ན་བཟོ་སོགས་གོམས་པའི་འདུ་བྱེད་པ་སྟོབས་འཕེལ་ནས་བློ་ལ་ཁྱད་ཞུགས་པ་སྟེ། ལུས་ཀྱི་ཁམས་སྙོམས་པ་ནང་གི་རེག་བྱའི་ཁྱད་པར་ལུས་ཤེས་ཀྱིས་གཟུང་དོན་དུ་བྱས་པ་ན་དེ་ལ་བརྟེན་ནས་སྐྱེས་པའི་ཡིད་ཀྱིས་ཀྱང་དེ་གཟུང་དོན་དུ་བྱས་པའི་སྒོ་ནས་ཡིན་གྱི་ལུས་ལས་ཐ་དད་པའི་སེམས་རང་ཉིད་ལ༷་ཕ༷ན་འདོགས་པ་མེད་པ༷ར་ལུས་རྒྱས་པ་ཙམ་ཞིག་གིས་བློ་ལ་ཁྱད་ཞུགས་པ་མིན་ཏེ། སེམས་ཀྱི་གཟུང་དོན་དུ་མ་བྱས་ན་ལུས་རྒྱས་ཀྱང་དེ་ལས་ཡིད་ལ་ཡོན་ཏན་འབྱུང་བ་དང༌། རྒུད་ཀྱང་དེ་ལས་སྐྱོན་འབྱུང་མི་རིགས་ཏེ་གཞན་གྱི་ལུས་བཞིན་ནོ། །དེས་ན་ལུས་སེམས་ཀྱི་རིགས་འདྲའི་རྒྱུན་སྐྱེད་པའི་ཉེར་ལེན་མ་ཡིན་ལ། ཕན་འདོགས་བྱེད་ལྷན་ཅིག་བྱེད་རྐྱེན་ཡིན་ནོ།།དེས་ན་ཚུལ་མིན་ཡིད་བྱེད་ཀྱི་བློ་དང་ཚོགས་པ་འག༷འ་ཞིག་གི་ཚེ་ན། འབྲས་བུ་ཆ༷གས་པ་དང་སྡང་བ་ལ་སོགས་པའི་བློ་ནི་རྒྱུ་ལུས་རྒྱ༷ས་པ་དང་རྒུད་པ་སོགས་ཀྱིས་འཕེལ་བ༷་ཡོད་པ་ནི་རིམ་བཞིན་ལུས་ཀྱི་ཚོར་བ་བདེ་སྡུ༷ག་ཡིད་ཀྱི་གཟུང་དོན་དུ་བྱས་པ་ལ༷ས་སྐྱེས་པ་ཡིན་གྱི་གཞན་ལུས་རྒྱས་ཙམ་གྱིས་ཆགས་པ་སྐྱེ་བར་མ་ངེས་ཏེ་དགྲ་བཅོམ་པ་རྣམས་བཞིན་དང༌། ལུས་རྒུད་པས་ཀྱང་ཞེ་སྡང་སྐྱེ་བར་མ་ངེས་ཏེ་དགེ་སྦྱོང་བཟོད་པ་སྨྲ་བ་བཞིན་ནོ། །ནང་གི་རེག་བྱ་དེ་ཡ༷ང་ཁ༷མས་སྙོམས་པ་དང་ལ༷་སོགས་པའི་སྒྲས་མ་སྙོམས་པ༷་དག་གི་རེག་བྱ་གང་ཡིན་པ་དེ་ནང་གི་དོན་ཏེ། ནང་རང་གི་ལུས་ཀྱི་ཡིན་པ་དང་ལུས་ཤེས་དང་ཡིད་ཤེས་ཀྱི་གཟུང་དོན་ཡིན་པས་སོ། །དེ་ལྟ་བུའི་ན༷ང་གི་དོན་དེ་ནི་རང་བློའི་ཡུལ་དུ་ཉེ་བ༷་སྟེ་ཡོད་པ་ལ༷ས་བློ་ཡི་ཁྱད་པར་ཆགས་པ་ལ་སོགས་པ་དེ་ལྟར་སྐྱེ་བ་ཡིན་ནོ།།
གཉིས་པ་དེས་གཞན་ཁེགས་ཚུལ་ནི།
འདིས་81ནི་འདུས་པ་ལ་སོགས་པས། །82དྲན་པ་ཉམས་སོགས་བཤད་པ་ཡིན།།ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ།།དཔེར་རྒྱུད་ཁྱད་པར་འགའ་ཞིག་ལ། །སྟག་ཉིད་དང་ནི་ཁྲག་ལ་སོགས།།ཐོས་པ་དང་ནི་མཐོང་བ་ལས། །རྨོངས་པ་ལ་སོགས་འབྱུང་འགྱུར་བཞིན།།རང་གི་ལུས་ལས་སྐྱེས་པའི་རེག་བྱ་གཟུང་དོན་དུ་བྱས་པའི་བདེ་སྡུག་གི་ཚོར་བ་འབྱུང་བ་ལས་ཆགས་སྡང་སོགས་བློ་ཡི་ཁྱད་པར་འབྱུང་བར་བསྟན་པའི་རིགས་པ་འདིས་ནི་འདུ༷ས་པ༷་ཡི་རིམས་དང་ཆང་དང་དུག་ལ༷་སོགས་པ༷ས་དྲ༷ན་པ༷་ཉ༷མས་པ་དང་རྨོངས་པ་དང་གཡེང་བ་ལ་སོགས་པ་ཡང་བཤད་མ་ཐག་པ་དང་འདྲ་བར་དོན་གྱིས་བཤ༷ད་པ༷་ཡིན་ཏེ་ལུས་ལས་བློ་ལ་མི་འདྲ་བའི་ཁྱད་པར་བྱུང་བ་ཐམས་ཅད་ན༷ང་གི་དོན་རེག་བྱའི་ཁྱ༷ད་པ༷ར་གཟུང་དོན་དུ་བྱས་པ་ལ༷ས་སྐྱེས་པ༷འི་ལུས་དང་ཡིད་ཀྱི་བློས་ནི་སྔར་དང་མི་འདྲ་བའི་རྣམ་པར་འགྱུ༷ར་བ༷ར་བྱེད་པའི་ཕྱིར་རོ། །དཔེར་ན་རྒྱུ༷ད་ཀྱི་ཁྱ༷ད་པ༷ར་སྡར་མ་འག༷འ་ཞིག་ལ༷་སྟ༷ག་ཉིད་ད༷ང་ནི་གཞན་རྨས་པའི་ཁྲ༷ག་དང་རོ་ལ༷་སོགས་པ་རིམ་བཞིན་སྟག་བྱུང་ངོ་ཞེས་ཐོས་པ༷་ད༷ང་ནི་ཁྲག་སོགས་མཐོང་བ༷་ལ༷ས་སེམས་རྨོངས་ཏེ་དྲན་པ༷་ཉམས་པ་དང་གཡོ་བ་ལ༷་སོགས་པ་སྔར་དང་མི་འདྲ་བའི་ཁྱད་པར་འབྱུ༷ང་བར་འགྱུ༷ར་བ་བཞིན་ནོ། །གཟུང་དོན་དེ་དག་རང་གི་སེམས་ཀྱི་ཉེར་ལེན་གྱི་རྒྱུ་མིན་ཡང་ལྷན་ཅིག་བྱེད་པར་འགྱུར་བ་ནི་ཡིན་ཏེ་དེ་བཞིན་དུ་གཟུགས་བཟང་བ་མཐོང་ནས་ཆགས་པ་སྐྱེ་བ་ལ་སོགས་པ་དམིགས་རྐྱེན་གྱི་ཁྱད་པར་ཀུན་ཀྱང་དེ་ལྟར་ཤེས་པར་བྱའོ།།
གཉིས་པ་གྲུབ་དོན་འཐད་པ་བཞག་པ་ལ། དངོས་དང་གཞན་ལ་དེ་མི་འཐད། །དང་པོ།
དེ་ཕྱིར་ངེས་པར་གང་ཉིད་ཀྱི། །འདུ་བྱེད་ཀྱི་ནི་རྗེས་འཇུག་པའི།།སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན།།དུས་མཉམ་པར་གྱུར་པའི་ལུས་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པར་མི་འཐད་པར་བསྟན་ནས་དེ་ཡི་ཕྱིར་གྲུབ་དོན་རང་ལུགས་ནི། འདི་ལྟར་མཐའ་གཅིག་ཏུ་ངེས་པ༷ར་རྒྱུ་སེམས་ག༷ང་དེ་ཉིད་ཀྱི་སྔོན་གོམས་པའི་འདུ་བྱེད་ཀྱི་ནི་རྗེས་སུ་འཇུ༷ག་པ༷འི་སེམས་ད་ལྟ་བ་ནི་དེ་འདྲའི་རྒྱུ་སྔ་མའི་སེམས་དེ་མེད་ན་མི་འབྱུ༷ང་བ༷་ཉིད་དུ་ངེས་པ་དེ་ཕྱིར་སེམས་རང་གི་ཉེར་ལེན་གྱི་རྒྱུ་ལ༷་བརྟེན་པ༷་ཁོ་ན་ཡིན་ནོ།།
གཉིས་པ་གཞན་ལ་དེ་མི་འཐད་པ།
ཇི་ལྟར་སེམས་ལ་བརྟེན་བྱས་ནས། །ཐོས་སོགས་འདུ་བྱེད་སེམས་ལ་ནི།།དུས་གསལ་ཐ་དད་མེད་པའི་ཕྱིར། །དེ་ལྟར་ལུས་ལའང་83ཡོན་ཏན་འགྱུར།།སེམས་སྔ་མ་གོམས་པའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་མིན་པར་ལུས་ཁོ་ནའི་རྗེས་སུ་འཇུག་པ་ཡིན་ན། ཇི་ལྟ༷ར་ན་སེམས་རང་ཉིད་ལ༷་བརྟེན་པར་བྱ༷ས་ན༷ས་གཞུང་ལུགས་ཐོས་པ་དང་བཟོ་ཡི་གནས་ལ་སོགས་པ་གོམས་པའི་འདུ༷་བྱེད་སྔར་ཡོད་པར་གྱུར་པ་ལས། བར་དེར་མངོན་དུ་མ་གྱུར་པའི་དུས་རིང་པོས་ཆོད་ཀྱང་ཇི་ཞིག་ན་སྐབས་སུ་རྐྱེན་ལས་སད་པ་ན་སེམས་ཉིད་ལ༷་ནི་དུ༷ས་དེར་གས༷ལ་པོར་སྔར་གྱི་གོམས་པ་མངོན་དུ་གྱུར་པ་ཡོད་དེ་ཀློག་ལ་སོགས་པ་གོམས་པ་དེ་རེ་ཞིག་བཞག་ནས་ལས་གཞན་གྱིས་གཡེང་བར་གྱུར་ཀྱང་ནམ་ཀློག་འདོད་ན་ཡང་མངོན་དུ་འགྱུར་བ་བཞིན་ནོ། །དེ་དག་ནི་སེམས་སྔ་མའི་འདུ་བྱེད་ཀྱི་རྒྱུན་སེམས་ཕྱི་མ་ཡིན་པས་སྔ་མས་བསྒོས་པའི་བག་ཆགས་ད་ལྟ་བའི་སེམས་ལ་ཡོད་པའི་དབང་གིས་ཡིན་ཏེ། ས་བོན་སྔ་མ་སྔ་མའི་ནུས་པ་སོགས་ཕྱི་མ་ཕྱི་མ་ལའང་དེ་འདྲ་བ་ཡོད་པ་བཞིན་ནོ། །གལ་ཏེ་སེམས་སེམས་ཀྱི་ཉེར་ལེན་མ་ཡིན་པར་ལུས་སེམས་ཀྱི་ཉེར་ལེན་ཡིན་ན་ཉེར་ལེན་དང་ཉེར་ལེན་ཅན་དེ་དུས་ཐ༷་ད༷ད་མེད་པར་སྒྲོན་མེ་དང་འོད་ལྟར་ཁྱོད་ཀྱིས་འདོད་པ༷འི་ཕྱིར་སེམས་ལ་བཟོ་སོགས་ཀྱི་ཡོན་ཏན་ཁྱད་པར་བ་རེ་མངོན་དུ་གྱུར་པ་ན་དེ་ལྟ༷ར་དེའི་ཉེར་ལེན་ལུ༷ས་ལ༷འ༷ང་མི་འདྲ་བའི་ཡོན་ཏ༷ན་ཁྱད་པར་བ་རེ་རེ་ཡོད་པར་དམིགས་དགོས་པར་འགྱུ༷ར་ཏེ། བུམ་པའི་གྲིབ་མ་གྲུ་བཞིར་སྣང་དུས་བུམ་པ་ལ་ཡང་གྲུ་བཞི་ཡོད་དགོས་པ་བཞིན་ནོ། །འགྲེལ་པ་གཞན་ན་ལུས་དང་བློ་ཐ་མི་དད་པར་འདོད་པའི་ཕྱིར་ལུས་ལའང་བཟོ་སོགས་ཤེས་པ་ཡོད་པར་ཐལ་ཞེས་འགོད་པར་སྣང་ངོ༌།།
གཉིས་པ་རང་ལུགས་ལ། དངོས་དང་རྩོད་པ་སྤང་བ་འོ། །དང་པོ།
བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར།།84བདེ་སྡུག་དོར་85ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན།།སྡུག་བསྔལ་ཕྱིན་ཅི་ལོག་བློ་དང༌། །སྲེད་པ་ཀུན་ནས་འཆིང་བ་ནི།།སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ།།གཞན་རྒྱང་འཕེན་པ་སོགས་ཀྱིས་འཇིག་རྟེན་སྔ་མ་ནས་འདིར་འཕོས་པ་མིན་ཡང་ལུས་ལས་བློ་གསར་དུ་སྐྱེའོ་ཞེས་འདོད་པ་ལ་སྒྲུབ་བྱེད་མེད་པར་བཀག་ནས་རང་ལུགས་སྲིད་པར་སྐྱེ་བ་ལེན་ཚུལ་བཤད་པ་ནི། རྒྱུ་གང་གིས་ན་བདག་ཏུ་འཛིན་པ་མ་སྤངས་ཤིང་བད༷ག་ལ༷་ཆ༷གས་པ༷་ད༷ང་ལྡ༷ན་པ༷ས་སོ། །སུ་ཞིག་ཅེ་ན་སེམས་ཅ༷ན་འཁོར་བ་པ་རྣམས་སོ། །ཇི་ལྟར་ན་དབང་ཕྱུག་ལ་སོགས་པ་གཞ༷ན་གྱིས་སྐྱེ་གནས་དེར་བཀྲི་བའམ་ཁ་དྲངས་ནས་འཕངས་པ་ལྟ་བུ་མིན་པ༷ར་རང་ཉིད་བདེ་སྡུ༷ག་དོར་ཐོབ་སྟེ་བདེ་བ་ཐོབ་འདོད་དང་སྡུག་བསྔལ་དོར་བར་འདོད་པ༷ས་ན༷་སྲིད་པར་འཇུག་པ་ཡིན་ནོ། །གང་དུ་ཞེ་ན་དམ༷ན་པ༷འི་གན༷ས་ཏེ་ཟག་བཅས་ཀྱི་ལུས་འགྲུབ་པར་བྱེད་པ་མངལ་གྱི་གནས་ནི་ཡོངས་སུ༷་ལེན་པ་སྟེ་དང་དུ་ལེན་པར་བྱེད་དོ། །རང་གིས་མངལ་གྱི་གནས་ཡོངས་སུ་ལེན་པ་ཡིན་ན་ཇི་ལྟར་ཁྱི་ཕག་ལ་སོགས་པའི་མངལ་གྱི་གནས་ངན་པ་དག་ཡོངས་སུ་འཛིན་རིགས་ཏེ་དེས་ན་དབང་ཕྱུག་ལ་སོགས་པས་འཕངས་པ་ཡིན་ནོ་ཞེ་ན། དེས་དེ་ལྟར་དམན་པ་ལ་དམན་པར་ཤེས་ཤིང་མི་སྲེད་པ་ཞིག་ན་དེ་ལྟར་བདེན་ཡང་རྨོངས་པའི་དབང་གིས་མི་ཤེས་ཏེ། སྐྱེ་བའི་གནས་མངལ་ལ་སོགས་པ་དང་ཟག་བཅས་ཀྱི་ལུས་གྲུབ་པ་སྡུ༷ག་བསྔ༷ལ་གྱི་རྟེན་ཅན་ཡིན་ཡང༌། ཕྱིན་ཅི་ལོག་གི་བློ་བྱུང་ནས་བདེ་བར་ལྟ་བའི་རྨོངས་པ་ད༷ང༌། དེའི་དབང་གིས་ཡུལ་དེ་ལ་སྲེད་པ༷་སྐྱེ་ཞིང་སྲེད་པས་ཀུན་ནས་དྲངས་ཏེ་དམན་པའི་གནས་ཡིན་ཀྱང་འཇུག་པ་ནི་ཆགས་ཅན་སྨད་འཚོང་མའི་ཁང་པར་འཇུག་པ་དང་ཕག་མི་གཙང་བའི་འདམ་དུ་འཇུག་པ་ལ་སོགས་པ་བཞིན་ནོ། །དེས་ན་ཕྱིན་ཅི་ལོག་གི་རྨོངས་པ་དང་སྲེད་པ་གང་ཞིག་སེམས་ཅན་རྣམས་འཁོར་བར་ཀུ༷ན་ན༷ས་འཆིང་བ༷་ཉིད་དུ་བྱེད་པ་དེ་དག་ནི་སྲིད་པར་སྐྱེ་བའི་རྒྱུ༷་ཡིན་ལ། གང་ཟག་ག༷ང་ལ༷་རྒྱུ་རྨོངས་སྲེད་དེ་གཉིས་མེད་པ༷་དེ་ནི་འཁོར་བར་སྐྱེ་བ༷ར་མི་འགྱུ༷ར་ཏེ་རྒྱུ་མེད་པའི་ཕྱིར་རོ།།
གཉིས་པ་རྩོད་པ་སྤོང་བ།
གལ་ཏེ་འགྲོ་འོང་མ་མཐོང་ན། །དབང་པོ་མི་གསལ་ཕྱིར་མ་མཐོང༌།།དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་ངུ་མི་མཐོང་བཞིན།།ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ།།ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན།།ག༷ལ་ཏེ་སྐྱེ་བ་བརྒྱུད་མར་སྐྱེ་གནས་སུ་འཇུག་པའི་གང་ཟག་ཡོད་ན་མཐོང་རིགས་པ་ལ། སུས་ཀྱང་འདི་ནས་ཕ་རོལ་ཏུ་འགྲོ་བ་དང་དེ་ནས་འདིར་འོང་བ་མ༷་མཐོང་བས་དེ་མེད་དོ་ཞེ་ན༷། སུས་ཀྱང་མཐོང་མི་སྲིད་པ་ནི་མ་ཡིན་ཏེ་རྣལ་འབྱོར་དང་ལྡན་པས་མཐོང་ལ། རང་གིས་མ་མཐོང་བ་ཙམ་གྱིས་ནི་དེར་མ་ངེས་ཏེ་བར་སྲིད་དེ་ཡོད་ཀྱང་ཐ་མལ་པ་རྣམས་ལྷ་ལ་སོགས་པ་བཞིན་དུ་དབ༷ང་པོ་མི་གས༷ལ་བའི་ཕྱིར་མ༷་མཐོང་བ་སྟེ། དཔེར་ན༷་མིག་མི་གས༷ལ་བ༷་ཡིས་དུ༷་བ་ཆུ༷ང་ངུ༷་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །གལ་ཏེ་ལུས་དྭང་བས་མི་མཐོང་ན་ཡང་དེ་ལུས་ཅན་ཡིན་པའི་ཕྱིར་རྡོའི་ནང་དང་མངལ་ལ་སོགས་པར་ཐོགས་མེད་དུ་འཇུག་མི་སྲིད་དོ་ཟེར་ན། ལུ༷ས་ཅ༷ན་ཡིན་ཡ༷ང་ཤིན་ཏུ་དྭང་ཞིང་ཕྲ༷་བ༷འི་སྟེ་ཐོགས་བཅས་ལྟར་མིན་པའི་ཕྱིར་དེ་འདྲའི་ལུས་ཀྱི་དངོས་པོ་འག༷འ་ཞིག་ནི་ལས་ཀྱིས་མཚམས་མ་བཅད་པའི་ཡུལ་ལ༷་ལ༷ར་ཐོགས་པ་མེད་དེ་དཔེར་ན། རྫ་གསར་པ་ལ་ཆུ༷་བཞིན་དང་གསེར་ལ༷་དངུ༷ལ་ཆུ༷་འཇུག་པ་དང་ཤེལ་ལ་ཉི་འོད་བཞིན་ནོ། །དེས་ན་བར་སྲིད་དེ་ལ་སོགས་པ་བསྐལ་དོན་རྣམས་ཐ་མལ་པ་རང་གིས་མ༷་མཐོང་ཕྱིར་ན༷་མེད་པ༷་མིན་ནོ།།
གཉིས་པ་ལུས་ལས་བློ་སྐྱེ་བ་ལ་གནོད་བྱེད་ཡོད་པ་ལའང༌། ཡན་ལག་ཅན་ལས་སྐྱེ་བ་མིན། །ཡན་ལག་ལས་ཀྱང་མིན་པ་འོ། །དང་པོ་ལ། ཡན་ལག་ཅན་ལ་གནོད་པ་བརྗོད། །དེ་འགོག་མི་འཐད་རྩོད་པ་སྤང༌། །དང་པོ།
ལག་སོགས་གཡོ་ན་ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན།།ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར།།གཅིག་བསྒྲིབས་པ་ན་ཐམས་ཅད་དག །བསྒྲིབ་པར་འགྱུར་བའམ་མ་བསྒྲིབས་ན།།མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་རྟོགས་པར་འགྱུར།། དེ་ཕྱིར་ཚོགས་པ་གཅིག་ཡོད་མིན།།གལ་ཏེ་ལུས་ལས་བློ་སྐྱེ་ན་ལུས་རིལ་པོ་ཡན་ལག་ཅན་ལས་སྐྱེས་བའམ། ཡན་ལག་ལས་ཡིན། ཡན་ལག་ཅན་གྱི་རྫས་ལས་སོ་ཟེར་ན། ཡན་ལག་ཅན་ཞེས་པ་བཏགས་པ་ལས་རྫས་སུ་མེད་ལ་དེ་འབྱུང་བ་བཞི་ཡང་མིན་པས་ན་དེ་ལས་ཇི་ལྟར་སྐྱེ། གང་གི་ཕྱིར་ན། ལུས་ཞེས་པ་གཅིག་མ་གྲུབ་སྟེ་གྲུབ་ན་ལག་སོགས་འདི་རྣམས་དང་གཅིག་ཡིན་ནམ་ཐ་དད་ཡིན། ཐ་དད་པར་མ་དམིགས་པས་ཁེགས་ལ། དེ་ལས་སྐྱེ་བར་ཁས་བླངས་ཀྱང་མངོན་སུམ་གྱི་ཡུལ་དུ་གྱུར་པའི་འབྱུང་བ་བཞི་ལས་མི་སྐྱེ་བར་ཡང་གྲུབ་པས་ཕ་རོལ་གྱི་འདོད་པ་མི་འགྲུབ་བོ། །གཅིག་ཡིན་ན་ལ༷ག་པ་སོགས་ཡན་ལག་གང་ཡང་རུང་བ་གཅིག་གཡོ་བ་ན༷་ལུས་ཐ༷མས་ཅ༷ད་ད༷ག་གཡོ་བ༷ར་འགྱུ༷ར་དགོས་པའི་ཕྱིར་མངོན་སུམ་གྱིས་བསལ་ལ། གཡོ་མི་གཡོ་ཆ་གཉིས་ཡོད་ན་འག༷ལ་བ༷་ཅ༷ན་གྱི་ལ༷ས་གཉིས་ནི་གཞི་གཅིག་ལ༷་མི་རུ༷ང་བའི་ཕྱིར་གཡོ་བ་དང་མི་གཡོ་བའི་ཡན་ལག་དེ་རྣམས་ལས་གཞ༷ན་དུ༷་ཐ༷་ད༷ད་པར་གྲུ༷བ་པ༷ར་འགྱུ༷ར་ཞིང༌། ཐ་དད་ན་འདུ་བས་གཅིག་ཏུ་འབྲེལ་མི་ནུས་ལ། དེ་ལྟ་ན་ལག་སོགས་ཡན་ལག་ཐམས་ཅད་གང་ཡང་ལུས་མིན་པར་འགྱུར་རོ། །སྤྱིར་ཕྱི་རོལ་པས་ཡན་ལག་ཅན་གྱི་རྫས་ཡན་ལག་ལས་ཐ་དད་པར་ཁས་ལེན་ལ། དེ་ཡན་ལག་དང་འདུ་བས་འབྲེལ་ཕྱིར་ཐ་དད་དུ་མི་དམིགས་པར་འདོད་ཀྱང་དེ་རྫས་སུ་མེད་པར་དཔྱད་པ་འདིས་འགོག་ནུས་པས་ན་འདུ་འབྲེལ་དང་ཁྱད་པར་སྦྱར་ནས་དཔྱད་མི་དགོས་སོ། །དེ་བཞིན་ཡན་ལག་གཅིག་གོས་ལ་སོགས་པས་བསྒྲིབས་པ༷་ན༷་ཆ་ཐ༷མས་ཅ༷ད་ད༷ག་བསྒྲིབ་པ༷ར་འགྱུ༷ར་བ༷འ༷མ། ཡང་ན་གཅིག་མ༷་བསྒྲིབས་པ་ཡོད་ན༷་དེ་བཞིན་དུ་བསྒྲིབས་པར་བྱས་པ་དེ་ཡང་མཐོང་བར་འགྱུ༷ར་ལ། གཅིག་ཚོན་གྱིས་བསྒྱུ༷ར་ན༷་ལྷག་མ་རྣམས་ཀྱང་བསྒྱུ༷ར་བ༷འ༷མ། ཡང་ན་བསྒྱུར་བ་དེ་ཡང་ལྷག་མ་རྣམས་དང་འདྲ་བར་མ༷་བསྒྱུ༷ར་བར་རྟོགས་པ༷ར་འགྱུར༷་རོ། །བྱ་བ་ལྡན་པ་ཡོན་ཏན་འགལ་བ་དེ་གསུམ་གྱིས་མཚོན་ཏེ་ཆ་ཐ་དད་པ་ཀུན་ཀྱང་རིགས་འགྲེ་བ་ཡིན་པ་དེ་ལྟ་བུའི་ཕྱིར་ཚོགས་པ༷འམ་ཡན་ལག་ཅན་ནམ་ལུས་ཞེས་བྱ་བ་རིལ་པོ་གཅིག་རྫས་སུ་ཡོད་པ་མིན་ནོ།།
གཉིས་པ་མི་འཐད་རྩོད་པ་སྤོང༌བ་ལ། དེ་མེད་ཀྱང་ནི་མཐོང་སོགས་འཐད། །མེད་ཀྱང་སྒྲ་འཇུག་འཐད་པ་འོ། །དང་པོ་ལ། མཐོང་སོགས་མི་འཐད་རྩོད་པ་སྤོང༌། །འཐད་པ་གཞན་འདོད་དཔེ་ཡིས་བསྟན། །དང་པོ་ལ། དངོས་དང་དེས་གཞན་ཁེགས་ཚུལ་ལོ། །དང་པོ་ནི།
དུ་མ་ཉིད་ན་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར།།རྟོགས་མིན་ཞེ་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི།།དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན།།གསལ་བྱེད་པ་སོགས་ན་རེ། དེ་ལྟར་ཡན་ལག་ཅན་གྱི་རྫས་འགོག་པ་མི་འཐད་དེ། ཡན་ལག་ཅན་ཞེས་པ་མེད་པར་དུ་མ༷་ཚོགས་པ་ཙམ་ཉིད་ཡིན་ན༷་སྔ༷་མ༷་མ་ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་བཞིན་དུ་ཚོགས་པའི་དུས་ནའང་སྔར་དང་ཁྱ༷ད་པར་མེད་པའི་ཕྱིར་ད༷ང༌། ལུས་ལ་སོགས་པ་དེ་ཡི་ངོ་བོ་ཡང་རྡུལ་ཕྲ༷་ར༷བ་ཡིན་པའི་ཕྱིར་ཕྲ་རབ་ཀྱི་རྡུལ་དབང་པོས་མི་ཟིན་པ་ལྟར་ཚོགས་པའི་སྐབས་ནའང་དབང་པོ་ལས་འདས་པས་བུམ་སོགས་ལ་འདི་དང་འདི་ལྟ་བུ་ཞེས་བློས་རྟོགས་པ་མིན་ནོ་ཞེ་ན༷། བུམ་སོགས་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་སུ་ཟིན་ཀྱང་མ་ཚོགས་པ་དང་ཚོགས་པའི་གནས་སྐབས་ཀྱི་རྡུལ་ལ་ཁྱ༷ད་མེད་པ༷ར་མ༷་གྲུ༷བ་སྟེ། ཚོགས་པའི་རྡུལ་ཁྱ༷ད་པ༷ར་ཅ༷ན་རྣ༷མས་ནི་དབ༷ང་པོའི་ཡུ༷ལ་ཡིན་པ་དེ་ཕྱིར་སྔར་མ་ཚོགས་པའི་རྡུ༷ལ་ཕྲ༷ན་དབང་པོ་ལས་འདས་པ་དེ་མིན་ཏེ་དབང་པོ་སྐྱེད་ནུས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །དེ་ནི་རྒྱུ་ཚོགས་པའི་མཐུས་ཡིན་གྱི་ཕྲ་རབ་རང་གི་ངོ་བོས་མ་ཡིན་ཏེ་སྔར་ས་སོགས་ཚོགས་པ་དང་མ་ཚོགས་པའི་སྐབས་ལ་ཁྱད་ཡོད་པར་བརྗོད་པ་བཞིན་ནོ། །དེས་ན་ཚོགས་པའི་དུས་ན་རྡུལ་ཕྲ་རབ་ཀྱི་ཐ་སྙད་དུ་མི་བྱ་བར་བུམ་པ་ལ་སོགས་པའི་ཐ་སྙད་དུ་བྱ་བ་ཡིན་ཏེ། སྣམ་བུ་ལ་སྣལ་མ་ཞེས་མི་བྱ་བ་བཞིན་ནོ།།
གཉིས་པ་དེས་གཞན་ཁེགས་ཚུལ།
འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན།།སྔར་དང་ཁྱད་མེད་པ་མ་ཡིན་པར་བསྟན་པའི་རིགས་པ་འདིས་ནི་ཡན་ལག་ཅན་རགས་པ་རྫས་སུ་མེད་ན་རྡུལ་ཕྲ་རབ་བཞིན་དུ་ཀ་བུམ་སོགས་ཀྱང་ཕན་ཚུན་སྒྲིབ་པར་བྱེད་པ་མེད་པ་དང༌། ཐོགས་བཅས་ལ༷་སོགས་པ་མེད་པ༷་ཉིད་དུ་བརྗོད་པ་ད༷ག་ཀྱང༷་བས༷ལ་བ༷་ཡིན་ནོ།།
གཉིས་པ་འཐད་པ་གཞན་འདོད་དཔེ་ཡིས་བསྟན་པ་ལ། དངོས་དང་དེ་ཡི་ལན་དགག་པ། །དང་པོ།
དངུལ་ཆུ་གསེར་དང་86འདྲེས་པ་འམ། །རྡོ་ཚན་ལ་སོགས་ཇི་ལྟར་སྣང༌།།དབང་སོགས་སོ་སོར་ནུས་མེད་རྣམས། །རྟོགས་པ་དག་ནི་ཇི་ལྟར་ཡིན།།ལྡན་ལས་ཤེ་ན་འདིར་ཐལ་མཚུངས།།ཕྱི་རོལ་པ་འདི་དག་གིས་ཞེ་འདོད་ལ་བུམ་པའི་རྡུལ་རྣམས་ཀྱིས་བུམ་པའི་ཡན་ལག་ཅན་གྱི་རྫས་རྩོམ་གྱི་གཞན་ཀ་བ་སོགས་ཀྱི་ནི་མིན་ཏེ་དེ་ལྟར་ཡིན་ན་རིལ་རྫས་གཅིག་ཏུ་འགྱུར་རོ། །དེས་ན་ཡན་ལག་ཅན་སོ་སོ་བའི་རྡུལ་རིགས་མི་མཐུན་པ་རྣམས་ཀྱིས་རྫས་མི་རྩོམ་ལ་རིགས་མཐུན་པས་རང་གི་རྫས་དེ་རྩོམ་པར་ཁས་བླངས་པ་ཡིན་ནོ། །གཞན་གྱིས་འདོད་པའི་ཁས་ལེན་དེ་དང་མཐུན་པར་དཔེ་བསྟན་པ་ནི། དངུ༷ལ་ཆུ༷་གསེར་ད༷ང་འདྲེས་པ༷འ༷མ་རྡོ་ཚ༷ན་མོ་ལ༷་སོགས་པ་ཁྱོད་ལ་ཇི་ལྟ༷ར་སྣ༷ང་སྟེ་གསེར་དང་དངུལ་ཆུ་རྡོ་དང་མེ་ཡི་རྫས་རིགས་མི་མཐུན་པ་ཡིན་ལ། རིགས་མི་མཐུན་པའི་རྡུལ་དེ་དག་གིས་ཕན་ཚུན་བར་ཆོད་ནས་སྔར་བརྩམས་པའི་རྫས་ནི་འཇིག་པར་འགྱུར་ལ་གསར་དུ་དེས་བརྩམས་པའི་ཡན་ལག་ཅན་གྱི་རྫས་མི་སྲིད་ཅིང༌། ཡན་ལག་ཅན་མེད་ན་མི་མཐོང་བར་ཁྱོད་ཀྱིས་ཁས་བླངས་པ་ཡིན་ནོ། །དེ་ལྟ་ནའང་གསེར་དང་དངུལ་ཆུ་འདྲེས་པ་སོགས་མངོན་སུམ་མཐོང་བས་གནོད་དོ། །དེ་བཞིན་དུ་འོ་ཆུ་སོགས་ཀུན་ལ་སྦྱར་རོ། །གཞན་ཡང་ཁྱོད་ལྟར་ན་དབ༷ང་པོ་དང་གཟུགས་ལ་སོགས་པ་སོ་སོར་ཤེས་སྐྱེད་ཀྱི་ནུ༷ས་པ་མེད་པ་རྣ༷མས་སྔར་དང་ཁྱད་མེད་པར་འདོད་ལ་དེ་ལྟ་ན་དེ་ཚོགས་པས་རྟོགས་པ༷་སྟེ་དབང་ཤེས་ད༷ག་ནི་སྐྱེད་པ་ཇི་ལྟ༷ར་ཡིན་ཏེ་མི་འཐད་དོ། །དབང་སོགས་དེ་རྣམས་ལ་ཡན་ལག་ཅན་གྱི་རྫས་མེད་ཀྱང་ལྡ༷ན་པ་ཡོད་པ་ལ༷ས་སྐྱེད་པ་ཡིན་ནོ་ཤེ་ན༷། ལྡན་པ་འདིར་ཡང་ཐ༷ལ་བ་དེ་མཚུ༷ངས་ཏེ་སྔར་སོ་སོར་ལྡན་པ་མེད་པ་བཞིན་ཚོགས་ཀྱང་སྔར་དང་ཁྱད་མེད་པར་ཁས་བླངས་པའི་ཕྱིར་ལྡན་པ་ཡོད་པར་མི་རིགས་སོ།།
གཉིས་པ་དེ་ཡི་ལན་དགག་པ།
གལ་ཏེ་གསེར་དང་དངུལ་ཆུ་ནི། །ལྡན་པས་སྣང་བ་ཡིན་ཞེ་ན།།རྟེན་མཐོང་མེད་པར་གང་ལས་རྟོགས། །རོ་གཟུགས་ལ་སོགས་ལྡན་པར་འགལ།།གལ་ཏེ་ཉེ་བར་བཏགས་པ་ལས། །འདོད་ན་བློ་ཐ་དད་པར་འགྱུར།།ཇི་ལྟར་འཕྲེང་རིང་ཞེས་བྱར་འགྱུར། །དེ་ལྡན་རང་གི་ངོ་བོ་དང༌།།བརྗོད་པ་དག་ལས་ཐ་དད་པར། །གྲངས་ལྡན་ལས་ལ་སོགས་པ་ཡི།།ངོ་བོ་བློ་ལ་མི་སྣང་ངོ༌།།ག༷ལ་ཏེ་གསེར་ད༷ང་དངུ༷ལ་ཆུ༷་སོགས་ལ་ནི་ཡན་ལག་ཅན་མེད་ཀྱང་རྡུལ་རིགས་མི་མཐུན་པ་ཚོགས་པ་ལ་ལྡ༷ན་པ་ཡོད་པ༷ས་སྣ༷ང་བ༷་ཡིན་ནོ་ཞེ་ན༷། རྟེན་ལྡན་པ་ཉིད་མཐོང་བ་མེད་པ༷ར་དེ་དབང་ཤེས་ཀྱི་རྒྱུ་མཚན་ཡིན་པར་ག༷ང་ལ༷ས་རྟོགས་ཏེ། དབང་ཤེས་སྐྱེད་པ་པོ་དེ་ཡིན་པར་འདོད་ན་དེ་སྣང་རིགས་པའི་ཕྱིར་རོ། །གཞན་ཡང་བུར་ཆང་སྦྱར་བའམ་སྒེའུ་གཤེར་དང་བུ་རམ་སོགས་རྫས་སྣ་ཚོགས་སྦྱར་བའི་བཏུང་བ་ལ་བཏུང་བ་འདི་ཡི་རོ་འདི་ལ་གཟུ༷གས་འདི་དང་དྲི་ལ༷་སོགས་པ་འདི་ལྟ་བུ་དང་ལྡ༷ན་ཞེས་པ༷ར་སྣང་བ་འག༷ལ་ཏེ། རིགས་མི་མཐུན་པའི་རྫས་དེ་དག་ལ་ཡན་ལག་ཅན་མེད་ཅིང༌། རོ་ནི་ཡོན་ཏན་ཡིན་ལ་གཟུགས་སོགས་ཀྱང་ཡོན་ཏན་ཡིན་ཞིང་ལྡན་པའང་ཡོན་ཏན་ཡིན་པས་ན་ཡོན་ཏན་ལ་ཡོན་ཏན་ཡོད་ན་ཐུག་པ་མེད་ཅིང༌། ཁྱོད་ཀྱིས་ཀྱང་རྫས་ལ་ཡོན་ཏན་ལྡན་པར་ཁས་བླངས་ཀྱི་ཡོན་ཏན་ལ་ཡོན་ཏན་མེད་ཅེས་འདོད་པས་སོ། །ག༷ལ་ཏེ་རོ་ལ་གཟུགས་སོགས་ལྡན་པར་བརྗོད་པ་ནི་གཞན་དང་གཞན་གྱི་ཆ་ལས་ཉེ་བ༷ར་བཏ༷གས་པ༷་ཙམ་ལ༷ས་དེ་ལྟར་འདོད་དོ་ཞེ་ན༷། ཁུར་བུ་བ་ལ་བ་ལང་དུ་བཏགས་ཀྱང་བ་ལང་ཉིད་དུ་མི་དམིགས་པའམ། བུམ་པ་དང་ཉེ་བའི་བ་ལང་ལ་བ་ལང་དང་བུམ་པ་ལྡན་པར་བཏགས་པ་ལྟ་བུར་ཞོ་ལྟ་བུའི་རོ་དང་གཟུགས་སོགས་དམིགས་པའི་བློ་ཐ༷་ད༷ད་པ༷ར་འགྱུ༷ར་གྱི་ཞོ་མངར་ཞེས་པ་དང་ཞོ་སེར་ལྟ་བུར་མི་འཛིན་པར་འགྱུར་ནའང་དེ་མིན་པར་མངོན་སུམ་གྱིས་བསལ་ཏེ། ཇི་ལྟར་རྫས་རིགས་མི་མཐུན་པ་འདྲེས་པའི་རོ་གཟུགས་དང༌། རིགས་མཐུན་པའི་རོ་གཟུགས་ལའང་སྣང་བའི་སྒོ་ནས་སྣང་ཚུལ་ཐ་དད་པ་མེད་ལ་རྟོག་པའི་སྒོ་ནས་ཐ་དད་དུ་འབྱེད་དུ་ཡོད་པ་ཙམ་ཡིན་ནོ། །འདི་ནི་རིགས་མི་མཐུན་པ་འདྲེས་པར་མ་ཟད་བུ་རམ་སྨུག་པོའི་གཟུགས་འདི་རོ་མངར་བ་དང་ལྡན་ཞེས་ཐ་སྙད་བྱེད་པ་ལྟ་བུ་ལའང་ཤེས་པར་བྱའོ།།གཞན་ཡང་ཇི་ལྟ༷ར་བྱ་དང་དམག་དང་རྡེའུ་ལ་སོགས་པ་ཕྲེང་དུ་བསྒྲིགས་པ་ལ་འཕྲེང་བ་རིང་པོ་ཞེས་བྱ༷ར་ཐ་སྙད་འདོགས་པར་འགྱུ༷ར་ཏེ། དེ་དག་རྫས་སོ་སོ་བ་རེ་རེ་བཞིན་བསྒྲིགས་པ་ཡིན་གྱི་ཐུན་མོང་བར་འགྱུར་བའི་རྫས་གཅིག་མེད་ལ། ཡོན་ཏན་རིང་པོ་ཞེས་པའི་སྒྲ་ནི་ཐུན་མོང་ཡིན་གྱི་གཅིག་ལ་རིང་པོ་ཞེས་བརྗོད་པ་ནི་མ་ཡིན་ནོ། །དེ་དག་རྫས་རིགས་མི་མཐུན་པ་དེས་བརྩམས་པའི་རྫས་གཅིག་མེད་པ་དེས་ན་ཡོན་ཏན་རིང་པོ་ཞེས་པ་དེ་རྫས་དང་ལྡན་པར་ཡང་ག་ལ་འགྱུར་ཏེ་རྫས་མེད་པས་སོ། །གཞན་ཡང་ཕྲེང་བའང་བཀོད་པའི་ཡོན་ཏན་ཡིན་ལ། རིང་པོའང་དབྱིབས་ཡིན་པས་གཉིས་ཀའང་ཚད་ཀྱི་ཡོན་ཏན་ནོ། །དེའི་ཕྱིར་ན་གྲངས་ལ་སོགས་པ་འདི་དག་རྫས་ལས་ཐ་དད་པར་ཕྱི་རོལ་གྱི་དངོས་པོ་ལ་ཡོད་པའི་དབང་གིས་དེ་དང་དེའི་སྒྲ་འཇུག་པ་མིན་ཏེ། གྲངས་སོགས་དེ་དང་ལྡ༷ན་པ་བུམ་པ་ལྟ་བུའི་ར༷ང་གི་ངོ་བོ་ད༷ང༌། དེ་ལ་གཅིག་ལ་སོགས་པའི་མིང་གིས་བརྗོད་པ༷་འདི་ཙམ་སྣང་གི་དེ་ད༷ག་ལ༷ས་ཐ༷་ད༷ད་པ༷ར་གྲ༷ངས་དང་ལྡ༷ན་པ་དང༌། ལ༷ས་དང་རྣམ་པར་དབྱེ་བ་དང་གཞན་དང་གཞན་མིན་དང་སྤྱི་ལ༷་སོགས་པ༷་ཡི་ངོ་བོ་ནི་བུམ་སོགས་ལས་ཐ་དད་དུ་ཡོད་པའི་རང་མཚན་ཅི་ཡང་བློ་ལ༷་མི་སྣ༷ང་བས་རྟོག་པས་སྒྲོ་བཏགས་པ་ཙམ་དུ་ཟད་པར་སྣང་ངོ༌།།
གཉིས་པ་ཡན་ལག་ཅན་མེད་ཀྱང་དེའི་སྒྲ་འཇུག་པར་འཐད་པ་ལ། སྒྲ་རྣམས་དངོས་ཡུལ་ཅན་འདོད་དགག །ལྡོག་པའི་ཡུལ་ཅན་ཡིན་ཚུལ་བསྟན། །དང་པོ་ལ། དངོས་ཡུལ་མེད་ཀྱང་འཇུག་ཚུལ་བསྟན། །དངོས་བཏགས་ཕྱེ་བའི་གཞན་ལན་དགག །དང་པོ།
སྒྲ་ཤེས་དངོས་པོ་ཐ་དད་པའི། །རྗེས་འབྲང་རྣམ་རྟོག་བཏགས་དོན་ཅན།།དཔེར་ན་ཡོན་ཏན་ལ་སོགས་པ། །87ཞིག་དང་མ་སྐྱེས་དག་ལ་བཞིན།།གྲངས་ལ་སོགས་པའི་སྒྲ༷་ཤེས་སམ་སྒྲ་བློ་ནི་བརྗོད་བྱའི་དངོས་པོ་ཐ༷་ད༷ད་པ་སྟེ་ལྡོག་པ༷འི་རྣམ་པ་མི་འདྲ་བའི་རྗེས་སུ་འབྲ༷ང་བ་རྣ༷མ་པར་རྟོག་པས་སྒྲོ་བཏ༷གས་པའི་དོན་ཅ༷ན་ཡིན་གྱི་ཡུལ་རང་མཚན་པ་མེད་དེ། དཔེར་ན༷་ཕྱི་རོལ་པ་རང་གིས་ཀྱང་ཡོན་ཏ༷ན་ལ་ཡོན་ཏན་མེད་ཀྱང་ཡོན་ཏན་ཉེར་བཞི་དང༌། ཡོན་ཏན་ཆེན་པོ་ལ༷་སོགས་པའི་སྒྲ་བརྗོད་པ༷་དང་ཞིག་པ་ད༷ང་མ༷་སྐྱེས་པའི་དོན་རྫས་སུ་མེད་པ་ད༷ག་ལ༷་ཡང་སྔར་བུམ་པ་བརྒྱ་བྱུང་ངོ་མ་འོངས་པ་ན་བུམ་པ་བརྒྱ་ཡོད་པར་འགྱུར་རོ་ཞེས་སོགས་ཀྱིས་སྒྲ་འཇུག་པ་བཞིན་ནོ།།
གཉིས་པ་དངོས་བཏགས་ཕྱེ་བའི་གཞན་ལན་དགག་པ།
གལ་ཏེ་འདིར་ནི་བཏགས་འདོད་ན། །རྒྱུ་མཚན་གང་གིས་དེ་འདོད་པ།།དེ་ནི་དངོས་པོ་ཐམས་ཅད་ལ། །དེ་དག་གི་རྒྱུས་88ཅིས་མི་འདོད།།གལ་ཏེ་ཀུན་ལ་ཉེར་བཏགས་མིན། །ཐ་དད་ཁྱད་པར་གཙོ་བོ་ཞེས།།བྱ་ཉིད་གང་ལས་ཐ་དད་པ། །མེད་ལ་ཐ་དད་དོན་མེད་ན།།དོན་གཞན་རྒྱུ་མཚན་ཅན་མིན་ཡང༌། །དཀར་ལ་སོགས་པ་གྲངས་སོགས་དང༌།།ལྡན་པའི་སྒྲ་ནི་རྣམ་གྲངས་མིན། །གལ་ཏེ་དེ་ལའང་དོན་གཞན་ན།།ཡོན་ཏན་རྫས་ནི་ཁྱད་མེད་འགྱུར།།ག༷ལ་ཏེ་བཤད་མ་ཐག་པ་འདིར་ནི་ཡོན་ཏན་སོགས་དོན་ལ་ཡོད་མི་སྲིད་ཀྱང་བློས་བཏ༷གས་པ་ཙམ་དུ་འདོད་ཟེར་ན༷། དོན་ལ་མེད་ཀྱང་འདོགས་པའི་རྒྱུ༷་མཚ༷ན་ག༷ང་གིས་དེ་ལ་དེ་ལྟར་འདོགས་པར་འདོད་པ༷་དེ་ནི་དངོས་པོ་ཐ༷མས་ཅ༷ད་ལ༷་ཡང་གྲངས་སོགས་ཐ་དད་དུ་མེད་ཀྱང་བཏགས་པ་དེ་ད༷ག་གི་རྒྱུ༷ས་འདོགས་པར་ཅི་མི་འདོད་དེ་ཚུལ་མཚུངས་སོ།།ག༷ལ་ཏེ་དངོས་པོ་ཀུ༷ན་ལ༷་ཉེ་བར༷་བཏ༷གས་པ་མིན་ཏེ་དངོས་སུ་གྲངས་སོགས་ཐ༷་ད༷ད་དུ་ཡོད་པའི་ཁྱ༷ད་པ༷ར་དང་ལྡན་པ་ད་ལྟའི་བུམ་པ་ལ་བུམ་པ་གཅིག་ཅེས་པ་ལྟ་བུ་དངོས་མིང་ཡིན་པས་གཙོ་བོ་ཞེས་བྱ་བ་ཉིད་དེ་ནོག་དང་ལྐོག་ཤལ་དང་ལྡན་པ་གཙོ་བོ་ལ་བ་ལང་གི་སྒྲ་དངོས་མིང་ཡིན་པ་བཞིན་ནོ། །དངོས་མིང་མ་གྲུབ་པ་ཞིག་ན་བཏགས་པའང་མི་སྲིད་དེ་ནོག་སོགས་ལྡན་པ་ལ་བ་ལང་ཞེས་པ་དངོས་མིང་དུ་མ་ཞུགས་ན་ཁུར་བུ་བ་ལའང་བཏགས་སུ་མེད་པ་བཞིན་ནོ། །ག༷ང་ལ༷ས་ཐ༷་ད༷ད་པ༷་ཡི་གཅིག་ལ་སོགས་པ་མེད་པ་ཞིག་པའི་བུམ་པ་སོགས་ལ༷་ནི་ཐ༷་ད༷ད་པའི་སྒྲ་གཅིག་ལ་སོགས་པ་ནི་དོན་མེད་པའི་སྒྲ་ཙམ་ཡིན་ཏེ་བ་ལང་གི་དོན་ནོག་སོགས་མི་ལྡན་ཡང་རྨོངས་པའམ་ཁུར་བུ་བ་ལ་བ་ལང་ཞེས་བཏགས་པ་བཞིན་ནོ་ཞེ་ན༷། དངོས་བཏགས་ཕྱེ་བ་མི་འཐད་དེ། འདིར་བརྗོད་བྱའི་དོན་རང་ཉིད་མེད་ན་སྒྲ་འཇུག་པ་མི་འཐད་པར་རྩོད་པའི་སྐབས་ཡིན་པས་ན་དོན་མེད་ཀྱང་བཏགས་པ་འཇུག་པ་ཡིན་ན་ཕ་རོལ་པོ་རང་གི་ཞེ་འདོད་འཇིག་པར་གྲུབ་པ་ཡིན་ནོ། །དེ་ལྟ་ན་དོན་ཐ་དད་པའི་སྒྲ་བློའི་རྒྱུ་མེད་ན་བུམ་པ་དང་གཅིག་ཅེས་པ་སོགས་སྒྲ་བློ་རྣམ་གྲངས་པར་འགྱུར་ཞེས་པ་དོན་མེད་དེ། ཕ་རོལ་པོ་ལྟར་ན་ཡང༌། དོན་གཞ༷ན་གྱི་རྒྱུ༷་མཚ༷ན་ཅ༷ན་མིན་ཡ༷ང་ཡོན་ཏན་དཀ༷ར་པོ་དང་དམར་པོ་ལ༷་སོགས་པ༷་ལ་གཅིག་སོགས་ཀྱི་གྲང༷ས་དང་རྣམ་པར་དབྱེ་བ་དང་གཞན་མིན་སོགས་ད༷ང་ལྡ༷ན་པར་བརྗོད་པ༷འི་སྒྲ༷་ནི་རྣ༷མ་གྲ༷ངས་པ་མིན་པར་འདོད་པ་བཞིན་དངོས་པོ་ཐམས་ཅད་ལ་ཡང་འགྱུར་རོ།།ག༷ལ་ཏེ་ཡོན་ཏན་དཀར་པོ་ལ་སོགས་པ་དེ་ལ༷འ༷ང་གྲངས་སོགས་ཀྱི་ཡོན་ཏན་དོན་གཞ༷ན་དུ་ཡོད་ན༷་ཡོན་ཏ༷ན་དང་རྫ༷ས་ནི་ཁྱ༷ད་མེད་པར་འགྱུ༷ར་ཏེ་ཁོ་རང་གི་རྫས་ཀྱི་མཚན་ཉིད་ནི་ཡོན་ཏན་དང་བྱ་བ་སོགས་ཀྱི་རྟེན་དུ་གྱུར་པའམ་དེ་དག་གི་འཕྲོད་པ་འདུ་བའི་རྒྱུ་བྱེད་པར་འདོད་ལ། དེ་ལྟ་ན་དཀར་པོ་ལ་སོགས་པ་འདི་ཡང་རྫས་སུ་ཐལ་ཏེ། གྲངས་སོགས་ཀྱི་ཡོན་ཏན་དང་ཐུར་དུ་ལྷུང་བའི་བྱ་བ་དག་གི་རྟེན་དུ་གྱུར་པས་སོ།།ཕྱི་རོལ་པ་འདི་དག་གི་ཞེ་འདོད་ནི་རྡུལ་ཕྲ་རབ་གཉིས་ལ་སོགས་པས་བརྩམས་པའི་རྫས་ནི་བུམ་པ་ལ་སོགས་པ་ཡིན་ཞིང༌། དེ་ལ་ཡོན་ཏན་དང་ལས་དང་སྤྱི་དག་ནི་འཕྲོད་པ་འདུ་བས་འབྲེལ་ནས་གནས་སོ་སྙམ་པའོ། །ཡོན་ཏན་ཉེར་བཞི་སྟེ། གཟུགས་དྲི་རོ་རེག་གྲངས་ཚད་དྲུག །སོ་སོ་བ་ལྡན་རྣམ་དབྱེ་གསུམ། །གཞན་དང་གཞན་མིན་བློ་རྣམས་དང༌། །བདེ་སྡུག་འདོད་སྡང་འབད་པ་དང༌། །ལྕི་གཤེར་སྣུམ་དང་འདུས་བྱས་དང༌། །ཆོས་དང་ཆོས་མིན་སྒྲ་རྣམས་སོ། །ཞེས་པའོ།།
གཉིས་པ་ལྡོག་པའི་ཡུལ་ཅན་ཡིན་ཚུལ་བསྟན་ལ། གྲངས་སོགས་སྒྲ་འཇུག་པ་ཡི་རྒྱུ། །སྒྲ་དེ་བརྗོད་པའི་དགོས་པ་དང༌། །དེ་ཡིས་བརྗོད་ཚུལ་དཔེ་བརྗོད་བཅས། །དང་པོ།
དོན་གཞན་མིན་ཡང་ལྡོག་པ་ཡི། །དབྱེ་བས་ཐ་དད་པ་ཡིན་ཏེ།།ལས་རྫས་མིན་པའི་སྒྲ་བཞིན་ནོ།།རང་ལུགས་ལ་བ་ལང་དང་དེའི་གྲངས་སོགས་དོན་གཞ༷ན་ཐ་དད་དུ་ཡོད་པ་མིན་ཡ༷ང་གྲངས་དེ་མིན་པ་སོགས་གཞན་སེལ་བའམ་ལྡོག་པ༷་ཡི་དབྱེ་བ༷ས་སྒྲ་བློ་ཐ༷་ད༷ད་པར་འཇུག་པ༷་ཡིན་ཏེ་དཔེར་ན་ཕྱི་རོལ་པ་རང་གིས་ཀྱང་དཀར་པོ་ལྟ་བུ་ལ་འདི་ལ༷ས་མིན་ཞེས་དང་རྫས༷་མིན་ཞེས་པ༷འི་སྒྲ༷་བརྗོད་པ་བཞིན་ནོ། །གལ་ཏེ་དེ་ལྡོག་པས་མིན་པར་དེ་ལ་ལས་མིན་པ་དང་རྫས་མིན་པར་དོན་ལ་གྲུབ་ན་དེ་སྙེད་ཀྱི་ཡོན་ཏན་ཡོད་པ་སོགས་རྣམ་གཞག་འགལ་བར་འགྱུར་རོ།།
གཉིས་པ་སྒྲ་དེ་བརྗོད་པའི་དགོས་པ།
དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱིས། །གྲངས་སོགས་དེ་དང་ལྡན་པ་ལས།།ཐ་དད་བཞིན་དུ་བསྟན་གང་དེའང༌། །ཆོས་གཞན་ཁྱད་པར་བྱེད་པ་ཡིན།།བརྗོད་བྱ་ཐ་དད་དུ་མེད་ན་བ་ལང་གི་གྲངས་དང་བུམ་པའི་དཀར་པོ་ཞེས་བརྗོད་པ་དོན་མེད་དོ་ཞེ་ན། དངོས་པོ་དེ་ཡི་ལྡོག་པ་བརྗོད་པ༷འི་སྒྲ༷་རྣ༷མས་ཀྱིས་གྲ༷ངས་སོགས་དེ་ད༷ང་ལྡ༷ན་པ༷་བུམ་པ་ལྟ་བུ་ལ༷ས་ལྡན་ཆོས་གྲངས་སོགས་དེ་ཐ༷་ད༷ད་པ་བཞིན་དུ༷་བསྟ༷ན་པ་ག༷ང་དེའ༷ང་ངག་དོན་མེད་པ་མ་ཡིན་ཏེ་བུམ་པ་ལྟ་བུའི་སྟེང་གི་གྲངས་གཅིག་ལ་སོགས་པའི་ལྡོག་པ་དེ་ངེས་པར་བཟུང་སྟེ། དེ་མིན་པའི་ཆོས་གཞ༷ན་བཅད་ནས་དམིགས་ཀྱིས་བསལ་བའི་བརྗོད་བྱ་དེ་ཁྱ༷ད་པ༷ར་དུ་གོ་བར་བྱེད་པ༷་ཡིན་པས་སོ།།
གསུམ་པ་དེ་ཡིས་བརྗོད་ཚུལ་དཔེ་བརྗོད་བཅས་ལ།ཆོས་དང་ཆོས་ཅན་བརྗོད་པའི་སྒྲ། །ཚོགས་དང་ཚོགས་ཅན་བརྗོད་པའི་སྒྲ། །དེས་མཚོན་གཞན་ཡང་རྟོགས་པར་གདམས། །དང་པོ།
དེ་ཙམ་ཤེས་པར་འདོད་པ་ལ། །གཞན་ཀུན་འཕངས་པ་མེད་པར་ནི།།ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་རྗོད་པར་བྱེད།།དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས།།ཆོས་ཅན་བརྗོད་པར་གྲགས་ཡིན་ཏེ། །དེ་ལྟར་བརྡར་ནི་བྱས་པ་ཡིན།།དངོས་པོ་དེ་ཡི་ལྡོག་པ་གང་ཡང་རུང་བ་དེ་ཙ༷མ་ཞིག་ཤེས་པ༷ར་འདོད་པ༷་ལ༷་དེ་ལ་ཡོད་པའི་ལྡོག་པ་གཞ༷ན་ཀུ༷ན་ངག་དེས་འཕ༷ངས་པ༷་མེད་པ༷ར་ཏེ་བརྗོད་བྱར་མི་བཟུང་བར་སྤངས་ནས་ནི་སྐབས་ལ༷་ལ༷ར་སོར་མོའི་ལྡ༷ན་པ༷་ཞེས་སོར་མོ་དང་ལྡན་པ་ཐ༷་ད༷ད་པའི་ཆོས་ཡོད་པ་བཞིན་དུ་རྗོད་པ༷ར་བྱེད་པ་ནི་ཆོས་བརྗོད་པའི་སྒྲ་སྟེ་ཁྱད་གཞི་སོར་མོའི་སྟེང་གི་ཁྱད་ཆོས་ལྡན་པ་ཙམ་གོ་བར་འདོད་པས་དེ་ཁོ་ན་དམིགས་ཀྱིས་བསལ་བས་གཞན་ལྡོག་པ་ཀུན་སེལ་བ་ཡིན་ནོ། །ཡང་བརྗོད་བྱའི་དོན་གཅིག་བརྗོད་པ་ལ་ཁྱད་མེད་ཀྱ༷ང་ཁྱད་གཞི་དེ་ལ་ཡོད་པ་ཐ༷མས་ཅ༷ད་ནི་འཕེན་པའམ་མི་སྤོང་བའི་ཕྱིར་སོར་མོ་ལྡ༷ན་པར་འགྱུ༷ར་ཞེས་པ་ཆོས་ཅ༷ན་བརྗོད་པ༷ར་གྲ༷གས་པ་ཡིན་ཏེ། སོར་མོ་ལྡན་པ་ཞེས་པ་ཁྱད་གཞི་ཙམ་དུ་བརྗོད་པ་སྟེ། དཔེར་ན་བུམ་པ་ཞེས་བརྗོད་པ་ལྟ་བུའོ། །དེས་ན་ཁྱད་གཞི་དེ་ལ་ཡོད་པའི་ལྡོག་པ་མཐའ་དག་ངག་དེས་མ་བསལ་བ་སྟེ། ཁྱད་གཞི་དེ་ལ་དེ་ཀུན་མི་སྤང་བ་ཡིན་པ་ལྟར་ངག་དེས་ཀྱང་སྤོང་བར་མི་བྱེད་དོ། །དེས་ན་ཁྱད་གཞི་དང་ཁྱད་ཆོས་ནི་ལྟོས་ནས་བཏགས་པ་ཡིན་པས་ན། གང་ཐ་མི་དད་དུ་བསྟན་པ་ལྟར་བརྗོད་ན་ཁྱད་གཞིར་འགྲོ་ཞིང༌། རྣམ་དབྱེས་ཐ་དད་པ་ལྟར་བསྟན་ན་ཁྱད་གཞི་དེ་ལ་ལྟོས་པའི་ཁྱད་ཆོས་དེ་ཙམ་བརྗོད་པར་འགྲོ་ལ། དེས་རང་གི་ཁྱད་གཞི་དེ་ལ་ལྟོས་ནས་ལྡོག་པ་གཞན་ཀུན་སྤོང་གི་ཁྱད་ཆོས་རང་ལ་ལྟོས་པའི་ལྡོག་པ་ཀུན་མི་སྤང་ཡང་སྐབས་ཀྱི་ཆོས་དང་ཆོས་ཅན་དུ་བཞག་པ་དེ་ཙམ་ལ་ལྟོས་ནས་དཔྱད་པར་བྱ་བ་ཁོ་ན་ཡིན་ནོ། །དེས་ན་དོན་གཅིག་ལ་དེ་ལྟ༷ར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དེ་དག་དོན་དེ་ལྟར་གོ་བའི་བརྡ༷ར་ནི་བྱ༷ས་པ༷་ཡིན་གྱི་དོན་ཐ་དད་དུ་གྲུབ་པ་མེད་དོ།།
གཉིས་པ་ཚོགས་དང་ཚོགས་ཅན་བརྗོད་པའི་སྒྲ་ནི།
གཟུགས་སོགས་ནུས་པའི་ཁྱར་པར་ནི། །སྤོང་བས་དེ་མཚུངས་འབྲས་བུ་ཡི།།རྒྱུ་མིན་པ་ནི་རྣམ་གཅོད་ལ། །བུམ་པའི་སྒྲ་ནི་འཇུག་པར་འགྱུར།།དེས་ན་བུམ་པ་གཟུགས་སོ་ཞེས། །གཞི་གཅིག་པ་ཅན་སྒྲ་མ་ཡིན།།དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན།།དེ་སྤྱི་ཡན་ལག་ཏུ་བྱས་ཏེ། །བུམ་པ་ཡི་ནི་གཟུགས་སོགས་ཞེས།།དེ་ནུས་ཁྱད་པར་སྟོན་པར་བྱེད།།རྡུལ་བརྒྱད་ཚོགས་པའི་གོང་བུ་ལ་བུམ་པ་ཞེས་བཏགས་པ་ན། བུམ་པ་དེ་ཡི་ཚོགས་པ་ཅན་གཟུ༷གས་ལ་སོགས་པའི་ནུ༷ས་པ༷འི་བྱེ་བྲག་གམ་ཁྱ༷ད་པ༷ར་སོ་སོ་བ་མིག་ཤེས་སྐྱེད་པ་སོགས་ནི་སྤོང་བ༷ས་ཏེ་བརྗོད་བྱར་མ་བཟུང་བར། ཚོགས་ཅན་གཟུགས་ལ་སོགས་པ་དེ་རྣམས་མཚུ༷ངས་པར་ཏེ་ཐུན་མོང་གི་བྱེད་ལས་སམ་འབྲ༷ས་བུ༷་ཆུ་སྐྱོར་བར་བྱེད་པ་ཡི་རྒྱུ༷་མིན་པ༷་ནི་རྣ༷མ་པར་གཅོད་པ་ཙམ་བརྗོད་པར་འདོད་ནས། ཚོགས་པ་དེ་དག་ལ༷་བུ༷མ་པ་ཞེས་པ༷འི་སྒྲ༷་ནི་འཇུ༷ག་པ༷ར་འགྱུ༷ར་བ་ཡིན་པ་དེས་ན༷་བུ༷མ་པ༷་ཞེས་ཚོགས་པ་བརྗོད་པའི་སྒྲ་དེ་ནི་ཚོགས་པ་ཅན་བྱེ་བྲག་པ་གཟུགས་ཁོ་ནར་མི་འཇུག་པས་ན་བུམ་པ་ནི་རང་གི་ཚོགས་ཅན་གྱི་བྱེ་བྲག་གཟུ༷གས་སོ་ཞེས་གཞི་གཅིག་པའམ་གཞི་མཐུན་པ༷་ཅ༷ན་གྱི་སྒྲ༷་མ༷་ཡིན་ཏེ། གཟུགས་ཁོ་ན་ལ་བུམ་པར་མ་བཏགས་པས་སོ། །དེས་ན༷་ཚོགས་པ་བརྗོད་པའི་སྒྲས་ཚོགས་ཅན་བརྗོད་བྱར་སྤོང་བ་དང༌། རིགས་བརྗོད་པའི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་བའི་ཁྱད་ཡོད་པ་འདི་ནི་རིགས་བརྗོད་པ་ད༷ང་ནི་ཚོགས་པ༷་བརྗོད་པ༷འི་མིང་གི་ཁྱ༷ད་པ༷ར་ཡིན་ཏེ། བུམ་པ་ཞེས་པ་རིགས་ཅན་གསེར་བུམ་ལའང་མིང་དེ་འཇུག་པས་གཞི་གཅིག་པ་རུང་བའི་སྒྲ་ཡིན་ནོ། །དེས་ན་བུམ་པ་ཞེས་པའི་སྒྲ་དེ་རང་གི་ཆོས་སུ་གྱུར་པ་གཟུགས་སོགས་ལ་ལྟོས་ནས་ཚོགས་པ་བརྗོད་པ་ཡིན་ལ། ཚོགས་པའི་ཁྱད་པར་དེ་འདྲ་བ་གཞན་ལ་ལྟོས་ནས་རིགས་བརྗོད་པའི་སྒྲ་ཡང་ཡིན་ནོ། །དེ་བཞིན་དུ་ནགས་དང་དམག་ལ་སོགས་པའི་ཚོགས་པ་བརྗོད་པ་གཞན་ཡང་ཤེས་པར་བྱའོ། །ཚོགས་པ་དེ་ཙམ་ལ་འཇུག་གི་ཚོགས་པ་ཅན་དེ་འདྲའི་བྱེ་བྲག་ཏུ་གྱུར་པ་གཞན་མེད་ན་ནི་ཚོགས་བརྗོད་ཡིན་ལ་རིགས་བརྗོད་པ་མིན་པ་སྟེ་དཔེར་ན་རི་འབིགས་བྱེད་དང་ལྷས་བྱིན་ཞེས་པ་ལྟ་བུ་ཡུལ་དུས་ཀྱི་དངོས་པོ་གཅིག་ཁོ་ནའི་མིང་དུ་བརྗོད་འདོད་ཀྱིས་བཏགས་པ་ལྟར་དེ་ཁོ་ནར་གྲགས་ཀྱི་གཞན་དེའི་རིགས་ཅན་ལ་རྗེས་སུ་འགྲོ་བར་མི་འཛིན་པའི་མིང་ལྟ་བུའོ། །ཡང་བུམ་པའི་གཟུགས་ལྟ་བུ་ནི་ཚོགས་ཅན་བརྗོད་པའི་སྒྲ་ཡིན་པས་ཚོགས་པ་བརྗོད་པ་མིན་ཡང༌། བུམ་པ་གཞན་གྱིས་གཟུགས་ཀུན་ལ་རྗེས་སུ་འགྲོ་བའི་རིགས་བརྗོད་པ་ཡིན་ལ་ཚོགས་པ་བརྗོད་པ་མིན་པར་ཡང་བཤད་ཅིང༌། ཤེས་བྱ་དངོས་དངོས་མེད་ལ་སོགས་པའང་རིགས་བརྗོད་པ་ཁོ་ནའི་མིང་ངོ༌། །རིགས་ཚོགས་གཉིས་ཀ་མིན་པའི་མུ་བཞི་པ་ནི་མེད་དེ་མིང་ཡིན་ན་ཚོགས་པའམ་རིགས་གང་ཡང་མི་བརྗོད་པ་ཞིག་མེད་ཅེས་འགའ་ཞིག་གིས་བཤད་ལ། རྗོད་བྱེད་དོན་མཐུན་རྣམས་ལ་བསམ་ན་དེ་ལྟར་ངེས་ཤིང༌། ཡང་རྟག་དངོས་གཉིས་ཞེས་པ་དེ་རིགས་ཚོགས་གཉིས་ཀ་མིན་ཏེ་རྟག་དངོས་གཉིས་ཀྱི་རིགས་ཅན་མེད་པ་དང་དེ་གཉིས་ཚོགས་པ་མེད་པའི་ཕྱིར་ཞེས་ཀྱང་འགའ་ཞིག་གིས་བརྗོད་མོད་དེ་ནི་ཚིག་ཙམ་ཡིན་ཞིང༌། བརྗོད་བྱའི་དོན་མ་གྲུབ་པར་སྒྲ་ཙམ་གྱིས་འཕངས་པའི་རི་བོང་རྭ་ཞེས་པ་ལ་སོགས་པ་ཀུན་ཀྱང་དེ་དང་འདྲ་བས་ན་སྒྲ་དོན་ཙམ་ལ་བསམས་ན་དེ་ལྟར་ཡིན་ཏེ་གཙོ་བོ་ཞེས་པ་བཞིན་ནོ། །ལར་ཚོགས་བརྗོད་དང་རིགས་བརྗོད་འདིའི་ཁྱད་པར་ཞིབ་ཏུ་བསམས་ན་རྫས་ཡོད་ཀྱི་ཆོས་ཕན་ཚུན་ནང་རིགས་མི་མཐུན་པ་ཡུལ་དུས་གཅིག་ཏུ་ཚོགས་པ་ལ་བཏགས་པ་ཞིག་ཡིན་དགོས་པར་མངོན་ཞིང༌། དེས་ན་ཀ་གདུང་རྩིག་པ་སོགས་ཚོགས་པ་ལ་ཁང་པ་ཞེས་དང༌། འདབ་མ་ཡུ་བ་ཟེའུ་འབྲུ་སོགས་ཚོགས་པ་ལ་ཨུཏྤལ་ཞེས་དང༌། རྡུལ་བརྒྱད་འདུས་སམ་ཁ་ཁྱེར་ལྟོ་བ་སོགས་ཚོགས་པ་ལ་བུམ་པར་བཏགས་པ་སོགས་ཇི་སྙེད་པ་དེའི་འགྲེས་བྱས་པས། བུམ་པ་དང་གཟུགས་ཀྱི་གཞི་མཐུན་ནམ་བུམ་པ་དང་ཁ་ཁྱེར་གྱི་གཞི་མཐུན་དང་ཨུཏྤལ་དང་ཡུ་བའི་གཞི་མཐུན་སོགས་མི་འོང་བ་ནི་དེ་གཉིས་ཕན་ཚུན་རིགས་དང་རིགས་ཅན་མིན་པའི་གནད་ལ་ཐུག་ཅིང༌། བུམ་པ་དང་གཟུགས་ཅན་གྱི་གཞི་མཐུན་སྲིད་པ་ནི་བུམ་པ་གཟུགས་ཅན་གྱི་བྱེ་བྲག་ཡིན་པས་ཡིན་ལ། ཨུཏྤལ་དང་སྔོན་པོ་ནི་ཨུཏྤལ་སྔོན་པོ་དེ་སྔོན་པོའི་བྱེ་བྲག་ཡིན་པས་ཡིན་ནོ། །དེ་བཞིན་དུ་དྲི་བསུང་དང་ལྡན་པའང་ཡིན་གྱི་དྲི་བསུང་ནི་མིན་ནོ། །མེ་དང་ཆུ་ལ་སོགས་པ་དང་དབྱིབས་དང་ཁ་དོག་དག་ཀྱང་བེམ་པོ་ལས་བཏགས་པ་ཡིན་མོད། རིགས་མི་མཐུན་པ་གཞན་ཚོགས་པ་མི་བརྗོད་པས་ཚོགས་བརྗོད་ཀྱི་སྒྲར་མི་འགྱུར་ཏེ་རིགས་བརྗོད་པར་འགྱུར་རོ། །གཉིས་དང་གསུམ་སོགས་གྲངས་ཀྱི་མིང་དང་ལྡན་པ་སོགས་ཀྱང་རིགས་ཀྱི་མིང་ངོ༌། །ཀ་བུམ་གཉིས་དང་བེམ་ཤེས་གཉིས་ལྟ་བུ་སྦྲེལ་བའི་མིང་ནི་ཚོགས་བརྗོད་ཡིན་གྱི་རིགས་བརྗོད་མིན་པར་འགའ་ཞིག་ལས་བཤད་ཀྱང་འདི་མིང་མིན་ལ་ཚིག་ཡིན་པས་ཚོགས་རིགས་ནི་མིང་ཙམ་ལས་ཕྱེ་བ་མ་གཏོགས་ཚིག་དང་ངག་ལ་སྦྱར་མི་དགོས་པར་མངོན་ནོ། །རྣམ་དབྱེ་དེ་ལྟར་མཐོང་བ་ནི་ཚོགས་ཅན་དང་རིགས་ཅན་བརྗོད་བྱར་སྤོང་མི་སྤོང་ལ་ཐུག་པ་སྟེ། ཞིབ་ཏུ་བསམས་ན་རྣམ་དབྱེ་སྣ་ཚོགས་འདུག་པ་ཤེས་པར་འགྱུར་རོ། །དངོས་མེད་ཀྱི་ཁྱད་པར་ལ་ཚོགས་པར་བཏགས་ཀྱང་ཚོགས་པའི་དོན་ཅི་ཡང་མེད་དོ། །ཡང་ཚོགས་པ་ཅན་བརྗོད་པའི་སྒྲ་ནི་ཚོགས་ཅན་དེ་ཡི་སྤྱིའམ་ཚོགས་པའི་མིང་བུམ་པ་ལྟ་བུ་དེ་བརྗོད་པའི་ཡ༷ན་ལ༷ག་གམ་ཁྱད་པར་བྱེད་ཆོས་དག་ཏུ༷་བྱ༷ས་ཏེ་བུ༷མ་པ༷་ཡི་ནི་གཟུ༷གས་སོགས་ཞེས་དང་རེག་བྱ་སོགས་བརྗོད་པས་ཆུ་སྐྱོར་བའི་འབྲས་ཅན་བུམ་པ་རང་གི་ཚོགས་པ་ཅན་གཟུགས་ལ་སོགས་པ་དེ་ཡི་ནུ༷ས་པ་མིག་ཤེས་སྐྱེད་པ་སོགས་ཁྱ༷ད་པ༷ར་དུ་སྟོན་པ༷ར་བྱེད་པ་ནི་བུམ་པའི་གཟུགས་ཞེས་པས་ཀ་བ་སོགས་ཀྱི་གཟུགས་ལས་ཁྱད་པར་བྱས་ཏེ། བུམ་པའི་ཚོགས་པ་ཅན་གཟུགས་དམིགས་བསལ་བ་ཡིན་ལ། གཟུགས་དེ་ནི་མིག་ཤེས་མི་སྐྱེད་པ་གཞན་ལས་ལོག་སྟེ་མིག་ཤེས་སྐྱེད་པའི་ནུས་པའམ་འབྲས་བུ་ཅན་གྱི་མིང་ཡིན་པས་མིང་དེས་དོན་དེ་སྟོན་པའོ།།
གསུམ་པ་དེས་མཚོན་གཞན་ཡང་རྟོགས་པར་གདམས།
ཕྱོགས་འདིས་གཞན་ལའང་བརྗོད་པར་བྱ།།དེ་ལྟར་ཆོས་ཆོས་ཅན་ཚོགས་ཚོགས་ཅན་བརྗོད་པ་འདི་དོན་ལ་དེ་གཉིས་ཐ་དད་དུ་མ་གྲུབ་ཀྱང་གཞན་སེལ་བའི་སྒྲ་བློ་འཇུག་ཚུལ་འཐད་པར་བསྟན་པའི་ཕྱོགས་འདིས་གཞ༷ན་བུམ་པ་མི་རྟག་དང༌། བུམ་པའི་མི་རྟག་ལྟ་བུ་ཆོས་ཆོས་ཅན་བརྗོད་པ་དང༌། ཙནྡན་དང་ཙནྡན་གྱི་དྲི་ལ་སོགས་པ་ཚོགས་ཚོགས་ཅན་བརྗོད་པའི་སྒྲ་རིགས་འདྲ་བ་ཀུན་ལ༷འ༷ང་དེ་དང་འདྲ་བར་བརྗོད་པ༷ར་བྱ༷་བ་ཡིན་ནོ།།
གཉིས་པ་ཡན་ལག་ལས་སྐྱེ་བ་འགོག་པ་ལ། ཡན་ལག་མ་ལུས་ལས་སྐྱེ་མིན། །ཡན་ལག་རེ་རེ་ལས་མིན་པའོ། །དང་པོ།
མ་ལུས་རྒྱུ་ཉིད་ཡིན་ན་ནི། །ཡན་ལག་གཅིག་དང་བྲལ་ནའང་མིན།།ཡན་ལག་ཅན་རྫས་སུ་མ་གྲུབ་ཀྱང་ཡན་ལག་ལག་པ་སོགས་གྲུབ་པས་དེ་ལས་བློ་སྐྱེའོ་སྙམ་ན། ཡན་ལག་ཐམས་ཅད་ཚང་བ་ལས་སྐྱེའམ་གང་རུང་རེ་ལས་སྐྱེ། དང་པོ་ལྟར་ཡན་ལག་མ༷་ལུ༷ས་པ་བློའི་རྒྱུ༷་ཉིད་ཡིན་ན༷་ནི་སྣ་ལྟ་བུའི་ཡ༷ན་ལ༷ག་གཅིག་ད༷ང་བྲ༷ལ་ན༷འ༷ང་ཡིད་བློ་སྐྱེ་བ་མིན་པར་ཐལ་ཏེ། རྒྱུ་མ་ཚང་ན་འབྲས་བུ་མི་སྐྱེད་པར་ངེས་པས་སོ། །དེ་ལྟར་འདོད་མི་ནུས་ཏེ། ཡན་ལག་རེ་རེ་ཆད་ཀྱང་ཡིད་བློ་སྐྱེ་བར་མངོན་སུམ་གྲུབ་བོ།།
གཉིས་པ་ཡན་ལག་རེ་རེ་ལས་མིན་པ་ལ། དངོས་དང་དེ་ཡི་ཉེས་སྤོང་དགག །དང་པོ།
རེ་རེས་89ནུས་པ་ཉིད་ཡིན་ནའང༌། །ཅིག་ཅར་མང་པོ་འབྱུང་བར་འགྱུར།།ཡན་ལག་རེ་རེས་ཡིད་བློ་སྐྱེད་པར་ནུ༷ས་པ༷་ཉིད་ཡིན་ན༷འ༷ང་གང་ཟག་གཅིག་ལ་དུས་ཅིག་ཅ༷ར་ཡན་ལག་གི་གྲངས་བཞིན་དང་དེའི་ཡང་རྡུལ་ཕྲ་རབ་ཀྱི་གྲངས་བཞིན་དུ་ཡིད་བློ་མ༷ང་པོ་འབྱུ༷ང་བ༷ར་འགྱུ༷ར་ཏེ། ས་བོན་དུ་མས་མྱུ་གུ་དུ་མ་སྐྱེད་པ་ལྟར་རྒྱུ་ཚང་བའི་ཕྱིར་རོ།།
གཉིས་པ་དེ་ཡི་ཉེས་སྤོང་དགག་པ་ལ།བཀག་དང་རང་ལ་མི་མཚུངས་པའོ། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ།
དུ་མ་ཉིད་དུ་མཚུངས་པའི་ཕྱིར། །འབྱུང་རྔུབ་དག་ནི་ངེས་བྱེད་མིན།།ཕ་རོལ་པོ་ན་རེ། ཡིད་བློ་དུ་མ་དུས་གཅིག་ཏུ་འབྱུང་བའི་ཉེས་པ་དེ་མེད་དེ། ཡིད་ཀྱི་རྒྱུ་ནི་ལུས་ཙམ་དུ་མ་ཟད་དབུགས་ཀྱང་ཡིན་པས་ན་དབུགས་གཅིག་ལས་མེད་པས་ཡིད་གཅིག་འབྱུང་བ་ཡིན་ནོ་ཞེ་ན། དེ་ལན་དུ་མི་རུང་སྟེ། དབུགས་ཀྱང་ཡན་ལག་བཞིན་ཕྱོགས་དང་དུས་ཀྱི་ཆ་དུ༷་མ༷་ཉིད་དུ༷་ཡོད་པར་མཚུ༷ངས་པ༷འི་ཕྱིར་དབུགས་འབྱུ༷ང་རྔུ༷བ་དེ་ད༷ག་ནི་བློ་གཅིག་ཏུ་ངེས་པར་བྱེད་པའི་རྒྱུ་མིན་ནོ།།
གཉིས་པ་རྒྱས་པར་བཤད་པ་ལ། ཆ་མེད་རིགས་གཅིག་དབུགས་རྒྱུ་མིན། །ཆ་བཅས་རིགས་གཞན་རྒྱུ་མིན་པའོ། །དང་པོ།
གཅིག་ཉིད་ན་ཡང་མང་གསལ་འགྱུར། །དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ།།གལ་ཏེ་དུ་མའི་རྒྱུ་མིན་ན། །རིམ་གྱིས་ཀྱང་མིན་90ཁྱད་མེད་ཕྱིར།།དབུགས་གཅིག་ལ་ཡང་དོན་དུ་མ། །འཛིན་ཕྱིར་དེ་ལས་ངེས་མ་ཡིན།།དུ་མ་བློ་གཅིག་གིས་ཤེས་ན། །དེ་ནི་ཅིག་ཅར་ཉིད་འགྱུར་ཏེ།།འགལ་བ་མེད་ཕྱིར་རིམ་གྱིས་ཀྱང༌། །མི་འགྱུར་ཁྱད་པར་མེད་ཕྱིར་རོ།།དབུགས་དེ་དག་དུ་མ་ཅན་མིན་ཏེ། དབུགས་འབྱིན་རྔུབ་གཅིག་ནི་ཆ་མེད་རིལ་པོ་གཅིག་ཡིན་ནོ་ཞེ་ན། དེ་མིན་པར་དངོས་སྟོབས་ཀྱིས་གྲུབ་ཀྱང་རེ་ཞིག་བརྟག་པ་གཞན་མ་བྱས་པར་ཁས་ལེན་དང་བསྟུན་ཏེ་བརྒལ་བ། དེ་ལྟར་གཅིག་ཉིད་ཡིན་དུ་ཆུག་ན༷་ཡ༷ང་དབུགས་ཆ་མེད་པ་གཅིག་གི་ཡུན་ལ་ཡིད་རྟོག་སྔ་ཕྱི་ཇི་སྙེད་པ་ཡོད་པའི་མ༷ང་པོ་དེ་ཀུན་གས༷ལ་བར་འགྱུ༷ར་ཏེ། ཡིད་བློ་དེ་ཡི་རྒྱུ༷་དབུགས་ཡིན་པར་འདོད་པ་གང་ཞིག་དེ་ནི་རྟ༷ག་ཏུ༷་ཉེ་བ་སྟེ་ཡོད་པའི་ཕྱིར་རོ། །ག༷ལ་ཏེ་དབུགས་གཅིག་པོ་དེ་ཡིད་བློ་དུ་མ༷འི་རྒྱུ༷་མིན་ན༷་རིམ་གྱིས་ཀྱང༷་དུ་མའི་རྒྱུ་མིན་པས། སྔར་དབུགས་གཅིག་ལས་ཇི་ལྟར་སྐྱེས་པའི་བློ་དེ་ཁོ་ན་ཡང་ཡང་སྐྱེ་བར་འགྱུར་ཏེ། དབུགས་ནི་ལུས་ལས་བྱུང་ལ་ལུས་དང་དབུགས་ནི་སྔ་ཕྱི་རིགས་གཞན་དང་གཞན་མིན་པར་ཁྱ༷ད་མེད་པར་འདོད་པའི་ཕྱིར་རོ།།གཞན་ཡང་དབུགས་གཅིག་བློ་གཅིག་གི་རྒྱུའོ་ཞེས་པ་ལ་དེ་མངོན་སུམ་གྱིས་བསལ་ཏེ། ཇི་ལྟར་ན་དབུ༷གས་འབྱིན་རྔུབ་གཅིག་ལ༷་ཡ༷ང་དོན་དུ༷་མ༷་འཛིན་པའི་བློ་འབྱུང་བའི་ཕྱིར་དབུགས་གཅིག་ཡིན་པ་དེ་ལ༷ས་ཡིད་གཅིག་སྐྱེའོ་ཞེས་པ་དེ་ངེས་པ་མ༷་ཡིན་ནོ། །སྐྱོན་མེད་དེ་བློ་གཅིག་ཡིན་ཡང་དོན་དུ༷་མ༷་བློ་གཅིག་གིས་ཤེས་པའོ་ཟེར་ན༷། སྔ་ཕྱིའི་དོན་མ་ལུས་པ་དེ་ནི་ཅིག་ཅ༷ར་ཉིད་དུ་བློ་དེས་ཤེས་པར་འགྱུ༷ར་ཏེ་དེ་ཡིས་མང་པོ་ཤེས་པ་ལ་འག༷ལ་བ༷་མེད་པའི་ཕྱིར་ཚད་ཐུག་པ་ཅན་དུ་གཟུང་མི་ནུས་སོ། །དེས་སྔ་ཕྱིའི་དོན་ཐམས་ཅད་ཅིག་ཅར་མི་འཛིན་ཀྱང་རིམ་གྱིས་འཛིན་ནོ་ཞེ་ན། རིམ་གྱིས་ཀྱ༷ང་འཛིན་པར་མི་འགྱུ༷ར་ཏེ་དེའི་རྒྱུ་ལ་སྔ་ཕྱིའི་ཁྱ༷ད་པ༷ར་མེད་པ༷འི་ཕྱིར་རོ།
།གཉིས་པ་ཆ་བཅས་རིགས་གཞན་རྒྱུ་མིན་པ་ལ། དུ་མ་དུ་མའི་རྒྱུར་མི་འཐད། །དུ་མ་གཅིག་གི་རྒྱུ་མིན་པའོ། །དང་པོ།
རང་རིགས་མིན་པའི་དུས་ཅན་གྱི། །དབུགས་ཀྱི་སྐད་ཅིག་མང་པོ་དག།གལ་ཏེ་དེ་འདྲའི་སེམས་ཉིད་ཀྱི། །རྒྱུ་ཡིན་པར་ནི་རྟོགས་བྱེད་ན།།གོ་རིམ་ལྡན་པའི་རྒྱུ་མེད་པར། །དེ་དག་རིམ་ལྡན་ཇི་ལྟར་འགྱུར།།རང་རིགས་སྔ་མ་རྒྱུ་ཉིད་ན། །དང་པོ་འབྱུང་བར་མི་འགྱུར་ཏེ།།དེ་རྒྱུ་དེ་འདྲ་ཡོད་མ་ཡིན། །དབུགས་འབྱུང་ཐ་དད་ཡུལ་ཅན་ཕྱིར།།ཡོད་ཀྱང་དུ་མ་ཉིད་དུ་ངེས། །དེ་ཕྱིར་བློ་ནི་ཅིག་ཅར་སྐྱེ།།དབུགས་འབྱིན་རྔུབ་གཅིག་ཀྱང་ཆ་མེད་པ་ནི་མ་ཡིན་ཏེ་དེ་ལ་སྐད་ཅིག་གི་ཆ་དུ་མ་ཡོད་པས་སྐད་ཅིག་རེ་རེས་ཤེས་པ་རེ་རེ་སྐྱེད་དོ་ཞེ་ན། དེ་འདྲའི་སྐད་ཅིག་དེ་དབུགས་རང་གི་རིགས་འདྲ་སྔ་མ་ལས་རིམ་བཞིན་བྱུང་བའམ་འོན་ཏེ་ལུས་ལས་བྱུང་བ་ཡིན། ཕྱི་མ་ལྟར་ཁས་བླངས་ཏེ་རང་ར༷ང་གི་རིགས་འདྲ་ལས་བྱུང་བ་མིན་པ༷འི་དུ༷ས་སྔ་ཕྱི་ཅ༷ན་གྱི་དབུ༷གས་ཀྱི་སྐ༷ད་ཅིག་མ༷ང་པོ་ད༷ག་ནི་ག༷ལ་ཏེ་སྔ་ཕྱིར་བྱུང་བ་དེ་འདྲ༷འི་སེམས་ཉིད་ཀྱི་རྒྱུ༷་ཡིན་པར་རློམ་ནས་དབུགས་ཀྱི་སྐད་ཅིག་རེ་རེ་བཞིན་དུ་དེས་རང་དང་དུས་མཉམ་པའི་ཤེས་པའི་སྐད་ཅིག་དེ་དག་སྐྱེད་པ༷ར་ནི་ཡོངས་སུ་རྟོགས་པར་བྱེད་ན༷་ནི། རིགས་འདྲ་སྔ་མ་ལ་མི་ལྟོས་པས་ན་གོ་རིམ་དང་ལྡ༷ན་པ༷འི་རྒྱུ༷་མེད་པ༷ར་དབུགས་དེ་ད༷ག་རིམ་པ་དང་ལྡ༷ན་པ་སྔ་ཕྱིར་འབྱུང་བ་ཇི་ལྟ༷ར་འགྱུ༷ར་ཏེ་ཅིག་ཅར་འབྱུང་བར་ཐལ་ལོ། །གང་གིས་ན་དབུགས་འབྱུང་བ་དེ་དག་སྔ་མ་སྔ་མ་ལ་ལྟོས་པ་ཅན་ནི་མིན་ལ་རྒྱུ་ལུས་ཙམ་ནི་སྔ་ཕྱི་ཁྱད་མེད་དུ་འདོད་པས་སོ།།གལ་ཏེ་ཉེས་པ་དེར་དོགས་ནས། དབུགས་སྐད་ཅིག་མ་དེ་དག་ར༷ང་གི་རིགས་སྔ༷་མ༷་རྒྱུ༷་ཉིད་ཡིན་ནོ་ཞེ་ན༷། དེ་ལྟར་དབུགས་ནི་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་ཅན་ཡིན་ན་མངལ་དུ་སྐྱེ་བ་ན་དབུགས་ཀྱི་ད༷ང་པོ་དེ་འབྱུ༷ང་བ༷ར་མི་འགྱུ༷ར་ཏེ། དེ་ཡི་རྒྱུ༷་རང་གི་རིགས་སྔ་མ་སྔོན་དུ་སོང་བ་དེ་འདྲ་ཁྱོད་ཀྱི་ལུགས་ལ་ཡོད་པ་མ༷་ཡིན་པས་སོ། །གཞན་ཡང་དབུགས་ཀྱི་སྐད་ཅིག་གཅིག་ཀྱང་ཆ་མེད་པ་མིན་ཏེ། འདི་ལྟར་དབུ༷གས་འབྱུ༷ང་བ་ནི་ལུས་ཀྱི་གནས་ཐ༷་ད༷ད་པའི་ཡུ༷ལ་ཅ༷ན་ཡིན་པའི་ཕྱིར། དཔེར་ན་བ་ལང་གི་ཁྱུ་ལ་སོགས་པ་བཞིན་ཡུལ་ཐ་དད་པ་ཅན་ནི་གཅིག་མ་ཡིན་ལ། དབུགས་སྐད་ཅིག་མ་ཡོད་ཀྱ༷ང་དུ༷་མ༷་ཉིད་དུ༷་ངེས་པས་ན་རྒྱུ་དུ་མ་ཡོད་པ་དེ་ཕྱིར་དེའི་དུས་ཀྱི་བློ་ཡང་ནི་དུ་མ་ཅིག་ཅ༷ར་སྐྱེ་བར་འགྱུར་རོ། །དེ་ལྟར་དབུགས་དུ་མ་བློ་དུ་མའི་རྒྱུར་མི་འཐད་པར་བསྒྲུབས་ནས།།
གཉིས་པ་དུ་མ་གཅིག་གི་རྒྱུར་མི་འཐད་པ་ནི།
གལ་ཏེ་དུ་མའང་དུས་གཅིག་91ཅན། །སེམས་གཅིག་གི་ནི་རྒྱུ་ཡིན་ན།།དབུགས་རྒྱུ་ཞན་པ་ལ་སོགས་སུ། །གཅིག་མ་ཚང་ནའང་མི་འབྱུང་འགྱུར།།ཅི་སྟེ་ཇི་ལྟར་ཡོད་རྒྱུ་ཡིན། །ཤེས་པ་ལ་ཡང་ཁྱད་ཡོད་འགྱུར།།གང་ཞིག་གང་གི་ཐ་དད་ལས། །ཐ་དད་མིན་དེ་དེ་འབྲས་མིན།།ག༷ལ་ཏེ་དབུགས་ཀྱི་ཆ་ཤས་དུ༷་མ༷འ༷ང་རང་དང་དུ༷ས་གཅིག་པ་ཅ༷ན་གྱི་སེམས་གཅིག་གི་ནི་རྒྱུ༷་ཡིན་ན༷་འགལ་བ་ཅི་ཡོད་དེ། ས་བོན་དང་ས་ཆུ་སོགས་དུ་མ་མྱུ་གུ་གཅིག་གི་རྒྱུ་ཡིན་པ་བཞིན་ནོ་སྙམ་ན། དེ་ལྟ་ན་དབུ༷གས་ཀྱི་རྒྱུ༷་བ་ཞ༷ན་པ༷་དང་དབུགས་བསྡམས་ནས་མི་འབྱུང་བ་ལ༷་སོགས་པའི་སྐབས་སུ༷་དབུགས་ཀྱི་ཆ་གཅིག་མ༷་ཚ༷ང་ན༷འ༷ང་བློ་མི་འབྱུ༷ང་བར་འགྱུ༷ར་ཏེ། རྒྱུ་མ་ཚང་ན་འབྲས་བུ་སྐྱེ་བ་མི་སྲིད་པ་ནི་ས་བོན་སོགས་ཡོད་ཀྱང་ཆུ་གཅིག་པུ་དང་བྲལ་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །ཅི་སྟེ་རྒྱུ་བ་དྲག་ཞན་སོགས་ལ་མི་ལྟོས་ཏེ། ཇི་ལྟ༷ར་རྒྱུ་ཡང་རུང་དབུགས་རྒྱུ་བ་ཡོད་པ་ཙམ་ཞིག་ཤེས་པའི་རྒྱུ༷་ཡིན་ཏེ་མར་མེ་ཆེ་ཆུང་གང་ཡིན་ཡང་འོད་ཡོད་པ་བཞིན་ནོ་ཞེ་ན། དེ་ལྟར་ཡིན་དུ་ཆུག་ཀྱང་དབུགས་རྒྱུ་བ་དྲག་ཞན་ལས་འབྲས་བུ་ཤེས་པ༷་ལ༷་ཡ༷ང་གསལ་མི་གསལ་སོགས་ཁྱ༷ད་ཡོད་པར་འགྱུ༷ར་ཏེ་མེ་ཆེ་ཆུང་གི་འོད་ཁྱད་ཡོད་པ་བཞིན་ནོ།།གལ་ཏེ་རྒྱུའི་འཕེལ་འབྲིའི་རྗེས་སུ་ཤེས་པ་དེ་མི་འགྲོ་བ་ཞིག་ན་དེའི་འབྲས་བུ་མིན་པར་གྲུབ་སྟེ། འདི་ལྟར་འབྲས་བུ་ག༷ང་ཞིག་རྒྱུ་ག༷ང་གི་འཕེལ་འགྲིབ་དང་རྣམ་པ་སོགས་ཐ༷་ད༷ད་པ་ལ༷ས་དེའི་ཐ༷་ད༷ད་པའང་འབྱུང་བ་མིན་པ་དེ་ནི་དེ་ཡི་འབྲ༷ས་བུ་མིན་ཏེ། རྒྱུའི་རྗེས་སུ་མི་འགྲོ་བའི་ཕྱིར་བ་ལང་དང་བ་མིན་བཞིན་ནོ། །འདི་སྡེབ་སྦྱོར་བསྡེབས་ན། གང་གི་ཐ་དད་ལས་གང་ཞིག །ཐ་དད་མིན་དེ་དེ་འབྲས་མིན། །ཞེས་པ་ལྟར་རོ།།
གཉིས་པ་ཕ་རོལ་ལ་སྐྱོན་བསྟན་པ་དེ་རང་ལ་མི་མཚུངས་པའི་ཚུལ་ལ། དངོས་དང་གཞན་ལ་དེ་མི་མཚུངས། །དང་པོ།
རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ།།རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར།།རྣམ་ཤེས་རང་གི་རིགས་འདྲ་ལས་སྐྱེ་བར་འདོད་པ་ཁྱོད་ལྟར་ན་ཡང་ཤེས་པ་ནི་སྣ་ཚོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཅིག་ཅར་མང་པོ་འབྱུང་བའི་སྐྱོན་དེ་རང་ལའང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། ཤེས་པ་སྣ་ཚོགས་པའི་ཡུལ་ཅན་ཡིན་ཡང༌། ཡུལ་གང་ལ་དམིགས་པའི་རྣ༷མ་པར་ཤེས་པ་ནི་སྔ་མ་སྔ་མའི་དེ་མ་ཐག་རྐྱེན་ལས་ཕྱི་མ་ཕྱི་མའང་ཡུལ་སོ་སོ་ལ་འཛིན་པའི་ནུ༷ས་པ༷་ངེས་པ༷འི་ཕྱིར་གང་རུང་རུང་ཅིག་ཅར་འཛིན་པ་མིན་ཏེ་དེ་མ་ཐག་རྐྱེན་གྱི་རྣམ་ཤེས་གཅིག་ནི་བར་གཞན་གྱིས་མ་ཆོད་པའི་རྣམ་ཤེས་ཕྱི་མ་གཅིག་གི་རྒྱུ༷་ཡིན་ཏེ་དེ་ལྟར་ལྟོས་པས་ན་ཡུལ་རིམ་ཅན་དུ་འཛིན་པར་ངེས་པ་ཡིན་ནོ། །དེ་ལྟར་ལྟོས་པར་ཅིས་ཤེ་ན། ཡུལ་དུ་མ་གནས་སུ་ཟིན་ཀྱང་རྣ༷མ་པར་ཤེས་པ་དོན་གཞ༷ན་སྔོན་པོ་ལྟ་བུ་ལ་ལྷག་པར་གཞོལ་ཞིང་ཆ༷གས་པ༷་ཡིས་སེར་པོ་སོགས་གཞན་འཛིན་པའི་ནུ༷ས་པ་མེད་པར་བྱས་ནས་དོན་གཞ༷ན་མི་འཛིན་པའི་ཕྱིར་སྔ་མ་དེས་འཕེན་ཤུགས་ལས་སྔོ་འཛིན་ཉིད་སྐྱེ་བ་བཞིན་ནོ། །དེ་དང་དེའི་ཚུལ་གྱིས་ཡིད་རྟོག་ནི་རིམ་བཞིན་སྐྱེ་ལ། རྟོག་མེད་རྣམས་ནི་རྐྱེན་གསུམ་ཇི་ལྟར་རིགས་པར་ཚོགས་པའི་རིམ་པ་ལྟར་སྐྱེ་བ་ཡིན་ནོ།།
གཉིས་པ་གཞན་ལ་དེ་མི་མཚུངས་པ་ལ། མི་མཚུངས་ཚུལ་དང་དེར་དོགས་སྤང༌། །དང་པོ།
གལ་ཏེ་ལུས་ལས་ཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིགས་ལས།།ངེས་ན་ལུས་ཀྱི་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན།།ཕ་རོལ་པོས་ཀྱང་དེ་ལྟར་རིགས་པར་ཤེས་ནས་ག༷ལ་ཏེ་ཁོ་རང་གི་ལུགས་ལའང་དང་པོར་ལུ༷ས་གྲུབ་པ་ན་དེ་ལ༷ས་ཅིག་ཅ༷ར་ཏེ་དེ་དང་དུས་མཉམ་པར་བློ་སྐྱེས་ཤིང་དེ་ཕན་ཆད་ཕྱིས་ནི་བློ་ར༷ང་གི་རིགས་འདྲ་སྔ་མ་སྔ་མ་ལ༷ས་སྐྱེ་བར་ངེས་པས་ན༷་བློ་ཅིག་ཅར་མི་སྐྱེ་བ་སོགས་ཁྱོད་དང་མཚུངས་པར་ཁས་བླང་ཆོག་གོ་སྙམ་ན། ཁྱོད་ལ་དེ་མི་འཐད་དེ། བློ་རང་གི་རིགས་འདྲ་སྔོན་དུ་མ་སོང་བར་ལུས་ལས་སྐྱེ་ན་བློ་སྐྱེས་ཕན་ཆད་ལུ༷ས་ཀྱི་བློ་སྐྱེད་པའི་ནུ༷ས་པ༷་ནི་ཅི་ཡི་ཕྱིར་ན༷་ལྡོག་པ༷་ཡིན་ཏེ་སྔར་དང་ཁྱད་མེད་པར་བློ་མང་པོ་ཡང་ཡང་སྐྱེད་པར་ཐལ་བ་དེ་ལ་ལྷག་པར་ཡང་སྐྱོན་དུ་གནས་སོ། །ཕྱིས་མི་སྐྱེད་ན་སྔར་ཡང་བསྐྱེད་པ་མི་འཐད་དོ།།
གཉིས་པ་དེར་དོགས་སྤོང༌བ་ལ། མདོར་བསྟན་པ་དང་དེའི་འཐད་སྒྲུབ། །དང་པོ།
གལ་ཏེ་ལུས་ནི་ལྡོག་པ་ན། །རྟེན་མིན་ཕྱིར་ན་སེམས་འབའ་ཞིག།གནས་འགྱུར་ཞེ་ན་གལ་ཏེ་དེའི། །རྒྱུ་འཇུག་འཐོབ་ཕྱིར་སེམས་ཀྱི་རྒྱུན།།གནས་རྒྱུ་ཡན་ལག་མི་འགྱུར་ན། །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ།།ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན།།ག༷ལ་ཏེ་ཁྱོད་ལྟར་ན་ཤེས་པ་རིགས་འདྲ་རྒྱུན་མི་འཆད་པར་སྐྱེ་བ་ཡོད་ལ། ད་ལྟའི་ལུ༷ས་འདི་ནི་ཞིག་ཅིང་ལྡོག་པ༷་ན༷་སེམས་དེ་ནི་ལུས་ལ་རྟེན་པ་ཅན་མིན་པའི་ཕྱིར་ན༷་དེ་ཕན་ཆད་སེམས་འབ༷འ་ཞིག་ཡན་གར་དུ་གན༷ས་པར་འགྱུ༷ར་ཏེ། རྟེན་མིན་པ་ལ་ལྷན་ཅིག་གནས་པའི་ངེས་པ་མེད་པ་ཡིན་ནོ་ཞེ་ན༷། ག༷ལ་ཏེ་ཕྱི་མའི་ལུས་དེའི་རྒྱུ༷་བར་མ་ཆད་དུ་འཇུ༷ག་པ་འཐོབ་པའི་ཕྱིར་རམ་ཆེད་དུ་སེམས་ཀྱི་རྒྱུ༷ན་ལུས་ལ་གན༷ས་པའི་རིགས་འདྲ་བར་མ་ཆད་ཀྱི་རྒྱུ༷་ཡོད་ཅིང་དེ་འདྲའི་སེམས་དེ་ལུས་འགྲུབ་པའི་ཡ༷ན་ལ༷ག་གམ་ལྷན་ཅིག་བྱེད་རྐྱེན་དུ་མི་འགྱུ༷ར་བ་ཞིག་ན༷་ལུས་ལ་མི་བརྟེན་པར་སེམས་འབའ་ཞིག་གནས་པ་ཡོད་དེ་གཟུགས་མེད་དུ་སྐྱེ་བ་བཞིན་ནོ། །ལུས་ཕྱི་མའི་རྒྱུ་དེས་ལུས་ཕྱི་མར་དངོས་སུ་འགྲུབ་པ་ལ་ཕྱོགས་པའི་འཇུག་པ་དེ་ཐོབ་མི་འཐོབ་ནི་སེམས་ལ་རག་ལས་ཏེ་གཟུགས་ལ་ཆགས་པ་དང་མ་བྲལ་བའི་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་ན་དེས་འཇུག་པ་ཐོབ་སྟེ་ས་བོན་རླན་གྱིས་བརླན་པ་བཞིན་ནོ། །ལུས་ཕྱི་མའི་རྒྱུ་ཞེས་པ་གང་ཡིན་སྙམ་ན། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ༷་འགགས་ཁ་མའི་སྐད་ཅིག་ཐ་མ་གང་ཡིན་པ་དེ་ནི་ལུ༷ས་གཞ༷ན་ཕྱི་མ་སྐྱེད་པ༷འི་ཉེ་བར་ལེན་པའི་རྒྱུ༷་ཉིད་ཡིན་པས་དེ་ལ་ལུས་ལ་སྲེད་པ་དང་བཅས་པའི་སེམས་ཀྱི་རྐྱེན་ཡོད་ན། འཆི་སྲིད་ཀྱི་མཐར་བར་སྲིད་ཀྱི་ལུས་གྲུབ་ནས་ཡང་མངལ་ལ་སོགས་པར་སྐྱེ་བ་ཡིན་ནོ། །དེ་ལྟར་བསྟན་པ་འདི་ཙམ་གྱིས་དབང་པོ་སོགས་རིགས་འདྲ་སྔོན་སོང་གྲུབ་པ་ཡིན་ལ། དོན་དུ་ན་སེམས་ཀྱི་བག་ཆགས་སད་པ་ཙམ་ལས་ལུས་སུ་སྣང་བར་ཤེས་པར་བྱ་སྟེ། སྔ་མའི་ལུས་སུ་སྣང་བའི་བག་ཆགས་སད་པའི་སྐྱེ་མཆེད་ལྔ་པོ་འདིས་ཉེར་ལེན་བྱས། ཡིད་བློ་ལུས་ལ་སྲེད་པ་དང་བཅས་པས་ལྷན་ཅིག་བྱེད་རྐྱེན་བྱས་ནས་སླར་ཡང་ལུས་སེམས་བར་མ་ཆད་པར་སྣང་སྟེ་རྨི་ལམ་གྱི་ལུས་བཞིན་ནོ། །ཡང་ས་བོན་རླན་བྲལ་ལྟར་ལུས་ལ་སྲེད་པ་བྲལ་ནས་བློ་དེ་ལུས་སྣང་བའི་ལྷན་ཅིག་བྱེད་རྐྱེན་དུ་མ་སོང་ན་རེ་ཞིག་ལུས་སུ་མི་སྣང་བར་གཟུགས་མེད་དུ་སྐྱེ་སྟེ་གཉིད་འཐུག་པོར་ལོག་པའི་སྐབས་བཞིན་ནོ། །དེ་ལྟ་ན་ཡང་དེའི་རྒྱུ་དོན་བདག་འཛིན་གྱི་རྩ་བ་ཅན་གྱི་སྐྱེ་མཆེད་ལྔར་སྲེད་པ་གོམས་པའི་བག་ཆགས་སད་རུང་ཡོད་པ་དེ་རེ་ཞིག་བག་ལ་ཉལ་དུ་གནས་པ་ནམ་ཞིག་མངོན་དུ་གྱུར་ནས་ལུས་སུ་སྣང་བ་ནི་གཉིད་འཐུག་ལས་སླར་རྨི་ལམ་གྱི་ལུས་སུ་སྣང་བ་བཞིན་ནོ། །དེ་ལྟར་རྣམ་པར་རྟོག་པའི་བག་ཆགས་གོམས་པ་ལས་ལུས་གནས་བདེ་སྡུག་སྣ་ཚོགས་པར་བར་མ་ཆད་དུ་འཁོར་བར་ཤེས་པར་བྱའོ།།
གཉིས་པ་དེའི་འཐད་སྒྲུབ་པ་ལ། གཞན་ལ་དེ་འགོག་གནོད་བྱེད་མེད། །གཞན་གྱི་སྒྲུབ་བྱེད་དོན་མེད་བསྟན། །དང་པོ།
དེ་ཡི་ཡན་ལག་དངོས་པོ་དང༌། །རྒྱུ་ཉིད་འགོག་ལ་མི་དམིགས་པ།།ངེས་བྱེད་མིན་པར་རབ་ཏུ་བཤད།།བཤད་མ་ཐག་པ་དེ་ལ་གཞན་གྱིས་གནོད་བྱེད་ལྟར་སྣང་བ་བརྗོད་པ་ནི། དེ་ལྟར་ཡིད་ཤེས་ལུས་དེ་ཡི་ཡ༷ན་ལ༷ག་གི་དངོས་པོའམ་ལྷན་ཅིག་བྱེད་པར་འདོད་པ་ད༷ང༌། དེ་ལྡན་སྐྱེ་མཆེད་ལྔ་རང་འབྲས་ཕྱི་མའི་རྒྱུ༷་ཉིད་ཡིན་པར་འདོད་པ་མི་འཐད་པར་འགོག་པ་ལ༷་དེ་འདྲའི་རྒྱུ་རྐྱེན་གྱིས་འཇིག་རྟེན་ཕྱི་མའི་ལུས་འགྲུབ་པ་མི་དམིགས་པ༷་རྟགས་སུ་བཀོད་པ་ནི་བསྒྲུབ་བྱ་ངེས་བྱེད་མིན་པ༷ར་སྔར་ར༷བ་ཏུ༷་བཤ༷ད་ཟིན་ཏོ།།
གཉིས་པ་གཞན་སྒྲུབ་བྱེད་ལྟར་སྣང་བ་བརྗོད་པ་ནི།
དབང་སོགས་ཀྱང་ནི་ལྷག་ལྡན་ཡིན། །དབང་པོ་སྔ་མ་རང་རིགས་པའམ།།92ནུས་པ་དག་ནི་མཐོང་བ་ཡིན། །93འགྱུར་བ་མཐོང་ཕྱིར་གཞན་དང་གཞན།།སྐྱེ་བ་དག་ཀྱང་འགྲུབ་པ་94ཉིད། །གལ་ཏེ་ལུས་ལས་དེ་སྐྱེ་ན།།སྔ་མ་བཞིན་དུ་ཐལ་བར་འགྱུར། །སེམས་ལས་ཤེ་ན་ལུས་གཞན་ཡང༌།།འདི་ཉིད་ལས་ནི་སྐྱེ་བར་འགྱུར། །དེས་ན་རྒྱུ་དང་བྲལ་བའི་ཕྱིར།།ཐ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར།།དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད།།དེ་འདྲའི་སྐྱེ་མཆེད་ལྔ་ཕྱི་མའི་ཉེར་ལེན་མིན་ཏེ་དབ༷ང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར་ཞེས་དང༌། སོགས་པའི་སྒྲས་ཡིད་ཤེས་རྐྱེན་མིན་ཏེ་སེམས་ཡིན་པའི་ཕྱིར་ཞེས་དང༌། གཞན་ཡང་དངོས་པོ་ཡིན་པའི་ཕྱིར་དང༌། ལག་པ་དང་ལྡན་པའི་ཕྱིར་སོགས་སྒྲུབ་བྱེད་དུ་རློམ་པ་དག་ཀྱ༷ང་ནི་ལྷ༷ག་ལྡ༷ན་མ་ངེས་པ་ཡིན་ཏེ་དབང་པོ་ཡིན་པ་སོགས་ལ་གཞན་དང་མཚམས་མི་སྦྱོར་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །ཇི་ལྟར་ན་ཚེ་འདིའི་དབ༷ང་པོ་སྔ༷་མ༷་སྔ་མ་ནི་ར༷ང་གི་རིགས་འདྲ་ཕྱི་མ་ཕྱི་མ་སྐྱེད་པ༷འ༷མ་ཕན་འདོགས་པའི་ནུ༷ས་པ༷་ད༷ག་ནི་མཐོང་བ༷་ཡིན་ནོ། །དེ་མ་མཐོང་སྟེ་ལུས་དང་དབང་པོ་ནི་སྔ་ཕྱི་འགག་པའི་རིམ་པ་མེད་དེ། ཇི་སྲིད་དུ་གནས་ནས་འཆི་བའི་ཚེ་ལྡོག་པ་ཙམ་མོ་སྙམ་ན་མ་ཡིན་ཏེ། དབང་པོ་གསལ་མི་གསལ་སོགས་གནས་སྐབས་འགྱུ༷ར་བ༷་མཐོང་བའི་ཕྱིར་གཅིག་མ་ཡིན་པ་དེས་ན་སྔ་མ་ལས་ཕྱི་མ་གཞ༷ན་ད༷ང་གཞ༷ན་སྐྱེ་བ༷་ད༷ག་ཀྱང༷་འགྲུ༷བ་པ༷་ཉིད་ཡིན་ནོ། །ག༷ལ་ཏེ་དབང་པོ་གསལ་འགྲིབ་ལ་སོགས་པ་རང་གི་རིགས་རྒྱུན་ལ་མི་ལྟོས་པར་ལུ༷ས་ལ༷ས་དེ་སྐྱེའོ་ཞེ་ན༷། སྔ༷་མ༷་ལུས་མི་ལྡོག་ན་སེམས་མི་ལྡོག་པར་ཐལ་བ་དང༌། བློ་དུ་མ་ཅིག་ཅར་འབྱུང་བ་ཉིད་དུ་བརྗོད་པ་ལ་སོགས་པ་བཞིན་དུ༷་ཐ༷ལ་བ༷ར་བརྗོད་པའི་སྐྱོན་དེ་འདི་ལའང་མཚུངས་པར་འགྱུ༷ར་རོ། །གལ་ཏེ་ད་ལྟའི་དབང་པོ་ནི་ད་ལྟའི་སེམས་ལ༷ས་སྐྱེའོ་ཤེ་ན༷། ད་ལྟའི་སེམས་ལས་ད་ལྟའི་དབང་པོ་སྐྱེ་ན་ཕྱི་མའི་ལུ༷ས་གཞ༷ན་ཡ༷ང་སེམས་འདི་ཉིད་ལ༷ས་ནི་སྐྱེ་བ༷ར་ཡང་འགྱུ༷ར་རོ། །མཇུག་བསྡུ་བ་ནི། ལུས་ཤེས་པའི་རྒྱུ་མིན་པ་དེས་ན༷་རྒྱུ༷་ལུས་ད༷ང་བྲ༷ལ་བ༷འི་ཕྱིར་འཆི་བའི་ཚེ་ཐ༷་མ༷་ཡི་ནི་སེམས་རྣ༷མས་ཀུ༷ན་ཕྱི་མའི་སེམས་དང་མཚ༷མས་སྦྱོར་བ་མེད་པ༷་མིན་པ་དེའི་ཕྱིར། རྒྱུ་ལུས་དང་བྲལ་བ་སོགས་དེ་འདྲ༷འི་སྒྲུ༷བ་བྱེད་ནི་ལྷ༷ག་ལྡ༷ན་མ་ངེས་པ་ཡིན་པར་འདོད་དོ།།
གཉིས་པ་གོམས་པ་མཐའ་མེད་དུ་མི་སྲིད་པར་རྩོད་པ་ལ། རྩོད་པ་དང་ནི་དེ་ལན་གཉིས། །དང་པོ།
གོམས་ལས་ཁྱད་པར་འགྱུར་ན་ཡང༌། །མཆོངས་དང་ཆུ་ཡི་དྲོད་བཞིན་དུ།།རང་བཞིན་ལས་འདས་མིན་ཞེ་ན།།དེ་ལྟར་སྐྱེ་བའི་རྒྱུན་གྲུབ་པ་ན་བརྩེ་སོགས་གོམས་པ་ལ༷ས་སྔར་བས་ཁྱ༷ད་པ༷ར་ཡོད་པར་འགྱུ༷ར་ན༷་ཡ༷ང༌། མཐའ་མེད་དུ་འཕེལ་མི་སྲིད་དེ་ཇི་ལྟར་ན་མཆོངས་པ་ཇི་ལྟར་གོམས་ཀྱང་ཚད་མེད་དུ་མཆོངས་མི་སྲིད་པ་ད༷ང༌། ཆུ༷་ཇི་ལྟར་བསྐོལ་ཀྱང་དེ་ཡི་དྲོད་མཐའ་མེད་དུ་འཕེལ་མི་སྲིད་པ་བཞིན་དུ༷། ཚད་ཡོད་པ་ཅན་གྱི་ར༷ང་བཞིན་ལ༷ས་ནི་འད༷ས་པ་ཡོད་པ་མིན་ཏེ་རང་རང་གི་ཚད་དེ་ལས་བོགས་དབྱུང་བ་མི་སྲིད་པ་ཡིན་ནོ་ཞེ་ན༷།།
གཉིས་པ་དེ་ལན་བསྟན་པ་ལ། ཁྱད་པར་འགྱུར་དང་ཚད་མེད་གཉིས། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ།
བྱས་ཏེ་གལ་ཏེ་སླར་ཡང་ནི། །འབད་རྩོལ་ལ་ནི་ལྟོས་འགྱུར་རམ།།རྟེན་མི་བརྟན་པ་ཉིད་འགྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན།།རང་བཞིན་དེ་འདྲའང་མ་ཡིན་ཏེ།།ཚད་མེད་པར་མི་འཕེལ་བ་ལ་རྒྱུ་གཉིས་ཏེ། གོམས་པར་བྱ༷ས་པ་ཏེ་ག༷ལ་ཏེ་སླ༷ར་ཡ༷ང་ནི་འབ༷ད་རྩོལ་ལ༷་ནི་ལྟོས་ནས་བར་མ་ཆད་པར་རྒྱུན་ཆགས་སུ་འཇུག་པར་མི་འགྱུ༷ར་བ་དང༌། ར༷མ་ཞེས་སྡུད་ཚིག་གོ །ཡང་ན་རྒྱུ་རྒྱུན་ཆད་དེ་རྟེན་མི་བརྟ༷ན་པ༷་ཉིད་དུ་འགྱུ༷ར་ན༷་ཁྱ༷ད་པ༷ར་ད༷ག་ནི་མཐའ་མེད་དུ་མི་འཕེལ་བ་ཞིག་ན༷་ཡང༌། བརྩེ་སོགས་གོམས་པའི་ར༷ང་བཞིན་ནི་སྔ་མ་དེ་དག་གི་རང་བཞིན་དེ་དང་འདྲ་བའ༷ང་མ༷་ཡིན་ཏེ་ཞེས་སོ།།
གཉིས་པ་རྒྱས་པར་བཤད་པ་ལ།ཁྱད་པར་འགྱུར་མི་འགྱུར་ཁྱད་བསྟན། །དེ་དག་ཁྱད་གཞིར་སྦྱར་བ་འོ། །དང་པོ།
དེ་ལ་ཕན་འདོགས་ནུས་པ་རྣམས། །ཁྱད་པར་ཕྱི་མ་དག་ལ་ནི།།སྒྲུབ་པའི་ནུས་པ་མེད་ཕྱིར་དང༌། །རྟག་ཏུ་རྟེན་གནས་མ་ཡིན་ཕྱིར།།ཁྱད་པར་འཕེལ་ཡང་རང་བཞིན་ཉིད། །མིན་ཕྱིར་གང་ཚེ་བྱས་གྱུར་པ།།ཡང་རྩོལ་ལ་ལྟོས་མི་འགྱུར་ན། །རྩོལ་གཞན་ཁྱད་པར་བྱེད་པར་འགྱུར།།སྔ་མ་དེ་འདྲའི་རང་བཞིན་ཡོད་པ་ཅན་གང་ཡིན་ལ་བརྩེ་སོགས་གོམས་པ་དེ་འདྲ་མིན་པའི་རྒྱུ་མཚན་གང་ཞེ་ན། འདི་ལྟར་མཆོངས་སོགས་དེ་ལ༷་ཕ༷ན་འདོགས་པའི་ནུ༷ས་པ༷་རྩོལ་བ་རྣ༷མས་ནི་ཐད་ཀའི་འབད་པ་དེས་རང་འབྲས་མཆོངས་པ་དེ་ཙམ་སྐྱེད་ཀྱི། རང་གི་རིགས་འདྲ་ཕྱི་མའི་ཁྱ༷ད་པ༷ར་ཕྱི་མ༷་ད༷ག་ལ༷་ནི་བར་མ་ཆད་དུ་འཇུག་པའི་ཚུལ་གྱིས་ཕན་འདོགས་པ་སྒྲུ༷བ་པ༷འི་ནུ༷ས་པ༷་མེད་པའི་ཕྱིར། སླར་མཆོངས་པ་ན་ཡང་རྩོལ་བ་བསྐྱེད་དགོས་ཀྱི་སྔར་གྱི་རྩོལ་བ་དེས་མཆོངས་པ་མིན་པས་ན་མཐའ་མེད་དུ་འཕེལ་བའི་རང་བཞིན་ཅན་མིན་པ་ད༷ང༌། ཆུ་བསྐོལ་བ་ན་སྐམ་པར་གྱུར་ནས་རྟེན་ནམ་རྒྱུ་རྒྱུན་ཆད་ལ། མ་ཆད་པའི་དུས་སུའང་རྟ༷ག་ཏུ༷་ཚ་བ་དེ་ཡི་རྟེན་དུ་གན༷ས་པ་མ༷་ཡིན་ཏེ། ཚ་བ་དེའི་ཆོས་མིན་པའི་ཕྱིར་མེ་དང་བྲལ་ན་སླར་གྲང་བར་འགྱུར་རོ། །མཆོངས་གོམས་པ་ལས་ཇེ་བཟང་དང་ཆུ་བསྐོལ་བ་ལས་དྲོད་ཀྱི་ཁྱ༷ད་པ༷ར་རེ་ཞིག་བར་འཕེལ་ཡ༷ང༌། མཐའ་མེད་པར་འཕེལ་མི་རུང་གི་ར༷ང་བཞིན་ཉིད་མིན་ཏེ་དངོས་པོའི་ཆོས་ཉིད་ཀྱིས་མཐའ་མེད་དུ་མི་འཕེལ་བའི་རྒྱུ་མཚན་ཅན་དུ་གནས་པའི་ཕྱིར་མཐའ་མེད་དུ་མི་འཕེལ་ལོ། །ག༷ང་ཚེ་སྔར་གོམས་པར་བྱ༷ས་པར་གྱུ༷ར་པ༷་དེ་བར་མ་ཆད་དུ་འགྱུར་བ་ཙམ་ལས། ཡ༷ང་རྩོལ་བ་ཆེད་དུ་བསྐྱེད་པ་ལ༷་ལྟོས་པར་མི་འགྱུ༷ར་བ་ཞིག་ན༷་རྩོལ་བའམ་གོམས་པ་གཞ༷ན་ཕྱི་མ་རྣམས་ཁྱ༷ད་པ༷ར་ཆེར་འཕེལ་བར་བྱེད་པ༷ར་འགྱུ༷ར་བས་ན་དེའི་ཚད་གཟུང་བར་མི་ནུས་སོ།།
གཉིས་པ་དེ་དག་ཁྱད་གཞིར་སྦྱར་བ།
སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གི་ངང་གིས་འཇུག་འགྱུར་ཏེ།།མེ་ལ་སོགས་པས་ཤིང་དག་དང༌། །དངུལ་ཆུ་དང་ནི་གསེར་སོགས་བཞིན།།དེ་ཕྱིར་དེ་དག་ལས་སྐྱེས་ཏེ། །ངོ་བོ་ཉིད་སྐྱེས་ཡོན་ཏན་ཡིན།།དེས་ན་རྩོལ་བ་ཕྱི་མ་དང༌། །ཕྱི་མ་ཁྱད་པར་བྱེད་པ་ཡིན།།སེམས་ལ༷་སེམས་ཀྱི་ཡོན་ཏན་བརྩེ་བ་དང་བྱམས་པ་ཤེས་རབ་སོགས་གོམས་པའི་དབང་གིས་སྐྱེ་བ་ན་གོམས་པར་གྱུར་པ་ན། མཆོངས་པ་དང་མི་འདྲ་བར་རྒྱུན་ཆགས་པར་ར༷ང་གི་ང༷ང་གིས་འཇུ༷ག་པར་འགྱུ༷ར་ཏེ་དཔེར་ན་མེ་དང་ཁ་སྦྱོར་ལ༷་སོགས་པ༷ས་ཤིང་ད༷ག་སྲེག་པ་ད༷ང༌། དངུ༷ལ་ཆུ༷་སྦྱང་བ་ད༷ང་ནི་གསེར་དང་ཟངས་སོགས་ལེགས་པར་སྦྱང་བ་ན་འབད་རྩོལ་ཇེ་ཆུང་དང་དངོས་པོ་ཇེ་དག་ཏུ་འགྲོ་བ་བཞིན་ནོ། །ཇི་ལྟར་ན་མེ་ཤིང་སྐམ་པོ་ལ་འཇུག་པ་ནི་གེགས་མེད་ན་ཇི་སྲིད་དུ་ངང་གིས་འབར་བར་འགྱུར་ཞིང་རིགས་འདྲ་རྒྱུན་མ་ཆད་པར་བྱུང་བས་བུད་ཤིང་ལྷག་མ་མ་ལུས་པ་སྲེག་ནུས་པ་ལྟར་བློ་ལ་བརྩེ་སོགས་གོམས་པ་ཡང་དེ་འདྲ་བར་ངང་གིས་འཇུག་པའི་དཔེའོ། །ཡང་དངུལ་ཆུ་གཡའ་ཕྱི་བ་སོགས་རིམ་བཞིན་སྦྱང་བ་ནི་སྔ་མ་དག་པའི་ཡོན་ཏན་མི་ལྡོག་པར་ཕྱི་མ་ཕྱི་མར་ཡོན་ཏན་ཇེ་འཕེལ་དུ་གྱུར་ནས་བཅུད་ཀྱིས་ལེན་གྱི་ཡོན་ཏན་ཡོངས་སུ་གྲུབ་པའི་བར་དུ་ཁྱད་པར་འཕེལ་ཏེ་ཡོན་ཏན་དེ་དག་དངུལ་ཆུའི་ཆོས་སུ་གནས་པས་ན་རང་གི་ཆོས་དེའི་རྟེན་དུ་བརྟན་པར་གནས་པ་ཡིན་ནོ། །དེ་བཞིན་དུ་གསེར་ལེགས་པར་བཞུ་བཏུལ་མ་བྱས་པ་དག་དང་པོ་ཁ་སྦྱོར། གཉིས་པ་སོགས་སུ་འཚོད་པའི་བྱ་བ་རིམ་བཞིན་བསྒྲུབས་པས་ཕྱིས་ཡོངས་སུ་དག་པ་ན་ཡང་བཞུ་བཏུལ་བྱ་བ་སོགས་ལ་མི་ལྟོས་པར་ཁྱད་པར་གོང་ནས་གོང་དུ་འཕེལ་བ་ཡིན་ནོ། །དཔེ་ཕྱི་མ་འདི་གཉིས་ནི་རྟེན་བརྟན་པར་འགྱུར་བའི་དཔེ་ཡིན་ལ། དེ་བཞིན་དུ་བརྩེ་སོགས་ཁྱད་པར་དུ་གྱུར་པའི་ཆོས་དེའི་རྟེན་སེམས་ཀྱང་ཇེ་དག་ཏུ་སོང་ནས་ཡོན་ཏན་དེ་དང་མི་འབྲལ་བའི་ཚུལ་བསྟན་པ་ཡིན་ནོ། །ཚུལ་དེ་ཡི་ཕྱིར་བརྩེ་སོགས་གོམས་པ་ནི་ཆུ་ལ་དྲོད་ལྟར་མ་ཡིན་པར་རང་གི་རྟེན་སེམས་དེ་ད༷ག་ལ༷ས་སྐྱེས་པ་ཡིན་ཏེ་སེམས་རང་གི་ངོ་བོ་ཉིད་ལས་སྐྱེས་པའི་ཡོན་ཏ༷ན་ཡིན་ནོ།།95དེ་ལྟར་རིགས་འདྲའི་རྒྱུན་བྱུང་ཞིང་རྟེན་བརྟན་པ་དེས་ན༷་སེམས་ལ་བརྩེ་སོགས་གོམས་པའི་རྩོལ་བ༷་ནི་ཕྱི་མ༷་ད༷ང་ཕྱི་མ༷་ཇེ་བས་ཇེ་བཟང་དུ་འཕེལ་ཞིང་ཁྱ༷ད་པ༷ར་ཅན་དུ་བྱེད་པ༷་ཡིན་ནོ།།
གཉིས་པ་ཚད་མེད་ལ། དངོས་དང་རྩོད་པ་སྤོང་བ་གཉིས། །དང་པོ།
གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན།།བརྩེ་བ་ལ་སོགས་བློ་དེ་དག །གོམས་པ་གྱུར་ན་གང་ལ་གནས།།དེ་ལྟར་ཁྱད་པར་འཕེལ་དུ་ཆུག་ཀྱང་ཚད་མེད་པ་མི་སྲིད་དེ། གསེར་ལ་སོགས་པ་ཡོངས་སུ་སྦྱང་བ་མཐར་ཐུག་པ་ན་འཕེལ་དུ་མེད་པ་བཞིན་ཚད་ངེས་པ་ཅན་དུ་འགྱུར་རོ་ཞེ་ན། གང་ལ་ཚད་ཡོད་པ་ཅན་གྱི་དངོས་པོ་ལ་ཚད་ཐུག་པ་ཡོད་ཀྱང་ཚད་མེད་པ་ཅན་ལ་ཚད་གཟུང་མི་ནུས་ཏེ། ག༷ང་གི་ཕྱིར་ན་སེམས་ཀྱི་བརྩེ་བ་སོགས་རིགས་མཐུ༷ན་སྔ༷་མ༷་ཡི་ཉེར་ལེན་ནམ་ས༷་བོན་ལ༷ས་ནི་འཕེལ་བ༷་ཅ༷ན་གྱི་བརྩེ་བ༷་དང་བྱམས་པ་ཤེས་རབ་ལ༷་སོགས་པའི་བློ་དེ་ད༷ག་གེགས་མེད་ངང་གིས་གོམས་པ༷ར་གྱུ༷ར་པ་ན༷། ཚད་ག༷ང་དང་ཇི་ལྟ་བུ་ལ༷་གན༷ས་ཏེ་དེའི་ཚད་འདིའོ་ཞེས་ཇི་ལྟར་གཟུང་བར་བྱ་ཞེས་སོ།།
གཉིས་པ་རྩོད་པ་སྤོང་བ་ལ། གཞན་ཡང་ཚད་མེད་ཐལ་བ་སྤང༌། །ས་བོན་ལས་བྱུང་རྩོད་པ་སྤང༌། །དང་པོ།
དེ་ལྟར་མཆོངས་ཉིད་ལས་མཆོངས་མིན། །དེ་རྒྱུ་སྟོབས་དང་འབད་རྩོལ་དག།ནུས་པ་ངེས་པ་ཉིད་ཀྱི་ཕྱིར། །མཆོངས་པ་ངེས་པའི་བདག་ཉིད་ཡིན།།དེ་ནི་དང་པོ་ཕྱིས་ཉིད་དུ། །96མཆོངས་མིན་ལུས་མི་མཐུན་པའི་ཕྱིར།།རྩོལ་བས་རིམ་གྱིས་མི་མཐུན་པ། །བསལ་ན་རང་སྟོབས་ཉིད་དུ་གནས།།གལ་ཏེ་རྩོལ་བ་བར་མ་ཆད་དུ་བྱུང་བས་མཐའ་མེད་དུ་འཕེལ་སྲིད་ན་མཆོངས་ཀྱི་རྩོལ་བ་མ་བཏང་བར་སྦྱང་ན་སྤྲེའུ་དང་བྱ་ཁྱུང་མཉམ་པའི་དུས་ཡོད་ལ། དེའི་ཚུལ་གྱིས་མཐའ་མེད་དུ་མཆོངས་པའང་ཡོད་པར་འགྱུར་རོ་ཞེ་ན། བློ་གོམས་པ་དེ་ལྟ༷ར་མཆོངས་སྔ་མ་ཉིད་ལ༷ས་མཆོངས་ཕྱི་མ་ཁྱད་པར་དུ་གྱུར་ནས་མཐའ་མེད་པར་འཕེལ་བ་མིན་ཏེ། མཆོངས་དེ་ཡི་རྒྱུ༷་ལུས་ཀྱི་སྟོབས་རང་ཉིད་ནུས་པ་ཚད་ཅན་དུ་ངེས་པ་ད༷ང༌། སྟོབས་སྔ་མ་ལས་དེ་འབྱུང་ཞིང་སྟོབས་ཕྱི་མ་སྐྱེད་པ་འཕྲལ་གྱི་འབ༷ད་རྩོལ་ད༷ག་ཀྱང་ལུས་ལ་བརྟེན་པའི་ཆོས་ཡིན་པས་ནུ༷ས་པ༷་ངེས་པ༷་སྟེ་ཚད་ཅན་ཡིན་པ་ཉིད་ཀྱི་ཕྱིར་མཆོངས་པ༷་ནི་ཇི་ལྟར་གོམས་ཀྱང་ཚད་ངེས་པ༷འི་བད༷ག་ཉིད་ཅན་ཡིན་གྱི་ཚད་མེད་པ་མཐའ་མེད་དུ་མཆོངས་པ་མི་སྲིད་དོ། །གལ་ཏེ་འདི་གོམས་པས་ཁྱད་པར་དུ་མི་འགྱུར་བ་ཞིག་ན་ཕྱིས་གོམས་པའི་དུས་བཞིན་དུ་དང་པོ་ནས་མཆོངས་རིགས་པ་ལ་དེ་མི་ནུས་པས་རྩོལ་བ་ལས་ཁྱད་པར་དུ་འཕེལ་དུ་ཡོད་པ་ནི་མངོན་སུམ་ཡིན་ལ། འཕེལ་དུ་ཡོད་ན་མཐའ་མེད་པར་ཡང་མི་འཕེལ་བ་ཅི་ཡིན་ཞེ་ན། མཆོངས་པ་གོམས་པ་པོ་དེ་ནི་ད༷ང་པོ་ནས་ཀྱང་ཕྱིས་གོམས་པའི་གནས་སྐབས་ཉིད་བཞིན་དུ༷་མཆོངས་ནུས་པ་མིན་ཏེ། སྔ་མའི་ལུ༷ས་ལ་མཆོངས་ནུས་པ་དང་མི་མཐུ༷ན་པ་བད་ཀན་སོགས་ལྕི་བའི་ཁམས་ཀྱི་གེགས་ཡོད་པས་སྔ་ཕྱིའི་ལུས་མི་འདྲ་བར་གྱུར་པ༷འི་ཕྱིར་རོ། །རྩོལ་བ༷ས་རིམ་གྱིས་མི་མཐུ༷ན་པ༷་དེ་དག་བསལ་བ་ན་ཇི་ལྟར་བསལ་བའི་རིམ་པ་བཞིན་མཆོངས་ཁྱད་པར་དུ་འཕེལ་ཡང་མཐར་མི་མཐུན་པ་ཡོངས་སུ་བས༷ལ་བ་ན༷་ར༷ང་གི་ལུས་ལ་སྟོབས་ཅི་ཡོད་པ་ཉིད་མངོན་དུ༷་འགྱུར་གྱི་དེ་ལས་ལྷག་པར་འཕེལ་དུ་མེད་དེ་སྟོབས་རང་གི་ངོ་བོ་ཚད་བཅས་སུ་གན༷ས་པའི་ཕྱིར་བྱ་དང་སྤྲེའུའི་ལུས་ཀྱི་རྩལ་བཞིན་ནོ།།
གཉིས་པ་ས་བོན་ལས་བྱུང་རྩོད་པ་སྤང༌བ།
བརྩེ་རང་ས་བོན་ལས་བྱུང་བ། །གལ་ཏེ་རང་ས་བོན་རྒྱུ་ཅན།།
མི་མཐུན་ཕྱོགས་ཀྱིས་གནོད་མེད་ན། །སེམས་ལ་དེ་བདག་ཉིད་དུ་འགྱུར།།འདི་ལྟར་གོམས་པ་སྔ་མ་དང༌། །སྔ་མའི་སེམས་ཆོས་བརྩེ་བ་དང༌།།ཆགས་བྲལ་བློ་སོགས་གཞན་དག་གི །གསལ་བ་ཡི་ནི་རྩ་བ་ཡིན།།གོམས་ལས་བརྩེ་བའི་བདག་ཉིད་དེ། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན།།གལ་ཏེ་བརྩེ་སོགས་རང་གི་རིགས་མཐུན་པའི་ས་བོན་ལས་བྱུང་བ་ཡིན་ན་དེ་ཐོག་མ་མེད་པ་ནས་ཡོད་དགོས་ལ། དེ་འདྲའི་ས་བོན་དེ་འཕེལ་ནས་སྐྱེས་བུ་ཐམས་ཅད་ཤིན་ཏུ་སྙིང་རྗེའི་བདག་ཉིད་ཅན་དུ་ཅི་སྟེ་མི་འགྱུར། གལ་ཏེ་མ་གྱུར་ན་ཕྱིས་གྲངས་མེད་གསུམ་སོགས་སུ་གོམས་ཀྱང་མཐའ་མེད་པར་མི་འགྱུར་རོ་ཞེ་ན། བརྩེ་བ་ནི་སེམས་ཀྱི་ཆོས་ཡིན་པས་ར༷ང་གི་ས༷་བོན་སྔ་མ་ལ༷ས་བྱུ༷ང་བ༷་ཡིན་ནའང་དེ་འཕེལ་བའི་གེགས་ཞེ་སྡང་སོགས་མེད་ན་དེའི་བདག་ཉིད་དུ་འགྱུར་མོད་ཀྱི་གེགས་ཡོད་པས་ན་ཐོག་མ་མེད་པ་ནས་ཡོད་པའི་ས་བོན་ཅན་ཡིན་ཡང་མཐའ་མེད་དུ་འཕེལ་བར་མི་འགྱུར་རོ། །དེ་ལྟ་ནའང་བྱང་ཆུབ་སེམས་དཔའ་རྣམས་ལའང་མཐའ་མེད་དུ་འཕེལ་མི་སྲིད་པ་མ་ཡིན་ཏེ། ག༷ལ་ཏེ་སྡང་བ་ར༷ང་གི་ས༷་བོན་ཅན་གྱི་རྒྱུ༷་ཅ༷ན་ནམ་འབྲས་བུ་ཞེ་སྡང་སོགས་བརྩེ་བ་དེའི་མི་མཐུ༷ན་ཕྱོགས་ཀྱིས་གནོད་པ་མེད་ན༷་ནི་སེམས་ལ༷་བརྩེ་སོགས་དེ་ཡི་བད༷ག་ཉིད་ཇི་ལྟ་བར་མངོན་དུ༷་འགྱུ༷ར་བ་ཡིན་ནོ། །དེ་འདྲའི་ས་བོན་མེད་ན་ནི་དེ་དག་སེམས་ཀྱི་ཆོས་ཡིན་པར་གཞི་མ་གྲུབ་པས་སེམས་ལ་བརྩེ་བ་སྐྱེ་མི་སྲིད་པ་ཞིག་ན་ཡང་དེ་མ་ཡིན་ཏེ། རེ་ཞིག་མངོན་དུ་མ་གྱུར་ན་ཡང་སེམས་ཡིན་པའི་ཕྱིར་སྐྱེད་པར་མི་རུང་བ་མེད་དེ་སྲིན་པོ་དང་གཅན་གཟན་གཏུམ་པོ་དག་ཀྱང་རང་གི་བུ་ལ་བྱམས་པ་བཞིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱང་གསལ་མི་གསལ་ལས་མཁྱེན་པའི་ས་བོན་མེད་པའི་སེམས་མི་སྲིད་དོ། །དེས་ན་འདི་ལྟ༷ར་གོམས་པ༷་སྔ༷་མ༷་ད༷ང་སྔ༷་མ༷འི་སེམས་ཀྱི་ཆོས་བརྩེ་བ༷་ད༷ང༌། ཆ༷གས་བྲ༷ལ་དང་བློ་ཤེས་རབ་སོགས་ནི་གཞ༷ན་ཕྱི་མ་ཕྱི་མ་ད༷ག་གི་གས༷ལ་བ༷་སྟེ་མངོན་དུ་གྱུར་པ་ཡི་ནི་རྩ༷་བ༷འམ་ས་བོན་ནམ་རྒྱུ་ཡིན་ནོ། །དེས་ན་ས་བོན་དེ་ལས་གོང་ནས་གོང་དུ་འཕེལ་བར་གོམས་ཤིང་གེགས་མེད་པ་ལ༷ས་ནམ་ཞིག་བློ་བརྩེ་བ༷འི་བད༷ག་ཉིད་དམ་རང་བཞིན་དུ་འགྱུར་བ་ཡོད་དེ། དཔེར་ན་ཆ༷གས་བྲ༷ལ་གོམས་པས་བློ་དེའི་རང་བཞིན་དུ་གྱུར་པ་དགྲ་བཅོམ་པ་རྣམས་དང༌། ཆ༷གས་པ་གོམས་པའི་ཆགས་ལྡན་རྣམས་ད༷ང༌། མི་སྡུག་པ་གོམས་པས་ཡིད་ལོག་པ་རྣམས་ཀྱི་བློ་བཞིན་ནོ། །གལ་ཏེ་དེ་ལྟ་ན་བྱམས་སྡང་སོགས་ཐམས་ཅད་ཀྱི་ས་བོན་ཐོག་མ་མེད་པ་ནས་ཡོད་པར་མཚུངས་པས་བྱམས་པ་ཁོ་ནའི་ངང་ཅན་དུ་ཅི་སྟེ་འགྱུར་སྙམ་ན། ཉོན་མོངས་པ་རྣམས་ནི་གློ་བུར་བ་ཡིན་པས་དེའི་ས་བོན་དྲུང་ནས་འབྱིན་པའི་ཐབས་ཡོད་ལ། བརྩེ་སོགས་ཡང་དག་པའི་དོན་རྟོགས་པ་དང་འགལ་བ་མེད་པར་མ་ཟད་དེ་ལས་འཕེལ་བའང་ཡིན་པས་ན་སེམས་དང་འབྲལ་མི་རུང་གི་ཡོན་ཏན་ཡིན་ཏེ་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ།།
གཉིས་པ་སྦྱོར་བ་ཕུན་ཚོགས་སྟོན་པ་ལ།བརྩེ་ལས་ཐབས་ལ་གོམས་པ་འབྱུང༌། །ཐབས་དེ་ཇི་ལྟར་རྟོགས་པའི་ཚུལ། །ཐབས་གོམས་དེ་ཉིད་སྟོན་པར་བསྟན། །དང་པོ།
བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད།།ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན།།སྙིང་རྗེ་ཆེན་པོ་གོམས་པ་གོང་འཕེལ་དུ་འགྱུར་བ་ཡོད་ཀྱང་དེ་སྟོན་པ་ཚད་མའི་སྐྱེས་བུའི་སྒྲུབ་བྱེད་དུ་ཇི་ལྟར་འགྱུར་ཞེ་ན། རྒྱུའི་གནས་སྐབས་ལ་གནས་པའི་བརྩེ་ལྡ༷ན་བྱང་ཆུབ་སེམས་དཔའ་དེས་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུ༷ག་བསྔ༷ལ་གཞོམ་པ༷འི་ཕྱིར་སྡུག་བསྔལ་གཞོམ་པའི་ཐ༷བས་རྣ༷མས་ལ༷་ནི་མངོན་པར་སྦྱོར་བ་སྟེ་དང་དུ་ལེན་པར་མཛ༷ད་པ་ཡིན་ནོ། །ཅི་རང་གིས་ཐབས་མངོན་དུ་བྱས་པས་གཞན་གྱི་སྡུག་བསྔལ་ཇི་ལྟར་སེལ་ཞེ་ན། དང་པོར་རང་ཉིད་ཀྱིས་ཐ༷བས་ལས་བྱུ༷ང་བ་སྡུག་བསྔལ་ཉེ་བར་ཞི་བའི་འགོག་པ་དང༌། ཉེར་ཞི་དེ་ཡི་རྒྱུ༷་ལམ་གྱི་རང་བཞིན་མ་མཁྱེན་པར་ལྐོག་ཏུ་གྱུ༷ར་པ༷་ན། རྒྱུ་འབྲས་དེ་དག་ཚུལ་བཞིན་མ་ནོར་བར་གཞན་ལ་འཆ༷ད་པ༷་ནི་དཀ༷འ་བ༷་ཡིན་ཏེ་མི་ནུས་པའི་ཕྱིར་རོ།།
གཉིས་པ་ཐབས་དེ་ཇི་ལྟར་རྟོགས་པའི་ཚུལ།
ལུང་དང་རིགས་པས་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས།།སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོགས་པར་མཛད།།གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་ལྡོག་གཟིགས་པ་མེད་ཕྱིར་རོ།།དེ་རྒྱུ་གཞོམ་ཕྱིར་དེ་ཡི་ནི། །མི་མཐུན་ཕྱོགས་ལ་བརྟག་པ་མཛད།།རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། །དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར།།བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི།།རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན།།
དེ་ལྟར་ཐབས་འཚོལ་བ་དེས་ཐབས་སྟོན་པ་ཡང་དག་པའི་ལུ༷ང་གི་དོན་ད༷ང་རྗེས་སུ་མཐུན་པར་དངོས་སྟོབས་ཀྱི་རིགས་པ༷ས་རྣ༷མ་པར་དཔྱོད་པ༷་ན། འདི་ལྟར་སྡུ༷ག་བསྔ༷ལ་ཉིད་ཀྱི་ཆོས་རེས་འགའ་འབྱུང་བ་དང་འཕེལ་འགྲིབ་ལ་སོགས་པའི་ཁྱ༷ད་པ༷ར་དམིགས་པའི་རྒྱུ་མཚན་གྱིས་སྡུ༷ག་བསྔ༷ལ་དེ་ལ་རྒྱུ༷་ཡོད་པར་རྟོགས་པ་ད༷ང༌། རྒྱུ་དེ་ཡང་མི་རྟ༷ག་པ་དང་ལ༷་སོགས་པ་ཞེས་པས་རྒྱུ་དེའི་ངོ་བོའམ་མཚན་ཉིད་སོགས་ཀྱི་ར༷ང་བཞིན་ལའང་རང་གི་རྣམ་པར་དཔྱོད་པས་རྟོགས་པ༷ར་མཛ༷ད་པ་ཡིན་ནོ། །ཇི་ལྟར་ན་སྡུག་བསྔལ་འདི་རྒྱུ་ལས་མ་བྱུང་བ་ཞིག་ན་རྟག་ཏུ་ཡོད་མེད་དུ་ཐལ་བ་དང་འཕེལ་འགྲིབ་ཅན་གྱི་ཁྱད་པར་ཡོད་མི་སྲིད་ཀྱང་འདི་ལ་རྒྱུ་ཡོད་དོ་སྙམ་དུ་ཐུགས་སུ་ཆུད་དོ། །རྒྱུ་དེ་ཡང་ཇི་ལྟ་བུ་ཞེ་ན། རྟག་པ་ལས་གནས་སྐབས་སྣ་ཚོགས་པ་ཅན་གྱི་འབྲས་བུ་མི་སྐྱེད་པས་རྒྱུ་དེ་ཡང་མི་རྟག་པའི་རང་བཞིན་དུ་ངེས་སོ་སྙམ་དུ་རྟོག་གོ །དེ་འདྲའི་རྒྱུ་དེ་ཡང་དུས་དང་དབང་ཕྱུག་ལ་སོགས་པ་ཐུན་མོང་བ་གཅིག་མ་ཡིན་ཏེ་མྱོང་བ་མི་འདྲ་བ་སྣ་ཚོགས་པའི་འགྲོ་བ་རྣམས་ཀྱི་རང་གི་སེམས་རྒྱུད་ཀྱི་ཁྱད་པར་ལ་གནས་པ་ཞིག་སྟེ་རྒྱུན་གྱིས་འཇུག་པ་སྔ་མའོ་སྙམ་དུ་རྟོག་ཅིང་དཔྱོད་དོ། །རྒྱུན་གྱིས་འཇུག་པ་དེ་ལ་སེམས་གཙོ་བོ་ཡིན་གྱི་གཞན་མ་ཡིན་ལ་སེམས་ལ་བདག་ཏུ་འཛིན་པའི་ཀུན་རྟོག་ཡོད་པ་དེས་ཡུལ་སྣ་ཚོགས་དང་དུ་ལེན་ཞིང་འདུ་བྱེད་པར་འགྱུར་ཏེ། ཁབ་ལེན་ཡོད་པ་ལས་ལྕགས་ཀྱི་ཐུར་མ་གཡོ་བ་བཞིན་དུ་རྒྱུ་ཡི་མཚན་ཉིད་ཀྱང་ཡང་དག་པའི་ལུང་གི་སྣང་བ་དང་འགྲོགས་པའི་ཤེས་རབ་ཀྱི་མིག་གིས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནུས་པ་ཡིན་ནོ། །ག༷ང་གི་ཕྱིར་སྡུག་བསྔལ་གཞོམ་པར་འདོད་པས་དེ་ལྟ༷ར་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་ནན་ཏན་དུ་རྟོག་ཅིང་དཔྱོད་པར་མཛད་ཅེ་ན། རྒྱུ་མ་ལོག་པར་གན༷ས་པ་ཞིག་ན༷་འབྲ༷ས་བུ་སྡུག་བསྔལ་གཏན་ནས་ལྡོག་པ་མ་གཟིགས་པའམ་གཟིགས་པ༷་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་དེ་ཡང་གཞོམ་རུང་བ་ཅན་དུ་ཤེས་ནས་སྡུག་བསྔལ་དེ་ཡི་རྒྱུ༷་གཞོམ་པའི་ཕྱིར་དེ་ཡི་ནི་མི་མཐུ༷ན་ཕྱོགས་གང་ཡིན་ཞེས་དེའི་གཉེན་པོ་ལ༷་བརྟ༷ག་པ༷་མཛ༷ད་པ་ཡིན་ཞིང༌། དེ་ཡི་ཚེ་ན་རྒྱུ༷་ཡི་ངོ་བོ་མ་ནོར་བར་རྟོགས་པ་སྟེ་ཁོང་དུ་ཆུད་པ༷འི་ཕྱིར་རྒྱུ་དང་འགལ་བ་དེ་ཡི་མི་མཐུ༷ན་ཕྱོགས་ཀྱ༷ང་ངེས་པར་འགྱུ༷ར་རོ། །དེ་ལ་སྡུག་བསྔལ་མཐའ་དག་གི་རྒྱུ་ཁོང་དུ་ཆུབ་ན་རྒྱུ་གང་ཡིན་ལ་དེའི་གཉེན་པོ་ཇི་ལྟར་ཡིན་ཞེ་ན། བད༷ག་ཏུ་འཛིན་པ་ད༷ང་བད༷ག་གིར་འཛིན་པར་བྱ༷ས་པ༷་འཇིག་ཚོགས་ལ་ལྟ་བ་གང་ཞིག་ལས་ཉོན་གྱིས་འདུ༷ས་བྱ༷ས་པའི་ཕུང་པོ་ལྔའི་སྤྱོད་ཡུ༷ལ་ཅ༷ན་ཞེན་པའམ་ཆ༷གས་པ་ཡི་བློ་འདི་ནི་རྒྱུ༷་ཡིན་ལ་དེ་ཡི་གནོད་པར་བྱེད་པ༷་དྲུང་ནས་འབྱིན་པའི་གཉེན་པོ་ནི་བད༷ག་མེད་པར་མཐོང་བ༷་ཡི་བློ་ཡིན་ཏེ་དེ་གཉིས་དམིགས་པ་དང་རྣམ་པ་འག༷ལ་བ༷་ཡིན་པས་སྣང་མུན་བཞིན་ནོ།།དེ་ཡང་གང་ལ་ཆགས་ན་རང་རྒྱུད་ཀྱི་ཕུང་པོ་ལའོ། །ཇི་ལྟར་ན་ཕུང་པོ་ལྔའི་རྒྱུན་དང་ཚོགས་པ་བློས་མ་ཕྱེ་བར་ངའོ་སྙམ་པའི་བདག་ཏུ་ཞེན་པར་བྱེད་ཅིང༌། ཕུང་པོ་དེར་གཏོགས་པའི་ཆོས་ལ་ངའི་མིག་ཅེས་སོགས་བདག་གི་བར་ཆགས་པ་ཡིན་ནོ།།དེས་ན་བདེ་སྡུག་བར་མས་བསྡུས་པའི་སྲིད་པ་ནི་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། དེར་བློ་ཆགས་པ་ལས་སྲིད་པར་གནས་པ་དེ་ཙམ་མ་གཏོགས་འཁོར་བའི་རྒྱུ་གཞན་གྱི་བྱེད་པ་པོ་ནི་རྡུལ་ཙམ་མི་དམིགས་ཏེ། དེ་ལོག་ན་སྲིད་པ་ཡོངས་སུ་འཛིན་པ་ལྡོག་པ་དང༌། དེ་མ་ལོག་ན་རྒྱུ་གཞན་གང་གིས་ཀྱང་འཁོར་བ་མི་ལྡོག་པར་རིགས་པས་གྲུབ་པའི་ཕྱིར་རོ། །སྲེད་པ་ཡང་རྒྱུར་གོང་དུ་མ་བསྟན་ནམ་ཞེ་ན། བསྟན་ཏེ་གང་དུ་སྐྱེ་བ་ལེན་པའི་རྒྱུ་སྲེད་པ་ཡིན་མོད་ཀྱི་དེའི་ཡང་མེད་ན་ནི་འབྱུང་བ་ནི་བདག་ཏུ་འཛིན་པ་ཡིན་ཏེ་བདག་ཏུ་འཛིན་པ་མ་ལོག་ན་སྲེད་པ་སྤང་མི་ནུས་ལ་དེ་ལོག་ན་སྲེད་པ་འབྱུང་བར་མི་འགྱུར་རོ། །ཡང་ན་བདག་དང་བདག་གིར་འཛིན་པར་བྱས་པའི་དབང་གིས་འདུས་བྱས་ཀྱི་སྤྱོད་ཡུལ་ལ་ཆགས་པའི་སྲེད་པ་ནི་རྒྱུ་ཞེས་ཀྱང་འགྲེལ་པ་རྣམས་སུ་བཤད་དོ། །བདག་འཛིན་དེ་སྤོང་མི་ནུས་སམ་སྙམ་ན། དེའི་ཡུལ་ལ་ཡང་དག་པའི་རིགས་པས་གནོད་པ་ཅན་ཡིན་ཏེ། རྒྱུན་དང་སྐད་ཅིག་དུ་མའི་འདུས་བྱས་ཀྱི་སྤྱོད་ཡུལ་ལ་བདག་ཏུ་དམིགས་པ་ཙམ་ལས་བདག་མ་གྲུབ་པས་ཐག་ཁྲ་ལ་སྦྲུལ་འཛིན་ལྟར་ཕྱིན་ཅི་ལོག་ཏུ་བཟུང་བ་གོམས་པ་ཙམ་ཡིན་པས་ལྡོག་ནུས་སོ།།
གསུམ་པ་ཐབས་གོམས་དེ་ཉིད་སྟོན་པར་བསྟན་པ།
རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས།།དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར།།དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན།།ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན།།དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད།།དེ་ལྟར་ཆགས་བྲལ་ཙམ་གྲུབ་ཀྱང་ཆགས་པ་དང་བྲལ་ཙམ་གྱིས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ་ཉན་རང་དགྲ་བཅོམ་ལྟ་བུ་ཡིན་ན་བདག་མེད་པར་རྟོགས་པ་དེ་ཙམ་ཚད་མའི་སྐྱེས་བུ་སྟོན་པ་ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་དུ་ཇི་ལྟར་རུང་སྙམ་ན། འཁོར་བའི་སྡུག་བསྔལ་མ་ལུས་པ་གཏན་དུ་ཞི་བའི་ལམ་ཡང་དག་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་དེ་ལ་ལམ་གྱི་གནས་སྐབས་ཀྱི་རྣམ་པ་དུ་མར་རམ། ཤེས་བྱའི་རྣ༷མ་པ༷་དུ༷་མ༷ར་འཇུག་པའི་ཤེས་རབ་དྲི་མ་མེད་པ་ཉིད་ཏིང་ངེ་འཛིན་ལ་སོགས་པ་ཐ༷བས་ཀྱི་ཕྱོགས་ཤིན་ཏུ་མ༷ང་པོ་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པ་ཡུ༷ན་རིང་པོའི་དུ༷ས་སུ༷་གོམས་པར་མཛད་པ༷་ལ༷ས། དཔེར་ན་བཟོ་གནས་སོགས་བསྟན་བཅོས་གོམས་ན་སྐྱོན་རགས་པ་ནས་ཕྲ་བའི་བར་དུ་རིམ་བཞིན་རྟོགས་པ་ལྟར། ཐབས་མཐའ་ཡས་པ་དང་བཅས་ཏེ་ཤེས་རབ་ཤིན་ཏུ་སྦྱངས་པའི་རྣལ་འབྱོར་པ་དེ་ལ༷་བདག་གི་རྒྱུད་དུ་གཏོགས་པའི་མི་ཤེས་པ་སོགས་ཉེས་པ་ཆེས་ཕྲ་བའི་སྐྱོན་ད༷ང༌། དེའི་གཉེན་པོར་གྱུར་པ་ཡོན་ཏ༷ན་གྱི་ཕྱོགས་ད༷ག་ཤེས་པའི་བློ་གྲོས་ར༷བ་ཏུ༷་གས༷ལ་བ༷་ཉིད་དུ༷་འབྱུང་བར་འགྱུ༷ར་ཞིང༌། སྤང་བྱ་དེ་དག་གཉེན་པོས་ངང་གིས་བཅོམ་པ་དེས་ན༷་ཐུ༷གས་ཀྱ༷ང་གཞན་ལས་ཁྱད་པར་དུ་གས༷ལ་བ༷འི་ཕྱིར་ཆེས་ཁྱད་པར་དུ་འཕགས་ལ། གསལ་བ་རབ་ཀྱི་མཐར་ཐུག་པའི་ཡེ་ཤེས་དེའི་ངང་དུ་གྱུར་པ་ན། ཉི་མའི་དཀྱིལ་འཁོར་ལ་མུན་པའི་སྐབས་མི་ཐོབ་པ་ལྟར་འཁོར་རྒྱུ་བདག་ཏུ་འཛིན་པའི་རྒྱུ༷་ཡི་བ༷ག་ཆ༷གས་ཤིན་ཏུ་ཕྲ་ཞིང་ཕྲ་བའང་ཟད་པར་སྤ༷ངས་པའི་ཡེ་ཤེས་མཐར་ཐུག་པ༷་བརྙེས་པ་ཡིན་ལ། ཐུ༷བ་པ་ཆེན་པོ་གཞ༷ན་གྱི་དོན་ལ་འཇུ༷ག་པ་ཅ༷ན་གྱི་བསེ་རུ༷་རང་རྒྱལ་དང་ལ༷་སོགས་པ་ཞེས་པའི་ཉན་ཐོས་དགྲ་བཅོམ་པ་དང༌། ཁྱ༷ད་པར་ནི་བག་ཆགས་མ་ལུས་པ་སྤངས་པ་འདི་ཡིན་ནོ།།དེ་ལྟར་ཐབས་གོམས་པ་དེ་ནི་གདུལ་བྱ་ལ་ལམ་བསྟན་པའི་དོན་ནམ་ཆེད་དུ་ཡིན་པ་དེ་ཡི་ཕྱིར་ན༷་སྟོན་པའི་རྒྱུ་ཐ༷བས་གོམས་པ༷་དེ་ཉིད་སྒྲུབ་བྱེད་དུ་བཤད་པའི་སྐབས་འདིར་འབྲས་མིང་རྒྱུ་ལ་བཏགས་ནས་སྟོན་པ༷་ཞེས་བྱ་བ་ཡིན་པ༷ར་འདོད་དོ།།
གསུམ་པ་97མཇུག་བསྡུ་ནི།
གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད།།
འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། སྦྱོར་བ་ནི་འགྲོ་བ་ལ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ་ཞེས་གསུངས་པས་སྡུག་བསྔལ་ཞི་བའི་ཐབས་གཞན་ལ་དངོས་སུ་སྟོན་པ་ལ་སྟོན་པ་ཞེས་གསུངས་པ་མིན་ནམ་འདིར་སྟོན་པའི་རྒྱུ་ལ་བཤད་པ་ཅི་ཞེ་ན། སྦྱོར་བ་ཞེས་པ་ལ་སོགས་པ་དེར་ཡང་དངོས་སུ་སྟོན་པར་བསྟན་པ་མིན་ཏེ་སྟོན་པར་བཞེད་པ་ཡིན་ལ། དེ་ཡང་རྒྱུ་དུས་ཀྱི་ཐབས་གོམས་པ་དེ་ལ་དེའི་མིང་གིས་བཏགས་པའོ། །བཏགས་པའི་དགོས་པ་ནི་སེམས་ཅན་རྣམས་ལ་སྟོན་པར་རུང་བའི་རྒྱུ་ལ་ཁྱད་པར་གྱི་མིང་གིས་བསྟན་པའོ།།དེ་ལྟར་ཡིན་པའི་ཤེས་བྱེད་ནི་འབྲས་བུའམ་ཚད་མར་གྲུ༷བ་པའི་ངོ་བོ་བདེ་གཤེགས་དང་སྐྱོབ་པ་ལ༷ས། ད༷ང་པོ་སྟེ་སྔོན་དུ་ཕན་བཞེད་དང་སྟོན་པ་གཉིས་དེའི་རྒྱུའམ་སྒྲུབ་བྱེད་དུ་གསུངས་ལ་བསྒྲུབ་བྱའམ་གྲུབ་འབྲས་དེ་གཉིས་ཀྱི་སྔོན་དུ་སྒྲུབ་བྱེད་འདི་གཉིས་ངེས་པར་འབྱུ༷ང་བ༷འི་ཕྱིར། ཕན་བཞེད་དང་སྟོན་པ་གཉིས་པོ་འདི་ནི་ཚད་མའི་སྐྱེས་བུར་འཁྲུངས་པའི་སྒྲུབ་བྱེད་དམ་རྒྱུ༷་རུ་བཤ༷ད་པ་ཡིན་པས་སྒྲུབ་བྱེད་དུ་བཀོད་པའི་སྐབས་ན་རྒྱུ་ཉིད་དུ་གཟུང་བར་བྱ་བ་ཡིན་ནོ།།
གཉིས་པ་འབྲས་བུ་ཕུན་ཚོགས་བཤད་པ་ལ། རང་དོན་ཕུན་ཚོགས་བདེ་གཤེགས་བཤད། །གཞན་དོན་ཕུན་ཚོགས་སྐྱོབ་པ་བཤད། །དང་པོ་ལ། མདོར་བསྟན་པ་དང་རྒྱས་བཤད་གཉིས། །དང་པོ།
རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་་་་་།སྒྲུབ་བྱེད་དེ་གཉིས་ལས་ཚད་མའི་སྐྱེས་བུར་ཇི་ལྟར་གྲུབ་སྙམ་ན། གཟིགས་པ་ཕྱིན་ཅི་མ་ལོག་པ་མངའ་བ་དོན་གཉིས་ཕུན་སུམ་ཚོགས་པའི་གོ་འཕང་མི་གཡོ་བ་ལ་གནས་པས་ན་དེ་སྐད་དུ་བྱ་སྟེ། རང་དོན་ཕུན་ཚོགས་ནི་སྡུག་བསྔལ་གྱི་རྒྱུ༷་རྩད་ནས་སྤ༷ངས་པས་ན་ཡོན་ཏ༷ན་གསུ༷མ་གྱི་ཁྱད་པར་མངའ་བ་ནི་བདེ་གཤེགས་ཞེས་བྱ་བ་ཉིད་ཡིན་ཏེ། སུ་ག་ཏའི་སྒྲ་ལས་དྲངས་ན་ལེགས་པར་གཤེགས་པ། སླར་མི་ལྡོག་པར་གཤེགས་པ། མ་ལུས་པར་གཤེགས་པ་གསུམ་གྱི་ཁྱད་པར་དང་ལྡན་པ་ལ་མཚན་དེ་སྐད་དུ་བརྗོད་དོ།།
གཉིས་པ་རང་དོན་ཕུན་ཚོགས་རྒྱས་པར་བཤད་པ་ལ། ལེགས་པར་གཤེགས་དང་མི་ལྡོག་དང༌། །མ་ལུས་པར་ནི་གཤེགས་པ་གསུམ། །དང་པོ།་་
་་་སྡུག་བསྔལ་རྟེན་མིན་ཕྱིར། །ལེགས་ཡིན་དེ་ནི་བདག་མེད་པ།།མཐོང་བའམ་སྦྱོར་བ་ལས་ཡིན་ནོ།།དུས་ནམ་དུ་ཡང་སྐྱེ་བ་སོགས་སྡུ༷ག་བསྔ༷ལ་གྱི་རྟེན་དུ་གྱུར་པ་མིན་པའི་ཕྱིར་ན་ལེགས་པའམ་མཛེས་པའམ་བསྔགས་པར་གཤེགས་པའམ་སྤངས་པ་ཞེས་བྱ་བ་ཡིན་ཏེ། དེ་ནི་གང་ལས་ཤེ་ན། སྡུག་བསྔལ་ཀུན་གྱི་རྩ་བ་སྤོང་བྱེད་བད༷ག་མེད་པ༷་དེ་རིགས་པས་ངེས་པ་ལྟར་མཐོང་ལམ་དུ་མཐོང་བ༷འ༷མ་སྒོམ་ལམ་དུ་མཐོང་ཟིན་གོམས་པར་བྱས་པའམ་སྦྱོར་བ༷་ལ༷ས་ལྷུན་གྱིས་གྲུབ་པར་མཐར་ཕྱིན་པ་ཡིན་ནོ། །དེ་ལྟར་སྡུག་བསྔལ་གྱི་རྟེན་མ་ཡིན་པ་དེ་ནི་བསྔགས་པ་ཡིན་ལ། རིགས་པས་གྲུབ་པའི་ཐབས་དེས་དེར་སོང་བ་ལ་གཤེགས་པ་ཞེས་པ་སྟེ་ཟག་བཅས་གྱི་སྐྱོན་དང་མ་འདྲེས་པས་སྐྱེས་བུ་ལུས་མཛེས་པ་བཞིན་ནོ། །དེས་གཞན་ཕྱི་རོལ་པ་སོགས་ལས་ཁྱད་ཕྱེ་བའོ།།
གཉིས་པ་མི་ལྡོག་པར་གཤེགས་པ།
སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན།།བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ།།དེ་བདེན་ཐ་དད་བདག་ཉིད་ཀྱིས།།སླར་ལྡོག་པ་ནི་ཇི་ལྟ་བུ། མི་ལྡོག་པ་ནི་གང་ཅིའི་ཕྱིར་མི་ལྡོག་ཅེ་ན། འཁོར་བར་སླར་ཡང་སྐྱེ་བ་ད༷ང་དེར་སྐྱེ་བའི་རྒྱུ་ཆགས་སོགས་སྐྱོན་རྣམས་ནི་མ་སྤངས་པས་སླར་ཡང་ཀུ༷ན་ནས་འབྱུ༷ང་བ་ད༷ག་ནི་སླ༷ར་ཡ༷ང་ལྡོག་ཅེས་བཤ༷ད་པ༷་ཡིན་ལ། སངས་རྒྱས་ནི་བད༷ག་ལྟ༷འི་ས༷་བོན་མ་ལུས་པ་དྲུང་ནས་སྤ༷ངས་པ༷འི་ཕྱིར་སྡུག་ཀུན་གྱི་ཉེས་པ་ཕྲ་མོ་ཡང་མི་སྐྱེ་བའི་ཆོས་ཅན་དུ་མཛད་པས་ན་སླ༷ར་མི་གཤེགས་པ༷་ཉིད་ཡིན་ནོ། །ཉེས་པ་སླར་ཡང་སྐྱེ་བའི་སྐབས་མི་སྲིད་པ་ཅིའི་ཕྱིར་ན། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་གནས་ལུགས་བདེན་པའི་དོན་ལ་མཐའ་གཅིག་ཏུ་ཞུགས་པ་ཡིན་ལ། དེ་དང་དམིགས་རྣམ་འགལ་བའམ་ཐ༷་ད༷ད་པ་ནི་དེ་ལ་ནམ་ཡང་སྐྱེ་བ་གནས་མེད་ཅིང་སྐབས་མེད་ལ། བློ་དེ་ལྟ་བུའི་ངང་ཚུལ་དུ་གྱུར་པའི་བད༷ག་ཉིད་ཀྱིས་ཡིན་ཏེ་ནམ་མཁའ་ལ་ཚོན་མི་ཆགས་པའམ་ཉི་མའི་དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །དེས་ནི་རྒྱུན་དུ་ཞུགས་པ་སོགས་ལས་ཀྱང་ཁྱད་ཞུགས་པར་བསྟན་ཏེ་སླར་མི་ལྡོག་པ་རིམས་ནད་ལེགས་པར་བྱང་བ་བཞིན་ནོ།།
གསུམ་པ་མ་ལུས་པར་ནི་གཤེགས་པ་ལ། དངོས་དང་དེ་ལ་རྩོད་སྤོང་ངོ༌། །
དང་པོ།
ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང༌།།
ལམ་བཤད་མི་གསལ་ཉིད་ལུས་ཡིན། །98གོམས་ཕྱིར་མ་ལུས་སྤངས་པ་ཉིད།།ལུ༷ས་ང༷ག་སེམས་ཀྱི་གན༷ས་ང༷ན་ལེན་དུ་གྲགས་པ་གང་ཞིག དེའི་ངོ་བོ་ལ་འཁོར་རྒྱུའི་ཉོན་མོངས་མེད་པ་སྟེ་ཉོན་མོངས་ཅན་མིན་པ་ད༷ང༌། སྐྱེ་བ་སོགས་སྡུག་བསྔལ་གྱི་ནད་ཀྱི་རྟེན་མིན་པས་ན༷ད་མེད་པ་དེ་ལྟ་བུ་ནི་ཉན་རང་དགྲ་བཅོམ་པས་མ་སྤངས་པ་ཡིན་ཏེ། ལུས་ཀྱི་གནས་ངན་ལེན་མཆོངས་པ་ད༷ང་གླང་ཆེན་གཏུམ་པོ་དང་ཕྲད་པ་སོགས་དང༌། ངག་གི་གནས་ངན་ལེན་སྨད་འཚོང་དང་སྨྲ་བ་དང་རྟ་གད་དུ་དགོད་པ་དང་གཞན་ལ་དམངས་རིགས་ཞེས་པ་ལྟ་བུ་སོགས་ལུང་མ་བསྟན་གྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྨྲ་བ་དང༌། སེམས་རྟག་ཏུ་མཉམ་པར་མ་བཞག་པས་ལུང་མ་བསྟན་གྱི་སྐབས་ཀྱི་སེམས་ནགས་ཐིབ་པོར་ལམ་ནོར་བ་ལྟ་བུ་སོགས་དང་མཉམ་པར་བཞག་ཀྱང་མི་ཤེས་པ་ཡོད་པས་གནས་ངན་ལེན་གྱི་སེམས་འབྱུང་བ་ཡོད་ལ་དེ་དག་ནི་ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་གནས་ངན་ལེན་དང་གཞན་ཡང་ཐེག་པ་གསུམ་གྱི་ལ༷མ་དཔྱིས་ཕྱིན་པར་བཤ༷ད་པ་ལ་ཐུགས་མི་གས༷ལ་བ་ཉིད་ནི་ཉན་རང་དགྲ་བཅོམ་པ་དེ་དག་གིས་མ་སྤངས་པར་ལུ༷ས་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ནི་བདག་མེད་པ་ཤིན་ཏུ་གོམས་པའི་ཕྱིར་བདག་ལྟའི་བག་ཆགས་ཕྲ་མོའང་སྤངས་པས་ན་གནས་ངན་ལེན་དེ་ལྟ་བུ་སོགས་སྤང་བྱའི་ལྷག་མ་མ༷་ལུ༷ས་པ་སྤ༷ངས་པ༷་ཉིད་དེ་བུམ་པ་ཡོངས་སུ་གང་བ་བཞིན་ནོ།།
གཉིས་པ་དེ་ལ་རྩོད་སྤོང་བ་ལ། མདོར་བསྟན་པ་དང་རྒྱས་བཤད་གཉིས། །དང་པོ།
ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར་འདི་ལྡོག་ལ།།ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ།།རྒྱལ་དཔོགས་པ་སོགས་ཁ༷་ཅིག་གཏམ་སྨྲ༷་བ་དང༌། ལུས་དང་ལྡན་པ་དང༌། སེམས་དང་ལྡན་པ་དང༌། ཟས་གོས་ལ་ལོངས་སྤྱོད་པ་སོགས་ཀྱི་ཕྱིར་ན༷་ཆགས་སོགས་སྐྱོན་ཀུན་གཏན་ནས་ཟ༷ད་པ་མིན་ནོ་ཞེས་ཟེར་ཡང༌། རྟགས་འདི་འདྲ་མི་མཐུན་ཕྱོགས་ཉེས་ཟད་ལ་ཡོད་ཀྱང་འགལ་བ་མེད་པས་ན་ལྡོག་པ་གྲུབ་པ་ལ༷་ཐེ་ཚོམ་ཟ༷་བ༷་དེ་ཕྱིར་དེ་སྒྲུབ་ལ་འཁྲུ༷ལ་པ་ཅན་ཡིན་ནོ།།
གཉིས་པ་རྒྱས་པར་བཤད་པ།
རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར།།
སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན།།རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང༌།།རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན།།མ་ལུས་པ་སྤངས་པ་མི་སྲིད་པ་རྒྱུ་མཚན་གང་ལས་ཡིན་ཏེ། ཆགས་སོགས་སྐྱོན་རྣམས་རྟ༷ག་པ་ཉིད་ཡིན་པའི་ཕྱིར་སྤོང་དུ་མེད་པ་ཞིག་ཏུ་འགྱུར་ར༷མ་ཡང་དེ་དག་སྤོང་བའི་ཐ༷བས་གཏན་མེད་པའི་ཕྱིར་མི་སྤོང་བ་ཡིན་ནམ། ཡ༷ང་ན༷་ཐ༷བས་ནི་ཡོད་ཀྱང་མི་ཤེས་པའི་ཕྱིར་སྐྱེས་བུས་དེ་སྤོང་མི་ནུས་པའི་རྒྱུ་མཚན་ལས་སྐྱོན་རྣ༷མས་ནི་རྩད་ནས་མི་ཟ༷ད་པ་ཉིད་ཅེས་བྱ་བ༷ར་ཡོངས་སུ་རྟོག་གྲ༷ང་ན༷། དེ་གསུམ་གང་ཡང་མ་ཡིན་ཏེ་སྐྱོན་རྣམས་རེས་འགའ་འབྱུང་བས་རྒྱུ༷་ཡོད་པའི་ཕྱིར་རྟག་པ་མིན་པ་ད༷ང༌། རྒྱུ༷་དེ་ཡི་ནི་གཉེན་པོ་གོམས་པ༷ས་ཟ༷ད་པར་སྲིད་པའི་ཕྱིར་ཐབས་མེད་པའང་མིན་པ་ད༷ང༌། རྒྱུ༷་ཡི་ར༷ང་བཞིན་གང་མེད་ན་འདི་ཀུན་མི་འབྱུང་བ་དེ་ཡང་ཁོང་དུ་ཆུབ་ནུས་ཏེ།འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེས། །ཞེས་གསུངས་པ་ལྟར་དེ་ཡི་རྒྱུ་གང་ཡིན་ཤེས་པ༷་ཡིས་དེ་དང་འགལ་བའི་གཉེན་པོ་དེ་ཤེས་པ༷་ཡ༷ང་ཡོངས་སུ་གྲུ༷བ་པ༷་ཡིན་པས་ཐབས་མི་ཤེས་པ་མིན་པས་དེ་འདྲའི་ཐབས་ལ་ནན་ཏན་རབ་ཀྱི་མཐར་ཕྱིན་ན་ཉེས་པ་མ་ལུས་པ་སྤོང་བ་ཡོད་པ་ཡིན་ནོ།།
གཉིས་པ་གཞན་དོན་ཕུན་ཚོགས་སྐྱོབ་པ་ནི།
སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་རྫུན་མི་གསུངས།།ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཀྱང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ།།དེ་ཕྱིར་ཚད་ཡིན་་་་་།གོང་དུ་བཤད་པ་ལྟར་བརྩེ་བ་ལས་སྟོན་པ་འབྱུང་ཞིང༌། དེ་རབ་ཀྱི་མཐར་ཕྱིན་པ་ལས་བདེ་གཤེགས་འབྱུང་ལ་དེ་འདྲའི་ཡོན་ཏན་གསུམ་མངའ་བའི་བདེ་གཤེགས་ལས་སྐྱོབ་པ་འབྱུང་སྟེ། ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱོབ་པ༷་ཡིན་ཏེ་ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལ༷མ་དེ་མཐར་ཕྱིན་པ་ན་གཞན་ལའང་དེ་དག་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པར་གསུ༷ངས་པ༷་ཉིད་ཀྱི་ཕྱིར་རོ། །དེ་འདྲའི་ལམ་དེས་སྡུག་བསྔལ་མཐའ་དག་ལས་གཏན་དུ་སྐྱོབ་པར་བྱེད་པས་ན་དེ་སྟོན་པ་པོ་ནི་དེ་ལྟར་གདུལ་བྱ་རྣམས་སྐྱོབ་པར་གྱུར་པ་ཡིན་གྱི། གཞན་རིག་བྱེད་ལ་སོགས་པ་སྟོན་པ་ནི་མ་ཡིན་ཏེ་ཐབས་དེས་སྐྱེ་རྒུ་འཁོར་བ་ལས་གཏན་དུ་སྐྱོབ་མི་ནུས་པའི་ཕྱིར་རོ།།ཉིད་ཀྱིས་ཡང་དག་པའི་དོན་གཟིགས་པ་མཐར་ཕྱིན་པ་ན་གཞན་ལ་སྟོན་པ་དེ་ནི་ཕྱིན་ཅི་མ་ལོག་པ་དང་ཉེས་པ་མེད་པའི་ཚིག་ཡིན་ཏེ་ཉེས་པའི་རྒྱུ་མེད་པའི་ཕྱིར་རོ། །ཇི་ལྟར་ཉེས་པའི་རྒྱུ་མེད་ཅེ་ན། འབྲ༷ས་བུའམ་དགོས་པ་མེད་པའི་ཕྱིར་ན༷་སེམས་ཅན་སླུ་བའི་རྫུ༷ན་མི་གསུ༷ངས་པ་ཡིན་ཏེ། འདི་ལྟར་ལོག་པར་སྟོན་པ་ནི་ཆགས་སྡང་སོགས་ཉེས་པའི་དབང་གིས་དགོས་པ་གཞན་དང་གཞན་ཡིད་ལ་བཞག་ནས་དེ་འགྲུབ་པའི་ཕྱིར་རྫུན་སྨྲ་བ་ཡིན་ན་ཆགས་སོགས་ཉེས་པ་ཡོངས་སུ་ཟད་པ་དེ་ལ་དེ་འདྲའི་ཞེ་འདོད་ཡོད་མི་སྲིད་པས་སོ།།གཞན་ཡང་ཆེད་དུ་བསམས་ནས་ལོག་པར་མ་བསྟན་ཀྱང་མི་ཤེས་པའི་དབང་གིས་ལོག་པར་སྟོན་སྲིད་ན་ཡང༌། འདི་ལ་མི་ཤེས་པ་མི་མངའ་བར་བསྒྲུབས་ཟིན་པས་ན་ལོག་པར་སྟོན་པ་མི་སྲིད་དོ།།དེས་ན་ལོག་པར་སྟོན་པའི་རྒྱུ་མེད་པས་ཉེས་ཟད་ཀྱི་ལུང་ཡིན་ནོ། །དེ་ལྟར་ཡིན་མོད་ཚིག་སྨྲ་བ་ནི་རྟོག་དཔྱོད་སྔོན་དུ་འགྲོ་བ་ཅན་ཡིན་ལ། སྨྲ་འདོད་ཀྱི་དོན་དེ་ལྟ་བུ་ཡིད་ལ་བཞག་ནས་འདི་ལྟར་གོ་བར་གྱུར་ཅིག་སྙམ་པ་དེ་ཆགས་པ་མིན་ནམ་ཞེ་ན། དེ་ལྟ་བུ་ལ་ཆགས་པ་ཞེས་མི་བྱ་སྟེ་རང་གི་དོན་མཐར་ཕྱིན་པས་ན་དེ་མ་སྨྲས་ཀྱང་རང་ལ་མི་རུང་བ་གང་ཡང་མེད་པས་ན་གཞན་ལ་སྨྲ་བ་ནི་རང་དོན་གྱི་དགོས་པའམ་འབྲས་བུ་ཅན་ཅུང་ཟད་ཀྱང་མིན་ཞིང༌། གཞན་ཡང་རང་ཉིད་ཆགས་བྲལ་གྱི་སྐྱེས་བུ་ཡིན་པར་ཡང་བསྒྲུབས་ཟིན་ཏོ།།དེས་ན་གཞན་ལ་རང་ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་སྟོན་པ་འདི་ནི་སྐྱེ་རྒུ་ཀུན་ལ་ཐུ༷གས་བརྩེ་བ་ཆེན་པོ་དང་ལྡ༷ན་པའི་ཕྱིར་སྔོན་སློབ་ལམ་གྱི་རྩོམ་པ་ཀུ༷ན་ཀྱ༷ང་གཞ༷ན་སེམས་ཅན་གྱི་དོན་དུ༷་སྦྱོར་བར་མཛད་པའི་འབྲས་བུ་མཐར་ཐུག་པའི་ལག་རྗེས་ཡིན་པའི་ཕྱིར་སེམས་ཅན་ལ་སླུ་བའི་ལམ་ཅི་ཕྱིར་སྟོན་ཏེ་མི་སླུ་བ་ཁོ་ནར་འགྱུར་རོ། །དེས་ན་སྐྱོབ་པ་ཡིན་ཏེ་རང་ཉིད་ཀྱིས་མཁྱེན་དུ་ཟིན་ཀྱང་གཞན་ལ་མ་བསྟན་ན་གཞན་སྐྱོབ་པར་མི་འགྱུར་ལ་བསྟན་པའི་སྒོ་ནས་སྐྱོབ་པའི་ཕྱིར་སྐྱོབ་པ་ཞེས་བྱ་བ་ཡིན་ནོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་ཐར་འདོད་རྣམས་ལ་ཚ༷ད་མའི་སྐྱེས་བུ་ཡིན་པར་གྲུབ་སྟེ་མི་སླུ་བའི་ཕྱིར་རོ།།
གཉིས་པ་སྐྱོབ་སོགས་ལུགས་བཟློག་ཤེས་བྱེད་བཤད་པ་ལ། སྐྱོབ་པའི་རང་བཞིན་གང་ཡིན་བཤད། །དེ་ལས་བདེ་གཤེགས་རྟོགས་པར་བསྟན། །དེ་ལས་སྟོན་པ་རྟོགས་པར་བསྟན། །དེ་ལས་བརྩེ་ལྡན་རྟོགས་པར་བསྟན། །དང་པོ་ལ། བདེན་བཞི་སྟོན་པ་སྐྱོབ་པར་བསྟན། །བདེན་བཞི་སོ་སོའི་རང་བཞིན་བཤད། །དང་པོ།
་་་་་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ།།ཡ༷ང་ན༷་ལུགས་བཟློག་གི་ཚུལ་གྱིས་ཤེས་བྱེད་ཀྱི་རྟགས་སུ་མཚོན་པར་བཤད་ན། སྐྱོབ་པ་ཡིན་པ་ནི་བདེན་པ༷་བཞི་ནི་སྟོན་པར་མཛ༷ད་པ་དེ་ལས་ཤེས་ཏེ་ཐབས་དེས་གདུལ་བྱ་རྣམས་སྐྱོབ་ངེས་པའི་ཕྱིར་ན་དེ་སྟོན་པ་པོ་སྐྱོབ་པར་གྲུབ་པ༷འོ།།དེས་ན་དབང་ཕྱུག་ལ་སོགས་པས་མཆོག་སྦྱིན་པ་དང༌། མེ་ལྔ་བསྟེན་པ་སོགས་ཐབས་མིན་པས་ནི་འཁོར་བ་ལས་གཏན་དུ་སྐྱོབ་པར་མི་ནུས་ཏེ་འཁོར་བའི་རྒྱུ་བཟློག་པ་མེད་ལ། བདེན་པ་བཞི་བསྟན་པས་ནི་གཏན་དུ་སྐྱོབ་ངེས་པར་དངོས་སྟོབས་ཀྱིས་གྲུབ་པས་ཐབས་དེ་སྟོན་པ་པོ་སྐྱོབ་པ་ཡིན་པར་ཡང་དག་པར་ཤེས་པར་ནུས་སོ། །དེ་ལྟར་ཡང་མདོ་ལས།འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌།།ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་ཆེ་ལ་སྐྱབས་འགྲོ་སྟེ།།སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། །སྐྱབས་དེ་ལ་ནི་བརྟེན་ནས་སུ།།སྡུག་བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང༌།།ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌།།སྡུག་བསྔལ་ཡང་དག་འདས་པ་དང༌། །འཕགས་ལམ་ཡན་ལག་བརྒྱད་པ་དེས།།མྱ་ངན་འདས་པར་འགྲོ་འགྱུར་གང༌། །འཕགས་པའི་བདེན་པ་བཞི་པོ་དག།ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ།།སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ།།
གཉིས་པ་བདེན་བཞི་སོ་སོའི་རང་བཞིན་བཤད་པ་ལ། ཤེས་བྱ་སྡུག་བསྔལ་བདེན་པ་བཤད། །སྤང་བྱ་ཀུན་འབྱུང་བདེན་པ་བཤད། །འཐོབ་བྱ་འགོག་པའི་བདེན་པ་བཤད། །བསྟེན་བྱ་ལམ་བདེན་བཤད་པ་འོ། །དང་པོ་ལ། སྡུག་བསྔལ་ཅན་གྱི་མཚན་གཞི་བཤད། །མཚན་ཉིད་སྡུག་བསྔལ་བདེན་པ་བཤད། །དང་པོ་ལ། དངོས་དང་དེ་ལ་ལོག་རྟོག་དགག །དང་པོ།
སྡུག་བསྔལ་འཁོར་བ་ཅན་ཕུང་པོ།།སྡུ༷ག་བསྔ༷ལ་ཞེས་བྱ་བ་གང་ཞེ་ན། སྐྱེ་འཆིའི་རྒྱུན་གྱིས་གཅིག་ནས་གཅིག་ཏུ་འཁོར་བ༷་ཅ༷ན་གྱི་ཟག་བཅས་ཉེ་བར་ལེན་པའི་ཕུ༷ང་པོ་འདི་ཡིན་ནོ། །འདི་སྡུག་བསྔལ་བའི་རང་བཞིན་དུ་ཇི་ལྟར་གྱུར་ཅེ་ན། ཟག་བཅས་ཀྱི་ཕུང་པོ་ཡིན་ཕན་ཆད་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཅི་རིགས་པ་དང་མི་ལྡན་པ་མེད་པས་ན་ཕུང་པོ་དེ་དག་དེ་ལྟར་སྡུག་བསྔལ་བའི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེ་ཡང་སྒྲོ་བཏགས་པ་མིན་པར་དངོས་པོའི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་བདེན་པ་ཞེས་བྱའོ།།
གཉིས་པ་དེ་ལ་ལོག་རྟོག་དགག་པ་ལ། འཁོར་བ་མེད་པར་འདོད་པ་འགོག །དེ་ཡི་ཉེས་སྤོང་ལན་དགག་པའོ།། དང་པོ།
གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ།།རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ།།རྒྱང་འཕེན་པ་ན་རེ། འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བ་མེད་དེ་སྔ་ཕྱིར་འགྲོ་འོང་མ་མཐོང་བའི་ཕྱིར་རོ། །དེས་ན་ད་ལྟའི་ཕུང་པོ་ཙམ་རྒྱུ་མེད་འདོད་རྒྱལ་དུ་བྱུང་ངོ་ཟེར་ན། ཇི་ལྟར་གོམས་པའི་ཤུགས་ལ༷ས་འདོད་ཆ༷གས་དང་སྡང་བ་བརྩེ་བ་དང་ཤེས་རབ་སོགས་གས༷ལ་བ༷་སྟེ་མངོན་དུ་གྱུར་པ་མཐོང་བའི་ཕྱིར། ཆགས་སོགས་རྒྱུ་མེད་དུ་བབ་བབ་འདོད་རྒྱ༷ལ་ཉིད་དུ་བྱུང་བ་མིན་ཏེ། དེ་ལྟར་ཡིན་ན་ནམ་འབྱུང་བ་དེ་ལས་གོམས་པའི་རྒྱུ་ལས་འཕེལ་བ་སོགས་མི་རུང་བའི་ཕྱིར་རོ། །དེ་ལྟར་འདོད་རྒྱལ་མིན་པའི་སྒྲུབ་བྱེད་བཀོད་ནས་འདོད་རྒྱལ་དུ་འདོད་པ་ལ་གནོད་པ་ཡོད་དེ། རྒྱུ༷་མེད་པར་ངོ་བོས་སྐྱེ་བ༷་ནི་འག༷ལ་བའི་ཕྱིར་ཏེ། ཡང་ན་རྒྱུ་མེད་པའི་ཕྱིར་རྟག་ཏུ་མི་འབྱུང་བའམ། ཡང་ན་རེས་འགའ་བ་མིན་པར་ཐམས་ཅད་དུ་ཡོད་པར་ཐལ་བའི་ཕྱིར་རོ།།
གཉིས་པ་དེ་ཡི་ཉེས་སྤོང་ལན་དགག་པ་ལ། འཁོར་བ་མེད་པའི་སྒྲུབ་བྱེད་བཀག །འཁོར་བ་ཡོད་པའི་སྒྲུབ་བྱེད་འགོད། །འཁོར་བ་མེད་ལ་གནོད་པ་སྟོན། །དང་པོ། རླུང་སོགས་ཉོན་མོངས་རྒྱུར་མི་འཐད། །དེས་ནི་འབྱུང་རྒྱུར་འདོད་པའང་ཁེགས། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ།
འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན།།རྒྱང་འཕེན་པ་ན་རེ། ཆགས་སོགས་ནི་ཐོག་མ་མེད་པའི་རིགས་འདྲ་སྔོན་སོང་ལས་སྐྱེ་བ་མིན་ཏེ་ལུས་ཀྱི་ཁམས་རླུང་ལ་སོགས་པའི་ཆོས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་རླུང་གི་ཁམས་ལས་གཏི་མུག་འཁོར་བཅས་འབྱུང་ཞིང༌། མཁྲིས་པ་ལས་ཞེ་སྡང་དང་ཤེས་རབ་སོགས་དང༌། བད་ཀན་ལས་ཆགས་པ་དང་སེར་སྣ་དང་བྱམས་སོགས་འབྱུང་བས་སོ་ཞེ་ན། རྗེས་སུ་འགྲོ་ལྡོག་འཁྲུ༷ལ་པའི་ཕྱིར་ཆགས་པ་ལ་སོགས་པ་ནི་རླུ༷ང་སོགས་ཉེས་པ་དེ་ཡི་ཆོས་མ༷་ཡིན་ཏེ། ཉེས་པ་དེ་དག་ཡོད་པ་ཙམ་གྱིས་ཆགས་སོགས་དེ་ཡོད་པར་མ་ངེས་ལ། ཉེས་པ་དེ་ཕྲི་ནས་སྔར་ལས་ལྡོག་པ་ན་ཆགས་སོགས་ལྡོག་པར་ཡང་མི་འགྲུབ་པས་སོ། །ཅིའི་ཕྱིར་ན།སྐྱེས་བུ་བད་ཀན་ཤས་ཆེ་བ་ལའང་འདོད་ཆགས་ཆུང་ལ་ཤེས་རབ་དང་ཞེ་སྡང་ཆེ་བ་སོགས་མཐོང་བའི་ཕྱིར་རོ། །དེ་ཡང་བད་ཀན་ཤས་ཆེ་བ་ནི་མདོག་དཀར་བ་ལུས་རྒྱས་པ་གཉིད་ཆེ་བ་འགུལ་བསྐྱོད་དཀའ་བ་སོགས་སོ། །མཁྲིས་པ་ཤས་ཆེ་བ་མདོག་སེར་བ་ལུས་ལ་དྲི་ང་བ་དྲོད་ཆེ་བ་སོགས་དང༌། རླུང་ཤས་ཆེ་བ་ཤ་སྐེམ་པ་མདོག་ནག་པ་འགུལ་བསྐྱོད་ཡང་བ་སྨྲ་བ་མང་བ་སོགས་སུ་བཤད་དོ།།
གཉིས་པ་རྒྱས་པར་བཤད་པ་ལ།བཀག་དང་རང་ལ་མི་མཚུངས་ཚུལ། །དང་པོ་ལ། རྒྱུ་འབྲས་འཆོལ་བར་ཐལ་བ་དང༌། །རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ། །འབྲས་བུ་གཅིག་ཏུ་ངེས་པར་ཐལ། །དང་པོ།
གལ་ཏེ་རང་བཞིན་འདྲེས་པའི་ཕྱིར། །སྐྱོན་མེད་ཅེ་ན་དེ་ཡི་ཆོས།།དེ་ལས་གཞན་ཡང་ཅིས་མ་མཐོང༌། །ཐམས་ཅད་འདོད་ཆགས་མཚུངས་པར་ནི།།ཐལ་ཕྱིར་ཀུན་གྱི་ཆོས་མ་ཡིན། །གཟུགས་སོགས་བཞིན་སྐྱོན་མེད་ཅེ་ན།།གལ་ཏེ་དེ་ལ་ཁྱད་པར་ཅན། །ལས་རྣམས་བདག་པོ་མ་ཡིན་ན།།དེར་ཡང་རྩོད་པ་མཚུངས་པ་ཡིན། །ཆགས་སོགས་རང་བཞིན་ཐམས་ཅད་ཀྱི།།ཆོས་ཡིན་པར་ཡང་འདོད་ན་ཀོ །ནུས་མེད་རང་བཞིན་མེད་པས་ན།།འབྲས་བུ་མི་མཚུངས་གང་ལས་ཡིན། །99སྐྱོན་རྣམས་ཁྱད་པར་ཡོད་ན་ཡང༌།།ཁྱད་པར་མེད་ཕྱིར་མ་གྲུབ་ཉིད། །མ་ཡིན་ཐམས་ཅད་འགྱུར་བ་ཡིས།།འགྱུར་ཕྱིར་ཀུན་ལས་སྐྱེ་བའང་མིན།།ག༷ལ་ཏེ་རླུང་མཁྲིས་བད་ཀན་གསུམ་ནི་ར༷ང་བཞིན་འདྲེས་ནས་གནས་པ༷འི་ཕྱིར་ཆིག་རྐྱང་པའི་གང་ཟག་མི་སྲིད་པས་ན་བད་ཀན་ཅན་ལའང་གཞན་གྱི་ཆོས་མཐོང་བ་ཡིན་པས་བཤད་མ་ཐག་པའི་སྐྱོན་དེ་མེད་ཅེ་ན༷། རྒྱུ་དེའི་ཆོས་སྡང་བ་སོགས་མཐོང་ན་དེ་ཡི་ཆོས་སྔ་མ་དེ་ལ༷ས་གཞ༷ན་པ་དྲི་ང་བ་དང་རྡུལ་ཆེ་བ་100ལ་སོགས་པ་གཞན་ཡ༷ང་ཅིས་མ༷་མཐོང༌། དེ་མ་མཐོང་ན་དེའི་རྒྱུ་མཁྲིས་པ་ཤས་ཆེར་ཡོད་པ་ཡང་གང་གིས་ཤེས་ཏེ། ཁྱོད་ཀྱིས་ལུས་རྒྱས་པ་ལ་ཆགས་པ་མཐོང་ནས་འདི་བད་ཀན་གྱི་ཆོས་སོ་ཞེས་བཞག་པ་ཡིན་ན་བད་ཀན་ཤས་ཆེ་བར་འཇོག་བྱེད་དེ་ཡང་དེའི་ཆོས་མཐོང་བ་ཙམ་ལས་གཞན་མེད་པའི་ཕྱིར། གཞན་མཁྲིས་པ་སོགས་ལའང་དེ་དང་འདྲ་བ་ཡིན་པས་བད་ཀན་ཤས་ཆེ་བ་ཅན་ལ་མཁྲིས་པ་ཤས་ཆེ་བར་འཇོག་བྱེད་མེད་ཀྱང་མཁྲིས་པ་ཤས་ཆེ་བར་གྱུར་ན་རླུང་མཁྲིས་བད་ཀན་གྱི་མཚན་ཉིད་ཤས་ཆེ་ཆུང་ནམ་ཡང་མི་རྟོགས་ལ། དེ་ལྟ་ན་དེའི་ཆོས་སོ་སོར་ངེས་པ་ཡང་བཞག་པ་མི་སྲིད་དོ།།གལ་ཏེ་རླུང་སོགས་ཀྱི་ཆོས་རྨོངས་སོགས་སོ་སོར་ངེས་པ་མིན་ཏེ་དེ་གསུམ་ཀ་ཚོགས་པ་ལས་ཆགས་སོགས་ཀུན་ཀྱང་འབྱུང་ངོ་ཞེ་ན། སྐྱེས་བུ་ཐ༷མས་ཅ༷ད་འདོད་ཆ༷གས་ཞེ་སྡང་ང་རྒྱལ་ཤེས་རབ་ལ་སོགས་པ་ཆེ་ཆུང་མེད་པར་མཚུ༷ངས་པ༷ར་ནི་ཐ༷ལ་ཏེ་ཁྱད་པར་སོ་སོར་ངེས་པའི་རྒྱུ་ཡི་ཁྱད་པར་མེད་པར་ཀུན་ཀྱང་ཀུན་གྱི་རྒྱུ་དང་ལྡན་པར་འདྲ་བའི་ཕྱིར་ཆགས་སོགས་ནི་ཉེས་གསུམ་ཀུ༷ན་གྱི་ཆོས་ཐུན་མོང་བར་གྱུར་པའང་མ༷་ཡིན་ནོ། །གལ་ཏེ་རྒྱུ་འབྱུང་བ་བཞི་ཙམ་ལ་ཁྱད་མེད་ཀྱང་དེ་ལས་བྱུང་བ་གཟུ༷གས་དང་དྲི་ལ་སོགས་པ་མི་འདྲ་བའི་ཁྱད་པར་སྣ་ཚོགས་ཡོད་པ་བཞིན་སྐྱོན་མེད་ཅེ་ན༷། ག༷ལ་ཏེ་གཟུགས་སོགས་དེ་ལ༷འང་མི་འདྲ་བའི་ཁྱ༷ད་པ༷ར་ཅ༷ན་དུ་བྱེད་པའི་སྔོན་གྱི་ལ༷ས་རྣ༷མས་བད༷ག་པོ་ཡི་རྒྱུར་ཡོད་པ་མ༷་ཡིན་ན༷་དེར་ཡ༷ང་ཁྱད་པར་ཡོད་པ་མི་འཐད་ཅེས་པའི་རྩོད་པ༷་ཡང་ཁྱོད་ལ་མཚུ༷ངས་པ༷་ཡིན་ནོ།།འདི་ཕྱི་རོལ་གྱི་གཟུགས་རྣམས་ལ་རང་རང་གི་ས་བོན་དང་སྐྱེས་བུ་རྣམས་ཀྱི་ལས་ཀྱི་བདག་རྐྱེན་ཡོད་པ་ལས་མི་འདྲ་བ་དང༌། འབྱུང་བ་རང་ལའང་མདོག་སོགས་འཕེལ་འགྲིབ་ཡོད་པ་དང༌། ནང་སྐྱེས་བུའི་གཟུགས་སོགས་ལ་རྣམ་སྨིན་གྱི་རྒྱུ་ཡི་ཁྱད་པར་ལས་མིན་པར་འབྱུང་བ་ཙམ་ལས་ཡིན་ན་ཁྱད་མེད་དུ་ཐལ་བར་གཉིས་ཀར་གོ་བར་བྱའོ། །ཆ༷གས་སོགས་ནི་ར༷ང་བཞིན་ཏེ་ཉེས་པ་གསུམ་ཐ༷མས་ཅ༷ད་ཀྱི་ཆོས་ཡིན་པ༷ར་ཡ༷ང་འདོད་ན༷་ཀོ རྒྱུ་ལུས་ལ་ཆགས་སོགས་ཀྱི་ནུ༷ས་པ་མེད་པའི་ར༷ང་བཞིན་ཅན་མེད་པ༷ས་ན༷་འབྲ༷ས་བུ༷་མི་མཚུ༷ངས་པ་ཆགས་སོགས་ཤས་ཆེ་ཆུང་ཡོད་པ་འདི་རྒྱུ་ག༷ང་ལ༷ས་ཡིན། ཞེས་སོ། །ཚིགས་བཅད་གཅིག་པོ་འདི་གཞུང་ན་མི་སྣང་སྟེ་ཚད་མ་རྒྱན་གྱི་ཚིག་ཡིན་ནོ། །གཞན་སྐྱོན་རླུང་མཁྲིས་བད་ཀན་རྣ༷མས་ནད་དུ་མ་གྱུར་པའི་སྐབས་དང་ནད་དུ་གྱུར་ནས་ཤས་ཆེ་ཆུང་གི་ཁྱ༷ད་པ༷ར་ཡོད་ན༷་ཡ༷ང་ཆགས་སོགས་རང་རང་གི་ཆོས་སུ་འདོད་པ་དེ་ལ་ཁྱ༷ད་པ༷ར་དེ་ལྟར་མེད་པའི་ཕྱིར་དེ་དེའི་ཆོས་མིན་ཏེ། ཡིན་ན་སྒྲོན་མེ་དང་འོད་བཞིན་དུ་རྗེས་སུ་འགྲོ་བར་རིགས་སོ། །ནད་སོ་སོའི་ཁྱད་པར་བཞིན་དུ་ཉེས་པ་གཅིག་ལའང་ཁྱད་པར་དུ་མ་ཡོད་པས་མི་སྐྱོན་ཞེ་ན། གཅིག་ལའང་དུ་མ་ཡོད་པས་ཐམས་ཅད་ཅིག་ཅར་འགྱུར་བའམ་ཡང་ན་གཅིག་པོ་དེ་ལས་གཞན་དུ་མི་འགྱུར་རོ།།རྟགས་དེ་མ་གྲུབ་སྟེ། མཁྲིས་པ་ལྟ་བུ་ལྷག་པར་འཕེལ་བས་ནད་དུ་གྱུར་ན་གདུང་བ་ལས་ཞེ་སྡང་སྐྱེ་བའི་ཕྱིར་རོ་སྙམ་ན། དེ་ཙམ་གྱིས་རྟགས་མ༷་གྲུ༷བ་པ་ཉིད་མ༷་ཡིན་ཏེ། དེ་ནི་མཁྲིས་པར་མ་ཟད་ཐ༷མས་ཅ༷ད་ནད་དུ་འགྱུ༷ར་བ༷་ཡིས་གདུང་བ་བསྐྱེད་ནས་ཞེ་སྡང་སྐྱེ་བར་འགྱུ༷ར་བའི་ཕྱིར་མཁྲིས་པ་ཁོ་ནའི་ཆོས་སུ་མ་ངེས་སོ། །གལ་ཏེ་ཀུན་ལས་ཀྱང་སྡང་བ་སོགས་སྐྱེ་བ་ཡོད་ན་ཅི་འགལ་སྙམ་ན། ཀུ༷ན་ལ༷ས་སྐྱེ་བ༷འ༷ང་མིན་ཏེ་ཐམས་ཅད་ཆགས་སོགས་མཚུངས་པར་ཐལ་བའི་སྐྱོན་བརྗོད་ཟིན་པས་སོ།།
གཉིས་པ་རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ་བ་ལ།དངོས་དང་དེའི་ལན་འགོག་པ་འོ། །དང་པོ།
རྒྱུ་ནི་འཕེལ་བར་གྱུར་པ་ན། །འབྲས་བུ་འགྲིབ་པར་མི་རུང་སྟེ།།ཚ་བ་སོགས་བཞིན་ཆགས་སོགས་ཀྱི། །འགྱུར་བ་བདེ་སྡུག་ལས་སྐྱེས་ཡིན།།རྒྱུ༷་བད་ཀན་ལྟ་བུ་ནི་ལྷག་པར་འཕེལ་བ༷ར་གྱུ༷ར་པ་ན༷་འབྲ༷ས་བུ༷་ཆགས་པ་དེ་ཙམ་འཕེལ་བ་རིགས་ཀྱི་འགྲིབ་པ༷ར་ནི་མི་རུ༷ང་སྟེ། དཔེར་ན་མཁྲིས་པ་ལྷག་པར་འཕེལ་བས་ལུས་ལ་ཚ༷་བ༷་དང་དྲི་ང་བ་སོགས་འཕེལ་བ་བཞིན་ནོ། །དེ་ལྟ་ནའང་བད་ཀན་ལྷག་པར་འཕེལ་བ་ན་གདུང་བའི་དབང་གིས་ཆགས་པ་མི་སྐྱེ་བ་དང༌། རླུང་འཕེལ་བས་གཉིད་མི་འབྱུང་བ་དང༌། མཁྲིས་པ་འཕེལ་བ་ན་བློ་མི་གསལ་བ་ལྟ་བུ་འབྱུང་བས་འགལ་བ་ཅན་དུ་འགྱུར་རོ། །དེས་ན་ཆ༷གས་སོགས་ཀྱི་འགྱུ༷ར་བ༷་ནི་བད་ཀན་སོགས་ལས་མ་ཡིན་ཏེ། འདུ་བ་མཉམ་མི་མཉམ་གྱི་ནང་གི་རེག་བྱ་གཟུང་དོན་དུ་བྱས་པའི་ཚོར་བ་བདེ་སྡུ༷ག་ལ༷ས་སྐྱེས་པ་ཡིན་ནོ།།
གཉིས་པ་དེའི་ལན་འགོག་པ་ལ། ཕྱོགས་སྔའི་འདོད་བརྗོད་དེ་འགོག་པའོ། །དང་པོ།
ཆ་མི་མཉམ་སྐྱེས་སྡུག་བསྔལ་གྱིས། །གལ་ཏེ་འདོད་ཆགས་མི་སྐྱེད་ན།།ཅིས་སྐྱེད་སྨྲོས་ཤིག་ཆ་མཉམ་ལས། །ཁུ་འཕེལ་དེ་ལས་འདོད་ཆགས་ཡིན།།ཁོ་ན་རེ། ནད་དུ་གྱུར་ནས་འཕེལ་བ་ན་ཉེས་པ་ཤས་ཆེ་ཆུང་ཆ༷་མི་མཉ༷མ་པ་ལས་སྐྱེས་པའི་སྡུ༷ག་བསྔ༷ལ་གྱིས་ཟིལ་གྱིས་མནན་ནས་ག༷ལ་ཏེ་བད་ཀན་སོགས་འཕེལ་ན་ཡང་དེའི་ཆོས་འདོད་ཆ༷གས་སོགས་མི་སྐྱེད་དོ་ཞེ་ན༷། འོ་ན་ཆགས་སོགས་དེ་ཅིས་སྐྱེད་སྨྲོས་ཤིག སྨྲས་པ། འདུ་བ་ཆ༷་མཉ༷མ་པ་ལ༷ས་ཁུ་བ་འཕེལ་ལ་དེ་ལ༷ས་འདོད་ཆ༷གས་སྐྱེ་བ་ཡིན་ནོ་ཞེ་ན།།
གཉིས་པ་དེ་འགོག་པ་ལ། བཀག་པ་དངོས་དང་ཉེས་སྤོང་དགག །དང་པོ།
ཆ་མི་མཉམ་ལའང་101ཆགས་ཅན་མཐོང༌། །གཞན་ནི་ཆ་མཉམ་ན་ཡང་མིན།།གཞན་ནི་ཟད་ནས་ཁྲག་འཛག་ཀྱང༌། །བུད་མེད་གཅིག་ལ་ཁུ་ངེས་མེད།།དེ་གཅིག་ལ་ཆགས་དྲག་མི་འགྱུར།།དེ་ལྟར་མ་ངེས་ཏེ་འདུ་བ་ཆ༷་མི་མཉ༷མ་པ་ནད་ཅན་དག་ལ༷འ༷ང་ཆ༷གས་པ་ཅ༷ན་མཐོང་ལ། གང་ཟག་གཞ༷ན་ནི་འདུ་བ་ཆ༷་མཉ༷མ་ན༷་ཡ༷ང་ཆགས་པ་སྐྱེ་བ་མིན་པ་ཡང་ཡོད་ལ། གཞ༷ན་འགའ་ཞིག་ནི་ཁུ་བ་ཟ༷ད་དེ་དེའི་ལམ་ན༷ས་ཁྲ༷ག་འཛ༷ག་ཀྱང༷་ཆགས་པ་སྐྱེ་བར་མཐོང་བས་གནོད་ལ། གཞན་ཡང་ཁུ་བ་འཕེལ་བ་ཙམ་ལས་ཆགས་པ་སྐྱེ་བ་ཡིན་ན་བུ༷ད་མེད་གཅིག་ལ༷་ཁུ༷་བ་འཕེལ་བའི་ངེས་པ་མེད་པས་ཁུ་བ་འཕེལ་བའི་སྐྱེས་བུ་དེ་ཀུན་ལ་ཁྱད་མེད་པར་ཆགས་རིགས་ཀྱི་ཡིད་ལ་ལྷག་པར་ཞེན་པའི་བུད་མེད་གཅིག་པུ་ལ་ཆ༷གས་པ་དྲ༷ག་པོ་སྐྱེ་བར་མི་འགྱུ༷ར་ན་ཡང༌། གཅིག་ལ་ཁྱད་པར་དུ་ཆགས་པ་ཡང་མཐོང་བས་ན་ཁུ་བ་ཙམ་ལས་ཆགས་པ་སྐྱེ་བ་མིན་ཏེ་རང་གི་རྟོག་པ་ལས་དེ་ལྟར་བྱུང་བ་ཡིན་པར་གྲུབ་བོ།།
གཉིས་པ་ཉེས་སྤོང་དགག་པ།
གལ་ཏེ་གཟུགས་སོགས་ཀྱང་ཡན་ལག །མ་ཡིན་ཀུན་མ་ངེས་ཕྱིར་རོ།།
ངེས་པ་མེད་པར་འབྱུང་བའང་ཡིན། །102ཡོན་ཏན་མི་འཛིན་པ་ལའང་འགྱུར།།གལ་ཏེ་ཡོན་ཏན་འཛིན་དེ་ཡང༌། །ཡན་ལག་ཡིན་ན་ཐམས་ཅད་ཀྱིས།།ཡོན་ཏན་འཛིན་པ་ཅན་འགྱུར་ཏེ། །རྒྱུ་ལ་ཁྱད་པར་མེད་ཕྱིར་རོ།།ག༷ལ་ཏེ་ཡུལ་གཅིག་པུ་དེའི་གཟུ༷གས་བཟང་བ་དང་སྤྱོད་ལམ་མཛེས་པ་སོགས་ཀྱ༷ང་ཆགས་པ་སྐྱེ་བའི་ཡ༷ན་ལ༷ག་ཡིན་ནོ་ཞེ་ན་མ༷་ཡིན་ཏེ་སྐྱེས་བུ་ཀུ༷ན་ལ་དེ་ལྟར་མ༷་ངེས་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལ་གཅིག་ཆགས་པ་ལྟར་ཀུན་ཆགས་པར་མ་ངེས་པའི་ཕྱིར་རོ། །གཞན་ཡང་གཟུགས་བཟང་བ་ཁོ་ན་ཆགས་པའི་ཡན་ལག་ཡིན་ན་གཟུགས་བཟང་བ་ཁོ་ན་ལས་གཞན་གཅིག་ལའང་ཆགས་མི་རིགས་ན་ཡང༌། གཟུགས་བཟང་ངན་དུ་བཞག་པ་ཀུན་ལ་མཐའ་གཅིག་ཏུ་ངེས་པ༷་མེད་པ༷ར་ཆགས་པ་འབྱུ༷ང་བ༷འ༷ང་ཡིན་ཏེ་གང་དུ་སུས་ཀྱང་ཆགས་པའི་ཡུལ་དུ་མ་གྱུར་པ་ནི་མི་རྙེད་པས་སོ། །གཞན་ཡང་གཟུགས་བཟང་བ་ཙམ་ཆགས་པའི་ཡན་ལག་ཡིན་ན་མི་སྡུག་པ་གོམས་པ་དང་དེ་བས་ཆེས་བཟང་པོ་རྙེད་པའི་ཡུལ་ཅན་སོགས་ཡུལ་དེ་ལ་ཡོན་ཏ༷ན་དུ་མི་འཛིན་པ་ཁུ་བ་དང་ལྡན་པ་དག་ལ༷འ༷ང་འདོད་ཆགས་སྐྱེ་བར་འགྱུ༷ར་རིགས་ན་ཡང་ཡོན་ཏན་དུ་མ་བཟུང་ན་ཆགས་པ་མི་སྐྱེ་བར་མཐོང་བས་གནོད་དོ། །ག༷ལ་ཏེ་ཡུལ་དེ་ལ་ཡོན་ཏ༷ན་དུ་འཛིན་པ་དེ་ཡ༷ང་ཆགས་པ་སྐྱེ་བའི་ཡ༷ན་ལ༷ག་ཡིན་ནོ་ཞེ་ན༷། སྐྱེས་བུ་ཐ༷མས་ཅ༷ད་ཀྱིས་གཅིག་གིས་གཟུགས་བཟང་བར་བཟུང་བ་དེ་མཐོང་ཙམ་ནས་ཐམས་ཅད་ཀྱིས་ཀྱང་སྔ་མ་དེ་དང་འདྲ་བར་ཡོན་ཏ༷ན་འཛིན་པ༷་དང་ཆགས་པ་སྐྱེ་བ་ཅ༷ན་དུ་འགྱུ༷ར་ཏེ། གཟུགས་བཟང་བ་ཡུལ་དུ་ཡོད་པ་དང་འདུ་བ་ཆ་མཉམ་པའི་ཁུ་བ་འཕེལ་བ་དེ་ཆགས་པའི་རྒྱུ༷་ཡིན་ལ༷་ཆགས་ན་ཡོན་ཏན་དུ་འཛིན་དགོས་པའང་ཡིན་པས་དེ་འདྲའི་ཡོན་ཏན་དུ་བཟུང་ནས་ཆགས་པའི་བློ་དེའི་རྒྱུ་ཡོད་པ་ལ་སྐྱེས་བུ་དེ་ཀུན་ཁྱ༷ད་པ༷ར་མེད་པའི་ཕྱིར་རོ།།
གསུམ་པ་འབྲས་བུ་གཅིག་ཏུ་ངེས་པར་ཐལ་བ་ནི།
གནས་སྐབས་གང་ལ་ཆགས་ཅན་འདོད། །དེ་འདྲ་ཞེ་སྡང་ཅན་མི་འགྱུར།།དེ་གཉིས་ངོ་བོ་མི་མཚུངས་ཕྱིར། །འདི་ལ་ངེས་པར་མཐོང་བའང་མེད།།གན༷ས་སྐ༷བས་ག༷ང་ལ༷་གང་ཟག་ཆ༷གས་པ་ཅ༷ན་དུ་འདོད་པ་སྟེ་ཆགས་པ་ཅན་ཡིན་པར་གྱུར་ན། དེ་འདྲ་དེ་ནི་རྟག་ཏུ་དེ་ཡི་ངང་ཚུལ་ཅན་དུ་གནས་པ་ཁོ་ན་ལས་ནམ་ཡང་ཞེ་སྡ༷ང་ཅ༷ན་དུ་མི་འགྱུ༷ར་ཏེ། ཡུལ་ལེན་པར་འདོད་པའི་ཆགས་པ་དང་ཡུལ་འདོར་བར་འདོད་པའི་སྡང་བ་དེ་གཉིས་ནི་ངོ་བོ་ཤིན་ཏུ་མི་མཚུ༷ངས་པའི་ཕྱིར་རོ། །དེ་ལྟར་འདོད་མི་ནུས་ཏེ། ཆགས་སྡང་གི་གནས་སྐབས་འདི་ལ༷་མཐའ་གཅིག་ཏུ་ངེས་པ༷ར་མཐོང་བ༷འ༷ང་མེད་དེ་རེས་སྡང་བའི་གནས་སྐབས་དང༌། རེས་ཆགས་པའི་གནས་སྐབས་སྣ་ཚོགས་པར་མཐོང་བའི་ཕྱིར་རོ། །དེ་ཡང་རྒྱུ་བད་ཀན་ཤས་ཆེ་བའམ་འདུ་བ་མི་མཉམ་པ་མེད་པར་ཁུ་བ་འཕེལ་བ་དང་ལྡན་པ་དེ་ལས་གཞན་དུ་མ་འགྱུར་བཞིན་དུ་ཡུལ་གཅིག་ལའང་སྡང་བ་དང་ཆགས་པའི་གནས་སྐབས་སྣ་ཚོགས་སུ་མཐོང་ན་དེ་ནི་འདུ་བ་སོགས་ཀྱི་རྒྱུ་ལས་ཇི་ལྟར་ཡིན་ཏེ་རྒྱུ་ལ་ཁྱད་མེད་པས་སོ། །དེ་ལྟར་ན་ནང་གི་རྟོག་པའི་ཁྱད་པར་ལས་བྱུང་བར་མངོན་པ་ཡིན་ནོ།།
གཉིས་པ་རང་ལ་མི་མཚུངས་ཚུལ་ནི།
གང་གི་འདོད་ཆགས་ལ་སོགས་པ། །རིགས་མཐུན་བག་ཆགས་ཁྱད་པར་ལ།།རག་ལས་པས་ནི་འཇུག་འགྱུར་བ། །དེ་ལ་སྐྱོན་འདིར་ཐལ་བ་མེད།།ཆགས་སྡང་སོགས་གནས་སྐབས་མ་ངེས་པར་སྐྱེ་བ་སྣ་ཚོགས་པའི་ཚུལ་ཅན་དེ་ནི་རླུང་སོགས་ལས་བྱུང་བར་སྨྲ་བ་ལ་མི་སྲིད་ལ། གྲུབ་མཐའ་ག༷ང་གི་ལུགས་ལ་འདོད་ཆ༷གས་ལ༷་སོགས་པ༷་ཐོག་མེད་ནས་བརྒྱུད་དེ་འོངས་པའི་རིགས་མཐུ༷ན་པའི་བ༷ག་ཆ༷གས་ཀྱི་ཁྱ༷ད་པ༷ར་ཐ་དད་པ་ལ༷་ར༷ག་ལ༷ས་པ༷ས་ནི་འཇུ༷ག་པར་འགྱུ༷ར་བ༷་ཁས་ལེན་པ་དེ་ལ༷་གོང་དུ་གཞན་ལ་བརྗོད་པའི་སྐྱོན་འདིར་ཐ༷ལ་བ༷་མེད་དེ། སྐྱེས་བུའི་ནང་གི་གོམས་པ་ཐ་དད་པའི་དབང་གིས་ཆགས་སོགས་ཤས་ཆེ་ཆུང་དང༌། ཡུལ་ལ་སྐྱེ་ཚུལ་ཀྱི་ཁྱད་པར་དང༌། གནས་སྐབས་སྣ་ཚོགས་མི་འདྲ་བ་ཡོད་རུང་བ་ཡིན་ནོ།།
གཉིས་པ་དེས་ནི་འབྱུང་རྒྱུར་འདོད་པའང་ཁེགས་པ་ལ། དངོས་དང་རྩོད་པ་སྤོང་བ་འོ། །དང་པོ།
འདིས་ནི་འབྱུང་བའི་ཆོས་ཉིད་བཀག །རྟེན་ཡང་བཀག་པ་ཉིད་ཕྱིར་རོ།།རླུང་སོགས་ཆགས་སོགས་ཀྱི་ཆོས་མིན་པར་དཔྱད་པ་འདིས་ནི་ཆགས་སོགས་ནི་ས་ལ་སོགས་པ་འབྱུ༷ང་བ༷འི་ཆོས་ཡིན་པ་ཉིད་ཀྱང་བཀ༷ག་པ་ཡིན་ཏེ། ནང་གི་འབྱུང་བ་ས་ཆུའི་ཁམས་ལས་བད་ཀན་དང༌། དྲོད་མེ་ཡི་ཁམས་ལས་མཁྲིས་པ་དང༌། འབྱིན་རྔུབ་སོགས་ཀྱི་ཁམས་ལས་རླུང་དུ་བཏགས་པ་ཡིན་ལ། དེའི་ཕྱིར་ས་ཆུ་ལས་འདོད་ཆགས། མེ་རླུང་ལས་ཞེ་སྡང༌། ཆུ་རླུང་ཤས་ཆེ་བ་ལས་གཏི་མུག་འབྱུང་ངོ་ཞེས་འདོད་པ་ཡང་རིགས་པ་ཁ་སྤོས་པས་ཁེགས་པ་ཡིན་ནོ། །དེས་ན་ཁུ་བ་ལ་སོགས་པ་ལུས་ཀྱི་འབྱུང་བའི་ཁམས་ལྷན་ཅིག་བྱེད་རྐྱེན་དུ་བྱས་པ་ལས་ཚོར་བ་བདེ་བ་སོགས་སྐྱེ་བ་ནི་དབང་པོ་ལས་དབང་ཤེས་སྐྱེ་བ་ལྟར་ཕན་འདོགས་བྱེད་ཡིན་ལ། ནང་གི་རེག་བྱ་གཟུང་དོན་དུ་བྱས་པ་ལས་ཡིད་ལའང་ཕན་འདོགས་པའི་རྐྱེན་ཡིན་གྱི་འབྱུང་བ་དེ་དག་ཤེས་པའི་ཉེར་ལེན་གྱིས་རྒྱུ་མིན་ནོ། །གཞན་དུ་སྔར་དུས་མཉམ་པའི་རྟེན་ཡ༷ང་བཀ༷ག་པ༷་ཉིད་ཀྱི་ཕྱིར་འབྱུང་བ་ལ་ཆགས་སོགས་གྲུབ་ཟིན་གནས་པའི་རྟེན་ཡང་མ་ཡིན་པར་འགྱུར་རོ།།
གཉིས་པ་རྩོད་པ་སྤོང་བ་ལ། ལུང་གི་དོན་བཤད་འགལ་བ་སྤང༌། །དེ་ཡི་སྐབས་ལ་རྩོད་པ་སྤང༌། །དང་པོ།
དཀར་པོ་ལ་སོགས་ས་སོགས་ལ། །བརྟེན་པ་ཉིད་ནི་མ་ཡིན་ནོ།།དེ་རྟེན་སྒྲ་ཡང་རྒྱུ་དོན་ནམ། །ཡང་ན་103རང་གི་རྟེན་དག་དང༌།།དབྱེར་མེད་པར་ནི་གནས་པའི་ཕྱིར། །རྟེན་ཡིན་གཞན་དུ་འཐད་མ་ཡིན།།འབྱུང་བ་འདི་དག་རྟེན་མིན་ན་ཆོས་མངོན་པ་ལས། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་འདི་དག་ནི་འབྱུང་བ་ཆེན་པོ་ལ་བརྟེན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལྟར་གསུངས་པ་ནི་དཀ༷ར་པོ་ལ༷་སོགས་པ་གཟུགས་དང༌། དྲི་རོ་རེག་བྱ་སོགས་འབྱུང་གྱུར་རྣམས་ནི་ས༷་སོགས་ལ་དུས་མཉམ་པར་མི་ཕན་བཞིན་དུ་བརྟེན་པ༷་ཉིད་དུ་བཤད་པ་ནི་མ༷་ཡིན་ནོ།།འོ་ན་ཇི་ཞེ་ན། གཟུགས་སོགས་དེ་ས་སོགས་ལ་རྟེན་ནོ་ཞེས་པའི་སྒྲ༷་ཡ༷ང་དུས་མི་མཉམ་པའི་དབང་དུ་བྱས་ན་སྔ་མའི་འབྱུང་བ་དེ་དག་འབྲས་བུ་འབྱུང་བ་ལས་གྱུར་པ་དེ་དག་གི་རྒྱུ༷་ཡིན་པའི་དོན་ཏེ་རྒྱུ་དེ་ལ་བརྟེན་ནས་དེ་བྱུང་བ་ལ་རྟེན་གྱི་སྒྲས་བསྟན་པ་ཅན་ན༷མ། ཡ༷ང་ན༷་ད་ལྟ་བའི་གཟུགས་སོགས་ར༷ང་གི་རྟེན་འབྱུང་བའི་རྡུལ་ད༷ག་ད༷ང་དབྱེར་མེད་པ༷ར་ནི་གན༷ས་པ༷འི་ཕྱིར་གཞིའམ་རྟེན་ཡིན་གྱི་གཞ༷ན་དུ༷་སྔ་ཕྱི་རྒྱུ་འབྲས་སུ་གྱུར་པའི་རྟེན་ནམ་ངོ་བོ་དབྱེར་མེད་ལ་རྟེན་དུ་བརྗོད་པ་མིན་ན་འཐ༷ད་པ་མ༷་ཡིན་ཏེ་ཕན་གང་ཡང་མི་འདོགས་པར་རིགས་པས་གྲུབ་པའི་ཚུལ་གོང་དུ་བསྟན་པ་བཞིན་ནོ།།
གཉིས་པ་དེ་ཡི་སྐབས་ལ་རྩོད་པ་སྤང༌བ་ལ། དབྱེར་མེད་མ་གྲུབ་རྩོད་པ་སྤང༌། །དེ་དང་གཞན་འདོད་མི་མཚུངས་པའོ། །དང་པོ།
གལ་ཏེ་མྱོས་སོགས་ནུས་པ་བཞིན། །དབྱེར་ཡོད་ཅེ་ན་དངོས་པོ་ལས།།ནུས་པ་དོན་གཞན་ཉིད་མ་ཡིན། །དངོས་པོ་འཇིག་འགྱུར་རྟེན་ཚང་བར།།གནས་ན་བརྟེན་པ་འཇིག་/པ་ཡིན།།104དུས་མཉམ་པ་ཡིན་ན་རྟེན་བརྟེན་པ་དབྱེར་མེད་ཅེས་པ་དེ་མི་འཐད་དེ། རྟེན་ཆང་དང་བརྟེན་པ་དེ་ཡི་ནུས་པ་དུས་མཉམ་ན་ཡང༌། ག༷ལ་ཏེ་མྱོས་པ་སོགས་ནུ༷ས་པ༷་ནི་ཆང་ལས་དབྱེར་ཡོད་དེ། ཆང་ཡུན་རིང་ལོན་པ་ན་མྱོས་ནུས་མེད་པར་ཤིན་ཏུ་སྐྱུར་པོར་གྱུར་པ་ལ་ཚ་ཞེས་བྱ་སྟེ་དེ་ཡི་སྐབས་ན་ཆང་གནས་ཀྱང་ནུས་པ་མེད་པ་དང༌། སོགས་ཁོང་ནས་དུག་གི་ནུས་པ་དང༌། མེའི་ཚ་བ་སྔགས་ཀྱིས་བཟློག་པ་སོགས་སོ། །དེ་བཞིན་དུ་འབྱུང་བ་དང་ཆགས་པ་ལ་སོགས་པའང་དབྱེར་མེད་མིན་གྱི་དབྱེར་ཡོད་ཡིན་ཡང་དུས་མཉམ་པར་བརྟེན་པ་འཐད་དོ་ཅེེ་ན༷། ནུས་པ་ཞེས་བྱ་བ་ནི་དངོས་པོ་དེ་ལས་དོན་གཞན་དུ་ཅུང་ཟད་ཀྱང་མེད་དེ་ས་བོན་སོགས་ལ་མྱུ་གུ་སྐྱེད་པའི་ནུས་པ་ཞེས་བྱ་བ་ས་བོན་རང་གི་ཆོས་དེ་ལྟ་བུ་ཡིན་པ་གོ་བྱེད་ཀྱི་བརྡས་ནུས་པ་ཞེས་བརྗོད་པ་སྟེ་དངོས་པོ་ལས་གཞན་དུ་ཡོད་ན། ས་བོན་རང་ཉིད་མྱུ་གུ་སྐྱེད་པའི་ངོ་བོ་ཅན་མིན་པར་ནུས་པ་ཞེས་བྱ་བ་གཞན་གྱིས་སྐྱེད་དགོས་ལ། དེ་ལྟ་ན་ཡང་ནུས་པ་ཐུག་མེད་དུ་འགྱུར་བས་སོ། །དོན་ལ་ཡིན་པ་དེ་ལྟར་ཁྱོད་ཀྱང་འདོད་ཅིང་དངོས་པོ་ལ༷ས་ནུ༷ས་པ༷་དོན་གཞ༷ན་ཉིད་མ༷་ཡིན་ན་ནི་ནུས་པ་ལོག་ཕན་ཆད་ནུས་ཅན་གྱི་དངོས་པོ་དེ་ཡང་འཇིག་པར་འགྱུ༷ར་ལ། གལ་ཏེ་ནུས་པའི་རྟེན་དངོས་པོ་རང་གི་ཆོས་ཚ༷ང་བ༷ར་གན༷ས་པ་ཞིག་ན༷་བརྟེན་པ༷་ནུས་པ་ཡང་འཇིག་པ༷་མ་ཡིན་ཏེ་ནུས་ཅན་དངོས་པོ་དེ་ཉིད་ཡིན་པས་སོ། །དེས་ན་ཚ་བ་སོགས་གཏན་དུ་ལོག་པ་ན་ཚ་བ་ཅན་ལ་མེ་ཞེས་འདོགས་པས་ན་ཚ་བ་ཅན་མིན་པར་གྲུབ་པ་དེས་ཚ་བའི་ནུས་པ་དང་ནུས་པ་དེའི་རྟེན་གཉིས་ཀ་ལོག་པར་མཚུངས་ཏེ་ནུས་པ་མེད་པ་ཙམ་གྱིས་དེའི་རྟེན་མ་ཡིན་པར་ཡང་སོང་བས་རྟེན་དུ་བཏགས་པ་ཡང་དགོས་པ་མེད་དེ་ནམ་མཁའ་ལ་ཆུ་ཡི་སྣོད་དུ་བཏགས་པ་བཞིན་ནོ།།
གཉིེས་པ་དེ་དང་གཞན་འདོད་མི་མཚུངས་པ་ལ། གཞན་གྱི་འདོད་པར་གནོད་པ་སྟོན། །དེ་ཉིད་རང་ལ་མི་མཚུངས་པའོ། །དང་པོ།
གལ་ཏེ་དེ་མཚུངས་ཤེ་ན་མིན། །སྣང་བ་ཐ་དད་ཅན་རྟོགས་པས།།འབྱུང་སེམས་ཐ་དད་ཉིད་ཕྱིར་རོ། །ཇི་སྲིད་ལུས་ནི་འགྱུར་བར་དུ།།གཟུགས་སོགས་བཞིན་དུ་ཡིད་ངོ་བོ། །མཚུངས་འགྱུར་རྣམ་པར་རྟོག་པ་ནི།།དོན་གྱི་གཞན་དབང་ཅན་ཉིད་གང༌།།ག༷ལ་ཏེ་ཁྱོད་ཀྱིས་དུས་མཉམ་པའི་རྟེན་བརྟེན་པ་དབྱེར་མེད་པར་བཤད་པ་དེ་དང་མཚུ༷ངས་པར་ངེད་ཀྱིས་ཀྱང་ལུས་དང་སེམས་དབྱེར་མེད་པར་འདོད་པ་ཡིན་ལ། དེའི་ཕྱིར་ལུས་ཞིག་ན་སེམས་ཀྱང་འཇིག་པ་ཡིན་ནོ་ཤེ་ན༷། ལུས་སེམས་དབྱེར་མེད་པ་མིན་ཏེ་བློ་མ་འཁྲུལ་བས་སྣ༷ང་བ༷་ཐ༷་ད༷ད་པ་ཅ༷ན་དུ་རྟོགས་པ༷ས་ན་འབྱུ༷ང་བ་དང་སེམས་ནི་ཐ༷་ད༷ད་པ་ཉིད་ཡིན་པར་གྲུབ་པའི་ཕྱིར་རོ། །རྟགས་གྲུབ་སྟེ། རང་གི་བློས་ཀྱང་རང་གི་སེམས་ནི་རྡུལ་བསགས་པ་མིན་པར་ཉམས་སུ་མྱོང་བའི་ཆགས་སོགས་ཀྱི་ངོ་བོ་ཅན་དུ་རིགས་ལ། ལུས་ནི་དེ་ལས་བཟློག་པའི་མཚན་ཉིད་ཅན་དུ་རིགས་པའི་ཕྱིར་དང༌། ཡང་རང་གི་བློ་བདེ་སྡུག་སོགས་ཉམས་སུ་མྱོང་བ་ནི་རང་ཁོ་ནས་ཤེས་ཀྱི་གཞན་ལ་བསྟན་དུ་མེད་ལ། རང་གི་ལུས་ནི་རང་ཙམ་དུ་མ་ཟད་གཞན་ལའང་བསྟན་དུ་ཡོད་པར་རང་གིས་མཐོང་ངོ༌། །དེ་བཞིན་དུ་གཞན་གྱི་ལུས་རང་གིས་མཐོང་བའམ། རང་གི་ལུས་གཞན་གྱིས་མཐོང་ཡང་སེམས་ཕན་ཚུན་མཐོང་བར་མི་སྲིད་པས་ལུས་ལས་ཐ་དད་པའི་སེམས་ཡོད་པ་ཡིན་ནོ། །ཐ་དད་དུ་མེད་ན་ནི་ལུས་མཐོང་བ་ཙམ་གྱིས་སེམས་ཤེས་པས་གང་ཟག་འདི་ཡི་ཡིད་ལ་རྟོག་པ་ཇི་ལྟ་བུ་ཡོད་དམ་སྙམ་དུ་སེམས་པར་ཡང་མི་འགྱུར་ལ། ཡང་ན་སེམས་མ་མཐོང་བ་བཞིན་དུ་ལུས་ཀྱང་མི་མཐོང་ཞིང་མི་ཤེས་པར་ཡང་འགྱུར་རོ། །གཡོ་འགུལ་སོགས་ཡོད་མེད་ལས་འདི་ལ་སེམས་ཡོད་དོ་མེད་དོ་སྙམ་དུ་རྟོག་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་རང་གི་ཡིད་ལ་བསམ་པའི་དོན་འདི་ཕ་རོལ་ལ་མ་བསྟན་པར་ཤེས་པར་མི་འགྱུར་སྙམ་དུ་ཚིག་སྨྲ་བའང་མི་སྲིད་དེ། ལུས་བསྟན་པ་ཙམ་གྱིས་དོན་གྲུབ་པར་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ། །དེ་ལྟར་ལུས་སེམས་གཅིག་ཏུ་འདོད་ན། ཇི་སྲིད་ལུ༷ས་ནི་སྔར་དང་མི་འདྲ་བར་འགྱུ༷ར་གྱི་བ༷ར་དུ༷་ལུས་ཀྱི་གཟུ༷གས་སོགས་གནས་སྐབས་མི་འདྲ་བ་མེད་པར་སྣང་བ་དེ་བཞིན་དུ༷་ཡིད་ཀྱི་ངོ་བོ་ཡང་མི་འགྱུར་བར་གནས་པ་མཚུ༷ངས་པར་འགྱུ༷ར་ཏེ་དེ་གཉིས་དབྱེར་མེད་པས་སོ། །དེ་ལྟ་ནའང་ལུས་ལ་ཁྱད་མེད་བཞིན་དུ་རྣ༷མ་པ༷ར་རྟོག་པ༷་ནི་ཕྱི་རོལ་གྱི་དོན་སྣ་ཚོགས་པའི་རྗེས་སུ་འབྲང་བའི་མི་འདྲ་བ་དུ་མར་སྐྱེ་བ་ཡུལ་གྱི་གཞ༷ན་དབ༷ང་ཅ༷ན་ཉིད་རྒྱུ་ག༷ང་ལས་ཡིན་ཏེ་དེ་ལྟར་མི་སྲིད་དོ། །ཡང་ན་རྣམ་པར་རྟོག་པ་སྣ་ཚོགས་སྐྱེ་བ་ནི་དོན་དང་ཉེ་བས་ཡིན་ནོ་ཞེ་ན། ཡིད་རྟོག་བཅས་ནི་དོན་རང་མཚན་གྱི་གཞན་དབང་ཅན་གང་ལས་ཡིན་ཏེ་དོན་སྤྱི་ཙམ་ལ་དམིགས་ནས་ལུས་དང་དོན་ལ་ལྟོས་པ་མེད་པར་སྐྱེ་བའོ་ཞེས་སུའང་འགྲེལ་བར་མཛད་དོ།།
གཉིས་པ་དེ་ཉིད་རང་ལ་མི་མཚུངས་པ།
གང་ཚེ་ལུས་ལ་ལྟོས་མེད་པར། །ཤེས་པ་འགའ་ཞིག་འགའ་ཞིག་གི།བག་ཆགས་སད་པའི་རྒྱུར་འགྱུར་བ། །དེས་ན་འགའ་ཞིག་ལས་འགའ་ཡིན།།གལ་ཏེ་ཁྱོད་ལྟར་ལུས་ལས་ཐ་དད་པའི་རྣམ་ཤེས་ཡོད་ན་ཡང་རྣམ་ཤེས་རང་གི་རིགས་འདྲ་གཅིག་ལས་གཅིག་ཁོ་ན་འབྱུང་གི་སྣ་ཚོགས་མི་འདྲ་བའི་གནས་སྐབས་ཇི་ལྟར་འཐད་ཅེ་ན། ག༷ང་ཚེ་ལུ༷ས་ལ༷་ལྟོས་པ་མེད་པ༷ར་ཏེ་ལུས་ཉེར་ལེན་གྱི་རྒྱུ་མ་ཡིན་པར་སྔ་མའི་ཤེས་པ༷་འག༷འ་ཞིག་ཕྱི་མའི་ཤེས་པ་འག༷འ་ཞིག་གི་དོན་སྣང་སོགས་ཀྱི་བ༷ག་ཆ༷གས་ས༷ད་པ༷འི་རྒྱུ༷ར་འགྱུ༷ར་བ༷་ཡིན་པ་དེས་ན༷་ཤེས་པ་མི་འདྲ་བ་འག༷འ་ཞིག་ལ༷ས་མི་འདྲ་བ་འག༷འ་ཞིག་སྐྱེ་རུང་བ་ཡིན་ཏེ། གནས་སྐབས་སྣ་ཚོགས་པར་འགྱུར་བ་ནི་ཤེས་པ་རང་གི་ངོ་བོས་ཡུལ་སྣ་ཚོགས་འཛིན་རུང་བ་ཅན་ཡིན་ལ། དེ་ཡང་རྐྱེན་ཇི་ལྟར་ཉེ་བ་ལྟར་སྐྱེ་བས་ན་ཤེས་པ་སྔ་མ་སྔ་མའི་རིགས་འདྲ་ལས་ཕྱི་མ་ཕྱི་མ་མི་འདྲ་བ་ཅན་ཡང་འབྱུང་རུང་བ་ཡིན་ནོ། །ཡང་ན་ལུས་ལ་མི་ལྟོས་པའི་ཡིད་རྟོག་འབའ་ཞིག་ལའང་སྦྱར་རོ།།
གཉིས་པ་འཁོར་བ་ཡོད་པའི་སྒྲུབ་བྱེད་ལ།དངོས་དང་དེ་ལ་རྩོད་སྤོང་ངོ༌། །དང་པོ།
རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།རྣ༷མ་པར་ཤེས་པ་མིན་པ༷་ནི་རྣ༷མ་ཤེས་ཀྱི་ཉེར་ལེན་མིན་པ༷འི་ཕྱིར་ཡ༷ང་འཁོར་བ་འགྲུ༷བ་པ་ཡིན་ཏེ། རྣམ་ཤེས་རྒྱུ་མེད་དུ་མི་འབྱུང་ལ། དེ་ཡང་སྐད་ཅིག་མ་མིན་པ་མི་སྲིད་པས་སྐད་ཅིག་དེ་ཡང་སྔ་མ་ལ་མ་ལྟོས་པར་མི་འབྱུང་ཞིང༌། དེའི་ཉེར་ལེན་གྱི་རྒྱུ་ནི་ཤེས་པ་རང་ཉིད་མིན་པ་གཞན་ས་སོགས་གང་ལས་ཀྱང་འབྱུང་མི་སྲིད་པར་བསྒྲུབས་ཟིན་པས་ན་དེའི་རྒྱུན་ཐོག་མ་མེད་པར་གྲུབ་པ་ཡིན་ནོ།།
གཉིས་པ་དེ་ལ་རྩོད་སྤོང་བ།
གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཕྱིར་འདོད་ན།།རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས།།དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་ཚར་བཅས་པ་སུ་བརྗོད་རྩོལ།།རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡང༌། །ངོ་བོ་གང་ཞིག་སྣང་གྱུར་པའི།།ངོ་བོ་དེ་ནི་སྔར་མི་སྣང༌། །ཇི་ལྟར་དེ་ནི་ཡོད་པར་འགྱུར།།རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་ཅན་དུ་མ་གྲུབ་པར་རིགས་པས་བསྟན་པ་ལ་འགོག་མ་ནུས་ཀྱང་ག༷ལ་ཏེ་དངོས་པོ་འདི་དག་ཐ༷མས་ཅ༷ད་ནི་རྣ༷མ་པར་ཤེས་པ་སྐྱེད་པའི་ནུ༷ས་པ་དང་ལྡན༷་པའི་ཕྱིར་རྣམ་ཤེས་ཀྱི་ཉེར་ལེན་ཡིན་པས་ན་ཉེར་ལེན་མེད་པར་མ་གྲུབ་བོ་ཞེས་འདོད་ན༷། རྣམ་ཤེས་སྐྱེད་པའི་ནུས་པ་དང་ལྡན་པ་ཞེས་པ་འདི་ཅི་ཞིག རྣམ་ཤེས་ཅུང་ཟད་ཀྱང་མེད་པ་ཡིན་ན་ནི་ནུས་པ་མེད་པར་བཀག་ཟིན་ལ། གལ་ཏེ་རྣམ་ཤེས་ཡོད་ཀྱང་མངོན་དུ་མ་གྱུར་པ་མི་གསལ་བའི་འགྲོ་བ་ཡིན་ནོ་ཞེ་ན། འགྲོ་བ་ཞེས་པ་ནི་ཁྱོད་ཀྱི་ལུགས་ལ་སྒྲོན་མེ་དང་འོད་ལྟར་ལུས་ལ་སེམས་བརྟེན་པ་མངོན་དུ་མཐོང་བ་འདི་ཙམ་ཡིན་ན་འདི་དངོས་པོ་ཀུན་ལ་མི་གསལ་བའི་ཚུལ་དུ་ཡོད་ན། དངོས་པོ་རིལ་མངོན་པར་གསལ་བའི་སེམས་ཅན་གཅིག་ཏུ་འགྱུར་རུང་ཡིན་ནམ། འབྱུང་བའི་ཆ་རེ་རེ་ནས་སེམས་ཅན་དུ་འགྱུར་རུང་ཡིན།དང་པོ་ལྟར་ན། དངོས་པོ་རིལ་སེམས་ཅན་གཅིག་ཏུ་འགྱུར་དགོས་ན་དེ་མི་སྲིད་ལ་ཁས་ཀྱང་མི་ལེན་ནོ།།གཉིས་པ་ལྟར་ན། ཤིན་ཏུ་ཕྲ་བ་རྩྭ༷་འཇག་གཅིག་དང་སྤུ་ཉག་མ་གཅིག་སོགས་དངོས་པོ་རེ་རེའི་རྩེ་ལའང་འབྱུང་རྡུལ་དུ་མ་ཡོད་པས་དེ་ན༷་གླ༷ང་ཆེན་བརྒྱ༷་ཡང་ཡོད་པར་འགྱུར་ཏེ་དེ་ད་ལྟ་མངོན་དུ་མ་གྱུར་ཀྱང་གསལ་རུང་གི་སེམས་ཅན་དུ་ད་ལྟ་ཡོད་པའི་ཕྱིར། དེ་ལྟ་ན་སྔོན་ཚེ་འཇིག་རྟེན་འདི་ན་སུས་ཀྱང་མཐོང་མ་མྱོང་བའམ་མ༷་མཐོང་བའི་དངོས་པོ་དེ་འདྲ་ཡོད་དོ་ཞེས་དེ་སྐ༷ད་སྨྲ་བ་འདི་རྒྱུ་ལ་འབྲས་གནས་སྨྲ་བ་གྲ༷ངས་ཅ༷ན་པ་ངོ་ཚ་མེད་པའི་ཕྱུ༷གས་ལྟ་བུ་རྣམས་ལ༷ས་གཞ༷ན་མི་རིགས་པའི་ཚིག་བརྗོད་པ་ལ་ངོ་མཚ༷ར་བཅ༷ས་པ༷་སུ༷་ཞིག་གིས་བརྗོད་པར་རྩོལ་ཏེ་རྩོལ་བར་མི་རིགས་སོ།།དེས་ན་རྒྱང་འཕེན་པ་ཁྱོད་རང་ཉིད་རྟོག་གེ་བ་རྣམས་ཀྱི་གཙུག་གི་ནོར་བུར་རློམ་ནས་དངོས་སུ་མཐོང་བར་གྱུར་པ་ལས་མ་མཐོང་བ་གཞན་འགོག་པར་འདོད་པས་རྗེས་དཔག་ཀྱང་ཚད་མར་ཁས་མི་ལེན་པ་ཁྱོད་ལ་ཤིན་ཏུ་མ་མཐོང་བའི་དངོས་པོ་འདི་ལྟ་བུ་ཡོད་པར་ཁས་ལེན་པ་ནི་མཛེས་པས་སྨྲོས་ཤིག་ཅེས་སོ། །དེ་ལྟ་བུ་མི་རིགས་པའི་རྒྱུ་མཚན་ཡང༌། རྒྱུ༷་རྩྭ་མཆོག་གི་རྩེ་མོ་ལ་སོགས་པ་ནི་ལ༷ན་བརྒྱ༷ར་རྣ༷མ་པར་ཕྱེ་ཞིང་དཔྱད་ན་ཡ༷ང༌། ད་ལྟ་བའི་དངོས་པོའི་ངོ་བོ་ག༷ང་ཞིག་མངོན་སུམ་སྣ༷ང་བར་གྱུ༷ར་པ༷འི་ངོ་བོ་དེ་ནི་སྔ༷ར་རྒྱུ་དུས་ན་མི་སྣ༷ང་ན། ཇི་ལྟ༷ར་གླང་པོ་བརྒྱ་ལ་སོགས་པ་ལྟ་བུའི་འབྲས་བུ་དེ་ནི་ད་ལྟ་ནས་ཡོད་པ༷ར་འགྱུ༷ར་ཏེ་དེ་སྐད་སྨྲ་བ་ཤིན་ཏུ་མི་རིགས་སོ།།
གསུམ་པ་འཁོར་བ་མེད་པར་འབྱུང་བ་ལས་སེམས་ཅན་གསར་སྐྱེ་དགག་པ་ལ།མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ།
སྔ་ན་མེད་པ་འབྱུང་བ་ལས། །105ཆགས་སོགས་ངེས་མེད་ཐལ་བར་འགྱུར།།སེམས་ཅན་གྱི་སེམས་སྔ་ན་མེད་པ༷་གསར་དུ་ས་སོགས་ལས་འབྱུ༷ང་བ༷་ཡིན་ན་རྒྱུ་མཚན་དེ་ལ༷ས་ཆ༷གས་སྡང་ང་རྒྱལ་བློ་ལ་སོགས་པ་ཡོད་པའི་ངེས་པ་མེད་པར་རེས་འགའ་མ་ཚང་བ་ཡང་སྲིད་པར་ཐ༷ལ་བ༷ར་འགྱུ༷ར་ཏེ། ཇི་ལྟར་སྐྱེས་བུའི་གཟུགས་ཀྱི་ཁྱད་པར་འབྱུང་བ་ཁོ་ན་ལས་འབྱུང་བར་འདོད་པ་དེ་ལ་སྲོག་ཆགས་ཀྱི་གཟུགས་སྣ་ཚོགས་མི་འདྲ་བ་དང༌། དབང་པོ་ཚང་མི་ཚང་ཡོད་པ་བཞིན་ནོ།།ཇི་ལྟར་དབང་པོ་ལ་སོགས་པ་སྣ་ཚོགས་ཡོད་པ་དེ་བཞིན་དེའི་ཆོས་སེམས་ཀྱང་ཆགས་པ་ཡོད་མེད་སྣ་ཚོགས་ཡོད་རིགས་ནའང་སྲོག་ཆགས་ཐམས་ཅད་དབང་པོ་དང་རྣམ་འགྱུར་ལ་ཁྱད་ཡོད་ཀྱང་ཆགས་བྲལ་དང་སྡང་བྲལ་སོགས་མ་མཐོང་བས་གནོད་དོ།།
གཉིས་པ་རྒྱས་པར་བཤད་པ་ལ། འབྱུང་ཙམ་རྒྱུར་འདོད་ཧ་ཅང་ཐལ། །འབྱུང་བའི་ཁྱད་པར་མི་འཐད་པའོ། །དང་པོ།
འབྱུང་བའི་བདག་ལས་མ་འདས་ཕྱིར། །གལ་ཏེ་ཀུན་ཆགས་སོགས་ལྡན་ན།།ཐམས་ཅད་འདོད་ཆགས་མཚུངས་པར་འགྱུར།།གང་སེམས་ཅན་ཡིན་ནོ་ཅོག་ཀྱང་འབྱུ༷ང་བ༷འི་བད༷ག་ཉིད་ལ༷ས་མ༷་འད༷ས་པའི་ཕྱིར་ག༷ལ་ཏེ་སེམས་ཅན་ཀུ༷ན་ཀྱང་ཆ༷གས་སྡང་སོགས་དང་ལྡ༷ན་པ་ཡིན་གྱི་དེ་དང་བྲལ་བ་མི་སྲིད་དོ་ཞེ་ན༷། སྲོག་ཆགས་ཐ༷མས་ཅ༷ད་འདོད་ཆ༷གས་སོགས་ཆེ་ཆུང་མཚུ༷ངས་པ༷ར་འགྱུ༷ར་ཏེ་འབྱུང་བ་ལས་བྱུང་བ་ཐམས་ཅད་ཆགས་ལྡན་ཡིན་པར་འདོད་པ་མེ་ཡི་དྲོ་བ་ལྟ་བུ་ཡིན་པས་འདི་ལ་ཆགས་སྡང་སོགས་ཆེ་ཆུང་ཡོད་པར་མི་འཐད་དོ། །དེ་ལྟ་ནའང་སེངྒེ་སོགས་ཆགས་པ་ཤས་ཆུང་ལ་སྡང་བ་ཆེ་བ་དང༌། བོང་བུ་དང་མཆིལ་པ་སོགས་ཆགས་པ་ཤས་ཆེ་བ་དང༌། གཞན་ཡང་མི་རྣམས་ལ་ཆགས་པ་དང་ཆེས་ཆགས་པ་དང་ཆེས་ཤིན་ཏུ་ཆགས་པ་དང༌། དེ་བཞིན་དུ་སྡང་བ་དང་བྱམས་པ་ཤེས་རབ་སོགས་ཀྱི་ཁྱད་པར་ཡོད་པར་མཐོང་བས་གནོད་དོ།།
གཉིས་པ་འབྱུང་བའི་ཁྱད་པར་མི་འཐད་པ་ལ། དངོས་དང་དེ་ཡི་ལན་འགོག་པ། །དང་པོ།
གལ་ཏེ་འབྱུང་ཁྱད་ལས་ཡིན་ན། །འབྱུང་རྣམས་སྲོག་ཆགས་ཁྱད་མེད་ཀྱང༌།།ཁྱད་པར་འདི་རྟེན་གང་ཡིན་པ། །དེ་ནི་ཕུལ་བྱུང་འགྲིབ་པ་བཞིན།།དེ་ཡོད་པ་ལས་དེ་མེད་འགྱུར།།ག༷ལ་ཏེ་སེམས་ཅན་གྱི་ཁམས་ན་ཆགས་པ་སོགས་ཤས་ཆེ་ཆུང་ཡོད་པ་ནི་རྒྱུ་འབྱུ༷ང་བའི་ཁྱ༷ད་པར་ལ༷ས་ཡིན་ཏེ། ཡུལ་གྱི་ཁྱད་པར་ལས་འབྲས་བུ་འགའ་ཞིག་མངར་ལ། ཡུལ་གཞན་ལས་སྐྱེས་པ་དེ་ལྟ་བུ་མ་ཡིན་པ་བཞིན་ནོ་ཞེ་ན༷། འབྱུ༷ང་བ་རྣ༷མས་ལ་སྲོག་ཆ༷གས་དང་ཆེས་སྲོག་ཆགས་སོགས་ཀྱི་ཁྱ༷ད་པར་མེད་པར་སེམས་ཅན་ཡིན་ནོ་ཅོག་སྲོག་དང་ལྡན་པ་ཙམ་གྱི་རྣམ་གྲངས་སུ་འདྲ་བར་འདོད་ཀྱ༷ང༌། སྲོག་ཆགས་དེ་ལ་ཆགས་སོགས་མི་འདྲ་བའི་ཁྱ༷ད་པ༷ར་ཡོད་པ་འདི་ཡི་རྟེན་དུ་གྱུར་པའི་འབྱུང་བ་ག༷ང་ཡིན་པ༷་དེ་ནི་རྟག་ཏུ་ངང་ཚུལ་གཅིག་ལ་མི་གནས་པར་རེས་ཡོད་པ་དང་རེས་མེད་པའི་ཕུ༷ལ་བྱུ༷ང་དང་འགྲིབ་པའི་རང་བཞིན་ཡིན་པ༷་ཉིད་དུ་མངོན་ཏེ། ལ་ལར་ཆགས་པ་ཆེན་པོ་སྐྱེད་པའི་ནུས་པ་ཡོད་ལ་ལ་ལར་མེད་པ་ཡོད་པས་སོ།།དེ་ལྟ་ན་འབྱུང་བ་ལ་ཡོད་པའི་ནུས་པ་འཕེལ་འགྲིབ་ཡོད་པ་དེ་བཞིན་འབྱུང་བ་ལ་སྔར་ཆགས་སོགས་སྐྱེད་པའི་ནུས་པ་དེ་ཡོད་པ༷་ལ༷ས་ཕྱིས་དེ་མེད་པར་ཡང་འགྱུ༷ར་སྲིད་དེ་འཕེལ་བ་དང་འགྲིབ་པ་ཅན་ནི་ཤིན་ཏུ་འགྲིབ་ནས་རྒྱུན་ཆད་པའང་སྲིད་པས་སོ། །དེ་ལྟར་ན་དེ་མེད་པ་ལས་སྐྱེས་པའི་སེམས་ཅན་དེ་དག་ནི་ཆགས་སོགས་མེད་པ་ཅན་དུ་འགྱུར་ཏེ་རྒྱུ་མེད་པའི་ཕྱིར། དཔེར་ན་ནིམ་པའི་ས་བོན་ལས་སྐྱེས་པ་ལ་མངར་བ་མེད་པ་བཞིན་ནོ།།
གཉིས་པ་དེ་ཡི་ལན་འགོག་པ་ལ། དོན་དང་དཔེ་ཡི་ཚུལ་འགོག་པའོ། །དང་པོ།
གལ་ཏེ་ཆགས་སོགས་ཐ་དད་ཀྱང༌། །རྒྱུ་མཚུངས་བདག་ཉིད་མི་ལྡོག་ཕྱིར།།མིན་ན་བདག་ཉིད་འདྲ་རྒྱུའི་ཕྱིར། །ཀུན་ལ་འདོད་ཆགས་འདྲ་བར་འགྱུར།།མཚུངས་བདག་ལས་བྱུང་བ་ལང་གི །ཤེས་པའམ་འདིར་ཡང་ས་སོགས་ལ།།སྲོག་ཆགས་ཉིད་སོགས་ཁྱད་པར་གྱི། །རིམ་པ་ལ་ལར་ཡོད་མ་ཡིན།།ག༷ལ་ཏེ་ཆ༷གས་སོགས་ཆེ་ཆུང་ཐ༷་ད༷ད་པ་ཡོད་ཀྱ༷ང་སྲོག་ཆགས་དེ་དག་ཀུན་གྱི་རྒྱུ༷་འབྱུང་བ་ཡིན་པར་མཚུ༷ངས་པའི་བད༷ག་ཉིད་ཙམ་ནི་མི་ལྡོག་པའི་ཕྱིར་ཆགས་པ་ཤས་ཆེ་བའི་ཁྱད་པར་ལོག་ཀྱང་འབྱུང་བ་ཙམ་མ་ལོག་པ་དེས་ན་ཆགས་པ་མེད་པར་སྲིད་པར་འགྱུར་བ་མིན་ནོ་ཞེ་ན༷། བད༷ག་ཉིད་མཚུངས་པའམ་འདྲ་བའི་རྒྱུ༷འི་དངོས་པོ་ལ་ཁྱད་མེད་པ་དེ་ཉིད་ཀྱི་ཕྱིར་ཀུ༷ན་ལ༷་འདོད་ཆ༷གས་སོགས་ཆེ་ཆུང་གི་ཁྱད་མེད་པར་འདྲ་བ༷ར་འགྱུ༷ར་ཏེ། དཔེར་ན་རྒྱུ་ནོག་སོགས་ཡོད་པར་མཚུ༷ངས་པའི་བད༷ག་ཉིད་ལ༷ས་བྱུ༷ང་བ་བ༷་ལ༷ང་གི་ཤེས་པ༷་དེས་ཁྲ་བོ་དང་དམར་ཟལ་སོགས་གང་ཡིན་ཡང་བ་ལང་ཙམ་དུ་ཤེས་ཀྱི། བ་ལང་དང་ཆེས་བ་ལང་ཆེས་ཤིན་ཏུ་བ་ལང་ཞེས་པའི་བློ་ལ་ཤས་ཆེ་ཆུང་མི་འབྱུང་བའ༷མ། དེ་བཞིན་དུ་རྒྱང་འཕེན་པའི་ལུགས་འདིར་ཡ༷ང་ས༷་སོགས་ལ༷་སྲོག་ཆ༷གས་ཉིད་དང་ཆེས་སྲོག་ཆགས་ཆེས་ཤིན་ཏུ་སྲོག་ཆགས་སོགས་ཀྱི་ཁྱད༷་པ༷ར་ཤས་ཆེ་ཆུང་གཞན་གྱི་རིམ་པ༷་སྐབས་ལ༷་ལ༷ར་ཡང་ཡོད་པ་མ༷་ཡིན་ན་འབྲས་བུ་སྲོག་ཆགས་ཙམ་དུ་ཁྱད་མེད་པ་དེ་བཞིན་དེའི་འབྲས་བུ་ཆགས་སོགས་ལའང་ཁྱད་པར་ཡོད་པ་ག་ལ་རིགས་ཏེ། སྲོག་ཆགས་དང་འདོད་ཆགས་སོགས་འབྱུང་བ་ལས་གྱུར་པ་ཡིན་ལ་དེ་མ་བྱུང་ན་ཕར་ཞོག་བྱུང་ནས་བཟུང་སྟེ་དེ་ཡིན་པ་ཙམ་ལས་དེའི་ཁྱད་པར་གྱི་རིམ་པ་ཐ་དད་དུ་ཡོད་པར་མི་རིགས་སོ།།གལ་ཏེ་སྲོག་ཆགས་ལ་ཤས་ཆེ་ཆུང་གི་ཁྱད་མེད་ཀྱང་ཆགས་སོགས་ལ་ཤས་ཆེ་ཆུང་གི་ཁྱད་ཡོད་ན་དེ་གཉིས་ཀའི་རྒྱུ་འབྱུང་བ་ཙམ་མིན་ལ་ཆགས་སོགས་ཤས་ཆེ་བའི་རྒྱུ་གཞན་ཡོད་པར་གྲུབ་པ་ཡིན་ཏེ་འབྱུང་བ་ཙམ་གྱིས་དེ་སྐྱེད་པར་མ་ངེས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁྱད་པར་མི་འདྲ་བའང་འབྱུང་བ་ཙམ་ལས་མིན་ཏེ་ཡིན་ན་ཁྱད་མེད་དུ་ཐལ་བའི་ཕྱིར་རྒྱུ་གཞན་སྔོན་ལས་ཀྱི་རྗེས་སུ་འགྲོ་བར་ཡང་གྲུབ་བོ།།
གཉིས་པ་དཔེ་ཡི་ཚུལ་འགོག་པ་ལ། དཔེ་དང་དཔེ་ཅན་མི་མཚུངས་ལ། །མཚུངས་པར་འདོད་ན་ཧ་ཅང་ཐལ། །དང་པོ།
དྲོ་རིམ་ཁྱད་པར་ཡོད་ན་ཡང༌། །དྲོ་མེད་མེ་འགའ་ཡོད་མིན་པ།།དེ་བཞིན་འདིར་ཡང་ཞེ་ན་མིན། །དྲོ་ལས་མེ་གཞན་བཀག་ཕྱིར་རོ།།གང་ཞིག་གཞན་ཡོད་ཡོན་ཏན་ནི། །ཁྱད་པར་རིམ་པ་དང་ལྡན་པ།།དེ་དག་དེ་ཡི་ཁྱད་པར་ནི། །ལ་ལར་འཆད་འགྱུར་དཀར་སོགས་བཞིན།།ཙནྡན་གྱི་མེ་དང་མེ་ཕལ་པ་བཞིན་དུ་དྲོ་བའི་རིམ་པ་ཆེ་ཆུང་གི་ཁྱ༷ད་པ༷ར་ཡོད་ན༷་ཡ༷ང་གཏན་དུ་དྲོ་བ་མེད་པའི་མེ་འག༷འ་ཡང་ཡོད་པ་མིན་པ༷་དེ་བཞིན་འབྱུང་བ་འདིར་ཡ༷ང་ཆགས་སོགས་ཤས་ཆེ་ཆུང་སྐྱེད་པའི་ཆ་ཐ་དད་ཡོད་ཀྱང་ཆགས་པ་གཏན་ནས་མི་སྐྱེད་པའི་ཆ་མེད་པ་ཡིན་ནོ་ཞེ་ན༷། དེ་ལྟར་འཐད་པ་མིན་ཏེ་ཇི་ཙམ་དྲོ་བ་དེ་ཉིད་མེ་ཡིན་གྱི་དྲོ་བ་ལ༷ས་མེ་གཞ༷ན་དུ་ཡོད་པ་བཀ༷ག་པའི་ཕྱིར་རོ། །ཇི་ལྟར་ན་དྲོ་བ་ལས་མེ་ཐ་དད་ན་དྲོ་བ་མེད་པའི་མེ་ཡོད་པར་ཐལ་བ་དང་དུས་མཉམ་པའི་རྟེན་བཀག་པ་སོགས་སྔ་ཕྱིར་བཤད་པའི་རིགས་པ་དུ་མས་གནོད་པའི་ཕྱིར་རོ། །དེས་ན་དཔེ་མེ་དང་དཔེ་ཅན་ས་སོགས་མི་མཚུངས་ལ། གལ་ཏེ་ཆོས་ག༷ང་ཞིག་ཆོས་ཅན་དེ་དང་འབྲལ་མི་ཤེས་པ་མིན་པར་གཞ༷ན་དུ་དེ་ལ་བརྟེན་པའི་ཚུལ་གྱིས་ཡོད་པའི་ཡོན་ཏ༷ན་ནི་འཕེལ་བྲིའི་ཁྱ༷ད་པ༷ར་གྱི་རིམ་པ༷་ད༷ང་ལྡ༷ན་པ༷་ཡིན་པར་འདོད་ན་ཡོན་ཏན་དེ་ད༷ག་ནི་ཆོས་ཅན་ནམ་རྟེན་དེ་ཡི་ཁྱ༷ད་པ༷ར་ནི་འགའ་ཞིག་གམ་ལ༷་ལ༷ར་རྒྱུན་འཆ༷ད་པར་ཡང་འགྱུ༷ར་སྲིད་དེ། དཔེར་ན་སྣམ་སོགས་ཀྱི་དཀ༷ར་པོ་སོགས་ཚོས་གཞན་གྱིས་བསྒྱུར་བ་ན་སྔ་མ་འཆད་པ་བཞིན་ནོ། །དེས་ན་འབྱུང་བ་ལ་ཡོད་པའི་ཡོན་ཏན་ཆགས་སོགས་ཤས་ཆེ་ཆུང་གི་རྒྱུར་གྱུར་པའི་ཁྱད་པར་འཕེལ་འགྲིབ་ཅན་དེ་ཡང་འབྱུང་བའི་ཁྱད་པར་ལ་ལར་འཆད་སྲིད་པས་མེ་དྲོ་བ་དང་མི་མཚུངས་སོ།།
གཉིས་པ་མཚུངས་པར་འདོད་ན་ཧ་ཅང་ཐལ་བ།
གཟུགས་སོགས་བཞིན་དུ་ངེས་མིན་ཏེ། །དེ་དག་འབྱུང་དང་དབྱེར་མེད་ཕྱིར།།གལ་ཏེ་དེ་མཚུངས་ཤེ་ན་མིན། །ཆགས་སོགས་ལྷན་ཅིག་སྐྱེས་ཐལ་ཕྱིར།།རྣམ་པར་བརྟགས་པའི་106ཡུལ་ཡིན་ཕྱིར། །ཡུལ་ཡང་ངེས་བྱེད་མ་ཡིན་ནོ།།མེ་དང་དྲོ་བ་འབྲེལ་མི་ཤེས་པ་དེ་དཔེར་རུང་སྟེ། ས་སོགས་དང་ཆགས་སོགས་ཀྱི་ནུས་པ་དང་མི་འབྲལ་ཚུལ་དེ་དང་འདྲ་བར་བསྟན་པ་ཡིན་མོད། འོན་ཀྱང་དེ་ཐ་མི་དད་པའི་ཕྱིར་དཔེར་མི་རུང་ཞེ་ན། ཐ་དད་ཀྱང་འབྲལ་མི་རུང་བའི་དཔེ་ཡོད་དེ། དཔེར་ན་གཟུ༷གས་དང་རེག་བྱ་སོགས་འབྱུང་བ་དང་ཐ་དད་ཡིན་ཡང་འབྲལ་མི་ཤེས་པ་བཞིན་དུ༷་འབྱུང་བ་དང་དེའི་ཡོན་ཏན་ཡང་དེ་དང་འདྲའོ་ཞེ་ན། དཔེ་དེས་འབྱུང་བ་ཡོད་ན་ཆགས་སོགས་ཡོད་པར་ངེས་པ་མིན་ཏེ། གཟུགས་སོགས་དེ་ད༷ག་ནི་དུས་མཉམ་པའི་འབྱུ༷ང་བ་དེ་དག་ད༷ང་ངོ་བོ་དབྱེར་མེད་པའི་ཕྱིར་རོ། །ག༷ལ་ཏེ་དེ་དང་མཚུ༷ངས་པར་ཆགས་སོགས་དང་འབྱུང་བའང་དབྱེར་མེད་པར་གནས་སོ་ཤེ་ན༷་མིན་ཏེ། ཆ༷གས་སྡང་དང་ང་རྒྱལ་ལ་སོགས་པ་ཡང་ལུས་གྲུབ་པ་དང་མཉམ་དུ་ཐམས་ཅད་སྔ་ཕྱི་མེད་པར་ལྷ༷ན་ཅིག་ཏུ་སྐྱེས་པར་ཐ༷ལ་བའི་ཕྱིར་རོ། །དེ་ལྟར་གྱུར་ན་བློ་ཡི་ཆོས་ཆགས་སྡང་ལ་སོགས་པ་ཅིག་ཅར་དུ་རྒྱུན་མ་ཆད་པར་འབྱུང་དགོས་ནའང་དེ་མི་སྲིད་པའི་ཕྱིར་རོ། །ལྷན་ཅིག་ཏུ་མི་འབྱུང་སྟེ་ཆགས་པའི་ཡུལ་སོགས་ལྷན་ཅིག་ཏུ་མེད་པས་སོ་སྙམ་ན། ཆགས་པའི་ཡུལ་ཞེས་པ་སོགས་རང་མཚན་པ་གང་ཡང་མེད་དེ་ཡུལ་དེ་ལ་ཡོན་ཏན་དུ་ལྟ་ཞིང༌། རང་གི་བློས་ཆགས་པའི་ཡུལ་དུ་མ་བཟུང་བར་ཡུལ་ཙམ་གྱིས་ཆགས་པ་མི་སྐྱེད་པར་སྔར་ལན་མང་དུ་དཔྱད་པ་བཞིན་ནོ། །དེས་ན་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཆགས་པ་འདི་ནི་ཡུལ་དེ་ལ་སྡུག་པར་རྣ༷མ་པ༷ར་བརྟ༷གས་པ༷འི་སྤྱོད་ཡུ༷ལ་ཅན་ཡིན་པའི་ཕྱིར་གཟུགས་སོགས་ཡུ༷ལ་ལ་ཡོད་པ་ཙམ་ཡ༷ང་ཆགས་སོགས་སྐྱེ་བར་ངེས་པའི་ངེས་བྱེད་ཅི་ཡང་མ༷་ཡིན་ནོ།།
གསུམ་པ་དོན་བསྡུ་བ།
སྐལ་མཉམ་རྒྱུ་དང་བྲལ་བའི་ཕྱིར། །ཆགས་སོགས་ངེས་པ་མེད་པ་འམ།།རྒྱུ་ནི་ཉེ་ཕྱིར་བློ་རྣམས་ཀུན། །ཐམས་ཅད་ཀུན་ཚེ་སྐྱེ་བར་འགྱུར།།ཆགས་སོགས་འདི་སྔོན་གོམས་པའི་རྒྱུ་ལས་བྱུང་བ་མིན་པར་ལུས་ཙམ་ལས་སྐྱེ་ན་རང་རང་གི་རིགས་འདྲ་སྔ་མ་སྐ༷ལ་བ་མཉ༷མ་པའི་རྒྱུ༷་ད༷ང་བྲ༷ལ་བ༷འི་ཕྱིར་ཆ༷གས་སྡང་སོགས་ཤས་ཆེ་ཆུང་ཡོད་པར་ཡང་ངེས་པ༷་མེད་པར་གྱུར་པ༷འ༷མ། ཡང་ན་རྒྱུ༷་ལུས་ནི་རྟག་ཏུ་ཉེ་བའི་ཕྱིར་ཆགས་སྡང་སོགས་བློ་རྣམ༷་པ་ཀུ༷ན་ཀྱང་གང་ཟག་ཐ༷མས་ཅ༷ད་ལ་ཁྱད་མེད་པར་དུས་ཀུ༷ན་གྱི་ཚེ་ན་རྒྱུན་མི་འཆད་པར་སྐྱེ་བ༷ར་འགྱུ༷ར་རོ།།
གཉིས་པ་སྡུག་བདེན་གྱི་མཚན་ཉིད་དམ་རྣམ་པ་ལ། མི་རྟག་སྡུག་བསྔལ་སྟོང་བདག་མེད།། དང་པོ།
དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་་་་་།སྡུག་བསྔལ་ཅན་ཕུང་པོ་དེ་ནི་ཡུལ་དུས་རེས་འག༷འ་བར་དམིགས་པ༷འི་ཕྱིར་མི་རྟ༷ག་པ་ཡིན་ནོ།།
གཉིས་པ་སྡུག་བསྔལ་གྱི་རྣམ་པ།་་་་་ཉེས་107པའི་རྟེན་ཕྱིར་དང༌། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན།།དེ་འདྲའི་ཉེར་ལེན་གྱི་ཕུང་པོ་སྐད་ཅིག་མ་དེ་ནི་སྐད་ཅིག་རེ་རེ་བཞིན་ཡང་ལས་ཉོན་སྡུག་བསྔལ་གསུམ་གྱི་ཉེས་པ༷འི་རྟེན་དུ་གྱུར་པའི་ཕྱིར་སྡུག་བསྔལ་ཡིན་ཏེ། ནད་དང་འབྲས་དང་ཟས་དུག་ཅན་བཞིན་ཡིན་པ་ད༷ང༌། ཡང་སྔོན་གྱི་ལས་ཉོན་གྱི་རྒྱུ༷་ལས་བྱུང་བས་དེ་ཡི་གཞན་དབ༷ང་ཅན་ཏེ་བྲན་བཞིན་དུ་གྱུར་པའི་ཕྱིར་ཡ༷ང་སྡུ༷ག་བསྔ༷ལ་ཡིན་ཏེ། གཞན་དབང་ཐམས་ཅད་སྡུག་བསྔལ་བའོ་ཞེས་གསུངས་པ་བཞིན་ཉེས་པའི་རྟེན་དུ་གྱུར་པ་དེ་མི་འདོད་ན་ཡང་རྒྱུ་ཡི་དབང་ལས་འབྱུང་བའི་ཕྱིར་རོ།།
གསུམ་པ་སྟོང་པའི་རྣམ་པ།
བདག་མིན་བྱིན་གྱིས་བརླབས་པའང་མིན།།དེ་འདྲའི་ཕུང་པོ་དུ་མ་དང་སྐད་ཅིག་མ་དེ་ནི་བད༷ག་མིན་ཏེ། མི་རྟག་པ་དང་གཞན་དབང་ཅན་དང་ཆ་དུ་མར་གནས་པའི་ཕྱིར་རྟག་གཅིག་རང་དབང་གི་བདག་གམ་རང་རྐྱ་ཐུབ་པའི་དངོས་པོ་རྡུལ་ཙམ་དུ་ཡང་མེད་དོ། །དེ་མེད་ན་མིག་སོགས་དེས་བྱིན་གྱིས་བརླ༷བས་པ༷འམ་དབང་བསྒྱུར་བའ༷ང་མིན་པས་ན་བདག་གི་བའང་མེད་དོ།།
བཞི་པ་བདག་མེད་པའི་རྣམ་པ་ལ།
དངོས་དང་དེ་ཡི་འཐད་པ་གཉིས། །དང་པོ།རྒྱུ་མིན་བྱིན་གྱིས་རློབ་པ་མིན།།དེ་འདྲའི་ཕུང་པོ་སྐད་ཅིག་མ་དེའི་སྐྱེད་བྱེད་ཀྱི་རྒྱུ༷་བདག་མིན་ཏེ་བདག་རང་ཉིད་མ་གྲུབ་པས་སོ།། སྐྱེད་བྱེད་མིན་ཡང་དེ་ལ་དབང་བསྒྱུར་བའམ་བྱིན་གྱིས་རློབ་པ༷་པོའི་བདག་དོན་གཞན་དུ་ཡོད་པ་མིན་ཏེ་དེ་མ་གྲུབ་པས་ན་ཕུང་པོ་ནི་བདག་དེས་སྟོང་པའོ།།
གཉིས་པ་དེ་ཡི་འཐད་པ།
རྟག་པ་108ཇི་ལྟར་སྐྱེད་བྱེད་ཡིན། །དེ་ཕྱིར་གཅིག་ལས་དུ་མ་ནི།།དུས་ཐ་དད་པར་སྐྱེ་མི་འགྱུར། །རྒྱུ་གཞན་དག་ནི་ཚོགས་ན་ཡང༌།།འབྲས་བུ་སྐྱེ་བ་མེད་པའི་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་འགྱུར་ན།།དེ་ནི་རྟག་རྣམས་ལ་ཡོད་མིན།།བདག་ཏུ་སྨྲ་བ་རྣམས་ན་རེ། ཕུང་པོ་སྐྱེད་པར་བྱེད་པའམ་དེ་ལ་དབང་བྱེད་པའི་བདག་མེད་དོ་ཞེས་པ་མི་འཐད་དེ། བྱིན་གྱིས་རློབ་པ་པོ་བདག་རྟག་པ་དེ་མེད་ན་ཕུང་པོའང་ཡོད་པར་མི་རིགས་ཏེ་སྐྱེས་བུ་མེད་ན་དེའི་གནས་དང་ཡུལ་མི་སྲིད་པ་བཞིན་ནོ། །དེས་ན་བདག་རྟག་པ་དེས་ཕུང་པོ་འདི་ཀུན་སྐྱེད་ཅིང་འདི་ལ་བདག་པོར་གྱུར་པ་ཡིན་ནོ་ཞེ་ན། བདག་རྟ༷ག་པ༷་དེ་ཇི་ལྟ༷ར་ན་ཕུང་པོའི་སྐྱེད་བྱེད་ཡིན་ཏེ་རྟག་པ་ལ་དོན་བྱེད་པའི་ནུས་པ་མེད་པས་སོ། །རྟག་པ་ཡིན་པ་དེའི་ཕྱིར་ཕྱོགས་དང་དུས་ཀྱི་ཆ་མེད་པ་གཅིག་པུ་དེ་ལ༷ས་འབྲས་བུ་མི་འདྲ་བ་དུ༷་མ་ནི་དུ༷ས་ཐ༷་ད༷ད་པ༷ར་རིམ་ཅན་དུ་སྐྱེ་བར་མི་འགྱུ༷ར་རོ། །བདག་མེད་ན་རང་རྒྱུད་ཀྱི་ཕུང་པོ་དང་ཡུལ་ལ་ལོངས་སྤྱོད་པ་པོ་མེད་པས་འདི་ལྟར་ཡུལ་ལ་ལོངས་སྤྱོད་བཞིན་པའི་ཕུང་པོའི་རྒྱུ་བདག་ཡོད་པར་རྗེས་སུ་དཔོག་པ་ཡང་མ་ཡིན་ཏེ། རྟག་པ་རྒྱུ་ཡིན་པར་དཔོག་པའི་རིགས་པ་མི་སྲིད་པའི་ཕྱིར་རོ། །དེའི་རྒྱུ་མཚན་གང་ཞེ་ན། མིག་ཤེས་ལྟ་བུའི་ཆོས་གང་ཞིག་སྐྱེ་བ་ལ་རྒྱུ༷་གཞ༷ན་དབང་ཡིད་གཉིས་ལྟ་བུ་ད༷ག་ནི་ཚོགས་ན༷་ཡ༷ང༌། འབྲ༷ས་བུ༷་མིག་ཤེས་དེ་ཙམ་གྱིས་སྐྱེ་བ༷་མེད་པ༷འི་ཕྱིར། དེ་ལ་མ་ཚང་བའི་རྒྱུ༷་གཞ༷ན་གཟུགས་ལྟ་བུའང་དེའི་རྒྱུ་ཡིན་པར་རྗེས་སུ༷་དཔོག་པར་འགྱུ༷ར་བ་ཡིན་ན༷འང༌། དེ་ལྟ་བུའི་མ་ཚང་བ་དེ་ནི་རྟ༷ག་པ་རྣ༷མས་ལ༷་ཡོད་པ་མིན་ཏེ་རྟག་ཏུ་ཡོད་པས་སོ། །དེས་ན་འདི་མེད་ན་གང་ཞིག་མི་འབྱུང་བ་ཡིན་ལ། འདི་ཡོད་ན་གང་ཞིག་སྐྱེ་བ་ཡིན་ཏེ་རྗེས་སུ་འགྲོ་ལྡོག་ངེས་པའི་རིགས་པ་རྣམ་པ་ཀུན་དུ་འབྱུང་མི་སྲིད་དོ།།
གཉིས་པ་སྤང་བྱ་ཀུན་འབྱུང་བདེན་པ་བཤད་པ་ལ། སྡུག་བསྔལ་རྒྱུ་ལྡན་ཉིད་དུ་སྒྲུབ། །དེ་ཡི་རྒྱུ་ཉིད་ངོས་བཟུང་བའོ། །དང་པོ།
རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་ཉིད་109རྒྱུ་བཅས་ཉིད་གྲུབ།།རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར།།གཏན་དུ་བ་མིན་པར་རེས་འག༷འ་བ༷་ཉིད་ཡིན་པ༷ས་ན༷་སྡུ༷ག་བསྔ༷ལ་འདི་ཉིད་ནི་རྒྱུ༷་དང་བཅ༷ས་པ་ཉིད་དུ་གྲུ༷བ་པ་ཡིན་གྱི། གལ་ཏེ་རྒྱུ༷་མེད་དུ་འབྱུང་བ་ཡིན་ན་ནི་དེ་འབྱུང་བ་རྒྱུ་གཞ༷ན་ལ༷་མི་ལྟོས་པའི་ཕྱིར་རྟ༷ག་ཏུ༷་ཡོད་པ༷འ༷མ་མེད་པ༷ར་འགྱུ༷ར་བ་ཡིན་པས་མི་རིགས་སོ།།
གཉིས་པ་དེ་ཡི་རྒྱུ་ཉིད་ངོས་བཟུང་བ་ལ། མི་འཐད་གཞན་གྱི་འདོད་པ་འགོག །རིགས་པས་གྲུབ་པ་རང་ལུགས་བཞག །དང་པོ་ལ། རྒྱུ་མེད་ཉིད་དུ་འདོད་པ་བཀག །དབང་སོགས་རྒྱུ་གཞན་འདོད་པ་དགག །དང་པོ་ལ། དངོས་དང་རྩོད་པ་སྤང་བ་འོ། །དང་པོ།
ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་པ།།དེ་ལྟར་འདི་དག་རྒྱུ་མེད་འགྱུར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད།།གང་ཡོད་ཉིད་ནའང་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ།།དེ་ནི་དེ་རྒྱུ་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད།།ཇི་ལྟ༷ར་ཚེར་མ༷་དང་སྲན་མ་ལ༷་སོགས་ཀྱི་རྣོ་བ༷་དང་ཟླུམ་པ་ཉིད་སོགས་སུས་ཀྱང་དེ་ལྟར་རྩེ་གཏོད་པ་དང་ཟླུམ་པོར་བྱས་པ་མིན་པས་རྒྱུ༷་མེད་པ༷་ན་ཡང་དེ་ཡི་ངོ་བོས་བྱུང་བ་དེ་ལྟ༷ར་སྡུག་བསྔལ་འདི་ད༷ག་ཀྱང་རྒྱུ༷་མེད་པར་འབྱུང་བར་འགྱུ༷ར་རོ་ཞེས་ནི་ཚུ་རོལ་མཛེས་པར་སྨྲ་བ་ཁ༷་ཅིག་ར༷བ་ཏུ༷་བརྗོད་དོ།།དེ་མི་འཐད་དེ། རང་གི་སྔ་ལོགས་སུ་བྱུང་བའི་ཆོས་ག༷ང་ཞིག་ཡོད་པ་ཉིད་ན༷འ༷ང་དེའི་རྗེས་སུ་ཆོས་ག༷ང་དེ་སྐྱེ་བ༷་ཡོད་པའ༷མ། ཆོས་ག༷ང་ཞིག་འགྱུ༷ར་བ་སྟེ་ལྡོག་ན༷་ཡ༷ང་ཆོས་གང་ཞིག་རྣ༷མ་པར་འགྱུ༷ར་བ༷འམ་ལྡོག་པར་གྱུར་པ་སྟེ་རྗེས་སུ་འགྲོ་ལྡོག་བྱེད་པ་དེའི་སྒོ་ནས། སྔ་མ་དེ་ནི་ཕྱི་མ་དེ་ཡི་རྒྱུ༷་ཞེས་འཇིག་རྟེན་ན་ར༷བ་ཏུ༷་བརྗོད་པ་ཡིན་ལ། དེ་འདྲའི་རྗེས་སུ་འགྲོ་ལྡོག་གྲུབ་པའི་རྒྱུ་དེ་ནི་ཚེར་མ་ལ་སོགས་པ་དེ་དག་རྣ༷མས་ལ༷་ཡ༷ང་ཡོད་དེ། རང་རང་གི་ས་བོན་ཡོད་ན་འབྱུང་ལ་མེད་ན་མི་འབྱུང་བས་ན་དེ་དག་རྒྱུ་མེད་པར་ཇི་ལྟར་འགྱུར་ཏེ། དེ་སྐད་སྨྲ་བ་ཤིན་ཏུ་བློ་གྲོས་བླུན་པོའི་རྟགས་ཡིན་ནོ།།
གཉིས་པ་རྩོད་པ་སྤང་བ།
རེག་པ་གཟུགས་རྒྱུ་ཉིད་ཡིན་ཕྱིར། །མཐོང་བ་ལ་ནི་རྒྱུ་མཚན་ཡིན།།རྒྱུ་ཡི་མཚན་ཉིད་དེ་ལྟར་ཡིན་ན་རེག་པ་མེད་ན་གཟུགས་མེད་ལ། ཡོད་ན་གཟུགས་ཀྱང་ཡོད་པའི་ཕྱིར་རེག་བྱ་ཡང་མིག་ཤེས་ཀྱི་རྒྱུར་ཐལ་ལོ་ཞེ་ན། རེག་པ༷་ནི་གཟུགས་དང་མེད་ན་མི་འབྱུང་གི་རང་བཞིན་དུ་གནས་པས་ན་གཟུ༷གས་ཀྱི་རྒྱུ༷་ཉིད་ཡིན་པར་འདོད་དེ། རེག་པ་སྔ་མ་ནི་གཟུགས་ད་ལྟ་བའི་ལྷན་ཅིག་བྱེད་རྐྱེན་ཡིན་ལ་ད་ལྟའི་ཚོགས་པ་གཅིག་པའི་རེག་པ་ཡང་འབྲལ་མི་རུང་དུ་གནས་པའི་ཕྱིར། དེས་ན་རེག་པ་དེ་གཟུགས་མཐོང་བ༷་ལ༷་ནི་བརྒྱུད་ནས་ཕན་འདོགས་པའི་རྒྱུ༷་མཚ༷ན་ཅན་ཡིན་པའི་ཕྱིར་རྒྱུ་ཡིན་པ་ལ་འགལ་བ་གང་ཡང་མེད་དོ། །འོ་ན་མིག་ཤེས་ཀྱི་རྒྱུ་རེག་པ་ཡིན་ན་མིག་ཤེས་ཀྱིས་རེག་པ་འཛིན་པར་འགྱུར་རོ་ཞེ་ན། རྒྱུ་ཡིན་པ་ཙམ་གྱིས་དེ་འཛིན་པ་མ་ཡིན་ཏེ་དབང་ཤེས་ཀྱིས་དབང་པོ་ཉིད་མི་འཛིན་པ་བཞིན་ནོ།།
གཉིས་པ་དབང་སོགས་རྒྱུ་གཞན་འདོད་པ་དགག
རྟག་རྣམས་བཀག་ཅིང་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ།།ནུས་མེད་ཕྱིར་རོ་་་་་།སྡུག་བསྔལ་རྒྱུ་མེད་དུ་མི་འབྱུང་ཡང་རྟག་པའི་རྒྱུ་ལས་འབྱུང་ངོ་ཞེ་ན། དེ་ལྟར་རིགས་པ་མ་ཡིན་ཏེ་སྤྱིར་བཏང་རྟ༷ག་པ་རྣ༷མས་ལས་འབྲས་བུ་འབྱུང་བ་སྔར་ཡང་བཀ༷ག་ཅིང༌། རྟག་པ་ཁྱད་པར་ཅན་ལ་དེར་མ་ངེས་པ་ཡང་མིན་ཏེ་རྟག་པའི་བྱེ་བྲག་ཏུ་འདོད་པ་ཤེས་པ་དང་ལྡན་པ་དབ༷ང་ཕྱུ༷ག་ཚངས་པ་ཁྱབ་འཇུག་ལ༷་སོགས་པ༷་རྟག་པ་ལ༷ས་ཀྱ༷ང་འབྲས་བུ་འབྱུང་བ་སྲིད་པ་མིན་ཏེ་རྟག་པ་ཡིན་ནོ་ཅོག་གང་ཡིན་ཡང༌། རྟག་པ་ཡིན་ཕན་ཆད་རིམ་དང་ཅིག་ཅར་གྱིས་དོན་བྱེད་པའི་ནུ༷ས་པ་མེད་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཕྱིར་རོ།།
གཉིས་པ་རིགས་པས་གྲུབ་པ་རང་ལུགས་བཞག་པ་ལ།སྐྱེ་རྒྱུ་སྲེད་པར་ངོས་བཟུང་བ། །དེ་ཉིད་ལུང་དང་སྦྱར་ནས་བཤད།་དེ་ལ་རྩོད་པ་སྤང་བའོ།་།དང་པོ།་
་་་་་་དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར།།མི་རྣམས་ཡུལ་གྱི་ཁྱད་པར་ནི། །110ཡོངས་འཛིན་དེ་ཐོབ་བསམ་པས་བྱས།།བཤད་མ་ཐག་པ་ལྟར་སྡུག་བསྔལ་བའི་རང་བཞིན་ཅན་ཟག་བཅས་ཉེ་བར་ལེན་པའི་སྲིད་པ་ཡོངས་སུ་འགྲུབ་པ་དེ་རྒྱུ་མེད་པར་མིན་ལ་རྒྱུ་རྟག་པ་ལས་ཀྱང་མིན་པ་དེ་ཡི་ཕྱིར་སྲིད་པ་འདོད་པའི་སྲེད་པ་ནི་སྡུག་བསྔལ་ཅན་གྱི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུ༷་ཡིན་ཏེ། འདི་ལྟར་སེམས་ཅན་ཐ་མལ་པ་མཆོག་དམན་བར་མས་བསྡུས་པའི་ཕུང་པོ་འདི་ལ་སྲིད་པ་ཞེས་བྱ་ལ། འདི་རང་རང་གི་སྲེད་པའི་དབང་གིས་བསྒྲུབས་པ་ཡིན་ཏེ། ག༷ང་གི་ཕྱིར་ན་མི་ལ་སོགས་པ་ཐ་མལ་པ་རྣ༷མས་ཀྱིས་ཡོངས་སུ་བཟུང་བའི་ཡུ༷ལ་གྱི་ཁྱ༷ད་པ༷ར་ཏེ་གནས་དང་གྲོགས་དང་ལོངས་སྤྱོད་ལ་སོགས་པ་ནི་མི་འདོར་བར་ཡོངས་སུ་འཛིན་པ་གང་ཇི་སྙེད་པ་དེ་དག་དེ་ཐོབ་འདོད་ཀྱི་བས༷མ་པ་སྲེད་པ༷ས་བྱ༷ས་པ་ཡིན་ཏེ་གང་ལ་སྲེད་པ་མེད་པ་དེ་ནི་ཡོངས་སུ་མི་འཛིན་པ་སྟེ་མི་རྣམས་ཀྱིས་ཕྱག་དར་གྱི་ཕུང་པོ་ལ་སོགས་པ་བཞིན་ནོ། །དེ་བས་ན་སྲིད་པ་ལ་སྲེད་པའི་དབང་གིས་ལས་སྣ་ཚོགས་ལ་རྒྱུན་མར་ཞུགས་པས་སྲིད་པ་རྣམས་སུ་འཇུག་པ་རྒྱུན་མི་འཆད་པ་ཡིན་ནོ།།དེ་ལྟར་ན་ངན་སོང་ལ་སོགས་པའི་གནས་སུ་སྲེད་པས་ཇི་ལྟར་འཇུག་ཅེ་ན། རྒྱུ་ཡི་དུས་ན་སྲེད་པའི་དབང་གིས་ངན་སོང་དུ་འགྲོ་བའི་ལས་དང་དུ་བླངས་པའི་དབང་གིས་འབྲས་བུ་འགྲུབ་པ་ན་མི་འདོད་ཀྱང་ལས་མ་ཟད་བར་དུ་སྡུག་བསྔལ་མི་ལྡོག་པ་ནི་ཟས་དུག་ཅན་ལ་སྲེད་པས་ཟོས་པ་ན། ལུས་ན་བའི་སྡུག་བསྔལ་མི་འདོད་ཀྱང་འབྱུང་བ་བཞིན་དེ་ཡང་སྲེད་པས་བྱས་པ་ཡིན་ལ། ངན་སོང་དུ་གནས་པའི་ཚེ་ན་ཡང་རང་རྒྱུད་ཀྱི་ཕུང་པོ་ལ་སྲེད་པ་མེད་པ་མ་ཡིན་ཞིང༌། དེ་འདྲའི་ཕུང་པོ་ལ་དང་པོར་འཇུག་པ་ནི་ལས་ཀྱི་དབང་དང་ཕྱིན་ཅི་ལོག་གི་རྨོངས་པའི་དབང་དུ་གྱུར་པའི་སྲེད་པ་ལ་བརྟེན་ནས་འཇུག་པ་ཡིན་ཏེ་སྔར་བཤད་པ་བཞིན་ནོ། །དེས་ན་གང་ལ་སྲེད་པ་མེད་པ་ན་དེ་ལེན་པར་མི་བྱེད་པས་ཡུལ་དེ་འཐོབ་པར་བྱེད་པ་འགགས་ཏེ་གནས་སྐབས་ས་འོག་མའི་འདོད་ཆགས་དང་བྲལ་བ་དང་ཆགས་པ་གཏན་དུ་ཟད་པ་དགྲ་བཅོམ་པ་རྣམས་བཞིན་ནོ།།
གཉིས་པ་དེ་ཉིད་ལུང་དང་སྦྱར་དོན་བཤད་པ།
དེ་ནི་སྲིད་འདོད་གང་ཕྱིར་ཡང༌། །སྲོག་ཆགས་བདེ་སྡུག་ཐོབ་པ་དང༌།།འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིག་སྲེད་ཡིན་པར་འདོད།།བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས།།ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན།།ཅིའི་ཕྱིར་སྲིད་པའི་སྲེད་པ་ཁོ་ན་ཀུན་འབྱུང་བ་ཡིན་ཏེ། འདི་ལྟར་མདོ་ལས། ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། གང་འདི་སྲེད་པ་འདི་ནི་ཀུན་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལྡན་པ། དེ་དང་དེར་མངོན་པར་དགའ་བ་ཅན་ཏེ། འདི་ལྟ་སྟེ་འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། འཇིག་པའི་སྲེད་པའོ་ཞེས་གསུངས་པའི་ཕྱིར་སྙམ་ན། ལུང་གི་དོན་དང་མི་འགལ་ཏེ། བཤད་མ་ཐག་པ་མངལ་སོགས་སྐྱེ་གནས་སུ་ཉེ་བར་འགྲོ་བའི་སྲེད་པ་དེ་ནི་སྲིད་པའི་འདོད་པ་ཡིན་ལ། དེ་ཡོད་ན་ག༷ང་གི་ཕྱིར་གཞན་དབང་ཕྱུག་སོགས་ཀྱིས་དྲང་བ་མིན་པར་ཡ༷ང་སྲོག་ཆ༷གས་རྣམས་རང་ཉིད་བདེ་སྡུ༷ག་འཐོབ་པ༷་ད༷ང་འདོར་བར་འདོད་པ་ལ་འཇུ༷ག་པ༷་ཡོད་ལ། དེ་ད༷ག་ནི་རིམ་བཞིན་འདོད་པའི་སྲེད་པ་ད༷ང་འཇིག་པའི་སྲེད་པ་ཞེས་བྱ་བ་ཡིན་པ༷ར་འདོད་དེ། བདེ་བ་འཐོབ་པར་འདོད་པ་འདོད་པའི་སྲེད་པ། སྡུག་བསྔལ་འདོར་བའམ་འཇིག་པར་འདོད་པ་འཇིག་པའི་སྲེད་པ་ཞེས་བྱ་བ་ཡིན་པས་སྲིད་པ་དེ་ལ་འདོར་ལེན་གྱི་བསམ་པས་དེ་ལྟར་འཇུག་པ་ཡིན་ནོ།།ཡང་གཞན་ཡང་འདོད་པའི་སྲེད་པ་ནི་འདོད་ཁམས་ཀྱི་ཆོས་ལ་སྲེད་པ་དང༌། སྲིད་སྲེད་ནི་ཁམས་གོང་མའི་སྲེད་པ་དང༌། འཇིག་སྲེད་ནི་སྡུག་བསྔལ་འདོར་འདོད་ལ་བཞེད་དོ། །སྲེད་པ་དེ་གང་ལས་བྱུང་ཞིང་དེས་སྲིད་པར་ཇི་ལྟར་འཇུག་པ་ཡིན་ཞེ་ན། དེ་ནི་བད༷ག་ཏུ༷་ཆ༷གས་པ༷འི་རྒྱུ༷་ཉིད་ལ༷ས་བྱུང་ཞིང༌། ཇི་ལྟར་འཇུག་ན་བདེ་མིན་ལ་བདེ་བ༷ར་འདུ༷་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པ༷ས་མངལ་གྱི་གནས་ལ་སོགས་པ་སྐྱེ་བའི་གནས་ཀུ༷ན་ལ༷་ར༷བ་ཏུ༷་འཇུ༷ག་པར་འགྱུ༷ར་བ༷་དེ་ཕྱིར་སྲེད་པ༷་ནི་སྲིད་པ་འགྲུབ་པའི་རྟེན་ནམ་རྒྱུ་ཡིན་ནོ།།
གསུམ་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ།
ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས།།ལུས་མེད་ཆགས་པ་མ་མཐོང་ཕྱིར། །ལུས་ལས་ཀྱང་ནི་འདོད་ཆགས་འབྱུང༌།།རྒྱུ་མཚན་ཁས་བླངས་ཕྱིར་ན་འདོད། །ཉེར་ལེན་ཉིད་ནི་བསལ་བ་ཡིན།།རིགས་འདི་རྗེས་སུ་འདོད་ན་ནི། །རང་ཉིད་རང་འདོད་ལ་གནོད་འགྱུར།།གལ་ཏེ་སྐྱེ་ལ་ཆགས་མཐོང་ཕྱིར། །སྐྱེ་དང་ལྷན་ཅིག་འབྱུང་ཞེ་ན།།སྐལ་མཉམ་སྐྱེ་ཕྱིར་སྔར་གྲུབ་ཡིན།།ཆ༷གས་པ་དང་བྲ༷ལ་བ་ཞིག་སྐྱེ་བ༷་མ༷་མཐོང་སྟེ། སྐྱེས་མ་ཐག་ནས་ནུ་ཞོ་ལ་སོགས་པ་དང་ཡུལ་དང་དུ་མི་ལེན་པ་འགའ་ཡང་མ་མཐོང་བའི་ཕྱིར་ཆགས་པ་སྐྱེ་བའི་རྒྱུའོ་ཞེས་ནི་སྔོན་གྱིས་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣ༷མས་ཀྱིས་གསུ༷ངས་ཏེ། ཇི་ལྟར་ན་སློབ་དཔོན་དབྱིག་གཉེན་གྱིས། འདོད་ཆགས་དང་བྲལ་བའི་སྐྱེས་བུའི་སྐྱེ་བ་མ་མཐོང་བ་དེའི་ཕྱིར་སྐྱེ་བ་ནི་འདོད་ཆགས་ཀྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་གསུངས་སོ། །དེ་ལ་རྒྱང་འཕེན་པས་སྨྲས་པ། འོ་ན་ལུ༷ས་མེད་པ་ལ་ཡང་ཆ༷གས་པ༷་མ༷་མཐོང་བའི་ཕྱིར་ལུ༷ས་ལ༷ས་ཀྱ༷ང་ནི་འདོད་ཆ༷གས་འབྱུ༷ང་ངོ་ཞེས་སྨྲའོ། །རྒྱང་འཕེན་པས་སྨྲས་པ་དེ་མི་རིགས་ཏེ་ལུས་མེད་པ་ལ་ཆགས་པ་མ་མཐོང་ཞེས་པ་འདི་ཅི་ཞིག ལུས་ཀྱང་ཆགས་པ་སྐྱེ་བའི་རྐྱེན་ཙམ་དུ་བསམས་ནས་དེ་སྐད་སྨྲ་བ་ཡིན་ནམ། ལུས་ཆགས་བློའི་ཉེར་ལེན་དུ་བསམས་ནས་ཡིན་ནམ། ཆགས་བྲལ་སྐྱེ་བ་མ་མཐོང་ཡང་ཆགས་བཅས་སྐྱེ་བ་ན་ལུས་ཀྱང་ཆགས་པའི་རྐྱེན་ཡིན་ཞེས་སྨྲ་བ་གང་ཡིན།དང་པོ་ལྟར་ན་ལུས་ཡོད་པ་ལ་མཐོང་བའི་ཆགས་པ་ནི་ལུས་ཅན་དེ་ལ་མཐོང་བ་བདེན་ཡང༌། ལུས་ཅན་དེའི་ལུས་ཀྱིས་ཀྱང་ཆགས་པའི་རྐྱེན་བྱེད་པ་ཡོད་པས་ཆགས་པ་སྐྱེ་བ་ལ་ཕན་འདོགས་པའི་རྒྱུ༷་མཚ༷ན་ཡིན་པར་ངེད་ཀྱིས་ཀྱང་ཁ༷ས་བླ༷ངས་པའི་ཕྱིར་ན༷་འདོད་པ་ཡིན་ལ།གཉིས་པ་ལྟར། ལུས་ལས་སེམས་འབྱུང་བས་ན་ལུས་ཆགས་པའི་ཉེར་ལེན་ཡིན་པར་འདོད་པ་ཉིད་ནི་སྔར་རིགས་པས་བས༷ལ་བ༷་ཡིན་ཞིང༌། གསུམ་པ་ལྟར། ཆགས་པ་དང་བྲལ་བཞིན་སྐྱེ་བ་མ་མཐོང་བས་ལུས་བླངས་ཏེ་སྐྱེ་བ་འཛིན་པ་དེ་དག་ནི་ཆགས་པ་དང་མ་བྲལ་བའོ་ཞེས་རིགས་པ་བསྟན་པ་འདི་ཡི་རྗེས་སུ༷་འབྲངས་ནས་དེ་ལྟར་འདོད་ན༷་ནི། རྒྱང་འཕེན་ར༷ང་ཉིད་ཀྱིས་ཁས་བླངས་དེས་ར༷ང་གི་འདོད་པ་སྐྱེ་བ་སྔ་མ་མེད་ཅེས་པ་ལ༷་གནོད་པར་འགྱུ༷ར་ཏེ་ཆགས་བཅས་ཀྱི་སེམས་དེས་ལུས་དེ་ལེན་པར་གྲུབ་པའི་ཕྱིར་རོ། །དེ་གསུམ་ལས་མཐའ་གཞན་དུ་རྟོག་པ་མེད་དོ། །ག༷ལ་ཏེ་ཆགས་བཅས་ཀྱི་སེམས་སྔ་མ་སྔོན་དུ་སོང་བ་མིན་ཡང་སྐྱེ་བ་ཁོ་ན་ལ༷་ཆ༷གས་པ་མཐོང་བའི་ཕྱིར་ལུས་སྐྱེ་བ་ད༷ང་ལྷ༷ན་ཅིག་ཆགས་པ་འབྱུ༷ང་ངོ་ཞེ་ན༷། དུས་མཉམ་པར་གྱུར་པའི་ལུས་ཀྱིས་ནི་ཆགས་པ་ལ་ཕན་མི་གདགས་ཏེ། དུས་མཉམ་པ་ལ་འབྲེལ་བ་མེད་པར་བསྒྲུབས་ཟིན་ལ་དེ་འདྲའི་ཆགས་སེམས་སྐད་ཅིག་དང་པོ་རྒྱུ་མེད་དུ་འབྱུང་མི་སྲིད་པས་ན་རང་གི་རིགས་འདྲ་སྔ་མ་སྐ༷ལ་མཉ༷མ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར་ལུས་གྲུབ་པའི་སྔ༷ར་ནས་ཀྱང་སེམས་ཀྱི་རིགས་འདྲ་ཡོད་པར་གྲུ༷བ་པ་ཡིན་ནོ།།
གཉིས་པ་རྩོད་པ་སྤོང་བ།
མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲེད་པ་ཉིད་བཤད་པ།།རྒྱུན་ནི་འཕེན་པར་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་མིན།།དེ་ཡོད་ན་ཡོད་མེད་ཕྱིར་རོ།།རྨོངས་པ་དང་ལས་ཀྱང་སྲིད་པ་ཀུན་ནས་འབྱུང་བ་ཡིན་ན་ཅིའི་ཕྱིར་སྲེད་པ་ཁོ་ན་ཀུན་འབྱུང་དུ་བཤད་ཅེ་ན། བདག་མེད་པར་མི་ཤེས་པའི་མ་རིག་པ་ཡང་སྲིད་པ༷འི་རྒྱུ༷་ཡིན་ཡ༷ང་སྐབས་འདིར་དེ་རྒྱུ་ཉིད་དུ་མ༷་བརྗོད་པར་སྲེད་པ༷་ཉིད་རྒྱུ་རུ་བཤ༷ད་པ༷་ནི། སྲིད་པ་སྔ་ཕྱིའི་རྒྱུ༷ན་ནི་བར་མ་ཆད་པར་དངོས་སུ་འཕེན་པ༷ར་བྱེད་པའི་ཕྱིར་ད༷ང༌། སྐྱེ་བ་དེ་དང་བར་མ་ཆོད་པའི་དེ་མ༷་ཐ༷ག་པའི་རྐྱེན་ཡིན་པའི་ཕྱིར་ཏེ། མ་རིག་པ་ནི་སྤྱིར་བཏང་རྒྱུར་གནས་ཀྱང་སྲིད་པ་གང་དང་གང་འཛིན་པའི་ཉེ་རྒྱུ་སྲེད་པ་དེ་ལ་རག་ལས་པའི་ཕྱིར་ཏེ་བཟོ་འདྲུབ་པ་ལ་བཟོ་བ་དང་ཁབ་སྐུད་བཞིན་ནོ། །མ་རིག་པའི་དབང་གིས་སྲེད་པ་མ་བསྐྱེད་པར་ནི་དངོས་སུ་སྲིད་པ་མི་འགྲུབ་སྟེ། མི་ཤེས་པས་དངུལ་དུ་འཁྲུལ་ཡང་སྲེད་པ་མེད་ན་མི་ལེན་པ་བཞིན་ནོ། །ལ༷ས་ཀྱང༷་མིན་ཏེ་ལས་དེ་ཡོད་ན༷་སྲིད་པ་དེ་ཡོད་པའི་ངེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་སྲེད་པས་གསོས་མ་བཏབ་པའི་ལས་ཀྱིས་སྲིད་པ་དངོས་སུ་མི་འགྲུབ་པ་ནི་ས་བོན་རླན་དང་བྲལ་བ་བཞིན་ནོ། །ལས་ཀྱང་སྲེད་པ་ལ་རག་ལས་ནས་འགྲུབ་སྟེ། སྲེད་པ་མེད་ན་ལས་ཀྱིས་ཐོབ་པའི་རྒྱལ་སྲིད་ཀྱང་འདོར་ན་ཆེད་དུ་སླར་ཡུལ་ལ་མི་འཇུག་པ་ལྟ་ཅི་སྨོས། དེས་ན་སྲེད་པའི་དབང་གིས་ལས་བྱེད་ཅིང་ལས་དེའི་འབྲས་བུ་འབྱིན་པའང་སྲེད་པ་ལ་རག་ལས་སོ། །དེའི་ཕྱིར་སྲེད་པ་ནི་སྲིད་པ་འགྲུབ་པ་ལ་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དེ་ལྟར་བཤད་པ་འཐད་དོ། །དེ་དག་གིས་ཀུན་འབྱུང་གི་རྒྱུའི་རྣམ་པ་གཏན་ལ་ཕབ་པས་རབ་སྐྱེ་དང་ཀུན་འབྱུང་རྐྱེན་གྱི་རྣམ་པ་ཡང་རིགས་པ་དེས་གཏན་ལ་ཕབ་པའི་ཕྱིར་གཞན་དུ་མ་གསུངས་སོ།།
གསུམ་པ་འཐོབ་བྱ་འགོག་པའི་བདེན་པ་ལ། སྡུག་བསྔལ་འགོག་པ་ཡོད་པར་སྒྲུབ། །དེ་མི་སྲིད་པའི་དོགས་པ་དགག །དང་པོ།
དེ་ནི་གཏན་དུ་བ་མིན་ཏེ། །རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ།།སྲིད་པ་སྡུག་བསྔལ་བའི་རང་བཞིན་ཅན་དེ་ནི་གཏ༷ན་དུ༷་བ༷་རྟག་པ་མིན་ཏེ་དེ་ཡི་རྒྱུ༷་ལ༷་གེགས་བྱེད་པའི་གཉེན་པོ་དང་སོགས་པའི་སྒྲས་ལྷག་མེད་ཀྱི་དུས་སུ་དེ་སྐྱེ་བ་རྒྱུ་མ་ཚང་བ་སྲིད་པའི་ཕྱིར་རོ།།
གཉིས་པ་དེ་མི་སྲིད་པའི་དོགས་པ་དགག་པ་ལ། བདག་མེད་པ་ལ་བཅིང་ཐར་འཐད། །བདག་ཡོད་པ་ལ་དེ་མི་འཐད། །དང་པོ་ལ། བདག་དེ་འཁོར་བའི་རང་བཞིན་མིན། །བདག་འཛིན་འཁོར་བའི་རྒྱུ་རུ་བཤད། །དང་པོ།
འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར།།བདག་གམ་སེམས་ཅན་ནི་ངོ་བོ་ཉིད་ཀྱིས་འཁོར་བའི་རང་བཞིན་དུ་གྲུབ་པའི་ཕྱིར་ནམ་ཡང་འཁོར་བ་ལས་ཐ༷ར་པ་མེད་དོ་ཅེ་ན༷། དེ་མ༷་ཡིན་ཏེ། བདག་ཡོད་ཅིང་དེ་འཁོར་བའི་རང་བཞིན་ཡིན་ན་ཐར་པ་མེད་པར་འདོད་པ་ད༷ང༌། བདག་མེད་པའི་ཕྱིར་དེ་འཁོར་བའི་རང་བཞིན་ཡིན་པ་ནམ་ཡང་མ༷་གྲུ༷བ་པའི་ཕྱིར་རོ།།འཆད་ཚུལ་གཞན་ཡང༌། འཁོར་བ་རྟག་པའི་ཕྱིར་ཐར་པ་མེད་ཅེ་ན། འཁོར་བ་རྟག་ན་ཐར་པ་མེད་པར་འདོད་ཀྱང་འཁོར་བ་རྟག་པ་ཡིན་པར་རྟགས་མ་གྲུབ་ཅེས་དང༌། ཡང་འཁོར་བཞིན་པ་ལ་ཐར་པ་མེད་པར་འདོད་པ་དང༌། འཁོར་བ་ལས་ནམ་ཡང་མི་ཐར་བ་མ་གྲུབ་ཅེས་དང༌། ཡང་སྐད་ཅིག་མ་ལ་འདོད་དང༌། རྒྱུན་ལ་བསམ་ན་མ་གྲུབ་ཅེས་དང༌། ཡང་དོན་དམ་པར་འདོད་དང༌། ཀུན་རྫོབ་ཏུ་མ་གྲུབ་ཅེས་དང༌། ཡང་བདག་ཡོད་ཅིང་དེ་འཁོར་བར་འདོད་པ་ཕྱི་རོལ་པ་ཁྱེད་ལྟར་ན་འདོད་དང༌། བདག་མེད་སྨྲ་བ་ནང་པའི་ལུགས་ལྟར་ན་ཐར་པ་མེད་པ་མ་གྲུབ་ཅེས་སོགས་སྣ་ཚོགས་ཡོད་ཀྱང་དོན་ལ་གནད་མཐུན་པ་ཡིན་ནོ།།
གཉིས་པ་བདག་འཛིན་འཁོར་བའི་རྒྱུ་རུ་བཤད་པ་ལ། དངོས་དང་དེ་ལ་རྩོད་སྤོང་གཉིས། །དང་པོ།
ཇི་སྲིད་བདག་ཆགས་མ་བཅོམ་ཞིང༌། །དེ་ནི་ཡོངས་སུ་གདུང་འགྱུར་བ།།དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད།།གྲོལ་བ་པོ་ནི་མེད་ན་ཡང༌། །ལོག་པར་སྒྲོ་འདོགས་111གཞོམ་ཕྱིར་བརྩོན།།བདག་མེད་ན་སུ་ཞིག་སྡུག་བསྔལ་བར་འགྱུར་ལ་སུ་ཞིག་གྲོལ་བར་འགྱུར། དེས་ན་སྡུག་བསྔལ་ལས་གྲོལ་བའི་དོན་དུ་ལམ་ལ་སུ་ཡང་སློབ་པར་མི་འགྱུར་བས་བདག་ནི་བཅིང་གྲོལ་གྱི་རྟེན་དུ་ཡོད་པ་ཁོ་ནའོ་ཞེ་ན། བདག་ཡོད་ན་གྲོལ་བ་གཏན་ནས་མི་སྲིད་པར་བསྒྲུབས་ཟིན་ལ། བདག་མེད་ཀྱང་བདག་ཏུ་འཛིན་པའི་དབང་གིས་སྡུག་བསྔལ་བ་ཡོད་དེ། ཇི་སྲིད་བདག་མེད་ཀྱང་དེ་ལྟར་མ་མཐོང་བར་བད༷ག་ཏུ་ཆ༷གས་ཤིང་ཞེན་པ་མ༷་བཅོམ་ཞིང་བདག་ཏུ་འཛིན་པའི་དབང་གིས་སྲིད་པར་བརྒྱུད་མར་འཕྱན་པ་དེ་ནི་བདག་མེད་ཀྱང་ཡོད་པ་ལྟར་བཟུང་ནས་བདག་དེ་བདེ་འདོད་དང་སྡུག་བསྔལ་འབྲལ་འདོད་ཀྱི་སྲེད་པའི་དབང་གིས་སྲིད་པར་སྡུག་བསྔལ་སྣ་ཚོགས་ཀྱིས་ཡོངས་སུ༷་གདུ༷ང་བར་འགྱུ༷ར་བ༷་དེ་སྲིད་དུ་བདག་སྡུ༷ག་བསྔ༷ལ་བར་རྣམ་པར་རྟོག་པས་སྒྲོ་བཏ༷གས་ན༷ས་བདག་མེད་པ་དང་སྡུག་བསྔལ་མེད་པའི་ར༷ང་བཞིན་རྣལ་མའི་དོན་དུ༷་ནི་གན༷ས་པ༷་མེད་དེ་སྦྲུལ་མེད་ཀྱང་སྦྲུལ་འཛིན་སྐྱེས་པ་ན་ཇི་སྲིད་སྦྲུལ་མེད་པར་མཐོང་གི་བར་དུ་སྦྲུལ་ཡོད་པ་ལྟར་འཇིགས་པ་སོགས་ཀྱིས་ཡོངས་སུ་གདུང་བ་བཞིན་ནོ།།དེས་ན་གྲོལ་བ༷་པོ་ཡི་བདག་བདེན་པ་ཞིག་ནི་མེད་ན༷་ཡ༷ང་བདེ་སྡུག་གི་རྟེན་དུ་གྱུར་པའི་བདག་ཡོད་དོ་སྙམ་པའི་ཕྱིན་ཅི་ལོག་པ༷ར་སྒྲོ་འདོགས་པ་དེ་གཞོམ་ཕྱིར་སངས་རྒྱས་ཀྱིས་བསྟན་པ་ཡང་དག་པ་བདག་མེད་པའི་དོན་ལ་བརྩོན་པར་རིགས་ཤིང་དོན་དེ་གོམས་པ་མཐར་ཕྱིན་པ་ལས་གྲོལ་བ་ཐོབ་པ་ཡིན་པས་ན་བདག་མེད་པ་ལས་གྲོལ་བ་འཐད་པ་ཁོ་ནའོ།།
གཉིས་པ་དེ་ལ་རྩོད་སྤོང་བ་ལ། ཆགས་བྲལ་འཁོར་བར་མི་གནས་དང༌། །ལམ་དང་པོར་ནི་སྲིད་མེད་སྤང༌། །དང་པོ་ལ། དངོས་དང་དེ་ལ་དོགས་པ་སྤང༌། །དང་པོ།
འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན།།འཕངས་ལས་112ལྡོག་མེད་འདོད་ཕྱིར་རོ།།སྲེད་པ་འཁོར་བའི་རྒྱུ་ཡིན་ན་སྲེད་པ་དང་བྲལ་མ་ཐག་ནས་འཁོར་བར་སྐད་ཅིག་ཀྱང་གནས་པར་མི་འགྱུར་ཏེ་བདག་ལྟ་སྤངས་པས་བདག་ལ་ཕན་འདོགས་སུ་རེ་བ་ཅུང་ཟད་ཀྱང་མེད་པས་དེ་མ་ཐག་མྱ་ངན་ལས་འདའ་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འདོད་ཆ༷གས་དང་བྲ༷ལ་བ༷འི་གང་ཟག་འཁོར་བར་གན༷ས་པ༷་ནི་རྒྱུ་གཉིས་ཏེ། སངས་རྒྱས་བྱང་སེམས་རྣམས་ནི་སེམས་ཅན་ལ་བརྩེ་བ༷་ཆེན་པོས་སྐྱེ་བ་ཡོངས་སུ་འཛིན་ཅིང་གནས་པའ༷མ། ཡ༷ང་ན༷་ལྷག་བཅས་དགྲ་བཅོམ་པ་དག་ནི་སྔོན་གྱི་ལ༷ས་ཀྱིས་སྐུ་ཚེའི་འདུ་བྱེད་ཇི་ཙམ་བར་དུ་འཕངས་པ་དེ་ཙམ་དུ་གནས་པ་ཡིན་ཏེ། རྒྱུ་ཡི་སྟོབས་ཀྱིས་འཕ༷ངས་པ་ལ༷ས་རྩོལ་བ་མེད་པར་རང་བཞིན་དུ་ལྡོག་པ་མེད་པར་འདོད་པའི་ཕྱིར། ཇི་ལྟར་ན་ཤིང་ལ་མེ་འབར་བ་བུད་ཤིང་ཇི་ཙམ་བར་འབར་བར་འགྱུར་གྱི་རང་གར་མི་ལྡོག་པ་བཞིན་ནོ། །དེ་ལྟར་བཞུགས་པ་ན་ཡང་བདག་ལ་ཕན་དུ་རེ་བ་སོགས་ཀྱིས་མ་ཡིན་ཏེ་བདག་ཏུ་ཆགས་པ་ཟད་པའི་ཕྱིར་རོ། །ཇི་སྐད་དུ། འཆི་ལ་དགའ་བར་མི་བྱ་ཞིང༌། །གསོན་པ་ལ་ཡང་དགའ་མི་བྱ། །དཔེར་ན་གླ་པའི་གླ་བཞིན་དུ། །ཁོ་བོ་དུས་ལ་སྡོད་པ་ཡིན། །ཞེས་གསུངས་པ་བཞིན་ནོ།།
གཉིས་པ་དེ་ལ་དོགས་པ་སྤོང༌བ་ལ། ལས་ཀྱིས་གནས་པར་རྩོད་སྤོང་དང༌། །བརྩེ་བས་གནས་པར་རྩོད་པ་སྤང༌། །གནས་ཀྱང་སྐྱོན་མེད་བསྟན་པ་འོ། །དང་པོ།
སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ།།ལྷན་ཅིག་བྱེད་པ་ཟད་ཕྱིར་རོ།།འོ་ན་འཁོར་རྒྱུ་སྤངས་པའི་དགྲ་བཅོམ་པ་རྣམས་ལས་ཀྱིས་གནས་པ་ཡིན་ན་ད་རུང་ཡང་ལས་ཀྱི་ནུས་པ་མཐོང་བའི་ཕྱིར་མ་འོངས་པ་ན་ཡང་ལས་ཀྱི་ནུས་པས་སྲིད་པར་སྐྱེ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་འོངས་པའི་ལུས་ལ་མངོན་པར་དགའ་བའི་སྲིད་པ༷འི་སྲེད་པ་ལ༷ས་རྣ༷མ་པར་བརྒ༷ལ་བ༷འི་ཆགས་བྲལ་གྱི་ལ༷ས་དེ་ཉིད་ཀྱིས་ཕྱི་མའི་ལུས་གཞ༷ན་འཕེན་ནུ༷ས་པ་མ༷་ཡིན་ཏེ། ལྷ༷ན་ཅིག་བྱེད་པའི་རྐྱེན་སྲེད་པ༷་ཟ༷ད་པའི་ཕྱིར་རོ།།
གཉིས་པ་བརྩེ་བས་གནས་པར་རྩོད་པ་སྤོང༌བ་ནི།
སྡུག་བསྔལ་ཤེས་ལ་འགལ་མེད་པས། །113འདུ་བྱེད་སྔ་མ་འཇུག་པ་ཅན།།དངོས་ཆོས་བརྩེ་བ་སྐྱེ་བ་དེ། །སེམས་ཅན་རྗེས་འབྲེལ་ཅན་མ་ཡིན།།དེ་བདག་མིན་པའི་ཆོས་ལ་ནི། །བདག་གཞན་སྒྲོ་འདོགས་པ་ལས་ཆགས།།སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི། །བརྩེ་བ་སྐྱེ་བར་འགྱུར་བ་ཡིན།།གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན།།དེ་མེད་ཉེས་རྒྱུ་ལས་ཁྲོ་མིན། །དེས་ན་བརྩེ་བ་ཉེས་མེད་འདོད།།བརྩེ་བ་སེམས་ཅན་བསྐྱབ་འདོད་ཡིན་ལ་དེ་ལྟ་ན་ཆགས་བྲལ་དེ་སེམས་ཅན་དུ་ལྟ་བ་མ་སྤངས་པར་འགྱུར་ལ་སེམས་ཅན་དུ་ལྟ་བ་སྤངས་ན་སྙིང་རྗེའང་སྐྱེ་བར་མི་འགྱུར་ཞིང༌། གང་ལ་སྙིང་རྗེ་བའི་ཡུལ་དེ་ལ་གཞན་གྱིས་གནོད་པ་བྱས་ན་ཁྲོ་ཞིང་སེམས་ཅན་ལ་ཆགས་པའང་སྐྱེ་བར་འགྱུར་བས་ན་ཆགས་བྲལ་གྱི་སྙིང་རྗེའང་ཉེས་པ་མེད་པར་མི་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། མི་རྟག་པ་སོགས་སྡུ༷ག་བསྔ༷ལ་གྱི་རྣམ་པ་མངོན་སུམ་དུ་ཤེས་པ་ལ༷་འག༷ལ་བ་ཅུང་ཟད་ཀྱང་མེད་པར་འཇུག་པ༷ས་ན་སྙིང་རྗེ་ནི་རང་གི་འདུ༷་བྱེད་སྔ༷་མ༷་སྔ་མ་ཙམ་གྱི་རྗེས་སུ་ངང་གིས་འཇུ༷ག་པ༷་ཅ༷ན་གྱི་སེམས་ཀྱི་དངོས་པོའི་ཆོས་སུ་གནས་པའི་བརྩེ་བ༷་སྐྱེ་བ༷་དེ་ནི་སེམས་ཅ༷ན་དང་སྲོག་དང་གང་ཟག་ཏུ་ལྟ་བ་དང་རྗེས་སུ་འབྲེལ་བ་ཅ༷ན་མ༷་ཡིན་ཏེ། བདག་དང་གང་ཟག་ཅེས་བྱ་བའི་ངོ་བོ་གཅིག་མ་གྲུབ་ཀྱང་འདུ་བྱེད་སྐད་ཅིག་མའི་རྒྱུན་གྱི་ཆོས་ཙམ་ལ་སེམས་ཅན་དུ་བཏགས་པ་དེའི་སྡུག་བསྔལ་བསལ་འདོད་ཀྱང་སེམས་ལ་ངང་གིས་སྐྱེ་བ་ཡིན་ནོ། །དེ་ལྟར་སེམས་ཅན་དུ་ལྟ་བ་དང་ཆོས་ལ་དམིགས་པའི་སྙིང་རྗེ་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཇི་ལྟར་གཟུང་བ་དེ་ཡི་བད༷ག་ཉིད་མིན་པ་སྟེ་བཟུང་བ་ལྟར་མ་གྲུབ་པ༷འི་ཆོས་ཙམ་ལ༷་ནི་བད༷ག་དང་གཞ༷ན་དུ་སྒྲོ་འདོགས་པ༷་ལ༷ས་ཆ༷གས་པ་སྐྱེ་བ་ཡིན་ལ། བདག་དང་གཞན་དུ་སྒྲོ་མ་བཏགས་པར་འདུ་བྱེད་སྐད་ཅིག་མའི་རང་བཞིན་སྡུ༷ག་བསྔ༷ལ་གྱི་རྟེན་ཅན་ཕུང་པོའི་རྒྱུ༷ན་རྐྱེན་ཉིད་འདི་པ་ཙམ་དུ་རིག་པ་ཙ༷མ་ལ༷ས་ནི་ཆགས་བྲལ་གྱི་བརྩེ་བ༷་སྐྱེ་བ༷ར་འགྱུ༷ར་བ༷་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དམིགས་མེད་ཀྱི་སྙིང་རྗེའང་ཤེས་པར་བྱའོ། །གཏི་མུ༷ག་ནི་ཆགས་སོགས་ཉེས་པ༷འི་རྩ༷་བ༷་སྟེ། དེ་ཡ༷ང་སེམས་ཅ༷ན་ནམ་གང་ཟག་གམ་བདག་ཡོད་པར་འཛིན་པ༷་ཡིན་ལ་བདག་ལྟ་དེ་མེད་པའི་ཕྱིར་རང་ངམ་སེམས་ཅན་ལ་གནོད་པ་བྱས་པའི་ཉེས་པའི་རྒྱུ༷་ལ༷ས་ཁྲོ་བ་སྐྱེ་བ་མིན༷་པ་དེས་ན༷་ཆགས་བྲལ་གྱི་བརྩེ་བ༷་དེ་ནི་ཆགས་སྡང་རྨོངས་གསུམ་གྱི་ཉེས་པ་ཅུང་ཟད་ཀྱང་མེད་པར་འདོད་དོ།།
གསུམ་པ་གནས་ཀྱང་སྐྱོན་མེད་བསྟན་པ།
གྲོལ་མེད་མ་ཡིན་སྔོན་འདུ་བྱེད། །ཟད་ནས་གཞན་མཚམས་མི་སྦྱོར་ཕྱིར།།འདུ་བྱེད་ནུས་པ་མ་ཟད་ན། །གང་དེ་གནས་པ་ཉེས་མེད་ཉིད།།སྙིང་རྗེ་དམན་པ་ཉིད་ཕྱིར་ཡང༌། །གནས་པའི་འབད་རྩོལ་ཆེན་པོ་མེད།།གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཡིན།།བརྩེ་བའམ་ལས་ཀྱིས་འཁོར་བར་གནས་པར་གྱུར་ན་ལས་ཀྱི་གཞན་དབང་དུ་གྱུར་པའམ་འཁོར་བར་གནས་པ་ཉིད་ཀྱི་ཕྱིར་འཁོར་བ་ལས་མ་གྲོལ་བར་འགྱུར་ལ། དེ་ལྟ་ན་འཁོར་བའི་ཉེས་པས་གོས་པ་ཅན་དུ་འགྱུར་རོ་ཞེ་ན། འཁོར་བ་ལས་གྲོལ་བ་མེད་པ་མ༷་ཡིན་ཏེ་ལས་ཀྱིས་གནས་པ་ལྷག་བཅས་དགྲ་བཅོམ་དེ་དག་ཚེ་འདིར་གནས་པའི་སྔོན་གྱི་འདུ༷་བྱེད་པ་ཟ༷ད་ན༷ས་སྲིད་པ་གཞ༷ན་དུ་སླར་མཚ༷མས་མི་སྦྱོར་བའི་ཕྱིར་དང༌། བརྩེ་བའམ་ལས་ཀྱི་འདུ༷་བྱེད་ཀྱི་ནུ༷ས་པ༷་མ༷་ཟ༷ད་ན༷་ག༷ང་དེ་འཁོར་བ་ན་གན༷ས་པ༷་ཉིད་ནའང་འདམ་གྱི་པདྨ་བཞིན་དུ་འཁོར་བའི་ཉེས་པ་མེད་པ་ཉིད་དེ་ཀུན་འབྱུང་དང་སྡུག་བསྔལ་གཉིས་ཀས་མནར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་དགྲ་བཅོམ་པ་ཡང་འཁོར་བ་ལ་ཇི་སྟེ་སྐྱོ་བར་འགྱུར་ཏེ་ཇི་སྲིད་པར་བཞུགས་པར་འགྱུར་རོ་ཞེ་ན། ཉན་རང་གི་ཆགས་བྲལ་དེ་དག་སྙིང་རྗེ་དམ༷ན་པ༷་ཉིད་ཀྱི་ཕྱིར་ཡ༷ང་སྲིད་པར་ཡུན་དུ་གན༷ས་པ༷འི་འབ༷ད་རྩོལ་ཆེན་པོ་མེད་ལ། རྒྱལ་དང་རྒྱལ་བའི་སྲས་ག༷ང་ད༷ག་གཞན་མཐའ་ཡས་པའི་སེམས་ཅན་ཡོངས་སུ་མི་གཏོང་བའི་བརྩེ་བ༷་ཆེན་པོ་ངང་གིས་འཇུག་པ༷་དེ་དག་ནི་ཐབས་མཁས་ཀྱིས་ཟིན་པའི་ཚོགས་གཉིས་ཚད་མེད་པ་སྨོན་ལམ་ལ་སོགས་པས་ཡོངས་སུ་སྦྱངས་ཏེ་མི་ཟད་པའི་རྒྱུ་ཉིད་ཀྱིས་འཕེན་པ་མ་ཟད་པ་རྣམས་ནི་གཞ༷ན་སེམས་ཅན་གྱི་ངོར་ནི་སྲིད་པ་ཇི་སྲིད་པར་བཞུ༷གས་པ༷་ཡིན་ནོ།།
གཉིས་པ་ལམ་དང་པོར་ནི་སྲིད་མེད་སྤོང་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ།
གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་པོར་ནི་སྲིད་མེད་འགྱུར།།ལྷན་གཅིག་སྐྱེས་པ་མ་སྤངས་ཕྱིར། །སྤངས་ན་ཡང་སྲིད་ག་ལ་ཡོད།།ག༷ལ་ཏེ་འཁོར་བའི་རྒྱུ་འཇིག་ཚོགས་ལྟ་བ་དང་བྲ༷ལ་བའི་ཕྱིར་མཐོང་ལ༷མ་དུ་རྒྱུན་ཞུགས་ཐོབ་པ་འཇིག་རྟེན་ལས་འདས་པའི་ལམ་ད༷ང་པོར་ནི་སྲིད་པ་མེད་པར་འགྱུ༷ར་རོ་ཞེ་ན། དེས་བདག་འཛིན་ཀུན་བཏགས་ཐམས་ཅད་སྤངས་ཀྱང་ལྷ༷ན་ཅིག་སྐྱེས་པ༷་མ༷་སྤ༷ངས་པའི་ཕྱིར་སྲིད་པ་གཞན་དུ་སྐྱེ་བ་ཡོད་ལ། ལྷན་སྐྱེས་དེ་སྤ༷ངས་པ་ན༷་ཡ༷ང་སྲིད་པ་ག༷་ལ༷་ཡོད་དེ་ཡོད་པར་མི་འགྱུར་རོ།།
གཉིས་པ་རྒྱས་པར་བཤད་པ་ལ། བདག་ལྟ་ལྷན་སྐྱེས་ངོ་བོ་བསྟན། །དེ་མེད་སྲིད་པ་མེད་ཚུལ་ལོ། །དང་པོ།
བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན།།ང་འོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས།།བདག་ལྟ་ལྷན་སྐྱེས་གང་ཞེ་ན། བདེ་བ༷ར་གྱུ༷ར་ཅིག་སྙམ་པ༷འ༷མ་སྡུ༷ག་བསྔ༷ལ་བ༷ར་མ༷་གྱུ༷ར་ཅིག་ཅེས་འདོད་པ༷་སྐྱེ་བ་ན༷། དེ་གཉིས་ཀྱི་རྟེན་དུ་ང༷འོ་སྙ༷མ་པ༷འི་བློ་ལྷན་སྐྱེས་སུ་ངང་གིས་འབྱུང་བ་ག༷ང་ཡིན་པ་དེ་ངའམ་སེམས་ཅ༷ན་དུའམ་བདག་ལ༷་ལྟ་བ་ལྷ༷ན་ཅིག་སྐྱེས་པ་ཞེས་བྱ་བ་ཡིན་ནོ།།
གཉིས་པ་དེ་མེད་སྲིད་པ་མེད་ཚུལ།
ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་མ་ཡིན།།བདག་ལ་སྲེད་པ་114མེད་པར་ཡང༌། །བདེ་བ་འདོད་པས་མངོན་རྒྱུག་མིན།།བདག་མེད་པར་མཐོང་བའི་དོན་དེ་གོམས་པ་ན་དེ་འདྲའི་ལྷན་སྐྱེས་ཀྱང་ལྡོག་པར་འགྱུར་ལ། དེའི་ཚེ་ང༷་ཞེས་མཐོང་བ༷་མེད་པ༷ར་ནི་ངའོ་སྙམ་དུ་འག༷འ་ཡ༷ང་བད༷ག་ལ༷་ཆ༷གས་པ་མ༷་ཡིན་ལ། བད༷ག་ལ༷་སྲེད་པ༷་མེད་པ༷ར་ཡ༷ང་བདག་དེ་བདེ་བ༷་དང་འཕྲད་པར་འདོད་པ༷ས་སྲིད་པར་མངོན་དུ་རྒྱུ༷ག་པ་ཡང་ཡོད་པ་མིན་ནོ།།
གཉིས་པ་བདག་ཡོད་ལ་བཅིང་ཐར་མི་འཐད་པ་ལ། རྟག་བདག་ལ་ནི་བཅིང་ཐར་མེད། །བརྗོད་མེད་བདག་ལ་དེ་མེད་པའོ། །དང་པོ།
སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་ཡིན་རྟག་ལ་དེ་གང་ལས།།སྡུག་བསྔལ་མི་སྐྱེ་115རྒྱུ་ཉིད་ནི། །ཐར་ཡིན་རྟག་ལ་དེ་གང་ལས།།གལ་ཏེ་བཅིང་གྲོལ་གཉིས་ཀྱི་རྟེན་དུ་བདག་རྟག་པ་ཞིག་མེད་ན་བཅིངས་པའང་མེད་པས་སྡུག་བསྔལ་བ་པོ་མེད་ལ། ཕྱིས་ཐར་པ་གྱ་ནོམ་པའི་བདེ་བའང་སུས་མྱོང་སྟེ་ལྷས་བྱིན་མེད་པ་ལ་ལྕགས་སུ་བཅུག་པ་དང་ལྕགས་སྒྲོག་ལས་གྲོལ་བ་མེད་པ་བཞིན་ནོ། །དེས་ན་བཅིང་ཐར་གྱི་རྟེན་དུ་བདག་ཡོད་པ་ཁོ་ནའོ་ཞེ་ན། དེ་འདྲའི་རྟག་བདག་དེ་བཅིང་ཐར་གྱི་རྟེན་དུ་མི་འཐད་དེ་བཅིང་ཐར་གང་གིས་ཀྱང་དེ་ལ་ཕན་གནོད་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ན། སྡུ༷ག་བསྔ༷ལ་སྐྱེ་བ༷འི་རྟེན་ནམ་རྒྱུ༷་ཉིད་ནི་འཆིང་བ་ཡིན་ཡང་རྟ༷ག་པ་ལ༷་འཆིང་བའི་རྒྱུ་མཚན་དེ་ག༷ང་ལ༷ས་ཡོད་དེ་མེད་ལ་སྡུ༷ག་བསྔ༷ལ་སླར་མི་སྐྱེ་བའི་རྒྱུ༷འམ་རྟེན་ཉིད་ནི་ཐ༷ར་པ་ཡིན་ཡང་རྟ༷ག་པ་ལ༷་མི་སྐྱེ་བའི་རྒྱུ་དེ་རྒྱུ་མཚན་ག༷ང་ལ༷ས་ཡོད་དེ་ཡོད་མི་སྲིད་དོ། །དེས་ན་དེ་བཅིང་གྲོལ་གྱི་རྟེན་དུ་ཇི་ལྟར་རུང་སྟེ་མི་རུང་ངོ༌།།
གཉིས་པ་བརྗོད་མེད་བདག་ལ་དེ་མེད་པ།
མི་རྟག་ཉིད་དུ་བརྗོད་མེད་གང༌། །དེ་ནི་འགའ་ཡིའང་རྒྱུ་མ་ཡིན།།བརྗོད་བྱ་མིན་ལའང་བཅིང་དང་ཐར། །ཇི་ལྟ་བུར་ཡང་ཡོད་མ་ཡིན།།གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད།།དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨྲོས།།གནས་མ་བུའི་སྡེ་པ་ན་རེ། བཅིངས་གྲོལ་དང་ལས་རྒྱུ་འབྲས་ཀྱི་རྟེན་དུ་བདག་ཡོད་དགོས་ལ་དེ་ནི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའོ་ཞེས་འདོད་དོ། །གང་མི་རྟ༷ག་པ་ཉིད་དུ༷་བརྗོད་དུ་མེད་པ་ག༷ང་ཡིན་པ་དེ་ནི་དངོས་པོ་འག༷འ་ཡིའ༷ང་རྒྱུ༷་མ༷་ཡིན་ཏེ་སྐྱེད་བྱེད་ཀྱི་རྒྱུ་ལ་སྐད་ཅིག་མས་ཁྱབ་པས་སོ། །དེས་ན་མི་རྟག་པ་མིན་ན་དེ་ལས་བྱེད་པོ་དང་མྱོང་པོ་བཅིང་ཐར་གྱི་རྟེན་ཇི་ལྟར་ཡིན་ཏེ་དེ་དག་གི་རྟེན་ཅི་ཡང་མི་བྱེད་དོ།།གལ་ཏེ་མི་རྟག་པ་མིན་ཡང་རྟག་པའང་མིན་པས་སྐྱོན་གཉིས་ཀ་མེད་དོ་སྙམ་ན། གང་དུའང་བརྗོད་བྱ་མིན་པ་ལ༷འ༷ང་བཅིང་ད༷ང་ཐ༷ར་པ་ཞེས་བྱ་བ་ཡང་ཇི་ལྟ་བུ༷ར་ཡ༷ང་ཡོད་པ་མ༷་ཡིན་ཏེ་ཚིག་གི་བརྗོད་པ་ཙམ་ལས་དོན་ལ་བཅིང་ཐར་གྱི་རྟེན་དུ་གྱུར་པ་རྡུལ་ཙམ་མེད་དེ། དངོས་འགལ་གཞི་གཅིག་པའི་དངོས་པོ་གྲུབ་མ་མྱོང་བས་མོ་གཤམ་གྱི་བུ་བཞིན་དུ་དེ་འདྲའི་བདག་ལས་བྱེད་པ་པོ་མི་སྲིད་དོ། །དེ་དག་ན་རེ། དེ་མེད་ན་ལས་བྱེད་པོ་དང་མྱོང་པོ་གཅིག་པར་མི་འཐད་པས་ལས་འབྲས་ཆུད་ཟ་ལ། བཅིང་གྲོལ་གྱི་གནས་སྐབས་ཐ་དད་པས་ལམ་ལ་བརྩོན་པ་དོན་མེད་དོ་ཞེ་ན། ལས་བྱེད་པོ་བརྗོད་མེད་ཀྱི་བདག་དེ་འབྲས་བུ་མྱོང་བ་པོ་དང༌། བཅིངས་པའི་དུས་ཀྱི་དེ་གྲོལ་བ་པོ་ཡིན་ན་སྔར་གྱི་དེ་རྟག་པ་ཉིད་དུ་ཐལ་ཏེ། ཆོས་ག༷ང་གི་ར༷ང་བཞིན་སྔ་མའི་རང་བཞིན་ལས་གཞན་དུ་མི་འགྱུར་བས་འཇིག་པ་མེད་པ༷་དེ་ལ༷་རིགས་པ་ཤེས་པའི་མཁ༷ས་པ་རྣ༷མས་ཀྱིས་རྟ༷ག་པ་ཉིད་ཅེས་བྱ་བའི་ཐ་སྙད་རབ་ཏུ་བརྗོད་ཀྱི་དེ་ལས་གཞན་རྟག་པ་ཞེས་བྱ་བའི་ཐ་སྙད་འཇུག་པའི་གཞན་ནི་116གང་ཡང་མེད་དོ།།དེས་ན༷་འགལ་བ་གཞི་གཅིག་ལ་སྡུད་པའི་ངོ་ཚ༷འི་ལྟ་བ༷་འདི་སྤོངས་ལ༷་བདག་དེ་ནི་རྟ༷ག་པ༷ར་མཐའ་གཅིག་ཏུ་སྨྲོས་དང་སྔ་མའི་ཁས་ལེན་དེ་ལས་དེ་བཟང་ངོ༌། །དེ་བས་བྱིས་པའི་རྩེད་མོ་དང་འདྲ་བར་ཚིག་ལ་འཆེལ་བས་ཅི་བྱ་སྟེ་ཚིག་དེ་ལྟར་བརྗོད་ཀྱང་དོན་བཅིང་གྲོལ་གྱི་རྟེན་དུ་གྱུར་པའི་བདག་དེ་འདྲ་ཡོད་མི་སྲིད་པས་སོ། །ཡང་ན་ལས་བྱེད་པ་པོའི་རྒྱུ་ཉིད་དུ་ངེས་པར་ཁས་ལེན་ན་མི་རྟག་པར་འགྱུར་ལ། དེ་ལྟ་ན། གང་གི་རང་བཞིན་འཇིག་པ་ཅན། །དེ་ལ་མཁས་རྣམས་མི་རྟག་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་མི་རྟག་པར་སྨྲོས། །ཞེས་འདོན་པ་བསྒྱུར་བས་འགྲུབ་བོ། །དེ་ལྟར་འགོག་པ་ཉིད་བཤད་པས་ཞི་བ་སོགས་རྣམ་པ་གཞན་ཡང་ཤེས་པར་འགྱུར་རོ།།
བཞི་པ་བསྟན་བྱ་ལམ་བདེན་བཤད་པ་ལ། བདག་མེད་གཏན་དུ་གྲོལ་ལམ་ཡིན། །དེ་ལས་ལམ་གཞན་དེ་ལྟར་མིན། །དང་པོ་ལ། དངོས་དང་དེ་ལ་རྩོད་སྤོང་ངོ༌། །དང་པོ།
བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར་་་་་།བཤ༷ད་ཟིན་པ་བདག་མེད་པར་ལྟ་བའི་ལ༷མ་དེ་གོམས་པ༷་རབ་ཀྱི་མཐར་ཕྱིན་པ་ལ༷ས་སེམས་ལ་བདག་འཛིན་སོགས་གཏན་མི་གནས་པས་ཉེས་པ་ཕྲ་མོ་ཡང་མེད་པའི་ངོ་བོར་གན༷ས་གྱུ༷ར་པ་ཐོབ་པ་ཡིན་ནོ།།
གཉིས་པ་དེ་ལ་རྩོད་སྤོང་བ་ལ། སྤང་གཉེན་ནུས་སྟོབས་མཚུངས་པ་དང༌། །ཉོན་མོངས་མ་ལུས་མི་འཛད་དང༌། །ཉོན་མོངས་གཏན་ཟད་མི་སྲིད་དང༌། །ཟད་ཀྱང་སླར་ལྡོག་སྤང་བ་འོ། །དང་པོ་ལ། མདོར་བསྟན་རྒྱས་པར་བཤད་པ་གཉིས། །དང་པོ།
་་་་་གལ་ཏེ་གནས་གྱུར་ཀྱང༌། །ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན།།མ་ཡིན་ནུས་པ་མེད་ཕྱིར་རོ།།ག༷ལ་ཏེ་སེམས་རྒྱུད་དྲི་མ་ཀུན་དང་བྲལ་བའི་གན༷ས་གྱུ༷ར་ཐོབ་ཀྱ༷ང༌། སྔར་གནས་མ་གྱུར་པ་ཉེས་བཅས་ཀྱི་སེམས་ལ་ལ༷མ་ཉེས་མེད་འབྱུང་བ་བཞིན་སླར་ཡང་སྐྱོན་ཡང་ནི་འབྱུ༷ང་བར་སྲིད་པས་གྲོལ་བ་གཏན་དུ་བ་མེད་པ་ཡིན་ནོ་ཞེ་ན༷། དེ་ལྟ་བུ་སྲིད་པ་མ༷་ཡིན་ཏེ་ཉེས་བཅས་ཀྱི་སེམས་ལ་གནོད་པའི་ནུ༷ས་པ༷་ལམ་ལ་ཡོད་ཀྱང་ལམ་ལ་གནོད་པའི་ནུས་པ་ཉེས་བཅས་ཀྱི་སེམས་ལ་མེད་པའི་ཕྱིར་ན་ལམ་མཐར་ཕྱིན་པ་གནས་གྱུར་པའི་རྒྱུད་ལ་ཉེས་པ་འབྱུང་མི་སྲིད་པར་འགྱུར་རོ།།
གཉིས་པ་རྒྱས་པར་བཤད་པ་ལ།
འབད་པ་མེད་པར་ལྡོག་པ་མེད། །འབད་དུ་ཆུག་ཀྱང་མི་ལྡོག་པ་འོ། །དང་པོ་ལ། མངོན་དུ་གྱུར་ལ་གཏན་ནུས་མེད། །མངོན་གྱུར་མིན་ཡང་མི་ལྡོག་པའོ། །དང་པོ།
རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང༌།།ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡིས་སྐྱེད་པར་བྱེད་པའང་ཡིན།།རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང༌།།ལྡོག་པ་ཡང་ནི་རྐྱེན་ལ་ལྟོས། །117མི་བརྟན་སྦྲུལ་གྱི་བློ་བཞིན་ནོ།།སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ།།དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད།།བདག་མེད་པའི་སེམས་མཐར་ཕྱིན་ནས་མངོན་དུ་གྱུར་པ་ན་སླར་མི་ལྡོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྣ༷མ་པར་ཤེས་པ་ནི་རིག་ཅིང་གསལ་བའི་ངང་ཚུལ་ཅན་ཡིན་ལ་དེ་ནི་ཡུ༷ལ་འཛིན་པར་བྱེད་པ༷་ཡི་ཆོས་སམ་རང་བཞིན་ཅན་ཡིན་ནོ། །དེ་ཡང་ཡུལ་ཇི་ལྟ༷ར་ཡོད་པ་དེ་དེ་བཞིན་དུ་འཛིན་པ༷་ད༷ང༌། ཡུལ་ཡང་རང་གི་ངོ་བོ་ཇི་ལྟར་ཡོད་པ༷་ཡི་ནི་བད༷ག་ཉིད་དེ་ཡུལ་ཅན་ཤེས་པ་འདི་ཡིས་སྐྱེད་པ༷ར་བྱེད་པ༷འ༷ང་ཡིན་ཏེ་བློ་མ་འཁྲུལ་པའི་གཟུང་དོན་རང་མཚན་ཡིན་པས་སོ།།ཡུལ་ཡུལ་ཅན་གྱི་ར༷ང་བཞིན་ནམ་གནས་ཚུལ་འདི་ལྟ་བུ་ཡིན་པ་ནི་དངོས་པོའི་སྟོབས་ལས་ཡིན་པས་སུས་ཀྱང་བཟློག་པ་མེད་དོ། །རང་བཞིན་དེ་ལྟ་བུ་ཡིན་ཡང་རང་བཞིན་འདི་ལྟ་བུ་ལ༷ས་སེམས་དེ་འཁྲུལ་པའི་རྐྱེན་གཞ༷ན་གྱིས་ནི་དངོས་པོའི་གནས་ཚུལ་དང་མཐུན་པར་མ་ཞུགས་པར་རྟག་བདག་གཙང་བདེ་སོགས་ཕྱིན་ཅི་ལོག་ཏུ་གོལ་བར་འགྱུ༷ར་ཞིང་དེ་ལྟར་གོལ་བ་ན་འཁྲུལ་པའམ་སྒྲོ་འདོགས་པ་དེ་ལྡོག་པ༷་ཡ༷ང་ནི་གནོད་པ་ཅན་གྱི་ཚད་མས་དྲངས་པའི་ལམ་གོམས་པ་སོགས་ལྡོག་བྱེད་ཀྱི་རྐྱེན་ལ༷་ལྟོས་པ་ཡིན་གྱི་རང་དགར་མི་ལྡོག་སྟེ། དཔེར་ན་འཁྲུལ་རྐྱེན་གཞན་སྦྲུལ་ཡོད་པའི་ཕྱོགས་སུ་དོགས་པ་ཟ་བ་དང་ཐག་པ་འཁྱིལ་ལུགས་ཀྱི་དམིགས་རྐྱེན་དང་མུན་པ་ཚབ་ཚུབ་སོགས་རྐྱེན་དུ་གནས་པ་ལས་ཡུལ་ལ་མེད་ཀྱང་རྟོག་བཅས་ཀྱི་ཤེས་པས་ཐག་པ་དེ་སྦྲུལ་དུ་སྒྲོ་འདོགས་ལ། ཇི་སྲིད་སྣང་བ་སོགས་ལྡོག་བྱེད་ཀྱི་རྐྱེན་མ་བྱུང་གི་བར་དུ་སྦྲུལ་ཡོད་སྙམ་པ་མི་ལྡོག་པ་བཞིན་ནོ། །འཁྲུལ་པའི་བློ་དེ་དག་རྐྱེན་ལ་ལྟོས་ནས་མི་ལྡོག་པ་མིན་ཏེ། དེ་དངོས་པོ་མ་ཡིན་པའི་སྟོབས་ཀྱིས་ཞུགས་པ་ཡིན་པས་ཚད་མས་གནོད་པ་ཅན་དང་གློ་བུར་བ་སྟེ་སེམས་དང་འབྲལ་རུང་ཡིན་པས་ན་མི་བརྟན༷་ཏེ། དཔེར་ན་ཐག་པ་ལ་སྦྲུ༷ལ་གྱི་བློ་སྐྱེས་པ་འདོར་རུང་ཡིན་པ་བཞིན་ནོ། །དེས་ན་སེམས་ཀྱི་གཤིས་སམ་ར༷ང་བཞིན་ནི་ངོ་བོ་ཉིད་ཀྱིས་འཁྲུལ་པ་ཅན་དུ་སྐྱེས་ནས་འཁྲུལ་པ་དང་འབྲལ་མི་རུང་བ་ཅན་མིན་ཞིང༌། བློ་གཉེན་པོའི་ངོ་བོར་སྐྱེས་པ་ན་དེ་དང་འབྲལ་མི་རུང་བ་ཡིན་པས་ན་རང་གཤིས་ནི་ཕྱིན་ཅི་ལོག་གི་མུན་པ་དང་བྲལ་བ་འོད་གས༷ལ་བ་ཡིན་ཏེ་བདག་ལྟ་སོགས་ཕྱིན་ཅི་ལོག་གི་དྲི་མ༷་རྣ༷མས་ནི་དེ་ལ་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པས་གློ་བུ༷ར་བ༷་ཡིན་ནོ། །དེ་ཕྱིར་སྔ༷ར་ཐོས་བསམ་གྱིས་དཔྱད་པའི་དུས་ན་ཡ༷ང་ཕྱིན་ཅི་ལོག་རྣམས་ལ་ནི་ཡང་དག་པའི་ཕྱོགས་ལ་གནོད་པའི་ནུ༷ས་པ་མེད་པ་ཡིན་ཏེ། ཡང་དག་པའི་བློ་རྣམས་ནི་དངོས་པོ་ཇི་ལྟར་ཡིན་པ་དེ་ཉིད་ཀྱི་སྟོབས་ཀྱིས་མ་ནོར་བར་ཞུགས་པ་ཡིན་པས་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཞེས་བྱ་སྟེ། ཐག་པ་ལ་ཐག་པར་ཤེས་པ་ལ་སྦྲུལ་འཛིན་གྱིས་སླར་མི་ལྡོག་པ་བཞིན་ནོ།།དེས་ན་གནས་མ་གྱུར་པའི་སྔར་ཡང་ཕྱིན་ཅི་ལོག་ཡང་དག་པའི་བློ་ལ་གནོད་པའི་ནུས་པ་མེད་པ་དེ་རྣ༷མས་ནི་གཉེན་པོ་ཡང་དག་པའི་བློ་དེ་ཡི་བད༷ག་ཉིད་དམ་ངོ་བོ་ཉིད་དུ་གནས་གྱུ༷ར་པའི་བློ་ལ༷་ཕྱིས་ནུ༷ས་པ་ཅུང་ཟད་མེད་པ་ལྟ་ཅི་སྨོས་སོ།།
གཉིས་པ་མངོན་གྱུར་མིན་ཡང་མི་ལྡོག་པ།
ནུས་ཡོད་ན་ཡང་གནོད་པ་ཅན། །སྐྱེད་ནུས་སྙིང་པོ་ཅན་དངོས་ལ།།ཡུན་དུ་གནས་ནུས་ཡོད་མིན་ཏེ། །ས་རློན་ལ་ནི་མེ་བཞིན་ནོ།།གནས་གྱུར་མཐར་ཐུག་མ་ཐོབ་པས་བག་ཆགས་མ་ཟད་པའི་རྒྱུད་ལ་ལར་སྐབས་དེར་བདག་འཛིན་སོགས་མངོན་དུ་གྱུར་པའི་ཚུལ་གྱིས་ཅུང་ཟད་ནུ༷ས་པ་ཡོད་ན༷་ཡ༷ང༌། བདག་མེད་པ་མངོན་སུམ་མཐོང་བའི་ཕྱིར་འཁྲུལ་འཛིན་དེ་ལ་གནོད་པ༷་ཅ༷ན་གྱི་ཚད་མ་སྐྱེད་ནུ༷ས་པའི་སྙིང་པོ་ཅ༷ན་གྱི་སེམས་རྒྱུད་ཀྱི་དངོས་པོ་ཡིན་པའི་ཕྱིར་དེ་ལ༷་ཕྱིན་ཅི་ལོག་གི་བློ་དེ་ཡུ༷ན་དུ༷་གན༷ས་པའི་ནུ༷ས་པ་ཡོད་པ་མིན་ཏེ། རྒྱུད་ཡང་དག་པའི་ལྟ་བས་ཁྱབ་པས་ན་དཔེར་ན་ས༷་རློན་པ་ལ༷་ནི་མེ་ཅུང་ཟད་འབར་ཡང་ཡུན་དུ་མི་གནས་པ་བཞིན་ནོ།།
གཉིས་པ་འབད་དུ་ཆུག་ཀྱང་མི་ལྡོག་པ།
འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས།།འབད་དུ་ཟིན་ཀྱང་མི་ཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ།།འབད་པས་ལྡོག་པར་བྱེད་པ་ནི་གཉེན་པོ་ལ་ཉེས་པའི་སྐྱོན་ནམ་རིགས་པས་གནོད་པའི་སྐྱོན་མཐོང་ན་འབད་པས་ལྡོག་སྲིད་ཀྱང་འདི་ལ་དེ་མེད་དེ། ཉེས་པ་གང་གི་ཡང་རྟེན་མིན་པས་འཚེ་བ༷་མེད་པ་ད༷ང༌། དངོས་པོའི་སྟོབས་ཀྱིས་ཞུགས་པ་གནས་ལུགས་ཡ༷ང་ད༷ག་པའི་དོན་ཅན་གྱི་བློ་ཡིན་པ་དང༌།ཆེས་གོམས་པའི་གནས་གྱུར་ཐོབ་སྟེ་བློ་དེའི་ར༷ང་བཞིན་ཅན་དུ་གྱུར་པ་འདི་ལ༷་ནི་བཟློག་ཕྱོགས་ཕྱིན་ཅི་ལོག་གིས་འབ༷ད་དུ༷་ཟིན་ཀྱ༷ང་མི་ཟློག་སྟེ། བློ་ནི་ཡང་དག་པའི་དོན་དུ་གྱུར་པ་དེ་ཡི་ཕྱོགས་འཛིན་པ་ལས་ཟློག་ནུས་ཀྱི་རྒྱུ་མཚན་མི་སྲིད་པའི་ཕྱིར་རོ།།
གཉིས་པ་སྐྱོན་མ་ལུས་པ་འཛད་པར་སྒྲུབ་པ་ལ། ཆགས་སོགས་གཞན་གྱིས་གཞན་མི་འཇོམས། །ཀུན་འཇོམས་གཉེན་པོ་ངོས་བཟུང་བའོ། །དང་པོ།
བདག་འཛིན་རྒྱུ་གཅིག་ཅན་ཉིད་དང༌། །རྒྱུ་དང་འབྲས་བུའི་དངོས་པོའི་ཕྱིར།།འདོད་ཆགས་ཁོང་ཁྲོ་ཕན་ཚུན་དུ། །ཐ་དད་ན་ཡང་གནོད་མ་ཡིན།།བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན།།བདག་འཛིན་དང་བདག་མེད་རྟོགས་པ་དམིགས་རྣམ་འགལ་བ་ཡིན་པས་བདག་མེད་རྟོགས་པ་
གོམས་པས་ཉེས་ཀུན་ཟད་པར་འགྱུར་རོ་ཞེས་པ་དེ་མི་འཐད་དེ། འདི་ལྟར་ཡུལ་དང་དུ་ལེན་པར་འདོད་པའི་ཆགས་པ་དང༌། ཡུལ་འདོར་བར་འདོད་པའི་ཞེ་སྡང་རྣམ་པ་ཤིན་ཏུ་འགལ་ཡང་དེ་གང་རུང་ཇི་ཙམ་གོམས་ཀྱང་ཅིག་ཤོས་ཟད་པ་མེད་པ་དང༌། ཉེས་པའི་རྣམ་པ་ཐ་དད་པ་རྣམས་གཉེན་པོ་གཅིག་གིས་ཟད་པར་མི་ནུས་ལ་སོ་སོའི་གཉེན་པོ་གོམས་ཀྱང་ཟད་མི་ནུས་ཏེ་མི་སྡུག་པ་ཇི་ཙམ་གོམས་ཀྱང་སླར་ཆགས་པ་སྐྱེ་སྲིད་པ་ལ་སོགས་པ་བཞིན་ནོ་ཟེར་ན། ཆགས་སྡང་གཉིས་ནི་བད༷ག་ཏུ་འཛིན་པའི་རྒྱུ་ལས་བྱུང་བའི་ཕྱིར་རྒྱུ༷་གཅིག་པ་ཅ༷ན་ཉིད་ད༷ང༌། ཆགས་པ་ལས་དེ་ལ་གནོད་པ་བྱས་པ་ལ་ཁྲོ་བའང་སྐྱེ་ཞིང༌། ཁྲོ་བའི་ཡུལ་ལ་འཇིག་སྲེད་ཀྱང་སྐྱེ་བའི་ཕྱིར་ཕན་ཚུན་རྒྱུ༷་ད༷ང་འབྲ༷ས་བུ༷འི་དངོས་པོའི་རང་བཞིན་ཅན་དུ་སྲིད་པའི་ཕྱིར་ན་འདོད་ཆ༷གས་དང་ཁོང་ཁྲོ་ཕ༷ན་ཚུ༷ན་དུ༷་འཛིན་སྟངས་མི་མཐུན་པའི་ཐ༷་ད༷ད་ན༷་ཡ༷ང་གཅིག་ལ་གཅིག་གནོད་པ་མ༷་ཡིན་ནོ། །དེར་མ་ཟད་ཞེ་སྡང་གི་གཉེན་པོ་བྱ༷མས་པ་དང༌། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་སོགས་བདག་མེད་རྟོགས་པ་དང་མ་འབྲེལ་བར་རང་རྐྱང་པ་ཇི་ཙམ་གོམས་ཀྱང་ཉེས་པའི་རྒྱུ་རྨོངས་པ་སྟེ་བདག་ལྟ་ད༷ང་འག༷ལ་བ་མེད་པའི་ཕྱིར་རེ་ཞིག་ཆགས་སྡང་སོགས་མངོན་གྱུར་ཁེགས་ཀྱང་དེའི་ས་བོན་བཅས་པ་འཇོམས་པར་མི་ནུས་པས་ཤིན་ཏུ༷་ཉེས་པ༷་ཚ༷ར་གཅོད་པ་མིན་ནོ།།
གཉིས་པ་ཀུན་འཇོམས་གཉེན་པོ་ངོས་བཟུང་བ་ལ། གཞོམ་བྱ་ཉེས་ཀུན་རྩ་བ་བཤད། །འཇོམས་བྱེད་གཉེན་པོ་གང་ཡིན་བསྟན། །དང་པོ་ལ། དངོས་དང་དེ་ལ་དོགས་པ་སྤང༌། །དང་པོ།
ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན།།ཉེས་པ་ཐ་དད་པ་གཉེན་པོ་གཅིག་གིས་འཇོམས་པ་མེད་པ་མ་ཡིན་ཏེ། ཆགས་སོགས་ཉེས་པ་ཀུ༷ན་ནི་གཏི་མུག་གམ་རྨོངས་པ་དེ་ཡི་རྩ༷་བ༷་ཅ༷ན་ཏེ་དེ་གཅིག་པུ་ལས་བྱུང་བ་ཡིན་ནོ། །དེ་འདྲའི་རྨོངས་པ་དེ་ཡ༷ང་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་བདག་དང་བདག་གིར་འཛིན་པ་ཁོ་ན་ཡིན་ཏེ་བདག་ཏུ་མ་བཟུང་ན་ཆགས་སོགས་སྐྱེ་མི་སྲིད་པ་ཡིན་ནོ།།
གཉིས་པ་དེ་ལ་དོགས་པ་སྤོང༌བ།
རིག་པའི་མི་མཐུན་ཕྱོགས་ཕྱིར་དང༌། །སེམས་བྱུང་ཉིད་ཀྱིས་དམིགས་པའི་ཕྱིར།།ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན།།འགལ་བ་གང་ཡིན་འདིར་བཤད་བྱ།།འཇིག་ལྟ་མ་རིག་པར་བཤད་པ་ལ་ཉན་ཐོས་སྡེ་པ་ཁ་ཅིག་ན་རེ། དེ་མི་འཐད་དེ། མ་རིག་པ་ནི་བློ་མི་གསལ་བའི་ངོ་བོ་ཙམ་ཡིན་པས་རྩ་ཉོན་ཡིན་ལ། འཇིག་ལྟ་ནི་ལྟ་བ་ཡིན་ཞིང་ལོག་ཤེས་ཡིན་པས་དེ་གཉིས་ཐ་དད་དེ། འཇིག་ལྟ་དང་མ་རིག་པ་མཚུངས་ལྡན་དུ་བཤད་པས་ན་གཅིག་ཡིན་པ་ལ་མཚུངས་ལྡན་མི་རིགས་སོ་ཞེ་ན། སྤྱིར་མ་རིག་པ་ནི་རིག་པ་མེད་པ་ཙམ་མིན་ཏེ་ས་རྡོ་ལ་ཡང་དེ་ཡོད་པའི་ཕྱིར་རོ། །མི་གསལ་བ་ཞེས་པ་ཡུལ་མ་བཟུང་བ་ཙམ་ཡང་མིན་ཏེ་མ་བཟུང་བ་ཙམ་ལ་ཡུལ་དམིགས་པའི་བློ་ཡི་རྣམ་པ་གང་ཡང་མ་སྐྱེས་པས་ཕྱིན་ཅི་ལོག་ཏུ་བཟུང་བ་གང་ཡང་མེད་དོ། །དེས་ན་རིག་པའི་འགལ་ཟླར་གྱུར་པའི་འཛིན་སྟངས་ཅན་གྱི་སེམས་བྱུང་ཞིག་ལ་མ་རིག་པ་ཞེས་གསུངས་པ་ཡིན་ལ་དེ་ནི་འཇིག་ལྟ་ལ་ཡོད་དེ། ཡང་དག་པར་རིག་པ་བདག་མེད་རྟོགས་པ༷འི་མི་མཐུ༷ན་ཕྱོགས་ཀྱི་འཛིན་སྟངས་ཅན་ཡིན་པའི་ཕྱིར་ད༷ང༌། རིག་པ་མེད་ཙམ་མིན་པར་སེམས་བྱུ༷ང་ཉིད་ཀྱིས་ཡུལ་བདག་ཏུ་དམིགས་པ༷འི་ཕྱིར་མ་རིག་པ་ཡིན་ལ། དེ་ཡང་མདོ་ལས་ཕྱིན་ཅི་ལོག་པ༷ར་དམིགས་པ་ཉིད་མ༷་རིག་པ༷ར་གསུ༷ངས་པའི་ཕྱིར་འཇིག་ལྟ་འདི་ཡང་ཕྱིན་ཅི་ལོག་པར་དམིགས་པ་ཡིན་པས་ན་མ་རིག་པའི་བྱེ་བྲག་ཡིན་པའི་ཕྱིར་མ་རིག་པ་ལས་གཞ༷ན་ཡིན་པ་ནི་རིགས་པ་མ༷་ཡིན་ནོ། །དེ་ཡང་ཟླ་བ་སྒྲོན་མེའི་མདོ་ལས།དེ་ལ་མ་རིག་པ་དང་བྲལ་བ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་ལྷག་པར་སྒྲོ་འདོགས་པ་དང་བྲལ་བ་གང་ཡིན་པའོ་ཞེས་དང༌། ས་བཅུ་པའི་མདོ་ལས། འཇིག་རྟེན་དུ་ཉེས་པར་སྤྱོད་པ་སྐྱེ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན་མི་འབྱུང་ངོ་ཞེས་རྟེན་འབྲེལ་བཅུ་གཉིས་ཀྱི་མ་རིག་པ་སྟོན་པའི་སྐབས་སུ་འཇིག་ལྟ་གསུངས་པ་སོགས་ཀྱི་ཕྱིར་རོ།།དེས་ན་མཚུངས་ལྡན་དུ་མི་རིགས་པའི་འག༷ལ་བ༷་ག༷ང་ཡིན་པ་ནི་བཤད་མ་ཐག་པའི་ཚུལ་གྱིས་འཇིག་ལྟ་ཡང་མ་རིག་པའི་བྱེ་བྲག་ཡིན་པས། པ་ལ་ཤ་དང་ལྡན་པའི་ནགས་ཞེས་དང༌། ལག་པ་དང་ལྡན་པའི་ལུས་ཞེས་པ་བཞིན་དུ་མ་རིག་པ་ཡང་ཡིན་ལ་འཇིག་ལྟའང་ཡིན་པའི་དོན་འདིར་བཤ༷ད་པར་བྱ་བ་ཡིན་ནོ། །འགལ་བ་གང་ཡིན་ཞེས་པའི་རྐང་པ་འདི་འགྲེལ་པ་འགའ་ཞིག་ཏུ་འོག་མའི་དམ་བཅའ་ལའང་སྦྱར་བ་ཡོད་དོ།།
གཉིས་པ་འཇོམས་བྱེད་གཉེན་པོ་གང་ཡིན་བསྟན།
སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡི་རང་བཞིན་ཉེས་ཀུན་དང༌།།འགལ་བར་རབ་ཏུ་གྲུབ་པ་ཡིན།།ཉེས་ཀུན་འཇོམས་པའི་གཉེན་པོ་གང་ཡིན་ཞེ་ན། བདག་མེད་པའམ་སྟོང་པ་ཉིད་དུ་ལྟ་བ་ད༷ང་བདག་ལྟ་དེ་འག༷ལ་བའི་ཕྱིར་ན་བདག་ལྟ་དེ་ཡི་རྩ་བ་ཅན་ནམ་དེ་ལ་བརྟེན་པའི་ར༷ང་བཞིན་ཅན་དུ་གྱུར་པ་ཆགས་སོགས་ཉེས་པ་ཀུ༷ན་ད༷ང་ཡང་འག༷ལ་བ༷ར་ར༷བ་ཏུ༷་གྲུ༷བ་པ༷་ཡིན་པས་སྟོང་ཉིད་ཀྱི་ལྟ་བ་གོམས་པས་ཉེས་པ་མ་ལུས་པ་རྩད་ནས་གཅོད་པ་རིགས་སོ།།
གསུམ་པ་ཉོན་མོངས་གཏན་ཟད་མི་སྲིད་པ།
ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར།།གཉེན་པོའི་ཕྱོགས་དང་འབྲེལ་བ་ན། །ལྡོག་པ་དག་ཀྱང་མཐོང་ཕྱིར་རོ།།ཉེས་པ་ཀུན་རེ་ཞིག་ལྡོག་ཀྱང་གཏན་དུ་ཟ༷ད་པ་མིན་ཏེ་སྲོག་ཆ༷གས་རྣམས་ཀྱི་ཆོས་ཉིད་དམ་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར། དཔེར་ན་དཀར་པོ་ལ་སོགས་པ་གཟུ༷གས་ཀྱི་རང་བཞིན་ཡིན་པ་ལ་སོགས་པ་བཞིན་དང་མེའི་ཚ་བ་བཞིན་ནོ་ཞེ་ན། དེ་ལྟར་མིན་ཏེ་སེམས་ཅན་ནམ་སྲོག་ཆགས་ཀྱི་རང་བཞིན་དུ་མ༷་གྲུ༷བ་པའི་ཕྱིར་རོ། །ཅིའི་ཕྱིར་ན་གཉེན་པོའི་ཕྱོགས་བདག་མེད་པ་སོགས་ད༷ང་སེམས་ཅན་གྱི་རྒྱུད་འབྲེལ་བ༷་ན༷་སེམས་རྒྱུད་ལ་ཉེས་པ་དེ་རྣམས་ལྡོག་པ༷་ད༷ག་ཀྱང༷་ཚད་མས་མཐོང་བས་ན་དེའི་རང་བཞིན་དུ་གྲུབ་པ་མིན་ཏེ་ཡིན་ན་གཉེན་པོ་དང་འབྲེལ་ཡང་ལྡོག་མི་སྲིད་དོ། །དེས་ན་མེ་དང་ཉེ་བའི་ས་ཕྱོགས་ལ་ལར་གྲང་རེག་མེད་པ་ལྟར་གཉེན་པོ་གོམས་པའི་རྒྱུད་ཀྱི་ཁྱད་པར་ལ་ལར་ཉེས་པ་དེ་ལྡོག་སྲིད་པར་གྲུབ་པའི་ཕྱིར་སེམས་ཅན་ཡིན་ན་ཉེས་པ་ཅན་ཡིན་པར་གྲུབ་པར་མི་འགྱུར་རོ།།
བཞི་པ་ཟད་ཀྱང་སླར་ལྡོག་སྤོང་བ།
ཉེས་པ་རྣམ་པར་འགགས་པ་ནི། །སྲ་བཞིན་སླར་ཡང་སྐྱེ་མེད་དེ།།དེ་བདག་ཉིད་ཀྱིས་འབྲལ་མེད་དང༌། །ཐལ་བ་བཞིན་དུ་མ་ངེས་ཕྱིར།།གལ་ཏེ་རྒྱུད་ལ་ལར་རེ་ཞིག་ཉེས་པ༷་རྣ༷མ་པ༷ར་འག༷གས་ཏེ་གཏན་དུ་ཟད་པ་སྲིད་ཀྱང་འགགས་ཟིན་པ༷་དེ་ནི་སླར་ཡང་གསེར་སོགས་བཞུས་པ་ན་སྲ་བ་གཏན་མེད་ཀྱང་མེ་དང་བྲལ་བའི་ཚེ་སྲ་བ་འབྱུང་བ་བཞིན་ནོ་ཞེ་ན། གཉེན་པོས་གཏན་དུ་ཟད་པར་བྱས་པ་དེ་ནི་སླ༷ར་ཡ༷ང་ལྡོག་པའི་ཚུལ་གྱིས་སྐྱེ་བ་མེད་དེ། གཉེན་པོ་དེ་སེམས་ཀྱི་རང་བཞིན་ནམ་ངོ་བོའི་བད༷ག་ཉིད་ཀྱིས་འབྲ༷ལ་བ་མེད་པ་ད༷ང༌། སྤང་བྱ་ལྷག་མ་མེད་པར་བཅོམ་ཟིན་པ་དེ་ནི་རྒྱུད་དེར་གཏན་ནས་མེད་པའི་ཕྱིར་དཔེར་ན་མེས་ཤིང་བཅོམ་ཟིན་ནས་ཐ༷ལ་བ༷་ཉིད་དུ་གྱུར་པ་ན་སླར་ཡང་ཤིང་དུ་ལྡོག་པ་མི་སྲིད་པ་བཞིན་དུ༷་སྤང་བྱ་རང་གི་ངོས་ནས་ཀྱང་ལྡོག་པར་མ༷་ངེས་པའི་ཕྱིར་རོ།།
གཉིས་པ་བདག་མེད་རྟོགས་པ་ལས་ལམ་གཞན་དེ་ལྟ་མིན་པ་ལ། བདག་འཛིན་ཡོད་བཞིན་གྲོལ་མི་སྲིད། །གྲོལ་བའི་ལམ་གཞན་འདོད་པ་དགག །དང་པོ་ལ། དངོས་དང་དེ་ཡི་ཚུལ་བཤད་པའོ། །དང་པོ།
གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར།།ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད།།ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན།།དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར།།བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌།།འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར།།བདག་བསྒོམས་པས་ཀྱང་ཐར་པར་བཤད་ན་བདག་མེད་བསྒོམ་པས་ཅི་ཞིག་བྱ། དེ་བཞིན་དུ་སྡུག་བསྔལ་བསྒོམ་པ་དང་དཀའ་ཐུབ་བསྟེན་པ་སོགས་ཐར་པའི་ལམ་གཞན་ཡང་ཅི་སྟེ་མེད་སྙམ་ན།བདག་མེད་པ་སྒོམ་པ་མ་གཏོགས་བདག་ཡོད་པར་འཛིན་བཞིན་ཐར་པའི་ལམ་གཞན་སྲིད་པ་མ་ཡིན་ཏེ། ག༷ང་ཞིག་ཕྱིན་ཅི་ལོག་གི་བློས་བད༷ག་ཡོད་པར་མཐོང་བའི་རྨོངས་པ་ཅན་དེས་ཡུལ་བདག་དེ་ལ༷་ནི་ང༷འོ་ཞེས་རྟ༷ག་ཏུ༷་ཞེན་པ༷ར་འགྱུ༷ར་ཞིང་ཞེན་པ༷ས་ནི་བདག་དེ་བདེ་བ་ལ༷་འཕྲད་པར་འདོད་ནས་ཡུལ་ལ་སྲེད་པ་སྐྱེ་བར་འགྱུ༷ར་ཏེ་སྲེད་པ༷ས་བདག་དང་བདག་གི་བའི་ཉེས་པའི་སྐྱོན་རྣ༷མས་སྒྲིབ་པ༷ར་བྱེད་དེ་སྐྱོན་དུ་མི་ལྟ་ཞིང་ཡོན་ཏ༷ན་དུ་མཐོང་བ༷ས་ཡོངས་སུ་སྲེད་པ༷་སྐྱེས་ནས། ང༷་ཡི་ཞེས་བདག་དེའི་བདེ་བའི་སྒྲུ༷བ་བྱེད་དམ་ཐབས་སུ་གྱུར་པ་མཐའ་དག་དང་དུ་ལེན་པར་བྱེད་པ་དེས་ན༷་བད༷ག་ལ༷་མངོན་པར་ཆ༷གས་པ༷་ཡོད་པ་དེ་སྲིད་སྐྱེས་བུ་དེ་ནི་སྲིད་པར་འཁོར་བ༷ར་འགྱུ༷ར་ལ། བད༷ག་ཏུ་འདུ་ཤེས་ཡོད་ན༷་ནི་འགའ་ཞིག་ལ་གཞ༷ན་དུ༷་ཤེས་པ་འབྱུང་ཞིང༌། བད༷ག་གཞ༷ན་གྱི་ཆ༷་ཉིད་དུ་རྣམ་པར་བཟུང་བ་ལ༷ས་རང་ཕྱོགས་ལ་ཡོངས་སུ་འཛིན་པའི་ཆགས་པ་ད༷ང་གཞན་ཕྱོགས་ལ་སྡང་བ་སྐྱེ་ཞིང་ཆགས་སྡ༷ང་འདི་ད༷ག་ད༷ང་ནི་ཡོངས་སུ་འབྲེལ་བ་ལ༷ས་ང་རྒྱལ་ཕྲག་དོག་ལ་སོགས་པའི་ཉེས་པ༷་ཐ༷མས་ཅ༷ད་འབྱུ༷ང་བ༷ར་འགྱུ༷ར་བ་ཡིན་ནོ།།
གཉིས་པ་དེ་ཡི་ཚུལ་བཤད་པ་ལ། བདག་གི་ཁོ་ནར་ཆགས་བྲལ་མེད། །ཡོད་ཀྱང་གྲོལ་བདག་དོན་མེད་འགྱུར། །དེས་ན་བདག་འཛིན་སྤང་བར་གདམས། །དང་པོ་ལ། མདོར་བསྟན་རྒྱས་བཤད་མཇུག་བསྡུ་གསུམ། །དང་པོ།
ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང༌།།ཉེས་མེད་བདག་ལ་ཆགས་པ་དང༌། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན།།ཆགས་བྲལ་གྱི་རྣལ་འབྱོར་རྣམས་བདག་ཁོ་ན་ལ་ཞེན་གྱི་བདག་གི་བའི་དངོས་པོ་ཡོངས་སུ་བཟུང་བ་ཐམས་ཅད་ལ་ཆགས་པ་མེད་པས་གྲོལ་བའོ་ཞེ་ན། དེ་མི་སྲིད་དེ། ངེས་པ༷ར་བད༷ག་ལ༷་ཆ༷གས་པ༷་དེ་ནི་བད༷ག་གི་བ་ལ༷་ཆ༷གས་པ་དང་མི་འབྲ༷ལ་ཞིང༌། བདག་ཡོད་པར་སྨྲ་བ་རྣམས་ཀྱིས་བདག་དེ་ཉེས་མེད་དུ་ཞེན་པས་ན་དེའི་ངོར་བད༷ག་ལ༷་ཆ༷གས་པ༷་ད༷ང་བྲ༷ལ་བ༷འི་རྒྱུ༷་ཡ༷ང་ཡོད་པ་མ༷་ཡིན་ཏེ་བདག་ཡོད་ཀྱི་ལྟ་བ་དེ་མ་བཏང་གི་བར་དུ་བདག་ལ་ཆགས་པ་དང་འབྲལ་བའི་ཐབས་ཡོད་པ་མིན་ནོ།།
གཉིས་པ་རྒྱས་པར་བཤད་པ་ལ། སྐྱོན་དུ་མཐོང་བས་ཆགས་སྤོང་དགག །སྡུག་བསྔལ་བསྒོམས་པས་ཆགས་སྤོང་དགག །དང་པོ་ལ། སྐྱོན་མཐོང་ཙམ་གྱིས་སྤོང་མི་ནུས། །སྐྱོན་མེད་པར་ཡང་ཐལ་བ་འོ། །དང་པོ།
གལ་ཏེ་ཆགས་པ་སྐྱོན་བཅས་ན། །དེ་ལས་ཅིར་འགྱུར་དེ་སྤོང་འགྱུར།།འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན།།ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི།།དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་གང་118གིས་མིན།།ཆགས་ཡོན་ཏན་གྱིས་ཆགས་མིན་གྱི། །དོན་གྱི་ཡོན་ཏན་མཐོང་བས་ཡིན།།མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད།།ག༷ལ་ཏེ་བདག་ཉེས་མེད་ཡིན་ཡང་དེ་ལ་ཆ༷གས་པ༷་ནི་སྐྱོན་དང་བཅ༷ས་པ་ཡིན་ནོ་ཞེ་ན༷། དེ་སྐྱོན་ཅན་ཡིན་པར་ཤེས་པ་ལ༷ས་ཅིར་འགྱུ༷ར་ཞེས་དྲིས་པ་ན། སྐྱོན་ཅན་དུ་ཤེས་པས་བདག་ཆགས་དེ་སྤོང་བར་འགྱུ༷ར་རོ་ཞེ་ན་མ་ཡིན་ཏེ། བདག་ཏུ་ཆགས་པ་འདི་ཡི་ཡུ༷ལ་བདག་དེ་ཉིད་སུ༷ན་ཕྱུ༷ང་བ་མེད་པ༷ར་ནི་ཡུལ་ཅན་ཆགས་པ་དེ་སྤོང་བ༷ར་ནི་ནུ༷ས་པ་མ༷་ཡིན་ནོ། །དེའི་རྒྱུ་མཚན་ཡུལ་གང་ལ་ཡོན་ཏ༷ན་ནམ་སྐྱོན་ཡོད་པ་དེ་ད༷ང་རྗེས་སུ་འབྲེལ་བ༷འི་ཡུལ་ཅན་འདོད་པ་ད༷ང་སྡ༷ང་བ་སེར་སྣ་དང་ཕྲག་དོག་ལ་སོགས་སྤོང་བ༷་ནི། ཡོན་སྐྱོན་དེ་ད༷ག་ཡུ༷ལ་ལ༷་མ༷་མཐོང་བ༷ས་ལྡོག་པ་ཡིན་གྱི་ནང་བློ་ཡི་འཇུག་པ་ནི་ཕྱི་ཚུ༷ལ་ག༷ང་གིས་ཀྱང་ཚེར་མ་འབྱིན་པའི་ཚུལ་གྱིས་སྤོང་སྲིད་པ་མིན་ནོ། །གཞན་ཡང་ཡུལ་ཅན་ཆ༷གས་པ་རང་ཉིད་ལ་ཡོན་ཏ༷ན་ཡོད་པར་ཤེས་ནས་ནན་གྱིས་ཆ༷གས་པ་སྐྱེད་པ་མིན་གྱི་ཆགས་ཡུལ་དོན་གྱི་ཡོན་ཏ༷ན་མཐོང་བ༷ས་ཆགས་བློ་བཟློག་མེད་དུ་སྐྱེ་བ་ཡིན་ཏེ། ཆང་ལ་ཆགས་པ་ཡོན་ཏན་ཅན་མིན་པར་ཤེས་ཀྱང་ཆང་གི་རོ་སོགས་ཡོན་ཏན་དུ་མཐོང་བས་ཆང་ལ་ཆགས་པ་སྐྱེ་བ་ལྟ་བུ་ཡིན་པ་དེས་ན། བདག་ཆགས་སྐྱེ་བའི་རྒྱུ་མ༷་ཚ༷ང་བ་མེད་པར་བདག་དེ་ཉིད་དེ་འཛིན་སྐྱེད་པའི་རྒྱུ༷་ཉིད་དུ་ཡོད་བཞིན་པ་དེ་ལ༷་ནི་འབྲ༷ས་བུ༷་དེ་ལས་སྐྱེས་པའི་ཡུལ་ཅན་གྱི་བློ་དེ་ག༷ང་གིས་ཟློག་པ༷ར་བྱེད་དེ་ཟློག་བྱེད་མི་སྲིད་དོ། །དེས་ན་ཡུལ་བུད་མེད་སོགས་ནི་མཐོང་བའི་ཡུལ་དུ་ཡོད་པ་ཙམ་གྱིས་ཆགས་སོགས་སྐྱེ་བར་མ་ངེས་ཀྱང༌། དེ་མཐོང་བའི་བློ་ཙམ་སྐྱེད་པར་བྱེད་པ་བཞིན་བདག་ནི་ཡོད་པ་ཙམ་གྱིས་དེར་འཛིན་ལ་དེར་བཟུང་བ་ན་ངའི་སྙམ་དུ་མི་ཆགས་པ་མི་སྲིད་དོ།།
གཉིས་པ་སྐྱོན་མེད་པར་ཡང་ཐལ་བ།
ཆགས་ལ་སྐྱོན་ཡང་གང་ཞིག་མཐོང༌། །གལ་ཏེ་སྡུག་བསྔལ་རྟེན་ཞེ་ན།།དེ་ལྟའང་འདི་ལ་ཆགས་བྲལ་མིན། །བདག་གིར་མཐོང་ཕྱིར་དཔེར་བདག་བཞིན།།གལ་ཏེ་དེ་མེད་བདག་སྡུག་བསྔལ། །རྒྱུ་མིན་དེ་ཡང་དེ་དང་འདྲ།།དེ་ལྟར་གཉིས་ཀའང་སྐྱོན་མེད་པ། །དེ་ཕྱིར་གཉིས་ལ་ཆགས་བྲལ་མིན།།བདག་ཏུ་ཆ༷གས་པ་ལ༷་སྐྱོན་ཡ༷ང་ག༷ང་ཞིག་མཐོང་ནས་དེ་སྤོང་བ་ཡིན་ཞེས་དྲིས་པ་ན། ག༷ལ་ཏེ་བདག་ཏུ་ཆགས་པ་དེ་ནི་སྡུ༷ག་བསྔ༷ལ་ཐམས་ཅད་ཀྱི་རྟེན་ཡིན་པས་སྐྱོན་ཅན་ནོ་ཞེ་ན༷། སྐྱོན་ཅན་ཡིན་པ་དེ་ལྟ༷་ནའ༷ང་བདག་ཏུ་ཆགས་པ་འདི་ལ༷་ཆ༷གས་པ་དང་བྲ༷ལ་ནས་འདོར་བར་བྱེད་ནུས་པ་མིན་ཏེ་བད༷ག་གིར་ཏེ་བདག་ཡོད་པ་དེའི་ཡུལ་ཅན་ཡིན་པར་མཐོང་བའི་ཕྱིར་དཔེར་ན་བད༷ག་སྤོང་མི་ནུས་པ་བཞིན་ནོ། །ག༷ལ་ཏེ་བདག་ཆགས་དེ་མེད་ན་བད༷ག་ཡན་གར་བ་ནི་སྡུ༷ག་བསྔ༷ལ་གྱི་རྒྱུ༷་མིན་ནོ་ཞེ་ན། བདག་ཆགས་དེ་ཡ༷ང་དེ་ད༷ང་འདྲ་སྟེ་བདག་མེད་པའི་བདག་ཆགས་ཡན་གར་བ་ཡང་སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཁྱོད་མི་འདོད་པས་སོ། །ཇི་ལྟར་ན་ཁྱོད་ཀྱི་ལུགས་ལ་བདག་མེད་པ་མི་སྲིད་པས་བདག་མེད་པར་བདག་ཆགས་རྐྱང་པས་སྡུག་བསྔལ་སྐྱེད་པ་ཁས་མི་ལེན་པའམ། ཡང་ན་ཁྱོད་ལྟར་ན་བདག་མེད་ན་བདག་ཆགས་ཡོད་ཀྱང་སྡུག་བསྔལ་མྱོང་བ་པོ་མེད་པས་བདག་ཆགས་ཡན་གར་བས་ཀྱང་སྡུག་བསྔལ་གྱི་རྟེན་མི་བྱེད་པའམ། ཡང་ན་བདག་ཏུ་དམིགས་པ་ལས་ཉེས་པ་འབྱུང་ན་ཡུལ་ཡུལ་ཅན་གཉིས་ཀ་ཉེས་པའི་རྟེན་ཡིན་ལ། བློའི་ཡུལ་དུ་མ་བྱས་པ་ལ་ཡུལ་དེས་ཉེས་པ་མི་སྐྱེད་ན་ཡུལ་དང་བྲལ་བའི་ཡུལ་ཅན་རྐྱང་པའང་མི་སྲིད་པས་ན། དེ་ལའང་ཉེས་པ་མེད་པར་འགྱུར་རོ། །དེ་ལྟ༷ར་ཡུལ་ཡུལ་ཅན་གཉིས་ཀ༷འ༷ང་སྐྱོན་མེད་པ༷་དེ་ཕྱིར་དེ་གཉིས་ཀ་ལ༷འང་ཆ༷གས་པ་དང་བྲ༷ལ་བ༷་མིན་ནོ།།
གཉིས་པ་སྡུག་བསྔལ་བསྒོམས་པས་ཆགས་སྤོང་དགག་པ་ལ། སྡུག་བསྔལ་ཤེས་ཙམ་ཆགས་བྲལ་མིན། །སྡུག་བསྔལ་བསྒོམ་པར་གསུངས་དོན་བཤད། །དང་པོ་ལ། སྡུག་བསྔལ་ཙམ་ཤེས་ཆགས་བྲལ་མིན། །ཆགས་བྲལ་ཇི་ལྟར་ཡིན་པ་བསྟན། །དང་པོ་ལ། ཡུལ་ཅན་སྡུག་བསྔལ་མཐོང་ཙམ་དང༌། །ཐ་དད་ཤེས་པ་ཆགས་བྲལ་མིན། །དང་པོ་ལ།119 སྡུག་བསྔལ་ཙམ་ཤེས་ཀྱང་མི་སྤོང༌། །དེ་ཡིས་བདག་གི་བློ་མི་འདོར། །དང་པོ།
གལ་ཏེ་སྦྲུལ་བཟུང་ཡན་ལག་བཞིན། །སྡུག་བསྔལ་བསྒོམས་པས་སྤོང་འགྱུར་ན།།བདག་གི་བ་བློ་བཅོམ་པས་འདི། །འདོར་བ་ཡིན་གྱི་བཟློག་ལ་120མིན།།དབང་པོ་ལ་སོགས་ལོངས་སྤྱོད་ཀྱི། །རྟེན་ཉིད་དུ་ནི་བཟུང་བ་ལ།།རང་བློ་གང་གིས་བཟློག་འགྱུར་ཏེ། །དེ་ལ་ཆགས་བྲལ་དེ་གང་ལས།།ལུས་ལས་བོག་པའི་སྐྲ་སོགས་ལ། །ཡིད་བྱུང་བློ་ནི་སྐྱེ་འགྱུར་ཞིང༌།།གཞན་ལ་ཞེན་བཅས་སྐྱེ་འགྱུར་བ། །ཐམས་ཅད་ཀྱི་ནི་མངོན་སུམ་ཡིན།།དེ་ལ་འདུ་སོགས་འབྲེལ་བ་ལས། །རང་གི་བློ་ནི་སྐྱེ་འགྱུར་བའི།།འབྲེལ་དེ་དེ་བཞིན་ཉིད་གནས་ཕྱིར། །མཐོང་དུ་ཟིན་ཀྱང་སྤོང་མི་འགྱུར།།འདུ་བ་ལ་སོགས་མེད་ན་ཡང༌། །ཕན་འདོགས་ཉིད་ནི་ཀུན་ལ་ཡོད།།ག༷ལ་ཏེ་དུག་སྦྲུ༷ལ་གྱི་སོས་བཟུ༷ང་བའི་སོར་མོ་ལ་སོགས་པའི་ཡ༷ན་ལ༷ག་ནི་རང་གི་ཡན་ལག་ཡིན་ཡང་དུག་མ་མཆེད་གོང་དུ་གཅོད་པར་བྱེད་པ་དེ་བཞིན་དུ། བདག་དང་བདག་གི་བར་ཆགས་པ་ཐམས་ཅད་སྡུ༷ག་བསྔ༷ལ་བའི་རང་བཞིན་དུ་བསྒོམས་པ༷ས་དེ་ལ་ཆགས་པ་སྤོང་བར་འགྱུ༷ར་རོ་ཞེ་ན༷། དེ་སྡུག་བསྔལ་དུ་ཤེས་པ་ཙམ་གྱིས་མ་ཡིན་ཏེ་བདག་ལ་ཕན་པའི་རེ་བ་ཟད་ཅིང་གནོད་པར་དོགས་པས་བད༷ག་གི་བ༷་ཡི་བློ་བཅོམ་པ༷ས་སོར་མོ་ལ་སོགས་པ་སྐྱོན་ཅན་འདི་འདོར་བ༷་ཉིད་ནུས་པ་ཡིན་གྱི། བཟློག་པ་བདག་གི་བའི་བློ་མ་བཅོམ་པ་ལ༷་སྡུག་བསྔལ་བར་ཤེས་ཀྱང་དེ་འདོར་བ་ཡོད་པ་མིན་ཏེ། ཇི་ལྟར་མིག་སོགས་དབ༷ང་པོ་དང་སྐྲ་ལ༷་སོགས་པ་བདག་གི་བདེ་བ་སྒྲུབ་པའི་ལོངས་སྤྱོད་ཀྱི་རྟེན་ཉིད་དུ༷་ནི་བཟུ༷ང་བ༷་ལ༷་ར༷ང་གི་བའི་བློ་ག༷ང་གིས་བཟློག་པར་འགྱུ༷ར་ཏེ་མི་འགྱུར་བ་དེས་ན་བདག་དང་བདག་གི་བ་དེ་ལ༷་ཆ༷གས་བྲ༷ལ་དེ་རྒྱུ་མཚན་ག༷ང་ལ༷ས་ཡོད་དེ་ཡོད་པ་མི་སྲིད་དོ། །དཔེར་ན་ལུ༷ས་ལ༷ས་བོག་པ༷འི་སྐྲ༷་དང་ས་ོལ་སོགས་པ་ལ༷་ཡིད་བྱུ༷ང་སྟེ་ཞེན་པ་མེད་པའི་བློ་ནི་སྐྱེ་བར་འགྱུ༷ར་ཞིང༌། གཞ༷ན་ལུས་དང་འབྲེལ་བའི་སྐྲ་སེན་སོགས་ལ༷་ཞེན་པ་དང་བཅ༷ས་པ་སྐྱེ་བར་འགྱུ༷ར་བ༷་ནི་སྐྱེ་བོ་ཐ༷མས་ཅ༷ད་ཀྱི་ནི་མངོན་སུ༷མ་ཡིན་ནོ། །དེས་ན་བདག་ཏུ་ཆགས་པའི་དབང་གིས་བདག་གི་རྒྱུད་དུ་གཏོགས་པ་ལ་བདག་གི་བའི་བློ་ངང་གིས་སྐྱེ་བས་སྡུག་བསྔལ་བར་ཤེས་ཀྱང་ཆགས་པ་བྲལ་བར་མི་འགྱུར་རོ། །བདག་དང་འབྲེལ་བ་མེད་པར་ནི་བྱ་མི་ནུས་ཏེ། བྱེ་བྲག་པ་སོགས་ལྟར་ན་བློ་དང་ཡན་ལག་ལ་སོགས་པ་དེ་ལ༷་འདུ༷་བ་དང་ལྡན་པ་སོགས་ཀྱིས་བདག་དང་འབྲེལ་བ༷་ཡོད་པར་འདོད་ལ། དེ་ལ༷ས་ར༷ང་གི་བའི་བློ་ནི་སྐྱེ་བར་འགྱུ༷ར་བ༷འི་འབྲེལ་བ་དེ་ནི་སྡུག་བསྔལ་དུ་མཐོང་བའི་སྐབས་ན་ཡང༌། སྔར་གྱི་དེ་བཞིན་ཉིད་དུ་གན༷ས་པ་ཡིན་གྱི་འབྲེལ་བ་མེད་པར་མི་འགྱུར་བའི་ཕྱིར་སྡུག་བསྔལ་བར་མཐོང་དུ༷་ཟིན་ཀྱ༷ང་རང་གི་བ་ལ་ཆགས་པ་སྤོང་བར་མི་འགྱུ༷ར་རོ། །དེ་ཡང་བྱེ་བྲག་པས། བདེ་བ་སོགས་བདག་གི་ཡོན་ཏན་རྣམས་ནི་བདག་དེ་ལ་འཕྲོད་པ་འདུ་བས་འབྲེལ་ལ། ལུས་དང་དབང་པོ་རྣམས་ལྡན་འབྲེལ་ལམ་ལྡན་པར་གྱུར་པ་ལ་འདུ་བས་འབྲེལ་ཞིང་ཕན་ཚུན་འབྲེལ་བར་འདོད་དོ། །གལ་ཏེ་གྲངས་ཅན་པ་སོགས་འབྲེལ་བ་ཙམ་གྱིས་རང་གི་བའི་བློ་སྐྱེ་བ་མ་ཡིན་ཏེ། ནང་གི་སྐྱེས་བུ་དང་ཡུལ་འདྲེས་པ་ལྟར་ཞེན་པས་བདེ་བ་ངའི་འོ་སྙམ་དུ་སེམས་པ་ཡིན་པས་སྐྱེས་བུ་དང་ཡུལ་ཐ་དད་དུ་ཤེས་ན་རང་གི་བའི་བློ་མི་འབྱུང་བར་སྨྲ་བ་ལྟར་ན་ཡང་བདག་དང་ཆོས་དེ་ཐ་དད་དུ་ཤེས་པ་ཙམ་གྱིས་རང་གི་བའི་བློ་མི་སྐྱེ་བ་མིན་ཏེ། བདག་བདེ་བའི་ཡན་ལག་ཏུ་བཟུང་བས་སྐྱེ་བ་ཡིན་པས་འདུ༷་བ༷་ལ༷་སོགས་པའི་འབྲེལ་བ་མེད་ན༷་ཡ༷ང་བདག་ཏུ་བཟུང་བ་ཡོད་ཕན་ཆད་དངོས་པོ་གང་ལ་བདག་དེར་ཕ༷ན་འདོགས་པར་འཛིན་པ་ཉིད་ནི་སྐྱེ་བོ་ཀུ༷ན་ལ༷་ཡོད་པས་བདག་ཆགས་མ་སྤངས་ན་བདག་གི་བའི་བློ་འདོར་བར་མི་ནུས་སོ།།
གཉིས་པ་སྡུག་བསྔལ་དུ་བསྒོམས་ཀྱང་དེས་བདག་གི་བའི་བློ་འདོར་བར་མི་ནུས་
པར་བསྟན་པ་ལ། གཅིག་ཏུ་སྡུག་བསྔལ་མ་ཡིན་དང༌། །ཡིན་ཡང་མཐོང་བར་མི་འགྱུར་དང༌། །མཐོང་ཡང་བདག་གིའི་བློ་མི་སྤོང༌། །དང་པོ།
སྡུག་བསྔལ་བསྐྱེད་ཕྱིར་སོར་མོ་བཞིན། །རང་གི་བློ་ནི་མི་འགྱུར་ན།།གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ཕལ་ཆེར་དུག་བཅས་ཟས་བཞིན་ནོ།།ཁྱད་པར་ཅན་བདེ་ལ་ཆགས་པས། །དེ་འགལ་བ་ལ་ཆགས་བྲལ་འགྱུར།།ཁྱད་པར་ཅན་བདེ་ལ་སྲེད་པས། །བདེ་བ་ཅུང་ཟད་ཡོངས་སུ་སྤོང༌།།བསམ་མེད་བདག་ལ་ཆགས་པ་ཡིས། །ཇི་ལྟར་རྙེད་བཞིན་ལ་འཇུག་སྟེ།།བུད་མེད་དག་ནི་མ་རྙེད་པར། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན།།གང་ཡོངས་སུ་བཟུང་བ་དེ་ནི་སྡུ༷ག་བསྔ༷ལ་བསྐྱེད་པའི་ཕྱིར་སྦྲུལ་གྱིས་ཟིན་པའི་སོར་མོ་བཞིན་དུ་སྡུག་བསྔལ་དུ་བསྒོམས་ན་གོམས་པའི་ཚེ་དབང་པོ་སོགས་ལ་ཡང་ར༷ང་གི་བའི་བློ་ནི་སྐྱེ་བར་མི་འགྱུ༷ར་རོ་ཞེ་ན༷། མཐའ་གཅིག་ཏུ༷་ངེས་པར་རང་གི་བའི་དངོས་པོ་དེ་དག་ནི་བདག་ལ་སྡུ༷ག་བསྔ༷ལ་སྐྱེད་པ་མིན་པར་བདག་ལ་ཕན་པར་བྱེད་པའང་ཡིན་པས་ན་དེ་དང་དུ་ལེན་པར་ཡང་འགྱུར་རོ། །གལ་ཏེ་བདག་གི་བའི་དངོས་པོ་དེ་དག་གིས་བདེ་བ་ཅུང་ཟད་སྐྱེད་སྲིད་ཀྱང་གྲོལ་བའི་ཐབས་མིན་པ་ཕ༷ལ་ཆེར་དུ༷ག་དང་བཅ༷ས་པའི་ཟ༷ས་བཞིན་དུ་མཐར་གྱིས་སྡུག་བསྔལ་སྐྱེད་པ་ཡིན་པས་ཀུན་ལ་སྡུག་བསྔལ་དུ་ལྟ་བ་ཡིན་ནོ་ཞེ་ན། བདག་ཆགས་མ་སྤངས་པའི་སྡུག་བསྔལ་སྒོམ་པ་པོ་དེས་བདག་ལ་ཕན་པར་བྱེད་པའི་སྒྲུབ་བྱེད་ཁྱ༷ད་པ༷ར་ཅ༷ན་གྱི་བདེ་བ་སྐྱོན་མེད་པ་ལ༷་ཆ༷གས་པ༷ས། ཁྱད་པར་ཅན་དེ་དང་འག༷ལ་བ༷་དམན་པའི་བདག་གི་བ་ལ༷་རེ་ཞིག་ཆ༷གས་པ་བྲ༷ལ་བར་འགྱུ༷ར་དུ་ཆུག་ཀྱང༌། དེ་ནི་ཆགས་པ་དང་བྲལ་བ་ཞེས་མི་བྱ་སྟེ། གང་གིས་ན་ཁྱ༷ད་པ༷ར་ཅ༷ན་གྱི་བདེ་བ་ལ༷་སྲེད་པ༷ས་དེ་ལས་དམན་པའི་བདེ་བ༷་ཅུ༷ང་ཟ༷ད་ཡོངས་སུ༷་སྤོང་བ་ཡིན་ཏེ་ཟས་བཟང་པོ་རྙེད་པའི་མིས་ངན་པ་འདོར་ཡང་དེ་ཟས་ལ་གཏན་ཏུ་ཆགས་བྲལ་མིན་པ་བཞིན་ནོ།།གལ་ཏེ་བདག་གི་བདེ་བ་ཁྱད་པར་ཅན་མ་རྙེད་པ་ཞིག་ན་བས༷མ་དཔྱོད་མེད་པར་རམ་ཚུལ་བཞིན་བསམ་མི་ནུས་པར་ཉེས་པ་ཡོད་ཀྱང་བད༷ག་ལ༷་ཆ༷གས་པ༷་དེ་ཡིས་སྐབས་སུ་བདག་བདེ་བའི་སྒྲུབ་བྱེད་དུ་རེ་བས་བདག་གི་བའི་དངོས་པོ་ཇི་ལྟ༷ར་རྙེད་པ་བཞིན་དུ་དེ་ལ༷་འཇུ༷ག་པའམ་དང་དུ་ལེན་པར་བྱེད་པ་སྟེ། ཤིན་ཏུ་བཀྲེས་པས་ཟས་དུག་བཅས་ཀྱང་ཟ་བ་དང༌། ན་བར་ཤེས་ཀྱང་སྐོམ་པས་ཉེན་པ་ན་ཆུ་བསིལ་བ་འཐུང་བའམ། བུ༷ད་མེད་བཟང་མོ་ད༷ག་ནི་མ༷་རྙེད་པ་ན་/བརྣ་མ་121དང༌། དེ་ཡང་མ་རྙེད་པ༷ར་གྱུར་ན་དུ༷ད་འགྲོ་ལ༷་འདོད་པ་སྤྱོད་པར་མཐོང་བ་བཞིན་ནོ། །དེས་ན་བདག་བདེ་བའི་རྟེན་དུའང་རུང་བའི་ཆ་ནས་བདག་འཛིན་ཅན་དེ་བདག་གི་བ་ལ་ཆགས་པ་གཏན་དུ་བྲལ་བར་མི་འགྱུར་རོ།།
གཉིས་པ་ཡིན་ཡང་མཐོང་བར་མི་འགྱུར་བ་ལ། ཆགས་རྒྱུ་སྤོང་བར་མི་འཐད་དང༌། །ཆགས་ཀྱང་སྐྱོན་མེད་ཐལ་བ་འོ། །དང་པོ་ལ། ཆགས་རྒྱུ་བདག་ནི་སྤོང་བ་མེད། །དེ་ཕྱིར་སྡུག་བསྔལ་ཤེས་དོན་མེད། །དང་པོ།
བདག་ནི་འདོད་པ་གང་ཡིན་ཏེ། །ཇི་ལྟར་དེ་ནི་འཇིག་པར་འདོད།།མྱོང་བ་དང་ནི་ཐ་སྙད་དང༌། །ཡོན་ཏན་ཀུན་གྱི་རྟེན་ལོག་པ།།ཇི་ལྟར་ཞེན་པ་ཡིན་འདོད་དེ། །ཞེན་པའི་རང་བཞིན་དེ་འདྲ་མིན།།རྣམ་པ་ཀུན་ཏུ་བདག་འཛིན་ནི། །བདག་ལ་ཆགས་པ་བརྟན་པར་བྱེད།།དེ་ནི་བདག་གིར་ཞེན་པ་ཡི། །ས་བོན་གནས་སྐབས་དེ་ཉིད་གནས།།བརྩོན་ཡང་ཡོན་ཏན་ཆ་བརྟེན་ནས། །འཇུག་ལྡན་བདག་གི་བ་ལ་ནི།།ཆགས་བྲལ་གེགས་བྱེད་པ་ཉིད་དང༌། །དེ་ཡི་སྐྱོན་ཡང་སྒྲིབ་པ་ཡིན།།གལ་ཏེ་བདག་ལའང་ཆགས་བྲལ་ན། །ད་ནི་ཆགས་བྲལ་གང་ཡིན་མེད།།དེ་ནི་ཇི་ལྟར་བདག་འདོར་བ། །སྡུག་བསྔལ་བསྒོམ་པ་དོན་མེད་འགྱུར།།ཆགས་པའི་རྒྱུ་བདག་མེད་པར་སུན་ཕྱུང་ནས་མ་སྤངས་པ་དེས་ཡུལ་ཅན་ཆགས་པ་ཡང་མི་སྤོང་སྟེ། ཡུལ་སྐྱོན་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་དང༌། དེ་ལྟར་ཆགས་པ་ཡོད་ན་དེས་བསྒྲིབས་ནས་སྡུག་བསྔལ་གྱི་རྟེན་དུ་གྱུར་པའང་སྡུག་བསྔལ་འབའ་ཞིག་ཏུ་མཐོང་ཡང་མི་ནུས་ལ། མཐོང་དུ་ཟིན་ཀྱང་སྤོང་མི་ནུས་ཏེ་དེའི་རྒྱུ་མཚན། བདག་ཏུ་སྨྲ་བ་དེ་དག་གིས་བད༷ག་ནི་འཆིང་གྲོལ་མྱོང་བ་སོགས་ཀྱི་རྟེན་དུ་འདོད་པ༷་ག༷ང་ཡིན་པ་དེ་ནམ་ཡང་འདོར་བ་མ་ཡིན་ཏེ། སྡུག་བསྔལ་སོགས་ཇི་ཙམ་གོམས་ཀྱང་ཇི་ལྟ༷ར་རང་གི་ཞེན་ཡུལ་བདག་དེ་ནི་འཇིག་པ༷ར་འདོད་དེ་མི་འདོད་པ་ཁོ་ན་ཡིན་ལ། དེས་ན་གྲོལ་བའི་དུས་སུ་ཡང་བདག་ནི་སྔ་མ་ལྟར་ཡོད་པ་ཡིན་ན་བདག་ཏུ་ཆགས་པ་ཡང་དེའི་དུས་སུ་མེད་པར་ཇི་ལྟར་འགྱུར། བདག་ཆགས་ཡོད་ན་བདག་གི་བ་ཡང་ཇི་ལྟར་འདོར་ཏེ་འདོར་མི་རིགས་སོ། །གལ་ཏེ་གྲོལ་བའི་དུས་ཀྱི་བདག་དེ་ནི་བདེ་སྡུག་སོགས་མྱོང་བ༷་ད༷ང་ནི་རྟག་མི་རྟག་སོགས་ཀྱི་ཐ༷་སྙ༷ད་ད༷ང༌། ཤེས་རབ་དང་རྣམ་པར་གྲོལ་བ་སོགས་ཀྱི་ཡོན་ཏ༷ན་ཀུ༷ན་གྱི་རྟེན་ཡིན་པ་ལོག་པ༷་ཞིག་ཏུ་འདོད་ན་དེ་ནི་ཇི་ལྟ༷ར་ཁྱོད་རང་གི་ཞེན་པ༷་སྐྱེ་བའི་བདག་དེ་ཡིན་པར་འདོད་དེ། དེ་མ་ཡིན་པར་ཐལ་ཏེ་ཞེན་པ༷འི་ར༷ང་བཞིན་ནམ་ཞེ་འདོད་ཀྱིས་འདོར་དུ་མི་བཏུབ་པའི་བདག་ནི་དེ་འདྲ་བ་མིན་ཏེ། གྲོལ་བའི་བདེ་བ་མྱོང་བ་པོ་དང་རྟག་པ་དང་གཅིག་པུ་ལ་སོགས་པའི་ཐ་སྙད་འཇུག་པའི་ཡུལ་དང༌། འཁོར་བར་མི་འཁོར་བ་སོགས་ཀྱི་ཡོན་ཏན་ཅན་དུ་འདོད་པས་ན་མྱོང་བ་སོགས་དེ་ཀུན་མེད་ན་ཞེ་འདོད་ཀྱིས་བདག་སྒྲུབ་པའི་དོན་དེ་ཀུན་ཆུད་ཟ་བར་འགྱུར་རོ། །དེས་ན་མྱོང་སོགས་ངེས་པར་མེད་པ་ན་དེ་མོ་གཤམ་གྱི་བུ་བཞིན་དུ་མེད་པ་དང་དོན་ལ་ཁྱད་མེད་པས་བདག་མེད་པར་འགྱུར་རོ། །དེའི་ཕྱིར་མེ་མ་བཏང་ན་སྲེག་པ་གཏོང་མི་ནུས་པ་བཞིན་བདག་མ་བཏང་ན་བདག་ཆགས་སྤོང་མི་ནུས་ཏེ། རྣ༷མ་པ༷་ཀུ༷ན་ཏུ༷་ཡུལ་ཅན་བད༷ག་ཏུ་འཛིན་པ་དེ་ནི་རང་ཉིད་ཡོད་ཀྱི་རིང་ལ་བད༷ག་དེ་ལ༷་ཆ༷གས་པ༷་བརྟ༷ན་པ༷ར་བྱེད་པ་ཡིན་གྱི་འབྲལ་བར་བྱེད་པ་མ་ཡིན་ནོ། །དེས་ན་བདག་ཏུ་འཛིན་པ་དེ་ཉིད་བདག་ཏུ་ཆགས་པ་ཡིན་གྱི་བུད་མེད་དུ་འཛིན་པ་དང་བུད་མེད་ལ་ཆགས་པ་ལྟ་བུ་ཐ་དད་དུ་ཡོད་པ་མིན་པས་ན། བདག་ཏུ་འཛིན་པ་དང་མ་བྲལ་བ་ལ་བདག་ཏུ་ཆགས་པ་ཡན་གར་དུ་འབྲལ་བའི་ཐབས་སྲིད་པ་མིན་ནོ།།
དེ་འདྲའི་བདག་ཆགས་དེ་ནི་བད༷ག་གིར་ཞེན་པ༷་ཡི་ས༷་བོན་མཐུ་ཅན་ཡིན་ཏེ། བདག་ཆགས་དེ་ཡོད་པ་ཙམ་གྱིས་བདག་བདེ་བའི་སྒྲུབ་བྱེད་ལ་ཡོངས་སུ་འཛིན་པ་འབྲལ་མི་སྲིད་པ་ཡིན་ནོ། །དེས་ན་དེ་འདྲའི་བདག་ཆགས་དེ་ནི་ཐར་པའི་གན༷ས་སྐ༷བས་སུ་འདོད་པ་དེ་ཉིད་/ན་ཡང་122སྔ་མ་བཞིན་དུ་གན༷ས་པ་ཡིན་གྱི་ཅུང་ཟད་ཀྱང་ཉམས་པ་མེད་དོ། །དེའི་ཕྱིར་ན་བདག་གི་བ་རྣམས་ལ་སྡུག་བསྔལ་དུ་བསྒོམ་པ་ལ་ཇི་ཙམ་བརྩོན་ཡ༷ང་བདག་གི་བ་དེ་དག་བདེ་བའི་རྐྱེན་བྱེད་པའི་ཡོན་ཏ༷ན་ཡོད་པར་མཐོང་བའི་ཆ༷་ཙམ་ལ་བརྟེན་ན༷ས་དེ་ལ་འཇུ༷ག་པའམ་དང་དུ་ལེན་པ་དང་ལྡ༷ན་པ་ཡིན་པས་བད༷ག་གི་བ༷་ལ༷་ནི་ཆ༷གས་པ་དང་བྲ༷ལ་བའི་གེགས་བྱེད་པ༷་ཉིད་ད༷ང༌། ཡོན་ཏན་དུ་ཞེན་པས་དེ་ཡི་སྐྱོན་གྱི་ཆ་ཡ༷ང་མཐོང་མི་ནུས་པར་སྒྲིབ་པར་བྱེད་པ༷་ཡིན་ཏེ། འཁྲིག་པའི་བདེ་བ་ཉམས་སུ་མྱོང་བ་ལ་ཞུགས་པས་བུད་མེད་ཀྱི་ལུས་མི་གཙང་བར་མི་མཐོང་བ་བཞིན་ནོ། །ག༷ལ་ཏེ་རྣམ་པར་གྲོལ་བའི་དུས་ན་བདག་གི་བ་ཙམ་དུ་མ་ཟད་བད༷ག་ལ༷འ༷ང་ཆ༷གས་པ་བྲ༷ལ་བ་ཡིན་ནོ་ཞེ་ན༷། ཚུལ་དེ་ལྟར་ན་ད༷་ནི་ཆ༷གས་པ་དང་བྲ༷ལ་བ་པོ་བདག་ག༷ང་ཡིན་པར་འདོད་པ་དེ་ཡང་མེད་པར་འགྱུར་ཏེ་རྒྱུ་མཚན་གང་ཞེ་ན། ཆགས་པ་དང་བྲལ་བའི་རྣལ་འབྱོར་པ་དེ་ནི་བདག་འདོར་བ་པོ་ཡིན་ལ། བདག་ནི་དེས་དོར་བར་བྱ་བ་ལུད་ཕུང་ལྟ་བུ་ཡིན་པས་ན་བདག་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བ་པོ་མིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་ཆགས་བྲལ་གྱི་རྣལ་འབྱོར་པ་དེ་ནི་ཇི་ལྟ༷ར་བད༷ག་འདོར་བ༷་ཡིན་པ་དེས་ན། དེས་སྡུ༷ག་བསྔ༷ལ་བསྒོམ་པ༷་ཡང་དོན་མེད་པར་འགྱུ༷ར་ཏེ། ཁྱོད་ལྟར་ན་ཆགས་པ་དང་འབྲལ་བྱེད་ཀྱི་ལམ་བསྒོམ་པ་ཐམས་ཅད་བདག་དག་པའི་ཆེད་དུ་ཡིན་གྱི་བདག་མེད་ན་ལམ་ལ་འབད་པར་མི་རིགས་ཞེས་ནང་པ་སངས་རྒྱས་པ་ལ་སྐྱོན་གྱི་གཙོ་བོར་ཧུར་ཕྱུང་སྟེ་བརྗོད་པ་ཡིན་པས་སོ། །འདིར་ལྷ་དབང་བློའི་འགྲེལ་པའི་འགྱུར་ན། གལ་ཏེ་བདག་ལ་ཆགས་བྲལ་ཡང༌། །འདི་ལ་ཆགས་པ་བྲལ་གྱུར་ན། །འདི་དོར་མ་ཡིན་དཔེར་བདག་བཞིན། །དེ་ཕྱིར་སྡུག་བསྔལ་བསྒོམ་དོན་མེད། །ཅེས་བདག་ཆགས་བྲལ་ལོ་ཟེར་ཡང་ཉེས་མེད་ལ་ཆགས་པ་བྲལ་བའི་རྒྱུ་མེད་ལ། ཆགས་པ་ལ་ཆགས་པ་བྲལ་བ་སྐད་དུ་བརྗོད་ཀྱང་འདོར་མི་ནུས་ཏེ་བདག་བཞིན། དེས་ན་སྡུག་བསྔལ་བསྒོམས་ཀྱང་ཆགས་པ་མི་སྤོང་བའི་དོན་དུ་གསུངས་སོ།།
གཉིས་པ་དེ་ཕྱིར་སྡུག་བསྔལ་ཤེས་དོན་མེད་པ།
དེ་དག་སྡུག་བསྔལ་བསྒོམས་པས་ཀྱང༌། །སྡུག་བསྔལ་ཉིད་ནི་རྣམ་ཤེས་བྱེད།།དེ་ནི་སྔར་ཡང་མངོན་སུམ་ཉིད། །དེ་ལྟ་ན་ཡང་ཆགས་བྲལ་མེད།།གལ་ཏེ་དེ་ལ་ཉེས་པ་ཡིས། །སྐད་ཅིག་དེ་ཡི་བློ་ལྡོག་ཀྱང༌།།དེ་ལ་ཆགས་བྲལ་མི་འགྱུར་ཏེ། །འདོད་ལྡན་བུད་མེད་གཞན་ལ་བཞིན།།བླང་དང་དོར་བྱའི་ཁྱད་ཡོད་ན། །གཅིག་ལས་བྱུང་བའི་ཆགས་གང་ཡིན།།དེ་ཉིད་རྣམ་གྲངས་ཀྱིས་བསྐྱེད་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན།།བདག་ཆགས་དང་མ་བྲལ་བ་དེ་ད༷ག་སྡུ༷ག་བསྔ༷ལ་བསྒོམས་པ༷ས་ཀྱ༷ང་སྡུག༷་བསྔ༷ལ་ཉིད་ཡིན་པ་ཙམ་དུ་ནི་རྣ༷མ་པར་ཤེས་པར་བྱེད་ཀྱང་སྡུག་བསྔལ་དེ་ནི་སྔ༷ར་ཆགས་བཅས་ཀྱི་དུས་སུ་ཡ༷ང་མངོན་སུ༷མ་ཉིད་དུ་གྱུར་པ་ཡོད་དེ་ལུས་ན་བ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན༷་ཡ༷ང་དེ་དག་དེ་ལ་ཆ༷གས་པ་བྲ༷ལ་བ་མེད་དེ་སྡུག་བསྔལ་མྱོང་བཞིན་དུ་འཁོར་བ་ལ་སུ་ཡང་སྐྱོ་བ་མེད་པ་འདི་བཞིན་དུ་ཁྱེད་ཀྱིས་ཀྱང་སྡུག་བསྔལ་ཤེས་སུ་ཟིན་ཀྱང་དེ་སྤོང་བར་མི་ནུས་ཏེ་སྲེད་པ་བཟློག་པའི་རྒྱུ་བདག་འཛིན་དང་འགལ་བའི་ལམ་མི་ཤེས་པས་ན་བའི་སྡུག་བསྔལ་མྱོང་བཞིན་པ་སྨན་བསྟེན་མི་ཤེས་པ་བཞིན་ནོ། །ག༷ལ་ཏེ་སྲིད་པའི་སྐྱེ་བོ་རྣམས་ནི་རེས་འགའ་སྡུག་བསྔལ་མངོན་སུམ་གྱུར་ཀྱང་སྲིད་པ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མི་ཤེས་པས་ཡིད་མ་ཕྱུང་ལ་ཁོ་བོ་ཅག་ནི་དེ་ལྟར་ཤེས་པའི་ཕྱིར་འཁོར་བ་ལ་གཏན་དུ་ཆགས་པ་དང་བྲལ་ཏེ་བུད་མེད་གཅིག་ལ་ཡིད་ལོག་པའི་སྐྱེས་བུ་དེ་ཀུན་ལ་ཡིད་ལོག་པ་མིན་ཡང་མི་སྡུག་པ་ཤིན་ཏུ་འབྱོངས་པ་ནི་ཀུན་ལ་ཡིད་ལོག་པ་བཞིན་ནོ་ཞེ་ན། གང་དུ་ཆགས་ཡུལ་དེ་ལ༷་ཉེས་པ༷་ཡོད་པར་མཐོང་བ་ཡིས་སྐྱོན་དུ་ལྟ་བའི་བློ་མ་ལོག་པའི་སྐ༷ད་ཅིག་དེ་སྲིད་དུ་ཡུལ་དེ་ལ་ཆགས་པ་ཡི་བློ་ལྡོག་ཀྱ༷ང༌། ཡུལ་དེ་ལ༷་ཆ༷གས་པ་ནམ་ཡང་མི་སྐྱེ་བའི་གཏན་བྲ༷ལ་དུ་མི་འགྱུ༷ར་ཏེ། དཔེར་ན་འདོད་ལྡ༷ན་ཞིག་བུ༷ད་མེད་གཅིག་ལ་རེ་ཞིག་ཡིད་ལོག་ཀྱང་གཞ༷ན་ལ༷་མི་ལྡོག་པ་བཞིན་དུ་བུད་མེད་ཀུན་ལ་མི་སྡུག་པ་བསྒོམས་པས་ཡིད་ལོག་པ་དེ་ཡང་ཟས་གོས་ལ་སོགས་པ་གཞན་ལ་ཡིད་ལོག་པ་མ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱང་སྲིད་པ་མཐའ་དག་ལ་ཡིད་ལོག་ན་དེ་ལས་གཞན་དུ་གྱུར་པ་གང་ལ་ཆགས་སྙམ་ན། བདག་ཆགས་མ་སྤངས་པ་དེ་ནི་སྲིད་པ་སྤང་བྱ་ཅན་ལ་ཡིད་ལོག་ཀྱང་དེ་བས་ཆེས་བདེ་བའི་ཐར་པའི་རོ་གྱ་ནོམ་པ་བདག་གི་བར་ཞེན་ནས་བླང་བྱའི་ཆགས་པ་སྤོང་མི་སྲིད་དོ། །དེ་ལྟར་བདག་ལ་ཕན་པ་བླང༷་བར་འདོད་པ་ད༷ང་མི་ཕན་པ་དོར་བྱ༷འི་རྣམ་པར་ལྟ་བའི་ཁྱ༷ད་པར་དུ་འཛིན་པ་ཡོད་ན༷་དངོས་པོ་གང་ཡང་རུང་བ་གཅིག་ལ༷ས་བྱུ༷ང་བ༷འི་ཆ༷གས་པ་སྟེ་དེ་ལ་དམིགས་པའི་ཆགས་པ་ག༷ང་ཡིན་པ་དེ་ཉིད་རྐྱེན་གྱི་རྣ༷མ་ག༷ངས་གཞན་དང་གཞན་རྣམས་ཀྱིས་བསྐྱེད་པའི་ཚེ་ན་ཆ༷གས་པ༷་ཀུ༷ན་གྱི་ས༷་བོན་ཡིན་ཏེ་སྐྱེས་བུ་དེ་བདག་ལ་ཕན་འདོགས་པ་ལ་བླང་བྱར་ལྟ་བའི་ཆགས་པ་མ་ཟད་པར་ཡོད་ལ། དེ་ལ་རེ་ཞིག་མི་མཁོ་བའི་དངོས་པོར་མཐོང་ནས་མ་ཆགས་ནའང་ཕྱིས་མཁོ་བའི་ཡན་ལག་ཏུ་མཐོང་བའི་རྐྱེན་ཉེར་བར་གྱུར་པ་ན་སྔར་དོར་བ་ལའང་སླར་ཆགས་པ་སྐྱེ་སྟེ། སྔར་ཆགས་པ་དང་བྲལ་བའི་བུད་མེད་དག་ལའང་ཕྱིས་ཆགས་པ་མཐོང་བ་དང༌། ལུད་ཕུང་ལ་སོགས་པ་ཕྱིར་དོར་བའང་ཞིང་སོགས་ལ་མཁོ་བར་མཐོང་ནས་སླར་ལེན་པ་བཞིན་ནོ།།
གཉིས་པ་ཆགས་ཀྱང་སྐྱོན་མེད་དུ་ཐལ་བ་ནི།
སྐྱོན་མེད་ཡུལ་ཅན་ཆགས་པ་དང༌། །སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་ཡིན།།འགྲོ་བའང་དེ་ཙམ་ཉིད་ཡིན་ན། །དེ་ནི་གང་ལ་ཆགས་བྲལ་འགྱུར།།དེར་དེ་སྐྱོན་བཅས་ཀྱང་ཡིན་ན། །དེ་ནི་བདག་ལའང་མཚུངས་པ་ཡིན།།དེར་དེའི་སྐྱོན་ལ་ཆགས་བྲལ་མེད། །ད་ནི་གང་ལ་དེ་ཆགས་བྲལ།།གལ་ཏེ་བདག་ཡོད་པ་ཡིན་ན་དེར་ཆགས་པ་ཡང་སྐྱོན་ཅན་དུ་མི་རིགས་ཏེ་བློ་དོན་མཐུན་ཡིན་པས་སོ། །ཇི་ལྟར་ན་བདག་སྐྱོན་མེད་ཡིན་པའི་ཡུ༷ལ་ཅ༷ན་བདག་ཏུ་ཆ༷གས་པ༷་ཡང་སྐྱོན་མེད་པ་ཡིན་ཏེ་སྐྱོན་མེད་ལ་སྐྱོན་མེད་པའི་ཡོན་ཏན་དུ་ལྟ་བ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་པའི་ཕྱིར་ད༷ང༌། དེ་ལྟ་ན་སྐྱོན་མེད་པའི་བདག་དེའི་ཕན་པ་སྒྲུ༷བ་བྱེད་བདག་གི་བ་ཉིད་ཀྱ༷ང་ནི་སྐྱོན་མེད་པ་ཡིན་ཏེ། སྐྱོན་མེད་པའི་བདག་དེ་ལ་ཕན་པ་སྒྲུབ་བྱེད་དུ་རང་བཞིན་གྱིས་གནས་པ་ཙམ་སྟེ་དབང་ཕྱུག་གི་རྩེ་གསུམ་བཞིན་ནོ། །དེ་དག་སྐྱོན་མེད་པར་གྲུབ་ན་འགྲོ་བ༷་ཞེས་བྱ་བའ༷ང་བདག་དང་བདག་གི་བའི་དངོས་པོ་དེ་ཙ༷མ་ལས་གཞན་དུ་མེད་པ་ཉིད་ཡིན་ན༷་དེ་ནི་ཡུལ་ག༷ང་ལ༷་ཆ༷གས་པ་དང་བྲ༷ལ་བར་འགྱུ༷ར་ཏེ། མ་ཆགས་པར་བྱ་བའི་དངོས་པོ་གང་ཡང་མ་དམིགས་སོ། །གལ་ཏེ་བདག་དང་བདག་གི་བ་དེར་ཆགས་པ་དེ་ནི་སྐྱོན་བཅ༷ས་ཀྱ༷ང་ཡིན་ཏེ་འཁོར་བར་འཆིང་བའི་རྟེན་བྱེད་པས་སོ་ཟེར་ན༷། སྐྱོན་དེ་ནི་བད༷ག་ལ༷འ༷ང་མཚུ༷ངས་པ༷་ཡིན་ཏེ་བདག་དེ་ལ་དམིགས་ནས་ཆགས་པ་གཉིས་པོ་དངོས་དང་བརྒྱུད་ནས་སྐྱེ་བའི་རྟེན་བྱེད་པས་སོ། །དེ་ལྟར་བདག་དེར་ཡང་ཡུལ་ཅན་ཆགས་པ་དེའི་སྐྱོན་དང་འདྲ་བ་ཡོད་ཀྱང་དེ་ལ༷་ནི་ཆ༷གས་པ་དང་བྲ༷ལ་བར་མི་བྱེད་པས་ཆགས་བྲལ་མེད་པ་དེ་ལྟ་ན་ད༷་ནི་ཡུལ་ག༷ང་ལ༷་ཡང་གང་ཟག་དེ་ཆ༷གས་པ་དང་བྲ༷ལ་བ་ཡིན་ཏེ། སྐྱེས་བུ་དེས་ཆགས་པ་དང་བྲལ་བར་འདོད་ཀྱང་བདག་དེས་ཅུང་ཟད་ཀྱང་དེའི་དབང་དུ་མི་གཏོང་བའི་ཕྱིར་བདག་པོ་སེར་སྣ་ཅན་གྱི་ཆུང་མ་གཏོང་བ་ལ་དགའ་བ་བཞིན་ནོ།།
གསུམ་པ་མཐོང་ཡང་བདག་གིའི་བློ་མི་སྤོང༌བ་ནི།
ཡོན་ཏན་མཐོང་བ་ལས་བྱུང་བའི། །ཞེན་པ་ཉེས་པ་མཐོང་བས་འཇིག།དེ་ལྟར་དབང་སོགས་ལ་དེ་མིན། །བྱིས་སོགས་ལ་ཡང་མཐོང་ཕྱིར་དང༌།།སྐྱོན་ལྡན་ལ་ཡང་ཡོད་ཕྱིར་དང༌། །ཡོན་ཏན་ལྡན་ཡང་གཞན་དག་ལ།།མེད་ཕྱིར་འདས་པ་ལ་སོགས་པ། །བདག་གི་བ་ལ་མེད་ཕྱིར་རོ།།དེ་ཉིད་ཕྱིར་ན་བདག་གི་བའི། །བློ་རྒྱུའང་ཡོན་ཏན་མཐོང་བས་མིན།།123དེ་ཕྱིར་ཡོན་ཏན་མིན་མཐོང་བས། །དེ་ཡང་སྤོང་བ་མ་ཡིན་ནོ།།གཞན་ཡང་ཡོད་མིན་ཡོན་ཏན་ནི། །སྒྲོ་འདོགས་ཆགས་པས་དེར་ཡང་མཐོང༌།།དེས་ན་དེ་རྒྱུ་གནོད་མེད་ཅན། །བསྒྲུབས་པས་དེ་ལ་ཇི་ལྟར་གནོད།།ཡུལ་གང་ལ་ཡོན་ཏ༷ན་མཐོང་བ༷་ལ༷ས་བྱུ༷ང་བ༷འི་ཞེན་པ༷་ནི་ཉེས་པ༷་མཐོང་བ༷ས་འཇིག་པ་ཡིན་ན་ཡང༌། དེ་ལྟ༷ར་རང་གི་དབ༷ང་པོ་སོགས་ལ༷་ཚུལ་དེ་ལྟ་བུར་གྱུར་པ་མིན་ཏེ། ཡོན་ཏན་ཅན་ཡིན་མིན་གྱི་རྟོག་དཔྱོད་མེད་པའི་བྱིས་པ་དང་ཕྱུགས་སོགས་ལ༷་ཡ༷ང་རང་གི་དབང་པོ་སོགས་ལ་ཆགས་པ་མཐོང་བའི་ཕྱིར་ད༷ང༌། མིག་རབ་རིབ་དང་ཞར་བ་སོགས་དབང་པོ་སྐྱོན་ལྡ༷ན་ཡིན་བཞིན་དེར་ཤེས་པ་ལ༷་ཡ༷ང་རང་གི་དབང་པོ་སོགས་ལ་ཆགས་པ་ཡོད་པའི་ཕྱིར་ད༷ང༌། གཞན་གྱི་མིག་གསལ་བ་དང་ལུས་མཛེས་པ་སོགས་ཡོན་ཏ༷ན་ལྡ༷ན་པར་ཤེས་ན་ཡ༷ང་རང་གི་རྒྱུད་དུ་མ་གཏོགས་པའི་དབང་པོ་གཞ༷ན་ད༷ག་ལ༷་ཆགས་པ་མེད་པའི་ཕྱིར་དང༌། སྔར་འད༷ས་པ༷་ཡི་རང་གི་དབང་པོ་དང་ཡན་ལག་སོགས་ལ་ཆགས་པ་མེད་པ་དང༌། ལ༷་སོགས་པ༷་ཞེས་པས་ད་ལྟར་ཡང་སྐྲ་སེན་ཡན་ལག་སོགས་ལུས་ལས་ལོག་པར་གྱུར་པའི་བད༷ག་གི་བ༷་ལ༷་ཆགས་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན༷་བད༷ག་གི་བ༷འི་བློ་སྐྱེ་བའི་རྒྱུ༷འ༷ང་ཡོན་ཏ༷ན་མཐོང་བ༷ས་མིན་པ་དེ་ཕྱིར་ཡོན་ཏ༷ན་མིན་པ་ཉེས་པར་མཐོང་བ༷ས་ཀྱང་བདག་གི་བ་དེ་ཡ༷ང་སྤོང་བ༷་མ༷་ཡིན་ནོ། །གཞ༷ན་ཡ༷ང་དེར་མ་ཟད་ཉེས་པར་ཚུལ་བཞིན་མཐོང་དུའང་མི་སྟེར་ཏེ་བདག་གི་བ་དེ་ལ་ཡོད་པ་མིན་པའི་ཡོན་ཏ༷ན་ནི་བདག་བདེ་བའི་སྒྲུབ་བྱེད་དུ་སྒྲོ་འདོགས་པའི་ཆ༷གས་པ༷ས་སྐབས་དེར་ཡ༷ང་མཐོང་བ་ནི་མི་ལྡོག་པ་དེས་ན༷། བདག་གི་བར་ཆགས་པ་དེ་ཡི་རྒྱུ༷་བདག་ལྟ་ལ་གནོད་པ་མེད་པ་ཅ༷ན་གྱི་བདག་དང་སྡུག་བསྔལ་དུ་བསྒོམས་པ་སོགས་བསྒྲུ༷བས་པ༷ས་བདག་གི་བར་ཆགས་པ་དེ་ལ༷་ཇི་ལྟ༷ར་གནོད་དེ་གནོད་མི་སྲིད་དོ།།
གཉིས་པ་ཐ་དད་དུ་ཤེས་པས་ཆགས་བྲལ་མིན་པ་ནི།
མཆོག་གཞན་དོན་དུ་གཉེར་ཕྱིར་དང༌། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར།།སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་གྱུར་པར་ཤེས།།དེ་ཕྱིར་གཅིག་ཉིད་མཐོང་བས་ཀྱང༌། །ཆགས་མིན་བདག་ལ་ཆགས་པ་དེ།།དམིགས་པའི་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱིས་རྗེས་ཆགས་འགྱུར།།གང་ཞིག་ད་ལྟར་སྡུག་བསྔལ་བས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི།།ཆགས་བྲལ་མ་ཡིན་དེ་ཚེ་ཡང༌། །ཆགས་ཡོད་སྐབས་གཞན་འཚོལ་ཕྱིར་རོ།།ཞེ་སྡང་སྡུག་བསྔལ་རྒྱུ་ཅན་ཕྱིར། །དེ་ནི་དེ་སྲིད་ཙམ་དུ་གནས།།དེ་ལོག་ན་ནི་རང་ཉིད་ཀྱི། །རང་བཞིན་ཉིད་ལ་སླར་བརྟེན་འགྱུར།།གྲངས་ཅན་པ་ན་རེ། ཡོན་ཏན་མཐོང་བས་བདག་གི་བ་ལ་ཆགས་ཤིང་འཁོར་བ་མིན་གྱི་ཕྱི་རོལ་གྱི་གཙོ་བོ་ལས་བྱུང་བ་གཟུགས་སོགས་རྣམ་འགྱུར་རྣམས། བློའམ་ཆེན་པོ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུས་ཕྱི་ནང་མཚམས་སྦྱར་ནས་བདག་ཤེས་རིག་གི་སྐྱེས་བུ་དང་ཡུལ་འདྲེས་པར་སོང་བ་ལྟ་བུས་འཁྲུལ་པ་ལས། ངའི་བདེ་བ་ངའི་གཟུགས་ཞེས་སོགས་སུ་ཞེན་ནས་ཆགས་པ་ཡིན་ལ། དེ་ཐ་དད་དུ་ཤེས་ནས་བདག་གི་བ་ལ་ཆགས་པ་དང་བྲལ་བ་ན་བདག་ཤེས་རིག་གི་སྐྱེས་བུ་ཡན་གར་དུ་གནས་པ་ནི་ཐར་པའོ་ཞེ་ན། དེ་མ་ཡིན་ཏེ། ད་ལྟའི་མིག་ལ་སོགས་པ་ལས་མཆོག་ཏུ་གྱུར་པ་ལྷ་སོགས་ཀྱི་དབང་པོ་བདག་གིས་འཐོབ་ན་ཅི་མ་རུང་སྙམ་དུ་དེ་འདྲའི་དབང་པོ་གཞ༷ན་དོན་དུ༷་གཉེར་བའི་ཕྱིར་ད༷ང༌། དབང་པོ་དང་ཡན་ལག་སོགས་གསར་དུ་སྐྱེ་བ་དང་འཇིག་པར་ཤེས་པའི་བློ་ཅ༷ན་ཡིན་པ་ཉིད་ཀྱི་ཕྱིར་ཐ་མལ་པའི་སྐྱེ་བོ་འདི་ཡིས་ཀྱང་དབ༷ང་པོ་སོགས་ལ༷ས་བད༷ག་ནི་ཐ་ད༷ད་དུ་གྱུ༷ར་པ༷ར་ཤེས་པ་ཡིན་ཏེ། རི་ལ་ཕོ་བྲང་བརྟེན་པ་བཞིན་བདག་ནི་རྟག་ཏུ་གནས་པར་ཞེན་ནས། དབང་པོ་གཞན་དང་གཞན་འཐོབ་པ་དོན་དུ་གཉེར་གྱི་བདག་གཞན་ཞིག་འཐོབ་ན་ཞེས་ནམ་ཡང་མི་བསམ་པ་ཡིན་ནོ།།དེ་ལྟ་ན་ཐམས་ཅད་རང་བཞིན་གྱིས་ཆགས་བྲལ་ཡིན་དགོས་ན་ཡང་ཐ་མལ་པ་སུ་ཡང་ཆགས་བྲལ་མིན་པ་དེ་ཕྱིར་བདག་དང་བདག་གི་བ་དེ་གཉིས་གཅིག་པ་ཉིད་དུ་མཐོང་བ༷ས་ཀྱ༷ང་བདག་གི་བ་ལ་ཆ༷གས་པ་མིན་ཏེ། བད༷ག་ལ༷་ཆ༷གས་པ༷་ཅན་དེ་ནི་གཟུགས་སོགས་རང་གི་རྒྱུད་དུ་དམིགས་པ༷འི་ན༷ང་གི་ཡ༷ན་ལ༷ག་མིག་སོགས་ལ༷་ངོ་བོ་ཉིད་ཀྱིས་རྗེས་སུ་ཆ༷གས་པར་འགྱུ༷ར་བ་ནི་བདག་ཏུ་བཟུང་བ་དེའི་དབང་གིས་རྒྱུ་གཞན་མི་དགོས་པར་རྩོལ་མེད་དམ་ངོ་བོ་ཉིད་ཀྱིས་དེ་ལྟར་ཆགས་པ་ཡིན་ནོ། །དེའི་ཕྱིར་ན་སྐྱེས་བུ་ག༷ང་ཞིག་ད་ལྟ༷ར་གྱི་སྡུ༷ག་བསྔ༷ལ་བ༷ས་རང་གི་མིག་སོགས་ལ་ཡིད་འབྱུ༷ང་བ་ཙམ་སྐྱེ་བ་དེ་འདྲ་ཡུལ་དེ་ལ་སྡ༷ང་བ་ཙམ་གྱི་བློ་སྐྱེས་པ་ཡིན་གྱི་བདག་གི་བ་དེ་ལ་ཆ༷གས་པ་དང་བྲ༷ལ་བ་མ༷་ཡིན་ཏེ། བདག་གི་བ་ལ་ཡིད་མི་དགའ་བ་དེ་ཡི་ཚེ་ན་ཡ༷ང་བདག་གི་བ་ལ་ཆ༷གས་པ་ཡོད་དེ། སྡུག་བསྔལ་དང་བྲལ་བའི་བདག་གི་བ་དེ་འདྲར་གྱུར་ཅིག་སྙམ་དུ་གནས་སྐ༷བས་གཞ༷ན་དུ་གྱུར་པའི་བདག་གི་བ་ལ་ཡིད་མ་ལོག་པར་དེ་འདྲ་འཚོལ་ཞིང་དོན་དུ་གཉེར་བའི་ཕྱིར་རོ། །དེས་ན་དེ་འདྲའི་ཞེ་སྡ༷ང་སྐྱེས་པ་དེ་ནི་སྡུ༷ག་བསྔ༷ལ་བ་ལས་བྱུང་བའི་དེའི་རྒྱུ༷་ཅ༷ན་ཏེ་འབྲས་བུ་ཡིན་པའི་ཕྱིར་ན། ཞེ་སྡང་དེ་ནི་རང་གི་རྒྱུ་སྡུག་བསྔལ་མ་ལོག་པ་དེ་སྲིད་ཙ༷མ་དུ༷་གན༷ས་ལ། སྡུག་བསྔལ་དེ་ལོག་པ་ན་ཞེ་སྡང་ཡང་ལོག་པར་འགྱུར་ལ། ཞེ་སྡང་བ་ཡིད་འབྱུང་བའི་རྣམ་པ་དེ་ལོག་ན༷་ནི་བདག་གི་བ་ལ་ཆགས་པ་ར༷ང་ཉིད་ཀྱི་སྔར་གྱི་ར༷ང་བཞིན་ཇི་ལྟ་བུ་ཡིན་པ་ཉིད་ལ༷་སླ༷ར་ཡང་བརྟེན་པར་འགྱུ༷ར་ཏེ། མིག་སོགས་ཀྱི་ནད་སོས་པ་དང་སྐྱེ་བ་གཞན་དུ་མིག་དབང་གསར་དུ་ཐོབ་པ་དེ་ལ་ཡང་ཆགས་པ་དང་རང་གི་ཆུང་མ་ལ་སྐབས་སུ་ཁྲོ་བའི་གནས་སྐབས་ལོག་པ་བཞིན་ནོ།།
གཉིས་པ་ཆགས་བྲལ་ངོས་བཟུང་བ་ནི།
བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན།།ཙནྡན་སྟེ་འུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན།།རང་ལུགས་ལ་བདག་ལྟ་དྲུང་ནས་ཕྱུང་བས་ན་བདག་ལ་ཕན་པ་བླ༷ང་བྱ་ད༷ང་མི་ཕན་པ་དོར་བྱ་ཉིད་དུ་ཞེན་པ་ཐམས་ཅད་སྤ༷ངས་པ༷འི་ཕྱིར་ཆོས་ཐ༷མས་ཅ༷ད་ལ༷་ནི་ཐུགས་མཉ༷མ་པར་སྙོམས་པའམ་བཏང་སྙོམས་ཅ༷ན་ཏེ། དཔེར་ན་ཙ༷ནྡ༷ན་གྱི་ལྡེ་གུས་བྱུག་པ་དང༌། སྟེའུ༷་དག་གིས་བཅད་པ་ན་བདག་ལ་ཕན་ནོ་སྙམ་དུ་ཆགས་པ་དང་གནོད་དོ་སྙམ་དུ་ཁྲོ་བ་མི་སྐྱེ་བར་མཚུ༷ངས་པ༷་ལ༷་ཆ༷གས་བྲ༷ལ་ཞེས་སུ་ནི་བརྗོད་པ༷་ཡིན་ཏེ་དེ་འདྲ་ཡུལ་གང་ལའང་ཆགས་པ་གཏན་སྐྱེ་མི་སྲིད་དོ།།
གཉིས་པ་སྡུག་བསྔལ་བསྒོམ་པར་གསུངས་པའི་དོན་བཤད་པ་ནི།
འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན།།ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་བདག་མེད་ལྟ་རྟེན་ཡིན།།སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན།།དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས།།འོ་ན་ཁྱེད་ཅག་གི་བཅོམ་ལྡན་འདས་ཀྱིས་ཀྱང་འཁོར་བ་ཐམས་ཅད་མེ་ཡི་རླབས་དང་སྲིན་མོའི་གླིང་ལྟར་སྡུག་བསྔལ་བར་བསྒོམ་པར་གསུངས་པ་མ་ཡིན་ནམ་སྡུག་བསྔལ་བསྒོམས་པས་ཐར་པ་ལ་མི་ཕན་པར་ཇི་ལྟར་བཤད་ཅེ་ན། སྡུག་བསྔལ་བསྒོམས་པས་ཐར་པ་ལ་ཕན་མི་འདོགས་པ་མ་ཡིན་ཡང་སྡུག་བསྔལ་བསྒོམས་པ་ཁོ་ནས་ཐར་པ་འཐོབ་མི་ནུས་ཏེ་ཐར་པ་ནི་བདག་མེད་རྟོགས་པ་ལ་རག་ལས་པའི་ཕྱིར་རོ། །དེས་ན་གནས་སྐབས་སུ་ཡིད་འབྱུང་བ་ཙམ་གྱི་རྒྱུ་བྱེད་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཙམ་བསྒོམ་པར་གསུངས་པ་ཁོ་ན་མ་ཡིན་ཏེ། ཁྱབ་པ་འདུ༷་བྱེད་ཀྱི་སྡུ༷ག་བསྔ༷ལ་ལ༷་དགོངས་ན༷ས་འཁོར་བ་མཐའ་དག་སྡུ༷ག་བསྔ༷ལ་གྱི་རང་བཞིན་དུ་བསྒོམ་པ༷ར་གསུ༷ངས་པ༷་ཡིན་ནོ། །ངེད་ཀྱིས་འདོད་པའི་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ་དེ་ཡ༷ང་ལས་ཉོན་གྱི་རྐྱེན་ལ༷ས་སྐྱེས་པའི་གཞན་དབང་ཅན་ཕུང་པོ་སྐད་ཅིག་མ་ཉེས་པ་ཕྱི་མའི་རྟེན་དུ་གྱུར་པ་འདི་ལ་བརྗོད་པ་ཡིན་ནོ། །དེ་འདྲའི་འདུ་བྱེད་སྐད་ཅིག་མ་དེ་ནི་བད༷ག་མེད་ལྟ་བའི་རྟེན་ཡིན་ཏེ་རྐྱེན་ཉིད་འདི་པ་ཙམ་སྐད་ཅིག་མའི་དངོས་པོ་འདི་རྟོགས་ན་དེ་ལ་བདག་ཏུ་སྒྲོ་བཏགས་པ་ཙམ་ལས་བདག་ཅེས་བྱ་བ་རང་གི་ངོ་བོ་མེད་པར་རྟོགས་ནུས་ལ། དེས་བདག་དང་བདག་གི་བར་འཛིན་པའི་ཆགས་པ་མ་ལུས་པ་ཟད་ནས་གྲོལ་བ་ཐོབ་པ་ཡིན་ནོ། །དེས་ན་བདག་མེད་པར་མཐོང་བ་སྟོང་ཉིད་ལྟ་བ༷ས་གྲོལ་བ༷ར་འགྱུ༷ར་གྱི་གཞན་གང་གིས་ཀྱང་དེ་མི་ནུས་ལ་སྒོམ་པ༷་ལྷ༷ག་མ༷་མི་རྟག་དང་སྡུག་བསྔལ་སོགས་བདེན་བཞིའི་རྣམ་པ་གཞན་ནི་དེ་རྟོགས་པའི་ཐབས་སམ་དོན་དུ་གྱུར་པའམ་དེ་ཡི་བྱེད་ལས་སམ་འབྲས་བུར་གྱུར་པའི་ཚུལ་གྱིས་དེའི་དོན་དུ་གཞོལ་བ་ཡིན་པས་དེ་ཁོ་ན་གཙོ་བོ་ཡིན་ནོ། །དེ་ཕྱིར་མི་རྟ༷ག་པ་ལ༷ས་སྡུ༷ག་བསྔ༷ལ་ཉིད་དུ་ཤེས་པ་དང༌། དེ་འདྲའི་སྡུ༷ག་བསྔ༷ལ་ལ༷ས་ནི་བད༷ག་མེད་པ་ངེས་པར་རྟོགས་པར་གསུ༷ངས་ཏེ། མདོ་ལས། དགེ་སློང་དག་གཟུགས་རྟག་པ་ཡིན་ནམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནམ་བདེ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་ཏེ་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་ལགས་སོ། །གང་མི་རྟག་པ་དང་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་འདི་ནི་ངའི་འོ་འདི་ནི་ང་ཡིན་ནོ་འདི་ནི་ངའི་བདག་གོ་ཞེས་བལྟར་རུང་ངམ། བཙུན་པ་མ་ལགས་སོ། ། ཞེས་གསུངས་པ་ལྟར་རོ།།
གསུམ་པ་མཇུག་བསྡུ།
ཆགས་བྲལ་མིན་དང་སྲེད་ལྡན་དང༌། །རྩོམ་པ་ཀུན་ལ་བརྟེན་པ་དེ།།ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེ་འདྲ་འཁོར་བ་པ་ཞེས་བྱ།།བདག་ལ་ཆ༷གས་པ་དང་བྲ༷ལ་བ་མིན་པ་ད༷ང༌། དེའི་དབང་གིས་བདག་བདེ་བའི་རྟེན་དུ་དམིགས་ནས་བདག་གི་བའི་དངོས་པོ་ཐམས་ཅད་ལ་སྲེད་པ་ལྡ༷ན་པ་ད༷ང༌། དེ་ལས་བླང་དོར་གྱི་ལས་རྩོམ་པ༷་ཀུ༷ན་ལ༷་འཇུག་ཅིང་བརྟེན་པ༷་དེ་ནི་ཆགས་སོགས་ཉོན་མོངས་པ་རྣམས་དང་ཟག་པ་དང་བཅས་པའི་ལ༷ས་རྣམས་ལ༷ས་གྲོལ་བ་མ༷་ཡིན་པས་དེ་འདྲ་དེ་ནི་འཁོར་བ༷་པ༷་ཞེས་བྱ་སྟེ་ལས་ཉོན་རྒྱུན་མ་བཅད་པས་ན་ཅུང་ཟད་ཀྱང་ཐར་པ་མ་ཡིན་ནོ།།
གཉིས་པ་བདག་གི་བ་ལ་ཆགས་བྲལ་ཡོད་དུ་ཆུག་ཀྱང་གྲོལ་བའི་བདག་དེ་དོན་མེད་པར་བསྟན་པ་ནི།
བདག་གི་ཉིད་ནི་མི་འདོད་ན། །དེ་ཡི་ཟ་བ་པོ་ཡང་མེད།།བྱ་དང་ལོངས་སྤྱོད་མཚན་ཉིད་ཅན། །དེ་བདག་ཀྱང་དེ་ཡི་ཚེ་མེད།།124གལ་ཏེ་ཕྱི་རོལ་པ་ཁྱེད་ལྟར་ན་ཐར་པའི་ཚེ་བདག་དེ་ཡི་བད༷ག་གི་བ་ཉིད་ནི་མི་འདོད་པར་ཅུང་ཟད་མེད་པར་འདོད་ན༷། བཟའ་བྱ་བདག་གི་བ་མེད་པས་དེ་ཡི་ཟ༷་བ༷་པོ་ཡ༷ང་མེད་དེ་ལོངས་སྤྱད་བྱ་མེད་པའི་ལོངས་སྤྱོད་པ་པོ་མི་སྲིད་པའི་ཕྱིར་རོ།།དེ་ལྟར་ན་ལས་བྱ་བ་པོ་ད༷ང་འབྲས་བུ་ལ་ལོངས་སྤྱོད་པ་པོའི་མཚ༷ན་ཉིད་ཅ༷ན་དུ་འདོད་པ་དེ་ལྟ་བུ་ཡི་བད༷ག་ཀྱ༷ང་ཐར་པ་དེ་ཡི་ཚེ་ན་མེད་པས་བདག་བཅིང་གྲོལ་དང་ལས་འབྲས་ཀྱི་རྟེན་དུ་ཁས་བླངས་པའང་དོན་མེད་པར་འགྱུར་རོ།།
གསུམ་པ་བདག་འཛིན་སྤང་བར་གདམས་པ།
དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས།།བྱུང་བའི་འཇིག་ཚོགས་ལྟ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས།།བདག་མེད་མ་གོམས་ན་ཐར་པ་མེད་པ་དེ་ཕྱིར་འཁོར་བའི་སྡུག་བསྔལ་ལས་གཏན་དུ་གྲོལ་བར་འདོད་པས་ནི་ཐོག་མ་མེད་པ་ནས་བརྒྱུད་དེ་འོང་བར་གྱུར་པ༷འི་རྒྱུ༷་ཅ༷ན་ཡུལ་དོན་དུ་གྲུབ་པ་མེད་ཀྱང་དངོས་པོ་ལ་བརྟེན་ནས་སྒྲོ་འདོགས་པའི་བློ་གོམས་པ་ཙམ་གྱི་རང་གི་རིགས་མཐུ༷ན་པའི་ས༷་བོན་སྔ་མ་ལ༷ས་བྱུ༷ང་བ༷འི་འཇིག་ཚོགས་ལ་ལྟ་བ༷་ད༷ག་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རལ་གྲིས་རྩ་བ༷་ཉིད་ན༷ས་དབྱུ༷ང་བ༷ར་གྱིས་དང་ཐར་པ་འཆི་མེད་ཞི་བའི་གྲོང་ཁྱེར་ཉམས་དགའ་བར་ཕྱིན་པར་འགྱུར་རོ། །ཞེས་གདམས་པའོ།།
གཉིས་པ་གྲོལ་བའི་ལམ་གཞན་འགོག་པ་ལ། དབང་ཕྱུག་ལུང་གིས་གྲོལ་བ་དགག །ལས་ལུས་ཟད་པས་གྲོལ་བ་དགག །དང་པོ་ལ། ལུང་ཙམ་སྒྲུབ་བྱེད་ཡང་དག་མིན། །ཡིན་པའི་འཐད་པ་དགག་པ་འོ། །དང་པོ།
ལུང་ནི་དེ་ལྟའི་དངོས་ཡིན་པའི། །རྒྱུ་མ་མཐོང་བ་རྣམས་ལ་ནི།།ལུང་ཙམ་གྱིས་ནི་གྲོལ་བར་ཡང༌། །སྨྲ་བ་ཡོངས་སུ་མགུ་བྱེད་མིན།།དབང་ཕྱུག་པ་སོགས་ན་རེ། བདག་ཡོད་པ་དང་ཐར་པ་ཡོད་པའང་ལུང་ལས་གྲུབ་པ་ཡིན་ལ། ཐར་པ་དེ་ཡང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ལས་འགྲུབ་པར་ལུང་ལས་བཤད་པས་ན་ལུང་གི་དོན་ལ་ཐ་མལ་པའི་དཔྱོད་པས་སྐྱོན་མི་འཇུག་སྟེ། དབང་འདས་གཞན་གྱིས་རིག་བྱ་མིན། །ཕ་རོལ་མངོན་སུམ་མཐོང་བ་ཡི། །དྲང་སྲོང་དེ་དག་ཚིག་ལ་ནི། །རྗེས་སུ་དཔག་པས་གནོད་མ་ཡིན། །ཞེས་ཟེར་རོ། །དེ་མི་འཐད་དེ། དབང་ཕྱུག་གིས་བཤད་པ་སོགས་ལུ༷ང་ནི་ཇི་སྐད་བཤད་པ་དེ་ལྟ༷འི་དངོས་པོ་མ་ནོར་བ་སྟོན་པ་ཡིན་པ༷འི་རྒྱུ༷་མཚན་ཚད་མས་མ༷་མཐོང་བ༷་ཡི་གང་ཟག་རྣ༷མས་ལ༷་ནི་ལུ༷ང་ན་དེ་སྐད་བཤད་པ་ཙ༷མ་གྱིས་ནི་དབང་བསྐུར་བ་སོགས་ཀྱིས་གྲོལ་བ༷ར་ཡ༷ང་སྨྲ༷་བ༷་རྟོག་ལྡན་ཡོངས་སུ༷་མགུ༷་བྱེད་ཀྱི་ཚིག་མིན་ཏེ།ལུང་དང་དངོས་པོ་ལ་འབྲེལ་བ་མེད་པར་བསྒྲུབས་ཟིན་པ་ལྟར་ལུང་ནས་བཤད་པ་ཙམ་དེ་ལྟར་ཡིན་ངེས་ཀྱི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ།།
གཉིས་པ་ཡིན་པའི་འཐད་པ་དགག་པ་ལ། མངོན་སུམ་སྒྲུབ་བྱེད་ལྟར་སྣང་བཀག །རྗེས་སུ་དཔག་པས་གནོད་པར་བསྟན། །དང་པོ་ལ། ས་བོན་ནུས་ཉམས་སྒྲུབ་བྱེད་མིན། །ལྕི་བ་ཡང་གྱུར་ཀྱང་མིན་ཚུལ། །དང་པོ།
ས་བོན་སོགས་གྲུབ་ཆོ་ག་ནི། །སྐྱེས་བུ་མི་སྐྱེད་125པར་ནུས་མིན།།ཏིལ་མར་བསྐུས་དང་མེས་བསྲེགས་སོགས། །བདག་ཀྱང་126གྲོལ་བར་ཐལ་ཕྱིར་རོ།།དབང་བསྐུར་བ་སོགས་ཀྱིས་སྐྱེ་བ་རྒྱུན་གཅོད་པའི་རྒྱུ་མཚན་ཡོད་དེ། དབང་ཕྱུག་གིས་དབང་བསྐུར་བ་དེའི་སྔགས་ཀྱིས་བཏབ་པའི་ས་བོན་གྱིས་མྱུ་གུ་མི་བསྐྱེད་པར་མཐོང་བས་ན། དབང་དེ་ཐོབ་པའི་སྐྱེས་བུའི་སྐྱེ་བའང་རྒྱུན་གཅོད་པར་གྲུབ་བོ་ཞེ་ན། དེ་རྒྱུ་མཚན་ཡང་དག་མིན་ཏེ་ས༷་བོན་སོགས་མི་སྐྱེ་བར་གྲུ༷བ་པའི་ཆོ་ག༷་སྔགས་ལ་སོགས་པས་ནི་སྐྱེས་བུ༷་སླར་ཡང་འཁོར་བར་སྐྱེ་བ་མི་སྐྱེད་པ༷ར་ནུ༷ས་པ་མིན་ཏེ། གལ་ཏེ་ནུས་ན་ཏིལ་མ༷ར་གྱིས་བསྐུ༷ས་པ་ད༷ང་མེས་བསྲེགས་པ་དང་བཙོས་པ་སོགས་ཀྱིས་ས་བོན་གྱིས་སྐྱེ་བ་གཅོད་པས་ན་སྐྱེས་བུ་ལ་ཆོ་ག་དེ་དག་བྱས་པས་བད༷ག་ཀྱ༷ང་གྲོལ་བ༷ར་ཐ༷ལ་བའི་ཕྱིར་རོ། །དེས་ན་ས་བོན་མི་སྐྱེ་བར་བྱེད་པའི་སྔགས་ལ་སོགས་པ་དེས་སྐྱེས་བུའི་སྐྱེ་བ་ལ་གནོད་མི་ནུས་པས་རྒྱུ་མཚན་འཁྲུལ་པ་ཅན་ནོ།།
གཉིས་པ་ལྕི་བ་ཡང་གྱུར་ཀྱང་མིན་ཚུལ།
སྔར་ལྕི་བ་དག་ཕྱིས་ཡང་ཕྱིར། །སྡིག་པ་བཅོམ་པར་བྱས་པ་མིན།།འདི་ཡི་ལྕི་ཉིད་མེད་འགྱུར་གྱི། །ལུས་ཅན་མིན་ཕྱིར་སྡིག་ལྕི་མིན།།སྡིག་ཅན་གྱི་སྡིག་པ་བླ་མས་ཆོ་གའི་སྒོ་ནས་བླངས་ཏེ་སྦྱིན་སྲེག་བྱས་པ་ན་དེའི་སྡིག་པ་འཛད་པ་ཡིན་ཏེ། སྔར་སྐྱེས་བུ་སྲང་ལ་གཞལ་བ་ན་སྔ༷ར་ལྕི་བ༷་ད༷ག་ཕྱིས་ཡ༷ང་དུ་སོང་བ་མངོན་སུམ་མཐོང་བའི་ཕྱིར་རོ་ཞེ་ན། དེ་སྡིག་པ༷་བཅོམ་པ༷ར་བྱ༷ས་ནས་ཟད་པ༷་ཡི་རྟགས་མིན་ཏེ་སྐྱེས་བུ་འདི་ཡི་ལུས་
ཀྱི་ས་ཆུའི་ཁམས་ལ་ལྕི་བ་ཡོད་པ་ཡིན་ལ། སྦྱིན་སྲེག་གི་མེས་གདུང་བ་སོགས་ཀྱིས་ཡང་དུ་སོང་ན་ཡང་ལྕི་བ་དེ་ཉིད་མེད་པ་ཙམ་དུ་འགྱུ༷ར་གྱི་སྡིག་པ་མེད་པར་ག་ལ་འགྱུར་ཏེ། རྒྱུ་མཚན་ནི་རང་གི་ངོ་བོ་ལུ༷ས་ཅ༷ན་མིན་པའི་ཕྱིར་སྡིག་པ་ནི་ལྕི་བའི་ཆོས་དང་ལྡན་པ་མིན་པའི་ཕྱིར་རོ། །ཡིན་ན་མཚམས་མེད་སོགས་ལས་བྱས་པ་དང་སྔོན་གྱི་ལས་རྣམས་ཀྱི་ལྗིད་ལས་སྐྱེས་བུ་ཁ་ཅིག་འདེགས་སུ་མེད་པར་འགྱུར་དགོས་ཀྱང་ལུས་ཀྱི་ཁྱད་པར་མ་གཏོགས་པ་སྡིག་པའི་ཁྱད་པར་གྱིས་ལྕི་ཡང་བྱེད་པ་མ་ཡིན་ནོ།།
གཉིས་པ་རྗེས་སུ་དཔག་པས་གནོད་པར་བསྟན་པ་ལ། སྐྱེ་བའི་རྒྱུ་དང་དེ་མི་འགལ། །རྒྱུ་དང་འགལ་བའི་རང་ལུགས་བཞག །དང་པོ་ལ། དངོས་དང་དེ་ཡི་ཉེས་སྤོང་དགག །དང་པོ།
ལོག་ཤེས་དང་ནི་དེ་ལས་བྱུང༌། །སྲེད་པ་སེམས་པའི་དབང་དག་གིས།།དམན་གནས་འགྲོ་བ་སྐྱེ་བ་ཡིན། །དེ་ཕྱིར་དེ་བཅད་འགྲོ་མི་འགྱུར།།དེ་ཙམ་ལས་ནི་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ཉིད་ནུས་ཡིན།།སེམས་པ་དེ་དག་རང་ཉིད་ལས། །ཡིན་ཕྱིར་སྐྱེ་རྒྱུ་ཉམས་པ་མེད།།འཁོར་བར་སྐྱེ་བའི་རྒྱུ་ནི་གཙང་བདེ་རྟག་བདག་ཏུ་ཞེན་པའི་ལོག་ཤེས་ད༷ང་ནི་དེ་ལ༷ས་བྱུ༷ང་བ་སྲེད་པ༷་དང་མཚུངས་ལྡན་གྱི་སེམས་པ༷འི་དབ༷ང་ད༷ག་གིས་མངལ་སོགས་དམ༷ན་པའི་གན༷ས་སུ་འགྲོ་བ༷་རྣམས་སྐྱེ་བ༷་ཡིན་པར་བསྒྲུབས་ཟིན་ལ། དེ་ཕྱིར་རྒྱུ་ལོག་ཤེས་ཀྱི་སེམས་པ་དང་སྲེད་པའི་སེམས་པ་དེ་རྒྱུན་བཅ༷ད་པ་དེ་དག་འཁོར་བར་འགྲོ་བར་མི་འགྱུ༷ར་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེས་ན་རྒྱུ་ལོག་སྲེད་དེ་ཙ༷མ་ལ༷ས་ནི་སྐྱེ་བ་འབྱུ༷ང་བར་ཚད་མས་མཐོང་བ༷འི་ཕྱིར་སྐྱེ་བ་ལེན་པ་ལ༷་རྒྱུ་དེ་ད༷ག་ཉིད་ནུ༷ས་པ་དང་ལྡན་པ་ཡིན་ནོ། །ལས་ཀྱང་རྒྱུ་མིན་ནམ་སེམས་པ་ཙམ་རྒྱུ་ཡིན་པར་ཅི་ལ་བཤད་སྙམ་ན། སེམས་པ༷་དེ་ད༷ག་ར༷ང་ཉིད་ལ༷ས་ཞེས་བྱ་བ་ཡིན་གྱི་སེམས་པ་ལས་ཐ་དད་པའི་ལས་ཞེས་བྱ་བ་ཅི་ཡང་མེད་དེ་སྔོན་གྱི་སེམས་པ་བྱུང་ཟིན་པ་ལ་སྔོན་གྱི་ལས་ཞེས་བྱ་སྟེ། དེས་བགོས་པའི་རྒྱུན་སླར་ཡང་སེམས་པས་གསོས་བཏབ་པ་ལས་འབྲས་བུ་ཉིད་དུ་སྨིན་པར་སྣང་བ་ཡིན་ནོ། །སེམས་པ་ཉིད་ལས་ཡིན༷་པ་དེ་ཕྱིར་དེ་འདྲའི་སྐྱེ་བ་ལེན་པའི་རྒྱུ༷་སྲེད་པ་དང་མཚུངས་ལྡན་གྱི་སེམས་པ་ཉ༷མས་པ༷་མེད་པས་ན་དབང་བསྐུར་བས་སླར་སྐྱེ་བ་མི་ལེན་པར་བཤད་པ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །དེས་ན་ལུང་གང་ལས་བཤད་པ་དེ་ཡང་དག་པའི་དོན་ཡིན་ཕན་ཆད་རྗེས་དཔག་གིས་འགྲུབ་པའམ་དངོས་སུ་མ་གྲུབ་ཀྱང་གནོད་མི་སྲིད་ལ། རྗེས་དཔག་ཚད་མས་ངེས་པར་གནོད་ཕན་ཆད་ལུང་དོན་དེ་ཡང་མི་འགྲུབ་པར་ངེས་ཀྱི་རྗེས་སུ་དཔག་པས་གནོད་ཀྱང་ལུང་དོན་གྲུབ་བོ་ཞེས་པ་ནི་ཤིན་ཏུ་བླུན་པོའི་སྨྲ་བའོ།།
གཉིས་པ་དེ་ཡི་ཉེས་སྤོང་དགག་པ་ལ། མ་མཐོང་ལས་ཉམས་ལན་མི་རུང༌། །དེ་དང་ཁས་ལེན་འགལ་བར་བསྟན། །དང་པོ།
འགྲོ་དང་རྟོགས་རྟེན་བྱེད་པ་ཡིན། །དེ་ནི་མ་མཐོང་བ་ལས་འགྱུར།།མ་མཐོང་ཞིག་ཕྱིར་འགྲོ་བ་མེད། །དེས་ན་འདུ་བྱེད་སེམས་པ་མིན།།ཡོད་དང་མེད་པའི་རྗེས་འཇུག་ཕྱིར། །བྱེད་པ་སྐྱེད་ལ་བློ་ཡི་ནི།།ནུས་མཐོང་གཞན་གྱིས་མ་ཡིན་ན། །དེ་ཡོད་དེ་དག་ཅིས་མི་འགྲོ།།གལ་ཏེ་དེ་དག་ནུས་མེད་ན། །དབང་སོགས་བྱས་མ་ཐག་དེ་དག།སེམས་པའི་དབང་གིས་འཛིན་དང་འཇུག །གཡེང་དང་འགོག་པ་མེད་པར་འགྱུར།།ཅི་སྟེ་དེ་ཚེ་བློ་མེད་ཕྱིར། །མི་འགྱུར་དྲི་མ་རྣམས་ཀྱི་བློ།།མཚམས་སྦྱོར་དེ་རྣམས་ནུས་མེད་ན། །གསོན་པ་ཉིད་ནའང་ནུས་མེད་འགྱུར།།གཉེན་པོ་དང་ནི་རང་གི་ཕྱོགས། །འཕེལ་ན་127འགྲིབ་དང་འཕེལ་བའི་ཕྱིར།།ཉེས་རྒྱུན་རང་གི་ས་བོན་ཅན། །དབང་བསྐུར་བ་ལས་ལྡོག་པ་མེད།།ཁོ་ན་རེ། མངལ་ལ་སོགས་གནས་གཞན་དུ་འགྲོ་བ་ད༷ང༌། ཡུལ་རྣམས་རྟོགས་པ་ཡི་རྟེན་ནི་བྱེད་པ༷་སྟེ་དབང་པོ་དྲུག་ཡིན་ལ། བྱེད་པ་དྲུག་པོ་དེ་དག་ནི་ད་ལྟར་དངོས་སུ་མ༷་མཐོང་བ༷་སྔོན་གྱི་ལས་དགེ་མི་དགེ་ཉི་ཤུ་ལས་སྐྱེས་པར་གྱུར་ཅིང་མ་འོངས་པའི་དེ་དྲུག་ཀྱང་ལ༷ས་ལས་སྐྱེ་བར་འགྱུ༷ར་བ་ཡིན་ལ། སྐྱེ་འགྱུར་གྱི་ལས་དེ་ནི་འདི་ལྟ་བུའོ་ཞེས་སུས་ཀྱང་མཐོང་བ་མིན་ནོ།།དེ་འདྲའི་མ༷་མཐོང་བའི་ལས་དེ་དབང་བསྐུར་གྱིས་ཞིག་པར་འགྱུར་བའི་ཕྱིར་སྐྱེ་བ་གཞན་དུ་འགྲོ་བ༷་མེད་པ་ཡིན་ལ། ཚུལ་དེས་ན༷་འཁོར་བར་སྐྱེ་བའི་རྒྱུ་ནི་བདག་གི་ཡོན་ཏན་འདུ༷་བྱེད་པ་ཞེས་པ་ལས་ཀྱི་མིང་ཅན་དེ་ཡིན་གྱི་ད་ལྟའི་སེམས་པ༷་མིན་པས་ན་དབང་བསྐུར་བས་སྐྱེ་བ་མ་ཉམས་པར་རྗེས་སུ་དཔོག་པ་རིགས་པ་མིན་ནོ་ཞེ་ན། གང་ཡོད་པ་ད༷ང་མེད་པ༷འི་རྗེས་སུ་འཇུ༷ག་པའི་ཕྱིར་བྱེད་པ༷་དྲུག་པོ་སྐྱེད་པ་ལ༷་བློ་སྟེ་སེམས་པ་དེ་ཡི་ནི་ནུ༷ས་པ་མཐོང་སྟེ། སེམས་པ་ཉིད་ལས་གཞན་དུ་ལས་ཞེས་བྱ་བ་ཅི་ཡང་མེད་པ་དང་ཡིད་ཀྱི་སེམས་པའི་དབང་གིས་ཡུལ་ལ་འཇུག་ཅིང་འཁོར་བར་སྐྱེ་བར་བསྒྲུབས་ཟིན་པ་ལྟར་ཡིན་གྱི། བདག་གི་ཡོན་ཏན་འདུ་བྱེད་སོགས་གཞ༷ན་གྱིས་འཁོར་བར་སྐྱེ་བ་དེ་ནུས་པ་མ༷་ཡིན་ཏེ་སེམས་པ་དེ་ཡོད་ན་ཡོད་ཅིང་མེད་ན༷་དེ་དག་མེད་པར་རིགས་པས་གྲུབ་ཀྱི་དེ་ལས་གཞན་པ་དང་རྗེས་སུ་འགྲོ་ལྡོག་གང་ཡང་མེད་པས་མཚོན་དང་རྨའི་རྒྱུར་སྡོང་དུམ་རྟོགས་པ་དང་འདྲ་བ་ཡིན་པར་གྲུབ་ན་སྲིད་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་ཡོད་པ་ཡི་གང་ཟག་དེ་ད༷ག་འཁོར་བར་ཅིས་མི་འགྲོ་སྟེ་རྒྱུ་ཚང་བས་སོ།།ག༷ལ་ཏེ་མ་འོངས་པའི་བྱེད་པ་དྲུག་འཕེན་བྱེད་ཀྱི་སེམས་པ་དེ་ད༷ག་དབང་བསྐུར་བའི་ཆོ་གས་ནུ༷ས་པ་མེད་པར་བྱས་སོ་ཞེ་ན༷། དབ༷ང་དང་སྔགས་སོགས་བྱ༷ས་མ༷་ཐ༷ག་ཏུ་དབང་པོ་དེ་ད༷ག་ཡིད་ཀྱི་སེམས་པ༷འི་དབ༷ང་གིས་མཐོང་ཟིན་གྱི་ཡུལ་ལ་ལར་དབང་པོ་གཏད་དེ་དེར་འཛིན་པ་ད༷ང༌། མ་མཐོང་བའི་ཡུལ་ལ་གསར་དུ་འཕེན་པའམ་འཇུ༷ག་པ་དང༌། མི་འདོད་པའི་ཡུལ་མཐོང་ཟིན་གྱིས་འཁྲུགས་ནས་དེ་ལས་གཡེང་བ་སྟེ་གཞན་དུ་བྱོལ་བ་ད༷ང༌། མི་འདོད་པའི་ཡུལ་མ་མཐོང་བ་ལ་མི་འཇུག་པར་འགོག་པ༷་ཡང་མེད་པ༷ར་འགྱུ༷ར་དགོས་ནའང༌། ཤིང་བལ་རླུང་གིས་གཡོ་བ་ལྟར་བྱེད་པ་དྲུག་པོ་དེ་ཡུལ་ལ་འཇུག་ལྡོག་བྱེད་པ་ལ་དབང་སྒྱུར་བའི་ཡིད་ཀྱི་སེམས་པའི་ནུས་པ་མ་ཉམས་པར་ཡོད་པས་ན། དབང་གིས་བྱེད་པ་དྲུག་སྐྱེད་པའི་ནུས་པ་ཅི་ཞིག་བཅོམ་སྟེ་གང་ཡང་བཅོམ་པར་མི་འགྱུར་རོ།།ཡང་ཁོ་ན་རེ། ད་ལྟ་སེམས་པ་ཡོད་ཀྱང་དབང་བསྐུར་གྱི་ནུས་པས་ཤི་བའི་ཚེ་བློ་མེད་པར་གྱུར་ནས་སྐྱེ་བ་མི་ལེན་ནོ་ཞེ་ན། ཅི་སྟེ་ཤི་བ་དེ་ཡི་ཚེ་བློ་མེད་པའི་ཕྱིར་སྐྱེ་བར་མི་འགྱུ༷ར་བ་ཡིན་ཞེས་དྲིས་པ་ན། བདག་ཏུ་ཆགས་པ་དང་སྐྱེ་བ་ལ་སྲེད་པ་སོགས་དྲི་མ༷་རྣམ༷ས་ཀྱི་རང་བཞིན་དུ་གྱུར་པའི་བློ་སྐྱེ་བ་སྔ་ཕྱི་མཚ༷མས་སྦྱོར་བར་བྱེད་པ་དེ་རྣ༷མས་ཀྱི་ནུ༷ས་པ་དབང་སོགས་ཀྱིས་མེད་པར་བྱས་པའི་ཕྱིར་རོ་ཞེ་ན༷། དབང་བྱས་པའི་སྐྱེས་བུ་དེ་གསོན་པ༷་ཉིད་ཀྱི་དུས་ན༷འ༷ང་ཆགས་པ་སོགས་དྲི་མ་ཅན་གྱི་བློ་རྣམས་ལ་ནུ༷ས་པ་མེད་པར་འགྱུ༷ར་དགོས་ན་ཡང་དེ་ལྟར་མ་ཡིན་པར་ཆགས་སོགས་དྲི་མར་གྱུར་པའི་བློ་རྣམས་ནི་གཉེན་པོ་བདག་མེད་སོགས་ཚུལ་བཞིན་ཡིད་བྱེད་ད༷ང་ནི། ར༷ང་གི་ཕྱོགས་ཚུལ་མིན་ཡིད་བྱེད་གཉིས་པོ་རིམ་བཞིན་འཕེལ་བ་ན༷་དྲི་མ་ཅན་དེ་འགྲིབ་པ་ད༷ང་འཕེལ་བར་འགྱུར་བ༷འི་ཕྱིར། ཉེས་པའི་བློ་རྣམས་ཀྱི་རྒྱུ༷ན་རང་ར༷ང་གི་རིགས་འདྲའི་ས༷་བོན་ཅ༷ན་དེ་ནི་དབ༷ང་བསྐུ༷ར་བ༷་ཙམ་ལ༷ས་ལྡོག་པ༷་མེད་དེ་དེ་དག་གི་རྒྱུ་དང་མི་འགལ་བའི་ཕྱིར་རོ།།
གཉིས་པ་དེ་དང་ཁས་ལེན་འགལ་བར་བསྟན་པ།
རྟག་པ་128ལྟོས་པ་མེད་པའི་ཕྱིར། །རིམ་གྱིས་སྐྱེད་པར་བྱེད་པ་དང༌།།བྱེད་དང་མི་བྱེད་པ་དག་ནི། །འདྲ་བའི་བདག་ཉིད་བྱེད་པ་འགལ།།རྒྱུ་དང་འབྲས་བུའང་གཅིག་པར་འགྱུར། །དེ་དག་དེ་ལས་ཐ་དད་ན།།བྱེད་པོ་ཟ་བོ་ཉམས་པར་འགྱུར། །ནུས་པ་ཡང་ནི་འགྲུབ་མ་ཡིན།།གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། །ཐལ་བ་གནོད་བྱེད་མ་ཡིན་ཏེ།།འགའི་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང༌།།སེམས་པ་ཙམ་འཁོར་བའི་རྒྱུ་མིན་ཏེ་བདག་ཡོད་པ་ལས་ལོག་ཤེས་དང་སྲེད་པའང་སྐྱེ་བས་ན་བདག་ལ་བརྟེན་པའི་ལས་དེ་དག་རྒྱུ་ཡིན་པས་ལས་ཀྱི་ནུས་པ་བཅོམ་པ་ན་རྒྱུ་མ་ཚང་བའི་ཕྱིར་སེམས་པ་ཡོད་ཀྱང་སྐྱེ་བ་མི་ལེན་ནོ་ཞེ་ན། དེ་ལྟར་ན་རྒྱུ་བདག་མ་ལོག་པ་སྲིད་དུ་འཁོར་བའང་མི་ལྡོག་པས་དབང་བསྐུར་སོགས་ལས་འཁོར་བར་སྐྱེ་བ་རྒྱུན་འཆད་པར་འདོད་པ་རང་གི་ཁས་ལེན་དང་ཤིན་ཏུ་འགལ་ལ། གཞན་ཡང་བདག་རྟག་པ་ནི་འཁོར་བའི་རྒྱུ་ཅུང་ཟད་ཀྱང་མ་ཡིན་ཏེ། འཁོར་བར་སྐྱེ་བ་ནི་རིམ་གྱིས་ལེན་པ་ཡིན་ལ་རྟ༷ག་པ༷་རྐྱེན་ལ་ལྟོས་པ༷་མེད་པ༷འི་ཕྱིར་འབྲས་བུ་རིམ་གྱིས་སྐྱེད་པ༷ར་བྱེད་པ༷་འགལ་བ་ད༷ང༌། དེར་མ་ཟད་ལས་དེ་བྱེད་པ་ད༷ང་མི་བྱེད་པ༷་ད༷ག་གི་གནས་སྐབས་ནི་རྣམ་པ་ཀུན་ཏུ་འདྲ་བ༷འི་བད༷ག་ཉིད་ཅན་བདག་གཅིག་པོ་དེ་ནི་ལས་བྱེད་པ༷་པོ་ཡིན་པར་འག༷ལ་ཏེ། དེ་བྱེད་པ་པོ་ཡིན་ན་སྔར་མི་བྱེད་པའི་དུས་སུའང་བྱེད་པར་ཐལ་ཏེ་ད་ལྟའི་བྱེད་པོ་འདི་དང་གཅིག་ཡིན་པས་སོ། །ད་ལྟ་བྱེད་པའི་དུས་ནའང་མི་བྱེད་པ་ཡིན་པར་ཐལ་ཏེ་སྔར་མི་བྱེད་པ་དེ་ཡིན་པས་སོ། །དེས་ན་སྔ་ཕྱིའི་ཁྱད་པར་མི་འདྲ་བའི་འགྱུར་བ་ཅུང་ཟད་ཀྱང་མེད་པར་འདོད་པའི་བདག་རྟག་པ་དེ་བྱེད་པ་པོར་འདོད་པ་ཤིན་ཏུ་འགལ་ལོ། །ཡང་རྒྱུ༷་ལས་བྱེད་པ་པོ་སྲོག་གཅོད་པའི་མི་ལྟ་བུ་ད༷ང་འབྲ༷ས་བུ༷་མྱོང་བ་པོ་དམྱལ་བའི་གང་ཟག་དེ་གཉིས་ཀའ༷ང་གཅིག་པ༷ར་འགྱུ༷ར་ཏེ་བྱེད་པོ་སྤྱོད་པོ་གཅིག་ཡིན་པར་འདོད་པས་སོ། །རྒྱུ་འབྲས་དེ་ད༷ག་བདག་དེ་ལ༷ས་ཐ༷་ད༷ད་དུ་འདོད་ན༷་བདག་ལས་བྱེད་པ་པོ་དང་འབྲས་བུ་ཟ༷་བ་པོ་ཡིན་པའང་ཉ༷མས་པ༷ར་འགྱུ༷ར་ཏེ། དེས་གང་ཡང་མ་བྱས་ལ་གང་ཡང་ལོངས་མ་སྤྱད་དེ་རྒྱུད་གཞན་གྱི་འགྲོ་བ་བཞིན་ནོ། །གལ་ཏེ་བདག་གིས་དངོས་སུ་ལས་བྱས་པ་མིན་ཡང་དེ་ཡོད་པ་ལས་དེའི་ནུས་པས་ལས་བྱེད་དོ་སྙམ་ན། རྟག་པ་ལ་ནུ༷ས་པ༷་ཡ༷ང་ནི་འགྲུ༷བ་པ་མ༷་ཡིན་ཏེ་རྗེས་སུ་འགྲོ་ལྡོག་མེད་པར་སྔར་མང་དུ་དཔྱད་ཟིན་ཏོ། །དེ་ལྟར་བདག་རྟག་པ་འཁོར་བའི་རྒྱུ་ཡིན་པ་ལ་གནོད་བྱེད་བསྟན་ནས་དེ་ལ་གཞན་གྱིས་གནོད་པ་ལྟར་སྣང་བ་བརྗོད་པ་དགག་པ་ནི། གལ་ཏེ་བདག་རྟག་པ་མེད་ན་ཕུང་པོ་ཙམ་སྐད་ཅིག་གིས་འཇིག་པའི་ཕྱིར་རང་གིས་སྔར་མྱོང་བ་དྲན་པ་ན་གཞན་གྱིས་མྱོང་བ་གཞ༷ན་གྱིས་དྲ༷ན་པར་ཐལ་བ་ད༷ང༌། ལས་བྱེད་པ་པོ་ཞིག་པས་གཞན་གྱིས་བྱས་པ་གཞན་གྱིས་ལོངས་སྤྱོད་པས་རྒྱུ་འབྲས་ཆུད་ཟ་བ་དང༌། སོགས་ཁོངས་ནས་སྔར་མཐོང་བ་ཕྱིས་ངོ་ཤེས་པ་ན་མ་མཐོང་བ་གཞན་མཐོང་མ་མྱོང་བ་གཞན་གྱིས་རྒྱུ་མེད་དུ་ངོ་ཤེས་པར་ཐ༷ལ་བ༷་སོགས་ནི་སངས་རྒྱས་པའི་ལུགས་ལ་གནོད་བྱེད་དུ་འཇུག་པ་མ༷་ཡིན་ཏེ། རྟག་གཅིག་རང་དབང་བའི་སྐྱེས་བུ་འག༷འི་ཡ༷ང་དྲ༷ན་པ༷་མེད་པར་འདོད་ལན་དོན་མཐུན་ཐེབས་པ༷འི་ཕྱིར། རྟག་བདག་ལ་དྲན་སོགས་མི་སྲིད་པ་དེས་ན༷་སྔར་ཉམས་སུ་མྱོང་བའི་བློ་ཡི་བག་ཆགས་སད་པ་ལ༷ས་ཕྱིས་དྲ༷ན་པ༷་འབྱུ༷ང་སྟེ་བདག་མེད་པའི་ཕུང་པོ་མི་རྟག་པའི་རྒྱུན་ཙམ་ལས་དེ་ལྟར་དྲན་དང་མྱོང་དང་ངོ་ཤེས་པ་སོགས་འབྱུང་རིགས་ཀྱི་གཞན་དུ་དེ་ལྟར་རིགས་པ་མ་ཡིན་ནོ།།
གཉིས་པ་རྒྱུ་དང་འགལ་བའི་རང་ལུགས་བཞག་པ།
བདེན་པ་བཞི་ལ་བརྟེན་པ་དང༌། །བདེ་དང་ང་དང་ངའི་ཞེས་སོགས།།ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད།།དེ་ཉིད་ལས་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན།།ལེགས་བསྒོམས་ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲང་བཅས་འཇོམས་བྱེད།།རང་ལུགས་གནས་ཚུལ་བདེན་པ༷་བཞི་ལ༷་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་བརྟེན་པའམ་རྟག་པ༷་ད༷ང་བདེ་བ་ད༷ང༌། ང༷་ད༷ང་ང༷འི་འོ་ཞེས་སུ་འཛིན་པ་སོགས་ཡ༷ང་ད༷ག་མིན་པ༷་རྣ༷མ་པ་བཅུ༷་དྲུ༷ག་པོ་དག་ཏུ་རྨོངས་པས་སྒྲོ་བཏ༷གས་ན༷ས་ནི་ཀུན་ཉོན་ཕྱོགས་ལ་ཡོངས་སུ༷་སྲེད་ཅིང་ལས་བསགས་པས་འཁོར་བར་འཁོར་བ་ཡིན་ནོ། །བདེན་བཞིའི་དེ་ཉིད་ལ༷ས་ནི་དེ་དང་འག༷ལ་བའི་དོན་ཅན་ཕྱིན་ཅི་ལོག་བཅུ་དྲུག་གི་ཆ་ལས་སྐྱེས་པའི་སྲེད་པ་ནི་ཡང་དག་པའི་ལྟ་བས་འཇོམས་པ་ཡིན་ནོ། །ཇི་ལྟར་ན། བདེན་བཞིའི་དེ་ཁོ་ན་ཉིད་ཀྱི་རྣ༷མ་པ༷་རྗེས་སུ་རྟོགས་པ་ཅ༷ན་གྱི་མི་རྟག་སྡུག་བསྔལ་བདག་མེད་སྟོང་པ་རྒྱུ་ཀུན་འབྱུང་སོགས་ལེགས་པར་བསྒོམས་པ་ནི་ཡ༷ང་ད༷ག་པའི་ལྟ་བ༷་ཡིན་ལ། དེ་ཡིས་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་ལས་བྱུང་བའི་སྲེད་པ༷་དང་དེ་ཡོད་ན་དེ་ལས་བྱུང་བའམ་དེའི་རྗེས་སུ་འབྲ༷ང་བའི་སེར་སྣ་སོགས་དང་ཟག་བཅ༷ས་ཀྱི་ལས་སོགས་འཁོར་བར་འཕེན་བྱེད་ཀྱི་ཉེས་པ་ཀུན་དང་བཅས་པ་འཇོམས་པར་བྱེད་དོ།།
གཉིས་པ་ལས་ལུས་ཟད་པས་གྲོལ་བ་དགག་པ་ལ། དངོས་དང་དེ་ལན་འགོག་པ་གཉིས། །དང་པོ།
ལས་དང་ལུས་དག་གནས་ན་ཡང༌། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན།།སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན།།ལས་དང་ལུས་དག་སྤོང་མིན་ཏེ། །གཉེན་པོ་དག་ནི་མེད་ཕྱིར་དང༌།།ནུས་མེད་ཕྱིར་རོ་སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ།།གཉིས་ཟད་དོན་དུ་འབད་ན་ཡང༌། །ལས་ཟད་དུབ་པ་དོན་མེད་ཡིན།།འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ལས་རྣམས་ནུས་པ་ཐ་དད་དུ།།རྗེས་དཔོག་དེས་ན་དཀའ་ཐུབ་ཀྱི། །ཉོན་མོངས་དངོས་གཅིག་གིས་མི་འཛད།།རྣམ་འགས་དེ་བསྐྱེད་འབྲས་བུ་ནི། །ཆུང་འགྱུར་རིགས་མི་མཐུན་ཅན་མིན།།129གཅེར་བུ་པ་ན་རེ། དཀའ་ཐུབ་ཀྱི་སྟོབས་ཀྱིས་ལས་དང་ལུས་ཟད་པ་ན་གྲོལ་བ་ཡིན་གྱི་ལས་མ་ཟད་ན་གྲོལ་བ་མི་སྲིད་དེ་ལས་ཉིད་ཤིན་ཏུ་དབང་བཙན་པས་སླར་འཁོར་བར་དབང་མེད་དུ་འཕེན་པ་ཡིན་པས་ན་ལས་དང་ལུས་མ་ཟད་པ་དེ་སྲེད་པ་སྤངས་ཀྱང་སྐྱེ་བ་ཅིས་མི་ལེན་ཞེས་ཟེར་རོ། །དེ་མ་ཡིན་ཏེ་ལ༷ས་ད༷ང་ལུ༷ས་ད༷ག་གན༷ས་པར་གྱུར་ན༷་ཡ༷ང་ལུས་ལེན་པ་དེའི་རྒྱུ་གཅིག་ནི་སྲེད་པ་ཡིན་ལ་དེ་མེད་པའི་ཕྱིར་རྒྱུ་མ་ཚང་བས་ན༷་ལས་ལུས་སྲེད་པ་སྟེ་རྒྱུ༷་གསུ༷མ་ཚང་དགོས་པ་ཅ༷ན་གྱི་སྐྱེ་བ༷་དེ་ནི་འབྱུང་སྲིད་པ༷་མ༷་ཡིན་ཏེ། རྒྱུ་མ་ཚང་ན་འབྲས་བུ་སྐྱེ་མི་སྲིད་པའི་ཕྱིར། དཔེར་ན་ས༷་བོན་མེད་པ༷ར་ཆུ་ལུད་ས་ལ་སོགས་པ་ཚོགས་ཀྱང་མྱུ༷་གུ༷་མི་སྐྱེད་པ་བཞིན་ནོ། །འོ་ན་དཀའ་ཐུབ་ཀྱིས་ལས་དང་ལུས་ཟད་ན་ཡང་མི་སྐྱེ་བར་མཚུངས་པས་སྲེད་པ་མ་སྤངས་ཀྱང་དཀའ་ཐུབ་ཁོ་ན་ཐར་ལམ་ཡིན་ནོ་ཞེ་ན། ལ༷ས་ད༷ང་ལུ༷ས་ད༷ག་ནི་སྤོང་བར་རིགས་པ་མིན་ཏེ་རྒྱུ་མཚན་ལས་ལུས་དེ་དག་རྐྱང་པ་ཟད་པར་སྤོང་བའི་གཉེན་པོ་ད༷ག་ནི་ཚད་མས་རྟོགས་པ་མེད་པའི་ཕྱིར་ཤེས་མི་ནུས་པ་ད༷ང༌། དགོས་པ་ཡང་མེད་དེ་སྲེད་པ་སྤངས་ན་ལས་དང་ལུས་ཙམ་ལ་སྐྱེ་བ་འགྲུབ་པའི་ནུ༷ས་པ་མེད་པའི་ཕྱིར་རོ། །ལས་ལུས་ཁོ་ན་སྤོང་དུ་ཡང་མི་བཏུབ་སྟེ་སྲེད་པ༷་ནི་ཡོད་ན༷་ལས་དང་ལུས་སླ༷ར་ཡ༷ང་འབྱུ༷ང་བའི་ཕྱིར་སྔར་ཡོད་སྤངས་ཀྱང་སྐྱེ་བ་མི་ལེན་པ་ལ་མི་ཕན་པའི་ཕྱིར་རོ། །གཅེར་བུ་པའི་སྟོན་པ་འཕེལ་བྱེད་སོགས་ན་རེ། གཉེན་པོ་མི་ཤེས་པ་མ་ཡིན་ཏེ་ལས་དང་སྲེད་པ་ཟད་པའི་གཉེན་པོ་དཀའ་ཐུབ་ཡིན་པས་ན་ལས་དང་སྲེད་པ་གཉིས་ཀ་ཟ༷ད་པའི་དོན་དུ༷་དཀའ་ཐུབ་ལ་འབ༷ད་པར་བྱེད་དོ་ཞེ་ན༷་ཡ༷ང༌། སྲེད་པ་ཟད་པའི་ཐབས་ཚུལ་བཞིན་ཤེས་ན་དེ་བསྟེན་པར་རིགས་ཀྱི་ལ༷ས་ཟ༷ད་པའི་དོན་དུ་དཀའ་ཐུབ་ཀྱི་ངལ་དུ༷བ་བསྟེན་པ༷་དོན་མེད་པ་ཡིན་ཏེ། དེ་ཇི་ཙམ་འབད་ཀྱང་སྲེད་པ་ཟད་མི་ནུས་ལ་སྲེད་པ་མ་ཟད་ན་ལས་ཟད་པ་མི་སྲིད་པས་སོ། །གལ་ཏེ་སྲེད་པ་ནི་ལས་ཀྱི་དབང་གིས་སྐྱེ་བ་ཡིན་པས་ལས་ཟད་ན་དེ་ཡང་འཛད་དོ་ཟེར་ན། དཀའ་ཐུབ་ཀྱིས་ལས་མཐའ་དག་ཟད་པ་ཡིན་པར་རྟོགས་མི་ནུས་ཏེ། བཟང་ངན་བདེ་སྡུག་མི་འདྲ་བའི་འབྲ༷ས་བུ༷་སྣ་ཚོགས་དངོས་སུ་མཐོང་བ༷འི་ཕྱིར། དེའི་རྒྱུ་ལ༷ས་རྣ༷མས་ཀྱང་ནུ༷ས་པ༷་ཐ༷་ད༷ད་དུ༷་ཡོད་པར་རྗེས་སུ་ངེས་པར་དཔོག་པ་དེས་ན༷་སྐྲ་འབལ་བ་དང་ཟས་མི་ཟ་བ་སོགས་དཀ༷འ་ཐུ༷བ་ཀྱི་ཉོན་མོངས་སམ་གདུང་བར་གྱུར་བའི་དངོས་པོ་གཅིག་གིས་འབྲས་བུ་སྣ་ཚོགས་མྱོང་འགྱུར་གྱི་ལས་ཐམས་ཅད་མི་འཛ༷ད་པར་གྲུབ་བོ། །དེས་ན་དཀའ་ཐུབ་ཀྱི་གདུང་བའི་རྣ༷མ་པ་འག༷ས་དེ་དང་ཆ་འདྲ་བའི་མྱོང་བ་བསྐྱེད་པའི་ལས་ཀྱི་འབྲ༷ས་བུ༷་ནི་རྣམ་སྨིན་ཆུ༷ང་བའམ་ཡང་བར་འགྱུ༷ར་ན་ཡང་དཀའ་ཐུབ་ཀྱི་མྱོང་བ་དེ་དང་རིགས་མི་མཐུ༷ན་པ་ཅ༷ན་གྱི་ལས ཀྱི་འབྲས་བུ་མྱོང་བ་མེད་པར་བྱེད་པ་མིན་ནོ།།
གཉིས་པ་དེ་ལན་འགོག་པ།
ཅི་སྟེ་དཀའ་ཐུབ་ནུས་པ་ཡིས། །ནུས་པ་འདྲེས་པ་ཟད་པ་ན།།ཉོན་མོངས་ཆ་འགའ་སྤོང་བ་འམ། །ཉོན་མོངས་མེད་པར་ཀུན་སྤང་འགྱུར།།གལ་ཏེ་དཀའ་ཐུབ་ཉོན་མོངས་ལས། །གཞན་འདོད་ཉོན་མོངས་ཉིད་ཅེ་ན།།དེ་ནི་ལས་འབྲས་ཡིན་ཕྱིར་འདིས། །ནུས་པ་འདྲེས་སོགས་འགྱུར་མ་ཡིན།།སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ།།དེས་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར།།ལས་ལས་ཉེས་པ་མ་ཡིན་ཏེ། །སྐྱོན་ལྡན་བྱེད་འགྱུར་བཟློག་ལས་མིན།།ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར།།ཅི་སྟེ་དཀ༷འ་ཐུ༷བ་ཀྱི་ནུ༷ས་པ༷་ཡིས་ལས་གཞན་གྱི་ནུ༷ས་པ༷འང་རང་གི་མྱང་བྱ་དེ་དང་འདྲེས་པར་བྱས་པ༷་ཡིན་ལ། དེས་ན་དཀའ་ཐུབ་བསྟེན་པས་སྔོན་གྱི་ལས་ཀུན་ཟ༷ད་ནུས་པ༷་ཡིན་ནོ་ཞེ་ན༷། དཀའ་ཐུབ་རང་ལ་ལས་རྣམས་གཅིག་ཏུ་བསྲེས་ནས་ཟད་པའི་ནུས་པ་ཡོད་ན་དེས་སྡུག་བསྔལ་མྱོང་བ་དང་བསྲེའམ། བདེ་བ་མྱོང་བའི་རྣམ་པ་དང་བསྲེ།དང་པོ་ལྟར་ན། ལས་ཐམས་ཅད་ལས་གཅིག་ཏུ་བསྲེས་ནས་ཟད་པར་བྱེད་ན་བ་སྤུ་བཏོགས་པ་ལྟ་བུའི་སྡུག་བསྔལ་ལམ་ཉོན་མོངས་ཀྱི་ཆ༷་འག༷འ་ཙམ་བྱས་པས་ལས་ཀུན་སྤོང་བ༷འ༷མ། ཕྱི་མ་ལྟར་ན། དཀའ་ཐུབ་ཀྱི་གདུང་བའམ་ཉོན་མོངས་གང་ཡང་མེད་པ༷ར་ལས་ཀུ༷ན་སྤང༷་བར་འགྱུ༷ར་རོ། །གལ་ཏེ་ཉོན་མོངས་མེད་པ་ནི་དཀའ་ཐུབ་མ་ཡིན་པས་དེས་ལས་སྤོང་བ་དོན་མེད་དོ་ཞེ་ན། ཅི་དཀའ་ཐུབ་ཀྱི་གདུང་བ་དེ་ཕལ་པས་སྡུག་བསྔལ་མྱོང་བ་ལྟར་ཉོན་མོངས་པའམ་སྡུག་བསྔལ་ཞིག་ཡིན་ནམ་མིན། ག༷ལ་ཏེ་དཀ༷འ་ཐུ༷བ་ནི་ལས་འབྲས་སུ་གྱུར་པའི་ཉོན་མོངས་པའམ་སྡུག་བསྔལ་ལ༷ས་གཞ༷ན་དུ་འདོད་དེ་འདོད་པའི་དབང་གིས་འཇུག་པའི་ཕྱིར་རོ་ཞེ་ན། ཉོན་མོངས་མེད་པ་དཀའ་ཐུབ་མིན་པར་བཤད་པ་དང་འགལ་ལ་བདེ་བའི་དཀའ་ཐུབ་ཀྱང་ཡོད་པར་འགྱུར་ཞིང་ཉོན་མོངས་མེད་པར་ཀུན་སྤོང་བར་ཐལ་བ་དེར་འགྱུར་རོ།།གལ་ཏེ་དེ་ཉོན་མོངས་པའམ་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པ་ཉིད་དོ་ཅེ་ན༷། ཕལ་པའི་སྡུག་བསྔལ་ལས་ཀྱི་དབང་གིས་མྱོང་བ་ལྟར་དཀའ་ཐུབ་ཀྱི་གདུང་བ་དེ་ནི་སྔོན་གྱི་ལ༷ས་འབྲ༷ས་ཡིན་པའི་ཕྱིར་དཀའ་ཐུབ་འདིས་སྔོན་ལས་ཐ་དད་པའི་ནུ༷ས་པ༷་འདྲེས་པ་དང༌། ཟད་པ་སོགས་ནུས་པར་འགྱུ༷ར་བ་མ༷་ཡིན་ཏེ། ལས་གཅིག་ལས་བྱུང་བའི་རང་འབྲས་ཙམ་ཡིན་པས་གྲོ་ཡི་མྱུ་གུས་འབྲས་སོགས་ས་བོན་ཐ་དད་པའི་ནུས་པ་འདྲེས་པར་མི་བྱེད་པ་བཞིན་ནོ། །མདོར་ན་དཀའ་ཐུབ་དེ་བདེ་བའམ་སྡུག་བསྔལ་གང་ཡིན་ཡང་ཐམས་ཅད་ལས་ལས་བྱུང་བར་སྨྲ་བའི་ལུགས་ལ་དེ་ཡང་ལས་སྔོན་སོང་གི་འབྲས་བུ་ཡིན་པ་ལས་མི་འདའ་ལ། དེས་སྔོན་སོང་གི་འབྲས་བུའི་ཆ་ཇི་ཙམ་མྱོང་བ་ཟད་ནུས་ཀྱི་གཞན་ཀུན་ཟད་པར་མི་ནུས་སོ།།རང་ལུགས་དོན་ཞགས་ཀྱི་སྨྱུང་བར་གནས་པ་སོགས་ལ་མི་མཚུངས་ཏེ་ལས་མཐའ་དག་དེ་ཙམ་གྱིས་ཟད་པར་འདོད་པའང་མ་ཡིན་ལ། སྡུག་བསྔལ་མྱོང་བ་ཆུང་ངུ་དེས་ཀྱང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བྱང་བ་ཡོད་པ་ནི་ཐབས་ཁྱད་པར་ཅན་ལ་སེམས་པའི་དབང་གིས་མ་འོངས་པའི་མྱང་འགྱུར་ཁེགས་པ་ཡིན་ལ་སྡིག་པ་བཤགས་པ་སོགས་ཚུལ་ཀུན་ཀྱང་དེ་དང་འདྲ་སྟེ་ཟས་མི་ཟ་བ་སོགས་ཀྱི་དཀའ་ཐུབ་ཀྱི་ནུས་པ་ཁོ་ནས་མ་ཡིན་ནོ། །དེས་ན་སེམས་པ་ཉིད་གཙོ་ཆེ་ཡི་ལུས་ཀྱི་དཀའ་ཐུབ་ཙམ་གཙོ་བོ་མ་ཡིན་ནོ།།ཕ་རོལ་པོ་ན་རེ། ཁྱོད་ཀྱིས་ལས་སྤོང་མི་ནུས་པར་ཁས་བླངས་ནས་ཡང་སྲེད་པ་སྤངས་པས་ལས་སྤོང་བ་ཁས་བླངས་པ་འགལ་ལོ་ཞེ་ན། ངེད་ཀྱིས་ལས་བྱས་ཟིན་ལ་འབྲས་བུ་མི་མྱོང་བའི་ཐབས་མེད་པར་ཁས་ལེན་པ་མ་ཡིན་ཡང༌། སྲེད་པ་སྤོང་བ་ལ་མི་ལྟོས་པའི་ལས་ཐམས་ཅད་ཟད་པའི་གཉེན་པོ་མི་སྲིད་ཅེས་འགོག་པ་ཡིན་ལ། སྲེད་པ་སྤངས་ན་ལས་སྤང་ངོ་ཞེས་པ་དེའང་མ་འོངས་པ་ན་སྐྱེ་བའི་རྒྱུར་འདོད་པའི་ཉེས་པ༷་སྲེད་པ་བཅོམ་པ༷འི་ཕྱིར་སངས་རྒྱས་པའི་རྣལ་འབྱོར་པ་བདག་མེད་མཐོང་བ་ག༷ང་ཡ༷ང་གཟོད་ཀྱི་སྐྱོན་རྣ༷མས་འགོག་པར་བྱེད་པ༷་དེ་ནི་སྲེད་པ་དེས་བསྐྱེད་པའི་ལ༷ས་མི་འབྱུང་བར་བྱེད་པ་ལ༷་ནུ༷ས་པ་ཡོད་པར་འགྱུ༷ར་གྱི་ཇི་ལྟ༷ར་སྔར་བྱ༷ས་པ༷་ཉ༷མས་པ༷ར་འགྱུ༷ར་ཏེ་མི་འགྱུར་རོ། །དེས་ན་ལས་སྒྲིབ་འདག་པའི་ཆེད་དུ་གཟུངས་བཟླ་བ་དང་ཏིང་འཛིན་སྒོམ་པ་སོགས་ཀྱང་སེམས་རྒྱུད་ཀྱི་སེམས་པ་མ་འོངས་པའི་མྱོང་བ་སྲབ་པར་བྱེད་པ་ལ་ནུས་པ་ཡོད་པར་ཤེས་པར་བྱའོ།།འོ་ན་སྲེད་པ་ལས་ལས་འབྱུང་བ་དེ་བཞིན་དུ་ལས་མ་ཟད་ན་དེ་ལས་ཀྱང་སྲེད་པ་འབྱུང་བར་འགྱུར་རོ་ཞེ་ན། ལ༷ས་ལ༷ས་ཆགས་སོགས་ཉེས་པ༷་སླར་སྐྱེ་བ་མ༷་ཡིན་ཏེ། སྲེད་པའི་དབང་གིས་སྐྱོན་དང་ལྡ༷ན་པའི་ལས་བྱེད་པར་འགྱུ༷ར་གྱི། བཟློག་པ་སྲེད་པ་མེད་པ་ལ༷ས་སྐྱོན་ལྡན་གྱི་ལས་བྱེད་པར་འགྱུར་བ་སྲིད་པ་མིན་ནོ། །གལ་ཏེ་སྔོན་གྱི་ལས་ལས་བདེ་སྡུག་རང་དབང་མེད་པར་འབྱུང་བ་ཡིན་པས་ན། བདེ་སྡུག་ལས་ཆགས་སྡང་མི་སྐྱེ་བ་མི་སྲིད་པས་ལས་ཅན་ལ་སྲེད་པ་མེད་པ་ཅི་ལ་སྲིད་ཟེར་ན། བདག་ཏུ་རྟོག་པ་ལས་བྱུང་བའི་ལོག་པ༷འི་རྣ༷མ་རྟོག་ཚུལ་མིན་ཡིད་བྱེད་མེད་པ༷ར་ནི་ཚོར་བ་བདེ་བ༷་ལ༷ས་ཀྱ༷ང་འདོད་ཆགས་སྐྱེ་བར་མི་འགྱུ༷ར་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་བདག་མེད་མཐོང་བ་ཉིད་གཏན་དུ་གྲོལ་བའི་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་སྒྲུབ་པའི་རིགས་པ་འདིས་རིགས་པ་དང་སྒྲུབ་པ་དང་ངེས་འབྱིན་གྱི་ཚུལ་ཡང་གྲུབ་པ་ཡིན་ནོ།།
གཉིས་པ་བདེ་གཤེགས་རྟོགས་པར་བསྟན་པ་ནི།
སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པར་གྲུབ།།གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ།།མི་སློབ་ལས་ལྷག་་་་་།བདེན་བཞི་སྟོན་པར་མཛད་པའི་སྐྱོབ་པ་ལ༷ས་དེ་ཁོ་ན་ཉིད་མཁྱེན་པ་ལེགས་གཤེགས་ད༷ང༌། ཡང་དག་པའི་དོན་གཟིགས་པས་ན་རྣམ་པ་གཞན་དང་གཞན་གྱིས་མི་འཕྲོག་པའི་བརྟ༷ན་པ་སླར་མི་ལྡོག་པར་གཤེགས་པ་ད༷ང༌། དེ་ཁོ་ན་ཉིད་གཏིང་ཕྱིན་པའམ་མ༷་ལུ༷ས་པར་གཟིགས་པའམ་ཡང་ན་དེའི་མཐུས་ཇི་སྙེད་པ་མ་ལུས་པ་གཟིགས་པ་སྟེ། ཁྱ༷ད་པ༷ར་གསུམ་མངའ་བའི་མཁྱེན་པ་ཡོད་པ༷ར་གྲུ༷བ་ལ། དེ་ཡང་སྔར་སྤངས་པའི་སྒོ་ནས་བསྟན་ཅིང་འདིར་ནི་གཤེགས་པ༷་ཞེས་པ་རྟོགས་པ༷འི་དོན་ཡིན་པའི་ཕྱིར་ཏེ། སྐྱོབ་པ་བདེན་བཞི་གསུངས་པའི་རྒྱུ་ནི་དེ་ལྟ་བུའི་ཡེ་ཤེས་ཡིན་པའི་ཕྱིར་སྐྱོབ་པ་ལས་བདེ་གཤེགས་ཤེས་པར་ནུས་སོ། །དེ་འདྲའི་རྟོགས་པ་ཁྱད་པར་བ་གསུམ་དང་ལྡན་པའི་ཕྱིར་རིམ་བཞིན་ཕྱི་རོལ་པ༷་ད༷ང་འཕགས་པ་སློབ་པ་དང༌། མི་སློབ་པ་ཉན་རང་གི་དགྲ་བཅོམ་ལ༷ས་ཀྱང་ལྷ༷ག་པ་ཡིན་ནོ། །མཁྱེན་པའི་ཁྱད་པར་གསུམ་པོ་དེ་ཡང་བདེན་པ་བཞི་བསྟན་པ་ལྟར་ཚད་མས་ཤིན་ཏུ་ངེས་པ་དང༌། གསུང་རབ་སྡེ་སྣོད་རྣམས་སུ་ཡང་སྔ་ཕྱི་མི་འགལ་བར་དོན་གཅིག་ཏུ་བསྟན་པ་དང༌། ཐབས་ཀྱི་རྣམ་པ་མཐའ་ཡས་པའི་སྒོ་ནས་སྐྱེས་བུའི་མངོན་འདོད་ཀྱི་དོན་ཐབས་དང་བཅས་པ་ཚང་ཞིང་དཔྱིས་ཕྱིན་པར་བསྟན་པ་ལས་རྗེས་སུ་དཔོག་པ་ཡིན་ནོ།།
གསུམ་པ་སྟོན་པ་རྟོགས་པར་བསྟན་པ་ནི།
་་་་་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ།།དེ་འདྲའི་མཁྱེན་པ་ཁྱད་པར་ཅན་མངའ་བ་དེ་ཡི་ཕྱིར་གཞ༷ན་གྱི་དོན་དུ་ཐབས་མཁྱེན་པ་ལ་སྦྱོར་བའམ་བརྩོན་པར་མཛད་པ་རྟོགས་ནུས་ཏེ། གཞན་ལ་སྐྱོབ་ངེས་པའི་ལམ་སྟོན་པ་ན་ལམ་མཁྱེན་པའི་ཡེ་ཤེས་ཡོད་དགོས་ལ། དེ་སྔོན་ཉིད་ཀྱིས་སྐུ་ཉམས་སུ་བསྟར་བ་མེད་པར་མི་འབྱུང་བས་ན་རྒྱུ་དུས་ཀྱི་སྟོན་པ༷་ཡོད་པར་ཡང་ཤེས་སོ། །ཡང་ན། རང་གིས་མཁྱེན་པ་ཙམ་མིན་པར་གཞན་དོན་དུ་མཁྱེན་པ་དེ་སྦྱོར་བ་སྟེ་མཁྱེན་པ་གཞན་དོན་ལ་སྦྱོར་བ་ཅན་ཡིན་པས་དེ་སྟོན་པ་ཡིན་པར་ཤེས་ཏེ་དེས་ཇི་ལྟར་མཁྱེན་པ་གཞན་ལའང་བསྟན་པའི་ཕྱིར་རོ།།
བཞི་པ་ཕན་བཞེད་ཀྱི་བརྩེ་བ་ནི།
དེ་ལས་བརྩེ་ཡིན་གཞན་དོན་ངོར། །དོན་གྲུབ་མཛད་པ་མི་འདོར་ཕྱིར།།སྟོན་པ་དེ་ལ༷ས་བརྩེ་བ་འགྲུབ་པ་ཡིན་ཏེ་དེ་ལྟར་སྟོན་པ་ནི་གཞ༷ན་དོན་གྱི་ངོར་བྱས་ནས་རང་གི་དོན་ཡོངས་སུ་གྲུ༷བ་ཟིན་ཀྱང་ཐུགས་སུ་ཆུད་པའི་ཆོས་སྟོན་པའི་མཛ༷ད་པ༷་མི་འདོར་བའི་ཕྱིར་རོ། །དེ་ལྟར་སྐྱོབ་ངེས་ཀྱི་ལམ་བསྟན་པ་དེ་ལ་དཔག་ན་དེ་སྟོན་པ་པོ་མཁྱེན་པ་ཁྱད་པར་ཅན་དང་ལྡན་པའི་རང་དོན་རྟོགས་པ་བརྟན་པ་ཡང་གྲུབ་ལ། དེ་གཞན་ལ་བསྟན་པའི་ཕྱིར་ལམ་དེ་སྟོན་པ་པོ་ཡིན་པར་བསྟན་པ་ཙམ་གྱིས་གྲུབ་ཅིང་དེས་བརྩེ་བ་ཅན་དུའང་གྲུབ་པ་ཡིན་ནོ།།
གཉིས་པ་དེ་ཡི་དོན་རྣམས་མཇུག་བསྡུ་བ།
བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུངས་མཛད་སྒྲུབ་བྱེད་བཅས།།དེ་གསུངས་པར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད།།སྟོན་པ་འདིས་ཡང་དག་པའི་ལམ་བསྟན་པས་སྟོན་པ་པོ་འདི་ཉིད་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུབ་བྱེད་དང་བཅས་པ་ཡིན་ཏེ། འདི་ལ་མཁྱེན་བརྩེ་ཕུལ་དུ་བྱུང་བ་ཡོད་པ་རྟོགས་ནུས་པའི་ཕྱིར་རོ། །ཇི་ལྟར་ན་བརྩེ་བ་ཡོད་པར་གྲུབ་སྟེ་བརྩེ་བ༷ས་གདུལ་བྱ་ལ་མི་ལེགས་པའི་འབྲས་བུ་ཅུང་ཟད་ཀྱང་མེད་པ་མཐའ་གཅིག་ཏུ་ལེགས་པ་ངེས་ལེགས་ཀྱི་ལམ་སྟོན་པའི་ཕྱིར་ད༷ང༌། མཁྱེན་པ་ཡོད་པར་གྲུབ་སྟེ་ཡང་དག་པར་གཟིགས་པའི་ཡེ་ཤེས་ལ༷ས་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་མི་བདེན་པ་ཅུང་ཟད་ཀྱང་མེད་པའི་བདེན་པ༷་གསུ༷ངས་པར་མཛ༷ད་པས་ན་ཐར་པའི་ལམ་སྟོན་པ་པོ་ནི་དེ་ལྟར་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུ༷བ་བྱེད་དང་བཅ༷ས་པ་ཡིན་གྱི་སྒྲུབ་བྱེད་མེད་པ་མ་ཡིན་ནོ།།དེར་མ་ཟད་དེ་འདྲའི་མཁྱེན་བརྩེ་དེ་ཡང་རྒྱུ་མེད་དུ་མི་འབྱུང་བས་ལམ་དུས་ཀྱི་ཕན་བཞེད་དང་སྟོན་པའི་སྒྲུབ་བྱེད་ཡོད་པ་དང་བཅས་པས་ན་དེ་འདྲ་ཡོད་པར་སྲིད་པ་ཉིད་ཡིན་ནོ། །མཐའ་གཅིག་ཏུ་ལེགས་ཤིང་བདེན་པའི་ལམ་དེ་གདུལ་བྱ་ལ་གསུ༷ངས་པ༷ར་ཡ༷ང་མངོན་པར་སྦྱོར་བ་དང་ལྡ༷ན་པའི་བརྩོན་འགྲུས་མཐར་ཕྱིན་པར་མངའ་བ་ག༷ང་གི་ཕྱིར་ན། སེམས་ཅན་རྣམས་སྐྱོབ་པར་མཛད་པས་ཤིན་ཏུ་གུས་པར་བྱ་བ་ཡིན་ཏེ་མཁྱེན་དུ་ཟིན་ཀྱང་མ་བསྟན་ན་གདུལ་བྱ་སྐྱོབ་པར་མི་འགྱུར་རོ། །དེ་ལྟར་གདུལ་བྱ་ཡོངས་སུ་མི་གཏོང་བའི་བརྩོན་འགྲུས་ཀྱིས་ལམ་བསྟན་པར་མཛད་པས་ན། སྟོན་པ་དེ་འདྲ་བ་རྣམ་གྲོལ་དོན་གཉེར་རྣམས་ལ་མི་སླུ་བ་དེས་ན༷་སངས་རྒྱས་བཅོམ་ལྡན་འདས་འདི་ནི་ཚ༷ད་མ༷་ཉིད་དུ་གྱུར་པ་ཡིན་ནོ།།
གསུམ་པ་དེ་ལྟར་བསྟན་པའི་དགོས་པ་ནི།
དེ་ལྟའི་དངོས་སྟོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི།།ཚད་མའི་དེ་ཉིད་གྲུབ་དོན་དེ། །རྗེས་སུ་དཔག་པ་མ་བཟློག་ཕྱིར།།ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགག་ཆོས་ཅན།།ཞེས་སོགས་རྣམ་པ་དུ་མར་ནི། །འདི་ཡི་སྦྱོར་བའང་མཐོང་ཕྱིར་རོ།།མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ།།བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད།།ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་ཚད་མ་གྲུབ་པ་ཞེས་བྱ་བ་ལེའུ་གཉིས་པའོ།།སངས་རྒྱས་ལ་ཡོན་ཏན་ཚད་མེད་པ་ཡོད་ཀྱང་ཚད་མའི་སྒོ་ནས་བསྟོད་པ་ནི་དེ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཡིན་ལ། གཞན་ཡང་དེ་ལྟ༷འི་ཚུལ་གྱིས་སྒྲོ་བཏགས་པ་མིན་པར་དངོས་པོ་ལ་གནས་པའི་སྒོ་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སོགས་ཀྱི་ཚིགས་སུ་བཅད་པས་བསྟོད་པ༷་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དགོས་པ་ནི། ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་དེ་ཡི་བསྟ༷ན་པ༷་གསུང་རབ་ཉིད་ཁོ་ན་ལ༷ས་ནི་དངོས་པོའི་གནས་ཚུལ་མ་ནོར་བར་འཇལ་བའི་ཚ༷ད་མ༷འི་དེ་ཁོ་ཉིད་གྲུ༷བ་པར་སྟོན་པའི་དོན་ཅན་ཉིད་ཀྱི་སླད་དུ་དེ་ཇི་ལྟར་ན་ཚད་མ་ཞེས་བྱ་བ་སངས་རྒྱས་ཀྱི་གསུང་རབ་ནས་མ་གྲགས་པ་ཞིག་སློབ་དཔོན་གྱི་རང་བཟོས་བརྩམས་པ་མ་ཡིན་ཏེ། ཚད་མ་ནི་ཡུལ་མ་ནོར་བར་འཇལ་བའི་མི་སླུ་བའི་བློ་ཡིན་ལ། མ་ནོར་བར་འཇལ་ནས་དངོས་པོའི་དེ་ཉིད་མཐོང་བའི་བློ་ནི་སངས་རྒྱས་ཀྱི་གསུང་རབ་བཞིན་དུ་བློ་གྲོས་རྣམ་པར་སྦྱངས་པ་ལ་ཡོད་ཀྱི་གཞན་ཕྱིན་ཅི་ལོག་ཏུ་བསྟན་པའི་ལུགས་ལ་མེད་པས་ན་མི་སླུ་བའི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཀྱི་གསུང་རབ་ལས་གྲུབ་བོ་ཞེས་ཤེས་པར་བྱ་སྟེ། ཇི་ལྟར་ན་རྒྱུ་གང་གིས་འབྲས་བུ་གང་བསྐྱེད་པའི་བྱ་བ་བྱེད་པ་དང༌། འབྲས་བུ་གང་རྒྱུ་གང་ལ་ལྟོས་པ་དང༌། ཆོས་གང་གི་ཐ་སྙད་དང་དོན་དམ་པའི་ཆོས་ཉིད་ཇི་ལྟ་བུ་ཡིན་པ་མ་ནོར་བར་བསྟན་པ་དེ་ཙམ་དུ་སངས་རྒྱས་ཀྱིས་གསུངས་པའི་དོན་རྣམས་ཀྱང་ཡོངས་སུ་རྫོགས་པར་འདུ་ལ། མ་ནོར་བ་དེ་ལ་རིགས་པ་ཞེས་བྱ་སྟེ་དེ་འདྲ་བ་སངས་རྒྱས་ཀྱི་གསུང་ལས་གཞན་དུ་ཇི་ལྟ་བ་བཞིན་བསྟན་པ་མེད་དེ། སྒྲ་ལས་བྱུང་བའི་ཚད་མ་ལ་སོགས་པ་འགོག་པའི་ཆེད་དུ་མདོ་ལས་ཕ་རོལ་པོ་རབ་ཏུ་སྨྲ་བ་རྣམས་ནི་གསོག་སྟེ། ང་གཅིག་པུ་དེ་ཉིད་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་གཟིགས་པ་ཤིན་ཏུ་དག་པས་དངོས་པོ་མ་ནོར་བར་གཟིགས་པས་ན་དེས་བསྟན་པ་ལྟར་དངོས་པོའི་གནས་ཚུལ་ཡིན་ཏེ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ཞེས་གསུངས་པ་བཞིན་ནོ། །དེས་ན་བཤད་མ་ཐག་པའི་རིགས་པ་དེ་གསུམ་གྱིས་བསྡུས་པའི་དངོས་པོའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་ནི་འཐད་པ་སྒྲུབ་པའི་རིགས་པ་ཡིན་ལ། དེ་ཡང་གསུང་རབ་ལས་བསྟན་ཏེ། མིག་གི་རྣམ་པར་ཤེས་པས་སྔོན་པོར་ཤེས་ཀྱི་སྔོན་པོ འོ་སྙམ་དུ་མི་འཛིན་ནོ། །ཞེས་སོགས་རྣམ་པར་ཤེས་པ་དྲུག་དང༌། གཞན་གྱི་ཚོད་མི་ཟིན་པར་གསུངས་པས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་རང་རིག་མངོན་སུམ་དང༌། ངའི་ཡེ་ཤེས་ཀྱི་སྤྱན་གྱིས་ཕྱོགས་བཅུ་ཇི་སྙེད་པ་རྣམས་སུ་སོགས་ཀྱིས་རྣལ་འབྱོར་མངོན་སུམ་བསྟན་པ་སོགས་གཞུང་གི་རྣམ་པ་ཐམས་ཅད་དུ་གསལ་བར་ཁྱབ་པའི་ཚུལ་གྱིས་མངོན་སུམ་ཚད་མ་གསུངས་ལ། རྗེས་སུ༷་དཔ༷ག་པ༷་ཡང་ཚད་མ་མིན་ནོ་ཞེས་མ༷་བཟློག་པའི་ཕྱིར་དེ་མི་བཞེད་པ་མིན་ལ། ཚད་མར་བཞེད་པར་ཡང་གསལ་ཏེ། ཅུ༷ང་ཟ༷ད་སྐྱེ་བ༷འི་བད༷ག་ཉིད་ཅ༷ན་ག༷ང་དེ་དག་ཐ༷མས་ཅ༷ད་ནི་འག༷ག་པའི་ཆོས་ཅ༷ན་ནོ། །ཞེས་རང་བཞིན་གྱི་གཏན་ཚིགས་ལ་སོགས་པ་རྣ༷མ་པ༷་དུ༷་མ༷ར་ནི། རྗེས་དཔག་འདི་ཡི་སྦྱོར་བ༷་བཀོད་པར་མཛད་པའ༷ང་མཐོང་བའི་ཕྱིར་རོ། །སོགས་ཁོངས་ནས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་འབྲས་རྟགས་དང༌། ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་གཟུང་བར་མི་བྱའོ། །ཞེས་སོགས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་དང༌། གཞན་ཡང་འགལ་དམིགས་དང༌། རྒྱུ་མ་དམིགས་པ་ལ་སོགས་པ་མཐའ་དག་གི་སྦྱོར་བ་མཐོང་བའི་ཕྱིར་རོ། །ཅི་ཕྱིར་རྟགས་ཀྱི་སྦྱོར་བ་བཀོད་པར་མཛད་པས་རྗེས་དཔག་གྲུབ་ཅེ་ན། བསྒྲུབ་བྱ་མེད་ན༷་མི་འབྱུ༷ང་བའི་མཚ༷ན་ཉིད་ཅ༷ན་གྱི་རྟ༷གས་དེ་ནི་རྗེས་སུ་དཔ༷ག་པ་སྐྱེ་བའི་རྟེན་ཡིན་ནོ། །དེ་ལྟ་མིན་ན་ནི་འཁྲུལ་པའི་ཕྱིར་དེ་བཀོད་པ་ལ་རྒྱུ་མཚན་གང་ཡང་མེད་དོ། །དེས་ན་རྟགས་དེ་བསྒྲུབ་བྱ་འགྲུབ་པ་ལ་མི་འཁྲུལ་བའི་རྒྱུ་མཚན། འགག་པའི་ཆོས་ཅན་ལྟ་བུ་བསྒྲུ༷བ་བྱས༷་གཏ༷ན་ཚིགས་སྐྱེ་བའི་བདག་ཉིད་ལྟ་བུ་ལ་ཁྱ༷བ་པ༷་ནི་བསྟ༷ན་པ་ཡིན་པའི་ཕྱིར་རྟགས་ཆོས་ཀྱི་འབྲེལ་བའམ་ཁྱབ་པའམ་རྗེས་འགྲོ་ལྡོག་པ་དེ་ཡ༷ང་གསུང་རབ་ཉིད་ལས་གས༷ལ་བ༷ར་བཤ༷ད་པ་ཡིན་པས་གསུང་རབ་ཀྱི་དོན་ལས་ཐ་དད་པའི་ཚད་མ་ཞེས་རང་བཟོར་བྱས་པ་ནི་ཅི་ཡང་མེད་དེ། སངས་རྒྱས་ཀྱི་གསུང་ཐམས་ཅད་ཤིན་ཏུ་རིགས་ཤིང་ཚད་མ་ཡིན་པས་ཚད་མའི་ཚུལ་ནི་དེ་འབའ་ཞིག་ལས་གྲུབ་པས་ན་གཞན་ཐ་དད་པར་བསམ་པར་མི་བྱའོ། །ཚ༷ད་མ༷་རྣ༷མ་འགྲེལ་གྱི་ཚིག་ལེའུ༷ར་བྱ༷ས་པ༷་ལ༷ས། ཚ༷ད་མ༷་གྲུ༷བ་པ༷་ཞེས་བྱ༷་བ༷་ལེའུ༷་གཉིས་པའི་འགྲེལ་བཤད་ཀྱི་སྐབས་གྲུབ་པ༷འོ།། །།