རྫུན་རིས་ཆུ་ཟླའི་ཟློས་གར་ཞེས་བྱས་བ་རྨི་ལམ་ཉིང་འཁྲུལ་གྱི་བཀོད་པ་བརྗོད་པའི་ཡི་གེ་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་ཁ་སྐོང་།
རྫུན་རིས་ཆུ་ཟླའི་ཟློས་གར་ཞེས་བྱས་བ་རྨི་ལམ་ཉིང་འཁྲུལ་གྱི་བཀོད་པ་བརྗོད་པའི་ཡི་གེ་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་ཁ་སྐོང་ལགས།
ན་མཿཨུཏྟཱ་རེ་བྷྱཿ བདག་སྙིགས་དུས་ཀྱི་བཙུན་པ་སྙོམས་ལས་པ། །གནས་ངོ་མཚར་དཔལ་གྱི་རྒོད་ཚང་ཕུག །ཕ་བླ་མ་མཁའ་འགྲོས་བྱིན་བརླབས་པར། །དུས་རེ་ཤིག་དབེན་པ་བསྟན་པའི་ཚེ། །ཡོངས་རྟ་ལོ་རྒྱལ་ཟླའི་ཚེས་བཅུ་དགུ། །དགུང་ཐོ་རངས་གཉིད་ཀྱི་འཁྲུལ་ཉམས་སུ། གཟུགས་མི་མཐོང་བུད་མེད་སྐད་སྙན་པ། །གྲྭ་བསྡེབས་པའི་གླུ་དབྱངས་འདིར་ལྟར་ཐོས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ཆོས་སྐུ་སྣང་བ་མཐའ་ཡས་བཞུགས། །སྟོན་པ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཤར་རི་བོ་ཏ་ལའི་གནས་མཆོག་ན། །འཕགས་པ་ཐུགས་རྗེ་ཆེན་པོ་
བཞུགས། །ལོངས་སྐུ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གནས་རྔ་ཡབ་དཔལ་རིའི་ཕོ་བྲང་ནས། །ཨོ་རྒྱན་པདྨ་འབྱུང་གནས་བཞུགས། །བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་མཆོག་གཙང་པོ་མགོ་དགུ་ན། །བཞུགས་ས་ལེགས་ལ་བཞུགས་སྙིང་སྤྲོ། །བཞུགས་ས་ཤར་ལ་དགོན་པ་ནུབ། །དྲིན་ཅན་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཞེས་དེ་སྐད་ཟེར་འཕྲོར་གཉིད་ལས་སད། །རང་རླུང་སེམས་འཁྲུལ་སྣང་འཆར་སྒོ་ལ། །དོན་བདེན་པའི་སྙིང་པོ་མ་མཆིས་ནའང༌། །ཚིག་སྐུ་གསུམ་བླ་མར་ཕྱག་འཚལ་བ། །ཡིད་མཚར་སྙམ་ཡི་གེར་བྲིས་པ་ལགས། །
༈ ཡང་ལན་ཅིག་འཁྲུལ་པའི་རྨི་ལམ་ན། །ན་མཉམ་པའི་བཙུན་མ་ཆས་བཟང་ལྔ། །མི་ཁོ་བོར་གུས་པའི་རྣམ་འགྱུར་བཅས། །གཏམ་གླེང་མོ་མང་ཞིག་བགྱིས་པའི་མཐར། །ཟབ་དོན་གྱི་ཆོས་འབྲེལ་དགོས་སོ་སྐད། །བདག་དམ་ཆོས་འཆད་དོ་སྙམ་པའི་ཚེ། །ཆས་ནོར་བུའི་རིགས་བྱེད་ཡ་མཚན་ཅན། །སྣ་མང་པོ་སོ་སོས་བདག་གི་ལག །དུས་གཅིག་ཏུ་གཏད་པ་རང་ཉིད་ཀྱིས། །གྲལ་རིམ་པ་བཞིན་དུ་བླང་སྙམ་ཆེ། །ཁོང་དབུས་མ་དེ་ཡི་ལག་ཉིད་ནས། །སྣོད་ཐོད་པ་ཡིད་འོང་གཅིག་གི་ནང༌། །ནས་དཀར་མོ་འབྲུ་ཡིས་བཀང་བའི་སྟེང༌། །ཏིང་འདྲ་བའི་རིན་ཆེན་སྣོད་གཅིག་ཏུ། །ཤེལ་དཀར་པོ་དྲི་མེད་སྒོ་ང་ཙམ། །སྣོད་གཅིག་ནི་ཛ་གད་བདུད་རྩིས་བཀང༌། །གཞན་ངོ་མཚར་འགའ་ཡང་འདུག་སྙམ་བྱེད། །ཀུན་ལྷན་ཅིག་བདག་གིས་བླངས་པའི་མོད། །གཉིས་སད་ཅིང་སྤྲོ་བའི་ཡིད་སྣང་ནི། །ཡུན་རིང་ཞིག་བྱུང་
བས་སྨོས་པ་ལགས། ༈ །ཡང་དཔྱིད་༼ཆུ་མོ་ལུག་ལོ།༽ འབྲིང་ཡར་གྱི་ཚེས་བཟང་གི །དགུང་ནུབ་གཅིག་རྨི་ལམ་འདྲེས་པའི་སྐབས། །བདག་འདུག་པའི་སྒོམ་ཁང་མདུན་ཉིད་དུ། །མགོ་དུང་ལྟར་དཀར་བའི་རྒན་མོ་ནི། །རས་དཀར་པོའི་ཕྱམ་རྩེ་གྱོན་པ་ཞིག །ཕྱག་འཚལ་རྗེས་པུས་བཙུག་འདུག་ནས་ཀྱང༌། །ལག་ཐལ་སྦྱར་བདག་ལ་འདི་སྐད་ཟེར། །གནས་མཆོག་འདི་རུ་འདུག་པ་ཤིན་ཏུ་ལེགས། སྒྲུབ་པ་མཛད་པའི་གནས་སུ་འདི་རང་བཟང༌། །ཁྱེད་ལ་གཞན་གྱིས་ཅིར་མཐོང་ཅིར་མ་མཐོང༌། །ངས་ནི་འོད་ཀྱི་མཆོད་རྟེན་དཀར་པོ་མཐོང༌། །ཞེས་ཟེར་ནས་གར་སོང་ཆ་མེད་པར། །གྱུར་འདི་ཡང་མཚར་སྙམ་ཡི་གེར་བྲིས། །སྔོན་ཐོག་མེད་དུས་ནས་འཁོར་བར་འཁྱམས། །ལས་ཉོན་མོངས་འཁྲུལ་པའི་བག་ཆགས་ལ། །ཉིན་མཚན་མེད་རྟག་ཏུ་འབྱམས་པའི་ཚུལ། །ལར་ཡི་གེར་བྲིས་པས་མི་ལང་ཞིང༌། །དེས་
དགོས་ཆེད་ཡོད་པའང་ཡིན་མོད་ཀྱང༌། །གནས་མི་མིན་དཔའ་བོ་ཌཱཀྐིའི་ཚོགས། །དུས་རྟག་ཏུ་སྤྲིན་ལྟར་འདུ་བའི་ས། །དེའི་རྣམ་འཕྲུལ་ཚུལ་དག་ཡིན་ནམ་ཞེས། །རང་ཉིད་ཀྱིས་རང་ལ་འདི་དག་གླེང༌། །ཕྱིས་བརྗེད་པར་དོགས་ནས་ཡི་གེར་བཏབ། །གཞན་བསླུ་བྱེད་ཟོལ་བརྫུན་མ་ལགས་པས། །ཐུགས་མཁྱེན་ལྡན་རྣམས་ཀྱིས་མི་འཁྲེལ་ཞུ། །སྐྱབས་བླ་མ་མཁའ་འགྲོས་བྱིན་གྱིས་རློབས། ༈ །ཨེ་མ་ཧོཿ རྒྱལ་བ་མཆོག་གིས་ཆོས་རྣམས་ཀུན། །རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། མི་བདེན་བསླུ་བའི་རང་བཞིན་དུ། །ནན་གྱིས་གསུངས་ཀྱང་རྨི་ལམ་ལ། །བདེན་འཛིན་ཞེན་པས་ཡི་གེ་རུ། །འགོད་པའི་ངལ་བ་དོན་མེད་འདི། །རང་ཅག་བླུན་པོའི་ངང་ཚུལ་ལགས། །གནམ་ལོ་མེ་ཕོ་ཁྱི་ཡི་འཇུག །ཀ་རྟི་ཀ་ཡི་ཉ་བའི་ཚེ། །སྐེད་ཕུག་བྲག་གི་བྱ་སྐྱིབས་སུ། །ཉལ་བའི་ཐོ་རངས་རྨི་ལམ་ན། །སྤང་རི་ལྷོ་རུ་ཁ་བལྟས་
པ། །ལྗོན་ཤིང་ཐར་ཐོར་སྐྱེས་པའི་ཁྲོད། །གཙུག་ལག་ཁང་པ་ཡིད་འོང་ཤིང༌། །སྒོ་འཁྱམས་རི་མོ་བཀྲ་བའི་མདུན། །ཉི་འོད་གསལ་བར་བདག་འདུག་ཚེ། །ཞུབ་ཆེན་སྐྱེས་བུ་མང་པོ་དག །བ་དན་གསར་པའི་མདུང་རིང་ནི། །ལག་ཏུ་ཐོགས་དང་གཞོགས་སུ་བསྐྲུན། །གོས་རྒྱན་ཆ་ལུགས་རབ་བཟང་བ། །མང་པོས་ཕྱོགས་དེ་གང་བར་མཐོང༌། །དེ་ལ་བདག་གིས་འདི་སྐད་སྨྲས། །ཁྱེད་ཅག་སུ་ཡིན་གང་ནས་འོངས། །འདི་རུ་ཅི་བྱེད་གར་འགྲོ་དྲིས། །དེ་དག་ནང་ནས་གཅིག་འོངས་ཏེ། །བདག་ལ་འདི་སྐད་ཟེར་བ་ཐོས། །བདག་ཅག་རྒྱལ་བའི་བསྟན་སྐྱོང་བའི། གཙང་རིས་དཔལ་མགོན་བདུན་ཅུ་ཡིན། །ཁྱེད་ཀྱི་ཤེས་པར་མ་གྱུར་ཏམ། །གང་ནས་འོངས་དང་གར་འགྲོ་བའི། །ཨ་འཐས་བདག་ཅག་རྣམས་ལ་མེད། །གནས་འདིར་གཙུག་ལག་ཁང་འདི་བསྲུངས། །སྟོན་པའི་
བསྟན་དང་གཙུག་ལག་ནི། །གར་ཡོད་བདག་ཅག་ཡོད་པ་ལགས། །ཟེར་བས་སླར་ཡང་བདག་གིས་དྲིས། །འོ་ན་གཅང་རིས་བདུན་ཅུ་ནི། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང༌། །རྒྱུ་སྐར་ཉེར་བརྒྱད་ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི་དང་འཇིགས་བྱེད་དགུ། །རིགས་དང་ཁ་དོག་ཆ་ལུགས་ཀྱི། །རྣམ་འགྱུར་ཐ་དད་ཡོད་པར་གྲགས། །ཁྱེད་ལ་དེ་ལྟར་མི་སྣང་སྨྲས། །སྐྱེས་བུ་དེ་ནི་འཛུམ་ཞིང་རྒོད། །ཧེ་ཧེ་ཁྱེད་ཀྱིས་མཐོང་ཚུལ་དུ། །ངེད་ཅག་འདི་ལྟར་སྣང་གྱུར་མོད། །འཁོར་འདས་སྣང་སྲིད་རང་སྣང་ཡིན། །གཅིག་དང་དུ་མའི་ཐ་སྙད་བྲལ། །བདག་ཅག་སྒྱུ་འཕྲུལ་གཟུགས་བརྙན་ལ། །ངེས་མེད་ཅིར་ཡང་སྟོན་བྱེད་ན། །ཁྱེད་ཀྱིས་མཐོང་ཚུལ་གཅིག་པུ་རུ། །ཨ་འཐས་ངེས་བཟུང་ག་ལ་འོངས། །ངེད་ཅག་གཟུགས་དང་ཁ་དོག་རིགས། །གཅིག་དང་ཐ་དད་རྫུ་འཕྲུལ་གྱི། །བཀོད་པ་གང་ལ་གང་འདོད་ཡོད། །དེ་སྐད་ཟེར་ཚེ་བདག་ཡེད་ལ། །ཨ་ཡེ་ཤིན་
ཏུ་ངེས་པར་བདེན། །ཅིར་སྣང་སེམས་ཀྱི་རྣམ་རོལ་ལ། །ཨ་འཐས་ཁོ་ནར་འཛིན་པ་བདག །བླུན་ལས་ཆེས་བླུན་རང་གི་སྐྱོན། །འོན་ཀྱང་འདི་ནི་རྨི་ལམ་སྟེ། །བདག་གི་རྩ་རླུང་ཡིད་ཀྱིས་འཁྲུལ། །མཐོང་ས་མཐོང་མཁན་གཅིག་པ་ལ། །སོ་སོར་སྣང་འདི་ཨ་རེ་མཚར། །དེས་ན་འགའ་ཞིག་དྲིའོ་སྙམ། །སླར་ཡང་འདི་ལྟར་དྲི་བ་བྱས། །དིང་སང་བསྐལ་པའི་བབས་ཚུལ་དང༌། །སངས་རྒྱས་བསྟན་པའི་དར་ནུབ་སོགས། །འདི་ལྟར་གྱུར་པས་བདག་ཡིད་སྐྱོ། །ད་དུང་ཅི་འདྲར་འགྱུར་བ་ལགས། །བདག་ཀྱང་བསམ་པ་བཟང་པོ་ཡིས། །ཅི་ནུས་བསྟན་འགྲོའི་དོན་ཁོ་ནར། །འབད་སྙམ་ཡོད་ཀྱང་འཁོས་ཆུངས་པས། །ཕན་ཐོགས་གྲུབ་པ་དཀའ་བར་གདའ། །ཚེ་ལའང་ངེས་པ་མ་མཆིས་ཚེ། །མྱུར་དུ་འཆི་བར་མི་འགྱུར་རམ། །གལ་ཏེ་ཚེ་མཐར་ཕྱིན་པ་ན། །ཆོས་ཀྱིས་གཞན་ལ་ཕན་ནུས་སམ། །བར་ཆད་སེལ་བའི་ཐབས་ལ་སོགས། །གང་ཡིན་
བདག་ལ་སྨྲ་བར་གྱིས། །དེ་སྐད་བྱས་པས་ཁོ་ན་རེ། །བསྐལ་པའི་འཕོ་འགྱུར་འདི་བཞིན་ནི། །འདུས་བྱས་ཆོས་ཉིད་ངང་ཚུལ་ཡིན། །བསྟན་པའི་དར་རྒུད་བསྟན་འཛིན་རྣམས། །བྱ་བྱེད་ཉེས་པའི་འབྲས་བུ་ཉིད། །ཤཱཀྱའི་བསྟན་པ་བསྟན་འཛིན་གྱི། །ཆ་ལུགས་ཉིད་ཀྱིས་བསྣུབས་འགྱུར་བ། །ལུང་དུ་བསྟན་པ་མ་ཐོས་སམ། །བདག་ཅག་བསྟན་པ་བསྲུང་རྣམས་ཀྱང༌། །བསྲུང་ཡུལ་མེད་ཚེ་བསྲུང་ཐབས་བྲལ། །ད་དུང་རིམ་གྱིས་ངན་ངན་དུ། །འགྲོ་འགྱུར་སེམས་ཅན་ལས་དབང་ཡིན། །ཁྱོད་ཀྱང་དམ་ཆོས་འཆད་ཉན་གྱི། །གཞན་ཕན་བསམ་པ་བཟང་ན་ཡང༌། །ཁྱི་ལ་རྩྭ་ཡི་སྦྱིན་པའམ། །འོན་པའི་ཁྲོད་དུ་གླུ་ལེན་འདྲ། །ཚེ་ཡི་ཚད་ལ་འཁྱོལ་བ་ཡང༌། །དམ་སེལ་གྲིབ་ཀྱིས་དཀའ་བར་མཆིས། །སྐུ་ཚེའི་རྟེན་འབྲེལ་བསྒྲིག་འདོད་ན། །གནས་བཟང་དུས་ཚེས་བཟང་པོ་ལ། །རྡོ་རྗེ་རྒྱ་གྲམ་ཟུར་རྣམས་སུ། །ནོར་བུས་སྤྲས་པའི་གདན་བཤམས་ནས། །
།པཀྵི་ཝརྞ་ཀུ་མ་རིས། །ག་ཎཱ་ཙཀྲའི་པཱུ་ཛར་བཅས། །གསོལ་འདེབས་སྨོན་ལམ་མང་བགྱིས་ན། །ཚེ་ལ་ཕན་པར་འགྱུར་ན་ཡང༌། །སྙིགས་དུས་རྨུ་རྒོད་ལོག་ལྟ་ཡི། །དུག་གིས་སྨྱོས་པའི་སྐྱེ་བོ་རྣམས། །ཕྱིས་ཕྱིར་ལོག་པར་ལྟ་བ་འཕེལ། །དེ་ཡིས་ནམ་ཡང་འགྲུབ་པར་དཀའ། །དེ་སྐད་ཟེར་བའི་མོད་ཉིད་ལ། །གཉིད་ལས་སད་པར་གྱུར་པ་ན། །སེམས་ཀྱི་ཆོ་འཕྲུལ་སེམས་ཉིད་ཀྱིས། །མཐོང་བའི་འཁྲུལ་པའི་རྫུན་རིས་འདི། །དེ་དེ་བཞིན་ནོ་བདེན་ནོ་ཞེས། །རང་གི་རང་ལ་ཡི་རངས་སོ། ༈ །ཡང་ནི་དཔལ་གྱི་རྣམ་ཐོས་རི། །འཕོ་འཆུགས་གྱུར་དང་དུས་མཚུངས་པར། །ནུབ་གཅིག་ཉིང་འཁྲུལ་རྨི་ལམ་དུ། །ཀོང་པོའི་ཆ་བྱད་མི་དཔོན་གཟུགས། །མགུལ་དུ་རྡོ་རྗེ་རྩེ་ལྔ་བཏགས། །བག་དྲོ་སྣུམ་བརྗིད་ཆགས་པ་ཞིག །འཁོར་གཡོག་གཉིས་བཅས་བདག་དྲུང་འོངས། །ཕྱག་བཙལ་གུས་པའི་རྣམ་འགྱུར་བྱེད། །དེ་ལ་བདག་གིས་གཏམ་དྲིས་པ། །ཡོན་
བདག་ཁྱེད་ཅག་གང་ཡིན་སྨྲས། །ང་ངོ་ཁྱེད་ཀྱིས་མི་ཤེས་སམ། །དགེ་བསྙེན་བཛྲ་སཱ་དྷུ་ཡིན། །བདག་ཅག་རྟེན་ཡུལ་མ་མཆིས་པས། །ཁྱེད་ཀྱི་ཉེ་སྐོར་འདི་ཤེད་ཅིག །ངེད་ཀྱི་སྡོད་ས་ཞུ་འོ་ཟེར། །ཡང་ནི་བདག་གིས་སླར་སྨྲས་པ། །ཁྱེད་ཅག་བསྟན་སྲུང་དྲག་རྩལ་ཅན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །མཐུ་སྟོབས་ནུས་པ་བསམ་ཡས་ཤིང༌། །ཐོགས་མེད་རྫུ་འཕྲུལ་ཡོད་བཞིན་དུ། །གནས་དང་རྟེན་ཡུལ་མ་རྙེད་པ། །དེ་འདྲ་མི་སྲིད་ཇི་ལྟར་ཡིན། །འཇིག་རྟེན་ཁམས་ལ་དབང་བསྒྱུར་ཞིང༌། །རྒྱལ་བའི་བསྟན་པ་བསྲུང་ནུས་ན། །ཁྱེད་ལ་དེ་འདྲའི་ཉམས་ཉེས་པ། །མཆིས་ན་བསྟན་པ་ཇི་ལྟར་བསྲུང༌། །དེ་སྐད་སྨྲས་པས་ཁོ་ན་རེ། །བདག་ཅག་མི་མིན་ལྷ་འདྲེ་རྣམས། །ཟག་བཅས་རྫུ་འཕྲུལ་ནུས་རྩལ་སོགས། །ཡོད་ཀྱང་གནས་སྐབས་རྐྱེན་དབང་བཙན། །ཟག་མེད་གཏན་སྲིད་མ་ཟིན་སྐྱོན། །བསྟན་པ་བསྲུང་བའི་གཉེར་ལྗི་ཡང༌། །བསྟན་འཛིན་
རྣམས་ཀྱི་སྤྱོད་ལ་རག །ཚུལ་བཞིན་སྤྱོད་ན་བསྟན་པ་ཡིན། །ཚུལ་མིན་སྤྱོད་ན་བདག་ཅག་ཀྱང༌། །བསྲུང་སྐྱོབ་བྱ་བའི་ཡུལ་མིན་ལ། །བྱས་ན་རྒྱལ་བའི་དམ་དང་འགལ། །དེ་ཕྱིར་དཀའ་བར་བྱུང་ངོ་ཟེར། །འོ་ན་བདག་གི་བསྟན་པ་དང༌། །དམ་ཆོས་མ་གཏོགས་བསམ་རྒྱུ་མེད། །འོན་ཀྱང་ཐོས་སྒོམ་བསམ་གསུམ་གྱི། །ནུས་སྟོབས་ཞན་ཚེ་རླབས་ཆེར་དཀའ། །གང་ནུས་འཁོས་ལ་དཔགས་པ་ཡིས། །གཞན་ཕན་ལྷག་བསམ་མ་གཏོགས་པ། །ནོར་དང་ཁེ་གྲགས་ལ་འདོད་མིན། །ཡིན་མིན་ཁྱེད་རྣམས་གཟིགས་མོད་ཀྱི། །བསམ་པ་ཐོག་ཏུ་འཁེལ་ལམ་དྲིས། །ཁོ་ཉིད་མགོ་བོ་ཡོན་ཡོན་བྱས། །ཁྱེད་རང་བསམ་པ་དཀར་ལགས་ཀྱང༌། །བསྟན་འགྲོའི་བསོད་ནམས་ཐུར་དུ་བྲི། །དམ་ཆོས་ཚེ་གཅིག་སངས་རྒྱས་ལས། །ཆང་ཕོར་གང་ཉིད་འདམས་མཁན་མང༌། །འཆད་ཉན་ཐོབ་ལོ་ཞུ་ལོ་ཙམ། །ཉམས་ལེན་གནད་བསྣུན་སུ་ཡང་མེད། །དམ་ཉམས་འདུས་པའི་
ཆོས་འཁོར་དེ། །བསམ་པ་དཀར་ཡང་འབྲས་བུ་ནག །དམ་སེལ་གྲིབ་སྐྱོན་བར་ཆད་མང༌། །གྲྭ་ཚོགས་རྣམས་ཀྱིས་ཆང་ཁྲིམས་མནའ། །མཁའ་འགྲོ་ཆོས་སྐྱོང་དཔང་བཙུགས་ནས། །ཉམས་པའི་གྲིབ་ཀྱིས་ཁྱེད་ཀྱི་ཚེ། །ལོ་བཞི་བསྟུངས་པ་མ་གོའམ། །དེས་ན་སྤྱིར་གྱི་ཟབ་ཆོས་དང༌། ཁྱད་པར་དགོངས་འདུས་ལ་སོགས་པ། །ཟེར་འཕྲོར་བདག་ནི་གཉིད་སད་དེ། །ཁོ་ཡི་ཚིག་མཇུག་རྫོགས་མ་བྱུང༌། །རང་སེམས་རྩ་རླུང་འཁྲུགས་པ་ཡི། །རྣམ་རྟོག་བག་ཆགས་ཉིང་འཁྲུལ་ལ། བདེན་པའི་སྙིང་པོ་མ་མཆིས་ཀྱང༌། །དངོས་ཀྱི་ཚུལ་དང་རྨི་ལམ་འདི། །རྟགས་མཐུན་སྣང་ཕྱིར་མཚར་སྙམ་ནས། །ཡི་གེར་བྲིས་འདི་ཟོག་བརྫུན་དུ། །མཐོང་དོགས་སྦས་ན་ལེགས་སྙམ་ལགས། ༈ ཀུན་རྫོབ་སྣང་ངོར་སྲུང་མ་འདི་དག་ཀྱང༌། །གསོལ་མཆོད་རྟེན་ན་འགོ་བར་འགྱུར་སྲིད་དེ། །སྐྱབས་གནས་སྙིང་པོར་དཀོན་མཆོག་བླ་མ་ཆོག འཁྲུལ་གཟུགས་ལྷ་འདྲེའི་གྲོགས་ཀྱིས་
ཅི་ཞིག་བྱ། །མ་བཅོས་ལྷུག་པའི་ངང་དུ་བསྐྱུར་ནས་བསྡད། །རྟག་ཏུ་གསོལ་མཆོད་བྱས་ཀྱང་མི་མགུ་ལ། །ནུབ་གཅིག་ཆག་ནའང་འཁང་ཞིང་འཁུ་བ་ཡི། །སྲུང་མ་དེ་འདྲར་རེ་བློ་བདག་ལ་མེད། །སྐྱིད་སྡུག་ཐམས་ཅད་བླ་མའི་དྲིན་དུ་ཕཊཿ ཨེ་མ། སྐྱབས་གནས་བླ་མ་རང་རིག་དབྱེར་མེད་ལ། །འདུ་འབྲལ་མེད་པར་རྟོགས་པས་ཕྱག་བྱས་ནས། །ཡང་ཅིག་སྙིགས་མཐའི་བན་ཆུང་སྙོམས་ལས་པ། །སྣ་ཚོགས་རང་གྲོལ་རྒན་པོ་འབྲུག་གི་ལོར། ཆུ་སྟོད་ཟླ་བའི་ཉེར་བདུན་མཚན་མོའི་གུང༌། །གཏི་མུག་གཉིད་དུ་ཉལ་བའི་འཁྲུལ་སྣང་ལ། །རྨི་ལམ་བར་དོའི་འཆར་ཚུལ་བཤད་ཀྱི་ཉོན། །ནུབ་ཏུ་ཁ་བལྟའི་ལུང་པ་གཅོང་རོང་ཟབ། །འཇིགས་རུང་ཆུ་བོ་རྦ་ཀློང་འཁྲུག་པའི་འགྲམ། །རྡོ་དང་ཚེར་མས་གཏམས་པའི་ལམ་འཕྲང་དུ། །གཤེད་མའི་སྐྱེས་བུ་མི་ལུས་སྟག་མགོ་ཅན། །མི་ཚད་ཉིས་
འགྱུར་ཙམ་གྱི་གཟུགས་ལྡན་པ། །དེ་དང་འདྲ་ལ་གཤིན་རྗེའམ་ཁྲོ་བོའི་གདོང༌། །རྔམས་པ་གཅིག་དང་བཅས་པས་བདག་འཁྲིད་ནས། །ཉི་ནུབ་ས་སྲོས་ནུབ་ཏུ་རྒྱུགས་ཅིང་དེད། །གྲོགས་ནི་ར་ལུག་བ་ལང་འགའ་ཞིག་སྣང༌། །རླུང་ནག་ཐལ་འཚུབ་གནམ་ས་གཡོ་བ་ཙམ། །རྡོ་ཡི་ཆར་པ་སྒོང་དང་ཁུ་ཚུར་དང༌། །ཁམ་བུ་ཙམ་སོགས་སེར་དྲག་འབབ་ལྟར་བརྡུང༌། །ཆུ་གླུང་སྒྲ་ཡི་སེབ་ནས་ངར་སྐད་ཀྱིས། །ཆོས་མེད་བན་བཙུན་དཀོར་ཟན་བླ་གཟུགས་ཚོ། །སྐྱིད་པོ་ཡོད་མིན་འདི་རུ་བལྟའོ་ཟེར། །བར་སྐབས་གཅིག་ན་ཆུ་ཆེན་འགྲམ་འདི་རུ། །ཀ་པཱ་ལ་འདྲའི་མཚོ་ཆེན་ཁམ་ནག་འཁྲུག །ཁ་ཞེང་མདའ་རྒྱང་རིང་ཤོས་ཚད་ཙམ་ཞིག །ཁོལ་ཁོལ་ལོང་ལོང་འདུག་པའི་བར་དག་དུ། །བན་དེའམ་ཤམ་ཐབས་རྐང་པ་ལྷུག་ཙམ་མཐོང༌། །རེས་འགའ་མགོ་དང་ལ་པ་རིབ་རིབ་ཁོལ། །དེ་ཡི་འགྲམ་དུ་སླེབ་མ་ཐག་ཉིད་ལ། །གཤེད་མ་
གཉིས་དེས་བདག་གི་ལག་རེ་བཟུང༌། །མཚོ་འདི་ཁྱེད་ཚོའི་སྡོད་ས་ཡིན་པས་ན། །ཁྱེད་རང་མཆོང་ངམ་ངེད་ཀྱིས་བསྐྱུར་རམ་ཟེར། །དེ་ཚེ་བདག་གི་འདི་ལྟར་དྲན་ཅིང་སྨྲས། །དགེ་སྡིག་རྒྱུ་འབྲས་ལས་ལ་བསླུ་བ་མེད། །སྐྱེས་མཐའ་འཆི་དང་ཤི་ནས་བར་དོར་འཁྱམས། །སྡིག་ཅན་དམྱལ་བར་འཚོད་པ་ཤིན་ཏུ་བདེན། །འདི་འདྲ་ཡོང་བ་གོ་ཡང་གོ་ནས་ཡོད། །འོན་ཀྱང་བདག་ལ་འཆི་ཁའི་ཐིམ་རིམ་ཙམ། །ཤེས་འོངས་སྙམ་ཡང་མ་ཚོར་ཤི་ནས་སྣང༌། །དྲིན་ཅན་རྗེ་བཙུན་གཞན་ཕན་རྡོ་རྗེ་ལ། །རྫོགས་ཆེན་ཡང་ཏིའི་ཉམས་ཁྲིད་ཞུས་པའི་སྐབས། །བར་དོ་རྗེས་མ་ལྷུན་གྲུབ་རིན་པོ་ཆེར། །གྲོལ་བར་འགྱུར་བའི་བཀའ་ལུང་བྱུང་ན་ཡང༌། །རྣམ་གཡེང་སྐྱོན་དང་དཀོར་གྱྀ་སྒྲིབས་པས་ལན། །ཉམས་ལེན་བྱས་པའི་གདེང་ཚད་མེད་ན་ཡང༌། །བུ་ཆུང་ནས་བཟུང་ད་ལྟའི་བར་ཉིད་དུ། །སྡིག་ལ་
འབག་མ་མྱོང་བའི་བློ་གདེངས་ཡོད། །མི་ཚེ་ཧྲིལ་པོར་བློ་ཁ་ཆོས་ལ་སྒྲིམ། །འགྱོད་པའི་བསམ་པ་སྤུ་ཙམ་བདག་ལ་མེད། །གྲྭ་འཁོར་སྐྱོང་ཕྱིར་བླ་གཟུགས་བཟུང་བ་དེས། །དད་རྫས་དཀོར་ཟས་འདམ་དུ་ཆུད་པ་ཡི། །རྣམ་སྨིན་འབྲས་བུ་ད་ལྟ་འདི་རུ་སྨིན། །སྙིགས་དུས་བླ་མའི་གཟུགས་བརྙན་བདག་འདྲ་རྣམས། །རང་མ་སྨིན་པར་གཞན་གྱི་འདྲེན་པ་བྱེད། །ཤི་ནས་འགྲོ་ས་དེ་འདྲ་ལོས་ཀྱང་བདེན། །འོན་ཀྱང་འཁོར་འདས་སེམས་ཀྱི་རྣམ་རོལ་ཡིན། །བདེ་བ་ཅན་ནས་མནར་མེད་དམྱལ་བའི་བར། །གང་སྣང་གང་ཤར་རང་རིག་ཆོས་ཀྱི་སྐུའི། །འཆར་ཚུལ་ཙམ་ལས་དོན་ལ་དབྱེར་མེད་ཉིད། །འདི་ལས་འབུམ་འགྱུར་འཇིགས་པའི་དམྱལ་བ་རུ། །སྐྱེས་ཀྱང་ཆོས་སྐུ་འཕོ་འགྱུར་མེད་པའི་ངང༌། །རིག་པ་གཅེར་བུ་བཟོ་མེད་འདི་ཀའི་ཐོག །ཐེ་ཚོམ་རྡུལ་ཙམ་མེད་པར་ཁོ་ཐག་ཆོད། །དེས་ན་བདག་ལ་འབྲེལ་པ་ཐོག་
མེད་ཀྱིས། །གཙོ་བྱས་ནམ་མཁས་གར་ཁྱབ་སེམས་ཅན་ཚོགས། །སྡིག་པའི་རྣམ་སྨིན་དམྱལབར་ལྟུང་འགྱུར་ལས། །ཐམས་ཅད་མ་ལུས་བདག་ལ་སྨིན་གྱུར་ཅིག །འགྲོ་ཀུན་ངན་སོང་སྡུག་བསྔལ་བྲལ་བར་ཤོག །དེ་སྐད་སྨྲས་ནས་མཚོ་དེར་མཆོང་སྙམ་པས། །གཤེད་མ་དེ་གཉིས་བཞད་གང་ཆེན་པོ་བགད། །བདག་གི་ལག་བཟུང་མཆོང་དུ་མ་བཅུག་པར། །སྟག་མགོ་ཅན་དེས་སླར་ཡང་འདི་སྐད་ཟེར། །ཁ་ཆོས་མཁས་ལ་ལག་ལེན་མི་དགེ་འབད། །ཆོས་བརྒྱད་ཚེ་འདི་འབའ་ཞིག་བསྒྲུབ་པ་ཡི། །བླ་མའི་ཚུལ་དང་ཆོས་པར་བརློམས་པ་རྣམས། །འགྲོ་ས་འདུག་ས་འདི་ཉིད་ཡིན་ནའང༌། །ཁྱེད་ལ་འདི་ཡི་རྒྱུས་རྣམས་ཆེ་འདུག་ཅིང༌། །སེམས་བསྐྱེད་སྨོན་ལམ་སྙིང་ནས་ཐག་ཆོད་ཀྱི། །གདེངས་ཚད་དེ་འདྲར་དམྱལ་བ་ག་ནས་འོངས། །ད་དུང་སྨོན་ལམ་འདི་འདྲ་རྒྱུན་དུ་མཛོད། །ད་ནི་ནམ་མཁར་རྡོ་རྗེའི་གར་མཛོད་ཅིག །ཟེར་བས་བདག་ཉིད་
བར་སྣང་ཁམས་སུ་འཕགས། །ཆོས་ཚིག་ཤུགས་འབྱུང་མང་པོ་གླུ་ལེན་ཅིང༌། པད་སྐོར་གར་སྟབས་མང་པོ་བྱས་པའི་འཕྲོར། །གཉིས་ལས་སད་ཅིང་ལུས་པོ་འདར་ཡོད་འདུག །འདི་འདྲའི་རྨི་ལམ་སྔོན་ཆད་རྨིས་མ་མྱོང༌། །མཚར་སྙམ་ཡི་གེའི་ལམ་དུ་བཀོད་ལགས་ཀྱང༌། །དུས་མཐའི་འགྲོ་བ་ལོག་ལྟ་ཆེ་བའི་མཐུས། །གཞན་ཡིད་ཁོང་ཁྲོའི་ཟུག་རྔུ་མི་ལྡང་ཤོག །ཚུལ་འདི་དད་ལྡན་འགའ་ལ་ཕན་སྲིད་ན། །ཐམས་ཅད་བློ་ཁ་ཆོས་ལ་འགྱུར་བ་ཤོག ༈ ཡང་ནི་ལྕགས་མོ་གླང་ལོ་ཆོ་འཕྲུལ་ཟླའི། །དུས་ཆེན་ཚེས་པ་བཅོ་ལྔའི་ནུབ་མོ་རུ། །དགེ་སློང་སྒྲིགས་མ་ཐམས་ཅད་ཚར་བའི་མཐར། །སླར་ཡང་ལྟོས་བཅས་འབྲེལ་ཐོགས་མཁའ་ཁྱབ་ཀྱི། །འགྲོ་ལ་དམིགས་ནས་སྒྱུ་ལུས་མཆོད་སྦྱིན་དང༌། །བཟང་སྤྱོད་ལ་སོགས་སྨོན་ལམ་མང་པོ་བཏོན། །ནམ་ཕྱེད་མ་སོང་བར་དུ་བསྡད་པའི་རྗེས། གཉིད་དུ་ཉལ་བའི་རྨི་ལམ་ཉིང་འཁྲུལ་ལ། སྔར་ནས་
༽ཤི་བའི་རང་གི་གྲྭ་རྒན་རིགས། །གྲོང་ཆོག་མང་དུ་འགྲོ་མཁན་འགའ་རེ་དང༌། །གཉེར་བྱེད་ལས་འཛིན་ཤི་བ་འགའ་དང་བཅས། །ལྷན་ཅིག་མི་དགའ་བཞིན་དུ་དབང་མེད་ཕྱིན། །ཤ་ཟན་རོང་ཡིན་ཟེར་བའི་ལུང་པ་ནི། །རི་རོང་དོག་ཅིང་མུན་ནག་འཐིབ་པ་ཡི། །ནུབ་ནས་ཤར་དུ་ཁ་ལྟས་རི་གཟར་པོ། །རྩི་ཤིང་ལ་སོགས་གང་ཡང་མ་སྐྱེས་ཤིང༌། །ས་ཀུན་ཁྲག་གི་འདམ་རྫབ་ནང་ཁྲོལ་དང༌། །རྒྱུ་ལྟོ་ལྗན་ལྗིན་མང་པོས་ཁྱབ་པའི་ངོགས། །གཟར་མོའི་ཐུར་དེར་འདྲེད་རུང་འགྱེལ་རུང་ཕྱིན། །རྭ་གཞོབ་འདྲ་བའི་དྲི་མ་ངན་པ་འཚུབས། །རྐང་པ་ཐམས་ཅད་ཁྲག་གིས་འདམ་གྱིས་གཡོགས། །སྐྱུག་ཀྱང་བྲོ་ལ་ས་ངང་བཞིན་དུ་ནི། །མཁར་བ་གཙུགས་ཏེ་དཀའ་ལས་ཆེན་པོས་ཕྱིན། །བར་མཚམས་ཤིག་ཏུ་གྲོང་ཁྱེར་ཆེན་པོ་ནི། །ཞིག་པའི་ཤུལ་གྱི་ཁང་ཧྲུལ་གྲངས་མེད་སྣང༌། །བདག་གི་ཟླ་བོ་དེ་དག་ལ་ལ་ནི། །
ཁང་ཧྲུལ་བུག་པའི་ནང་དུ་འཇུལ་ཏེ་སོང༌། །བདག་ཀྱང་ལམ་ངན་འདི་འདྲར་འགྲོ་བ་ལས། །ཁོང་ཚོའི་ཕྱི་ལ་བྱིན་པ་དྲག་གམ་སྙམ། །བརྫངས་པས་ཁོང་ཚོ་འཛུལ་སར་ང་མ་ཤོང། །ཡང་ནི་སྔར་གྱི་ཐུར་ལམ་འཕྲོ་དེར་ཕྱིན། །མར་མར་སླེབ་བཞིན་མུན་པ་ནག་ཏུ་སོང༌། །སྡོང་སྐས་གཟར་མོ་ཐོག་སོ་གསུམ་ཚད་ཙམ། །དེ་མགོར་སླེབ་ཚེ་ཤིན་ཏུ་ཁ་ནག་པས། །མ་མཐོང་སྦར་འཇུས་བྱས་ནས་བབས་པའི་དུས། །རང་གི་མགོ་འདི་རབ་ཏུ་ལྗིང་བ་འདྲས། །ཡོར་མ་ཐུབ་པར་མགོ་མཇུག་ལོག་ལ་ཁད། །སྐས་ལ་དམ་དུ་བཟུང་ཞིང་བབས་པའི་ཐིལ། །ཁང་ཁོག་ཆེན་པོ་ལུད་དང་འདམ་རྫབ་ཅན། །དྲི་མི་ཞིམ་ཞིང་ཁང་ནག་གཅིག་ཏུ་སླེབ། །ཁྱི་གུའམ་ནི་ཨ་ལི་ཕྲུ་གུའི་སྐད། །འདྲ་ལ་མི་སྙན་ཙི་དིར་མང་པོ་སྦིར། །དེ་ཡི་བར་ཁང་ཞིག་ཏུ་ཕྱིན་པ་ཡིས། །ངོ་མི་ཤེས་པའི་གཅན་གཟན་ཕྲུ་གུ་ནི། །མང་པོས་བདག་
ལ་རུབ་ནས་འབྲད་དུ་བྱུང༌། །བེར་ཀ་གཡུག་ཅིང་རྒོལ་ཡང་མ་ཐུབ་པར། །བདག་གི་ལག་པ་གཡོན་ལ་གཅིག་གིས་རྨུགས། །བེར་ཀ་རྒྱབ་པས་དེ་ནི་ས་ལ་ལྷུང༌། །ལྕི་བའི་ཕུང་པོ་གཅིག་ཏུ་གྱུར་ནས་སྣང༌། །ལག་པའི་མཐིལ་གྱི་རྨ་ལ་བལྟས་ཙ་ན། །ལྕགས་ཀྱི་སྡེར་མོ་ཁ་གསུམ་རྣོན་པོ་ཞིག །ཟུགས་ནས་གདའ་བས་ནན་གྱིས་བཀོག་ནས་དེར། །མི་སྐྱ་གཉིས་འདུག་གཅིག་གི་པང་པར་བསྐྱུར། ༈ ཁྱེད་ཀྱི་ཁྱིའམ་གཅན་གཟན་འདི་རྣམས་ཀྱིས། །ང་ལ་འདི་ལྟར་རྨུགས་བྱུང་སྨྲས་པའི་ཚེ། །མི་སྐྱ་དེ་ཡིས་བདག་ལ་འདི་སྐད་ཟེར། ༈ འདི་ནི་ཤ་ཟན་སྲོག་གི་སྤུ་གྲི་ཡིན། །ཁྱེད་ཅག་བན་བཙུན་རྣམས་ལ་ལྷག་པར་སྡང༌། །ཁྱེད་ལ་ལག་པར་ཟུག་པ་གཡས་ཆུང་ཡིན། །གཞན་ནི་གླད་རྒྱའམ་སྙིང་རྩ་ནག་པོ་ལ། །ཟུག་ནས་ཐོན་པའི་གོ་སྐབས་མེད་པས་ན། །དེ་འདྲར་མ་ཟུག་ཁ་རྗེ་
ཁྱེད་རེ་ཆེ། ༈ །དེ་སྐད་ཟེར་འཕྲོར་སྟེང་ཐོག་ཞིག་ཏུ་སླེབ། །རང་གི་ཉེ་གནས་བསྟན་འཛིན་དར་རྒྱས་ཀྱིས། །ཚོད་མ་འདྲ་བ་དེ་ལས་སེར་ཙམ་པ། །ཐུར་མ་གང་ཞིག་བདག་གི་ལག་ཏུ་བླུག །འདི་ནི་རྒྱས་པའི་སྦྱིན་སྲེག་བྱས་པ་ཡི། །དངོས་གྲུབ་རྫས་ཀྱི་སྐལ་བ་ཡིན་ནོ་ཟེར། །ཟོས་པས་སྔར་མ་མྱོང་བའི་རོ་མཆོག་ཚོར། །དེ་ཡི་ལྷག་མ་ལག་ཏུ་འགོས་འདུས་པ། །སྔར་གྱི་རྨ་དེར་བྱུགས་ཤིང་བསྡད་པའི་ཚེ། །རབ་བྱུང་ཆ་བྱད་མདོག་ནག་བཞིན་མི་སྡུག །གོས་ཆེན་ལྗང་ནག་ལས་གྲུབ་སྣམ་སྦྱར་གྱོན། །བོང་ཚད་ཁང་པ་ཉིས་ཐོག་ཙམ་ཡོད་པ། །འཇིགས་སུ་རུང་བ་གཅིག་གི་འཁོར་དུ་ཡང༌། །བན་རྒན་ཧམ་ཕྲོག་མི་ཚད་སུམ་འགྱུར་ཙམ། །ཆོས་གོས་གྱོན་ཞིང་ཡིད་དུ་མི་འོང་བའི། རྣམ་འགྱུར་ཅན་དང་གཞན་ཡང་མི་ནག་ནི། །ལྤགས་གོས་གྱོན་ཞིང་འབྲོག་པའི་རིགས་འདྲ་བ། །ལག་ཏུ་ཞགས་ཐག་ནག་པོ་འབའ་ཞིག་
ཐོགས། །དེ་འདྲའི་དཔོན་གཡོག་མང་པོས་བདག་ལ་བསྐོར། །གཙོ་བོ་དེ་ཡིས་འདི་སྐད་ཟེར་བ་ཐོས། །ཁྱོད་འདིར་དལ་བར་འདུག་པ་རྫབ་རེ་ཆེ། །བནྡྷེའི་གཤེད་མར་བན་ནྡྷེ་སླེབ་ཡོད་དོ། །ལེགས་ཉེས་འབྱེད་པའི་ཁྲིམས་བདག་ང་ཡིན་ནོ། །དིང་སང་ཁྱེད་ཅག་བླ་མ་མཁན་སློབ་དང༌། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་པའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དམ་པ་བྱེད་ནུས་པ། །སྙིང་སྟོབས་འདི་འདྲའི་ཆོས་ལུགས་ཨ་ལ་ལ། །གླཽ་བ་ཁྲག་གིས་རྒྱངས་པའི་ཞིམ་ཤ་དང༌། །མཆིན་པ་འཁྱགས་སུ་བོར་བའི་མཚར་ཟས་དང༌། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱིས་ཟ་ལུགས་ལ། །ཤ་ཁྲག་ཟས་ལ་གཅན་ཟན་ལས་ཀྱང་ཧཾ། །ཆང་རག་འཐུང་
ལ་སྦུར་གོག་ལས་ཀྱང་སྲེད། །དཀོར་ཟས་འཚོལ་ལ་ཡི་དྭགས་ལས་ཀྱང་མུག །ད་རུང་དགེ་སློང་ཡིན་པར་ཁས་ལེན་ནམ། །ལྷུང་བཟེད་ཐོགས་ནས་ཤ་ཁྲག་ཟ་ལུགས་དང༌། །ཆོས་གོས་ཤམ་ཐབས་ཆང་གི་བང་ལུགས་དང༌། །ཚོང་ཁེ་ནོར་རྫས་བུད་མེད་ཚོལ་ལུགས་འདི། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚའམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་དང༌། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་པོ་དེ། །ལས་ཀྱི་ཁྲིམས་ར་འདི་ན་སླེབ་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་གི་ཤ་ཟ་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱིས་ཤ་ཡི་ཟ་ཚུལ་དང༌། །བྱེད་ལུགས་མཐུན་པའི་བཀོད་པ་ཐ་དད་དུ། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཅིང་ཡོད། །ལ་ལ་བཙབས་ཡོད་ལ་ལ་བརྡུང་ཞིང་ཡོད། །ལ་ལ་བཙོ་ཞིང་ལ་ལ་འཁྱག་ལ་བོར། །ལ་ལ་ཁྲམ་ཉག་ཚྭ་བླུག་བསྲེག་ཡོད་དོ། །ཁྱོད་ཀྱང་འགྲོ་རན་ད་ལྟ་འདོང་ཞིག་ཟེར། །
བདག་ནི་རྨི་ལམ་ཡིན་པར་དྲན་མ་ཐུབ། །འཇིགས་ཀྱང་འཇིགས་ལ་སྐྱོ་ཡང་རབ་ཏུ་སྐྱོ། །མཆི་མ་འཁྲུག་བཞིན་ལན་དུ་འདི་སྨྲས་སོ། ༈ བདེན་ནོ་བདེན་ནོ་ཅི་གསུང་ཤིན་ཏུ་བདེན། །ངེད་ཅག་དུས་ངན་སྙིགས་མའི་བཙུན་གཟུགས་རྣམས། །མི་སྐྱ་ལས་ཀྱང་ལོད་པའི་སྤྱོད་ཡུལ་ལ། །ཁྲིམས་ཀྱི་ཆད་པས་གཅོད་པ་ཐུགས་བདེན་མོད། །བདག་གི་ངོས་ནས་རྒྱུ་མཚན་ཅི་ཞུ་ན། །བྱིས་པའི་དུས་ནས་བག་ཆགས་བཟང་བའི་རྒྱུས། །གཞན་ལྟར་སྡིག་པའི་དྲི་མས་གོས་མ་མྱོང༌། །ཁྱད་པར་ཤ་ཁྲག་དམར་ལ་ཞེན་པ་ལོག །སྡིག་ཟས་ཁོང་དུ་སོང་བ་ཉུང་ཤོས་ཡིན། །དཀར་དང་འབྲུ་འབྲས་གོ་མ་ལ་ཉུང་དང༌། །ཤ་མོ་ཚོད་མ་སྐྱོ་ཚའི་འཚོ་བ་ཡིས། །མི་ཚེ་འདི་ཙམ་བར་དུ་བསྐྱལ་པ་ལས། །ཤ་ཆང་ཟས་ལ་བསྟེན་པའི་མི་གཅིག་མིན། །བཟང་ཇ་རིན་ཐང་ཅན་རྣམས་འཐུང་མང་བའི། །དཀོར་སྒྲིབ་
ཉེས་པ་ཆེ་བར་ཡོད་ཤས་ཆེ། །གཞན་ནི་ཉེས་ལྟུང་ཕོག་པའི་སྐྱོན་ཅན་ཞིག །ཡོང་བའི་རྒྱུ་རྐྱེན་བདག་ལ་ཡོད་སྙམ་མེད། །བསམ་པ་རྙེད་ཅིང་གོ་རྟོགས་འཇགས་ཚུན་ནས། །བཟའ་བཏུང་གདན་གོས་ཉེར་སྤྱད་མཐའ་དག་ལ། །འདུ་ཤེས་གསུམ་སོགས་སྐྱེད་རྫོགས་གང་རུང་གི །གནད་ཀྱིས་ཐ་མལ་ལོངས་སུ་སྤྱོད་མ་མྱོང༌། །ཐོས་བསམ་སྒོམ་པའི་གདེང་ཚད་མེད་ནའང༌། །དྲིན་ཅན་བླ་མ་བཅོ་བརྒྱད་ཞབས་ལ་ཟིན། །ཀུན་གྱིས་དགོངས་པའི་རྩེ་གཏད་ཐུགས་རྗེས་བསྐྱངས། །དམ་ཚིག་ཉམས་ཆག་དྲི་མས་གོས་སྙམ་མེད། །ན་སོ་ཆེར་སོང་དམ་བཅའ་མང་དུ་གཏོང༌། །དཀའ་སྤྱད་སྙིང་རུས་དགེ་སྦྱོར་གོང་དུ་སྤར། །འཆི་དུས་མི་འགྱོད་ཙམ་ཞིག་ཨེ་ཡོང་བསམ། །ཁྱེད་ཀྱི་ཁྲིམས་བཅད་མཛད་ནའང་གང་འོས་མཛོད། །ཁྱད་པར་ཤ་ཆང་བག་མེད་སྤྱོད་པ་ནི། །རང་ཡང་མ་བྱས་གཞན་ལའང་ཞེན་པ་ཆད། །མེ་ལོ་བྱ་ལོ་ས་
གའི་དུས་ཆེན་ནས། །བཟུང་སྟེ་མི་ཚེ་འདི་ལ་གར་སྡོད་ཀྱང༌། །ཕབས་ཀྱིས་བཏབ་པའི་རིགས་གྱུར་དྲི་ཙམ་ཡང༌། །ཕྱོགས་སུ་མི་ཉེ་ཐག་ཆོད་དམ་བཅའ་ནི། །བདག་ཅག་དཔོན་སློབ་གསུམ་ཀས་ལྷན་ཅིག་བྱས། །ཚེས་བཅུའི་མཆོད་པ་བདུད་རྩི་སྨན་རཀ་ཀྱང༌། །གཙང་མའི་ཆུ་ལ་ཀ་ར་བུ་རམ་སྦྱངས། །རྒྱུད་ནས་གསུངས་༼རྩ་བརྒྱད་སྟོང་སྦྱར་དང་རཀྟ་སུམ་ཅུ་རྩ་ལྔ་པའི། མཆན།༽པའི་བདུད་རྩིའི་རིལ་བུ་ཉིད། །ཚུལ་ལྡན་སྦྱར་ནས་བཏབ་པ་མ་གཏོགས་པ། །ཆང་གི་དྲི་མ་རླུང་ཕྱོགས་ཙམ་ཡང་མེད། །ཆང་འཐུང་མཁན་དང་ཚེ་འདིར་མི་འགྲོགས་ཅིང༌། །ཚེ་རབས་གཞན་དུའང་རབ་བྱུང་ཤ་ཆང་ལ། །བག་མེད་སྤྱོད་པའི་ཡུལ་ཕྱོགས་མི་སྐྱེ་བར། །སྨོན་ལམ་སྙིང་ཁོང་རུས་པའི་དཀྱིལ་ནས་འདེབས། །ཤ་ཆང་མེད་པའི་རྐྱེན་གྱི་ཤི་ན་ཡང༌། །སངས་རྒྱས་རྣམས་ཀྱི་དགོངས་པའང་རྫོགས་འགྱུར་ཞིང༌། །ཆོས་པའི་ནང་ནས་ཡང་རྩེར་
འགྱུར་རོ་སྙམ། །བདག་གི་བློ་ཕུག་གཏད་ཚུལ་དོན་ཆེན་ཡིན། །གང་ལྟར་ཁྱེད་རྣམས་དགེ་སྡིག་ཤན་འབྱེད་ཀྱི། །ཁྲིམས་བདག་ཡིན་ན་ལས་ཀྱི་མེ་ལོང་དང༌། །རྩིས་ཀྱི་ཁྲམ་ཤིང་ཤཱོ་རྡེལ་དཀར་ནག་སོགས། །གསལ་བར་ཡོད་འོང་བདག་འདྲས་བཤད་ཅི་དགོས། །ང་རང་སེམས་ལ་གཡོ་སྒྱུ་ཟོལ་ཟོག་དང༌། །བག་སྒྲིབ་སྤུ་ཙམ་མེད་པར་རྒྱུ་མཚན་ཀུན། །ཞུས་འདིར་ཅི་འཐད་གང་འོས་ཁྱེད་ཀྱིས་མཛོད། །འབྲོས་པས་མི་ཐར་གཟུར་བས་ག་ལ་ཐུབ། །ང་ཡི་གདོས་བཅས་སྒྱུ་ལུས་གོག་པོ་འདི། །ཁྱོད་ཀྱིས་བཙོ་སྲེག་བཅད་བཏུབ་ཅི་བྱས་ཀུན། །བདག་གིས་ལས་སྒྲིབ་རང་སྣང་མ་གཏོགས་པ། །རང་རིག་ཆོས་སྐུའི་དོན་ལ་འཕོ་འགྱུར་མེད། །དེ་སྐད་སྨྲས་པས་ཁོང་རྣམས་འཛུམ་མདངས་སྟོན། །འོ་འོ་དེ་ཡིན་བདེན་ནོ་ཤིན་ཏུ་ལེགས། །ད་རུང་དེ་ལྟར་གྱིས་ཤིག་ཟེར་བའི་སྐད། །དཔོན་གཡོག་ཚང་མས་སྦིར་གྱི་གྲག་པ་དང༌། །ང་རང་གཉིད་ལས་སད་
པ་དུས་མཉམ་བྱུང༌། །འཁྲུལ་པའི་འཆར་སྒོ་རྨི་ལམ་འདི་འདྲ་ལ། །གཞན་དག་ཡིད་ཆེས་བྱེད་མཁན་མི་འབྱུང་བས། །རང་ཉིད་བསམ་བཞིན་མཆི་མ་དབང་མེད་ཤོར། །སྐྱོ་ཤས་སྙིང་ནས་སྐྱེས་ཏེ་དྲན་ཐོར་བྲིས། །ཀྱེ་མ་རྨི་ལམ་ཙམ་ན་འདི་འདྲ་ན། །ཤི་དུས་འཇིགས་སྐྲག་སྡུག་བསྔལ་ཅི་ཙམ་ཡོད། །མི་འགྱོད་ཙམ་གྱི་རྟོག་གཏད་ད་ལྟ་ནས། །རང་མགོ་བསྒྲིམ་རན་མིན་ནམ་གྲོགས་པོ་བདག །ཨེ་མ་ཧོ། བདག་འདྲ་དུས་མཐར་སྐྱེས་པ་ཡིས། །མི་རྒན་སྣ་ཚོགས་རང་གྲོལ་གྱིས། །རངལོ་ལྔ་བཅུ་རྩ་ལྔ་པར། །རྒྱ་ལ་རྩ་རྡུམ་གངས་ཀྱི་མགུལ། །བྱང་ཆུབ་སྤང་གི་ཡང་རྩེ་ནི། །ཤིན་ཏུ་མ་ཐོ་ཞིང་དབེན་པའི་ཁྲོད། །ཟླ་གསུམ་གཉན་པ་གཅོད་དུ་ཕྱིན། །དབྱར་ཟླ་འབྲིང་པོའི་ཚེས་ཀྱི། །ཐོ་རེང་རྨི་ལམ་ཟ་ཟི་ལ། །གཟུགས་ནི་ཧ་ཅང་མི་གསལ་བའི། །སྐད་ཀྱི་བདག་ལ་འདི་ལྟར་ཟེར། །འདི་
ན་འདབ་ཆགས་གུ་ལིང་མ། །སྤུན་བཞི་ཡོད་པ་འདི་རྣམས་ཀྱིས། །བླ་ན་མེད་པའི་བྱང་ཆུབ་ཏུ། །སེམས་བསྐྱེད་ཞུས་པ་ཡིན་ལགས་པས། །ཁྱེད་ཀྱི་འདི་དག་སོ་སོ་ལ། མིང་རེ་འདོགས་པར་ཞུའོ་ཟེར། །དེ་ལ་བདག་གིས་འདི་སྐད་སྨྲས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །དེ་ནི་ཤིན་ཏུ་ངོ་མཚར་ཆེ། །ཁྱེད་ཅག་དུད་འགྲོའི་སྐྱེ་གནས་སུ། །གྱུར་ཡང་བྱང་ཆུབ་བློ་ཡོད་པ། །ལེགས་སོ་ཡ་མཚན་ཆེ་ལགས་ཀྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། །ཚད་མེད་བཞི་པོ་མེད་ཐབས་མེད། །དེ་ཕྱིར་གུ་ལིང་སྤུན་བཞི་ལ། །མིང་ཡང་འདི་བཞིན་གདགས་པར་བགྱི། །དང་པོ་དེ་ལ་བྱམས་པ་སྒྲོན། །གཉིས་པ་ལ་ནི་སྙིང་རྗེ་སྐྱིད། །གསུམ་པ་དེ་ལ་དགའ་བ་འཚོ། །བཞི་པར་བཏང་སྙོམས་དཔལ་མོར་ཐོགས། །དེ་སྐད་སྨྲས་མ་ཐག་ཉིད་དུ། །གཉིད་ལས་སད་དང་དུས་མཉམ་པར། །རང་གི་རྒྱབ་ཀྱི་རི་ལོགས་དེའི། །ཉེ་སར་གུ་ལིང་སྐད་མང་པོ། །བསྒྲགས་
ནས་ཤར་རིའི་ཕྱོགས་སུ་སོང༌། །རྨི་ལམ་འདི་ཡང་གཡས་ཆུང་ཀྱང༌། །གནས་དང་རྟེན་འབྲེལ་བཟང་སྙམ་ནས། བརྗེད་ཐོར་བྲིས་དགེས་འགྲོ་བ་ཀུན། །བྱང་ཆུབ་ལམ་ལ་འཇུག་གྱུར་ཅིག དགེའོ། །