རབ་གནས་ཀྱི་ཆོ་ག་འགྲོ་ཕན་རྒྱས་བྱེད།
རབ་གནས་ཀྱི་ཆོ་ག་འགྲོ་ཕན་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །
ན་མོ་བཛྲ་དྷ་ར་ཡ། དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་དུ་སྤྱོད་པ་གསང་བ་སྤྱིའི་ཆོ་ག་ལས་བརྩམས་པའི་རབ་གནས་འབྲིང་པོ་འགྲོ་ཕན་རྒྱས་བྱེད་ཅེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མ་མཆོག་དང་ལྷག་པའི་ལྷ། །དཀྱིལ་འཁོར་གཙོ་ལ་གུས་བཏུད་ནས། །སྐུ་གཟུགས་ལ་སོགས་བྱིན་རླབས་པའི། །ཆོ་ག་བསྡུས་པ་བྲི་བར་བྱ། །དེ་ལ་སློབ་དཔོན་མཚན་ཉིད་དང་ལྡན་པས་དུས་གཟའ་ཚེས་སྐར་མ་སྦྱོར་བ་བྱེད་པ་སོགས་བཟང་བ་ལ་རབ་གནས་ཀྱི་དངོས་གཞི་འབྱུང་བར་བྱ་སྟེ། དེ་ལ་རྡུལ་ཚོན་ནམ། རས་བྲིས་སམ། བློས་བསླང་ལ་སོགས་པ་ཕྱིའི་དཀྱིལ་འཁོར་ལ་རྟེན་པའམ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འབའ་ཞིག་ལ་རྟེན་པ་ཡིན་ཡང་རུང་སྟེ། དཀྱིལ་འཁོར་རྒྱས་པ་གཅིག་ལ་རྟེན་ན་ངེས་པར་བཟང་ཞིང༌། ལྷ་དཔའ་བོ་གཅིག་པ་ལ་སོགས་པའི་རྣལ་འབྱོར་ལ་རྟེན་པས་ཀྱང་
རུང་བ་ཙམ་ནི་ཡིན་ནོ། །དེ་ཡང་སྐབས་འདིར་བསྡུས་པ་ལ་མོས་པའི་ལུགས་ཕྱིའི་དཀྱིལ་འཁོར་རྒྱས་པ་མི་བྱེད་པ་ལྟར་ན། ས་ཕྱོགས་གང་ཡང་རུང་བར་སྟེགས་བུའི་སྟེང་དུ་མཎྜལ། །དབུས་སུ་མེ་ཏོག་གི་ཚོམ་བུ་དགུ་ཚོམ། དེའི་ཕྱི་རོལ་དུ། ཕྱོགས་བཞིར་ཚོམ་བུ་གཉིས་གཉིས་དང༌། མཚམས་བཞིར་རེ་རེ། དེའི་ཕྱི་རོལ་ཕྱོགས་བཞིར་ཅུང་ཟད་ཆེ་བའོ། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན་མཚམས་བཞིར་ཆུང་བ་རེ་ཡང་འགོད། སྟེང་འོག་གི་ཁྲོ་བོའི་ཚོམ་བུ་དེའི་ཤར་ནུབ་ཏུ་བཀོད། དེའི་སྟེང་དུ་མཉྫི་ལ་རྣམ་རྒྱལ་བུམ་པ་བཅའ་བའམ། ཡང་ན་དེའི་གཡས་གཡོན་གང་རུང་དུ་བཅས་ཀྱང་རུང༌། ལས་བུམ་ནི་མཎྜལ་བཅས་ཕྱིན་ཆད་དེའི་གཡོན་དུ་ངེས་པར་འཆའ། དེའི་མདུན་དུ་མཆོད་གཏོར་ཡང་སྤྱི་དང་མཐུན་པར་བཤམས། གོ་སྐབས་ཡངས་པའི་ཕྱོགས་གང་ཡང་རུང་བ་གཅིག་ཏུ་གདན་པདྨ་འདབ་བརྒྱད་རྡུལ་ཚོན་ནམ་རས་བྲིས་གང་ཡིན་ཡང་བཞག །
དེ་ཡང་མ་འབྱོར་ན་གཞི་གཙང་མ་ཇི་ལྟར་འོས་པས་ཆོག །དེའི་སྟེང་དུ་འབྱོར་ཞིང་སྤྲོ་ན་ཁྲུས་ཀྱི་བུམ་པ་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཤམས་ཤིང༌། དབུས་སུ་མཉྫིའི་སྟེང་ཁྲུས་གཞོང་དང༌། མེ་ལོང་གོས་ཟུང་དྲི་བཟང་སོགས་ཀྱང་བཞག་པར་བྱ། བརྒྱད་མ་འབྱོར་ན་བུམ་པ་བཞིའམ། དེ་ཡང་མ་འབྱོར་ན་གཅིག་གིས་ཀྱང་རུང་སྟེ། བཞི་ཡོད་ན་ཕྱོགས་བཞིར་བུམ་པ་དང༌། དབུས་སུ་མཉྫི་འགོད། གཅིག་ལས་མེད་ན་དབུས་སུ་བུམ་པ་འགོད་དོ། །སྐུ་གཟུགས་ལ་སོགས་པ་གང་རབ་ཏུ་གནས་པར་བྱ་བ་རྣམས་ཀྱང་མངོན་དུ་ཕྱོགས་པར་བྱའོ། །དེ་ལ་རབ་གནས་ཉིན་གཅིག་པའི་ཆོ་ག་ལ་སྤྱི་སྡོམ་ནི། ཡོ་བྱད་ཚོགས་དང་བཀོད་པ་ལེགས་པར་བཤམས། །སྔོན་འགྲོ་གཉིས་དང་བདག་བསྐྱེད་བུམ་པ་སྒྲུབ། །སྦྱང་བ་ཁྲུས་གསོལ་རྟེན་བསྐྱེད་ཡེ་ཤེས་དགུག །དབང་བསྐུར་མཆོད་པ་སྤྱན་དབྱེ་མངའ་དབུལ་བྱ། །གསོལ་གདབ་རྗེས་མཆོག་གཏོར་མ་ཡོན་བདག་བསྒོ། །ཤིས་བརྗོད་རྗེས་བསྡུ་སྦྱིན་སྲེག་ཞེས་པ་སྟེ། །ཆོ་གའི་རིམ་པ་བཅོ་བརྒྱད་ཉིད་དུ་འདུས། །དང་པོར་བྱ་བ་གཉིས་དང་ཉི་ཤུའོ། །མདུན་བསྐྱེད་དཀྱིལ་འཁོར་རྒྱས་པ་ཡོད་ན་བསྣན། །མེད་ན་བུམ་པ་མཎྜལ་ལྷན་ཅིག་སྒྲུབ། །སྦྱང་བ་ལ་གསུམ་ཁྲུས་གསོལ་གཉིས་སུ་བཤད། །ཡེ་ཤེས་དགུག་ལ་སྤྱན་འདྲེན་བགེགས་བསྐྲད་དང༌། །མཆོད་དང་གསོལ་བཏབ་སྟེ་བ་ཞེས་ཏེ་ལྔ། །མཆོད་པའི་སྐབས་སུ་མཆོག་གྱུར་སྦྱིན་སྲེག་ཡིན། །ཟས་མཆོག་བྱུག་པ་སོ་རྩི་མཆོད་བསྟོད་
དང༌། །ཡོ་བྱད་སྔགས་ཀྱི་མངའ་དབུལ་ཞེས་པ་བདུན། །བརྟན་བཞུགས་གཉིས་དང་སྔགས་དང་ཆེད་བརྗོད་དེ། །གསོལ་བཏབ་ཡན་ལག་བཅས་ལ་རྣམ་པ་བཞི། །མདུན་བསྐྱེད་མཆོད་དང་བཟོད་གསོལ་གཤེགས་གསོལ་ཏེ། །རྗེས་མཆོག་རྣམ་པ་གསུམ་དུ་འགྱུར་བ་ཡིན། །ཡོ་བྱད་བསྡུ་དང་ལྷ་བསྟིམ་བདག་ཉིད་སྲུང༌། །སྨོན་ལམ་བཀྲ་ཤིས་རྗེས་བསྡུའི་བྱ་བ་བཞི། །སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་ལ། །ཆོ་གའི་ཡན་ལག་ལྔ་བདུན་དྲུག་ཏུ་བཤད། །དེ་ལྟ་ན། ཆོ་ག་སྤྱིའི་སྔོན་འགྲོ་གཉིས་དང༌། བདག་བསྐྱེད་དང༌། བུམ་བསྐྱེད་དང༌། བརྟེན་སྦྱང་བ་དང༌། ཁྲུས་གསོལ་ཏེ་སྔོན་འགྲོ་ལྔའོ། །རྟེན་དམ་ཚིག་པར་བསྐྱེད་པ། ཡེ་ཤེས་པ་དགུག་པ། དབང་བསྐུར་བ། མཆོད་པ། སྤྱན་དབྱེ། མངའ་དབུལ། གསོལ་བཏབ་སྟེ། དངོས་གཞི་ཆོ་ག་བདུན་ནོ། །རྗེས་ཆོག །གཏོར་འབུལ། ཡོན་བདག་བསྒོ་བ། ཤིས་བརྗོད་རྒྱས་པ། རྗེས་བསྡུ། སྦྱིན་སྲེག་ནི་རྗེས་ཀྱི་བྱ་བ་དྲུག་སྟེ། དེ་ལྟར་བཅོ་བརྒྱད་དོ། །དང་པོ་ཆོ་ག་སྤྱིའི་སྔོན་འགྲོ་གཉིས་ནི། སྔོན་འགྲོའི་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་འབེབས་པ་སྟེ། བདག་བསྐྱེད་གང་བྱེད་པའི་ཆོ་ག་དེའི་ལུགས་སམ། ཡང་ན་སྤྱི་འགྲོ་ཡིན་པའི་ཕྱིར། མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་སྔོན་འགྲོ་གཏོར་མ་བཏང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས། གནས་ཁང་བྷྲུཾ་ལས་བྱུང་བའི་གཞལ་མེད་
ཁང་གི་དབུས་སུ། ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་རྫས་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་ནས། ཁཾ་སྭཱཧཱ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་དྷརྨ་ར་ཎི་ཏ་སོགས་རོལ་ཆེན་བྱ། གཉིས་པ་བདག་བསྐྱེད་ནི། དེ་ནས་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པའི་བར་རྫོགས་པར་བྱ། དཀྱིལ་འཁོར་བསྒོམས་པའི་རིགས་ཡིན་ན་རང་ལ་བསྡུ། ལྷ་རྐྱང་རེ་བསྒོམས་པ་ཡིན་ན་བསྡུ་བ་མི་དགོས་སོ། །གསུམ་པ་བུམ་བསྐྱེད་ནི། ལྷའི་བུམ་པ་ལ་རྡོ་རྗེ་གཟུངས་ཐག་དུང་ཆོས་སོགས་ལག་ལེན་སྤྱི་དང་མཐུན་པ་བཤམས། མཎྜལ་དང་བུམ་པ་ལ་དམིགས་ནས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་གིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། མཎྜལ་གྱི་གནས་སུ་པཾ་ལས་པདྨ། རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་དང་ར་གུར་ཕྱི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་འབར་བར་གྱུར། དེའི་དབུས་སུ་བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། སྟོང་པའི་ངང་ལས་བུམ་པའི་
གནས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིང་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ལྷའི་ཆུ་བོ་དང་བདུད་རྩིས་ཡོངས་སུ་གང་བར་གྱུར། མཎྜལ་གྱི་གཞལ་མེད་ཁང་དང་རྣམ་རྒྱལ་བུམ་པའི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པར་གྱུར་པ་ན། དབུས་སུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་བསྣོལ་བས། རང་དང་འདྲ་བའི་ཡུམ་རྡོར་དབྱིངས་དབང་ཕྱུག་མའམ། རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ། ཤར་དུ་ཨོཾ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ། ལྷོ་རུ་སྭཱ་ལས་རིན་འབྱུང་སེར་པོ་ནོར་བུ་དང་དྲིལ་བུ། ནུབ་ཏུ་ཨཱཿ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ། བྱང་དུ་ཧཱ་ལས་དོན་གྲུབ་ལྗང་ཁུ་རལ་གྲི་དང་དྲིལ་བུ་དེ་རྣམས་ཕྱག་གཉིས་ཐུགས་ཀར་བསྣོལ་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རིག་སྔགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོའི་ཆ་ལུགས་ཅན། ཤར་ལྷོར་ལཾ་ལས་སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་མཾ་ལས་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པ། ནུབ་བྱང་དུ་པཾ་ལས་གོས་དཀར་མོ་དམར་མོ་པདྨ་འཛིན་པ། བྱང་ཤར་དུ་ཏཱཾ་ལས་སྒྲོལ་མ་ལྗང་ཁུ་
ཨུཏྤལ་སྔོན་པོ་འཛིན་པ། དེ་རྣམས་ཕྱག་གཡོན་པ་གདན་ལ་བརྟེན་པ། དེའི་ཕྱི་རོལ་ཀྱི་ཤར་གྱི་གཡས་སུ་མཻཾ་ལས་བྱམས་པ་དང༌། གཡོན་དུ་ཀྵིཾ་ལས་སའི་སྙིང་པོ་གཉིས་དཀར་པོ་འཁོར་ལོ་འཛིན་པ། ལྷོ་རུ་ཛྲིཾ་ལས་ཕྱག་ན་རྡོ་རྗེ་དང༌། ཁཾ་ལས་ནམ་མཁའི་སྙིང་པོ་སེར་པོ་རིན་པོ་ཆེ་འཛིན་པ། ནུབ་ཏུ་མཾ་ལས་འཇམ་དཔལ་དང༌། གཾ་ལས་འཇིག་རྟེན་དབང་ཕྱུག་གཉིས་དམར་པོ་པདྨ་འཛིན་པ། བྱང་དུ་སཾ་ལས་ཀུན་ཏུ་བཟང་པོ་དང༌། སྐཾ་ལས་སྒྲིབ་པ་རྣམ་སེལ་གཉིས་ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན་པ། དེ་ལྟར་བརྒྱད་པོ་ནི་གཡས་ཕྱག་མཚན་ཐུགས་ཀར་གཏོད་ཅིང༌། གཡོན་ཁུ་ཚུར་དཀུར་བརྟེན་པ། ཤར་ལྷོར་ཧཱུཾ་ལས་སྒེག་མོ་དཀར་མོ། ལྷོ་ནུབ་ཏུ་ཏྲཾ་ལས་འཕྲེང་བ་མ་སེར་མོ། ནུབ་བྱང་དུ་ཧྲཱིཿལས་གླུ་མ་དམར་མོ། བྱང་ཤར་དུ་ཨཱཿལས་གར་མ་ལྗང་ཁུ། དེ་ལྟ་ན་སྤྱན་མ་ལ་སོགས་པ་དེ་རྣམས་ཐམས་ཅད་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ཡང་ན་སྒེག་མོ་ལ་སོགས་པའི་དོད་དུ། རྡོ་རྗེ་མ་བཞི་བསྐྱེད་ཀྱང་ཤིན་ཏུ་ལེགས་སོ། །གཞལ་ཡས་ཁང་གི་སྒོ་བཞིའམ། སྒོ་བཞི་སོགས་ཕྱོགས་བཅུ་དང༌། རྣམ་རྒྱལ་བུམ་པའི་ནང་གི་ཕྱོགས་བཞིའམ། ཕྱོགས་བཅུར་ཧཱུཾ་ལས་ཁྲོ་བོ་བཞིའམ་བཅུར་གྱུར་པ་ནི། ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ཐོ་བ་འཛིན་
པ། ལྷོ་རུ་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པ། བྱང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ་རྭ་གདེངས་པ་འཛིན་པ། བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན། ཤར་ལྷོར་མི་གཡོ་བ་ནག་པོ་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ་སྔོན་པོ་ལྕགས་ཀྱུ་འཛིན་པ། ནུབ་བྱང་དུ་དབྱུག་སྔོན་ཅན་ནག་པོ་གཤིན་རྗེའི་དབྱུག་པ་འཛིན་པ། བྱང་ཤར་དུ་སྟོབས་པོ་ཆེ་དུད་ཁ་རྩེ་གསུམ་འཛིན་པ། སྟེང་དུ་གཙུག་གཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་གཏུན་ཤིང་འཛིན་པ། དེ་རྣམས་ཐམས་ཅད་ཀྱང་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། ཕྱག་གཡོན་སྡིགས་མཛུབ་མཛད་ཅིང༌། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །ལས་བུམ་གྱི་ནང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་པ་ནག་པོ་གཡས་རྡོ་རྗེ་འཕྱར་བ། གཡོན་སྦྲུལ་གྱི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན་སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྫེས་ཤིང༌། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། པད་ཉི་ལ་གཡོན་བརྐྱང་བའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། མེ་
དཔུང་འབར་བའི་དབུས་ན་བཞུགས་པའོ། །ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་དང༌། གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོའི་ལྷ་ཚོགས་ཐམས་ཅད་དང༌། བདུད་རྩི་འཁྱིལ་པའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཡང་སྙིང་ཁ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔའ་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་དང༌། བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུ་རྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་ཀྱིས་བསྟོད། གཟུངས་ཐག་ལས་བཟུང་སྟེ། བུམ་བཟླས་ཀྱི་དམིགས་པ་གསལ་བཏབ་ལ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཛི་ན་ཛིཀ་ཨོཾ་ཧཱུཾ། ཨོཾ་ཨཱ༔རཏྣ་དྷྲིཀ་སྭ་ཧཱུཾ། ཨོཾ་ཨཱཿཨ་རོ་ལིཀ་ཨཱཿཧཱུཾ། ཨོཾ་ཨཱཿཔྲཛྙཱ་དྷྲིཀ་ཧཱ་
ཧཱུཾ། ཞེས་པ་རྣམས་སོ། །སོ་སོར་བརྒྱ་རྩ་རེ་ལས་མི་ཉུང་བ་བཟླ། ཨོཾ་ཨཱཿལཾ་ཧཱུཾ། ཨོཾ་ཨཱཿམཾ་ཧཱུཾ། ཨོཾ་ཨཱཿཔཾ་ཧཱུཾ། ཨོཾ་ཨཱཿཏཱཾ་ཧཱུཾ། ཨོཾ་ཨཱཿམཻཾ་ཧཱུཾ། ཨོཾ་ཨཱཿཀྵིཾ་ཧཱུཾ། ཨོཾ་ཨཱཿཛྲིཾ་ཧཱུཾ། ཨོཾ་ཨཱཿཁཾ་ཧཱུཾ། ཨོཾ་ཨཱཿམཾ་ཧཱུཾ། ཨོཾ་ཨཱཿགཾ་ཧཱུཾ། ཨོཾ་ཨཱཿསྐཾ་ཧཱུཾ། ཨོཾ་ཨཱཿསཾ་ཧཱུཾ། ཨོཾ་ཨཱཿཧཱུཾ་ཧཱུཾ། ཨོཾ་ཨཱཿཏྲཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿཧཱུཾ། ཨོཾ་ཨཱཿཨཿཧཱུཾ། ཞེས་པ་རྣམས་ཀྱང་སོ་སོར་བདུན་བདུན་ཙམ་བཟླ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔདྨནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཞེས་པ་རྣམས་ཉེར་གཅིག་རེ་བཟླ། ཁྲོ་བོ་གཞན་རྣམས་ཀྱི་སྔགས་བཟླ་མི་དགོས་ཤིང༌། བཟླ་བར་སྤྲོ་ནའང་འདི་བསྡུས་པ་ཡིན་པའི་ཕྱིར། ཨོཾ་ཨཱཿཧཱུཾ་ཧཱུཾ་ཞེས་པ་ཁོ་ན་བདུན་བདུན་རེ་བཟླས་པས་ཆོག་གོ །ལས་བུམ་ལ་དམིགས་ནས་བིགྷྣཱནྟ་ཀྲིཏ་འམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། བརྒྱ་རྩ་སོགས་ཅིརིགས་བཟླ། ཤེས་ཤིང་སྤྲོ་ན། བདུད་རྩི་འཁྱིལ་པའི་རྩ་སྔགས་ཀྱང་བཟླའོ། །མཐར་ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཧཱུཾ་སྭཱཧཱ། ཞེས་པ་ལན་ཉེར་གཅིག་ཙམ་བཟླ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཐོད་པ། དེའི་ནང་དུ་ཧཱུཾ་བྷྲུཾ་ཨཾ་ཧྲི་ཁཾ་ལས་བདུད་རྩི་ལྔ་དང༌། བཾ་བྷྲུཾ་ཧཱུཾ་ཧྲི་ཏཾ་ལས་ཤ་ལྔ། ཧ་ཧོ་ཧྲཱིཿདེ་རྣམས་ཞུ་བ་ལས་དམ་
ཚིག་གི་བདུད་རྩིར་གྱུར། ཨོཾ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་གཉིས་སུ་མེད་པར་འདྲེས་པས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། སྤྲོ་ན་གོང་དུ་སྨོས་པའི་བཟླས་པའི་སྔགས་རེ་རེའི་མཐར། ཨ་ཀཱ་རོ༴ བཏགས་པས་འབུལ། དེ་ཙམ་མི་ལྕོགས་ན། ཨ་ཀཱ་རོ་ལན་བདུན་གྱིས་དཀྱིལ་འཁོར་དང༌། རྣམ་རྒྱལ་བུམ་པའི་ལྷ་དང༌། ལན་གསུམ་གྱིས་ལས་བུམ་གྱི་ལྷ་ལ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ༴ སོགས་དེ་ཉིད་ལྔ་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །བུམ་བསྐྱེད་ཀྱི་ལྷ་ལ་དམིགས་ནས་ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་བཟོད་གསོལ། ཨོཾ་ཨཱཿཧཱུཾ། ཞེས་མཆོད་ཡོན་ཕུལ། ལྷ་རྣམས་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་ཞུ་སྟེ། བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པར་གྱུར། དྲི་མ་ཁྲུས་ཀྱི་བུམ་པ་རྣམས་ལ་དམིགས་ཏེ། བསངས་སྦྱངས། སྟོང་པའི་ངང་ལས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིང་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་དྲི་མ་སྦྱོང་བའི་མཐུ་དང་ལྡན་པའི་ལྷའི་ཆུ་བོས་གང་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཧཱུཾ། ཞེས་པ་ཉིད་བརྒྱ་སྟོང་ལ་སོགས་པ་ཅི་ནུས་སུ་བཟླ་ཞིང་མཐར་སངས་རྒྱས་སྤྱན་མའི་སྔགས་བརྒྱ་རྩའམ། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་ལན་
བདུན་སོགས་ཅི་རིགས་པ་བཟླའོ། །བརྟན་པར་བྱ་བའི་དོན་དུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དང༌། ལས་ཐོགས་པ་མེད་པར་འགྲུབ་པའི་དོན་དུ་རྟེན་འབྲེལ་སྙིང་པོའང་ཅུང་ཟད་བཟླས་ཏེ་ཁྲུས་བུམ་གྱི་གཟུངས་ཐག་བསྡུའོ། །ཡང་ལག་ལེན་བསྡུས་པའི་སྐབས་འདིར་བདག་བསྐྱེད་དང་བུམ་བསྐྱེད་ཁོ་ན་ལ་བརྟེན་པས་ཀྱང་རུང་བས། མཎྜལ་བཤམས་པ་དང༌། བསྐྱེད་ཆོག་མཆོད་པ་འདི་ཀུན་བོར་ཀྱང་ཆོག་པ་ཙམ་ཡིན་ལ། དཀྱིལ་འཁོར་གྱི་སྒྲུབ་མཆོད་རྒྱས་པ་དང་འབྲེལ་བའི་སྐབས་ཡིན་ན། ལྷ་བུམ་དང་ལས་བུམ་སྒྲུབ་ཚུལ་སོ་སོའི་ལུགས་བཞིན་དུ་གྲུབ་ན་མཆོག་ཡིན་མོད། གོང་དུ་བཤད་པ་དེ་ཡང་གསང་བ་སྤྱིའི་ཆོ་ག་ཡིན་པས། འདི་ཁོ་ན་སྦྱར་ན་ཡང་ཤིན་ཏུ་ལེགས་པར་འགྱུར་རོ། །གཞན་ཡང་སྐབས་འདིར་དཀྱིལ་འཁོར་རྒྱས་པ་དང་འབྲེལ་ན། རྟེན་རྣམས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྒྱས་པས་འཇུག་དགོས་པར་གསུངས་ཀྱང༌། ཆོ་ག་རྒྱས་པའི་དབང་དུ་བྱས་ནས་དེ་ལྟར་བྱས་ན་ཤིན་ཏུ་ལེགས་མོད། མཐའ་གཅིག་ཏུ་ངེས་པར་དགོས་པའང་མ་ཡིན་ལ། ཁྱད་པར་ཕྱི་དཀྱིལ་རྒྱས་པ་མེད་ན་འཇུག་པའི་ཆོ་ག་མི་དགོས་སོ། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདི་ཡན་དུ་ཚགས་སུ་ཆུད་པར་བྱའོ། །བཞི་པ་རྟེན་སྦྱང་བ་ནི་རྣམ་པ་གསུམ་ལས། དང་པོར་བགེགས་སྦྱང་བ་ནི། སྐབས་འདིར་རྟེན་ལ་མཆོད་པ་ཅུང་ཟད་བཤམས། སྔགས་ཙམ་གྱི་ཕུལ། མཐེབ་ཀྱུ་གསུམ་དང༌། ཆང་བུ་ཏིང་ལོར་བཅས་པ་གསུམ་ལག་ལེན་བཞིན་བཤམས།
མཐེབ་ཀྱུ་རྟེན་ལ་བསྐོར་བའི་ཚུལ་དུ་བྱས་ཏེ། སློབ་དཔོན་གྱིས་མཆོག་སྦྱིན་གྱི་ཕྱག་རྒྱའི་མཐར་སེ་གོལ་གཏོགས་པ་དང་བཅས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིང་ཏ་ཡེ་སྭཱཧཱ། ལན་གསུམ། འདིར་རབ་ཏུ་གནས་པར་བགྱིད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་ཐམས་ཅད་གཏོར་མ་རྒྱ་ཆེན་པོ་འདིར་ཚིམ་པར་གྱིས་ལ་ཕན་པ་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །ཏིང་ལོ་ཆང་བུར་བཅས་པར་བསྐོར་ཞིང༌། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད་ཅིང་རྡོ་རྗེ་གསོར། དེང་འདིར་རབ་ཏུ་གནས་པར་བགྱིད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་དང་ལོག་པར་འདྲེན་པའི་རིགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག །རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །
དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་གྱི། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །ཨོཾ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པའི། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་བསྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་བ་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་
བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་སྒྲ་ལ་ཕྱག་འཚལ་བསྟོད། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། ལུང་དང་རྟོགས་པས་བསྡུས་པའི་དམ་པའི་ཆོས་རྣམས་ཀྱི་བཀའ་བདེན་པ་དང༌། ཐེག་པ་གསུམ་གྱི་འཕགས་པའི་དགེ་འདུན་རྣམས་ཀྱི༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་ཅིང་རྣམ་པར་དག་པའི༴ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་རླབས་ཀྱིས། དེང་འདིར་རབ་ཏུ་གནས་པར་བགྱིད་པ་ལ་བར་དུ་གཅོད་པར་རྩོམ་པའི་འབྱུང་པོ་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད། དཔལ་རྡོ་རྗེ་འཛིན་པ་ཆེན་པོའི་བཀའ་ཐོས་པས་ཕྱོགས་
འདིར་མ་གནས་པར་མྱུར་བ་ཉིད་དུ་གཞན་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བ་ཁྲོ་བོའི་རྡོ་རྗེའི་མེ་ལྕེ་འབར་ཞིང་རབ་ཏུ་འབར་བ་ཤིན་ཏུ་ལྷག་པར་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །སུཾ་བྷ་ནི་དང༌། ཨ་མྲྀ་ཏ་སོགས་དྲག་སྔགས་དྲག་ཏུ་འདོན་ཞིང༌། རྡོ་རྗེ་གསོར། ཡུངས་ཀར་བརྡེགས། གུ་གུལ་དང་བདུད་རྩི་ལྔ་སོགས་དུད་པས་བདུག རོལ་ཆེན་དང་བཅས་ཏེ་བགེགས་གཏོར་བཞི་མདོར་དོར། དེ་ནས་སྡིག་པ་སྦྱང་བ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྙིང་ཁར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ཏེ། མདུན་གྱི་ཏིལ་ལ་ཐིམ། དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་སྲེག་ཅིང༌། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱཧཱ། ཞེས་བརྗོད། དེ་དག་ནི་བགེགས་སྦྱང་བ་དང་སྡིག་པ་སྦྱང་བ་སྟེ། བོད་ཀྱི་སློབ་དཔོན་རྙིང་པ་རྣམས་ཀྱི་ལག་ལེན་ཡིན་ནོ། །དེ་ནས་བྱུར་བསལ་བ་ནི། ཡུངས་ཀར་དང་ཆུ་ལག་པ་གཡས་གཡོན་གྱིས་བཟུང་སྟེ་བསྐོར། གཞན་རྣམས་ལག་པ་གཅིག་གིས་སྐོར་ནས་རྟེན་དང་ཡོན་བདག་གི་བྱུར་བསལ་བར་བསམ་སྟེ།
དེ་ཡང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་པས་ཡུངས་ཀར་མེ་ནང་དུ་དོར། དེ་ཕྱིན་ཆད་རྫས་འདི་རྣམས་ལ་བསྡུ་ན་སྔགས་བིགྷྣཱནྟ་ཀྲྀཏ་ཁོ་ནས་ཀྱང་རུང་ལ། སྤྲོས་པ་ལ་དགའ་ན་སྔགས་ཐ་དད་དུ་བྱ་སྟེ། ཨོཾ་ཧཱུཾ་ཌ་ཌྷི་ཏ་ཕཊ། ཅེས་ཆུ་ཡང་མེ་ནང་དུ་དོར། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱཧཱ། ཞེས་ཁམ་ཕོར་དཀར་པོ་དང༌། ཨོཾ་སརྦ་མ་ལ་ཨ་ཝ་ར་ཎ་བི་ཤྭ་དྷ་ཡ་སྭཱཧཱ། ཞེས་དུར་བ་དང་བཅས་པའི་ལྕི་ཆང་དང༌། ཨོཾ་པུུ་ནྱ་ཛྙཱ་ན་དྷ་ར་ཎ་སཾ་བྷ་ར་ཌྷོ་པ་ཀ་ཡ་སྭཱཧཱ། ཞེས་པས་ཏིང་ལོ་ཟན་ཆང་དང་བཅས་པ་དང༌། ཨོཾ་སཾ་ཤོ་སོགས་སམ། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སྭཱཧཱ། ཞེས་པས་སེང་རས་སམ། ཟན་རིལ་རྣམས་ཏེ། ཁམ་ཕོར་མན་ཆད་སྣོད་དུ་གསོག་གི་མེ་ལ་མི་དོར་རོ། །དེ་ལྟ་ན་རྫས་སྔགས་དྲུག་པོ་དེ་རྣམས་ལན་བཞི་བཞི་དགོས་པས་དྲུག་བཞི་ལྡན་གྱི་སྦྱང་བ་ཞེས་བྱའོ། །འདིར་ཡང་མཐར་གོང་བཞིན་བདེན་པ་བདར། རོལ་མོ་དང་བཅས་པས་ཕྱི་རོལ་ཏུ་འདོར་རོ། །རྟེན་གྱི་མདུན་དུ་དུང་ཆོས་ཀྱི་ཆུ་བཟེད་ཞལ་དུ་ལྡུགས་བཞིན་པས། ཨོཾ་ཨཱ་ཧྲི་པྲ་བ་ར་སཏྐ་ར་ཨར་ཐཾ་བཛྲ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱཧཱ། ཨཉྩ་མ་ནཾ་གྱི་གནས་སུ་པྲོ་ཀྵ་ཎཾ། པཱ་དྱཾ། ཨརྒྷཾ། ཞེས་བརྗོད། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་གིས་དྲི་བཟང་སྐུ་གཟུགས་ཀྱི་ཐུགས་ཀར་བྱུག ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་གིས་དབུ་ལ་མེ་ཏོག་དཀར་པོ་བཞག ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ་གིས་མར་མེ་གཡས་སུ་བསྐོར། ཧཱུཾ་བདུན་གྱིས་སརྫ་རཱ་ཛ་བདུག་སྤོས་གཡོན་དུ་བསྐོར། རབ་ཏུ་གནས་པར་བྱ་བའི་རྟེན་དེ་སྐུ་གཟུགས་
ཡིན་ཅིང་སྤྲོ་ན་ཉེ་རེག་ཀྱང་བྱ། གླེགས་བམ་མཆོད་རྟེན་སོགས་ལ་མི་དགོས་ཤིང༌། སྐུ་གཟུགས་ལའང་མཐའ་གཅིག་ཏུ་ནི་མ་ཡིན་ནོ། །དེ་རྣམས་ནི་བྱུར་བསལ་བའི་ཆོ་ག་རྒྱས་པ་གཞུང་ནས་འབྱུང་བ་བཞིན་ཡིན་ཏེ། ཅུང་ཟད་ལག་ལེན་རྒྱས་པའི་སྐབས་ཡིན་ན། གོང་གི་སྦྱང་བ་གཉིས་སོང་བའི་རྗེས་སུ་བྱུར་བསལ་བ་འདི་ཡང་བྱ་ཞིང༌། བསྡུས་པ་ལ་མོས་ན། སྦྱང་བ་གཉིས་པོ་ཙམ་བྱ་བའམ། ཕྱིར་བསལ་གོང་ན་བྱས་པས་རུང་ངོ༌། །ལྔ་པ་ཁྲུས་གསོལ་བ་ནི། ཐོག་མར་རྟེན་གྱི་མཆོད་པ་སྔ་མ་བསལ། གསར་པ་ཅུང་ཟད་བཤམས་ལ། ཡིད་ཀྱིས་བྱིན་རླབས་ཙམ་བྱ། དེ་ནས་ལས་ཀྱི་རྡོ་རྗེས་ཁྲུས་ཆལ་གྱི་སྣོད་དང༌། བསྐུ་མཉེའི་སྣོད་དང༌། དྲིལ་ཕྱིས་ཀྱི་སྣོད་རྣམས་མཚར་དུ་དངར་ཞིང༌། མེ་ལོང་དང༌། ཆུ་གཙང་གི་བུམ་པ་དང༌། སྐུ་ཕྱི་བའི་རས་གཙང་མ་རྣམས་ཐོགས་ལ། ཐོག་མར་དམན་པའི་ཁྲུས་བྱའོ། །དེ་ཡང་ཁྲུས་ཆལ་ནི་རྣམ་པ་ལྔ་སྟེ། བདུད་རྩི་ལྔ་དང༌། བ་བྱུང་ལྔ་དང༌། དྲི་བཟང་དང༌། སྐྱུ་རུ་རའི་ཕྱེ་མ་དང༌། ཡུང་བའི་ཕྱེ་མ་རྣམས་ཏེ། དེ་རྣམས་ཐམས་ཅད་འཛོམ་ན་རབ། ཐམས་ཅད་མ་འཛོམ་ན་ཇི་ཙམ་རྙེད་པ་དེ་ཙམ་གྱིས་ཆོག་གོ །བདུད་རྩི་ལྔ་ནི། འོ་མ། ཞོ། མར། སྦྲང་རྩི། ཀ་ར་དཀར་པོ་རྣམས་ཡིན་ལ། བ་བྱུང་ལྔ་ནི། བ་དམར་ཟལ་གྱི་འོ་མ། ཞོ། མར། ལྕི་བ། ཆུ་རྣམས་སོ། །འདི་རྣམས་ཐོག་མར་བྱུག་རྒྱུ་མི་གཙང་བ་གཞོམ་པའི་ཕྱིར་གྱི་འདག་རྫས་ལ་ཁྲུས་ཆལ་ཞེས་བྱ་བ་ཡིན།
བསྐུ་མཉེ་ནི་བྱུག་པ་སྟེ་དྲི་བཟང་གི་ཏིལ་ལ་མར་རོ། །དྲིལ་ཕྱིས་ནི་ཤུན་ལྤགས་ལྔའི་ཕྱེ་མ་ལ་བཤད་ཀྱང༌། བོད་དུ་མ་རྙེད་པས་སྲན་ཕྱེས་བྱ་ལ། འདི་ཡང་འདག་ཆལ་ལོ། །དེའི་ལག་ལེན་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པའམ། ཨོཾ་བིགྷྣཱནྟ་ཀྲིཏ་ཧཱུཾ་ཧཱུཾ། ཞེས་པ་ཚར་གཅིག ཨོཾ་ཧཱུཾ་ཏྲཱཾ་ཧྲིཿཨ། ཞེས་བཟླ་ཞིང་མེ་ལོང་ལ་ཁྲུས་ཆལ་གྱིས་བྱུགས། ཀཱ་ཡ་བི་ཤོའི་སྔགས་ཀྱིས་དྲུད། ཡང་ཨ་མྲྀ་ཏ་སོགས་ཀྱི་ཆུ་གཙང་གིས་བཀྲུས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་ཁ་ཞེས་བཟླས་པས་ཏིལ་མར་གྱིས་བྱུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཡེ་སྭཱཧཱ། ཞེས་པས་དུར་བའི་པིར་གྱིས་དྲུད། སྔགས་དེ་ཉིད་ཀྱིས་དྲིལ་ཕྱིས་བཏབ། ཡང་སྔགས་དེ་ཉིད་ཀྱིས་དྲུད། ཨ་མྲྀ་ཏའི་སྔགས་དང༌། ཀཱ་ཡ་སོགས་སྦྱར་བས་ཆུ་གཙང་གིས་བཀྲུའོ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཀཱ་ཡ་བི་ཤོ་དྷ་ནི་ཡེ་སྭཱཧཱ། དེ་ལྟར་བསྡུ་ན་ཚར་གཅིག་པོ་དེས་ཆོག་ལ། རྫས་རྣམས་འཛོམ་ཞིང་ལོང་སྐབས་ཡོད་ན། ཁྲུས་ཆལ་རིམ་པ་ལྔའི་དབྱེ་བས་དེ་ཉིད་ཚར་ལྔ་བྱའོ། །དེ་རྣམས་བསལ་ལ། དེ་མ་ཐག་ཏུ་བཟང་ཁྲུས་བྱ་བ་ནི། སྐུ་ཕྱིས་ཀྱང་བཟང་བ་གཅིག་ལྟར་ལ། སློབ་དཔོན་གྱིས་བུམ་པ་བརྒྱད་ཀྱི་བུམ་ཆུ་དུང་ཆོས་སམ་སྣོད་གཙང་མར་བསྡུས་ལ། ལག་ཏུ་ཐོགས་ཏེ། ཁྲུས་གསོལ་གྱི་ཚེ་འཐོར་ཚུལ་ཙམ་བྱེད། དེ་ཡང༌། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ལན་གསུམ་དྲི་བཟང་
བྱུགས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག ཁྲོ་བོ་ཁྲོ་མོ་བཅུ་ལ་སོགས་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྟེན་ལ་ཁྲུས་གསོལ་བའི་དོན་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟེན་འདི་རྣམས་ཀྱི་དྲི་མ་སྦྱང་བ་དང༌། སྐུ་ཁྲུས་གསོལ་བར་མཛད་དུ་གསོལ། ཞེས་ལན་གསུམ། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱིས། །ཞེས་སྙན་མནན་ཞིང༌། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲིས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོད་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨསྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མཱ་ཡ་སྭཱཧཱ། རོལ་ཆེན་བྱ། ཇི་ལྟར་
བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཧཱུཾ། ཞེས་དྲི་མ་ཁྲུས་ཀྱི་བུམ་པས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ཀཱ་ཡ་བི་ཤྭོ་དྷ་ནི་ཡེ་སྭཱཧཱ། བསྡུ་ན་དེ་ཙམ་གྱིས་ཀྱང་ཆོག་ལ། སྤྲོ་ན། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ནས། ཤྲཱི་ཧཱུཾ། དེ་དག་སྐུ་ལ་ནས། དྷ་ནི་ཡེ་སྭཱཧཱ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་ཚིགས་བཅད་རེ་རེའི་བར་དུ། ངེས་པར་ཁྲུས་སྔགས་དང༌། སྐུ་ཕྱིས་སྦྱར་དགོས་ལ། རྒྱས་པ་ལ་དགའ་ན་ཁྲུས་ཀྱི་ཁང་པ་ཞེས་སོགས་ཀྱང་རེ་རེའི་མགོར་སྦྱར་ན་ཤིན་ཏུ་ལེགས་སོ། །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་ནས་སྭཱཧཱ། འདི་ནི་ཚུལ་ཁྲིམས༴ ཁྲིམས་འཆལ། ཚུལ་ཁྲིམས་དྲི་ཡིས། ཨོཾ་སོགས། བཟོད་པ། ཁོང་ཁྲོའི། བཟོད་པ་དྲི་ཡིས། བརྩོན་འགྲུས། ལེ་ལོའི། བརྩོན་པར། བསམ་གཏན།
རྣམ་གཡེངས། བསམ་གཏན། ཤེས་རབ། ཤེས་འཆལ། ཤེས་རབ་དྲི། ཁྲུས་ལེགས། ཨོཾ་ནས་སྭཱཧཱ། དེ་ལྟར་ཚིགས་བཅད་ཚན་པ་བརྒྱད་ལ། བུམ་པ་བརྒྱད་ཡོད་ན་རིམ་པས་སྦྱར། བཞི་ཡོད་ན་ལན་གཉིས་སྦྱར། གཅིག་ལས་མེད་ན། དེ་ཀས་ཐམས་ཅད་ལ་སྦྱར་རོ། །དེ་ནས་ཚིགས་བཅད་རེ་རེའི་མཚམས་སུ་ཁྲུས་རེ་གསོལ་ཞིང༌། འདི་སྐད་ཅེས། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱངས་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །དེ་ལྟར་ཁྲུས་གསོལ་བ་རྣམས་ཀྱི་དུས། ལས་ཀྱི་རྡོ་རྗེ་གཞན་ཞིག་གིས་ལས་བུམ་ནས་ཀྱང་ཡལ་འདབ་ཀྱིས་གཏོར་བས་བགེགས་དང་མི་ཤིས་པ་ཐམས་ཅད་སྦྱངས་པར་བསམ། མཐར་དེ་དག་སྐུ་ལ་སོགས་སྔ་མ་བཞིན་སྐུ་ཕྱིས་བྱའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་རྣམས་ཀྱང་དེ་ལ་འབུལ། །སྟོང་གསུམ་
ཀུན་ཏུ་དྲི་ངད་ལྡང་བ་ཡི།།དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་ཨཱཿབཛྲ་ཝ་ས་སེ་སྭཱཧཱ། ཨོཾ་བཛྲ་ཨ་བྷ་ར་ཎཾ་བི་བྷུ་ཥ་ཎེ་སྭཱཧཱ། ཨོཾ་བཛྲ་གནྡྷེ་སྭཱཧཱ། འདི་གསུམ་གྱི་གོ་རིམ་ལ། བྱུག་པ་ན་བཟའ། བརྒྱན་ཞེས་པའི་ཚུལ་དུ་སྦྱར་ནའང་རུང་ངོ༌། །ཤིན་ཏུ་སྤྲོ་ན་རབ་གནས་རྒྱས་པ་ནས་བྱུང་བ་ལྟར་ཤིས་བརྗོད་རྒྱས་པར་བྱ་མོད་ཀྱི། གོང་དུ་བཤད་པའི་ཕར་ཕྱིན་དྲུག་པོའི་ཚིགས་བཅད་ཉིད་ཤིས་བརྗོད་ཡིན་པས་དེ་ཙམ་གྱིས་ཆོག་གོ །དེ་ལྟར་ཁྲུས་གསོལ་གྲུབ་མ་ཐག་ཏུ་ཡེ་ཤེས་པ་སྤྱན་འདྲེན་པར་གཞུང་ནས་བཤད་ཅིང༌། བོད་ཀྱི་སློབ་དཔོན་རྙིང་པ་རྣམས་ཀྱི་ལག་ལེན་ལྟར་ན་སྐབས་འདིར་རྗེས་དྲན་གསོལ་བཏབ་དང༌། སེམས་བསྐྱེད་བཟུང་བ་བྱེད་པའི་སྲོལ་ཡོད་པ། བྱེད་པར་སྤྲོ་ན་ཆོ་ག་རྒྱས་པ་རྣམས་ལས་ཤེས་པར་བྱའོ། །དྲུག་པ་རྟེན་དམ་ཚིག་པའི་ལྷར་བསྐྱེད་པ་ནི། སླར་ཡང༌། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྐུ་གཟུགས་རྣམས་ཀྱི་གནས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༌། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་རྡོ་རྗེ་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་དང་པོའི་མགོན་པོའི་སྐུར་
གྱུར་པ་ནི། སྐུ་མདོག་སྟོན་ཀའི་ཟླ་བ་རྒྱས་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་དང་འདྲ་བའི་ཡུམ་རྡོ་རྗེ་སྙེམས་མ་ལ་ཡང་དག་པར་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རབ་ཏུ་རྒྱས་པའི་སྤྱན་གདངས་ཤིང་དབུ་སྐྲ་རལ་པའི་ཐོར་ཚུགས་ཆེན་པོའི་ཅོད་པན་ཅན། དར་སྣ་ཚོགས་པའི་ན་བཟའ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། ཕྱག་གདུབ། ཞབས་གདུབ། འོག་པག་སེ་མོ་དོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙན་གོང་ཨཏྤ་ལའི་གདེངས་ཀ་དང་དར་དཔྱངས་ཀྱིས་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་ཞིང་འཕྲོ་བའོ། །ཞེས་བརྗོད། མཆོན་རྟེན་ཡིན་ན། པདྨ་དང་ཟླ་བའི་གདན་ལ། བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་འཁོར་ལོ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས། ཡུམ་སངས་རྒྱས་སྤྱན་མ་རང་དང་མཚུངས་པ་ལ་འཁྱུད་པ། ཞབས་རྡོ་རྗེ་སོགས་གོང་བཞིན། པོ་ཏི་ཡིན་ན། ཛྲིཾ་ལས་
པདྨ་ཛྲིཾ་གིས་མཚན་པ་ལས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་སོགས་ཕྱག་འཚན་ཡིན་ན། ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་ལས། མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས། ཡུམ་མཱ་མ་ཀཱི་སྔོན་མོ། སོགས། ཡང་ན་མཆོད་རྟེན་ནི་རྣམ་སྣང་ཡོངས་སུ་གྱུར་པ་ལས་མཆོད་རྟེན་ཉིད་དུ་གྱུར་ཏེ། དེའི་དབུས་སུ་རྣམ་སྣང་གི་གཟུགས་བརྙན་ཤར་བར་བསྒོམ་པ་ཡང་བཤད་དོ། །གང་ལྟར་ཡང་དེ་ལྟར་བསྐྱེད་ཟིན་པས་རྗེས་སུ། ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་རྣམས་དང༌། མིག་ཏུ་ཀྵིཾ་དཀར་པོ། རྣ་བར་ཛྲིཾ་སྔོན་པོ། སྣ་ལ་ཁཾ་སེར་པོ། ལྕེ་ལ་གཾ་དམར་པོ། སྐྲ་མཚམས་སུ་སྐཾ་ལྗང་ཁུ། ལྟེ་བར་སཾ་སྔོན་པོ། དཔྲལ་པར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱས་མཚན་པ། སྙིང་ཁར་རིགས་ལྔའི་ས་བོན་གྱི་འོག་ཏུ་ཧཱུཾ་ལས་རྡོ་རྗེ་ནག་པོ་ཧཱུཾ་གིས་མཚན་པ་རྣམས་སུ་གྱུར། བདུན་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས། ཡེ་ཤེས་སེམས་དཔའ་ལ་སངས་རྒྱས་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲངས་བར་བགྱི། །ཞི་ཞིང་ཐུགས་རྗེས་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཨོཾ་ཚུར་བྱོན་ཚུར་བྱོན་ཞིང་དག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པར་འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །
འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད། ཡེ་ཤེས་སེམས་དཔའི་ཕྱི་བཞིན་དུ་འབྲངས་ནས་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་ཚོགས་རྣམས་གཞན་དུ་སོང་ཞིག །སུམྦྷ་བཟླས་ཏེ་རོལ་མོའི་སྒྲ་བསྒྲགས་ལ་བགེགས་བསྐྲད། ཡེ་ཤེས་པ་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བཅོམ་ལྡན་རྡོ་རྗེ་སེམས་དཔའ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་དོན་དང༌། ཁྱེད་རྣམས་ལ་ཡང་མཆོད་ཕྱིར་དང༌། །སེམས་ཅན་བསོད་ནམས་སྤེལ་དོན་དང༌། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། ཁྱོད་ཀྱི་རབ་གནས་བགྱིད་པར་འཚལ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ། །གང་གཞན་རྡོ་རྗེའི་སྤྱན་ལྡན་དག །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་འཛིན་པ་
ཡིས། །ལྷ་འདི་རབ་ཏུ་གནས་པ་ནི། །བགྱི་འོ་དེས་ན་ཁྱེད་རྣམས་ཀྱིས། །ཉེ་བར་གནས་པར་མཛད་པར་འོས།།ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨ། ཞེས་མང་དུ་བརྗོད་ལ་དམ་ཡེ་བསྲེའོ། །གཞུང་ནས་གསལ་བར་བཤད་པ་མེད་ཀྱང༌། ཡང་སྙིང་ཁ་ནས་འོད་ཟེར་འཕྲོས་ཏེ་ཡེ་ཤེས་པ་སྔོན་བཞིན་སྤྱན་དྲངས་ཏེ་བསྟིམ་པའི་བར་ལན་གསུམ་མམ། ལྔའམ། བདུན་ལ་སོགས་པར་བྱེད་པར་འདོད་དེ། དམིགས་པ་གསལ་ཞིང་ཡིད་ཆེས་པའི་ཕྱིར་ཡིན་པས་མི་འགལ་ཞིང་ལེགས་པར་མངོན་ལ། སྤྱིར་ཆོ་ག་མ་ཚང་བ་མེད་པའི་ཡན་ལག་ཏུ་ནི་ཚར་གཅིག་པོ་དེས་ཆོག་གོ །བརྒྱད་པ་དབང་བསྐུར་བ་ནི། སླར་ཡང་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས། སངས་རྒྱས་སྲས་དང་བཅས་པ་མ་ལུས་པ་གཅིག་ཏུ་འདུས་པའི་ངོ་བོ། རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མོ་དྲུག །ཁྲོ་བོ་ཁྲོ་མོ་བཅུ་ལ་སོགས་པ་དཀྱིལ་འཁོར་པ་ཐམས་ཅད་ལྷ་ལ་དབང་བསྐུར་བའི་དོན་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་
ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །མདུན་བསྐྱེད་དཀྱིལ་འཁོར་རྒྱས་པ་ཡོད་ན་ནི། སྔར་སྦྱང་བའི་སྔོན་དུ་འཇུག་པའི་ཆོ་ག་རྒྱས་པ་ཟིན་ན་དེས་ཆོག་ཅིང་མིན་ན་སྐབས་འདིར་ན་བཟའ་དམར་པོ་གསོལ། མེ་ཏོག་གི་འཕྲེང་བ་བཏགས་ཏེ། དཀྱིལ་འཁོར་དུ་འཇུག་པ་བསྡུས་པ་ཙམ་མམ། ཤིན་ཏུ་བསྡུས་པ། ཨཱ་ཁཾ་ཝཱི་ར་ཧཱུཾ། ཞེས་བརྗོད་པས་དཀྱིལ་འཁོར་དུ་ཞུགས་པར་མོས། མདུན་བསྐྱེད་དཀྱིལ་འཁོར་རྒྱས་པ་མེད་ཅིང༌། གོང་དུ་བཤད་པའི་མཎྜལ་ཙམ་ལ་བརྟེན་པ་ཡིན་ནའང༌། དཔའ་བོ་འབྲུ་ལྔས་དཀྱིལ་འཁོར་དུ་འཇུག་པ་དེ་དང་འདྲ་ཞིང༌། ཅི་སྟེ་མཎྜལ་བཤམས་པ་དེའང་མེད་ན་དབང་ལྷ་རྣམས་གཞལ་ཡས་ཁང་བསྲུང་འཁོར་དང་བཅས་པར་སྤྱན་དྲངས་ལ། དེ་ལྟ་བུའི་དཀྱིལ་འཁོར་དུ་ཞུགས་པར་མོས་པ་ཙམ་གྱིས་ཆོག་གོ །གང་ལྟར་ཡང་དེ་ནས་འདི་སྐད་ཅེས་བྱ་སྟེ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་སྩལ་དུ་གསོལ། །ཞེས་ལན་གསུམ། བདག་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཞལ་དུ་སྐུ་གཟུགས་ལ་སོགས་པའི་རྟེན་རྣམས་རབ་ཏུ་བཅུག་སྟེ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་ཕྱིན་པ་རང་གི་ལྷའི་གཟུགས་ཀྱི་རྣམ་པར་གནས་པ་ལ། དབང་གི་ལྷ་ཐམས་ཅད་ཀྱང་རྗེས་སུ་ཆགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྣམས་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་
ཐ་མི་དད་པའི་སྤྱི་བོ་ནས་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ཡོངས་སུ་བཀྲུས་པས་རྟེན་གྱི་དྲི་མ་སྦྱངས་ཤིང༌། ཤེས་རབ་ཀྱི་པདྨའི་མཐའ་ལས་སྤྲོས་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་མཐའ་དག་རྣམས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པར་གྱུར་པ་པདྨ་ལས་ཕྱིར་སྤྲོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བཞུགས་པ་རྣམས་རྟེན་ལ་དབང་བསྐུར་བར་མངོན་དུ་ཕྱོགས་པས་ཤིས་པ་བརྗོད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་བསྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་འདིར་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཨོཾ་ཕུན་གསུམ་ཚོགས་པ་སོགས་ཤིས་བརྗོད་ཇི་ལྟར་འོས་པ་བྱ། ཧཱུཾ་ལས་བྱུང་བ་མི་བསྐྱོད་པའི་རང་བཞིན་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཡེ་ཧཱུཾ་སྭཱཧཱ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ལས་བྱུང་བ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དེ་བཞིན་གཤེགས་པ་རིགས་ལྔའི་རྣམ་པ་ཅན་དབུ་རྒྱན་གྱིས་དབང་བསྐུར། ཨོཾ་ཨཱཿབཛྲ་
ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་རཏྣ་ཨཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿ ཛྲིཾ་ངམ་ཧྲིཿལས་བྱུང་བ་འོད་དཔག་མེད་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་བཟུང༌། ཁཾ་ལས་བྱུང་བ་དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུ་དབང་བསྐུར། ཨོཾ་བཛྲ་ཨ་བྷི་བ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་མིང་གི་དབང་བསྐུར། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩ་མཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཨོཾ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རབ་ཏུ་གནས་བྱའི་ལྷ་རྣམས་རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་གིས་རིག་མ་ལ་འཁྱུད་པར་གྱུར། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། ནམ་མཁའ་གང་བར་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་ཚུལ་གྱིས་རྟེན་རྣམས་ལ་གཉིས་སུ་མེད་པར་ཐིམ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་མེ་ཏོག་གཏོར་ཞིང་སྔགས་དེ་ལན་བརྒྱ་ཕྲག་སོགས་བཟླའོ། །ཨོཾ་ཧཱུཾ་ཧྲཱི་བྷྲུཾ་ཁཾ་བཛྲིཾ་བྷ་ཝ་ཌི་ཌྷ་ཏིཥྛ་བྷྲུཾ་ཁཾ་སྭཱཧཱ། ཞེས་པ་དང༌། ཨོཾ་ཧཱུཾ་ཧྲཱི་ཏཱཾ་ཞེས་པ་རྣམས་
ཀྱང་ཅི་རིགས་པར་བཟླའོ། །གསང་བའི་དབང་བསྐུར་བའི་ཏིང་ངེ་འཛིན་དང་བཅས་པས། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་བཞིན་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུཾ། དེ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཏིང་ངེ་འཛིན་དང་བཅས་པས། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །འདི་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་དག་གི་སེམས། །ནོར་བུའི་ནང་དུ་གནས་བལྟ་བས། ཞེས་བརྗོད། སྐུ་གཟུགས་ལ་སོགས་པ་རང་བཞིན་ཟུང་འཇུག་གཉིས་སུ་མེད་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མོས་ནས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་མེད་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་བརྗོད་ཅིང་ཅུང་ཟད་མཉམ་པར་བཞག་སྟེ། ལྷ་ལ་དབང་བསྐུར་བའོ། །དེ་ལྟར་ན་ལྷ་རྣམས་དམ་ཚིག་པར་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། དབང་བསྐུར་བ་གསུམ་པོ་དེ་ནི་རབ་གནས་དངོས་ཡིན་ལ། གོང་འོག་གི་ཆོ་ག་གཞན་རྣམས་ནི་ཡན་ལག་ཡིན་ནོ། །དགུ་པ་མཆོད་པ་རྒྱས་པ་ནི། དེ་མ་ཐག་ཏུ་ལྷ་སོ་སོའི་སྙིང་པོས་ན་བཟའ་འབུལ་བར་བཤད། སྙིང་པོ་ངོས་ཟིན་པ་དཀའ་ན། ཨོཾ་བཛྲ་སཏྭ་ས་མ་ཡ་ཞེས་སོགས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་བརྗོད་བཞིན་དུ་ན་བཟའ་ལ་སོགས་པ་མཆོད་རྫས་སྣ་ཚོགས་འབུལ། ཨོཾ་ཨཱཿབཛྲ་བ་ས་སེ་ཧཱུཾ་
སྭཱཧཱ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནཻ་ཝི་ཏྱེ་ཧཱུཾ་སྭཱཧཱ། ཨོཾ་ཨཱཿསརྦ་ཨ་བྷ་ར་ཎ་བི་བྷུ་ཥ་ཎེ་སྭཱཧཱ། ཞེས་པས་ཉེར་སྤྱོད་དང་རྒྱན་ལ་སོགས་པ་ཕུལ། ཨོཾ་ཨཱཿསརྦ་སཾ་ཤོ་དྷ་ཎི་ཧཱུཾ་ཕཊ། ཅེས་བཟླས་པས་འབྲས་བུ་དང༌། མེ་ཏོག་ལ་སོགས་པ་མཆོད་པ་རྣམས་བསངས། ཨོཾ་ཛྲིཾ་སྭཱཧཱ། ཞེས་པས་འབྲས་བུ་ལ་སོགས་པ་ཕུལ། ཨོཾ་བཛྲ་སཏྭ་ཨ། ཞེས་སྐུ་གཟུགས་ཀྱི་མདུན་དུ་མེ་ལོང་གཙང་མ་ཞིག་བཞག་གོ །དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབ་པ་ནི། གོང་གི་གནས་ཡོ་བྱིན་རླབས་དང་འདྲ་བ་ལས། གནས་ཁང་བྷྲུཾ་ལས་བྱུང་བའི་གཞལ་མེད་ཁང་གི་དབུས་སུ་ཞེས་པ་དོར་བའོ། །མཆོད་པ་འབུལ་བ་ནི། དབྱངས་དང་བཅས་པ་མེད་ཀྱང་རུང་སྟེ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞལ་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་མཆོག་སྩོལ་མཛོད། །ཨོཾ་ཨཱཿཧྲི་པྲ་ཝ་ར་སཏྐ་ར་ཨར་ཐཾ་བཛྲ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ། པཱ་དྱཾ། འཐོར་འཐུང༌། པྲོ་ཀྵ་ཎཾ། མཆོད་ཡོན། ཨརྒྷཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱོད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །
ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱོད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །དྷུ་པེ། མུན་པ་འཇོམས་བྱེད་སྣང་བའི་མཆོག །མར་དང་ཏིལ་གྱི་མར་མེ་འདི། །ཡང་དག་ཡེ་ཤེས་སྤེལ་བའི་ཕྱིར། །བདག་ནི་དད་པས་འབུལ་བར་བགྱི། །ཨཱ་ལོ་ཀེ །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །མཆོག་ཏུ་གྱུར་པའི་དྲི་ཆབ་འདི། །མཆོག་ཏུ་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་སོ་སོར་བཞེས། །གནྡྷེ། བཟའ་དང་བཅའ་བ་ཕུན་སུམ་ཚོགས། ཁ་དོག་དྲི་རོ་རྣམས་དང་ལྡན། །ཐམས་ཅད་ལྡན་པ་ལྷ་ཡི་བཤོས། །བདག་གིས་འབུལ་གྱིས་སོ་སོར་བཞེས། །ནཻ་ཝི་ཏྱེ། བླ་མེད་ཐེག་པ་ཆེན་པོའི་དོན་སྟོན་ཞིང༌། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་བཞེས་སུ་གསོལ། །ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དྷརྨ་ར་ཎི་ཏ་སོགས་རོལ་ཆེན་བྱ། དེ་ནས་བསྟོད་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་མཆོག་རྣམས་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་
ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་བདག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ལྡན། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །ནུས་ཤིང་སྤྲོ་ན་སྐབས་འདིར་སྦྱིན་སྲེག་འབུལ།
བཅུ་པ་སྤྱན་དབྱེ་ནི། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ཉིད་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ནི་སྭཱཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང༌། སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་མངའ་བརྙེས་པར་གྱུར་ཅིག སྤྱན་དབྱེ་འདི་ནི་བསྡུས་པ་ཡིན་ལ། རྒྱས་པར་ན་སྐུའི་སྒོ་ཐམས་ཅད་དག་པར་བྱ་བའི་ཚུལ་གྱིས་དབྱེ་བར་བྱ་བ་ཡིན་ནོ། །བཅུ་གཅིག་པ་མངའ་དབུལ་ནི། འདིར་གཞུང་ལས། འོ་ཐུག་སྒྲུབ་པའི་མངའ་དབུལ་སོགས་ཅུང་ཟད་ལས་མ་གསུངས་ཀྱང༌། མཆོད་པའི་བྱེ་བྲག་ཇི་ཙམ་རྒྱས་ཀྱིན་བཟང་བས། བོད་ཀྱི་བླ་མ་སྔ་མ་རྣམས་ཀྱི་ལག་ལེན་མངའ་དབུལ་རྒྱས་པ་བྱེད་པ་ཡང་སྐབས་འདིར་སྦྱར་ན་ལེགས་པ་ཡིན་ནོ། །དེ་ཡང་འོ་ཐུག་གམ་ཟས་མཆོག ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ། ཨོཾ་དི་བྱ་ཨནྣེ་ས་མ་དྷི་དྷྱ་ན་པྲི་ཎ་ནེ་སྭཱཧཱ། ཞེས་ལན་ཉེར་གཅིག་ལས་མི་ཉུང་བ་བཟླས། ཞལ་ཟས་རོ་བརྒྱ་ལྡན་པའི་སོགས་བརྗོད། ཨོཾ་བཛྲ་ལིཔྤེ་སྭཱཧཱ། ཙནྡན་གྱི་ལྡེ་གུ་བྱུག ཨོཾ་ཏཾ་བོ་ལཱ་ཡ་སྭཱཧཱ། ཞེས་པས་སོ་རྩི་ཕུལ། སླར་ཡང་མཆོད་པ་རྒྱ་ཆེར་བཤམས། གོང་བཞིན་བྱིན་
གྱིས་བརླབས་ནས། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པས་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་སྭཱཧཱ། དེ་བཞིན་དུ་རོལ་མོའི་བར་དུ་སྦྱར། དེ་ནས་བསྟོད་པ་ནི། ཇི་ཙམ་མང་ཀྱིན་བཟང༌། བསྡུ་ན། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྔུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པའི། །ཐུགས་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཞིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་འཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས༌། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཅུག་ནས། །ཞི་བ་རིན་ཆེན་གླིང་མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་
སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང༌། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་མངལ་དབུལ་གྱི་རྫས་རྣམས་དངོས་སམ། གཟུགས་རི་མོར་བྲིས་པའམ། འབུར་དུ་བརྐོས་པ་སོགས་རིམ་གྱིས་སྟར་ལ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་
ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་གེ་ཨཱཿཧཱུཾ་སྭཱཧཱ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཨོཾ་བཛྲེ་གནྡྷེ་ཨཱཿཧཱུཾ་སྭཱཧཱ། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའ་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བསྒྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་སྭཱཧཱ། རྒྱལ་བ་མཚན་དཔེའི་རང་བཞིན་བརྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་བརྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨ་ལཾ་ཀ་ར་བི་བྷུ་ཥ་ནི་ཨཱཿཧཱུཾ་སྭཱཧཱ། རྒྱལ་བ་ཟག་མེད་འབྱོར་ལ་མངའ་བསྒྱུར་ཡང༌། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བསམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་མཧཱ་
སབྟ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། རྒྱལ་བ་མགོན་པོ་དཔལ་གྱི་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་དང༌། །ཏིང་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་བཛྲ་མཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། འདི་རྣམས་ལ་བོད་སྔ་མ་རྣམས་ལ་སྤྱིའི་མངའ་དབུལ་ཞེས་གྲགས་པ་ཡིན་ཞིང༌། འདི་དག་མངའ་དབུལ་དུ་འོས་པའི་མཆོད་རྫས་བཟང་པོར་སྣང་བའི་ཕྱིར་ཤིན་ཏུ་འཐད་ལ། བྱེ་བྲག་གི་མངའ་དབུལ་དུ་གྲགས་པ་རྣམས་ནི་ལུགས་འདི་ལ་མི་སྦྱོར་ཏེ། སྤུ་གྲི་ལ་སོགས་པ་མངའ་དབུལ་བའི་རྫས་སུ་མི་འོས་ཤིང༌། ན་བཟའ་ལ་སོགས་པ་སྔར་ཕུལ་བའི་ནང་དུ་ཚང་བ་དང༌། མཆོད་རྟེན་གྱི་ནི་སྲོག་ཤིང་འཁོར་ལོ་གདུགས་ལ་སོགས་པ་མཆོད་རྟེན་བཞེངས་པའི་དུས་ཀྱི་ཆོ་ག་ཡིན་གྱི། སྐབས་འདིར་དགོས་པའི་མངའ་དབུལ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྐུ་གཟུགས་ལ་འདྲེག་བཅད་ལ་སོགས་པ་རྣམས་དང༌། གླེགས་བམ་ལ་གླེགས་ཤིང་སོགས་སྤྱན་དབྱེའི་སྐབས་དང་ཅུང་ཟད་འབྲེལ་བ་ཡིན་པས་ན། ལག་ལེན་ཤིན་ཏུ་སྤྲོས་པ་ལ་དགའ་བས་སྤྱན་དབྱེའི་སྐབས་དེར་ཕུལ་ན་ཅུང་ཟད་ལེགས་པ་ཡིན་ནོ། །དེ་ནས་སྔགས་ཀྱི་
མངའ་དབུལ་ཏེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཞེས་པ་དང༌། ཡེ་དྷརྨ་དང༌། སུ་པྲ་ཏིཥྛ་རྣམས་མང་དུ་བཟླ་ཞིང་རབ་ཏུ་གནས་བྱའི་ལྷ་དེ་ཉིད་ཀྱི་སྔགས་ཤེས་ཤིང་བཟླ་བར་སྤྲོ་ན་ཅི་ནུས་སུ་བཟླའོ། །དེ་ནས་སྐབས་འདིར་ཞལ་བསྒྱུར་དགོས་པའི་རིགས་ཡོད་ན་བྱ་སྟེ། པོ་ཏི་རྣམས་ལ། འོད་དཔག་མེད་ཞུ་བ་ལས་བྱུང་བའི་གླེགས་བམ་དུ་གྱུར། དེ་བཞིན་དུ། མི་བསྐྱོད་པ་ཞུ་བ་ལས་བྱུང་པའི་ཕྱག་མཚན་དུ་གྱུར། རྣམ་པར་སྣང་མཛད་ཞུ་བ་ལས་བྱུང་བའི་མཆོད་རྟེན་དུ་གྱུར། ཞེས་པ་ལྟ་བུའམ། མཆོད་རྟེན་ལ་སོགས་པའི་དབུས་སུ་ལྷ་བསྐྱེད་པ་རྣམས་ནི་དེ་ཉིད་དེ་ལ་ཐིམ་པར་མོས། རབ་ཏུ་གནས་བྱའི་ལྷ་སོ་སོའི་བསྐྱེད་ཆོག་ཤེས་ནས། སོ་སོའི་བསྐྱེད་ཆོག་བྱས་པ་ཡིན་ན་ཞལ་བསྒྱུར་མི་དགོས་ལ། གོང་དུ་བསྟན་པ་ལྟར་ཐུན་མོང་དུ་རྡོ་རྗེ་སེམས་དཔར་བསྐྱེད་པ་ཡིན་ན། རྡོ་རྗེ་སེམས་དཔའ་ཞུ་བ་ལས་བྱུང་བའི་ལྷ་སོ་སོ་རང་རང་གི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། ཞེས་བརྗོད་ཅིང་བསམ་མོ། །བཅུ་གཉིས་པ་གསོལ་བཏབ་ནི་ཡང་མཆོད་པ་ཚར་གཅིག་བཤམས་ལ། སྔོན་བཞིན་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤཔྟའི་བར་སྔགས་དང་ཕྱག་རྒྱ་ཙམ་གྱིས་ཕུལ། མགོན་པོ་ཐུགས་རྗེ་སོགས་དཀོན་མཆོག་གསུམ་གྱི་བསྟོད་པས་བསྟོད། མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་
སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་གི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུག་ནས་ཀྱང༌། བདག་དང་ཡོན་བདག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང༌། དཔུང་གཉེན་དམ་པ་མཛད་དུ་གསོལ། གནས་དང་རྟེན་དང་གླིང་མཛད་དེ། ཕན་བདེ་མ་ལུས་པའི་བཀའ་དྲིན་སྩལ་དུ་གསོལ། མདོར་ན་འཁོར་བ་ཇི་སྲིད་ཀྱི་བར་དུ་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་རོལ་མོའི་སྒྲ་བསྒྲགས། སུ་པྲ་ཏིཥྛ་དང༌། ཡེ་དྷརྨ་བཟླས་ཤིང་རྟེན་ལ་མེ་ཏོག་དོར། དེ་ལྟར་ལན་གསུམ་གྱི་རྗེས་སུ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀུན། །དགའ་ལྡན་དུ་ནི་རབ་བཞུགས་རྣམས། །ལྷ་མོ་སྒྱུ་འཕྲུལ་ལྷུམ་བཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །སེམས་ཅན་ཀུན་གྱི་དོན་སླད་དུ། །བདག་གི་
འབྱོར་བ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་བཤམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་རླབས་ཤིང༌།།འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་པས་ལན་གསུམ་དུ་གསོལ་བ་བཏབ། ཨ་མྲྀ་ཏའམ། བིགྷྣཱནྟ་ཀྲིཏ་ཀྱི་སྔགས་བཟློས་ཤིང་སྐུ་གཟུགས་ཀྱི་སྟེང་འོག་བར་གྱི་ཆ་ཐམས་ཅད་དུ་གཡས་པས་རྡོ་རྗེ་ལན་གསུམ་དུ་བསྐོར་ཞིང་གསོར་བས་བྱིན་རླབས་ཤིན་ཏུ་བརྟན་པར་བྱས་པར་བསམ། དེ་ནས་དབྱངས་དང་བཅས་པའམ། མིན་ཀྱང་རུང་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་྄གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་
ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་དོ། །བཅུ་གསུམ་པ་རྗེས་ཆོག་ནི་དཀྱིལ་འཁོར་རྒྱས་པ་དང་འབྲེལ་ན། མཆོད་པ་བྱིན་རླབས་ནས་བཟོད་གསོལ་གྱི་བར་བྱེད་དགོས་པ་ཡིན་ལ། བསྡུས་པ་མཎྜལ་བཅའ་བ་དང་འབྲེལ་བའི་ཚེ་ན་ཡང༌། མཆོད་པ་ཁ་གསོས། གོང་བཞིན་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕུལ། མཉམ་ཉིད་མི་གཡོ་མའམ། དེ་ཉིད་ལྔ་པས་བསྟོད། བུམ་པ་ཙམ་ལས་མ་བཅས་ན་ཡང་མཆོད་བསྟོད་འདི་དགོས་ཏེ། རྟེན་དང་མགྲོན་ལ་དམིགས་ནས་བྱའོ། །མདུན་བསྐྱེད་དང༌། རབ་ཏུ་གནས་པའི་ལྷ་དང་མགྲོན་གྱི་ལྷ་ཐམས་ཅད་ལ་དམིགས་ནས་ཡིག་བརྒྱ་ལན་མང་དུ་བཟླས། མ་རྙེད་ཡོངས་སུ་མ་ཚང་དང༌། །སོགས་བཟོད་གསོལ་ཅི་ནུས་སུ་བྱས་ལ། མགྲོན་རྣམས་གཤེགས་སུ་གསོལ་ཏེ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དག།གང་དག་ཆོ་གའི་བྱ་བ་ལ། །ནོངས་གྱུར་དེ་དག་བཟོད་མཛད་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་བདག་རྣམས་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་སུ་གསོལ། །ཞེས་པ་ཙམ་མམ། སྤྲོ་ན། ས་དང་ཆུ་དང་མེ་རླུང་ལས། །ལྷ་རྣམས་ཀྱི་ནི་སྐུ་གཟུགས་ལ། །བསྐལ་པ་བརྒྱར་ནི་བསྲུང་བ་དང༌། །མཆོད་པ་ཆེན་པོ་
མཛད་དུ་གསོལ། །དགྱེས་ཤིང་ཡིད་བཟང་གྱུར་ནས་སུ། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་བོ་བསྲུང་བ་དང༌། །གང་གནས་དགེ་བར་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུཾ་མུཿ ཞེས་བརྗོད། བཅུ་བཞི་པ་གཏོར་ཆོག་ནི། བར་འདིར་སྒོས་ཀྱི་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོ་སོགས་ཀྱང་བྱ་ལ། ཆོ་ག་རྒྱས་པ་དང་འབྲེལ་ཞིང་ཕྱི་རོལ་གཏོར་མའི་བྱ་བ་ཡོད་ནའང་སྐབས་འདིར་བྱ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་མ་འབྲེལ་ཡང་མཁའ་འགྲོ་སྤྱི་གཏོར་རམ། ཕྱོགས་སྐྱོང་བཅུའི་གཏོར་མ་སོགས་གནས་ཁང་དེའི་ཕྱི་རོལ་ཏུ་སོང་སྟེ་བཏང་ན་ཤིན་ཏུ་ལེགས་སོ། །ཆོས་སྐྱོང་བསྒོ་བ་བྱེད་ནའང་དེའི་གཏོར་མ་ལ་སོགས་སུ་བཤམས་ཏེ་གཏོར་ཆོག་ལྟར་ཕུལ་ལ། ཨོཾ་བཛྲ་རཀྵ་ཧཾ། ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །འཇིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་ལ་ཁྱོད་ཀྱི་བསྲུང་བ་དང༌། མཆོད་པ་རྒྱུན་མི་ཆད་པར་འབྱུང་བར་མཛོད་ཅིག །བདག་དང་ཡོན་བདག་སོགས་ལ་མི་མཐུན་པའི་ཕྱོགས་ལས་བསྲུང་བ་དང༌། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིགཅེས་བརྗོད། །བཅོ་ལྔ་པ་ཡོན་བདག་བསྒོ་བ་ནི། དེ་ནས་ཡོན་བདག་རྟེན་ལ་ཕྱག་འཚལ་དུ་བཅུག །གདན་བཟང་
པོ་ལ་བཞག་ནས། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་གྱིས། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱིས། རྟེན་འདི་ལ་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེར་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་བའི་མཆོད་པ་རྒྱུན་མི་འཆད་པས་མཆོད་པར་གྱིས་ཤིག །བཅུ་དྲུག་པ་ཤིས་བརྗོད་རྒྱས་པ་ནི། ཡོན་བདག་དང༌། རྫས་དང༌། གནས་ཁང་རྣམས་ལ་ལས་བུམ་གྱི་ཆུ་ནས་ཅུང་ཟད་གཏོར་ཏེ། ཨ་མྲྀ་ཏའི་སྔགས་ལན་མང་དུ་བརྗོད། བཀྲ་ཤིས་རྫས་བརྒྱད་རིམ་ཅན་དུ་སྟར་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པར་དག་གྱུར་ཅིག །གི་ཧཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །དུར་
བའི་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཞི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་བྱས་ནས། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་གྱུར་ཅིག །རྒྱལ་སྲིད་སྣ་བདུན་རིམ་གྱིས་སྟར་ལ། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༌། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་
ཚད་ཙམ་དུ་སྣང་བྱེད་ཅིང༌། །དྲི་མེད་ཉིན་མོ་ཇི་བཞིན་མཚན་ཇི་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་བལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ༴ གང་ཡང་རྒྱལ་ལ་མུ་ཏིག་དང་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་ཕུལ་པ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པའི། །བློན་པཽ༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་ནུས་ཤིང༌། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་པའི། །རྟ་མཆོག་རིན་ཆེན༴ འགྲོ་དང་ལྡོག་དང་ཀུན་ནས་འོངས་གྱུར་པའི། །མ་ལུས་བདུད་དཔུང་འཇིག་པར་བྱེད་པ་སྟེ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་མི་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཞན་ཡང༌། ཨོཾ་ཕུན་སུམ་ཚོགས་པ༴
སོགས་དང༌། ཆེ་བའི་ཆེ་མཆོག་སོགས། རྒྱལ་མཚན་རྩེ་མོ་སོགས། མི་འགྱུར་ལྷུན་པོ་སོགས། སྦྱིན་པ་གཏོང་ཞིང་སོགས། སྟོན་པ་འཇིག་རྟེན་ཁམས་སུ་སོགས། བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཞི་བ་དང་སོགས། ལོ་བརྒྱ་ཐུབ་ཅིང་སོགས། འབད་དང་སོགས། སྔོན་ཚེ་བཅོམ་ལྡན་འདས་སོགས། ཟབ་ཅིང་རྒྱ་ཆེ་སོགས། ཉིན་མོ་བདེ་ལེགས་སོགས། རོལ་ཆེན་དང་བཅས་ཤིས་པ་བརྗོད་དོ། །དེ་དག་ནི་མཚོན་པ་ཙམ་སྟེ། ཤིས་བརྗོད་འཚམ་ཞིང་རྒྱས་པ་ཇི་ལྟར་རིགས་པ་བརྗོད་དོ། །བར་འདིར་ཚོགས་ཀྱི་འཁོར་ལོའམ། ཙཱ་རུའི་བཟའ་བ་སོགས་དགའ་སྟོན་རྒྱ་ཆེར་བཏང༌། རབ་གནས་ཀྱི་སློབ་དཔོན་ལ་ཡོན་ཡང་དབུལ་བར་བྱའོ། །བཅུ་བདུན་པ་རྗེས་བསྡུ་ནི། དེ་རྗེས་སུ་དཀྱིལ་འཁོར་རམ་མཎྜལ་ཡང་རྗེས་བསྡུའི་ཆོ་གས་བསྡུས་ནས། སྨོན་ལམ་དང་བཀྲ་ཤིས་ཅུང་ཟད་བྱ། བཅོ་བརྒྱད་པ་སྦྱིན་སྲེག་ནི་འགྲུབ་ན་སླར་ཡང་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ལ་འཇུག་པར་བྱའོ། །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱིས་རབ་གནས་ཉིན་གཅིག་མའི་ཆོ་ག་བཤད་ཟིན་ཏོ། །ཆོ་ག་འདི་ཉིད་ལ་བརྟེན་ཏེ་ཉིན་གཉིས་པ་བྱེད་ན། ཁྲུ་གསོལ་ཡན་ཆད་སྔར་བཞིས་བྱས་ནས། སྙིང་ཁའི་འོད་ཟེར་གྱིས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། མཆོད་བསྟོད་རྒྱས་པ་ཕུལ། ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་མོས་ནས། བཅོམ་ལྡན་རྡོ་རྗེ་ནས་མཛད་པར་འོས་ཀྱི་བར་གྱིས་སྙན་གསན་ཕབ། ཡང་མཆོད་བསྟོད་བསྡུས་པ་ཞིག་བྱས་ནས། ཨོཾ་བཛྲ་པཱུ་ཎ་རཱ་ག་མ་ནཱ་ཡ་མཱུཿ
ཞེས་གཤེགས་སུ་གསོལ་ནས། སྐུ་གཟུགས་ཀྱི་སྤྱི་བོ་མགྲིན་པ་ཐུགས་ཀ་སྤྱི་གཙུག་ཕྱག་རྣམས་ལ་དྲི་བཟང་གིས་བྱུག །ཨ་མྲྀ་ཏ་བཟླ་ཞིང་རྡོ་རྗེས་སྐུ་ལ་རེག་པས་བསྲུང་བ་བྱས་པར་མོས་ལ་ཁེབས་ཀྱིས་གཡོགས། ཕྱི་རོལ་དུ་འབྱུང་པོའི་ཚོགས་ལ་སྤྱི་གཏོར་བཏང༌། མདུན་བསྐྱེད་ཡོད་ན་རྗེས་ཆོག་སྐབས་འདིར་བྱ་སྟེ་སྟ་གོན་གྱི་ཆོ་གའོ། །ནང་པར་བུམ་བསྐྱེད་ཡན་ཆད་བསྐྱར་ནས་བྱ་ཞིང༌། བགེགས་དང་སྡིག་པ་སྦྱང་བ་དེ་མ་བྱས་ཀྱང་ཆོག །བྱེད་པར་སྤྲོ་ན་སྟ་གོན་གྱི་སྐབས་བཞིན་སོང་མཚམས་དམ་ཚིག་པ་བསྐྱེད་པ་སྔར་བསྟན་པ་ལྟར་བྱས་ནས། དེ་རྗེས་བྱུར་བསལ་བ་དང༌། ཁྲུས་གསོལ་བྱ། ཡེ་ཤེས་པ་སྤྱན་འདྲེན་པ་མན་ཆད་སྔར་ལྟར་བྱས་པས། ལུགས་འདི་ཉིད་ཀྱི་ཆོ་ག་ཉིན་གཉིས་པ་ལེགས་པར་འགྲུབ་པ་ཡིན་ཞིང༌། ཅི་སྟེ་ཉིན་གསུམ་པ་བྱེད་ན། དངོས་གཞི་དང་རྗེས་ཀྱི་ཉིན་མོ་གཉིས་ལ་སྦྱིན་སྲེག་ངེས་པར་བྱ་ཞིང༌། དེའི་ཆོ་ག་ཡང་འོད་ཀྱི་སྙེ་མའི་དགོངས་པ་ཁོ་ན་ལས། མདོར་བསྡུས་སུ་སྦྱར་བ་ཞིག་ཡོད་པས་དེར་ཤེས་པར་བྱའོ། །དེ་ལྟར་ན་བརྟན་བཞུགས་ཡན་ཆད་ཉིན་མ་གཉིས་པ་ལ་ཚང་བར་བྱས་ནས། དཀྱིལ་འཁོར་རམ་མཎྜལ་གྱི་རྗེས་ཆོག་བཀྲ་ཤིས་ཀྱི་བར་དུའང་བྱའོ། །ཉིན་མ་གསུམ་པ་ལ་སྔ་བར་ལངས་ཏེ། བདག་བསྐྱེད་མདུན་བསྐྱེད། མཆོད་གཏོར་རྣམས་སྔར་བཞིན་བྱ། བུམ་པའི་བྱ་བ་མེད་ཀྱང་མཆོད་པའི་དོན་ཡིན་པས། བུམ་པ་ཡང་སྔར་བཞིན་སྒྲུབ་ན་ལེགས། རབ་ཏུ་གནས་ཟིན་པའི་རྟེན་ལྷ་སྐུ་དངོས་སུ་གསལ་བར་དམིགས་ནས། སོ་སོའི་སྙིང་པོ་ཅི་རིགས་པ་བཟླ། སོ་སོའི་
སྔགས་བཟླ་བར་སྤྲོ་ན་རྡོ་རྗེ་སེམས་པའི་ཡི་གེ་བརྒྱ་པ་ཉིད་ལན་མང་དུ་བཟླའོ། །དེ་ནས་མཆོད་བསྟོད་རྒྱས་པ་ཞིག་བྱེད་དགོས་པས། མཆོད་པ་རྒྱ་ཆེར་བཤམས། སྔོན་བཞིན་བྱིན་གྱིས་བརླབས་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེས་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མཱ་ཡ་ཧཱུཾ། དེ་བཞིན་དུ་རོལ་མོ་དང༌། ཤཔྟའི་བར་དུ་སྦྱར་ལ། དྷརྨ་ར་ཎི་ཏ་ལ་སོགས་པ་མཆོད་པའི་སྤྲིན་གྱི་གཟུངས་རྣམས་བཟླ་ཞིང་རོལ་ཆེན་དང༌། བདུག་སྤོས་རྒྱ་ཆེར་འབུལ་བ་སོགས་བྱ། བསྟོད་པ་ཡང་དེ་ཉིད་ལྔ་པ་སོགས་གོང་དུ་བསྟན་པ་ལྟར་རམ། གཞན་ཡང་ཇི་ལྟར་འོས་པས་བསྟོད། ཤེས་ན་སངས་རྒྱས་མཉམ་སྦྱོར་ནས་འབྱུང་བའི་རིགས་དྲུག་གི་བསྟོད་པ་སོགས་ཀྱི་ཀླུ་དབྱངས་བླངས་ན་ཤིན་ཏུ་ལེགས་པ་ཡིན་ནོ། །དེའི་རྗེས་སུ་མདུན་བསྐྱེད་ཀྱི་མཆོད་པ་སོགས་བྱ་སྟེ། དེ་མན་ཆད་སྔར་དང་འདྲའོ། །དེ་ལྟར་ན་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་མཆོག་ཏུ་གྱུར་པའི་རྡོ་རྗེའི་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་གཞུང་ལས་འབྱུང་བའི་ལག་ལེག་རྣམས་གོ་རིམ་མ་
འཁྲུགས་པར་སྦྱར་ཞིང༌། བོད་ཀྱི་ལག་ལེན་དང་བསྟུན་ནས། ཚིགས་བཅད་སོགས་དབྱངས་སུ་གྱེར་དགོས་པ་དང༌། མཆོད་པ་དང༌། ཤིས་བརྗོད་ལ་སོགས་པ་གཞུང་དང་མི་འགལ་བ་རྣམས་ཅི་རིགས་པར་ཁ་བསྐང་བ་ཡིན་ནོ། །མི་འཇིགས་པའི་ལུགས་འདིར་རབ་གནས་ཀྱི་རྒྱུད་དང༌། བླ་མེད་རྒྱུད་སྡེ་རྣམས་ལས་རབ་གནས་ཐོར་བུར་གསུངས་པ་རྣམས་དང༌། འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་རབ་གནས་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིན་པས་དོན་ཐམས་ཅད་ཚང་ཞིང་རྒྱས་ལ། མཆོག་ཏུ་ལེགས་ཤིང༌། སྤྲོས་པ་ལ་དགའ་བའི་བློ་བཟོས་ཀུན་ནས་བླངས་པའི་ལྷད་དང་བྲལ་བའང་ཡིན་པས། རྒྱུད་དང་ཚད་ལྡན་གྱི་གཞུང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་རེ་ཙམ་ཡོད་པ་རྣམས་བསྣན་ན་ལེགས་པར་འགྱུར་བའང་སྲིད། གཞན་ཆོ་གའི་ལུས་འདི་ཁོ་ན་ལྟར་བྱས་ན་ལེགས་པ་ཡིན་ནོ། །ཆོ་ག་རྒྱས་པ་ནི་གཞན་དུ་འབྲི་བར་འདོད་དོ། །ཚད་ལྡན་གཞུང་གི་རྗེས་འབྲང་ཞིང༌། །རང་བཟོ་སྤངས་ལས་དགེ་ཐོབ་པ། །དེས་ནི་འཇིག་རྟེན་མ་ལུས་ཀུན། །མྱུར་དུ་སངས་རྒྱས་སར་འཁོད་ཤོག །ཅེས་པ་རབ་གནས་ཀྱི་ཆོ་ག་འགྲོ་ཕན་རྒྱས་བྱེད་ཅེས་བྱ་བ་འདི་ཡང་དོན་གཉེར་མང་པོའི་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེ་ལེགས་འཕེལ། བཀྲ་ཤིས། །