ཀཧྣ་པའི་དོ་ཧ་ཐོར་བུ་རྣམས་ཀྱི་འགྲེལ་པ་ངོ་མཚར་འབར་བ།
ཀཧྣ་པའི་དོ་ཧ་ཐོར་བུ་རྣམས་ཀྱི་འགྲེལ་པ་ངོ་མཚར་འབར་བ་ཞེས་བྱ་བ་བཞུགས།
བླ་མ་དང་རྡོ་རྗེ་མཁའ་འགྲོ་མའི་ཚོགས་ལ་ཕྱག་འཚལ་ལོ། །རྒྱུད་ལས་གསལ་བར་ལུང་བསྟན་ཅིང༌། །གྲགས་པ་ནམ་མཁའི་མཐའ་དང་མཉམ། ། བརྟུལ་ཞུགས་སྤྱོད་པ་བླ་མེད་པ། །ནག་པོའི་གསུང་དོན་ཆ་ཙམ་སྤྲོ། །འདིར་གྲུབ་པའི་སློབ་དཔོན་ཆེན་པོ་སྤྱོད་པ་པའི། དོ་ཧ་ཐོར་བུ་པ་རྣམས་ཀྱི་དོན་ཅུང་ཟད་བཤད་ན། །༈ དང་པོར་པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུ་དབྱངས་ནི། ཨེ་ཝཾ་ཡི་གེ་བརྟན་བྱས་ཀ་གཉིས་ཉིད། །རྣམ་པ་སྣ་ཚོགས་ཁྱབ་བྱེད་འཆིང་བ་བཏོན། །ཀཧྣ་རྩེ་ཞིང་སྦྲང་རྩི་ཆང་གིས་མྱོས། །ལྷན་སྐྱེས་པདྨའི་ཚལ་ཞུགས་སེམས་མེད་གྱུར། །ཇི་ལྟ་ཇི་ལྟར་གླང་ཆེན་གླང་མོར་ཆགས། །དེ་ལྟ་དེ་ལྟར་དེ་ཉིད་ངོས་འགྲམ་འབབ། །འགྲོ་དྲུག་མཐའ་དག་རང་བཞིན་དག་པ་སྟེ། །དངོས་དང་དངོས་
མེད་ལ་ཆགས་མ་དག་པ། །སྟོབས་བཅུའི་རིན་ཆེན་ཕྱོགས་བཅུ་རྣམས་སུ་འཕྲོ། །རིག་པའི་གླང་པོ་ཉོན་མོངས་ཉིད་ཀྱི་བཙལ། །ཞེས་པ་སྟེ། རྐང་པ་གཉིས་གཉིས་ཀྱི་མཚམས་སུ། རྒྱ་སྐད་ལ་དྷྲུ་ཞེས་བྱ་བའི་ཡི་གེ་རེ་ཡོད་པ་ནི། སྤྱིར་ནི་རིགས་འགྲེའི་ཚིག་རྐང་འཇུག་པའི་བརྡར་བྱེད་པ་དང༌། གླུ་རྟའི་དབྱངས་ཚིག་འཇུག་པའི་བརྡ་གཉིས་ཡོད་པ་ལས་འདིར་སྔ་མའོ། །དེ་ཡང་སྔ་མའི་ཚིག་དྷྲུ་ཡོད་པ་དེ་ཕྱི་མ་སོ་སོའི་མགོར་སྦྱར་བ་ཤས་ཆེའོ། །ཚིག་དོན་ནི། དགོངས་པའི་སྐད་ཀྱི་དབང་ལས། སེམས་ཉིད་གླང་པོ་ཆེའི་གཟུགས་ཅན་གྱི་རྒྱན་དུ་བཀོད་དེ། གླང་པོ་ཆེ་མྱོས་པ་ནི། རང་གང་ལ་བརྟོད་པའི་ཀ་བ་འཇོམས་པ་དང༌། སྣ་ཞགས་ཀྱིས་ཤིང་ལྡུམ་བུ་རྣམས་རྩ་བ་ནས་
འདོན་པ་དང༌། ཆང་གིས་མྱོས་པ་དང༌། པདྨའི་ཚལ་ལ་ཞུགས་ཏེ་ཟ་བར་དགའ་བ་དང༌། གླང་མོ་ལ་ཆགས་པ་དང༌། འགྲམ་པའི་ངོས་ལ་ཆུ་འཛག་པ་དང༌། སྟོབས་དང་ལྡན་ཅིང་ཕྱོགས་བཞིར་རྒྱུག་པ་ལ་སོགས་པ་བྱེད་དོ། །སེམས་ཀྱི་རྒྱལ་པོ་དེ་ལྟ་བུའི་གཟུགས་སུ་བཀོད་པ་སྟེ། ཨེ་ཡིག་གཏུམ་མོ་འབར་བ་དང༌། ཝཾ་ཡིག་ཐིག་ལེ་ཞུ་བ་ཁ་སྦྱོར་མི་འགྱུར་བའི་ཡི་གེ ཡེ་ཤེས་ཀྱི་ལུས་སྟོབས་བརྟན་པོར་བྱས་པ་དེ། ཉིན་མོ་དང་མཚན་མོའི་ཀ་བ་རང་བཞིན་གྱི་རྣམ་རྟོག་བརྒྱད་ཅུ་ཚར་གཉིས་ཉེད་པ་སྟེ་བཅོམ་ཞིང་འགྱེལ་ནས་མི་སྣང་བར་བྱེད་པའོ། །དེ་ནི་སེམས་རྣམ་པར་དབེན་པ་ཡིན་ལ ལུས་དང་དབང་པོ་རྣམ་པ་སྣ་ཚོགས་ལ་ཁྱབ་པར་བྱེད་པའི་འཆིང་བ། ཕྲ་རགས་ཀྱི་རླུང་སྣ་ཚོགས་པའི་ཤིང་ལྡུམ་བུ་རྣམས་སྔར་རྣམ་རྟོག་བསྐྱེད་པའི་རྩ་བ་བ་ཐག་བརྟན་པོར་ཡོད་པ་ལས། སྐུ་གསུང་ཐུགས་ཀྱི་རླུང་གིས་བཟླས་པའི་ཤུགས། མཆེ་བ་གཉིས་དང༌། སྣའི་སྟོབས་ཏེ་གསུམ་གྱིས། རྩ་བ་བཏོན་ནས་སྟོང་པའི་ངང་དུ་བྱེད། ཅེས་པ་རྡོ་རྗེའི་བཟླས་པའི་ཡེ་ཤེས་དང༌། ཀཧྣ་པའི་སེམས་ཉིད་གླང་པོ་འདི། བྱང་ཆུབ་ཀྱི་སེམས་འགྲོ་འོང་གི་སྦྲང་རྩིའི་ཆང་གིས་མྱོས་ཤིང༌། འདོད་ཆགས་ཆེན་པོའི་རོལ་པ་སྣ་ཚོགས་ཀྱི་རྩེད་མོ་རྩེ་བར་བྱེད་ལ། ཉོན་མོངས་ཀྱི་འདམ་དང་འགྲོགས་ཀྱང༌། ཉོན་མོངས་ཀྱིས་མ་གོས་པ། ལྷན་ཅིག་སྐྱེས་པའི་པདྨའི་ཚལ་དུ་ཞུགས་ཤིང༌། རྣམ་རྟོག་གི་སེམས་མེད་པའི་བདེ་བའི་པད་རྩ་དག་ཟ་བར་བྱེད་དོ། །འདིས་ནི་ཆགས་ཆེན་གྱི་སྤྱོད་པ་སྤྱིར་བསྟན་ནོ། །དེ་ལས་འཕྲོས་པའི་ཚིག་ནི། ཇི་ལྟ་སོགས་ཚིག་རྐང་བཞི་སྟེ། ཇི་ལྟ་ཇི་ལྟར་སེམས་བདེ་བའི་གླང་པོ་ཆེ་སྟོང་པ་ཉིད་ཀྱི་གླང་མོ་ལ་ཆགས་པ། དེ་ལྟ་དེ་ལྟར་དེ་ཁོ་ན་ཉིད། བདེ་སྟོང་ཟུང་འཇུག་གི་མྱོས་བྱེད་ཀྱི་ཆུ་
རང་རིག་གི་འགྲམ་པའི་ངོས་ལ་འབབ་པར་འགྱུར་རོ། །འདིས་ནི་ཇི་ཙམ་དུ་རླུང་སེམས་དབུ་མར་འགགས་པའི་བདེ་བ་རྒྱས་པ་དེ་ཙམ་དུ། རང་བཞིན་སྟོང་པ་ཉིད་ཀྱི་གནས་ལུགས་རྟོགས་ཚབས་ཆེ་བས། ཟུང་འཇུག་གནས་ལུགས་ཀྱི་དོན་ལ་འབབ་པར་འགྱུར། ཞེས་པ་སྟེ། ན་གརྫཱ་ནས་ཀྱང༌། ཕྱི་རོལ་གང་དེ་བདེན་མེད་རང་བཞིན་བྲལ། །ཤེས་པ་ཡང་ནི་ཕྱི་རོལ་དོན་བཞིན་ནོ། །གང་ཞིག་སྟོང་པར་ཡོངས་སུ་རྟོག་བྱེད་ན། །དེ་ཡང་སྟོང་ཉིད་འདོད་པ་འབའ་ཞིག་མིན། །དེ་ཉིད་ཡོངས་སུ་རྟོག་པའི་དངོས་ཚོགས་ནི། །དེ་ཉིད་མེད་ལ་དེ་ཉིད་གཅིག་པའི་བློས། །སྒྱུ་མའི་གར་མཁན་གར་གྱི་བྱ་བ་ལ། །རབ་མཁས་རྣལ་འབྱོར་དབང་ཕྱུག་རྩེ་བར་བྱེད། །ཅེས་སློབ་དཔོན་ཐུབ་པས་སྦྱིན་གྱིས་ལུང་དྲངས་ཏེ། དེ་ཁོ་ན་ཉིད་ཀྱི་དོན་དེ་ཡང་སྟོང་རྐྱང་མ་ཡིན་ཏེ། དངོས་པོའི་དེ་ཉིད་མེད་ཀྱང་བདེ་བ་ཆེན་པོའི་དེ་ཉིད་གཅིག་པུ་རྣམ་པ་ཐམས་ཅད་དུ་འཆར་བའི་སྒྱུ་མའི་གར་མཁན་ནོ། །དེས་ན་འགྲོ་བ་དྲུག་པོ་མཐའ་དག རང་བཞིན་རྣམ་དག་བདེ་བ་ཆེན་པོ་དེ་ཁོ་ནར་གནས་ཏེ། ངོ་བོ་ལ་སྒྲིབ་པ་བསལ་རྒྱུ་དང༌། ཡོན་ཏན་བཞག་རྒྱུ་མེད་དོ། །དེ་ལྟར་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འོ་ན་མ་དག་པ་གང་ཞེ་ན། དངོས་པོ་དང་དངོས་མེད་ལ་ཆགས་པའི་རྣམ་པར་རྟོག་པ་དེས་ནི་སེམས་ཉིད་རྟོགས་པ་ལ་སྒྲིབ་པའི་ཕྱིར། དེ་ལ་མ་དག་པ་ཞེས་བྱ། དོན་དུ་ནི་དེ་ཡང་གྲུབ་པ་མེད་དོ། །དེ་དག་གིས་ནི་བདེ་སྟོང་སྒོམ་པར་གཤིས་ཀྱི་གནས་ལུགས་རྟོགས་ནུས་པའི་རྒྱུ་མཚན་ལ། རང་བཞིན་གྱིས་དག་པ་བཀོད་པ་ཡིན་ནོ། །དེ་ལས་
འཕྲོས་པ་ནི། རང་བཞིན་གྱིས་དག་ན། ཡོན་ཏན་རྣམས་གསར་སྐྱེས་མ་ཡིན་དགོས་པ་ལས། ཡོན་ཏན་གསར་དུ་མངོན་པར་སྒྲུབ་པའི་ཕྱིར། འདི་ནི་ཅི་ཞེས་དོགས་པ་ལ། སེམས་ཉིད་ཀྱི་གླང་པོ་འདི་ནི། སྟོབས་བཅུའི་རིན་པོ་ཆེ་གདོད་ནས་ཡོད་ཅིང༌། དེའི་ཕྱིར་སྒོམ་པའི་སྟོབས་ཀྱིས་སྒྲིབ་པ་སྤངས་པ་ན། ཡོན་ཏན་དེ་གསལ་བར་མངོན་དུ་འགྱུར་ཏེ། ཕྱོགས་བཅུ་རྣམས་སུ་འགྲོ་ཞིང་རྒྱུག་པར་བྱེད་ལ། དེ་བཞིན་ཉིད་ཡོན་ཏན་གྱི་རིན་པོ་ཆེའི་རང་བཞིན་ཡོད་པའི་མཐུས། རིག་པའི་གླང་པོ་ཉིད་ཀྱིས། ཉོན་མོངས་པ་བཙལ་ཏེ་འཇོམས་པར་བྱེད་དོ། །རིག་པའི་གླང་པོ་ཉིད་ཀྱིས་ཉོན་མོངས་བཙལ་ཞེས་བསྒྱུར་ན་བདེའོ། །བཙལ་བའི་དོན་འཇོམས་པ་ཡིན་ཏེ། ཚིག་འདིའི་རྒྱ་སྐད་དུ། བི་དྱཱ་ཀ་རི་ད་མཾ་ཀི་ལི་སེ་ཅེས་ཏེ། བི་དྱཱ་རིག་པ། ཀ་རི་གླང་པོ། ད་མ་བཙའ་བའམ་འཇོམས་པ། ཀི་ལི་སེ་ནི་ཉོན་མོངས་ལ་ཞེས་པའོ། །བསྟན་བཅོས་ལས་འབྱུང་བའི་གླུ་རྣམས་ཕལ་ཆེར་ཟུར་ཆག་ཤས་ཆེ་བ་ཞིག་ཡིན་པར་སྣང་སྟེ། རྒྱུད་ལས་འབྱུང་བའི་རྡོ་རྗེའི་གླུ་ཕལ་ཆེར་དང༌། གྲུབ་ཐོབ་ཀྱི་དོ་ཧ་རྣམས་དེ་བཞིན་དུ་སྣང་བ། སྐད་རིགས་གཞན་རྣམས་ཀྱང་ཅི་རིགས་པ་བསྲེས་པ་ནི་ཡོད་དོ།། ཤུབྷཾ།། །།༈ གཉིས་པ་པ་ཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་གཉིས་པ་བཤད་པ་ལ། སྔ་མ་ནི་ལོ་ཙཱ་བས་པ་ཊ་ཧའི་སྙེ་མར་བསྒྱུར། སྐབས་འདིར། རྔའི་ཚོགས་པ་ཞེས་བྱ་བར་བསྒྱུར་ཏེ། རྒྱ་སྐད་གཅིག་ཀྱང་བོད་སྐད་རྣམ་གྲངས་སུ་བྱས་པའོ། ། དེ་ལ་རྔའི་ཚོགས་པ་ཞེས་བྱ་བའི་གླུ་དབྱངས་ནི། འཇིགས་བྱེད་དུས་མཚན་མ་ཡིས་ལམ་ནི་བཀག །དེ་མཐོང་ཀཧྣ་སེམས་ནི་རྣམ་མི་དགའ། །ཀཧྣ་གང་དུ་ཕྱིན་ནས་གནས་འཆའ་བྱེད། །ཡིད་ཀྱི་སྤྱོད་ཡུལ་
གང་དེ་བཏང་སྙོམས་འདུག ། གསུམ་གསུམ་གསུམ་པ་གསུམ་ཀྱང་སོ་སོར་འདུག །ཀནྷས་སྨྲས་པ་སྲིད་པ་ཡོངས་སུ་གཅོད། །གང་དང་གང་བྱུང་དེ་དང་དེ་ཡང་སོང༌། །བདག་ཉིད་འོངས་ནས་ཀཧྣ་ཡིད་མི་བདེ། །འདི་ནི་ཀཧྣ་རྒྱལ་པོའི་ཕོ་བྲང་ཉེ། །ཀཧྣས་སྨྲས་པ་བདག་གི་སྙིང་མི་འཇུག །ཅེས་པ་སྟེ། འཇིགས་བྱེད་དུས་མཚན་ཞེས་པའི་རྒྱ་སྐད་ལ། ཨཱ་ལི་ཉེ་ཀཱ་ལི་ཉེ་ཞེས་འབྱུང་སྟེ། ཟུར་ཆག་གི་སྐད་ལ་འཇིག་དུས་ཀྱི་སྐད་དོད་དེ་ལྟར་འབྱུང་བའང་ཡིན་ཏེ་མཆི། ཡང་ན་ཨཱ་ལི་ཉེ་འཁོར་བྱེད་ཀྱིས་ཀཱ་ལི་ཉེ་ནག་མོས་ཞེས་པ་ལ་དོན་འགྱུར་བྱས་པར་ཡང་མངོན་ཏེ། འཁོར་བྱེད་དབང་ཕྱུག་ཆེན་པོ་དང༌། ནག་མོ་ཨུ་མའི་མིང་གི་རྣམ་གྲངས་ནི་ཡིན་ནོ། །དེ་ལྟ་ན་ཡང་འདི་ནི། ཨཱ་ལི་ཀཱ་ལི་ཨ་སོགས་ཀཱ་སོགས་རང་ཡིན་པར་མངོན་ཏེ། དོན་ཡང་དེ་ལྟར་འཆད་དགོས་པས། ཨ་སོགས་ཀྱིས་ཀ་སོགས་ཀྱིས་ཅེས་པ་ཡིན་པར་ཁོ་བོ་སྨྲའོ། །གང་ལྟར་ནའང་འཇིགས་བྱེད་ཨ་སོགས་རྐྱང་མ་དང༌། དུས་མཚན་མ་ཀ་སོགས་རོ་མ་གཉིས་ཀྱིས་ཨ་ཝ་དྷཱུ་ཏཱིའི་ལམ་ནི་བཀག་པ་ལས། དེའི་རང་བཞིན་མཐོང་བས་ཨ་སོགས་ཀ་སོགས་གཟུང་འཛིན་གཉིས་པོ་དེ་དག་གདོད་མ་ནས་རང་བཞིན་མེད་པར་ཤེས་ཏེ། ཀཧྣ་པ་བདག་གི་སེམས་ནི། གཟུང་འཛིན་འཁྲུལ་པའི་སྣང་བ་རྣམས་ལ་རྣམ་པར་མི་དགའ་འོ། །སྔར་ཀཧྣ་པའི་ཡིད་ནི་རླུང་རྟ་ལྟ་བུ་ལ་ཞོན་ནས་འགྲོ་བ་ཡིན་ན། རོ་རྐྱང་གི་རླུང་གི་རྒྱུ་བ་འགགས་པར་གྱུར་པས། ད་ནི་རྟ་མེད་པས་ཡིད་ནི་གང་དུ་ཕྱིན་ནས། གནས་ག་རུ་འཆའ་བར་བྱེད། ཅེས་འགྲོ་མི་ནུས་ཤིང༌། གནས་འཆའ་ས་མེད་པར་བསྟན་ཏེ། འགྲོ་མཁན་རླུང་ནི་ཟད།
གནས་རོ་རྐྱང་གི་ནུས་པ་ནི་ཉམས་པའི་ཕྱིར་རོ། །གནས་གང་དུ་འཆའ་ཞེས་དྲིས་པའི་ལན་དུ། ཡིད་ཀྱི་སྤྱོད་ཡུལ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་གང་དེ་ལ། བཏང་སྙོམས་ཏེ་རྩོལ་བ་མེད་པའི་ཚུལ་གྱིས་འདུག་ཤིག ཅེས་པ་སྟེ། དེའི་དོན་ནི། རོ་རྐང་གི་རྒྱུ་བས་དབུ་མའི་ལམ་བཀག་པ་ལས། རོ་རྐྱང་གཟུང་འཛིན་གཉིས་ཀྱི་གནས་ལུགས་སྟོང་ཉིད་སྤྲོས་བྲལ་ཡིན་པས་སྤྲོས་བྲལ་སྟོང་ཉིད་ལ་མཉམ་པར་བཞག་པ་ན། གཟུང་འཛིན་གཉིས་པོ་དབྱིངས་སུ་དེངས། དེའི་ཚེ་རོ་རྐྱང་གི་རླུང་ཡང་དེངས་ཏེ། དབུ་མའི་ལམ་གྲོལ། རླུང་སེམས་ཀྱི་རྒྱུ་བ་འགགས་ནས། སེམས་མཉམ་ཉིད་ལ་གནས་སོ་ཞེས་པ་ཡིན་ནོ། །འདི་ནི་སྟོང་ཉིད་བསྒོམས་པས་རླུང་འཆིང་བ་སོར་སྤོང་གི་དོན་ཡིན་ཏེ། བྲམ་ཟེ་ཆེན་པོས་ཀྱང༌། གང་དུ་རླུང་དང་ཡིད་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མ་ཤེས་པ་དག་གནས་དེར་སེམས་ཞིང་དབུགས་ཕྱུངས་ཤིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང༌། །ཞེས་པ་དང༌། མཁའ་འདྲར་བྱས་ན་རླུང་ནི་རྣམ་པར་འཆིང༌། །ཞེས་གསུངས། །དབང་ཤེས་དང༌། ནམ་མཁའ་དང༌། རླུང་གསུམ་བཅིངས་པས། རྩ་གསུམ་འཆིངས། དེ་བཅིངས་བས། དུག་གསུམ་དང༌། འགྲོ་འོང་གནས་གསུམ་དང༌། ལུས་ངག་ཡིད་ཀྱི་རྣམ་རྟོག་སྟེ། གསུམ་ཚན་པ་གསུམ་ཡང༌། རང་རང་གི་གནས་ཚུལ་སྟོང་པ་ཉིད་ལ་ཞུགས་པའི་ཚུལ་གྱིས་འདུག་སྟེ། སྲིད་པ་གསུམ་གྱི་ལོག་པའི་སྣང་བ་དེ་ལྟར་དབྱིངས་སུ་གཅོད་པའོ་ཞེས་ཀཧྣ་པ་བདག་སྨྲ་བར་བྱེད་དོ། །དེ་ལྟར་འབྱུང་བའི་རྒྱུ་མཚན། སྲིད་པ་གསུམ་པོ་དང་པོ་གང་དང་གང་ལས་བྱུང་པའི་ས། སྟོང་པ་ཉིད་དུ། ཕྱིས་དེ་དང་དེ་ཡང་འགྲོ་བའི་
ཕྱིར། བྱེད་བཅིངས་དང་བཅས་པའི་སྟོང་པ་ཉིད་ལ་མཉམ་པར་བཞག་པས། གསུམ་མཚན་པ་རྣམས་སྟོང་ཉིད་དུ་ངེས་པར་ཐིམ་པར་འོས་སོ། །སེམས་བདག་ཉིད་ཀྱི་རང་བཞིན་བདེ་བ་ཆེན་པོ་འོངས་ནས། ཀཧྣ་པ་བདག་ནི་ཐ་མལ་ཀུན་རྫོབ་ཀྱི་ཆོས་རྣམས་ལ། ཡིད་མི་བདེ་ཞིང་མི་དགའ་སྟེ། ནང་གི་རིག་པ་བདེ་བའི་སྟོབས་ཀྱིས། དེ་དག་ཟིལ་གྱིས་མནན་པའི་ཕྱིར་རོ། །ནམ་མཁའི་རྣལ་འབྱོར་ལ་སེམས་གནས་པར་གྱུར་པ་འདི་ནི། ཀཧྣ་བདག་རྒྱལ་བའི་ཕོ་བྲང་བདེ་བ་ཆེན་པོ་ལ་ཉེ་སྟེ། དེ་ལྟར་ཀཧྣ་བདག་གིས་སྨྲས་ཀྱང་བརྗོད་པར་མི་ནུས་ཤིང༌། རྣམ་རྟོག་གིས་བསམས་ཀྱང་བདག་གི་སྙིང་ལ་མི་འཇུག་སྟེ། སྒྲ་རྟོག་དང་བྲལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་མི་རྟོག་པའི་ཡེ་ཤེས་ཀྱི་ཉམས་སུ་ནི་མྱོང་ཞེས་པའོ།། །།དགེའོ།།༈ གསུམ་པ་དེ་ཤ་ཁ་ཞེས་བྱ་བའི་གླུ་དབྱངས་ནི། གྲོང་ཁྱེར་ཕྱི་རོལ་གཡུང་མོ་ཁྱོད་ཀྱི་ཁྱིམ། །རེག་གིན་རེག་གིན་འགྲོ་སྟེ་བྲམ་ཟེའི་བུ། །ཀྱེ་ཀྱེ་གཡུང་མོ་ཁྱོད་དང་མཉམ་འགྲོགས་བྱ། །ཀཧྣ་ཐོད་པའི་རྣལ་འབྱོར་སྐྱུག་བྲོ་སྤངས། གཅིག་ཉིད་པད་འདབ་དྲུག་ཅུ་རྩ་བཞི་ལ། །དེར་གནས་གཡུང་མོར་གར་བྱེད་པ་སུ་ལཱི། །བདག་གིས་གཡུང་མོ་ཁྱོད་ལ་བདེན་དངོས་བྲིས། །འོད་དང་འགྲོ་བ་གང་གི་གྲུ་ལ་བྱེད། །རྒྱུད་འཆད་གཡུང་མོ་གཞན་ཡང་མེ་ཏོག་སྟེགས། །ཁྱོད་ཀྱི་ཕྱིར་དུའམ་བུ་ཡི་སྟན་བཞག་གོ །ཀྱེ་ཁྱོད་གཡུང་མོ་བདག་ནི་ཀ་པཱ་ལཱི། ཁྱོད་ཀྱི་ཆེད་དུ་བདག་གིས་རུས་འཕྲེང་བཅིངས། །རྫིང་བུ་བཅོམ་ནས་གཡུང་མོས་པད་རྩ་ཟོས། །གཡུང་མོ་བླངས་ནས་བདག་གིས་ཕ་རོལ་གསོད། །ཅེས་པ་སྟེ། འདིར་ཐེག་མཆོག་གསང་སྔགས་བླ་ན་མེད་པའི་ཐུན་
མོང་མ་ཡིན་པའི་བདག་མེད་པ་སྟོན་པར་བྱེད་དེ། དེ་ཡང་འདིའི་བརྡ་ཐབས་ནི། རིགས་ངན་གཡུང་མོ་ཞེས་བྱ་བ་ཉ་བ་རྔོན་པ་སོགས་དང་ཟས་ལྷན་ཅིག་ཏུ་སྤྱོད། ཤ་འཚོང་ས་མེད། མེ་ཏོག་འབྲས་བུ་འཚོང༌། གྲོང་ཁྱེར་གྱི་ཕྱི་རོལ་དུ་སྡོད་སའི་ཁྱིམ་བྱེད་པ་ལས་ནང་དུ་བྱེད་དབང་མེད། གླུ་གར་གྱི་བྱ་བ་ཡང་ཅུང་ཟད་བྱེད། བྲམ་ཟེ་ལ་སོགས་པ་རིགས་མཐོ་བ་རྣམས་ནི། ཕན་ཚུན་དུ་དངོས་སུ་རེག་པ་ལྟ་ཅི་སྨོས། གྲིབ་མ་ཙམ་ཡང་མ་ཕོག་པར་བྱེད་དོ། །སློབ་དཔོན་ཉིད་བྲམ་ཟེའི་རིགས་ཡིན་ལ། རིག་མ་སེང་ག་ལའི་རྣལ་འབྱོར་མ་ནི་གཡུང་མོ་སྟེ། དེ་མི་རིགས་པ་ལྟར་སྣང་བ་ལས། གཙང་སྦྲ་ནི་སེམས་ཀྱི་གཙང་སྦྲ་ཉིད་ཡིན་པའི་ཕྱིར། རིགས་ངན་བརྟེན་ཀྱང་རིགས་མཆོག་མ་ཉམས་པ་སྟེ་དཔེར་བྱས་ནས། དེ་སྐད་གསུང་བའི་ཚུལ་གྱིས་ནང་ངེས་པའི་དོན་གཞན་སྟོན་པ་ཡིན་ཏེ། དེ་ཡང་གྲོང་ཁྱེར་ནི་རང་གི་ལུས་ཏེ། དེའི་ཕྱི་རོལ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ཏེ། གཡུང་མོ་ཨ་ཝ་དྷཱུ་ཏཱིར་རླུང་སེམས་མཉམ་པར་ཐིམ་པ་ན། གཟུགས་སོགས་དེ་དག་བདེ་སྟོང་དུ་གྱུར་པ་ནི། གཡུང་མོ་ཨ་ཝ་དྷཱུ་ཏཱིའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། དེ་རྣམས་གཡུང་མོ་ཁྱོད་ཀྱི་ཁྱིམ་ཡིན་ནོ། །དེ་ནས་ཕྱག་རྒྱ་རྣམ་པ་གསུམ་གྱིས་གཏུམ་མོ་འབར་བས། སེམས་ཉིད་གདོད་ནས་གཙང་སྦྲ་དང་ལྡན་པའི་བྲམ་ཟེའི་བུ་ང་ནི། ཀུན་ད་ལྟ་བུ་དང་རོ་གཅིག་ཏུ་གྱུར་པས་གཡུང་མོ་ཨ་ཝ་དྷཱུ་ཏཱིའི་ལུས་ཀྱི་ཆ་ཤས་འཁོར་ལོ་དྲུག་དང༌། རྡོ་རྗེ་ནོར་བུར་རེག་གིན་རེག་གིན་འགྲོ་ཏེ། རིག་མའམ། ཕྱི་རོལ་གྱི་འདོད་ཡོན་ལྔ་བདེ་སྟོང་དུ་ཤར་བའི་ཁྱིམ་དུ་སྤྱོད་པར་བྱེད་དོ། །རེག་གིན་རེག་གིན་ཞེས་ལན་གཉིས་སྨྲས་པ་ནི། སྐད་ཅིག་མའི་དགའ་བ་ལ་སྦྱོར་ན། ཡང་ཡང་འཆར་བའི་དོན་དང༌། དགའ་བའི་ས་དང་
སྦྱོར་ན། འཁོར་ལོ་དྲུག་ཏུ་ཡར་མར་གྱི་རིམ་པས། དགའ་བ་བཞིའམ་བཅུ་དྲུག་གི་ས་རྣམས་འབྱུང་བའི་དོན་ནོ། །ཀྱཻ་གཡུང་མོ་ཞེས་ལས་ཀྱི་རིག་མ་ལ་བོད་པའི་ཟོལ་གྱིས། རྩ་ཨ་ཝ་དྷཱུ་ཏཱི་བརྗོད་པ་སྟེ་ཀཧྣ་སྟེ་རང་སེམས། ཐོད་པ་བདེ་བ་ཆེན་པོའི་རྣལ་འབྱོར་པ་ང༌། གཡུང་མོ་ཨ་ཝ་དྷཱུ་ཏཱི་ཁྱོད་དང༌། རྟག་ཏུ་མཉམ་པར་འགྲོགས་པས་སྐྱུག་བྲོ་འཛག་བདེའི་རྣམ་པར་རྟོག་པ་སྤངས་སོ། །འདིས་ནི། དབུ་མའི་ལམ་ཁོ་ནར་འགྲོ་འོང་གི་རྗེས་ཆགས་གཏུམ་མོ་དང༌། དགའ་བཞིའི་བདེ་བས་སྤང་བྱ་རྣམས་སྤོང་བར་འགྱུར་ཏེ། །བདེ་ཆེན་དེ་ནི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཨ་ཝ་དྷཱུ་ཏཱི་ཡང༌། ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱི་གཙོ་མོ་ཡིན་ཅིང༌། །དེ་དང་བདེ་སྟོང་གི་ཡེ་ཤེས་ངོ་བོའི་སྒོ་ནས་དབྱེ་བ་མེད་པས། བདེ་བ་གཟུགས་ཅན་མ་ཡིན་པ་དང༌། སྣང་བ་གཟུགས་ཅན་གཉིས་རོ་མཉམ་དུ་གྱུར་པ་བདག་གིས་རྟོགས་སོ་ཞེས་པ་འགྲེལ་པར་བཤད་དོ། །ནང་གི་གཡུང་མོ་དེ་དང་འགྲོགས་པའི་ཐབས་ནི། གཅིག་ཉིད་དེ་ལྟེ་བའི་པད་འདབ་དྲུག་ཅུ་རྩ་བཞི་ལ། འདབ་མ་སོ་སོའི་དབུས་དེར་གནས་པའི། ཁམས་དྲུག་ཅུ་རྩ་བཞིའི་གཏུམ་མོ་རྣམས། འཁོར་ལོའི་ལྟེ་བའི་གཏུམ་མོ་ལྷན་ཅིག་སྐྱེས་པ་ལ་གཅིག་ཏུ་འདྲེས་ཤིང༌། །དེའི་འོད་ཀྱི་སྣང་བས་སྤྲུལ་འཁོར་གང་བ་ན། དབུས་ཀྱི་ལྷན་ཅིག་སྐྱེས་མ་ཉིད་ཀྱང༌། རྣམ་པ་དྲུག་ཅུ་རྩ་བཞིར་ཤར་རོ། །དེ་ལྟར་ན་གཡུང་མོ་ལྟེ་བའི་གཏུམ་མོ་དེ་ནི་ཚུལ་དེ་ལྟ་བུའི་སྤྲོ་བསྡུའི་གར་བྱེད་པ་ལ། ངོ་མཚར་སྐྱེས་ཏེ་བ་སུ་ལཱི་ཞེས་བརྗོད་པ་ཡིན། དེ་ལ་ཁམས་དྲུག་ཅུ་རྩ་བཞི་ནི། འབྱུང་ཆེན་ལྔ་ལ་འབྱུང་ཆུང་དྲུག་དྲུག་གིས་ཕྱེ་བས་སུམ་ཅུ། དེ་ལ་རོ་རྐྱང་ཉི་ཟླ་ཐབས་ཤེས་ཀྱིས་ཕྱེ་བས་དྲུག་ཅུ་དང༌། སྟོང་པའི་ཐིག་ལེ་འབའ་ཞིག་བཞི་སྟེ། །
ལུས་དག་སེམས་དང་བདེ་བའི་དབྱེ་བས་སོ། །དེ་རྣམས་ཀྱི་ནུས་པ་དབུས་ཀྱི་གཏུམ་མོ་ལ་འགྲིལ་ཞིང་དབུས་ཀྱི་གཏུམ་མོ་ཡེ་ཤེས་ཀྱི་སྣང་ཆ་དེ། དེ་རྣམས་ལ་ཕར་འདྲེས་པས་ཀྱང༌། དེ་དག་ཡེ་ཤེས་ཀྱི་གཏུམ་མོར་གྱུར་པ་ནི། གར་བྱེད་པའི་དོན་ཡིན་ལ། དེའི་ཚེ་རླུང་དབུ་མར་ཐིམ་པ་དང༌། གཏུམ་མོ་འབར་བ་དང༌། ཐིག་ལེ་འབབ་པ་གང་བྱུང་ཡང༌། བདག་མེད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྐྱེ་བས། གཡུང་མོ་རྩ་དབུ་མ་དེ་ལ་བདག་མེད་མ་ཞེས་བྱའོ། །སྔར་གྱི་གཏུམ་མོ་དེ་ལ་གཡུང་མོ་ཞེས་བརྗོད་པ་ནི། རྩ་དབུ་མའི་བཅུད་ཀྱི་བཟང་ཤོས་མཆོག་ཡིན་པར་དགོངས་ཏེ། དེ་གཉིས་དགོས་དོན་གཅིག་པས་སོ། །རིག་པ་སེམས་ཀྱི་རྒྱལ་པོ་བདག་གིས་གཡུང་མོ་ཁྱོད་ལ། བདེན་པའི་དོན་ཞིག་འདྲི་སྟེ། བདག་ཅག་ཀུན་རྫོབ་སྣང་བ་སྣ་ཚོགས་ལྷན་ཅིག་སྐྱེས་པར་ཐིམ་ཞིང་འགྲོ་བ་དང༌། ཡང་ལྷན་ཅིག་སྐྱེས་པ་ལས། སྣང་བ་སྣ་ཚོགས་བདེ་བར་འཆར་ཞིང་འོང་བ་ན། འཁོར་བ་རྣམ་པར་རྟོག་པའི་ཆུ་བོ་ལས་ཕན་ཚུན་དུ་སྒྲོལ་བ་ནི། གང་གི་གྲུ་ལ་བྱེད་ཅེས་པ་ལས་ལན་ནི། ཁ་བསྐང་བ་སྟེ་དེའི་གྲུ་ཞུ་བདེ་འཛག་མེད་དུ་བཅིངས་པ། སྙིང་རྗེ་ཆེན་པོར་ཤར་བ་ལ་བྱེད་དོ་ཞེས། འགྲེལ་པར་བཤད་དེ་དོན་ལ་ཤིན་ཏུ་འབྱོར་རོ། །བྱང་ཆུབ་སེམས་ཀྱི་མེ་ཏོག་ཕྲེང་རྒྱུད། རྩ་གནས་ཐམས་ཅད་དུ་ཁྱབ་ཅིང་འཚོང་བར་བྱེད་པའི། གཡུང་མོ་ལྟེ་བའི་གཏུམ་མོ་ཁྱོད་འབར་ཞིང་རྒྱས་པའི་དོན་གྱི་ཆེད་དུ། ཤེས་རབ་མའི་རྩ་ཁོང་སྟོང་ཅན་གྱི་འདམ་བུའི་སྟན་ནོར་བུའི་གནས་སུ་བཞག་གོ །དེ་ལས་གཞན་ཡང་མེ་ཏོག་ཚངས་པའི་མེ་འབར་བའི་སྟེགས་ཀྱང་ངོ༌། །ཡང་རང་ལུས་ལ་སྦྱར་ན། འདམ་བུའི་སྟན་ནི་དབུ་མའི་མས་སྣ་རྒྱས་པའི་ཁོང་སྟོང་ལས་ཀྱི་རླུང་དང་བཅས་པའོ། །ཀྱེ་ཀྱེ་གཡུང་མོ་ཞེས་ཨ་ཝ་དྷཱུ་ཏཱི་ལ་བོས་ནས། བདག་
སེམས་ཉིད་ནི་ཀ་པཱ་ལི་སྟེ། བདེ་བ་སྐྱོང་ཞིང་མི་ཉམས་པར་བསྲུང་སྟེ། རྩ་དབུ་མ་ཁྱོད་ཀྱི་ཆེད་དུ་རིག་པ་སེམས་བདག་གིས་འཁོར་ལོ་དྲུག་ཏུ་མི་ཤིགས་པའི་ཐིག་ལེའི་རུས་འཕྲེང་ཕྱག་རྒྱ་དྲུག་དག་བཅིངས་པ་སྟེ་རླུང་སེམས་ཐིག་ལེར་ཐིམ་པའོ། །དེ་ལྟར་ཞུ་བདེ་འགྱུར་མེད་དུ་བཅིངས་པ་འདིས་ནི། ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཕྱིར། མ་དག་འཁོར་བའི་ལུས་ངག་ཡིད་གསུམ་གྱི་རྫིང་བུ་བཅོམ་ནས། གཡུང་མོ་ཨ་ཝ་དྷཱུ་ཏཱིས་རྩ་བདུན་ཁྲི་ཉིས་སྟོང་གི་པདྨའི་རྩ་བ་རྣམས་ཟོས་པ་སྟེ་ཁོང་དུ་ཆུས་པས་དབང་བསྒྱུར་པའོ། །ཡང་གཡུང་མོ་ཡེ་ཤེས་ཀྱི་གཏུམ་མོ་བླངས་ཏེ་གྲོགས་སུ་བཟུང་ནས། རིག་པ་སེམས་ཀྱི་རྒྱལ་པོ་བདེ་ཆེན་དུ་ཤར་བ་བདག་གིས་ཕ་རོལ་ལས་ཀྱི་རླུང་མ་ལུས་པ་གསོད་པ་བྱེད་དོ། །ཞེས་པ་སྟེ། དེ་ལྟར་ན་འཛིན་པ་ནས་འགོ་བརྩམས་པ་ཡན་ཆད་དུ། ཁམས་རྣམས་ཐིམ་པའི་ཚེ་རང་གཞན་སྣང་བ་སྒྱུ་མ་ལྟ་བུར་རྟོགས། མཐར་རླུང་ཐིམ་པ་ན་མ་དག་པའི་སྣང་བ་འགགས་པའི་མི་རྟོག་པ་སྤྲོས་བྲལ་ནམ་མཁའ་ལྟ་བུ་སྣང་མེད་ཅིག་འཆར་ཞིང༌། གཏུམ་མོ་འབར་བ་ན། གསལ་བ་ཡེ་ཤེས་ཀྱི་སྣང་བ་ཅན་ཤར་བས། ཤུགས་ལ་ལས་སྣང་སྒྱུ་མ་ལྟ་བུར་ཤེས། ཡང་ཞུ་བདེ་སྐྱེས་པ་ན། ལས་སྣང་སྒྱུ་མའི་སྣང་བ་ནུབ་སྟེ། སེམས་ཀྱི་རང་བཞིན་བདེ་བར་རྟོགས་པ་ཞིག་འབྱུང་སྟེ། འདི་ནི་བདག་མེད་རྟོགས་ཚུལ་ཟབ་དོན་མཐར་ཐུག་ཡིན་ནོ། །དེ་ཡང་བདེ་ཆེན་རྒྱུད་ལ་ཤར་དུས་བདེ་ཆེན་ལྷན་སྐྱེས་ཀྱི་དབྱིངས་ལས་གཞན་གང་ཡང་མ་གྲུབ་པར་མཐོང་བའི་ང་བདག་མེད་པར་མཐོང་བའི་ཆ་ནས་གང་ཟག་བདག་མེད་དང༌། ཕུང་སོགས་མ་གྲུབ་པར་མཐོང་བའི་ཆ་ནས་ཆོས་ཀྱི་བདག་མེད་མཐོང་བའི་ཡེ་ཤེས་ཡིན་ནོ།། །།༈ བཞི་བ་པ་ཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་
དབྱངས་གསུམ་པ་ནི། ནཱ་ཌཱི་ནུས་ལྡན་བརྟན་བཟུང་ཁ་ཊྭཱཾ་ག །གཞོམ་མེད་ཌ་མ་རུ་སྒྲོག་དཔའ་བོའི་གདངས། །ཀཧྣ་ཐོད་ཅན་རྣལ་འབྱོར་ཞུགས་ནས་སྤྱོད། །ལུས་ཀྱི་གྲོང་ཁྱེར་ཞེས་བྱར་རིགས་གཅིག་བརྗོད། །ཨཱ་ལི་ཀཱ་ལི་དྲིལ་བུ་རྐང་གདུབ་ཅན། །ཟླ་བ་ཉི་མ་རྣ་རྒྱན་རྒྱན་དུ་བྱས། །འདོད་ཆགས་ཞེ་སྡང་གཏི་མུག་ཐལ་བས་བྱུགས། །མཆོག་གི་ཐར་ཐོབ་མུ་ཏིག་དོ་ཤལ་དཔྱངས། །སྒྱུག་མོ་ཨ་ནེ་སྐུད་པོ་ཁྱིམ་དུ་གསོད། །མ་ནི་གསོད་པས་ཀཧྣ་ཀ་པཱ་ལི། །ཞེས་སོ། དོན་དམ་རབ་ཏུ་རྟོགས་པའི་ཕྱིར་བདེ་བ་ཆེན་པོའི་ཆེད་དུ་བརྗོད་པ་སྟེ། ནཱ་ཌཱི་ནི་རྩ་སྟེ་དཔའ་མོའི་བདག་ཉིད་ཀྱི་ཕྱིར། མོ་རྟགས་ཨཱི་རིང་པོ་སྨོས་སོ། །རྩ་སུམ་བཅུ་རྩ་གཉིས་པོ་རྣམས་ཀྱི་ནང་ནས། ནུས་པ་མཆོག་དང་ལྡན་པའི་གཙོ་མོ་ནི། །ཨ་ཝ་དྷཱུ་ཏཱི་སྟེ་དེ་ཡང་གསང་བའི་འཁོར་ལོ་ལ་རོ་རྐྱང་གི་རྩ་བཅིངས་པའི་ནུས་པས་དབུ་མ་རྒྱས་པ་དེ། བརྟན་པར་བཟུང་བ་ནི་ནང་གི་ཁ་ཊྭཱཾ་ག་ཡིན་ལ། དབུ་མ་རྒྱས་པ་ལས་གཞོམ་མེད་སྟོང་པའི་སྒྲ་སྒྲོག་པ་ནི་དཔའ་བོའི་གདངས་ཏེ། ལས་སྣང་མ་དག་པའི་སྒྲ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་དཔའ་བོའོ། །ངེས་དོན་གྱི་ཌ་མ་རུ་སྒྲོག་པ་ནི་དེ་ཡིན་ལ། ཀཧྣ་རང་སེམས་ད་ནི་ཐོད་པ་སྤྱི་བོའི་འཁོར་ལོར་དྭངས་མ་སུམ་ཅུ་རྩ་གཉིས་དང༌། གཏུམ་མོ་སྦྱོར་བའི་རྣལ་འབྱོར་ཞུགས་ནས་གསལ་སྟོང་མི་རྟོག་པའི་ཡེ་ཤེས་སྤྱོད་པར་བྱེད་ལ། ཞེས་པ་ཐོས་པས་ཟས་ལ་ལོངས་སྤྱོད་པའི་ངེས་དོན་དང༌། ལུས་ཀྱི་གྲོང་ཁྱེར་འདིར་ཁམས་འབྱུང་བ་ལྔའི་རིགས་སྣ་ཚོགས་པ་རྣམས། དམར་པོ་འབར་བའི་གསལ་སྣང་དང༌། དཀར་པོ་ཞུ་བའི་བདེ་བའི་ངོ་བོར་མཉམ་ཉིད་རིགས་གཅིག་ཏུ་སྤྱོད་པར་བྱེད་དེ། གྲོང་ཁྱེར་དུ་རིགས་ལྔའི་ཁྱིམ་སོ་སོར་འཁྱམ་པའི་ངེས་དོན་ནོ། །ཨཱ་ལི་རྐྱང་མའི་རླུང་དང༌། ཀཱ་ལི་རོ་མའི་རླུང་དབུ་མར་ཐིམ་པས། གཞོམ་མེད་
ཀྱི་སྒྲ་འབྱུང་བ་ནི། དྲིལ་བུ་གཡེར་ཀའི་འཕྲེང་བ་དང༌། རྐང་གདུབ་སྒྲ་ཅན་གྱི་ངེས་དོན་ཡིན་ལ། ཟླ་བ་ཁམས་དཀར་པོ་དང༌། ཉི་མ་དམར་པོའི་བགྲོད་པ་དབུ་མར་ཡང་ཡང་འདྲེས་པས་ཀྱང༌། གཞོམ་མེད་ཀྱི་སྒྲ་འཕེལ་བ་ནི། རྟག་ཏུ་ཐོས་པའི་ཕྱིར། རྒྱན་གྱི་མཆོག་རྣ་རྒྱན་དུ་བྱས་པ་ཡིན་ཅིང༌། ལྟེ་བ་དང༌། རོ་མ་གཏུམ་མོས་ཁྱབ་པས་འདོད་ཆགས་དང༌། སྤྱི་བོ་དང༌། རྐྱང་མ་ཁྱབ་པས་ཞེ་སྡང་དང༌། དབུ་མ་དང༌། སྙིང་ག་ཁྱབ་པས། གཏི་མུག་རྣམས་བསྲེགས་པའི་ཐལ་བས་ལུས་ལ་བྱུགས་པ་སྟེ། རྩ་གསུམ་དང་འཁོར་ལོ་གསུམ་སྦྱངས་པས། རྩ་གཞན་ཐམས་ཅད་ཀྱང་ཡེ་ཤེས་སྐྱེད་པའི་རྒྱུར་འགྱུར་བའི་དོན་ནོ། །འདིར་ཡེ་ཤེས་ཀྱི་གཏུམ་མོ་འབར་བའི་འབར་སྣང་གིས་ཁྱབ་པ་ནི་མཚོན་བྱེད་དེ། ཞུ་བའི་བདེ་བས་ཀྱང་ཁྱབ་པ་ཡིན་ལ། ཉོན་མོངས་ལམ་དུ་གནས་འགྱུར་པ་ཡང༌། རྩ་གསུམ་སྦྱངས་པའི་དོན་གྱིས་སོ། །རྡོ་རྗེ་སེམས་དཔའི་བདེ་བ་མཆོག་གི་ཐར་པ་ཐོབ་པ་ནི། མུ་ཏིག་གི་དོ་ཤལ་དཔྱངས་པ་དང་འདྲ་སྟེ། བྱང་ཆུབ་ཀྱི་སེམས་ཐིག་ལེའི་འཕྲེང་བ་བརྟན་པའི་ཕྱིར་རོ། །དེ་དག་ནི་རྒྱན་གྱི་ངེས་དོན་རྣམས་སོ། །གྲོགས་ཐོད་པ་ཅན་མ་བསྟེན་པ་ཞེས་པ། འཇིག་རྟེན་ཀུན་རྫོབ་ཏུ་ཐོད་པ་ཅན་མ་ནི་ཞིང་ན་སྤྱོད་པའི་རྣལ་འབྱོར་མ། སྲིན་མོ་ཤ་ཟ་མོ་རྣམས་སོ། །དེ་དག་ནི་དམ་ཚིག་འདྲལ་བ་སོགས་བག་མེད་པ་རྣམས་ལ་འཁུ་ཞིང་གསོད་པར་བྱེད་པ་ཡིན་ཏེ། དེ་ནང་དོན་དུ་སྦྱར་ན། གཞོམ་མེད་ཀྱི་སྒྲ་དང་བཅས་པའི་ལྟེ་བའི་རེ་ཁ་དེ་ནི། སྒྱུག་མོ་ཡིད་རྟོག་དང༌། ཨ་ནེ་རླུང་དང༌། སྐུད་པོ་དབང་ཤེས་ལྔ་རྣམས་སྟོང་པའི་ཁྱིམ་དུ་གསོད་པ་བྱེད་ལ། མ་དང་མཚུངས་པའི་མ་རིག་པ་ཡང་ཡེ་ཤེས་ཀྱི་སྣང་བ་རྒྱས་པས་
གསོད་པར་བྱེད་པའི་ཕྱིར། ཀཧྣ་པ་བདག་ནི་སྟོབས་དང་ལྡན་པའོ། །ཞེས་པ་སྟེ། འདི་དག་ཕལ་ཆེར་འཛིན་པའི་སྦྱོར་བ་ཡན་ཆད་ལ་སྦྱར་བར་བྱ་བ་ཡིན་ནོ། །ཀ་ལྱ་ཎཾ།།༈ ལྔ་པ་རྔ་བོ་ཆེ་ཞེས་བྱ་བའི་གླུ་དབྱངས་ནི། སྙིང་རྗེའི་རྒྱལ་ལ་རྒྱན་པོ་རྩེ་བར་བྱེད། །བླ་མའི་གསུང་གིས་སྲིད་པའི་སྟོབས་ལས་རྒྱལ། །ཕྱོགས་སུ་ཌུ་ཨ་བསྐུལ་ན་རྒྱལ་པོ་ལ། །ཕན་ཐབས་ཀཧྣ་རྒྱལ་བའི་ཕོ་བྲང་ཉེ། །དང་པོར་མི་རེ་བཏོན་ན་གསོད་པར་འགྱུར། །གླང་ཆེན་བཏོན་ནས་སྐྱེ་བོ་ལྔ་དང་རྩེ། །བློ་ཡི་རྒྱལ་པོ་ཡོངས་སུ་མྱ་ངན་འདས། །ངེས་པར་བྱས་པས་སྲིད་པའི་དཔུང་ལས་རྒྱལ། ། ཀཧྣས་སྨྲས་པ་བདག་ནི་རྡེའུ་འཇོག་བཟང༌། །རེ་མིག་དྲུག་ཅུ་རྩ་བཞི་རྩིས་ནས་ལེན་ཞེས་པ་སྟེ། དེ་ཡང་ཇི་སྐད་དུ། ཟླ་བ་དྲུག་གི་སྡོམ་བརྩོན་རྣམ་པ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཞེས་གསུངས་པ་ལྟར། །སྙིང་རྗེ་འཛག་མེད་ཀྱི་བདེ་བ་ཆེན་པོ་ཐོབ་བམ་མི་ཐོབ་ཅེས་རྒྱལ་བར་བྱ་བའི་ཕྱིར་བུམ་པ་ཅན་ལ་སོགས་པའི་རླུང་གི་སྦྱོར་བའི་རྒྱན་པོ་རྩེ་བར་བྱེད་དེ། དེ་ཡང་བླ་མའི་གསུང་གི་མན་ངག་དང་ལྡན་པས། སྲིད་པ་རོ་རྐྱང་གི་སྟོབས་ལས་རྒྱལ་བར་འགྱུར་རོ། །དེ་ཡང་ཕྱོགས་བཞི་པའམ། ཕྱོགས་བརྒྱད་པ་གང་ཡིན་ཡང་འདྲ་སྟེ། ཚུ་རོལ་རྒྱལ་པོ་དང་ཕ་རོལ་དགྲ་བོའི་འཇོགས་གཉིས་དབུས་སུ་གནས་སོ། །ཌུ་ཨ་ནི་དམག་གི་རྡེའུ་ཡིན་ནོ། །དེ་ཡང་གནད་དང་ལྡན་པའི་རྩ་ཕྲན་རྣམས་ཀྱི་ཕྱོགས་སུ། བཙན་ཐབས་ཀྱི་སྦྱོར་བས་ཌུ་ཨ་བསྐུལ་ན་དབུས་ཀྱི་རྒྱལ་པོ་ལ་ཕན་པའི་ཐབས་ཡིན་ཏེ། དེ་ཡང་རྩ་འཁོར་ལོ་དྲུག་གམ། བཅོ་བརྒྱད་དམ། སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ཉེ་བར། གནད་དང་ལྡན་པའི་བཙན་ཐབས་ཀྱི་སྦྱོར་བས། འཁོར་ལོ་དེ་དག་ཏུ་རླུང་བཅུག་ན།
དབུ་མ་རྒྱས་པར་འགྱུར་བའི་ཕྱིར། ཀཧྣ་རང་གི་རིག་པ་ནི་རྒྱལ་པོའི་ཕོ་བྲང་རྩ་འཁོར་རྣམས་ཀྱི་རྒྱའམ་སྤོ་ལ་ཉེ་བར་གནས་པར་བྱའོ། །འདིར་རྒྱལ་པོ་ནི། ཨ་བ་དྷཱུ་ཏཱིས་མཚོན་ལ། ཕ་རོལ་ནི་རོ་རྐྱང་ངོ༌། །དེ་ཡང་དང་པོར་ཐིག་ལེ་བྱང་སེམས་ཀྱི་མི་རེག དབུ་མའི་མས་སྣ་ནས་ཕྱི་རོལ་དུ་བཏོན་ན་རོ་རྐྱང་གི་རླུང་གིས་ཐིག་ལེ་འཕོས་ཏེ། ཡེ་ཤེས་ཀྱི་རྒྱུ་ཙམ་དེ་དགའ་བྲལ་གྱི་ངོ་བོར་གསོད་ཅིང་ཉམས་པར་འགྱུར་རོ། །བུམ་པ་ཅན་གྱི་སྲོག་ཐུར་རགས་པ་རྣམས་བསྲེས་པའི་གླང་ཆེན་རྩ་འཁོར་སོ་སོའི་ལྟེ་བ་ནས། ཕྱི་རོལ་དུ་སྤྲོས་ཤིང་བཏོན་ཏེ། རོ་རྐྱང་གི་རླུང་འབྱུང་བ་ལྔའི་སྐྱེ་བོ་རྣམས་དང་རྩེ་བར་བྱེད་དོ། །གླང་ཆེན་ནི་ཕྱོགས་བཞི་འཁོར་ཞིང༌། དབུས་སུ་བསྣུན་ན་གསོད་པ་ཡིན་གྱི་གཞན་མ་ཡིན་པས། འབྱུང་བ་ལྔའི་རླུང་དང་བུམ་པ་ཅན་རྩེའོ་ཞེས་དཔེར་མཛད་དོ། །དེ་ལྟར་རྩེ་བ་ལས་བློ་སྟེ་རླུང་ལྔ་པོ་ཡེ་ཤེས་ཀྱི་ཆར་འགྱུར་བའི་ཤེས་རབ་བསྐྱེད་ན། དེ་ལྟ་བུའི་ཕོ་ཉའི་རྡེའུ་ལྷག་པོར་འོངས་པའི་ཚུལ་གྱིས། རྒྱལ་པོའི་སེམས་ཀྱི་གདུང་བ་སྲོག་ཐུར་མ་འདྲེས་པས་མྱ་ངན་ལས་ཡོངས་སུ་འདས་ཏེ་འདྲེ་བར་བྱེད་དོ། །དེ་བཞིན་དུ་གླང་པོའི་རྒྱབ་ཏུ་ཡང་གླང་ཆེན་ལ་སོགས་པ། དབུ་མའི་ནང་དང་བར་དང་ཕྱི་རོལ་ཐམས་ཅད་དུ། བུམ་ཅན་ཤིན་ཏུ་བརྟན་པར་བྱས་པས། སྲིད་པ་རོ་རྐྱང་གི་དཔུང་འབྱུང་བའི་རླུང་རྣམས་ཐམས་ཅད་ལས། ཨ་བ་དྷཱུ་ཏཱི་རྒྱལ་བར་འགྱུར་ཏེ། བདག་རིག་པ་སེམས་ནི་གཟུང་འཛིན་ཕ་རོལ་གཙོ་བོའི་འཇོག་བཅོམ་པའི་རྡེའུ་འཇོག་བཟང་པོ་ཐོབ་པར་འགྱུར་རོ། །དེ་ནས་ལྟེ་བའི་འཁོར་ལོའི་རེ་མིག་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་རྩིས་ནས་ལེན་པ་སྟེ་དབང་བསྒྱུར་བར་བྱེད་དོ། །ཞེས་པའི་དོན་ཏེ། དེ་ཡང་
རྒྱན་པོ་འགྱེད་པ་ན། རྒྱལ་པོའི་ཕྱོགས་ཀྱིས་དང་པོར་མི་རེང་མི་འདོན་ཏེ། གླང་པོ་བཏོན་ནས་ཕ་རོལ་པོའི་མི་ལྔ་དང་རྩེ་ཞིང༌། དེ་ནས་ཕོ་ཉ་རེ་དང༌། གླང་པོ་རེ་སྤེལ་ནས་བཏོན་པ་མང་པོས་ཕ་རོལ་པོའི་དམག་རྣམས་བསད། ཕ་རོལ་གྱི་གཙོ་བོ་ཡང་བཅོམ་ནས་རེ་མིག་ཐམས་ཅད་རྒྱལ་པོས་ལེན་པ་ལྟར་མཛད་ནས། ཐོག་མ་ཉིད་དུ་བཙན་ཐབས་ཀྱི་སྦྱོར་བ་མི་སྦྱར་བར། །རྩ་བའི་བུམ་ཅན་སྦྱོར་ཞིང༌། དེ་ལ་བརྟན་པ་ཅུང་ཟད་ཐོབ་པ་ན། འབྱུང་བ་ལྔའི་རླུང་ལྔ་ཡང་ཡང་འགོག་ཅིང༌། དེ་ནས་བཙན་ཐབས་ཀྱི་སྦྱོར་བའི་ཕོ་ཉ་དང༌། རྩ་བའི་བུམ་ཅན་གྱི་སྦྱོར་བ་དྲག་པོས། སྲོག་ཐུར་འདྲེས་ཤིང་རོ་རྐྱང་བཀག་ན། ལྟེ་བའི་དཀྱིལ་འཁོར་རྩ་ཨ་ཝ་དྷཱུ་ཏཱིས་དབང་བྱེད་པར་འགྱུར་རོ། །འདི་ནི་སྲོག་རྩོལ་གྱི་རིམ་པ་ཉིད་གཙོ་བོར་སྦྱར་བར་བྱའོ།། སཾ་པནྣ།། ༈ དྲུག་པ་ཀཱ་མོ་ད་སྟེ་འདོད་པ་ཤར་བ་ཞེས་བྱ་བའི་གླུ་དབྱངས་ནི། སྐྱབས་གསུམ་གྲུར་བྱས་གཞོན་ནུ་མ་རྣམས་བརྒྱད། །རང་ལུས་སྙིང་རྗེ་སྟོང་པའི་ཆུང་མར་བཅས། །སྲིད་མཚོ་ལས་གྲོལ་སྒྱུ་མ་སྨི་ལམ་བཞིན། །དབུས་སུ་རྫིང་བཅས་ཆུ་རླབས་ཡོངས་མི་ཤེས། །དེ་བཞིན་གཤེགས་པ་ལྔ་ཡིས་མཉན་པར་བྱ། །ཀཧྣ་ལུས་ནི་སྒྱུ་འཕྲུལ་ལས་སྒྲོལ་བྱེད། །དྲི་རེག་རོ་ནི་ཇི་ལྟར་དེ་ལྟའོ། །གཉིད་ནི་མེད་ཀྱང་རྨི་ལམ་ཇི་བཞིན་ནོ། །སེམས་ཀྱི་མཉན་པས་སྟོང་ཉིད་གྲུར་འཇུག་ལ། །ཞོན་ནས་ཀཧྣ་བདེ་བ་ཆེན་པོའི་གྲོགས། །ཞེས་པ་སྟེ། དེ་ལ་སྐྱབས་གསུམ་ཞེས་པ་ནི། སྐྱབས་གསུམ་གྱི་རྟེན་ནམ་སྦྱང་བྱ་སྟེ། ལུས་རྩ་དང༌། ངག་རླུང་དང༌། ཡིད་ཐིག་ལེའོ། །སྐྱབས་བཞི་པ་ནི་དེ་རྣམས་གང་ལས་བྱུང་ཞིང་གང་ལ་ཐིམ་པར་འགྱུར་བའི་གཞི་རྣམ་པར་ཤེས་པའོ། །དེ་ལྟར་ན།
སྒོ་གསུམ་རྣམ་ཤེས་དང་གཅིག་ཏུ་འདྲེས་པ་དེ་ནི་གྲུ་སྟེ། དེར་འབྱུང་བ་བཞི་དང༌། ཟླ་ཉི་ཡིད་དང་ནམ་མཁའ་སྟེ། ཡོན་ཏན་གྱི་གཞོན་ནུ་མ་བརྒྱད་པོ་རྣམས་རབ་ཏུ་ཞུགས་ལ། སྙིང་རྗེ་ཆེན་པོ་བདེ་བའི་རང་ལུས་དེ་ནི། སྙམ་བྱེད་ཀྱི་འཛིན་པ་དང་བྲལ་ཞིང་རང་བཞིན་སྟོང་པའི་རྣམ་པ་ཅན་དུ་ཤར་བའི་སྟོང་པའི་ཆུང་མ་ཅན་ཏེ། ལྷན་ཅིག་སྐྱབས་གསུམ་གྱི་གྲུར་ཞུགས་ཞེས་སྦྱར་རོ། །དེ་དག་གི་དོན་གྱི་གནད་ནི། སངས་རྒྱས་རྣམ་པ་ཐམས་ཅད་པ་རྩའི་དྭངས་མ་དང༌། ཆོས་གཞོམ་མེད་ཀྱི་སྒྲ་རླུང་གི་དྭངས་མ་དང༌། དགེ་འདུན་བདེ་བ་ཆེན་པོ་ཐིག་ལེའི་དྭངས་མ་སྟེ། དེ་གསུམ་གཅིག་ཏུ་འདྲེས་པ་རྣམ་ཤེས་ཀྱི་བདེ་བར་འགྱུར་ལ། དེ་གསུམ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ལྡོག་ཆའི་སྒོ་ནས་རེ་རེ་བཞིན་ཡང་ཡོན་ཏན་བརྒྱད་ཀྱི་དྭངས་མ་འདུས་པའོ། །དེ་ཡང་རོ་རྐྱང་དབུ་མ་གསུམ་བཅིང་བ་དང༌། འབྱུང་བ་ལྔའི་རླུང་རྣམས་དགག་པའི་སྦྱོར་བས། རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པ་ན། ལམ་སྒོམ་པ་དེ་ཡང་གཞི་དང་མཐུན་པར་སོང་བས། ཡོན་ཏན་བརྒྱད་ལྡན་གྱི་རྩ་རླུང་ཐིག་ལེ་སྙིགས་མའི་དབུས་ནས་དྭངས་མ་གསལ་བར་མངོན་དུ་འགྱུར་ཞིང༌། དེ་ཡང་བདེ་བ་ཆེན་པོའི་ཉམས་ཀྱི་རོ་དང༌། རང་བཞིན་མེད་པའི་སྟོང་པ་རྣམ་རྟོག་གིས་མ་བརྟགས་པར་འཆར་བའོ། །འདི་ནི་རྫོགས་པའི་རྣལ་འབྱོར་གྱི་རྒྱུའམ་རང་བཞིན་ནོ། །དེ་ལྟ་བུའི་དྭངས་མ་བདེ་སྟོང་དེ་རྣམ་པ་ནི་རང་གཞན་སྲིད་པའི་མཚོ་ལས་སྒྲོལ་བའི་ལྷ་སྐུ་རབ་འབྱམས་དག སྒྱུ་མ་རྨི་ལམ་བཞིན་དུ་ཁམས་གསུམ་གྱི་གཟུགས་བརྙན་རྫས་སུ་མེད་ཀྱང་གསལ་བར་སྣང་ལ། མ་དག་སྣང་བ་ཆུ་མཚོའི་དབུས་སུ་དྭངས་མའི་གཟིངས་བཅས་པའི་ནང་དུ་སེམས་ཡོངས་སུ་ཞུགས་ན་གཡོ་བའི་བདེ་བ་
དང༌། ཐ་མལ་གྱི་སྣང་བའི་ཆུ་རླབས་ཡོད་པ་ཡོངས་སུ་མི་ཤེས་སོ། །དེ་དག་གིས་ནི་རྫོགས་པའི་རྣལ་འབྱོར་གྱི་ངོ་བོ་བསྟན་ཏེ། རང་བཞིན་བདེ་སྟོང་དེ་རྣམ་པ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བ་དང༌། མཉམ་གཞག་གི་ཚེ་དེ་ལྟ་བུར་བསྟན་གྱི་མ་དག་པའི་སྣང་བ་འགག་པར་བསྟན་ནོ། །འདིའི་ཐད་ཀྱི་འགྲེལ་པར། རབ་ཏུ་མི་གནས་པ་གསལ་བ་ཞེས་བྱ་བ། ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཞིག་ལས་ལུང་འདི་སྐད་ཅེས་དྲངས་ཏེ། ཇི་སྲིད་འགའ་ཞིག་རྣམ་པར་རྟོག །རབ་སྐྱེས་ཡིད་ནི་སྤང་བྱ་ཏེ། །དེ་སྲིད་དུ་ནི་གཉིས་གཉིད་ཕྱིར། །གང་དེར་དགའ་བའི་ངོ་བོ་ཉིད། །མཆོག་ཏུ་བདེ་བར་བྱེད་པ་པོ། །དེ་ཡང་རྣམ་པར་རྟོག་པ་ཙམ། །གང་ཡང་ཆགས་པ་དང་བྲལ་བའི། །དངོས་པོ་དེ་ཡང་དེ་གཉིས་ལ། །དེ་ཡི་དངོས་པོར་འཛིན་པའི་ཕྱིར། །མྱ་ངན་འདའ་བར་མི་འགྱུར་རོ། །འགའ་ཞིག་ཀྱང་ནི་ཡུལ་ཉིད་ལ། །རྣམ་པར་མི་རྟོག་བདག་སེམས་ལས། །ཞེས་འབྱུང་སྟེ། རྣམ་པར་རྟོག་པ་སྤངས་ནས་རང་བཞིན་གྱི་དགའ་བའི་ངོ་བོ་རྐྱེན་གྱི་མཆོག་ཏུ་བདེ་བས་གསལ་བར་བྱེད་ཅིང༌། ཆགས་བྲལ་ཡང་རྣམ་པར་རྟོག་པ་ཙམ་སྟེ། ཇི་སྲིད་རྣམ་རྟོག་ཡིན་པ་དེ་སྲིད་དུ། གཉིས་འཛིན་ཡིན་པའི་ཕྱིར་གྲོལ་བ་མྱང་འདས་སུ་མི་འགྱུར་ལ། འགའ་ཞིག་ཡུལ་རྣམས་ཀྱི་དྭངས་མ། ཡེ་ཤེས་ཀྱི་སྣང་བ་རྣམ་པར་མི་རྟོག་པ་སྒོམ་པ་ལས་ནི་གྲོལ་བར་འགྱུར་རོ། །ཞེས་རྫོགས་པའི་རྣལ་འབྱོར་དེ་ཡང༌། རྣམ་པར་མི་རྟོག་པ་དང་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་ནོ། །དེ་བཞིན་གཤེགས་པ་ལྔ་ནི། ཕུང་པོ་ལྔ་སྟེ་དེ་རྣམས་ཀྱི་དྭངས་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བ་ནི། གྲུའི་མཉན་པ་དང་འདྲ་བར་ལས་བྱེད་པ་པོ་ཡིན་ལ། དྲི་རེག་རོ་ལ་སོགས་པ་འདོད་ཡོན་གྱི་བཀོད་པ་དུ་མར་སྣང་བ་ནི། དྭངས་མའི་ངོ་བོ་ཡིན་པས། དག་
པའི་དཀྱིལ་འཁོར་གྱི་རང་བཞིན་ཇི་ལྟ་བ་དེ་ལྟར་འདྲ་ཡང༌། གཙོ་བོ་མ་ཡིན་ཏེ་འཁོར་རོ། དེ་ལྟར་ན་ཀཧྣ་པ་བདག་གི་ལུས་ནི། སྒྱུ་འཕྲུལ་ཏེ་སྒྱུ་མ་ལྟ་བུའི་གྲུར་གྱུར་པའི་རྒྱུ་ལས། འཁོར་བ་ལས་སྒྲོལ་བར་བྱེད་ཅིང༌། གཏི་མུག་གི་གཉིད་ཀྱིས་ནོན་པ་མེད་ཀྱང༌། རྨི་ལམ་ཇི་ལྟ་བ་བཞིན་དུ་གསལ་བར་སྣང་སྟེ། གཉིད་འཐུག་པོ་ལས་རྨི་ལམ་འབྱུང་བ་བཞིན་བདེ་བ་ལས་ལྷ་སྐུ་སྣང་ངོ༌། །སེམས་གསལ་བ་ལྟར་སྣང་གི་མཉམ་པས་རང་བཞིན་སྟོང་ཉིད་ཀྱི་གྲུར་འཇུག་ལ། དེ་ལ་ཞོན་ནས་ཀཧྣ་པ་བདག་ནི་བདེ་བ་ཆེན་པོའི་གྲོགས་དང་འགྲོགས་སོ་ཞེས་པ་སྟེ། ལྷ་སྐུ་དེ་ཡང་བདེ་སྟོང་གི་རང་བཞིན་དུ་སོང་ངོ་ཞེས་པའི་དོན་ནོ། །གཞུང་འདིས་ནི་ལུས་རྣམ་པར་དབེན་པ་ཉིད་རྒྱས་པར་བཤད་པ་སྟེ། འགྲེལ་པས་ཀྱང༌། སྤྱོད་བསྡུས་ཀྱི་ལུང་དྲངས་ཤིང་ལུས་དབེན་དུ་བཀྲལ་ལོ། །ལུས་དབེན་གྱི་རིམ་པ་འབའ་ཞིག་ནི་མ་ཡིན་ཏེ། དང་པོ་ནས་ཐ་མའི་བར་ལུས་དབེན་གྱི་རྣལ་འབྱོར་ཐམས་ཅད་ཀྱི། སྤྱི་ཁྱབ་ཏུ་འཇུག་པའི་མཚན་ཉིད་གསལ་བར་མཛད་དེ། ལུས་དབེན་གྱི་རང་བཞིན། ཞིབ་རྒྱས་འཛུག་ཚུགས་སུ་སྟོན་པའི་དོན་བཟང་པོ་འདི་ཙམ་པ་གཞུང་ཕལ་པ་གཞན་ལ་མེད་དོ། །གླུ་འདི་ནི་སློབ་དཔོན་འདི་འཁོར་བཅས་སིང་ག་ལའི་གླིང་དུ་བཞུད་པ་ན། རྒྱ་མཚོ་ལ་མི་བྱིང་བར་གཤེགས་པའི་སྐབས་གསུངས་པའོ། །ཤྲཱིཾ། །༈ བདུན་པ་གླུ་དབྱངས་ཆེན་པོ་ཞེས་བྱ་བ་ནི། ས་གསུམ་པོ་ལ་གནས་ནི་འབད་མེད་འཇུག །བདག་ནི་ཉལ་ནས་བདེ་བ་ཆེན་པོར་རོལ། །ཇི་ལྟར་ཌོམྦི་ཁྱོད་ནི་སྐྲ་:ཡགས་[ཡག]སྐྱེ། །མཐའ་རིས་སྐྱེ་བོའི་ནང་ན་ཀམྦ་ལཱི། །ཀྱེ་མ་ཁྱོད་ནི་རྣམ་པ་ཉམས་བྱེད་དེ། །བྱ་བ་བྱེད་པ་རི་བོང་འཛིན་
པ་འཇོམས། །གང་དང་གང་ཡང་ཁྱོད་ནི་ངན་པར་བརྗོད། །རིགས་ལྡན་སྐྱེ་བོ་རྣམས་ཀྱི་མགུལ་ནས་འཁྱུད། འདོད་པ་གཏུམ་མོའི་གླུ་ནི་ཀཧྣ་པ་བླངས། །གདོལ་པ་མོ་བས་ལྷག་པའི་དམངས་རིགས་མེད། །ཅེས་པ་སྟེ། །ས་གསུམ་ནི་སྣང་བ་དང་མཆེད་པ་དང་ཐོབ་པ་སྟེ། དེ་དག་ལ་གནས་རང་བཞིན་གྱི་རྣམ་རྟོག་ནི། བརྒྱ་རྩ་བརྒྱད་ཀྱི་དབྱེ་བ་འབད་པ་མེད་པར་འཇུག་པ་དེ། བདག་ནི་དེ་དག་བཀག་སྟེ། རང་བཞིན་དཀར་དམར་རླུང་གསུམ་གྱི་དྭངས་མའི་མལ་དུ་ཉལ་ནས། ལུས་ངག་ཡིད་གསུམ་མམ། སྐུ་གསུང་ཐུགས་གསུམ་གྱི་བདེ་བ་ཆེན་པོའི་ཉམས་སྐྱོང་བས་རོལ་པར་བྱེད་དོ། །ཇི་ལྟར་ཌོམ་བི་ནཱི་ཨ་ཝ་དྷཱུ་ཏཱི་ཁྱོད་ཀྱི་སྐྲ་རོ་རྐྱང་ལ་སོགས་པ་རྩ་ཕྲན་རྣམ་རྟོག་སྐྱེད་བྱེད་རྣམས་སུ་ཁམས་དང་རླུང་གི་རྒྱུ་བས་ཁྲུས་དང་བྱུག་པ་མེད་པས་:ཡགས་[ཡག]པར་གྱུར་ཏོ། །ཀྱཻ་ཞེས་པ་སྟེ། སྐུ་གསུང་ཐུགས་ཀྱི་བདེ་བ་དེ་ཡང༌། རླུང་དང་ཁམས་ཀྱི་རྒྱུ་བ་རྩ་གཞན་དུ་འགགས་ཏེ་དབུ་མར་ཐིམ་པ་ལས་གྱུར་པ་དང༌། སྐྱེ་བོ་རྩ་ནང་དུ་རྒྱུ་བའི་ཐིག་ལེ་རྣམས་ཀྱི་ནང་ན། ཀམྦཱ་ལི་སྟེ་བྲན་གཡོག་བྱེད་པ། མཐར་སྐྱེས་ཀྱི་རིགས་དང་འདྲ་བའི་ཐིག་ལེ་དྭངས་མའི་བྱེད་ལས་སོ། །ཞེས་པ། ཁམས་རྣམས་དབུ་མའི་ནང་གི་ཐིག་ལེ་ལ་ཐིམ་པ་ལས། སྣང་བ་གསུམ་གྱི་ཡེ་ཤེས་སྐྱེ་བོ་ཞེས་པའོ། །ཀྱཻ་མ་ཞེས་སོགས་ལ། འགྲེལ་བས་བདེ་བ་ཉམས་པ་ལ་བཤད་ཀྱང༌། གཞུང་དོན་ཅུང་མིན་པར་མངོན། །དེས་ན་ཀྱེ་མ་གཡུང་མོ་ཨ་བ་དྷཱུ་ཏཱི་ཁྱོད་ནི། གང་ལ་རེག་ན་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རིགས་ཉམས་པར་བྱེད་ཅིང༌། ཕྱི་རོལ་གྱི་ཌོམ་བའི་རིགས་རྣམས་སྨད་པར་འོས་པའི་བྱ་བ་ངན་བྱེད་ཅིང༌། རི་བོང་སོགས་སྲོག་ཆགས་འཇོམས་པ་དང༌། འཛིན་པར་བྱེད་པ་ལྟར། ཨ་ཝ་དྷཱུ་ཏཱིས་ཀྱང༌། བཟང་ངན་བླང་དོར་མེད་པར་མཉམ་
སྙོམ་པའི་བྱ་བ་བྱེད་ཅིང༌། ཐིག་ལེ་དང་རླུང་རི་བོང་ལྟ་བུ་ནང་དུ་འཛིན་ཅིང་ཐིམ་པའི་སྒོ་ནས་འཇོམས་པར་བྱེད། ཅེས་པའི་དོན་ནོ། །ཚིག་འདིའི་རྒྱ་སྐད་དུ། ཀཱ་ཛ་ན་ཀཱ་ར་ཎ་ཤ་ཤ་ཧ་ར་ཊཱ་ལི་ཨུ་ཅེས་འབྱུང་སྟེ། དེ་ཡང་ཀ་ཛ་ན་ནི་བྱ་བ། ཀཱ་ར་ན་བྱེད་པ། ཤ་ཤ་རི་བོང་དང༌། ཧ་ར་ཊཱ་ནི་འཇོམས་པ། ལི་ཨུ་འཛིན་པ་ཞེས་པ་སྟེ། རི་བོང་དེ་འཇོམས་འཛིན་ཞེས་པ་ཡིན་གྱི། རི་བོང་འཛིན་པ་ཟླ་བ་མ་ཡིན་ནོ། །ཁྱོད་ནི་ངན་པར་བརྗོད་པ་ཡིན་ཏེ། སྤྲོས་པའི་མཚན་མ་གང་དང་གང་ཡང་སྟོངས་པར་བྱེད་པ་དང༌། རིག་པ་དང་ལྡན་པའི་སྐྱེ་བོ་དགའ་བ་བཅུ་དྲུག་ལ་སོགས་པ་རྣམས་ཀྱི་མགུལ་ནས་འཁྱུད་པས། དེ་དག་གི་ཉོན་མོངས་ཀྱི་རིགས་རྣམས་ཀྱང་ཉམས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན། གཡུང་མོ་ལ་སྨོད་པ་བྱེད་པའི་གླུ་འདི་ནི། འདོད་པ་སྟེ་འདོད་ཆགས་ཀྱི་བདེ་བ་སྐྱེད་པའི་གཏུམ་མོ་དུང་ཅན་མའི་གླུ་ཡིན་ཏེ། ཀཧྣས་གཏུམ་མོ་དེར་རླུང་འཆིང་བའི་ཚུལ་གྱིས་གླུ་བླངས་པའོ། །གདོལ་བ་མོ་དུང་ཅན་མ་ལས་ལྷག་པའི་དམངས་རིགས་ཏེ་རྩ་གཞན་མེད་དོ། །ཞེས་པ་སྟེ། དབུ་མའི་ཐིག་ལེ་ལ་ཁམས་ཕྲ་རགས་ཀྱི་རིམ་པ་རྣམས་ཐིམ་པར་བྱེད་པ་ནི། དུང་ཅན་མ་ལ་གནད་དུ་བསྣུན་པ་ལ་རག་ལས་པའི་ཕྱིར། གཏུམ་མོ་དུང་ཅན་མས་གཡུང་མོ་ཨ་ཝ་དྷཱུ་ཏཱི་ལ་སྨོད་པ་ལྟར་དང༌། དུང་ཅན་མ་ལ་སློབ་དཔོན་གྱིས་བསྟོད་པ་ལྟར་བྱས་པའོ། །རིམ་ལྔ་ལས། གལ་ཏེ་ཆུ་སྐྱེས་རྡོ་རྗེར་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང༌། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་སེམས་དབེན་མཐར་ཐུག་པའི་ཡེ་ཤེས་སྐྱེ་བ། ལས་རྒྱ་ལ་རག་ལས་པར་གསུངས་པའི་གནད་ཀྱང་འདིའོ། །དེའི་རྒྱུ་མཚན་ཡང་དུང་ཅན་མའི་རྩ་མདུད་གྲོལ་བ་དཔྱིས་ཕྱིན་པར་བྱེད་པ། ལས་རྒྱ་
སྤྱིའམ་ཁྱད་པར་ཅན་ལ་བལྟོས་པའི་ཕྱིར་རོ། །གཞུང་འདིས་ནི། སེམས་རྣམ་པར་དབེན་པའི་དོན་དཔྱིས་ཕྱིན་པར་སྟོན་པ་ཡིན་ནོ། །ཤཱྀ་ཤཱྀ་ཤཱྀ།། བརྒྱད་པ་འཇིགས་པར་བྱེད་མ་ཞེས་བྱ་བའི་གླུ་ནི། །སྲིད་དང་མྱ་ངན་འདས་པ་པ་ཊ་ཧ་དང་ལྔ་པོ་ཆེ། །ཡིད་དང་རླུང་དག་གཉིས་པོ་མཁར་རྔ་སྒྲོག་པར་བྱེད། ། རྒྱལ་གྱུར་རྒྱལ་གྱུར་མཁའ་ལ་རྔ་ཆེན་སྒྲ། །ཀཧྣས་ཌོམ་བི་ནཱི་ནི་བག་མར་བླངས། །གཡུང་མོ་བག་མར་ལེན་པའི་ཁ་ཟས་སྦྱར། །ཞལ་མཐོང་སྟོན་མོ་བླ་མེད་ཆོས་ཉིད་དོ། །ཉིན་མཚན་ཤིན་ཏུ་དགའ་བའི་གྲོགས་དང་འགྲོགས། །རྣལ་འབྱོར་མ་ཡི་དྲ་བར་ནམ་ལངས་གྱུར། །ཀྱེ་ཀྱཻ་ཌོམྦིའི་གྲོགས་དང་གང་གང་དགའ། །སྐད་ཅིག་མི་འདོར་ལྷན་ཅིག་སྐྱེས་པས་མྱོས། །ཞེས་པ་སྟེ། དེ་ཡང་སྲིད་པ་རྩལ་ལ་ནའི་རྒྱུ་བ་བཅིངས་པ་ལས། རིག་པ་མི་རྟོག་པ་ལ་བརྟན་པར་གནས་ཤིང༌། དྷཱུ་ཏཱིའི་ནང་གི་སྒྲ་འབྱུང་བ་ནི་རྔ་པ་ཊ་ཧ་དང༌། མྱ་ངན་ལས་འདས་པ་རྩ་ར་ས་ནའི་རྒྱུ་བཅིངས་པ་ལས། གསལ་བར་སྣང་བ་དུ་མ་ཅན་གྱི་ཏིང་ངེ་འཛིན་དང༌། གཞོམ་མེད་ཀྱི་སྒྲ་མཁའ་ཁྱབ་ཏུ་འབྱུང་བ་ནི་རྔ་བོ་ཆེ་དང༌། ངར་འཛིན་དང་ཡུལ་དུ་འཛིན་པའི་ཡིད་གཉིས་དང༌། སྲོག་དང་ཐུར་སེལ་གྱི་རླུང་དག་སྟེ་གཉིས་ཚན་པ་གཉིས་པོ་འདི་དག དབུ་མར་འགགས་པའི་མཐུ་ལས། ཇི་ལྟ་ཇི་སྙེད་རིག་པའི་ཤེས་པ་འབྱུང་བ་ནི་མཁའ་རྔ་སྒྲོག་པར་བྱེད་པའོ། །དེ་ཡང་རིགས་དང་འབྱོར་པ་ཆེན་པོ་དག་བག་མ་ལེན་པ་ན། རྔ་བོ་ཆེ་སོགས་རོལ་མོའི་སྒྲ་ཆེན་པོ་བྱེད་ཅིང༌། ལྟད་མོ་བ་མང་པོ་དག་གིས་ཤེས་བརྗོད་དང་རོལ་མོའི་སྒྲ་དག་བྱེད་པ་བཞིན་དུ། འདིར་ཡང་དྷཱུ་ཏཱིའི་ནང་
དང་རྩ་འཁོར་གྱི་མཁའ་ལ། གཞོམ་མེད་གྱི་སྒྲ་དབྱངས་འབྱུང་ཞིང༌། ཚིག་དོན་མཐའ་དག་རྟོགས་པའི་ཤེས་པ་སྐྱེ་བ་ནི། རྔ་ཆེན་ལ་སོགས་པ་རོལ་མོའི་སྒྲ་དང༌། རྒྱལ་བར་གྱུར་ཅིག་རྒྱལ་པ་གྱུར་ཅིག་ཅེས་ཤེས་པ་བརྗོད་པའོ། །མཁའ་ལ་ཞེས་ཚིག་ཟུར་གྱིས། དབང་བསྐུར་གྱི་སྐབས་སུ། ནམ་མཁའ་ནས་རོལ་མོའི་སྒྲ་སྒྲགས་ཞེས་སོགས་ཀྱི་མཚོན་དོན་ཡང་འདི་ཡིན་ནོ་ཞེས་ཟུར་གྱིས་འཕངས་པའོ། །ཀཧྣ་བདག་གིས་ཌོ་མ་བི་ནཱི་རྩ་དབུ་མ་ནི། གཞོམ་མེད་ཀྱི་སྒྲ་དེ་དང་ལྡན་པའི་སྒོ་ནས། བག་མར་བླངས་པ་སྟེ། དེ་ལྟར་གཡུང་མོ་བག་མར་ལེན་པའི་ཁ་ཟས་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མ་ལྟེ་བའི་ཨཾ་ཡིག་དང་སྦྱར་བར་བྱས་སོ། །དཔྱིད་དང་ཐིག་ལེ་ཞལ་མཇལ་ཞིང་མཐོང་བའི་སྟོན་མོ་ནི། ཞུ་བདེ་དེ་བླ་ན་མེད་པའི་ཆོས་ཉིད་རྟོགས་པ་ཉིད་དོ། །དེ་ཡང་རགས་པའི་རྩ་དབུ་མར་རླུང་སེམས་འདུས་པ་ཁོ་ནས། གནས་ལུགས་མཚོན་ནུས་པ་མ་ཡིན། ཡེ་ཤེས་ཀྱི་དབུ་མ་ལ་རག་ནུས་པས། རགས་པའི་རྩ་དབུ་མ་ལ་དབང་བསྒྱུར་ཞིང༌། གཞོམ་མེད་ཀྱི་སྒྲ་དབྱངས་མཐའ་མེད་དུ་འཕེལ་བའི་དུས་ན། ཞུ་བདེའི་ཆོས་ཉིད་མཚོན་ནུས་པ་ཡིན་ནོ། །ཇི་སྐད་དུ། ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །ཅེས་པ་ལྟར། མཉམ་གཞག་སྣང་བཅས་ལ་དག་པ་རབ་འབྱམས་དང༌། རྗེས་ཐོབ་ཏུ་དག་མ་དག་འདྲེས་ཀྱང༌། སྒྱུ་མ་ལྟ་བུར་ཤར་པ་ནི། ཐབས་ཉིན་མོ་ཡིན་ལ། མཉམ་གཞག་སྣང་མེད་ལ། སྤྲོས་བྲལ་ནམ་མཁའ་ལྟ་བུར་ཤར་བ་ནི་ཤེས་རབ་མཚན་མོའོ། །དེ་ལྟ་བུའི་ཉིན་མཚན་ཐམས་ཅད་དུ་ཤིན་ཏུ་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུན་མི་འཆད་པར་འབྱུང་བའི་གྲོགས་གཡུང་མོ་དྷཱུ་ཏཱི་ཁྱོད་འགྲོགས་ཏེ། རྣལ་འབྱོར་མ་རྩའི་དྲ་བ་རྣམ་པར་དག་པའི་དུས་
དེར་རྣམ་པ་ཐམས་ཅད་པའི་འོད་གསལ་ཕྱག་རྒྱ་ཆེན་པོར་ནམ་ལངས་པར་གྱུར་ཏོ། །ཞེས་རྣམ་པ་ཐམས་ཅད་པའི་གཟུགས་རྩ་དག་པའི་ནུས་པ་ཡིན། རྩ་དག་པ་བདེ་བ་བརྟན་པར་བྱས་པ་ལས་འབྱུང་ཞེས་པའོ། །ཀྱཻ་ཀྱེ་ཌོམ་བི་ནཱི་གཡུང་མོ་ཞེས་དྷཱུ་ཏཱི་ལ་བོས་ནས་གྲོགས་གང་དང་གང་ལས་དགའ་བ་ཐོབ་པར་འགྱུར། ཞེས་དྲིས་པ་ལ། ལན་ནི། གྲོགས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་རླུང་སེམས་དྲག་ཏུ་ཐིག་ལེར་གཞུག་དགོས་ཞེས་པ་ཚིག་གིས་མ་ཟིན་ཀྱང་ཁོག་ནས་བཏོན་ཏེ། །དེ་ལྟར་ཕྱག་རྒྱ་གསུམ་མམ་བཞི་གཅིག་ཏུ་དྲིལ་ནས་བསྒོམ་ན། །སྐད་ཅིག་ཀྱང་མ་འབྲལ་མི་འདོར་མི་འཇིག་པའི་ལྷན་ཅིག་སྐྱེས་པའི་བདེ་བ་མི་འགྱུར་བས་མྱོས་པར་འགྱུར་རོ། །གཞུང་འདིས་ནི་རྫོགས་རིམ་ངོས་སུ་གྱུར་པའི་གཏུམ་མོ་དང་ལས་རྒྱའི་དོན་ཐམས་ཅད་གསལ་བར་མཛད་དོ།། ཨ་ཐ།། ༈ དགུ་པ་དཔའ་བོའི་ཏཱི་ལ་ཞེས་བྱ་བའི་གླུ་དབྱངས་ནི། གང་ཚེ་ཟླ་བ་གང་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་དྲི་མ་མེད། །གཏི་མུག་དྲི་མ་གཅོད་པ་བླ་མའི་གསུང༌། །ཡུལ་དང་དབང་པོ་ནམ་མཁར་སླེབ་པར་འགྱུར། །མཁའ་མཚུངས་ས་བོན་གང་ཞིག་མཁའ་མཉམ་འགྲོ། །རང་གི་ཤིང་ལངས་ཁམས་གསུམ་གྲིབ་མས་ཁྱབ། །ཇི་ལྟར་ཉིན་བྱེད་ཤར་ན་མཚན་སེལ་བྱེད། །སྲིད་མཚོར་གཏི་མུག་རབ་རིབ་སེལ་བར་བྱེད། །ཇི་ལྟར་ངང་པའི་རྒྱལ་པོས་ཆུ་ཡང་འབྱེད། སྲིད་པ་ཟ་ཞེས་ཀཧྣ་པ་ཡིས་སྨྲ། །ཞེས་པ་སྟེ་དབང་མདོར་བསྟན་གྱི་འགྲེལ་པ་དོན་དམ་བསྡུས་པར་འདིའི་ལུངས་དྲངས་པ་ན། དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །ཞེས་འབྱུང་བའོ། །དེ་ཡང་གང་གི་ཚེ་སྟོང་གཟུགས་ཀྱི་ཟླ་བ། རྟགས་བཅུའི་རིམ་པ་རྫོགས་པས་གང་བར་གྱུར་པ་དེའི་ཚེ། སེམས་ཀྱི་རྒྱལ་པོ་འགྱུར་བའི་དྲི་མ་དང་བྲལ་བའམ། མཚན་
མའི་རྣམ་པར་རྟོག་པ་རྣམས་ལངས་མ་ནུས་པར་རབ་ཏུ་ཉལ། ཞེས་པའོ། །འདིས་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པས། ཉོན་མོངས་དང་རྣམ་རྟོག་ཐམས་ཅད། དང་པོར་ཉལ་བའི་ཚུལ་གྱིས་འགག མཐར་དྲི་མ་དེ་དག་རྩ་བ་ནས་མེད་པར་བྱེད། ཅེས་པ་ཡིན་ཏེ། སྒྲིབ་པ་སྤོང་ཚུལ་ལམ་འཕྲང་གི་རྡོ་རྐོ་བ་བཞིན་བྱེད་མི་དགོས་ཀྱི། ཉི་མའི་འོད་ཟེར་གཅིག་ཤར་པས་མུན་པ་ཐམས་ཅད་ཅིག་ཅར་འབད་རྩོལ་མེད་པར་སངས་པ་བཞིན་ནོ། །ཚུལ་འདི་མ་གོ་བར། ཀ་ཤཱི་ལ་ཡིད་སྨོད་བྱེད་པའི་རྟོགས་ལྡན་མིང་ཅན་ཐལ་རང་བ་རྣམས། མྱ་ངམ་གྱི་ཐང་ལ་འཁྱམས་པའོ་རེ་རྒྱལ་ལོ། །དང་པོར་རྟགས་བཅུ་རྫོགས་པས། རླུང་མི་གཡོ་ཞིང༌། སེམས་མི་རྟོག་པར་འགྱུར་པ་དང༌། བར་དུ་རྟགས་བཅུ་གཏུམ་མོར་ཤར་པས། ཞུ་བདེ་འཛག་མེད་ཐོབ་པ་དང༌། མཐར་རྟགས་བཅུས་དགའ་བཞི་བསྐྱེད་པས་མི་འགྱུར་བའི་བདེ་བ་འགྲུབ་པའི་གནས་སྐབས་ཐམས་ཅད་ཚིག་རྐང་འདི་དག་གིས་ཕྱོགས་གཅིག་ཏུ་བསྟན་ནོ། །འོ་ན་དྲི་མ་དེ་ཡང་ཅི་ཞིག་སྙམ་ན། གཏི་མུག་སྟེ་མ་རིག་པའི་དྲ་བ་དྲི་མ་སྣ་ཚོགས་གཅོད་པར་བྱེད་པ་སྟེ། འདི་མཁས་པར་རློམ་པ་རྣམས་ཀྱི་རྟོག་དཔྱོད་ལས་འབྱུང་བ་མ་ཡིན་གྱི། བླ་མ་དམ་པའི་གསུང་གི་མན་ངག་བཞིན་བསྒོམ་པ་ལས་སྐྱེའོ། །དེ་ཡང་ཡུལ་ལྔ་དང་དབང་པོ་ལྔའི་སྣང་བ་རྣམས། ནམ་མཁའ་སྟོང་པར་སླེབ་ཅིང་ཐིམ་པ་ལས་འབྱུང་སྟེ། དབང་ཡུལ་གྱི་འབྲེལ་བ་གཅོདཔ་སོ་སོར་སྤོང་པའི་ཡན་ལག་ཉིད་དོ། །དེ་ལྟར་ཡང༌། དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས། གང་ཞིག་ཤར་དུས་ཚེ་ན་དབང་པོ་དང༌། །ཡུལ་རྣམས་ནུབ་གྱུར་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ཀྱི་སྙིང་སྦས་སུ་སད་པ། །
ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་ཞིག །ཅེས་གསུངས། །དེ་ཡང་ནམ་མཁའ་ལ་མཉམ་པར་བཞག་པས། ནམ་མཁའ་དང་མཚུངས་པར་སྤྲོས་བྲལ་དུ་ཤར་བའི་ས་བོན་ཏེ་སེམས་གང་ཞིག དང་པོར་སྤྲོས་བྲལ་གྱི་རིག་པ་གསལ་བ་ཆུང་ངུ་དང༌། དེ་ནས་རྒྱ་ཇེ་ཆེ་ལ་སོང་སྟེ། ནམ་མཁའ་དང་མཉམ་པར་འགྲོའོ། །དེ་ཡང་དང་པོར་སེམས་སྤྲོས་བྲལ་དང༌། འོད་གསལ་གྱི་སྣང་བ་རྩ་བ་རྣམས་བརྟན་པར་བྱ་སྟེ། དེ་ནས་རིམ་གྱིས་སྤྲོས་ཏེ་བསྒོམས་པས་ཀུན་ལ་ཁྱབ་པར་འགྱུར་རོ། །ཞེས་སྟོན་པ་ནི། རང་གི་སེམས་ཉིད་ཀྱི་སྣང་བ་སྟོང་པ་དང༌། རྟགས་སྣང་གི་ཤིང་བརྟན་པར་ལངས་པ་ན་ཁམས་གསུམ་གྱི་སྣང་བ་ཐམས་ཅད་འོད་གསལ་སྟོང་གཟུགས་ཀྱི་གྲིབ་མས་ཁྱབ་པར་འགྱུར། དེའི་ཚེ་སྣང་བ་ཐམས་ཅད་སྟོང་གཟུགས་སུ་འཆར་བ་དང༌། ཞོར་བྱུང་དུ་མི་རྟོག་པ་ལ་སྤྲོས་བྲལ་དུ་ཡང་གསལ་བར་སྣང་ངོ༌། །གྲིབ་མས་ཁྱབ་པ་དང༌། མདངས་ཀྱི་ཁ་བསྒྱུར་བ་དང༌། གཟུགས་བརྙན་དུ་གྱུར་པ་རྣམས་ཅི་རིགས་པར་དཔེ་དོན་དུ་སྦྱར་པར་བྱའོ། །ཇི་ལྟར་ཉིན་མོར་བྱེད་པ་ཤར་བས། །མཚན་མོའི་མུན་ནག་སྦྱོང་བའི་རྩོལ་བ་མེད་བཞིན་དུ་ཡང༌། རང་ཤུགས་ལ་སེལ་བར་བྱེད་པ་བཞིན་དུ། རེ་ཞིག་སྲིད་མཚོར་གནས་བཞིན་དུ་ཡང༌། གཏི་མུག་དང༌། འདོད་ཆགས་དང༌། ཞེ་སྡང་ལ་སོགས་པ་ཉོན་མོངས་ཀྱི་རབ་རིབ་ཐམས་ཅད་སེལ་བར་བྱེད་དོ། །སྲིད་མཚོར་གནས་པའི་དོན་ནི། ལུས་གནས་མ་གྱུར། སེམས་འཇིག་རྟེན་ལས་འདས་པའི་ལམ་དངོས་སུ་རང་མ་སོང༌། དགྲ་གཉེན་དང་ལས་ཀྱི་མཐའ་མང་པོས་མཐའ་འཁོར་བའི་དོན་ཏེ། གོང་དུ་བཤད་པའི་རྟོགས་པ་དང་ལྡན་ན་དེས་ཀྱང་འཆིང་བར་མི་ནུས་ཞེས་པ་སྟེ། དཔའ་བོ་ས་ར་ཧས་ཀྱང༌། ཁྱིམ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་གྱི་དགའ་བས་བཅིངས་ལས་
མི་གྲོལ་ན། །མདའ་བསྣུན་ང་ནི་དེ་ཉིད་ཤེས་པ་མིན་ཞེས་སྨྲ། །ཞེས་སོ། །དེ་ལྟར་མི་འཆིང་བའི་རྒྱུ་མཚན་ནི། ཇི་ལྟར་ངང་པའི་རྒྱལ་པོས་ཆུ་དང་འོ་མ་བསྲེས་པ་ཡང་སོ་སོར་ཕྱེ་ནས་ཆུ་བོར་ཏེ་འོ་མ་འཐུང་པར་བྱེད་པ་བཞིན་དུ། སྲིད་པ་འཁོར་བའི་ཆོས་རྣམས་ཀྱང་རང་བཞིན་བདེ་བ་ཆེན་པོ་མཉམ་ཉིད་དུ་གནས་པ་དེ་བླངས་ནས་ཟ་ཞིང་ལོངས་སྤྱོད་ན། འཆིང་བར་མི་འགྱུར་རོ། །ཞེས་བདག་ཀཧྣ་ཡིས་སྨྲ་བར་བྱེད་དོ། །སྭཱ་སྟི་སྭཱ་སྟི།།༈ བཅུ་བ་པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུ་དབྱངས་བཞི་པ་ནི། སྟོང་པའི་ཁྱིམ་ནི་དེ་ཉིད་ཡོན་པོར་རེས་པ་ཅན། །གཏི་མུག་མཛོད་ནི་བླངས་ནས་ཐམས་ཅད་སྟོར་བར་གྱུར། གཉིས་ཡུར་སེམས་མེད་རང་དང་གཞན་མེད་རྣམ་པར་བྲལ། །ལྷན་ཅིག་སྐྱེས་པའི་གཉིད་དུ་ཀ་ཧ་པ་ནི་སོང༌། །སེམས་མེད་ཚོར་བ་མེད་པར་ཤིན་ཏུ་གཉིད་དུ་སོང༌། །ཐམས་ཅད་གྲོལ་བར་བྱས་ནས་བདེ་བར་གཉིད་དུ་སོང༌། །བདག་གི་རྨི་ལམ་ལ་ནི་ཁམས་གསུམ་སྟོང་པར་མཐོང༌། །འདྲེས་མེད་བྱས་ནས་འགྲོ་དང་འོང་བ་བྲལ་བར་གྱུར། །ཛ་ལནྡྷ་རའི་ཞབས་ལས་མངོན་སུམ་ཉིད་དུ་བྱས། །བདག་གི་རྩར་ཡང་པཎྜི་ཏ་ཡིས་ལྟ་མི་བྱེད། །ཅེས་པ་སྟེ། དཔེར་ན་ཁྱིམ་ཅིག་ན་མེལ་ཚེ་བ་ཡོད་པ་ལས། དེ་གཉིད་དུ་སོང་བ་ན། རྐུན་པོས་ནོར་ཐམས་ཅད་བླངས་ཏེ་མཛོད་སྟོངས་པར་གྱུར་པ། དེ་ཉིད་དཔེར་མཛད་དེ། སེམས་རང་བཞིན་གྱིས་སྟོང་པའི་ཡེ་ཤེས་ཀྱི་ཁྱིམ་ནི། ཡོན་པོར་རྒྱུ་བའི་རླུང་གཡོན་དང་གཡས་སུ་ཕུང་པོ་ལྔ་དང༌། ཁམས་ལྔའི་དཀྱིལ་འཁོར་གྱི་དེ་ཉིད་ལྔ་པའི:ངེས་[རེས་]པ་མེལ་ཚེ་བདག་ཡོད་ལ། དེར་གཏི་མུག་སོགས་ཉོན་མོངས་པའི་རྫས་རྣམས་མ་ཉམས་པར་སྐྱོང་བ་ཡིན་པ་ལས། རླུང་དེ་རྣམས་ལྷན་ཅིག་སྐྱེས་
པའི་དེ་ཉིད་ཀྱིས་ནོན་པ་ན། སྟོང་པ་བཞིའི་ཡེ་ཤེས་ཀྱི་རྐུན་པོས་གཏི་མུག་གི་མཛོད་རྣམ་རྟོག་གི་ནོར་དུ་མས་གང་བ་དེ་ནི་བླངས་པས་ནོར་ཐམས་ཅད་སྟོང་པར་གྱུར་ཏོ། །དེས་ནི། འདི་སྐད་དུ་འགྱུར་ཏེ། རླུང་རྣམས་བདེ་སྟོང་གི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པས། རླུང་རྣམས་ལྷན་ཅིག་སྐྱེས་པའི་རླུང་གི་རྣམ་པར་ཤར་བ་ན། གནས་ལུགས་ཇི་ལྟ་བ་བཞིན་མཚོན་ནུས་པའི། སྟོང་པ་བཞིའི་ཡེ་ཤེས་འབྱུང་ལ། དེས་ཉོན་མོངས་དང་རྣམ་རྟོག་རྣམས་འགགས་ནས། སེམས་འོད་གསལ་སྟོང་པ་ལ་ཡུན་རིང་དུ་གནས་པའོ། །ཞེས་པའོ། །ཡང་འོད་གསལ་གྱི་གཉིད་ཇི་ལྟ་བུ་ཞེ་ན། ཁམས་ཕྲ་རགས་རྣམས་ཐིམ་པའི་རང་བཞིན་གྱི་གཉིད་ཡུར་བ་ན། སེམས་རྣམ་རྟོག་མེད་ཅིང་གསལ་ཞིང་རིག་པས། རང་དང་གཞན་དག་ཏུ་འཛིན་པ་དང་རྣམ་པར་བྲལ་བ་སྟེ། ངོ་བོས་སྟོངས་པར་ཤེས་པའི་བདེ་བ་ལྷན་ཅིག་སྐྱེས་པའི་གཉིད་དུ་ཀཧྣ་པ་སོང་ངོ༌། །སེམས་སྣང་བ་གསུམ་འོད་གསལ་དུ་ནུབ་པས་མེད་ཅིང༌། ཚོར་བ་ལ་སོགས་པ་རང་བཞིན་བརྒྱད་ཅུའམ། བརྒྱ་དྲུག་ཅུའམ། སྟོང་ཉིད་དུ་ཐིམ་ནས་མེད་པར། འོད་གསལ་ཤིན་ཏུ་འཐུག་པོའི་གཉིད་དུ་སོང་ལ། རྩ་འཁོར་ལོ་བཞི་པོ་རྣམས་ཐམས་ཅད་ཀྱི་རྩ་མདུད་རྣམས་གྲོལ་བར་བྱས་ནས། ཐིག་ལེ་དྭངས་མར་གྱུར་པའི་བདེ་བ་ཆེན་པོར་གཉིད་དུ་སོང་བར་གྱུར་ཞིང༌། དེ་འདྲ་བའི་འོད་གསལ་བདག་གི་རྨི་ལམ་སྟེ། གསལ་བར་མཐོང་ཞིང་མྱོང་བ་ན་ནི། ཁམས་ལུས་ངག་ཡིད་གསུམ་ཐམས་ཅད་གདོད་ནས་སྟོངས་ཤིང༌། ཁམས་གསུམ་གྱི་རང་བཞིན་སྐུ་གསུང་ཐུགས་རྡོ་རྗེར་མཐོང་ངོ༌། །འདིའི་རྒྱུ་ཡང༌། ཟླ་བའི་རྩ་རླུང་ཐིག་ལེའི་བགྲོད་པ། སྟོང་པ་སྣང་བ་དང༌། ཉི་མའི་རྩ་རླུང་ཐིག་ལེའི་བགྲོད་པ་ཤིན་ཏུ་སྟོང་པ་མཆེད་པ་གཉིས། མུན་པའི་རྩ་རླུང་ཐིག་ལེའི་བགྲོད་པ་སྟོང་ཆེན་ཐོབ་
པའི་ནང་དུ་རོ་མཉམ་པར་འདྲེས་མར་བྱས་ནས། དེ་ཡང་དབྱིངས་སུ་ཐིམ་པས་འགྲོ་བ་དང་འོང་བ་བྲལ་བའི་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་བར་འགྱུར་རོ། །སྤྱིར་སྣང་བ་མཆེད་པ་ལ་ཐིམ་པ་ཡིན་ཀྱང་ཐོབ་པ་ནི་སྣང་མཆེད་འདྲེས་པ་ཡིན་པར། གཞུང་འདིར་མ་ཟད་གཞན་ལས་ཀྱང་འབྱུང་བས། མཆེད་པ་ལ་སྣང་བའི་མཚན་ཉིད་ཕལ་ཆེར་ཡོད་ལ། ཐོབ་པ་ནི་དེ་གཉིས་ཀ་དང་ཤིན་ཏུ་མི་འདྲ་བའི་རྣམ་པར་གྱུར་པ་སྟེ། མཆེད་པ་ཐོབ་པ་ལ་ཐིམ་པར་གྱུར་བའི་སྐབས་དེར། སྣང་བའི་མཚན་ཉིད་ཀྱང་ཐོབ་པ་ལ་ཐིམ་པ་ཡིན་ཏེ། མཆེད་པ་སྣང་བའི་མཚན་ཉིད་དང་བཅས་པ་ཕྱིར་རོ། །དེས་ན་སྣང་མཆེད་འདྲེས་པའི་དོན་གོ་བར་བྱོས་ཤིག འགྲོ་འོང་བྲལ་བ་ནི་མཚོན་བྱེད་དེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །འོད་གསལ་དེ་གང་ལས་མངོན་དུ་བྱེད་ཅེ་ན། བླ་མའི་བྱིན་རླབས་ལས་ཐོབ་སྟེ། ནག་པོ་སྤྱོད་པ་བདག་གིས། བླ་མ་ཛ་ལནྡྷ་རའི་ཞབས་ཀྱི་དྲིན་ལས། མངོན་སུམ་ཉིད་དུ་ཐོབ་པར་བྱས་པ་སྟེ། ཟབ་མོའི་དོན་ལ་བདག་ཉིད་སྤྱོད་པར་བྱེད་དམ་གཞན་འཁྲིད་ཀྱང་རུང་སྟེ། པཎྜི་ཏའི་སློབ་དཔོན་རྣམས་ཀྱི་ནི་བདག་གི་རྩ་བ་སྟེ། རྐང་པ་ལ་ལྟ་བའི་སྒོ་ནས་ཉེ་བ་ཙམ་ཡང་བྱེད་མི་ནུས་ན། བདག་གི་རྗེས་སུ་འཇོག་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གཞུང་འདིས་ནི་འོད་གསལ་གྱི་རིམ་པའི་ལམ་གྱི་སྙིང་པོ་གསལ་བར་སྟན་ནོ། །འདིའི་སྐབས་སུ་དཀྱིལ་འཁོར་བཅུ་ཐིམ་པར་བཤད་པ་ནི། དུས་འཁོར་དུ་ཏིང་ངེ་འཛིན་གྱི་རིམ་པའི་སྐབས་སུ། རླུང་བཅུ་འགག་པར་གསུངས་པ་དང་གནད་གཅིག་གོ། །།སུ་ཁ་དདཱནྟུ།། ༈ བཅུ་གཅིག་པ་མ་ལ་སི་གོ་ཌ་ལཱ་ཞེས་བྱ་བའི་གླུ་དབྱངས་ཞེས་པ་ལ། མ་ལ་སི་ནི་འཕྲེང་བ་
མཛེས་པ། གོ་ཌ་ལཱ་ནི་དཀར་པོས་བརྒྱན་པ་ཞེས་བྱའོ། །དེ་ཡང༌། གང་ཞིག་ཡིད་ཀྱི་སྤྱོད་ཡུལ་མིག་འཕྲུལ་འདྲ། །ལུང་དང་པོ་ཏི་རྫུན་གྱི་འཕྲེང་བ་ཡིན། །ཇི་ལྟར་སྨྲ་བས་ལྷན་སྐྱེས་བརྗོད་པར་ནུས། །ལུས་ངག་ཡིད་ལ་གང་དུ་མི་འཇུག་གོ །བླ་མས་རྫུན་གྱི་ཐབས་ཀྱིས་སློབ་མ་ལ། །ངག་གི་ལམ་ལས་འདས་པ་ཇི་ལྟར་སྨྲ། །གང་དེ་སྨྲས་པ་དེ་དང་དེ་རྣམས་རྫུན། །བླ་མའི་ཐབས་ཀྱིས་སློབ་མ་འཁྲུལ་བར་བྱས། །ཀཧྣས་རྒྱལ་བའི་རིན་ཆེན་ཇི་ལྟར་སྨྲ། །ལྐུག་པས་འོན་པར་སྨྲས་པ་ཇི་བཞིན་ནོ། །ཞེས་པ་སྟེ། འདིས་ནི་དོན་དམ་པའི་ལྷན་ཅིག་སྐྱེས་པ་བརྗོད་བྲལ་དུ་སྟོན་པ་ཡིན་ནོ། །དེ་ལ་ཡིད་ཀྱི་སྤྱོད་ཡུལ་ནི། གཟུང་འཛིན་དུ་སྣང་བ་ཐམས་ཅད་དེ། ཆོས་ཀྱི་སྐྱེ་མཆེད་ཁོ་ནར་འཆད་པ་ལྟར་ནི་མ་ཡིན་ནོ། །དེ་ཡང་རྣམ་པ་ཅིག་ཏུ་ན། ཇི་སྐད་དུ། རྣམ་ཤེས་སོ་སོ་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་བདུན་དག་ཏུའང་འདོད་པ་སྟེ། །ཞེས་བཤད་པ་དང་མཚུངས་པར་རྣམ་ཤེས་དྲུག་ཡིད་ཀྱི་སྐྱེ་མཆེད་དུ་བཤད་པ་ལྟར། སྐབས་འདིར་རྣམ་པར་ཤེས་པ་འཁོར་དང་བཅས་པ་ལ་ཡིད་ཅེས་བྱའོ། །གཟུགས་སོགས་ཡུལ་རྣམས་དང་ནམ་མཁའ་ལ་སོགས་པ་རྟོགས་པའི་སྤྱོད་ཡུལ་ཐམས་ཅད་དང༌། ཤེས་པ་རྣམས་ཀྱང་ནང་ཕན་ཚུན་གྱི་ཡུལ་དུ་གྱུར་བ་དང༌། གཞན་རིགས་ཐམས་ཅད་ཀྱང་རང་རིག་གི་སྤྱོད་ཡུལ་ཡིན་པ་སོགས། མདོར་ན་ཐམས་ཅད་རྣམ་པར་ཤེས་པའི་སྤྱོད་ཡུལ་ལོ། །སེམས་ལས་བྱུང་བ་རྣམས་ནི་རྣམ་ཤེས་ལས་ལོགས་སུ་བགྲང་བ་མ་ཡིན་ཏེ། དེ་རྣམས་ཉིད་ཀྱི་རྣམ་འགྱུར་ཡིན་པའི་ཕྱིར་རོ། །རང་རིག་ལ་ཡང་ཀུན་རྫོབ་དོན་དམ་རྣམ་པ་གཉིས་ཡོད་དེ། རང་རིག་ཀུན་རྫོབ་པ་ནི། རང་རང་གི་རྣམ་ཤེས་ཀྱི་དངོས་པོ་སྟེ། མིག་གི་རྣམ་པར་
ཤེས་པའི་རང་རིག་མིག་ཤེས་ལས་གཞན་དུ་མེད་པ་བཞིན་ནོ། །དོན་གཉིས་པར་ན། ཡིད་ནི་ཡིད་ཀྱི་རྣམ་ཤེས་འཁོར་རྣམ་རྟོག་དང་བཅས་པ་ཡིན་ཀྱང༌། ཚེ་རབས་སྔ་མའི་ཡིད་ཀྱི་བག་ཆགས་ལས། ཚེ་འདིའི་རྣམ་ཤེས་འཁོར་དང་བཅས་པ་འབྱུང་བའི་ཕྱིར། དངོས་དང་བརྒྱུད་པའི་རྒྱུ་གཉིས་ཀ་ལ་བསམས་ནས། རྣམ་ཤེས་ཀྱི་སྤྱོད་ཡུལ་ཐམས་ཅད་ཡིད་ཀྱི་སྤྱོད་ཡུལ་དུ་སོང་བ་ལ་བསམ་པའང་ཡིན་ནོ། །དྲུག་པའི་ཡིད་ལས་གཞན་པའི་རྣམ་ཤེས་དྲུག་པོས་ཀྱང༌། ས་བོན་འདེབས་པ་མ་ཡིན་ནམ། ཅིའི་ཕྱིར་བག་ཆགས་ཐམས་ཅད་ཡིད་འཁོར་བཅས་ཀྱིས་འདེབས་སྙམ་ན། དྲུག་པོ་དེ་དག་གི་ཁ་ལོ་ཡིད་ཤེས་ཀྱིས་བསྒྱུར་ནས། ས་བོན་འདེབས་པ་ཡིན་གྱི། ཡིད་དང་བྲལ་ན་ནི་དེ་དག་གིས་ས་བོན་འདེབས་པར་མི་ནུས་སོ། །གཞན་དྲུག་པོ་ལ་མ་བརྟེན་པར་ནི་ཡིད་ཀྱང་མི་འབྱུང་མོད། ཐམས་ཅད་ཀྱི་ལས་བྱེད་པ་པོ་ཡིད་ཡིན་ནོ། །དེ་ལྟར་ན། གང་ཞིག་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་འདི་ཐམས་ཅད་ནི། རྟེན་འབྲེལ་ཚོགས་པ་ཙམ་གྱི་རྒྱུ་ལས། བློ་ལ་སྣང་བ་ཤར་བ་ཁོ་ནར་ཟད་ཀྱི། གནས་ཚུལ་ལ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། དེའི་ཕྱིར་མིག་འཕྲུལ་དང་འདྲ་སྟེ། གནས་ལུགས་ལྷན་ཅིག་སྐྱེས་པ་མ་ཡིན་ནོ། །ལུང་ཚིག་སྣ་ཚོགས་དང་པོ་ཏིས་མཚོན་པའི་དོན། ཚིག་གི་བརྗོད་པ་དང་བློས་བཞག་པའི། གནས་ལུགས་སུ་འཛིན་པ་ཐམས་ཅད་ཀྱང༌། ཡང་དག་པའི་དོན་ཐོག་ཏུ་མི་ཁེལ་བས། རང་མྱོང་ལ་ལྟས་ན་རྫུན་གྱི་ཕྲེང་བ་ཡིན་ནོ། །ཚིག་གི་སྨྲ་བའི་སྒོ་ནས། ལྷན་ཅིག་སྐྱེས་པ་ཇི་ལྟར་བརྗོད་པར་ནུས་ཏེ་མི་ནུས་ལ། ལུས་ངག་ཡིད་ཀྱི་སྤྱོད་པ་རྣམ་འགྱུར་དཀའ་ཐུབ་སྨྲ་བརྗོད་མནོ་བསམ་སྤྲོས་པའི་བསམ་གཏན་སོགས་གང་ལ་ཡང༌། དངོས་སུ་ལྷན་
སྐྱེས་རྟོགས་པར་ནུས་པ་གང་དུ་ཡང་མི་འཇུག་གོ །དཔལ་ས་ར་ཧས་ཀྱང༌། བླ་མས་བསྟན་པར་བྱ་བའམ། །སློབ་མས་གོ་བྱ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །སུ་ལ་སུ་ཞིག་གིས་ནི་བརྗོད། །ཅེས་དང༌། གྲུབ་ཐོབ་ཏིལ་བརྡུང་མཁན་གྱིས་ཀྱང༌། སོ་སོ་རང་རིག་འབྲས་བུ་ནི། །ཏིལ་ལི་པ་ཡི་ཚིག་གིས་སྨྲས། །གང་ཞིག་ཡིད་ཀྱི་སྤྱོད་ཡུལ་སྦས། །དེ་ནི་དོན་དམ་མ་ཡིན་ནོ། །འོ་ན་སློབ་མའི་རྒྱུད་ལ་ལྷན་སྐྱེས་སྐྱེད་པའི་ཐབས་མེད་པར་འགྱུར་སྙམ་ན། ངག་གི་ལམ་ལས་འདས་པའི་ལྷན་སྐྱེས་དངོས་སུ་ཚིག་གིས་ཇི་ལྟར་སྨྲ་སྟེ། དོན་ཇི་བཞིན་ཚིག་གིས་མཚོན་མི་ནུས་ཀྱང༌། བླ་མས་རྫུན་པ་རྟེན་འབྲེལ་གྱི། བརྡ་ཐབས་སྣ་ཚོགས་པ་རྣམས་ཀྱིས། རྟག་ཏུ་མཉམ་པར་འཇོག་པ་ལ་བརྩོན་པའི་སློབ་མ་ལ། ཇི་ཞིག་ན་ཡེ་ཤེས་སྐྱེའོ། །ས་ར་ཧ་པའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པ་ཚིག་གིས་མི་མཚོན་ཏེ། །བླ་མའི་མན་ངག་མིག་གིས་མཐོང་བར་འགྱུར། །གང་ཡང་དོན་དེ་ལ་དམིགས་ནས་ཚིག་གིས་སྨྲ་བ་དེ་དང་དེ་རྣམས་གང་བརྗོད་ཀྱང་དོན་དམ་པ་ལ་མི་རེག་པས། རྫུན་ཡིན་ཏེ། བློ་སྙམ་བྱེད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱང་དེ་དང་འདྲའོ། །བླ་མའི་བརྡ་ཐབས་ཀྱིས་སློབ་མ་འཁྲུལ་བར་བྱས་ཞེས་པ་ནི། ལོག་པའི་མན་ངག་བསྟན་པས། སློབ་མ་བསླུས་སོ་ཞེས་པའི་དོན་མ་ཡིན་གྱི་བླ་མས་ཐབས་ཀྱི་གདམས་ངག་བསྟན་པས། སློབ་མའི་རྒྱུད་ལ་ཡང་དག་པའི་དོན་གསར་དུ་སྐྱེས་པར་སྣང་བ་དེ་ཡང་སློབ་མ་ཉིད་ཀྱི་བློ་འཁྲུལ་པའི་སྣང་བ་སྒྱུ་མ་ལྟ་བུའོ། །ཞེས་པ་སྟེ། རང་བཞིན་གཉུག་མ་ལ་གསར་དུ་སྐྱེ་རྒྱུ་དང་རྟོགས་རྒྱུ་མེད་པའི་ཕྱིར་རོ། །ཀཧྣ་པ་ངས་ཀྱང་རྒྱལ་བའི་རིན་པོ་ཆེ་ལྷན་ཅིག་སྐྱེས་པ་གཞན་ལ་ཇི་ལྟར་སྨྲ་སྟེ། བརྗོད་པར་མི་ནུས་པའི་ལྐུགས་པས། གོ་བའི་མཐུ་མེད་
པའི་འོན་པར་སྨྲས་པ་ཇི་ལྟ་བ་བཞིན་ནོ། །དེ་བས་ན་མན་ངག་སྒོམ་པས་ཉམས་སུ་མྱོང་གི སྒྲ་དང་རྟོག་པའི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཞེས་པ་ཡིན་ལ། འདིས་ལྷན་སྐྱེས་ཞེས་པ་རྣམས་ནི་ཞུ་བདེ་མ་ཡིན་གྱི། གཉུག་མའི་ལྷན་སྐྱེས་སོ། །ལཀྵྨཱི་ཀུརྦནྟུ། །༈ བཅུ་གཉིས་པ་ཀཱ་མོ་ད་འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས་ནི། སེམས་ཀྱི་ལྷན་སྐྱེས་སྟོང་ཉིད་རྫོགས། །ཕུང་པོ་དང་བྲལ་སྡུག་བསྔལ་མེད། །སྨྲས་པ་ཇི་ལྟར་ཀཧྣ་མེད། །བདག་ནི་ཁམས་གསུམ་གཏན་དུ་འཕྲོ། །རྨོངས་པ་བསྟན་ཉམས་འཇིགས་བཅས་མཐོང༌། །རླབས་བྲལ་རྒྱ་མཚོ་ཇི་ལྟར་སྐམ། །ཡོད་བཞིན་འཇིག་རྟེན་རྨོངས་མི་མཐོང༌། །འོ་མ་མར་ཡོད་བཞིན་མི་མཐོང༌། །འགྲོ་འོང་མེད་པའི་སྲིད་པ་འདི་ཡང་གང༌། །ཀཧྣ་རྣལ་འབྱོར་ངོ་བོ་ཉིད་བཞིན་རོལ། །ཅེས་པ་སྟེ། འདི་ལའང་ཐུབ་པས་སྦྱིན་གྱིས། ཚིག་རྐང་དང་པོ་གཉིས་དྷྲུའི་རྐང་པར་བཤད་ཀྱང་ཐ་མ་གཉིས་ཡིན་པར་གསལ་ལོ། །དེ་ཡང་སེམས་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པ་འདི་ལ། སྟོང་པ་ཉིད་བཅུ་དྲུག་གམ། བཅོ་བརྒྱད་དམ། ཉི་ཤུ་ལ་སོགས་པ། སྟོང་པ་ཉིད་ཀྱི་རྣམ་གྲངས་ཇི་སྙེད་གསུངས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ངོ་བོར་གནས་སོ། །འདིར་སྟོང་ཉིད་བཅུ་དྲུག་སོགས་ཀྱི་རྣམ་གཞག་རྟོགས་དགོས་མོད་ཀྱི། རྒྱས་པར་ཁ་སྦྱོར་ཐིག་ལེའི་རྒྱུད་ཕྱི་མ་ལས་རྟོགས་པར་བྱའོ། །མདོར་ན་ནང་གི་སེམས་བསྐྱེད་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་མེད་ཅིང་མ་ཡིན་པ་དང༌། རང་བཞིན་མཉམ་ཉིད་བདེ་བ་ཆེན་པོ་ཡོད་ཅིང་ཡིན་ཡང༌། བློའི་ཡུལ་ལས་འདས་པ་ཉིད། སྟོང་ཉིད་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་མདོ་དོན་ཡིན་ནོ། །དགྱེས་རྡོར་
ལས་དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་སོ། །མཚན་གཞི་ཕུང་པོ་ལྔ་ལ་སོགས་པ། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་དང་བྲལ་ལ། མཚན་ཉིད་སྡུག་བསྔལ་ལ་སོགས་པ་ཡང་ངོ་བོས་མེད་དོ། །དེས་ན་དངོས་པོ་ཐམས་ཅད་མི་རྟག་པས་སྡུག་བསྔལ་གྱི་མཚན་ཉིད་ཅན་ཡིན་ལ། དངོས་མེད་ནི་བླང་དོར་གྱི་ཡུལ་མ་ཡིན་པས། རྣལ་འབྱོར་ལ་མངོན་པར་དགའ་བ་རྣམས་ལ་གླེང་བརྗོད་མི་དགོས་ཀྱང༌། རྟོག་གེ་བ་དང་ལྷན་ཅིག་སྨྲ་བར་འདོད་ན། དངོས་པོ་ལ་བརྟེན་པའི་ཕྱིར་དེའི་ཁོངས་སུ་འདུས་སོ། །ཡང་སྨྲས་པ། བདག་ཀཧྣ་པའི་དོ་བ་ནི། གདོད་མའི་ལྷན་སྐྱེས་ཉིད་དེ། དེ་ནི་ཇི་ལྟར་མེད་དེ་རྟག་ཏུ་ཡོད་ལ། བདག་སེམས་རང་བཞིན་གྱི་འོད་གསལ་བ་འདི་ནི། ཀུན་རྫོབ་ཁམས་གསུམ་ཐམས་ཅད་འབྱུང་བའི་གཞི་དང༌། དོན་དམ་ཁམས་གསུམ་ཐམས་ཅད་ཀྱི་ངོ་བོར་གནས་པ་ཡིན་པས། རང་བཞིན་འོད་གསལ་འདི་ལས། ཁམས་གསུམ་ཐམས་ཅད་གཏན་དུ་སྟེ་རྟག་པར་འཕྲོ་བ་ཡིན་ནོ། །རྨོངས་པ་ཞེས་སྐྱེ་བོ་རྣམས་ལ་བོས་ནས། སྣང་གྲགས་ཀྱི་དངོས་པོ་འདི་རྣམས་བསྟན་པ་ཉམས་པ་སྟེ་འཇིག་པ་མཐོང་བས། དེས་རིགས་བསྒྲེས་ཏེ་ཡང་དག་པའི་ཡེ་ཤེས་ཀྱང་འཇིག་གོ་སྙམ་འཇིགས་ཤིང་སྐྲག་སྟེ་ཅིར་ཡང་མ་གྲུབ་ཅིང་གང་ཡང་མ་ཡིན་པ་ནི་གནས་ལུགས་དང༌། དོན་དམ་དང༌། བློ་གཏད་འཆའ་སའོ་ཞེས་ཕྱིན་ཅི་ལོག་ཏུ་མཐོང་བ་དག་སྣང་ངོ༌། །དེ་ནི་དཔེར་ན་མཚོ་རླབས་ཡང་ཡང་འགྱུར་ལྡོག་བྱེད་པ་མཐོང་ཞིང༌། མཚོ་དང་མཚོ་རླབས་དབྱེ་བ་མེད་པ་ཙམ་གོ་ནས། རླབས་མེད་པར་གྱུར་ན་ནི། མཚོ་ཡང་སྐམས་ཤིང་མེད་པར་འགྱུར་རོ་སྙམ་དུ་སེམས་པ་དང་འདྲ་སྟེ། འདུས་བྱས་འགྱུར་ཞིང་འཇིག་པས། གཉུག་མའི་སེམས་ཀྱང་
འགྱུར་ཞིང་འཇིག་སྙམ་པ་དང༌། འདུས་བྱས་སྐད་ཅིག་གིས་འཇིག་པས། གཉུག་མའི་སེམས་ཀྱང་སྐད་ཅིག་གིས་འཇིག་སྙམ་དུ་སེམས་པ་ནི་ཤིན་ཏུ་འཁྲུལ་ཏེ། དཔེར་ན་མཚོ་རླབས་ཞི་ཞིང་བྲལ་བར་གྱུར་ཀྱང༌། རྒྱ་མཚོ་ཇི་ལྟར་སྐམ་པར་འགྱུར་ཏེ། དེ་བཞིན་དུ་འདུས་བྱས་འཇིག་ཀྱང་ལྷན་སྐྱེས་གནས་ལ། སྣང་གྲགས་ཐམས་ཅད་ངོ་བོས་མ་གྲུབ་ཅིང༌། རང་བཞིན་གྱིས་སྟོངས་ཀྱང༌། དོན་དམ་དབྱིངས་ནི་རང་བཞིན་གྱིས་ངོ་བོར་ཡོད་མོད་ཀྱི། རྟག་ཏུ་ཡོད་བཞིན་དུ་ཡང་འཇིག་རྟེན་རྨོངས་པ་རྣམས་ཀྱིས་མི་མཐོང་སྟེ། འོ་མ་ལ་མར་གྱི་ཁམས་ཡོད་ཀྱང་མི་མཐོང་བ་བཞིན་དུ་འདི་ཡང་མི་མཐོང་ངོ༌། །སེམས་ཅན་ལ་སངས་རྒྱས་ཡོད་པ་དང༌། འོ་མ་ལ་མར་ཡོད་ཅེས་པའི་ཚིག་ཙམ་ཐོས་པ་ན། མཚན་ཉིད་པ་རང་ཉིད་མཁས་པར་མངོན་པའི་ང་རྒྱལ་ཅན། ཁོག་དོན་རང་ལ་སྤྲ་ཅལ་བ་ལས་ཀྱང་ཆེས་སྤྲ་ཅལ་བ་དག གསང་སྔགས་ལ་ཡང་རང་དགར་སྦར་ཆོད་བྱེད་ཅིང༌། ཆོས་སྐད་འདི་དག་གྲངས་ཅན་པའི་ཕྱོགས་སུ་འཕུལ་བར་བྱེད་དེ། དེ་དག་ནི་མུ་སྟེགས་གྲངས་ཅན་པའི་གཞུང་ལུགས་ཤོག་ལྡེ་གཅིག་ཀྱང་མ་མཐོང༌། ཤོ་ལོ་ཀ་གསུམ་སྦྲེལ་པ་ཡང་མ་ཐོས་བཞིན་དུ། གྲངས་ཅན་པའི་གྲུབ་མཐའ་ལ་མཁས་གྲགས། ཧ་ཅང་ཁ་ཐལ་འདུག་པས། འོས་མིན་གྱི་སྦད་གོག་དེ་མ་བཤད་པ་རང་དགའ་ལགས། ཆ་མེད་ཀྱི་རྒྱུས་གཏམ་བྱ་བ་དེ་ཁྱེད་ལ་ཡོང་བ་ཡིན། གྲངས་ཅན་པ་རང་དང་ཁྱེད་ཐུག་ན་ནི་ཁྱེད་ལྐུག་པ་བཞིན་དུ་འགྲོ་ཉེན་གདོག་གོ །དེའི་ལུགས་ལ་ནི། རྒྱུད་ལྟར་བ་ལ་མ་འོངས་འབྱུང་འགྱུར་གྱི་འབྲས་བུའི་རྫས། རང་བཞིན་རྟག་པ་ཞིག་ད་ལྟར་ཡོད་ཅེས་སྣང་གྲགས་གཞིར་བཞག་ནས་སྨྲ་བ་ཡིན་ལ། འདིར་ནི་སྣང་གྲགས་མ་ཡིན་རྒྱུ་འབྲས་ལས་གྲོལ། དོན་དངོས་གནས་ལ་
སེམས་ཅན་གཏན་ནས་ཀྱང་མ་གྲུབ། བློས་བདེན་གཉིས་ཐུན་མོང་དུ་རྣམ་པར་འཇོག་པའི་ཚེ། སེམས་ཅན་ལ་སངས་རྒྱས་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་ཡོད་ཀྱང་མི་མཐོང་ལ། མཐུན་པའི་རྐྱེན་དང་འཕྲད་པ་ན་མངོན་དུ་འགྱུར་རུང་ཡིན་པའི་ཕྱིར་དང༌། སེམས་ཅན་རྣམས་ཉིད་ལ་འདྲ་བའི་ཕྱིར་ན་ཁམས་དང་རྒྱུའི་དོན་དུ་རྣམ་པར་བཞག་གོ །དོན་དམ་རང་གི་ངོ་བོས་ནི་ཁམས་ཀྱི་དོན་དབྱིངས་དང༌། རིགས་ཀྱི་དོན་མི་འགྱུར་བ་ཡིན་གྱི། རྒྱུའི་དོན་དང་འདྲ་བའི་དོན་མ་ཡིན་ནོ། །དེའི་ཕྱིར་གྲངས་ཅན་དང་འདི་གཉིས་འདོད་ཚུལ་གཅིག་པར་འགྱུར་བའི་གོ་སྐབས་ནམ་ཡང་མེད་པར་གོ་ཡམ་ཨ་དགེ དེའི་ཕྱིར་འགྲོ་འོང་ལ་སོགས་པའི་སྤྲོས་པ་ཐམས་ཅད་བྲལ་ཞིང་མེད་པའི། ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ། ཀཧྣ་རྣལ་འབྱོར་པ་བདག་ནི་གང་སྲིད་པ་འདིར་ཡང་རོལ་པར་བྱེད་དོ། །ཞེས་ཏེ། སྲིད་པར་གནས་ཀྱང་སྲིད་པའི་ཉེས་པས་མི་གོས་ཏེ། འགྲོ་འོང་དང་བྲལ་བའི་དོན་རྟོགས་པས་སོ། །ཉེས་པས་མ་གོས་པ་ཙམ་དུ་མ་ཟད། ཕྱིར་ལ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་སྤྱོད་པའི་རོལ་པ་ཡང་བྱེད་དོ།། ཤྲཱིཾ་ཤྲཱིཾ་ཤྲཱིཾ།། ༈ བཅུ་གསུམ་པ་མལླ་རི་གྱད་ཀྱི་ཤུགས་ཞེས་བྱ་བའི་གླུ་དབྱངས་ནི། ཡིད་ལྗོན་དབང་ལྔའི་ཡལ་ག་ཅན་དེ་ལ། །འདོད་པ་འབབ་པའི་ལོ་འབྲས་འབབ་པར་བྱེད། །མཆོག་གི་བླ་མའི་གསུང་གི་སྟ་རེས་བཅད། །ཀཧྣས་སྨྲས་པ་ཤིང་ཆེན་སླར་མི་སྐྱེ། །ཤིང་དེ་དགེ་དང་མི་དགེའི་ཆུ་ཡི་འཕེལ། །མཁས་པས་གཅོད་པ་བླ་མའི་མཚན་ཉིད་ཀྱིས། །ཤིང་གང་གཅོད་དང་གཏུབ་པ་མི་ཤེས་ན། །རུལ་ནས་ལྟུང་ཞིང་རྨོངས་ཉིད་སྲིད་པ་མོས། །སྟོང་པའི་ཤིང་མཆོག་ནམ་མཁར་སྟ་རེ་ཡིས། །ཤིང་དེའི་ཡག་ག་རྩ་བ་
ཉིད་ནས་གཅོད། །ཅེས་པ་སྟེ། ཐོག་མ་མེད་པའི་དུས་ནས་སྲིད་པའི་བག་ཆགས་ཀྱི་ཡལ་ག་མཐའ་མེད་པ་མངོན་པར་འཕེལ་བའི་ཡིད་དེ་སེམས་ཀྱི་ལྗོན་ཤིང་དབང་པོ་ལྔའི་ཡལ་ག་ཅན་དེ་ནི་སྔོན་གྱི་བག་ཆགས་ཀྱི་སྟོབས་ལས་རང་སེམས་ལ་རང་སེམས་ཀྱི་སྣང་བ་འཆར་བ་ནི། འདོད་པའི་ཡོན་ཏན་ལྔ་འབབ་ཅིང་འབྱུང་བ་སྟེ། དབང་པོ་འདོད་ཡོན་དང་བཅས་པའི་ལོ་མ་རྣམ་རྟོག་དང༌། འབྲས་བུ་རྣམ་ཤེས་རྣམས་འབབ་པར་བྱེད་དོ། །འབབ་པའི་དོན་ནི་འབྱུང་བའོ། །དབང་པོ་དང་འདོད་ཡོན་རྣམས་ཡིད་ཀྱི་ཡལ་ག་དང༌། ཡིད་ལས་བྱུང་བར་བཤད་པས། བག་ཆགས་ཀྱི་སྟོབས་ལས་བྱུང་བའི་སེམས་སྣང་ཡིན་པར་འགྱུར་ཞིང༌། བག་ཆགས་མཐའ་ཡས་པ་ཞིག་ཡོད་པའི་ནང་ནས། དབང་ཡུལ་གྱི་བག་ཆགས་སྨིན་པ་ལས། དབང་ཤེས་དང་དབང་ཤེས་ཀྱི་བག་ཆགས་སྨིན་པ་སྐྱེ་བའི་ཕྱིར། དེའི་སྣང་ཆ་སེམས་ཅན་རྣམས་ཀྱི་སྣང་ངོར། དབང་ཡུལ་གཉིས་བྱུང་ཞིང༌། དེ་ལས་རྣམ་རྟོག་དང་རྣམ་ཤེས་འབྱུང་ངོ༌། །རྣམ་རྟོག་ནི་སེམས་ལས་འབྱུང་བ་སྟེ། རྣམ་ཤེས་སོ་སོའི་འཁོར་རྣམ་པར་རྟོག་པ་ཡང༌། རང་གི་རྣམ་ཤེས་དེ་ཉིད་ཀྱི་སྔ་རོལ་དང༌། དུས་མཉམ་དང༌། ཕྱིས་འབྱུང་བ་དག་ཡོད་དེ། ལོ་མ་མཐོ་དམན་བར་གསུམ་གྱིས། མེ་ཏོག་དང་འབྲས་བུ་ལ་ཕན་འདོགས་པ་དང་འདྲའོ། །ཚིགས་བཅད་འདི་ལ་ངྷྲུའི་རྐང་པ་ནི། མཆོག་གི་བླ་མའི་ཞེས་སོགས་ཡིན་ཏེ་འབབ་པར་བྱེད་ཅེས་པའི་མཐའ་དང༌། མཚན་ཉིད་ཀྱི་ཞེས་པའི་མཐའ་དང༌། སྲིད་པར་མོས་ཞེས་པའི་མཐའ་དང༌། ཉིད་ནས་སྤྱོད་ཅེས་པའི་མཐའ་རྣམས་སུ་ངྷྲུའི་རྐང་པ་སྦྱར་བས། ཚིག་དོན་འབྲེལ་ཆགས་པའི་གོ་བ་བསྐྱེད་པར་གྱུར་པ་ཡིན་ནོ། །དེས་ན་སྔ་མ་རྣམས་ལའང༌། ངྷྲུའི་རྐང་
པ་གང་ཡིན་བརྟག་དགོས་སྟེ། མ་བརྟགས་པར་རྐང་པ་གཉིས་པ་ལྟ་བུ་གཅིག་ལ། ངྷྲུའི་རྐང་པར་སྔ་ཕྱི་ཐམས་ཅད་དུ་ངོས་བཟུང་ན། འགའ་ཞིག་ཚིག་འབྲེལ་མེད་དུ་འགྲོ་ཉེན་ཡོད་དོ། །མཆོག་གི་བླ་མའི་གསུང་མན་ངག་གི་སྟ་རེས་ཡིད་ཀྱི་ལྗོན་པ་བཅད་ཟིན་གྱི་ཤིང་ལྗོན་པ་དེ་སླར་ཡང་མི་སྐྱེའོ་ཞེས་ཀཧྣས་སྨྲས་སོ། །དེ་ཡང་ལམ་གྱི་སྟ་རེས་སྤང་བྱ་བག་ཆགས་ཅན་གྱི་ཡིད་སྤང་བ་ནི། ལམ་གྱི་ཆེ་བ་དང༌། ཀུན་རྫོབ་ཐ་སྙད་ཀྱི་ཚུལ་ལས་ཡིན་ཅིང༌། སླར་ཡང་མི་སྐྱེ་བ་ནི། གདོད་མ་ནས་སྐྱེ་བ་མེད་པ་དོན་དམ་པ་འགོག་བདེན་གྱི་རྒྱུ་མཚན་ཏེ། དངོས་པོ་ཞིག་གདོན་ནས་ཡོད་ན། ལན་འགའ་སྤངས་ཀྱང༌། སྣང་བ་དེ་སླར་འབྱུང་བ་སྲིད་དེ། གདོད་ནས་གྲུབ་པའི་ས་བོན་སྤོང་མི་ནུས་པའི་ཕྱིར་རོ། གདོད་ནས་མེད་པ་ལ་ནི་དེར་སྣང་གི་འཁྲུལ་པ་ཟད་ན། སླར་སྣང་བ་མི་འབྱུང་སྟེ། སྣང་བའི་རྒྱུ་མེད་པའི་ཕྱིར་རོ། །བག་ཆགས་ཅན་གྱི་ཡིད་ཀྱི་ཤིང་དེ། དགེ་བ་དང་མི་དགེ་བའི་རྣམ་པར་རྟོག་པའི་ལས་ཀྱི་ཆུ་ཡིས་འཕེལ་བར་བྱེད་ཀྱང༌། དོན་དམ་བདེ་བ་ཆེན་པོ་ལ་མཁས་པས། ཡིད་ཀྱི་ལྗོན་ཤིང་བཅད་པར། དགེ་མི་དགེའི་ཆུའི་བྱེད་པ་རང་སར་ཆད་པ་འདི་ནི། བླ་མ་དམ་པའི་ཞབས་པད་སློབ་མ་མཆོག་གི་གུས་པར་བརྟེན་པའི་མཚནཉིད་དེ། ཁྱད་ཆོས་ཀྱིས་ཡིན་ནོ། །གལ་ཏེ་བླ་མ་དམ་པའི་མན་ངག་དང་བྲལ་བས། བག་ཆགས་ཀྱི་ཤིང་གང་ཞིག་རྩ་བ་ནས་གཅོད་པ་དང༌། ཆ་ཤས་ནས་གཏུབ་པའི་ཐབས་མི་ཤེས་པ་དེ་དང་ནི། ཕྱིས་ཉོན་མོངས་པ་དང་མི་དགེ་བའི་རླན་དྲོད་ཀྱིས་རུལ་ནས། ངན་འགྲོར་ལྟུང་ཞིང༌། མཐའ་མེད་པར་སྡུག་བསྔལ་མྱོང་བར་འགྱུར་མོད་ཀྱང༌། སྐྱེ་བོ་རྨོངས་པ་རྣམས་ཉིད། སྲིད་པ་འཁོར་བ་འཕེལ་བའི་ཐབས་ཉིད་ལ་མོས་ཤིང་དགའ་བར་བྱེད་དོ། །རྟོག་དཔྱོད་ཅན་གྱི་སྒོམ་པས་རྩ་བ་གཅོད་པར་མི་ནུས་ཤིང༌། ཐོས་བསམ་ཙམ་གྱི་ཤེས་རབ་
ཀྱི་ཆ་ཤེས་ཡལ་ག་ཡང་གཏུབ་པར་མི་ནུས་ཞེས་དང༌། ལྗོན་ཤིང་གསར་བའི་དུས་སུ་མ་བཅད། རྙིང་ནས་རུལ་བ་ན་འགྱེལ་བའི་ཚེ་ནོར་དུ་མ་བཏུབ་ཅིང་གཞན་ལའང་གནོད་པ་སྐྱེལ་བ་དཔེར་མཛད་ནས། བག་ཆགས་རྣམས་འབྲས་བུ་མ་སྨིན་གོང་དུ་མ་སྤངས། རུལ་བ་དང་འདྲ་བར་སྨིན་པ་ན། རང་གཞན་སྡུག་བསྔལ་བསྐྱེད་པ་ཙམ་ཞིག་ཡིན་ནོ། །ཞེས་པའི་དོན་དུ་ཤེས་པར་བྱའོ། །བླ་མ་དམ་པའི་གསུང་གི་ལམ་ཐོབ་པ་ནི། སྟོང་པ་ནི་སྟོང་པ་ཆེན་པོ་མ་རིག་པ་ཉོན་མོངས་ཀྱི་ཤིང་ཐམས་ཅད་ཀྱི་མཆོག་གཙོ་བོ་དེ། ནམ་མཁའ་སྟོང་པའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་ས་གཞི་དེར། འོད་གསལ་བདེ་བ་རྣམ་པ་ཐམས་ཅད་པའི་སྟ་རེ་ཡིས། མ་རིག་པའི་ཤིང་དེའི་ཡལ་ག་ནས་བརྩམས་ཏེ། རིམ་གྱིས་བཅད་ནས་མཐར་རྩ་བ་ཉིད་ནས་ཀྱང་གཅོད་དོ། །དེ་ནི་དང་པོར་རྫོགས་རིམ་གྱི་ཉམས་མྱོང་ཐོག་མ་སྐྱེས་པ་ནས། མ་རིག་པའི་ཆ་ཤས་ལྡོག་ཅིང༌། མཐར་ཟུང་འཇུག་མཆོག་གི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྩ་བ་ནས་སྤང་པའི་བར་དུ་གོ་བར་བྱའོ། །དེ་ལྟ་བས་ན་ཡང་དག་པའི་ཡེ་ཤེས་སྐྱེ་བ་ནི། བླ་མ་དམ་པའི་བཀའ་དྲིན་ལས་ཡང་དག་པར་ཐོབ་པའོ། །ཨོཾ་ཨ༌། །།༈ དེ་ལྟར་ན་སློབ་དཔོན་སྤྱོད་པ་པའི་དོ་ཧ་སྡེ་ཚན་བཅུ་གསུམ་པོ་དེ་དག་ནི། སློབ་དཔོན་ཐུབ་པས་བྱིན་གྱིས་བཤད་པ་མཛད་པ་དང་ཕལ་ཆེར་མཐུན་པར་བྱས་པ་སྟེ། དེར་བཤད་པ་གཞུང་དོན་དུ་མི་འགྱུར་བ་ཅུང་ཟད་ཡོད་པ་རྣམས་བོར་ཞིང༌། འགྲེལ་པར་མ་ཐོན་པ་གཞུང་གི་ཚིག་དོན་དང་ཁོག་དོན་གནས་པ་གལ་ཆེ་བ་ཅི་རིགས་པའང་བསྣན་ཏེ་གསལ་བར་བརྗོད་པ་ཡིན་ནོ། །ཡང་བོད་ཀྱི་ཕྱོགས་འདིར་ཀོར་ནི་རུ་བར་གྲགས་
པ་ཟངས་གླིང་གི་པཎྜི་ཏ་པྲཉྫཱ་ཤྲཱི་ཛྙཱ་ན་དང༌། ཡང་སློབ་དཔོན་དྷི་རི་ཤྲཱི་ཛྙཱ་ན་དང༌། བྲམ་ཟེ་རཏྣ་པཱ་ལ་དང༌། སྟོང་ལུང་བྷཻ་རོར་གྲགས་པ་བཻ་རོ་ཙ་ན་བཛྲ་ཞེས་པ་འདི་རྣམས་ཀྱིས། གྲུབ་ཐོབ་སོ་སོའི་དོ་ཧ་དང༌། གདམས་ངག་ཐོར་བུ་མང་དུ་བསྒྱུར། དམ་པ་སངས་རྒྱས་སུ་གྲགས་པ་བླ་མ་རྒྱ་གར་ནག་པོ་ཆུང་བས་ཀྱང༌། གྲུབ་ཐོབ་སོ་སོའི་གཞུང་ཕྲན་གདམས་ངག་ཡིན་གསུང་བ་ཆེས་མང་བ་ཞིག་གསུངས་འདུག དེ་དུས་ཞ་མ་ལོ་ཙ་བ་སེང་གེ་རྒྱལ་མཚན་དང༌། རྨ་ཆོས་འབར་སོགས་ཀྱིས་བསྒྱུར་བའང་མང་དུ་འདུག་ཅིང༌། མང་པོ་ཞིག་ཁོང་རང་གི་རང་འགྱུར་བོད་སྐད་དུ་བསྒྱུར་རོ། །ཡང་མང་པོ་ཞིག་མཐའ་ཅིག་ཏུ་བསྒྱུར་བར་ཡང་མ་ངེས་ཐུགས་ལས་འཁྲུངས་པའང་ཡོང་པར་སྣང་སྟེ། གྲུབ་ཐོབ་ཀྱི་རྣམ་ཐར་ལ་ངེས་པ་མེད་མོད། འོན་ཀྱང་འདིའི་རིགས་ལ་དཔྱད་པ་མི་འཇུག་གོ །དེ་རྣམས་ཀྱི་ནང་ན་སློབ་དཔོན་ནག་པོ་སྤྱོད་པ་པའི་གསུང་དུ་བྱས་པ་ཐོར་བུ་མང་དུ་སྣང་མོད་ཀྱང༌། རེ་ཞིག་གཞན་རྣམས་བཏང་སྙོམས་སུ་བྱས་ནས། བྲམ་ཟེ་རཏྣ་པཱ་ལས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཕལ་ཆེར་གྱི། དོ་ཧ་དང་གདམས་པ་སྣ་རེ་སྣ་གཉིས་བསྡུས་པའི་རང་འགྱུར་དུ་མཛད་པ་འདི། རྒྱ་དཔེ་ལས་བསྒྱུར་ངེས་པའི་གཞུང་ཡིད་ཆེས་ཅན་དུ་འདུག །འདིའི་ནང་ན་ནག་པོ་སྤྱོད་པ་པའི་དོ་ཧ་འདི་འབྱུང་སྟེ། དེ་ཡང༌། རྡུལ་ཚོན་དཀྱིལ་འཁོར་བུམ་པ་དྲིལ་བུ་སོགས། །གྲོལ་བར་མི་ལྟ་ཕུང་པོ་འགྲངས་པའི་ཐབས། །ཀཧྣ་པས་བརྗོད་དེ་འདྲ་སུ་ཞིག་བྱེད། །ཐམས་ཅད་རྫུན་པ་ཡིན་པས་བསླུ་བར་འདོད། །ལྷན་སྐྱེས་གཅིག་པུའི་ལམ་མཆོག་འདི་ཉིད་ནི། །ཀཧྣ་ང་ཡིས་གསལ་བར་ཡོངས་སུ་ཤེས། །ལུང་དང་བསྟན་བཅོས་མང་པོ་བཀླགས་པ་དང༌། །སྦྱངས་ཀྱང་བྱིས་པས་ཅུང་ཟད་ཤེས་མི་འགྱུར། །
གཡས་དང་གཡོན་གྱི་ལམ་ལ་འགྲོ་བ་བཀག །ཟླ་བ་ཉི་མ་སྒྲ་གཅན་གཅིག་ཏུ་འདྲེས། །སྣང་མིན་མུན་པ་མིན་ལ་རབ་ཏུ་གསལ། །ལྷན་ཅིག་སྐྱེས་པ་བླ་མའི་དྲིན་ལས་འབྱུང༌། །ནག་པོ་སྤྱོད་པའི་གླུ་རྫོགས་སོ་ཞེས་འབྱུང་སྟེ། འདི་ནི་གོང་དུ་བཤད་ཟིན་པའི་དོ་ཧ་སྔ་མ་རྣམས་དང་ཚིག་ལམ་ཡང་འདྲ་བར་སྣང་ངོ༌། །འདིའི་དོན་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱིས་མཚོན་པའི། རས་བྲིས་དང་འབུར་དོད་དང༌། རྣམ་རྟོག་གིས་བརྟགས་པའི་ལུས་དཀྱིལ་སོགས་སྤྲོས་པའི་དཀྱིལ་འཁོར་དང༌། བུམ་པ་དང་དྲིལ་བུ་ལ་སོགས་པ་རྫས་ཀྱི་ཁྱད་པར་ལ། མཚན་མར་ལྟ་ཞིང་ངོམས་པས། གྲོལ་བར་མི་ལྟ་སྟེ་གྲོལ་བ་མ་མཐོང་ལ། དེ་ཉིད་ཕུང་པོ་འགྲངས་པའི་ཐབས་འཚོ་བའི་རྒྱུ་ཅན་ཙམ་ཡིན་ནོ། །ཞེས་ཀཧྣ་པས་བརྗོད་དོ། །མཆོག་དོན་དུ་གཉེར་བས་སྤྲོས་པ་དེ་འདྲ་སུ་ཞིག་བྱེད་དེ། འདུས་བྱས་བཅོས་མའི་རྣལ་འབྱོར་དེ་ཐམས་ཅད་རྒྱུ་རྫུན་པ་ཡིན་པས་ན། གོ་འཕང་མི་གཡོ་བའི་འབྲས་བུ་མི་ཐོབ་ཅིང་བསླུ་བ་ཡིན་པར་འདོད་དོ། །གཅིག་པུའི་ཞེས་པ་གཞི་མཐུན་བསྡུ་བ་སྟེ། ལྷན་སྐྱེས་གཅིག་པུ་ཡང་ཡིན་ལ་ལམ་མཆོག་ཀྱང་ཡིན་པ་འདི་ཉིད་ནི། ཀཧྣ་བ་ང་ཡི་ཉམས་སུ་མྱོང་བས་གསལ་བར་ཡོངས་སུ་ཤེས་ཀྱི། བྱིས་པ་སོ་སོའི་སྐྱེ་བོའི་པཎྜི་ཏ་སོགས་མཁས་རྨོངས་རྣམས་ཀྱིས། ལུང་བཀའ་དང་བསྟན་བཅོས་དགོངས་འགྲེལ་མང་པོ་བཀླགས་པ་དང་སྦྱངས་ཀྱང༌། ཟབ་མོའི་དོན་འདི་ཅུང་ཟད་ཀྱང་ཤེས་པར་མི་འགྱུར་ཏེ། བླ་མའི་མན་ངག་དང་བྲལ་བས་སོ། །ལུང་གསང་སྔགས་དང་བསྟན་བཅོས་ནི་སྡེ་སྣོད་གསུམ་མམ། སྒྲ་ཚད་སོགས་ཕྱི་རོལ་གྱི་ཚུལ་ལ་འཆད་པའང་ཡོད་དོ། །ལྷན་སྐྱེས་ཀྱི་ལམ་དེ་ཡང་ཇི་ལྟ་བུ་ཞེ་ན། གཡས་རོ་མ་དང༌།
གཡོན་རྐྱང་མའི་ལམ་ལ་རླུང་དང་ཐིག་ལེ་འགྲོ་བ་བཀག་སྟེ། དབུ་མར་འདུས་པས། སེམས་རྣམ་པར་མི་རྟོག་པའི་བདེ་སྟོང་གཅིག་ཏུ་གནས་ལ། ཟླ་བ་ཐིག་ལེ་དཀར་པོ་དང་སྣང་བ། ཉི་མ་ཐིག་ལེ་དམར་པོ་དང་མཆེད་པ། སྒྲ་གཅན་མུན་པ་རླུང་དང་ཐོབ་པ་སྟེ། དེ་རྣམས་གཅིག་ཏུ་འདྲེས་པ་ནི། ལུས་ཀྱི་ཆོས་དཀར་དམར་རླུང་གསུམ་དབུ་མར་དག་པ་དང༌། སེམས་ཀྱི་ཆོས་བདེ་གསལ་མི་རྟོག་པ་གསུམ་རོ་མཉམ་པ་དང༌། ལུས་སེམས་གཉིས་ཀ་ལ་བརྟེན་པའི་ཆོས་དགའ་བ་གསུམ་གཅིག་ཏུ་འདྲེས་པ་ན། ཀུན་རྫོབ་རྣམ་ཤེས་ཀྱི་ཕྱོགས་ལ་སྣང་བ་མ་ཡིན་ལ། དོམ་དམ་ཡེ་ཤེས་ཀྱི་ཕྱོགས་ལ་མུན་པ་མ་ཡིན་པས། བདེ་བ་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བ་འདི་ནི་གདོད་མའི་སྐུའམ། འོད་གསལ་ཐམས་ཅད་སྟོང་པའམ། དགའ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཐོབ་པ་ཡང་རྡོ་རྗེ་སློབ་དཔོན་བླ་མ་དམ་པས་བྱིན་གྱིས་བརླབས་པའི་བཀའ་དྲིན་ལས་འབྱུང་ངོ་ཞེས་པ་སྟེ། གཞུང་འདིའི་རྫོགས་རིམ་གྱི་ཡེ་ཤེས་དངོས་དེ་ངོས་འཛིན་ཅིང༌། དེ་རྟོགས་པའི་ཐབས་ལ་ཐེ་ཚོམ་བསལ་བར་བྱས་པ་ཡིན་ནོ།། སཾ་སུ་ཁ་བྷ་བཾ།། ཚིགས་བཅད་ལྔ་པ། ༈ རྒྱ་གར་སྐད་དུ། པཉྩ་ཤུ་ལོ་ཀ བོད་སྐད་དུ། ཚིགས་བཅད་ལྔ་པ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆུ་ཟད་པས་ན་འདམ་གྱི་པདྨ་སྐེམས། །སྦྲང་རྩི་བྲོས་པས་གར་སོང་ཆ་ཡང་མེད། །རྩ་བ་ལོ་མ་སྡོང་བུ་མེ་ཡི་སྦྱོར་བས་ཟད། །ནང་པོ་ན་རེ་དབང་པོའི་བཞད་གད་ལ་ནི་ལྟོས། །ཟ་ཞིང་འཐུང་དང་གནས་ནས་ཡལ་ག་བཅག་ནས་སོང༌། །ཀྱཻ། འདིར་ནི་བདག་གི་ལས་ནི་གཏུམ་པོ་ལྟ་བུ་ཡིན། །དགུན་གྱི་བ་མོ་ལྟ་བུས་པདྨ་བསྲེགས། །ཡོན་ཏན་བརྒྱ་ནི་སྐྱོན་
གཅིག་གིས་ཟད་བྱས། །རྒྱ་མཚོ་ཟད་པས་པདྨ་རྣམས་ཀྱང་སྐམ། །དེ་ཚེ་སྒོ་བཅུ་ལས་ནི་དུ་བ་འབྱུང༌། །འཇིག་རྟེན་པ་ནི་ནག་པོ་མེད་ཅེས་ཟེར། །ནག་པོ་ཐེག་ཆེན་ཟབ་མོའི་ནགས་ན་གནས། །སེམས་ནི་སྟོང་ཞིང་གཉུག་མའི་ངང་དུ་རྫོགས། །ཕུང་པོ་བཞད་གད་གྱུར་ཀྱང་འགྱོད་པ་མེད། །འོ་མའི་ནང་ན་མར་ཡོད་མི་མཐོང་ཞིང༌། །འདོད་པ་ཡོད་དེ་འཇིག་རྟེན་པས་ནི་མཐོང་བ་མེད། །འཇིག་རྟེན་འཚོ་བའམ་ནི་འཆི་བ་གང་ཡང་མེད། །འདི་ལྟ་བུ་ཡི་ལོངས་སྤྱོད་ནག་པོ་རྣལ་འབྱོར་པ། །པདྨ་བཞིན་དུ་ལུས་ཆ་སྐམས་གྱུར་ཀྱང༌། །ནག་པོ་ཅི་ཡི་ཕྱིར་ན་ཤི་ཞེས་བྱ། །བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ནག་པོ་པས་མཛད་པའི་ཚིགས་སུ་བཅད་པ་རྫོགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་བཻ་རོ་ཙ་ནས་རང་འགྱུར་དུ་མཛད་པའོ། །འདིའི་མཚན་དོན་བསྒྱུར་བ་ནི། ཤྲུ་ལོ་ཀ་ནི་ཚིགས་བཅད། པཉྩ་ཀཾ་ནི་ལྔ་པ། དངོས་པོའི་དོན་ཀཾ་ནི་ཚིགས་སྡུད་ཀྱིས་བསྡུས་ཏེ། གྲངས་ཀྱི་མིང་སྔོན་དུ་སྦྱར་བའོ། །ཧེ་རུ་ཀ་ལ་ཕྱག་འཚལ་བ་ནི། རྒྱ་དཔེ་ཉིད་ལ་ཡོད་པ་སྟེ། སྐད་གཉིས་སྨྲ་བས་བཅུག་པ་ནི་མ་ཡིན་ནོ། །དོ་ཧའི་གླུ་དབྱངས་འདི་ནི། སློབ་དཔོན་ནག་པོ་སྤྱོད་པ་བ། སྒྱུ་མ་ལྟ་བུའི་རྣམ་པར་ཐར་པ་མངའ་བ་དེས། གང་གི་ཚེ་ཕྱི་རབས་ཀྱི་སེམས་ཅན་རྣམས་ལ། ང་རྒྱལ་གྱི་སྐྱོན་དང༌། བླ་མའི་བཀའ་སྤངས་བའི་ཉེས་དམིགས་སྟོན་པའི་ཕྱིར། ནུས་པ་ཐོབ་པའི་རྣལ་འབྱོར་པ་ཕོ་མོ་བདུན་ཅུ་རྩ་གཉིས་ཀྱི་དབུས་སུ་རྣམ་སྨིན་གྱི་ལུས་བོར་བའི་ཚུལ་བསྟན། དེ་ནས་ཞག་ལྔ་པ་ལ་གདུང་ཞུགས་ལ་གཞེན་པར་བརྩམས་པ་ན། རལ་གྲི་ལ་སོགས་པ་དངོས་གྲུབ་བརྒྱད་ཅུ་རྩ་བཞི་སྟེར་བར་བྱེད་པ་པོ། གདོད་མའི་གྲུབ་ཐོབ་
བརྒྱད་ཅུ་རྩ་བཞི་པོ་ཡང་འཁོར་དང་བཅས་པ་གང་ན་བྱུང་ཆ་མེད་པར་འོངས་ཏེ། བར་སྣང་ལ་དཀྱིལ་འཁོར་བྲིས་པའི་དབུས་སུ་གདུང་བཞག་སྟེ་མེ་འོད་ཀྱིས་སྦྱངས་སོ། །དེར་མྱ་ངན་གྱི་ཤུགས་དང༌། འཕྲུལ་གྱི་བཀོད་པ་དེ་དག་ལྟ་བར་འོངས་པའི་རྣལ་འབྱོར་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང༌། གཞན་ཡང་གློ་བུར་དུ་ལྷགས་པ་འབུམ་ཕྲག་དུ་མ་འདུས་ཏེ་གནས་པ་ལས། ཞག་བདུན་པའི་ཐ་མར་སློབ་དཔོན་ཉིད་སྔོན་བཞིན་དུ་བྱོན་ཏེ་མངོན་སུམ་ཉིད་དུ་སྣང་བ་ལས། གདུགས་བདུན་བརྒྱ་དང༌། ཅང་ཏེའུ་བདུན་བརྒྱ་དང༌། སྣང་བ་དང་མི་སྣང་བའི་འཁོར་བདུན་བརྒྱ་པ་གཉིས་དང་བཅས་པའོ། །རྣལ་འབྱོར་པ་ཐམས་ཅད་ངོ་མཚར་སྐྱེས་ནས་མདུན་དུ་བསུ་བ་ལས། ཆོས་ཀྱི་བཀའ་མཆིད་བགྲོ་བ་མང་དུ་མཛད་ནས། ངའི་ལུས་ག་རེ་ཞེས་གསུང་པ་ལ། བསྲེགས་ཟིན་ནོ་ཞུས་པས། གླུ་དབྱངས་དམ་པ་འདི་གསུངས་ཏེ་འཁོར་སྟོང་བཞི་བརྒྱ་དང་བཅས་མི་སྣང་བར་གྱུར་སྐད། དེ་ནས་རེ་ཞིག་ཤར་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད། སློབ་མ་རྣལ་འབྱོར་ཕོ་མོས་གང་བ་ལྟ་བུར་ཡོད་པ་ལས། ཇི་ཞིག་ལྟར་ལ་གར་སོང་ཆ་ཡང་མེད་དོ། །དུས་དེ་ཉིད་དུ་མ་རུ་ལ་སོགས་པ་ནུབ་ཕྱོགས་ཀྱི་ཡུལ་རྣམས་སུ་ནི། སྐུ་ལུས་ཕྱག་རྒྱ་དྲུག་དང་ལྡན་པ་མངོན་སུམ་དུ་བྱོན་ནས། ཡུལ་ཐམས་ཅད་རྒྱུ་ཞིང༌། སྐྱེ་བོ་མང་པོ་ལ་ཆོས་སྟོན་པ་སོགས། དུས་ཡུན་རིང་པོར་ཡང་བཞུགས་སོ། །ལྷོ་ཕྱོགས་ཀརྞ་ལ་སོགས་པའི་རྒྱུད་དུ་ནི། བར་དོར་མཆོག་བརྙེས་ནས། སྔར་གྱི་སྐུ་ལུས་དེ་ཉིད་ལ་ཞུགས་ཏེ། སྐུ་ལུས་དེ་ཁོ་ན་ཡིན་ཅེས་ཟླ་བ་མང་པོར་སེམས་ཅན་གྱི་དོན་མཛད་པ་ཡང་བྱུང་ངོ༌། །ཡུལ་ཁ་ཅིག་ཏུ་ནི་སྔར་གྱི་སྐུ་ལུས་ལ་ཞུགས་ཏེ། སྔར་རིག་རྡུལ་
གྱི་དུས་ལ་མ་སླེབས་པས་ཉེས། ད་ནི་དུས་ལ་མ་བབ་པར་དུ་སྤྱོད་པ་མི་བྱ་སྟེ། གལ་ཏེ་དུས་ལ་བབ་ན་ཕྱག་རྒྱ་དྲུག་རང་བྱུང་དུ་འབྱུང་བར་ཤོག་ཅེས་གསུངས་ནས། ཡུན་རིང་དུ་སྒོམ་མཛད་པས། སྐུ་ལ་རྒྱན་དྲུག་རང་བྱུང་དུ་བྱུང༌། སྤྱོད་པ་ཞག་བདུན་དུ་སྤྱད་པས་འཇའ་ལུས་སུ་གྱུར་ཟེར་རོ། །ཡང་ཡུལ་གཞན་ཞིག་ཏུ་ནི་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་ཏེ། སྐུ་ལ་རུས་པའི་རྒྱན་རང་བྱུང་གིས་བརྒྱན་པ་བཙས། མི་རིང་བར་ཆེན་པོར་གྱུར་ཞིང་ལམ་གྱི་ལྷག་མ་བསྒོམས་ནས། ཟུང་འཇུག་གི་སྐུ་བརྙེས་པར་ཡང་མཐོང་ངོ༌། །མཛད་པ་དེ་དག་བསྟན་པའི་གནས་སོ་སོ་པ་དེ་དག་ན་སྐྱེ་བོ་འདུ་བའི་མཆོད་པ་ནི་ད་ལྟ་ཡང་ཡོད་དོ། །དེ་ལ་འདིར་བཤད་བྱ་ཚིགས་བཅད་བཞིའི་ཚིག་རྐང་བཅུ་བཞི་ནི། སློབ་དཔོན་རང་ཉིད་ཀྱི་རྟོགས་པ་བརྗོད་པའི་ཚུལ་གྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཇི་ལྟར་འགྲུབ་པའི་ཚུལ་བརྗོད་པ་ཡིན་ལ། རྐང་བ་ཕྱི་མ་དྲུག་གིས་ནི། དེ་འགྲུབ་པའི་རྒྱུ་མཚན་དུ། དོན་དམ་དབྱིངས་ལ་བསལ་བཞག་མེད་པའི་དོན་བསྟན་ནོ། །དེ་ལ་དཔེར་ན་ཆུ་དང་བཅས་པའི་འདམ་རྫབ་ཀྱི་པདྨའི་སྡོང་པོ་སྐྱེད་ཅིང༌། དེ་ལ་བུང་བ་རྣམས་ཀྱིས་སྦྲང་རྩི་མང་དུ་ལེན་པར་བྱེད་དོ། །གལ་ཏེ་ཆུ་སྐམས་ཤིང་ཟད་པ་ན། ས་འདམ་གྱིས་ཀྱང་པདྨ་རྙིང་ཞིང་སྐེམས་པར་བྱེད་ལ། སྦྲང་རྩི་འབྱུང་བའི་ནུས་པ་ཡང་བྲོས་པ་ཏེ་ཡལ་བས་གར་སོང་ཆ་ཡང་མེད་དེ། སྦྲང་རྩི་ནི་པདྨའི་ཡོན་ཏན་ནོ། །དེ་བཞིན་དུ་ཉོན་མོངས་ནི་ཆུ་དང་འདྲ། ལས་ནི་འདམ་དང་འདྲ། རྣམ་སྨིན་གྱི་དབང་པོ་དྲུག་རྣམ་ཤེས་དང་བཅས་པ་ནི། པད་སྡོང་དང་འདྲ། སྦྲང་རྩི་ནི་གཟུགས་སོགས་ཡུལ་
སྣང་དང་འདྲ་སྟེ། ཡུལ་སྣང་དེ་ནི་རྣམ་ཤེས་དབང་པོ་དང་བཅས་པའི་ཡོན་ཏན་ནོ། །སྤྱིར་ལས་ཉོན་ལས་སྡུག་བསྔལ་སྐྱེ་ཞིང་ལས་ཉོན་ཟད་པས་སྡུག་བསྔལ་གྱི་སྣང་བ་ཡང་ཟད་པ་ཡིན་མོད་ཀྱང༌། སྐབས་འདིར་ནི་ལས་ཉོན་སྡུག་བསྔལ་སྤྱི་ཙམ་ལ་མི་སྦྱོར། ཁྱད་པར་གྱི་དོན་འདི་ལ་སྦྱོར་ཏེ། ཉོན་མོངས་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་ཟད་པ་ན། ལས་རིག་པ་བརྟུལ་ཞུགས་སྤྱོད་པ་ཆགས་སོགས་ཀྱི་རོལ་བ་རྒྱ་ཆེན་པོས་ཀྱང་འཁོར་བ་མི་བསྐྱེད་དེ། རྣམ་སྨིན་གྱི་དབང་པོ་རྟེན་བཅས་ཡེ་ཤེས་ཀྱི་ངང་དུ་སྐེམས་ཤིང་ཟད་པར་བྱས་ལ། དབང་ཤེས་རྣམས་བདེ་ཆེན་དུ་གནས་གྱུར་པས། སྦྲང་རྩི་དང་མཚུངས་པའི་མ་དག་པའི་ཡུལ་སྣང་འགགས་ཏེ་གར་སོང་ཆ་ཡང་མེད་པ་ལྟ་བུར། ལྷན་སྐྱེས་འབའ་ཞིག་ཏུ་འགྱུར་རོ། །དེའི་རྒྱུ་ཡང་རྩ་བ་འབྱུང་བ་ལྔ་དང༌། སྡོང་པོ་ཕུང་པོ་ལྔ་དང༌། ལོ་མ་དང་དབང་པོ་ལྔའི་རྣམ་པར་རྟོག་པ་ཡེ་ཤེས་ཀྱི་མེ་གཏུམ་མོའི་སྦྱོར་བས་ཟས་པ་ལས་གྱུར་པ་སྟེ། སྙིང་གར་འབྱུང་བ་དང༌། མགྲིན་པར་ཕུང་པོ་དང༌། དཔྲལ་བར་དབང་ཡུལ་གྱི་རྩ་ཁམས་རླུང་རྣམས་དག་པར་བྱས་པའོ། །དེ་ལྟར་ཡང༌། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཤིང༌། །སྤྱན་མ་མིག་ལ་སོགས་པ་དག །བསྲེགས་པས་རི་བོང་ཅན་ཧཾ་འཛག །བདུད་རྩི་ཁུ་བའི་ཆོས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པ་གྲགས། །ཞེས་སོ། །དེ་ལ་ནག་པོ་སྤྱོད་པ་བ་བདག་ན་རེ། །དེ་ལྟར་འཁོར་བའི་ཆོས་དེ་རྣམས་གནས་ཚུལ་ལ་མེད་ཀྱང་ཟད་པར་སྣང་ཞིང༌། བདེ་བ་ཆེན་པོའི་སྣང་བ་རབ་འབྱམས། གསར་བྱུང་མིན་ཡང་
གསར་དུ་སྐྱེས་པ་ལྟར་སྣང་བའི། །དབང་པོ་སྒྱུ་མའི་བཞད་གད་རྩེ་མོ་འདི་ལ་ནི། ཁྱེད་རྣམས་ལྟོས་ཤིག་ཅེས་པ་སྟེ། དབང་པོ་ནི་ཨིནྡྲ་ཛ་ལ་སྟེ་སྒྱུ་མའི་མིང་ངོ༌། །ཤཱོ་ལོ་ཀ་དེ་ནི་མདོར་བསྟན་ཡིན་ལ། ཚིགས་བཅད་དེ་ཉིད་ཀྱི་དོན་སླར་ཡང་རྣམ་གྲངས་གཞན་གྱི་སྒོ་ནས་བཤད་པ་ནི། རྐང་པ་བཅུ་སྟེ་གཏུམ་མོའི་མེ་འབར་བས་རྩ་འཁོར་ལོ་གོང་མ་རྣམས་ཀྱི་སྙིགས་མའི་ཆ་ཟ་ཞིང་སྲེག་པ་དང་ཧཾ་ཡིག་ཞུ་བའི་བདུད་རྩི་འཐུང་པས། སྟེ་གསང་ནོར་བུའི་འཁོར་ལོ་ལ་སྙིགས་མའི་ཆ་རྣམས་འཁྲུད་པ་དང༌། འཁོར་ལོ་ཐམས་ཅད་ཀྱི་ལྟེ་བར་འབར་འཛག་རོ་གཅིག་ཏུ་འདྲེས་པའི་ཚུལ་གྱིས་གནས་པ་དང༌། དེས་ཡལ་ག་རྩ་མདུད་ཐམས་ཅད་དང༌། ཡན་ལག་གི་འཁོར་ལོ་ཉེས་སྐྱོན་ཐམས་ཅད་བཅག་ནས། ཡེ་ཤེས་འབའ་ཞིག་ཏུ་སོང་ལ། གནས་སྐབས་འདིར་ནི་བདག་གི་ལས་ཏེ་བྱ་སྤྱོད་འདི་ནི། གཏུམ་པོ་གདོལ་བ་ལྟ་བུ་ཡིན་ཏེ། རྣམ་རྟོག་གི་ཕྱུགས་ཐམས་ཅད་གསོད་པར་བྱེད་པའི་ཕྱིར་རོ། །ཀྱཻ་ཞེས་འགྲོ་བ་རྣམས་ལ་བོས་པའོ། །ཡང་དཔེར་ན་འཇིག་རྟེན་དུ་ནི་དགུན་གྱི་བ་མོ་འབབ་པས། མེ་ཏོག་པདྨ་རྙིང་པར་བྱེད་པ་ནི་བདེན་ཡང༌། བ་མོས་བསྲེགས་སོ་ཞེས་བྱས་ན། གཞན་གད་དུ་འགྱུར་མོད་ཀྱི། འདིར་ནི་དེ་དང་མི་འདྲ་སྟེ་གཙུག་ཏོར་ལས་འོངས་པའི་བྱང་ཆུབ་ཀྱི་སེམས། དགུན་གྱི་བ་མོ་ལྟར་བསིལ་བ་ནོར་བུའི་ཆར་དུ་བབས་པ་ན། རྩ་འཁོར་སོ་སོ་ན་གནས་པའི་གཏུམ་མོའམ་འཐུར་དུ་འོངས་པའི་ཆུ་རྒྱུན་དང་ཐབས་གཅིག་པའི་གཏུམ་མོ་དེ་དག་གིས་པདྨ་རྩ་འཁོར་རྣམས་ཀྱི་དྲི་མ་སྲེག་པར་བྱེད་དོ། །དེའི་ཚེ་མུན་རྡུལ་སྙིང་སྟོབས་ཀྱི་ཡོན་ཏན་ལས་ཕྱེ་བའི་
ཡོན་ཏན་རྣམ་གྲངས་བརྒྱ་ཕྲག་མང་པོ་རྣམས་ནི། སྐྱོན་ལྷན་ཅིག་སྐྱེས་དགའི་སྐད་ཅིག་མ་གཅིག་གིས་ཟད་པར་བྱས་པ་སྟེ། ཁུ་རྡུལ་རླུང་གསུམ་མི་འགྱུར་བའི་ཐིག་ལེར་གྱུར་པའོ། །ལྷ་སྐྱེས་ལ་སྐྱོན་གྱི་བརྡས་འཆད་པ་ཅི་སྙམ་ན། སྐྱོན་ཞེས་བྱ་བ་ཉོན་མོངས་ཀྱི་མེད་ཡིན་ལ། ལྷན་སྐྱེས་ཀྱང་ཉོན་མོངས་ཆེན་པོ་སྟེ་ཉོན་མོངས་དང་འདྲ་ཆོས་ཡོད་པས་སོ། །བརྟེན་པ་ཉོན་མོངས་དང༌། རྟེན་ཁུ་རྡུལ་གྱི་རྒྱ་མཚོ་མི་འགྱུར་བའི་དབྱིངས་སུ་ཟད་པས། པདྨ་རྩ་འཁོར་རྣམས་ཀྱང་རྡུལ་ཕྲ་རབ་གྱི་ཆོས་རྣམས་སྐམས་ཤིང་དེངས་པ་ལྟར་གནས་གྱུར་པའོ། །འདི་ནི་མས་བརྟན་གྱི་ས་བཅུ་དྲུག་གམ། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཏེ། དེའི་ཚེ་སྔར་སྲོག་དང་ཐུར་སེལ་དང༌། གྱེན་རྒྱུ་དང༌། མཉམ་གནས་དང༌། ཁྱབ་བྱེད་དང༌། ཀླུ་དང༌། རུས་སྦལ་དང༌། རྩངས་པ་དང༌། ལྷ་སྦྱིན་དང༌། གཞུ་རྒྱལ་ཏེ། རླུང་བཅུ་པོ་གང་ལས་འབྱུང་བའི་སྒོ་བཅུ་ལས་ནི་དུ་བའི་བརྡས་བསྟན་པ། མངོན་ཤེས་དང་བཅས་པའི་དཀྱིལ་འཁོར་རབ་འབྱམས་དག་འབྱུང་བར་འགྱུར་རོ། །འདིས་ནི་ཏིང་ངེ་འཛིན་གྱི་རིམ་པའི་སྐབས་སུ། རླུང་བཅུ་རྩ་བ་ནས་ཐིམ་ཞིང་གནས་གྱུར་པ་དེ་བསྟན་པ་ཡིན་ནོ། །དཔལ་དྲི་མ་མེད་པའི་འོད་ལས། ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་རླུང་རྣམས་མི་འབབ་པ་གང་གི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་ཐ་མལ་གྱི་སྒོ་གསུམ་ཡེ་ཤེས་ཀྱི་ངོ་བོར་ཐིམ་པའི་གོ་འཕང་མངོན་དུ་བྱས་པ་ཡིན་ན་འཇིག་རྟེན་པ་རྣམས་ནི་ངའི་ལུས་ཀྱི་བཀོད་པ་མ་མཐོང་བས། སློབ་དཔོན་
ནག་པོ་ནི་ཤི་ནས་མེད་ཅེས་ཟེར་ཏེ། ནག་པོ་པ་ངའི་སྒོ་གསུམ་ནི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འོད་གསལ་ཟབ་མོའི་ནགས་ན་གནས་པ་ཡིན་ཡང་འཇིག་རྟེན་པས་དེ་ལྟར་མི་ཤེས་སོ། །དཔེར་ན་དེད་དཔོན་ཞིག་ནགས་ཀྱི་དགའ་སྟོན་ལ་སོང་ཞིང་ནགས་ན་གནས་པ་ན། འགའ་ཞིག་གིས་ཁྱིམ་ན་དེ་མ་མཐོང་ནས་ཤིའོ་སྙམ་དུ་འཛིན་པ་དང་འདྲའོ། །འོད་གསལ་དེར་སྣང་མཆེད་ཐོབ་པའི་སེམས་གསུམ་རང་བཞིན་བརྒྱད་ཅུ་དང་བཅས་པས་སྟོངས་ཤིང་འགགས་ལ། གཉུག་མ་གདོད་ནས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་ངང་དུ་ཡོན་ཏན་གྱི་རྩལ་ཐམས་ཅད་རྫོགས་པ་སྟེ། ཟུང་འཇུག་གི་གོ་འཕང་ཐོབ་པས་ངེས་པ་ན། རྣམ་སྨིན་གྱི་ཕུང་པོ་དངོས་སུ་ན་བོར་རྒྱུ་མེད་ཀྱང༌། སྐྱེ་བོ་རྣམས་ཀྱི་སྣང་ངོར་བོར་བ་དང༌། བསྲེགས་པ་སོགས་སུ་མཐོང་བའི་བཞད་གད་སྒྱུ་མའི་རྩེད་མོ་བསྟན་པར་གྱུར་ཀྱང༌། སྡུག་བསྔལ་གྱི་འགྱོད་པ་མེད་དོ། །དེ་ནི་གོང་འཕང་མཆོག་ཐོབ་ནས། ཕུང་པོ་བོར་བ་ཙམ་ལ་རྩིས་གདབ་མི་དགོས་སོ། །ཞེས་པའི་བརྡས་ཟུང་འཇུག་ཐོབ་པ་ལ། སྐྱེ་དགའ་ན་འཆིའི་སྡུག་བསྔལ་མེད་པར་བསྟན་ནོ། །ཇི་སྐད་དུ། རྒྱལ་སྲས་འགྱུར་མེད་ཆོས་ཉིད་འདི། །རྟོགས་ནས་མ་རིག་ལྡོངས་རྣམས་ཀྱིས། །སྐྱེ་བ་ལ་སོགས་དག་ཏུ་ནི། །མཐོང་བ་གང་ཡིན་དེ་རྨད་དོ། །ཞེས་གསུངས། དེ་ནི་དོན་དམ་དབྱིངས་ལ་བསལ་བཞག་མེད་པར་བསྟན་ཏེ། དཔེར་ན་འོ་མའི་ནང་ན་མར་གྱི་དངོས་པོ་ཡོད་ཀྱང༌། སྐྱེ་བོ་རྣམས་ཀྱིས་འོ་མའི་དུས་ན་མར་ཡོད་པར་མི་མཐོང་བ་བཞིན་དུ། འདིར་
ཡང་འདོད་པ་སྟེ་འདོད་པ་བྱ་བའི་ཡུལ་ལམ། རྟོགས་བྱའམ་ཐོབ་བྱ་དབྱིངས་སུ་འགྲོ་བའི་ཆོས་སྐུ་དེ། སེམས་ཅད་ཐམས་ཅད་ལ་གནས་ཀྱང་འཇིག་རྟེན་སོ་སོའི་སྐྱེ་བོ་རྣམས་ཀྱིས་ན་མཐོང་བ་མེད་ལ་ཐེག་པ་ཆེན་པོ་ལ་ཞུགས་པའི་འཕགས་ཆེན་རྣམས་ཀྱིས་ཅི་རིགས་པར་གཟིགས་ཤིང༌། གཟིགས་པ་སྒྲིབ་པ་མེད་པ་མཐར་ཐུག་པ་ནི། སངས་རྒྱས་ཁོ་ན་ལའོ། །འོ་མའི་དཔེ་འདི་ནི་མཚོན་པ་སྟེ། སྙིང་པོའི་དཔེ་རྣམ་པ་དགུ་ལ་སོགས་པས་ཀྱང་རྟོག་པར་བྱའོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ནི། འཇིག་རྟེན་ན་ཚེ་གནས་པས་འཚོ་བར་གྲགས་པ་དང༌། ཟས་རྣམ་པ་བཞི་ལྟ་བུ་གསོ་བྱེད་ཀྱིས་གསོ་བ་ཡང་མེད་དེ། དོན་དམ་དབྱིངས་ལ་སྐྱེ་བ་མེད་ཅིང༌། རྒྱུ་རྐྱེན་གྱི་འཇུག་པ་དང་བྲལ་བའི་ཕྱིར་རོ། །འཚོ་བའམ་ནི་ཞེས་པ་འདི། འཚོ་བ་དང་ནི་ཞེས་པར་བསྒྱུར་ན་ལེགས་སོ། དེ་བཞིན་དུ་དབྱིངས་དེ་ལ་འཆི་བ་གང་ཡང་མེད་དེ། འཇིག་པ་མེད་པའི་ཕྱིར་ཏེ། རྒྱུ་རྐྱེན་ཀྱི་འཇུག་པ་ཟད་པའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་འཇིག་པར་འགྱུར་ན་ནི། །རྐྱེན་གྱིས་འཇིག་གམ་ངོ་བོས་འཇིག །རྐྱེན་གྱིས་འཇིག་ན་སྐྱེ་རྒྱུ་འམ། །འཇིག་རྒྱུ་གཞན་གྱིས་འཇིག་འགྱུར་ན། །འདི་ནི་སུས་ཀྱང་མ་སྐྱེད་ཅིང༌། །གང་དང་ཡང་ནི་ཕྱིས་མི་འཕྲད། །ནམ་མཁའ་ཤིན་ཏུ་ཕྲ་བའི་ཕྱིར། །རྡུལ་གྱིས་རེག་ཐོགས་མི་ནུས་བཞིན། །གང་གཞན་སྐྱེད་རྒྱུས་མི་འཇིག་སྟེ། །སྐྱེས་པའི་ནུས་ཅན་ཡིན་ཕྱིར་རོ། །དངོས་པོ་གཅིག་ལ་སྐྱེད་འཇིག་གི །ནུས་པ་ལྷན་ཅིག་འགལ་བ་ཡིན། །སྐྱེད་པས་ལྷན་ཅིག་འཇིག་མི་ནུས། །ཡང་ན་འཇིག་པས་སྐྱེད་མི་ནུས། །འཇིག་རྒྱུ་གཞན་གྱིས་འཇིག་དགོས་ན། །ངོ་བོས་
འཇིག་པ་མིན་པ་དེ། །རྐྱེན་གཞན་གང་གིས་ཀྱང་མི་འཇིག །དངོས་པོ་ངོ་བོས་གནས་པ་མེད། །སྐྱེད་གནས་རྒྱུ་ནི་འགགས་པ་ལས། །འཇིག་པའི་སྣང་བ་འབྱུང་ཞེས་བརྗོད། །འཇིག་པ་ངོ་བོ་ཉིད་ཀྱིས་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་སྐྱེ་འཕྲོ་དང༌། །སྐྱེ་བའི་སྔོན་དུ་འཇིག་པའི་ཕྱིར། །སྐྱེ་བ་སྲིད་པར་མི་འགྱུར་ཞིང༌། །དེ་མེད་འཇིག་པ་ག་ལ་སྲིད། །གཉིས་ན་སྐྱེ་འཇིག་ཐམས་ཅད་ནི། །སྣང་བ་ཙམ་ཡིན་གནས་ཚུལ་མིན། །ཆོས་ཀྱི་སྐུ་ནི་གནས་ཚུལ་ཏེ། །དེ་ཕྱིར་དེ་ལ་སྐྱེ་འགག་མེད། །ཁ་ཅིག་སྐྱེ་འགག་མེད་པའི་དོན། །མེད་ཙམ་ཆོས་སྐུ་ཡིན་སྙམ་ན། །ངོ་བོ་ཉིད་ཀྱི་ནམ་དུ་ཡང༌། །མེད་པར་ངེས་ནས་དེ་ལ་སླར། །བདེན་པར་སྐྱེ་འཇིག་སྤྱོད་པ་ནི། །བླུན་པོ་ལ་ཡང་མི་རུང་ངོ༌། །བདེན་གཉིས་སོ་སོའི་གནས་སྐབས་སུ། །གཉིས་ཀ་ལ་ཡང་དེ་དང་དེའི། །ཁྱད་ཆོས་དཔྱད་པ་འཇུག་པ་ནི། །ཁྱད་གཞི་ཅན་རྣམས་ཁོ་ན་ལའོ། །ཞེས་པ་ནི་བར་སྐབས་སུ་བརྗོད་པའོ། །ཆོས་སྐུ་གདོད་མ་ནས་གྲུབ་པའི་ཕྱིར་བསལ་བཞག་མེད་མོད། དེ་ཟུང་འཇུག་གི་གོ་འཕང་ཐོབ་པའི་རྒྱུ་མཚན་དུ་ཅིའི་ཕྱིར་འགྱུར་སྙམ་ན། འདི་ལྟ་སྟེ། མཐར་ཐུག་པའི་ཟུང་འཇུག་ནི་ཆོས་ཀྱི་སྐུ་ཡིན་ལ། དེ་ལ་གསལ་སྟོང་བདེ་བའི་ཡོན་ཏན་ལོགས་སྐྱེས་སུ་ཡོད་པ་མ་ཡིན། དེ་ཉིད་སྤྲོས་པ་དང་བྲལ་བའི་སྟོང་པ་ཡང་ཡིན། མི་འགྱུར་བའི་བདེ་བ་ཡང་ཡིན། རྣམ་པ་ཀུན་ལྡན་གྱི་སྐུ་ཡང་ཡིན་ནོ། །དེའི་ཕྱིར་གདོད་མའི་གནས་ལུགས་ནི། སྟོང་ཆ་ཁོ་ན་ལ་མི་འཇོག་སྟེ། བདེ་བ་དང་རྣམ་པ་ཐམས་ཅད་པ་ཡང་གདོད་མའི་གནས་ལུགས་
ཡིན་ཅིང༌། གནས་ལུགས་ལ་ཆ་གཉིས་མེད་པའི་ཕྱྀར། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས། སེམས་ཅན་ཁོ་ནའི་སྟེང་དུ་སྒྱིལ་ཏེ་སྡོད་པ་ནི་མ་ཡིན་ནོ། །དེས་ན་དེ་ལྟ་བུའི་གསལ་སྟོང་བདེ་བའི་རང་བཞིན་ཆོས་སྐུ་དེ་ཡང་སྐྱེ་འཇིག་མེད་དེ་གདོད་མ་ཡིན་པའི་ཕྱིར་རོ། །ཉེས་སྐྱོན་བསལ་རྒྱུ་མེད་དེ། འཇིག་པ་མེད་པའི་ཕྱིར་རོ། །ཡོན་ཏན་གསར་དུ་བཞག་རྒྱུ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །དེ་དག་གི་ཁྱབ་སྒྲུབ་ནི། སྔར་ཡོད་བསལ་བ་ནི་འཇིག་པ་དང༌། སྔ་མེད་བཞག་པ་ནི་སྐྱེ་བའི་ཁྱད་པར་ཡིན་པའི་ཕྱིར་དང༌། ཁྱད་གཞི་སྐྱེ་འགག་དང་བྲལ་བ་ལ། ཁྱད་ཆོས་ཀྱི་སྐྱེ་འགག་ཀྱང་འཇུག་མི་ནུས་པའི་ཕྱིར་དང༌། ཀུན་རྫོབ་སྐྱེ་འགག་ཏུ་སྣང་བ་ནི། དོན་དམ་དབྱིངས་ཀྱི་ཁྱད་ཆོས་ཀྱང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱྀར་ཟུང་འཇུག་དེ་འཁོར་བའི་ཆོས་ཉིད་དུ་རྟག་པར་ཁྱབ་པའི་ཚུལ་གྱིས་བཞུགས་ཀྱང་འཁོར་བའི་མ་གོས་ཤིང༌། འཁོར་བ་པ་རྣམས་ཀྱིས་ནི་ཡོད་པས་ཆོས་སྐུ་མི་མཐོང་ཞིང༌། མེད་པའི་འཁོར་བ་མཐོང༌། གང་ཟུང་འཇུག་མཐར་ཐུག་མངོན་དུ་གྱུར་པ་ན། གདོད་ནས་ཡོད་པའི་ཆོས་སྐུ་མཐོང་ཞིང༌། གདོད་ནས་མེད་པའི་འཁོར་བ་མི་མཐོང་མོད། འཁོར་བ་སྔར་ཡོད་ཕྱིས་བསལ་དུ་མེད་དེ་གདོད་ནས་བསལ་རྒྱུ་མེད་པའི་ཕྱིར་རོ། །ཆོས་སྐུ་སྔར་མེད་གསར་བ་བཞག་ཏུ་མེད་དེ། གདོད་ནས་གྲུབ་པའི་ཕྱིར་རོ། །དེས་ན་སེམས་རྣམ་པར་གྲོལ་བའི་རང་སྣང་དུ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་ཡིན་ལ། འཕགས་སྐྱེས་ལ་ཇི་ལྟར་
སྣང་ཚུལ་ནི། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཞེས་བྱ། །ཞེས་གསུངས་པ་ལྟར་ཏེ་གཞན་ཡང་སེམས་ཅན་གང་ཞིག་རྒྱུད་མ་གྲོལ་བ། འཁོར་བའི་ལུས་ངག་ཡིད་གསུམ་ཅན་དེ་དག་ནི། ལས་དང་བག་ཆགས་མཐུན་པ་ཉིད་ཀྱི་ཕྱིར། འཁོར་བ་པ་གཞན་རྣམས་ཀྱིས་ཀྱང་མཐོང་ལ། སེམས་རྣམ་པར་གྲོལ་བའི་འཁོར་བའི་ལུས་ངག་ཡིད་གསུམ་གདོད་ནས་སྟོངས་པར་མཐོང་ཞིང་དབྱིངས་སུ་ཐིམ་པ་ན། ཆོས་ཉིད་ཀྱི་སྐུ་གསུང་ཐུགས་གཟི་བརྗིད་འོད་དུ་འབར་བས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་བཞུགས་ཀྱང༌། འཁོར་བ་པ་རྣམས་ཀྱིས་ནི་མི་མཐོང་ངོ༌། །དེས་ན་སྤྱི་ལྡོག་ནས་གདོད་ནས་གྲུབ་པའི་དོན་དམ་དབྱིངས་འཕགས་པས་གཟིགས་ཀྱང་སོ་སོ་སྐྱེ་བོས་མི་མཐོང་བར་གྲུབ་པ་ན། ཁྱད་པར་ཅན་ཟུང་འཇུག་གི་སྐུ་སྐྱེ་འཇིག་མེད་པའི་ཕྱིར་དངོས་སུ་བཞུགས་ཀྱང༌། བྱིས་པ་རྣམས་ཀྱིས་མི་མཐོང་བར་གྲུབ། དེའི་ཕྱིར་སློབ་དཔོན་སྤྱོད་པ་པ་ཟུང་འཇུག་མ་གྲུབ་བར་དུ་མི་རྣམས་ཀྱིས་མཐོང་ཡང༌། སྣང་བ་ཙམ་ཡིན་གྱི་དངོས་སུ་ན་འཚོ་བ་པོ་མ་ཡིན་ཏེ། སྐྱེ་བ་དང་གནས་པ་མ་གྲུབ་པའི་ཕྱིར་རོ། །ཟུང་འཇུག་ཐོབ་པ་ན་དེ་རྣམས་ཀྱིས་མ་མཐོང་ཡང༌། མེད་པའམ་ཤི་བ་ནི་མ་ཡིན་ཏེ། གནས་ལུགས་ལ་འགགས་པ་མེད་པའི་ཕྱིར་དང༌། ཡེ་ཤེས་ཀྱི་རྒྱལ་ཁམས་ན་རྟག་ཏུ་གནས་པའི་ཕྱིར་རོ། །ཞེས་པའི་དོན་ཏེ། དེའི་ཕྱིར་ནག་པོ་སྤྱོད་པ་པ་སྐྱེ་
འཆི་མེད་པའི་རྒྱུ་མཚན་ལ། གནས་ལུགས་ལ་བསལ་བཞག་མེད་པ་བཀོད་པ་ཡིན་ནོ། །རྣམ་པ་འདི་ལྟ་བུར་སྐྱེ་འཇིག་དང་བྲལ་བའི་བདེ་བ་ཆེན་པོའི་ལོངས་སྤྱོད་ལ། ལོངས་སྤྱོད་པའི་རྣལ་འབྱོར་པ་ནག་པོ་སྤྱོད་པ་ང་ནི། ཆུ་དང་འདམ་ལས་སྐྱེས་པའི་པད་མ་བཞིན་དུ། ལས་ཉོན་གྱིས་བསྐྱེད་པའི་འཁོར་བའི་ལུས་ཀྱི་ཆ་རྣམས་ཅི་སྟེ་ན་སྐམས་ཤིང་དེངས་པར་གྱུར་སྲིད་ཀྱང༌། མི་གཙང་བའི་ལུས་དེ་ནི་ནག་པོ་སྤྱོད་པ་པ་མ་ཡིན་ཏེ། ཅིའི་ཕྱིར་ན་ནག་པོ་པ་ཤི་ཞེས་བྱ་ཅེས། ཤི་བ་མ་ཡིན་ཏེ། ཤི་བའི་རྒྱུ་ཡང་མེད། འཆི་བའི་རྒྱུ་མཚན་ཡང་མེད་པའི་ཕྱིར་རོ། །འདིར་ལུས་ཆ་ཞེས་ཆ་སྨོས་པ་ནི། ལུས་རང་མཚན་པ་ནི་སྔོན་ཉིད་ནས་མ་གྲུབ་ལ། འདིར་ལུས་ནི་སེམས་ཀྱི་སྣང་བ་ལ་ལུས་སུ་སྣང་བའི་སྣང་ཆ་ཙམ་ཡིན་ཅེས་པ་སྟེ་འཇིག་རྟེན་ཉིད་དུ་རྨི་ལམ་གྱི་ལུས་དཔེར་བྱས་སོ། །ཀྱང་གི་སྒྲས་ནི་སྔར་གྱི་འཁོར་བའི་ལུས་ནི། འཁྲུལ་སྣང་ཙམ་མ་གཏོགས་དངོས་སུ་མ་གྲུབ་པས། བོར་བ་ལྟར་སྣང་ཡང་མི་རྣམས་ཉིད་ཀྱི་སེམས་ལ་དེ་ལྟར་སྣང་བ་ཡིན་གྱི། དངོས་སུ་བོར་བ་མེད་མོད། ཅི་སྟེ་དངོས་གནས་ལ་བོར་བ་ཞིག་སྲིད་དུ་ཆུག་ཀྱང་ཤི་བ་མིན་ཞེས་པ་སྟེ། དཔེར་ན་མི་ཞིག་གིས་སྔར་གོས་དཀར་པོ་གྱོན་པ་རྙིང་ནས་བོར་ཏེ་གོས་དམར་པོ་བླངས་ཀྱང༌། སྔར་གྱི་མི་དཀར་པོ་ཤི་བ་མ་ཡིན་པ་བཞིན་ནོ། །མཛད་བྱང་གི་སྐབས་སུ་ཚིགས་སུ་བཅད་པ་ཞེས་པ་ནི། དོ་ཧ་ཞེས་པ་ཚིགས་སུ་བཅད་པར་བསྒྱུར་བ་སྟེ། དོ་ཧ་མཛོད་ལ་ཚིགས་སུ་བཅད་པའི་མཛོད་ཅེས་བསྒྱུར་བ་ལྟ་བུའོ། །འགྱུར་བྱང་གི་སྐབས་སུ། བཻ་རོ་ཙ་ན་ནི་བཛྲ་སྟེ། རྒྱ་གར་ཀོ་ས་ལ་བ་ཡིན་ལ།
རྣལ་འབྱོར་དབང་ཕྱུག་ནི་ནུས་པ་ཐོབ་པའོ། །ཤྲེ་ཡ་ཀུ་རུ། དེ་ལྟར་ན་པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུ་དབྱངས་རིམ་པ་གཉིས་དང༌། དེ་ཤ་ཁ་ཞེས་བྱ་བའི་གླུ་དང༌། ཡང་པ་ཊ་ཧའི་སྙེ་མ་ཞེས་བྱ་བ་དང་རྔ་བོ་ཆེ་ཞེས་བྱ་བ་དང༌། ཀཱ་མོ་ད་ཞེས་བྱ་བ་དང༌། གླུ་དབྱངས་ཆེན་པོ་ཞེས་བྱ་བ་དང༌། འཇིགས་པར་བྱེད་པ་ཞེས་བྱ་བ་དང༌། དཔའ་བོའི་ཏཱ་ལ་ཞེས་བྱ་བ་དང༌། ཡང་པ་ཊ་ཧའི་སྙེ་མ་ཞེས་བྱ་བ་དང༌། མ་ལ་སི་གོ་ཌ་ལཱ་ཞེས་བྱ་བ་དང༌། འདོད་པ་སྦྱིན་པ་ཞེས་བྱ་བ་དང༌། གྱད་ཀྱི་ཤུགས་ཞེས་བྱ་བ་སྟེ་བཅུ་གསུམ་པོ་དེ་རྣམས་དོ་ཧ་སྤྱོད་པའི་གླུའི་འཛོད་འགྲེལ་ལས་འབྱུང་བ་ཡིན་ཞིང༌། རཏྣ་པ་ལས་བསྒྱུར་བ་འདི་ལ་མིང་གསལ་མི་འདུག་ཀྱང༌། བརྗོད་བྱའི་དོན་ལས་བརྩམས་ཏེ། རྫོགས་རིམ་གྱི་ངོ་བོ་སྟོན་པའི་གླུ་དབྱངས་ཞེས་བྱ། ཚིགས་བཅད་ལྔ་བ་འདི་སྟོད་ལུང་བཻ་རོ་རང་འགྱུར་ཡིན། སྔོན་བྱུང་གི་དབང་དུ་བྱས་ནའང༌། སློབ་དཔོན་སྤྱོད་པའི་རྡོ་རྗེའི་དོ་ཧ་ཐམས་ཅད་ཀྱི་ཐ་མར་སྣང་བ་དང༌། བརྗོད་བྱ་ཡང་འབྲས་བུ་ཟུང་འཇུག་སྟོན་པའི་དབང་དུ་བྱས། འདིར་ཡང་གླེགས་བམ་གྱི་མཇུག་ཏུ་བཀོད་དེ། དེ་ལྟར་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་བའི་དོ་ཧ་ཐོར་བུ་པ། རྣམ་གྲངས་བཅོ་ལྔའི་དོན་ལེགས་པར་བཀྲོལ་བ་ཡིན་ནོ། །སྤྱོད་པའི་རྡོ་རྗེའི་ཐུགས་མཚོའི་ཉ་ཕྱིས་ལས་བྱུང་བ། །ངེས་གསར་མུ་ཏིག་ཚོགས་རྣམས་ལེགས་བཤད་སྲད་བུས་བརྒྱུས། །ཟབ་དོན་བལྟ་ནུས་ལང་ཚོ་རྒྱས་པའི་བློ་ལྡན་འགའ། །ཡོད་ན་དེ་ལ་སྙིང་དང་མགུལ་བའི་རྒྱན་དུ་སྦྱིན། །སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་པའི་དོ་ཧ་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་རྣམ་བཤད་ངོ་མཚར་འབར་བ་ཞེས་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བར་སྐབས་སུ་སྦྱར་བའོ།། །།མངྒལཾ།།