ལུས་ལ་ཉེར་མཁོ་སྐབས་བརྒྱད་པ།― MR13_Page_0495 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་བཞུགས་སོ། ། ― MR13_Page_0496 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་མོ་གུ་རུ་མཉྫུ་ཤྲཱི་ཀུ་མཱ་ར་ཏཱ་ཡ། ལུས་ལ་ཕན་བྱེད་ཉེར་མཁོ་སྐོར་འདི་ལ་ལུས་བརྟན་པ། པགས་མདངས་བཟང་བ། རྔུལ་ནག་སྲུང་བ། དྲི་ང་བ་བསལ་བ། སྤུ་བཅོས་པ། ནད་ཕྲན་ཚེགས་ཞི་བ། སྐད་བཅོས་པ། སོ་སོགས་ལ་ཕན་པ་བསྒྲུབ་པ་སྟེ་བརྒྱད་དོ། །དང་པོ་རྡོ་རྗེ་ཆུའི་གདམས་ངག་ནི། ཕོ་ཅོང་བཟང་པོ་མགར་བའི་སོལ་མལ་དུ་བསྲེགས་ལ་ཅུ་གང་བཟང་པོའི་ཆུ་ལ་བསྐྱུར། ཆུ་དེས་ལུས་ལ་བསྐུ་བྱུག་བྱས་པས་སོ་དམ་པ་དང་། ལུས་རྡོ་རྗེ་བཞིན་དུ་འགྱུར། ཚེ་ཉི་ཟླ་དང་མཉམ། མདངས་རྨ་བྱ་དང་འདྲ། སྟོབས་ཆེ་མིག་གིས་ཚངས་གནས་མཐོང་། སྐྲ་དཀར་གཉེར་མ་མེད། གཞན་ཡང་རོ་ཙ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་དུས་འཁོར་མན་ངག་གོ། ཡང་བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རུ་དྲའི་རྡུལ་ལས་འཁྲུངས་པ་དངུལ་རྡོ་དཀར་སྔོ་མདངས་ལྡན་དེ། ཨ་རུ་ར་སྦྱར་བ་ཁོང་དུ་ཟ་ཞིང་། ཕྱི་ནས་ལུས་བཀྲུས་ཏེ་བྱུགས་ན་ལུས་མི་འཇིག་པའི་བདུད་རྩི་ཡིན་ ― MR13_Page_0497 ―
[མ་དཔེ་གཟིགས་ན་འདིར་གནོན།]
པས། རྡོ་རྗེ་ལྟར་འགྱུར་རོ། །གལ་ཏེ་ཤི་བའི་རོ་ལ་ཡང་འདི་བྱུགས་ན་སེམས་མེད་ཀྱང་ལུས་གཟི་བྱིན་མི་འཆོར་བར་བསྐལ་བར་བརྟན་ནོ། །ཞེས་གསུངས་པས་འདི་གོང་གི་རྡོ་རྗེའི་ཆུ་དང་སྦྱར་ནས་ལུས་ལ་བྱུགས་པས་སྲ་ཞིང་བརྟན་པ་དང་། མདངས་མི་ཉམས་པར་བྱེད་དོ། །ཡང་འབྲུག་རུས་ཞིབ་བཏགས་སྣུམ་སྦྱར་ན་ཚ་ཡོད་སར་བྱུགས་ན་ལུས་ཟུང་མི་འཆོར། ཁོང་བཏང་རུས་པ་སྲ་བའི་སྨན་ཡིན་ཞེས་གསུང་། སངས་རྒྱས་ཀྱི་གདུང་ལས་བྱུང་བ་ཐལ་ཀ་རྡོ་རྗེ་ནི་ཤ་རུས་རྡོ་ལྟར་མཁྲེགས་པའི་སྨན་ཡིན་པས། ཅོང་ཞི་བྲག་ཞུན་ཐལ་རྡོར་འབྲུག་རུས་བཞི་ཁོང་དུ་བཏང་ན་ཤ་རུས་རྡོ་རྗེ་ལྟར་མཁྲེགས་ནས་བརྟན་པའི་མཆོག་ཏུ་འགྱུར་རོ། །གཉིས་པ་ལུས་ཀྱི་པགས་པ་ལ་ཕན་བྱེད་ཀྱི་སྐོར་ལ་གཉིས་ཀྱི་དང་པོ་སྐྱོན་སེལ་བ་ནི། པགས་ཁྲ་སེལ་བ་ལ། མུ་ཟི་ནག་པོ། བཙན་དུག །རྡོ་ཞོ་བཏུལ་མ། སྒ། དངུལ་རྡོ་རྣམས་ཆ་མཉམ་ཞིབ་བཏགས་བྱས་ལ། རབ་བུ་མོ་སྟག་ལོ་མ་ལོ་བརྒྱད་པའམ། ― MR13_Page_0498 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་མ་བྱུང་ན་བུ་མོ་ལོ་བརྒྱད་མ་གང་རུང་གི་ཆུ་དང་སྦྱར། དང་པོ་པགས་ཁྲ་གྲི་རྩེས་སྐྱི་ལོང་ཙམ་བྲང་དེ། སྨན་བསྐུས་ནས་ཉི་མ་ལ་བསྲེགས་པས་ཐོན་ངེས་སོ། །རུ་རྟ་དང་། སེང་པོ་རྣམ་ཡུངས་སྐྱེས། གཉིས། ཡུངས་ཀར་ཁྱིམ་གྱི་དུད་པ། དུག་ཉུང་ས་བོན་རྣམས་དལ་བར་བཏགས་ཏེ་ལུས་ལ་དྲིལ་ཞིང་བྱུག་ན། ཤ་བཀྲ་ཤུ་བ་འབྲུམ་ཕྲན་གཡན་པ་སོགས་པགས་ནད་ཐམས་ཅད་སེལ་བར་བྱེད། རྟག་ཏུ་བརྟེན་ན་བུད་མེད་དམ་བྱིས་པའི་མཛེ་དང་ཤ་བཀྲ་ལ་འདི་ལས་ལྷག་པ་མེད་ཅེས་གསུངས་སོ། །ལ་ཕུག་གི་ས་བོན།པྲི་ཡངྐུ། ཙན་དན་དམར་པོ། རུ་རྟ་རྣམས་བཏགས་པའི་ཕྱེ་མས་དྲིལ་ཕྱིས་བྱས་པས་ཁྱི་རྔོ་སོགས་འཇོམས་ཞེས་རྒྱུད་ལས་སོ། །དུར་བཱ་དང་ཡུངས་བ་བཏགས་བྱུགས་རྔོ་ཤུ་སེལ་ཞིང་མེ་དབལ་དང་ཕོལ་མིག་ཁྱི་རྨ་ལ་ཡང་ཕན་ཞེས་རྒྱུད་ལས་གསུངས། གདོང་ལ་གྲོ་ཐིག་ཡོད་སར་ཁང་བྱིལ་གྱི་བྲུན་ཆུ་སྦྱར་ཉིན་བདུན་བར་བྱུག་ན་མེད་པར་འགྱུར་རོ། །ཟངས་རྩི་དང་འཛེར་ལྡུམ་ཡང་ཡང་ཇི་སྲིད་བྱུག་པས་འཛེར་བ་རྣམས་མེད་པར་བྱེད་དོ། །རྒྱ་ཚྭ་དང་གླུམ་ཁུ་བྱུག་ཀྱང་དེ་བཞིན་ནོ། །ཟླ་བ་ཉ་དུས་ལམ་རྒྱ་གྲམ་གྱི་ས་བླང་བས་འཛེར་བ་ཕྱིས་ནས་རང་གི་དྲི་ཆུས་བཀྲུས་པས་སེལ་ལོ། །གཉིས་པ་པགས་མདངས་བཟང་བར་བྱེད་པ་ལ། རུ་རྟ་སྤྲ་ཚིལ་ཁ་རུ་ཚ་སྤོས་དཀར་ཏིལ་མར་རྣམས་བ་ཆུ་སྦྱར་བ་བྱུགས་ན་གདོང་གི་སྐྱོན་དག་ནས་པདྨ་གཞོན་ནུའི་མདངས་དང་ལྡན་པར་འགྱུར་རོ། །ཡང་ན་རྒྱ་མཚོའི་སྦུ་བ་དང་མུ་ཟི་སེར་པོ་ཞིབ་བཏགས་སྦྲང་རྩི་སྦྱར་བ་བྱུགས་ཀྱང་དེ་དང་འདྲའོ། །ཡང་ན་ཡུངས་ཀར་ཐང་ཕྲོམ་ཤུ་དག་རྒྱམ་ཚྭ་དང་བཏགས་པའི་ལྡེ་གུས་ཀྱང་གོང་བཞིན་ནོ། །བཅོད་དང་སྐྱེར་པའི་བར་ཤུན་བཙག་ཡུགས་ལྡོང་རོས་རྣམས་ཀྱི་ཕྱེ་མ་འོ་མ་དང་མར་དུ་བསྐོལ་བའི་ལྡེ་གུས་གདོང་ ― MR13_Page_0499 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་བྱུགས་ན་ཉི་མ་འཆར་ཁ་བཞིན་དུ་མཛེས་པར་འགྱུར་རོ། །ཡུངས་ཀར་བཙག་ཡུགས་ལྡོང་རོས་རྣམས་ར་འོར་སྦྱར་བའི་ལྡེ་གུས་བྱུགས་ན་གདོང་ཟླ་བ་ལྟ་བུར་འགྱུར་རོ། །ནས་ཕྱེ། ཡུང་བའི་ཕྱེ་མ། བ་ཆུ། མར་དང་སྤོས་དཀར་ཤང་མངར་རྣམས་ཆ་མཉམ་གྱིས་གདོང་ལ་དྲིལ་ཕྱིས་བྱས་ན་པདྨ་གསར་པའི་མདངས་དང་ལྡན་པར་འགྱུར་ལ། རྐང་པ་ལ་དྲིལ་ཕྱིས་ཀྱིས་པདྨའི་འདབ་མ་ལྟ་བུར་འགྱུར། ཚུལ་དེས་བུད་མེད་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་མཛེས་ཤིང་ལྟ་ན་སྡུག་པར་འགྱུར་རོ། །སྟོད་ཇ་དང་བ་ཆུའི་འདག་ཆལ་གདོང་ལ་བྱུགས་ཏེ་རེ་ཞིག་བཞག་ནས། སླར་བཀྲུས་ན་དྲི་མ་དག་སྟེ་ཁ་དོག་གསལ་ལོ། །ཉི་མ་དང་གྲང་ལྷགས་སོགས་ཀྱིས་གདོང་ནག་པོར་སོང་བ་ལ་བུ་རམ་གྱི་ལྡེ་གུས་བྱུགས་པ་ཞག་གཅིག་སོགས་སུ་བཞག་ལ་བཀྲུས་པས་སེལ་ལོ། །ཤིང་ཚ་གླ་སྒང་རྒྱ་སྤོས་པ་ཏྲ་གེ་སར་ཏི་ཚ་རུ་རྟ་ན་གི་རྣམས་དང་། སྐྱུ་རུ་ར་ཆ་གསུམ་བྱས་པ་འདི་བཀྲུ་བའི་འདག་ཆལ་གྱི་མཆོག་གོ་ཞེས་རྒྱུད་ལས་སོ། །ཡང་ཙན་དན་གྱི་ཆུས་ཁྲུས་བྱས་ན་ལུས་ཀྱི་གཟི་བརྗིད་འཕེལ་ཞེས་གསུངས། ལུས་ལ་གཉེར་མ་མེད་པར་འདོད་ན། མུ་ཟི་ནག་པོ་རྟ་ཡི་འོ་མར་བཙོས་ལ། དེར་ཁམ་བུའི་མར། རྩི་མར། བ་དམར་འོ་མ་བསྲེས་ཏེ། དང་པོ་རང་ལུས་རང་གི་དྲི་ཆུས་བཀྲུས་ནས། རྫས་དེ་ཁོང་དུ་འང་བཏང་། ལུས་ཐམས་ཅད་ལ་ཁྱབ་པར་བྱུགས་པས་གཞོན་ཤ་ཆགས་ཤིང་གཉེར་མ་མེད་པར་འགྱུར་ཞེས་རིག་འཛིན་དགའ་རབ་རྡོ་རྗེའི་གསུང་ལས་སོ། །ཡང་། ཡུངས་ཀར་ཤུ་དག་སེ་འབྲུ་རྒྱ་ཚྭ་བཞི་ཞིབ་བཏགས་སྐྱོ་མ་བྱད་ལ་བྱུགས་ན་གཉེར་མ་མི་ཆགས་ཤིང་ཤ་མདངས་ལེགས་པོ་འོང་ངོ་། །གསུམ་པ་ལུས་ཀྱི་རྔུལ་ཆུ་བསྲུང་བ་ལ། བཅའ་སྒ་པི་ལིང་ཕོ་རིས་ ― MR13_Page_0500 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་མར་དང་སྦྱར་བ་ལུས་ལ་བྱུག །རྫ་གསར་གྱི་ཕྱེ་མ་སྲན་ཕྱེ་ཞོ་སྦྱར་བས་ལུས་ལ་དྲིལ་ཕྱིས་བྱས་ན་ལུས་སྐམ་སང་གིས་འགྲོ་རྔུལ་ནག་མེད་ངེས་སོ། །ཞེས་གཏེར་མ་ལས་སོ། །ཡང་ཞུ་མཁན་འབྲས་བུ། རྩ་དྭ་བའི་རྩ་བ། ཁ་རུ་ཚྭ། ཡུངས་ཀར། སྐེ་ཚེ་རྣམས་ལུས་ལ་བྱུགས་ན་དྲི་མ་མི་ཆགས་སོ། །བཞི་པ་ལུས་ཀྱི་དྲི་ང་བ་བསལ་བའི་སྐོར་ལས། བསེ་དྲི་འདོན་པའི་ཐབས་ནི། ཞ་ཉེ་བརྡ་རབ། བྱང་བུལ། གཡེར་མ། སྒོག་པ། དུད་པ་རལ་པ། ཙན་དན་ལྔ་ལྗིད་མཉམ་འབྲི་མར་ལ་སྦྱར་ནས་མཆན་འོག་བསྐུ་མཉེ་བྱས་པས་ཕན་ངེས་སོ། །ཡང་གཅིག་ཟངས་གཡའ་དང་ཚྭ་དང་མར་རྙིང་གསུམ་གྱི་ལྡེ་གུས་ཚད་པའི་དུས་སུ་སྐེ་དང་མཆན་འོག་ཏུ་ཡང་ཡང་བྱུགས་ནས་ཉི་མ་ལ་བསྲེག །དེ་འདྲ་ལན་འགའ་བྱས་ན་བསེ་དྲི་ཇི་ལྟར་ཆེ་ཡང་ཐོན་པར་འགྱུར་རོ། །ཡང་གླ་རྩི་མཚུར་ནག་མུ་ཟི་ཟངས་གཡའ་རྭ་གཞོབ་ཚ་བ་གསུམ་ཞིབ་བཏགས་མར་རྙིང་སྦྱར་བ་མཆན་ཁུང་སོགས་ལ་བྱུག །ཉི་མས་ཡང་ཡང་བསྲེགས་ན་འཐོན་པར་ངེས། སྔགས་ནི། ཨོཾ་བཛྲ་བི་ཡཀྵ་ཧཱུྃ་ཕཊཿ ཞེས་བཟླ་སྟེ་ཟབ་བོ། །ཡང་མཆན་འོགས་སུ་རྔུལ་འབྱུང་ཚེ་དྲི་ལྷག་པར་ང་བ་ལ་ཤུག་ཐལ་གྱིས་འཕུར་བས་ཀྱང་སྐབས་སུ་ཕན། ཡང་བུལ་ཏོག་གི་ཆུས་བཀྲུས་ལ་དེའི་ཤུལ་དུ་དུད་པ་བྱ་བལ་མ་དང་སྲན་མའི་མེ་ཏོག་ཞིབ་བཏགས་བུལ་ཏོག་གི་ཆུར་སྦྱར་བ་བྱུགས་པས་ངེས་པར་ཕན་ནོ། །བསེ་དྲི་འདི་ནི་མི་རིགས་སོགས་ཀྱིས་ལྷན་སྐྱེས་དག་གོས་ཀྱི་རྒྱུད་ནས་འགོས་པ་ཡང་ཡོད་ལ། གང་ལྟར་ཀྱང་དབྱར་དུས་ཚ་བ་སོགས་ཀྱི་དུས་སུ་གོང་གི་སྨན་སྔགས་རྣམས་ཡང་ཡང་ཡུན་རིང་པོར་ཇི་སྲིད་མ་ཞི་བར་འབད་པས་བསྟེན་ན་བསེ་དྲི་རྩད་ནས་འཐོན་པར་མཐོང་ངོ་། །ནྱ་གྲོ་དྷ་ཡི་ཤིང་བུ་མཐེའུ་ཆུང་ཙམ་པ་བ་གཅིན་ ― MR13_Page_0501 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནང་དུ་ཞག་གཅིག་སྦང་བ་དེས་སོ་བྲུད་ནས། དེ་རྗེས་ཨ་རུ་ར་དང་རུ་རྟ་མཉམ་པས་སོ་ལ་བགོས་ན་ཁ་ཡི་དྲི་སེལ་བའི་མཆོག་གོ། ཞེས་རྒྱུད་ལས་སོ། །གླ་སྒང་ཀ་ཀོ་ལ་སུག་སྨེལ། རུ་རྟ། འུ་སུ་ཤིང་མངར་རྣམས་སྦྱར་བ་ཁར་ཟོས་ན་རྣག་དང་སྒོག་པའི་དྲི་དང་ཆང་གི་དྲི་འཕྲོག་པའི་མཆོག་གོ་ཞེས་རྒྱུད་ལས་སོ། །ཡང་སུག་སྨེལ་དང་འུ་སུ་ཁོ་ནས་ཀྱང་འགྲུབ་བོ་ཞེས་གསུང་། ཡང་ཏང་ཀུན་ཁ་རུ་འཆོས་པས་ཀྱང་སྐབས་ཀྱི་ཁ་དྲི་སེལ་ལོ། །སྲོ་ལོ་དམར་པོའི་ཆུས་མ ཁུར་བཀང་བྱས་ན། ཁ་ཡི་དྲི་སྦྱོང་ཞིང་ཁ་ནད་ལ་ཕན། མཚུར་ནག་གི་ཆུས་སོ་ཡི་དྲི་སྦྱོང་བར་བྱེད། སུག་པའམ་བུལ་ཏོག་གམ་འདག་ཆལ་གྱི་རྫས་ཀྱིས་ལུས་བཀྲུས་པའམ། ཆུ་ཚན་སོགས་སུ་ཞུགས་ནས་དག་པར་བྱས་ལ་དྲི་བཟང་པོའི་སྨན་རྣམས་མར་གསར་སྦྱར་ཏེ་ལུས་ལ་ཡང་ཡང་བྱུགས་པས་དྲི་བཟང་ཞིང་ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །ལྔ་པ་སྤུ་བཅོས་ཀྱི་སྐོར་ལ། རྟ་རྨིག་བསྲེགས་པའི་གཞོབ་དང་། དབྱི་མོང་བཙོས་པའི་ཁུ་བ། གླུམ་གྱི་ཁུ་བ། མར་ནག་རྣམས་སྦྱར་ནས་བྱུགས་པས་ལུས་ཀྱི་སྤུ་རྣམས་སྐྱེ་ཞིང་། སྐྲ་དཀར་ལ་བསྐུས་ན་ནག་པོར་འགྱུར། སྐྲ་མེད་པ་དང་མེས་ཚིག་པའི་ཤུལ་དུ་བསྐུས་ན་སྔར་བས་ལྷག་པར་སྐྱེ་བར་འགྱུར་རོ། །མ་ཧེའི་རྭ་སྐྱུ་རུ་ར་ཆ་མཉམ་གྱི་ཆུ་ལ་ཚོས་པར་བཙོས་ནས་བཏོན་ལ་མེར་ནུས་བསྲེག་ཐལ་བ་དེ་གོང་གི་ཆུ་ལ་བཏབ་སྟེ་མགོ་ལ་བྱུགས་ན་སྐྲ་ཤིན་ཏུ་བཟང་པར་སྐྱེའོ། །དེ་རྗེས་པགས་མཚམས་ཆུ་སེར་འཕེལ་བའི་རྟགས་བྱུང་ན་རྭ་དེ་ཉིད་སྣུམ་གྱིས་བཙོས་ལ་བྱུགས་པས་ཞི་བར་འགྱུར་རོ། །ཡང་རི་བོང་གི་ཁྲག་དང་གཙོད་ཁྲག་སྣག་ཚ་གསུམ་སྦྱར་ཏེ་བྱུགས་ན་སྐྲ་དང་སྨིན་མ་ལེགས་པར་སྐྱེའོ། །ཡང་སྐྱུ་རུ་ར་དང་རུ་རྟ་ཨུཏྤལ་སྤང་སྤོས་པཱ་ལ་ ― MR13_Page_0502 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་ཀྱི་ཁུ་བས་བྱུགས་ན་སྐྲ་སྲབ་པ་ཡང་ཚན་འཐུག་པོར་སྐྱེ་ཞེས་རྒྱུད་ལས་སོ། །ཡང་སྐྱུ་རུ་ར་ཨ་རག་(ཨར་ནག་གམ་)གི་ནང་དུ་སྦང་བའི་ཁུ་བ་བྱུགས་ན་སྐྲ་ཚན་ཆེར་སྐྱེའོ་ཞེས་བཤད། ཡང་ཕག་ཚིལ་རྙིང་པ་དང་ཁམ་བུའི་ཚི་གུ་ལྡོང་རོས་བ་བླ་རྐང་མར་སྦྲང་རྩི་སྦྱར་ནས་སྨིན་མ་ལ་བྱུག་ནད།སྐྱེ་བར་འགྱུར་རོ། །ཡང་ཕག་ཚིལ་དང་ཁམ་བུའི་སྙིང་པོ་གཉིས་(སྲེག་འདྲ་དཔྱད་)བསྲེས་པའི་ཆུས་བསྐུས་ན་སྐྲ་ཡག་པོ་སྐྱེ། ཡང་ཟར་མ་བསྲེག་ཐལ་མར་སྦྱར་བྱུགས་ན་སྐྲ་ཟན་མི་འོང་སྐྲ་འཐུག་པོར་སྐྱེ། བྱ་ཕོའི་སྒོ་ང་དང་ཚྭ་གཉིས་མཉམ་བསྲེས་བྱུགས་ན་སྐྲ་སོགས་འཐུག་པོར་སྐྱེའོ། །སྤུ་མེད་པ་ལ་གསར་དུ་སྐྱེ་བར་འདོད་ན། སྤྱི་ཐེར་སྐྲ་མེད་སར་རྟའི་ཀླད་པ་ཉིན་བདུན་བྱུགས་ན་སྐྲ་སྐྱེ་བར་འགྱུར་རོ། །ཡང་ན་ཁྱིའི་མཆེ་བ་ནུས་བསྲེགས་བྱས་ནས་འོ་མ་མར་དང་བཅས་པས་མཉེ་བར་བྱས་ན་སྐྲ་མ་སྐྱེས་པ་ཡང་སྐྱེའོ་ཞེས་རྒྱུད་ལས་སོ། །རྒྱ་དང་སྨ་ར་འདོད་ན་སྲེ་མོང་གི་ཁྲག་གིས་སྐྱི་ཤུན་གར་འདོད་དབྱིབས་སུ་ཀླན་ལ་སྐམ་ཚེ་དྲག་འཐེན་བྱས་ན་དེ་ཡི་ཤུལ་དུ་སྤུ་སྐྱེའོ། །གང་འདོད་དུ་སྤུ་སྐྱེ་བར་འདོད་ན། དུད་པ་ཉེ་ཤིང་གི་རྩ་བ། སླང་དྲེག་ལྷམ་འབོག་བསྲེགས་པའི་གཞོབ་དང་བཞི་པོ་མར་ནག་དང་སྦྱར་ཏེ་གང་འདོད་པར་བྱུགས་ན་དེར་སྤུ་སྐྱེ་བར་འགྱུར་རོ། །སྤུ་མི་སྐྱེ་བར་འདོད་ན། སྲེ་མོང་གི་ཁྲག །མུ་ཟི་འབྲི་ཚིལ་མ། ར་དུག་གསུམ་བསྲེས་ནས་བྱུགས་ན་སྤུ་མི་སྐྱེའོ། །ཡང་བ་བླ་ཆ་ལྔ། རྒྱ་སྐྱེས་ཤིང་གི་ཐལ་བ། ནས་ཐལ། ཆུ་ཤིང་གི་ཐལ་བ་འདི་གསུམ་རེ་རེ་ནས་ཆ་རེ་རེ་སྟེ་འདི་རྣམས་ཆུ་ནང་འདམ་འཐག་བྱས་པ་བྱུགས་པ་ཙམ་གྱིས་མཚན་མའི་སྤུ་ཀུན་བྱི་བར་འགྱུར་རོ་ཞེས་རྒྱུད་ལས་སོ། །ཡང་སྨན་དེ་དང་སྦྲུལ་མཇུག་གི་ཕྱེ་བསྲེས་ནས་ཚ་བའི་ཏིལ་མར་དུ་ཞག་བདུན་བཞག་ལ་དེ་ཡིས་ལིང་ག་སོགས་ ― MR13_Page_0503 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཉེས་ན་སྤུ་མི་འབྱུང་ངོ་། །ཞེས་གསུངས། ཡང་སྐྲ་དང་ཁ་སྤུ་མེད་པར་འདོད་ན་བཞར་ཏེ་སྒོམ་ཕ་ཝང་གི་ཀླད་པས་བསྐུ་མཉེ་ཐང་གསུམ་བྱས་ན་སླར་མི་སྐྱེའོ། །ལ་ལར་ཕ་ཝང་གི་ཁྲག་ཀྱང་དེ་འདྲར་བཤད་དོ། །ཡང་སྦྲུལ་གྱི་ཚིལ་སྦལ་ཁྲག་སྐྱ་ཀའི་ཁྲག་གསུམ་བྱུགས་པས་སྤུ་མི་སྐྱེ་བར་བྱེད་དོ། །ཡང་སྤུ་མི་སྐྱེ་བའི་རྫས་ཁྱད་པར་ཅན་ནི། ལྡོང་རོས། ཡ་བཀྵ་ར། གོ་ཆེའི་ཤ རྒྱ་ཚྭ། བ་བླ་དྲུག་སྤུ་བྲེགས་པའི་ཤུལ་དུ་བྱུགས་ན་སླར་མི་སྐྱེའོ། །སྐབས་འདིར་གོ་ཆེའི་ཤ་ཞེས་པ་ནི། བསེ་ཞོ་བསེ་འབྲས་གཉིས་ཀྱི་ཕྱི་ཤུན། ཡ་བཀྵ་ར་དང་བུལ་ཏོག་ཏིལ་མར་རམ་མར་ལོ་ལོན་བཀོལ་ནང་བླུགས་ནས་ཡུན་རིང་མི་བསྐོལ་བ་མན་ངག་གོ། སྨན་ནད་བྱུང་ན། དངུལ་ཆུ་རིལ་བུ། གླ་རྩི་ཤུ་དག །རྒྱ་སྣག་བཞི་སྦྱར་བའི་ཆུས་བྱུགས་ལ་སླར་བཀྲུས་པས་སེལ་ལོ། །མྱོང་གྲུབ་མའོ། །སྐྲ་དཀར་པོ་ནག་པོར་བསྒྱུར་བའི་ཐབས་ལ། སྐྲ་བཞར་ནས་དག་པར་བཀྲུས་ཏེ་ཨ་རུ་རའི་ཁུ་བས་ལན་བདུན་བྱུགས། དེ་སྐམ་ནས་ནག་མཚུར་གྱིས་བྱུག །དེ་ལྟར་ལན་བདུན་བསྐྱར་ན་བརྒྱད་ཅུ་པ་ཡང་སྐྲ་དཀར་པོ་རྣམས་ནག་པོར་འགྱུར་ཞེས་གཏེར་མ་ལས་སོ། །འདིས་སྐྲ་ལ་བྱུགས་ན་དུས་རྒྱུན་སྐྲ་མདོག་གནག་པ་ལ་ཕན་པར་སྣང་ངོ་། །འབྲས་བུ་གསུམ། ཚོན་རམས། མཚུར་ནག །བྷྲྀང་གི་ར་ཛའི་ཁུ་བ་ཨ་མྲའི་ས་བོན། ལྕགས་ཀྱི་ཕྱེ་མ་རྣམས་རང་ཆང་སྐྱུར་ནང་བསྙལ་ནས་བཅང་། དེ་ནས་གུ་གུལ་གྱིས་སྐྲ་ལ་བདུག་ནས་གོང་གི་རྫས་དེས་མཉེ་ཞིང་ཞག་བདུན་བཅངས་ནས་བཞག་ན་སྐྲ་ནག་པོར་ཁ་བསྒྱུར་བར་འགྱུར་རོ་ཞེས་རྒྱུད་ལས་གསུངས། ཡང་རྨ་བྱའི་མཁྲིས་པ། བྷྲིང་གི་ར་ཛའི་ཁུ་བ་གཉིས་ ― MR13_Page_0504 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་པའི་མར་ལ་བཙོས་ཏེ་སྣར་བླུགས་པས་ཞག་བདུན་ནས་སྐྲ་ནག་པོར་འགྱུར་རོ་ཞེས་རྒྱུད་ལས་སོ། །ཡང་མི་བི་དཱ་རཱི་དང་། ཚ་བ་གསུམ། མུ་ཟི་དང་ཆ་མཉམ་བྱེ་མར་བྱས་ནས་སྡོང་བུའི་ནང་དུ་བཅུག །སྡོང་བུ་ཁ་ཐུར་དུ་བལྟས་ལ་མེ་སྦར། རིམ་པར་ཚ་བའི་འབྲུ་མར་ཞུ་བ་སྣོད་དུ་བླངས་ནས་དེའི་ཐིགས་པ་གཉིས་རེ་སྣ་ལ་འཐུང་ན་སྐྲ་དཀར་དང་གཉེར་མ་འབྲལ་བར་བྱེད་ལ། དེའི་ཁུ་བ་འཛེར་པར་བྱུགས་ན་སེལ་བར་བྱེད་ཅེས་རྒྱུད་ལས་སོ། །བྷྲྀང་གི་ར་ཛ་(བལ་པོའི་ཡུལ་སྐད་བྷང་གར་ཟེར། རྩ་བ་དཀར་ནག་གཉིས་ལས་ནག་པོ་བཅུད་ལེན་ལ་བཟང་ཞེས་བཤད་པ་མཐོང་། བྷྲྀང་གི་ར་ཛ་ཞེས་བུང་བའི་རྒྱལ་པོར་ཡང་བསྒྱུར་བ་འདུག་ཀྱང་སྐྲའི་ཚོས་ཞེས་ར་ཛ་རིང་ཆ་མེད་པ་འཆི་མེད་མཛོད་འགྲེལ་དུ་གསུང་པ་འཐད་སྙམ་མོ། །མཆན།) ཁོ་ནས་ཀྱང་སྐྲ་ནག་པོར་བསྒྱུར་ནུས་པས་སྐྲ་ཡི་ཚོས་ཞེས་ཟེར་རོ། །ཡང་འབྲས་གསུམ་ལྕགས་ཕྱེ་ཙི་ཏྲ་ཀ་སེ་འབྲུའི་རྩ་བ་རྣམས་ལྕགས་སྣོད་ནང་ཟླ་གཅིག་བཞག་སྟེ་དེས་བསྐུས་ན་རུས་གོང་འདྲ་བའི་སྤུ་དཀར་པོ་རྣམས་ནག་པོར་འགྱུར་རོ་ཞེས་རྒྱུད་ལས་གསུངས། ཡང་ལྕགས་ཕྱེ་རྒྱ་ཚྭ་འབྲས་གསུམ་རྣམས་རྩབ་བམ་ཞོ་དཀྲུགས་ལ་སྦྱར་ཏེ་བསྐོལ་བ་ནུབ་མོ་མགོ་ལ་བྱུགས་ནས། ནང་བར་འབྲས་གསུམ་ཁུ་བས་བཀྲུས་ན་སྐྲ་ནག་པོར་འགྱུར་རོ། །ཡང་དུད་སོལ་མེར་བསྲེགས་ནས་དམར་ལྷང་ངེར་སོང་བ་དེ་ཆུ་གྲང་ནང་འཕང་། དེའི་ཕྱེ་མ་མར་དང་སྦྱར་ཏེ་བྱུགས་ན་སྐྲ་ནག་པོར་འགྱུར། ཡང་ར་ཕོའི་རྭ་དང་སོ། །བྱ་རོག་ཕོའི་སྒྲོ། འགྲོན་ཐལ། ལྕགས་དྲེགས། ཐར་ནུ་ནག་མཚུར་རྔམ་གསུམ་བསྲེགས་པའི་ཐལ་བ། ཕྱེ་མ་གསུམ་གོང་གི་འདྲ་རང་བཙོས་པའི་ཁུ་བར་བཏབ་ལ། དེར་འོ་མ་དང་མར་ནག་བླུགས་ནས་དྲོན་མོར་བྱས་པ་དེ་སྐྲ་ལ་བྱུགས་ན་ནག་པོར་འགྲོའོ། །ཡང་བ་ལུའི་རྩ་བ་གྲིབ་བསྐམ་མེར་བསྲེགས་པའི་སོལ་ཕྱེ་མར་དཀར་དང་ ― MR13_Page_0505 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྲེས་ནས་བྱུགས་པས་ཟླ་བ་རེ་ལ་སྐྲ་ནག་པོར་འགྲོའོ། །ཕ་དམ་པའི་གདམས་པ་ལས་སོ། །དེ་སོགས་སྐྲ་དཀར་ནག་པོར་བསྒྱུར་བའི་སྨན་སྣ་ཚོགས་ཡོད་ཀྱང་འདིར་དེ་ཙམ་མོ། །དྲུག་པ་ནད་སྣ་ཚོགས་ཞི་བ་ནི། རྒྱས་པར་གསོ་དཔྱད་ཀྱི་གཞུང་སོགས་ལས་ཤེས་པར་བྱ་ལ། འདིར་ལུས་ལ་འཚེ་བ་ཕྲན་ཚེགས་རྣམས་ཞི་བ་དང་། ཕན་པ་སྒྲུབ་པ་བཤད་པ་ལ། རྒྱུན་དུ་ཚ་བའི་ནད་གཞི་ཡོད་ན་ཕྱོགས་བཅུའི་ཁམས་ཀྱི་བདུད་རྩི་བསིལ་བ་ཟླ་ཞུན་ལྟ་བུ་ཁ་ནས་རྔུབ་སྟེ་ལུས་གང་བར་བསམ་ལ། ཁ་ནས་སིབ་ཀྱིས་རྔུབ་པ་བཅས་བུམ་ཅན་ཅི་རིགས་རེ་རྒྱུན་དུ་བཟུང་། གུར་གུམ་དང་སྤང་སྤོས་ཀྱི་ཁུ་བ་ཅུང་ཟད་རེ་བཏུང་བར་བྱ། ཟས་སྤྱོད་ཐམས་ཅད་བསིལ་བ་དང་བསྟུན་པར་བྱའོ། །གྲང་ནད་ཆེ་ན་ཟས་སྤྱོད་དྲོ་བར་བྱ། ཕྱོགས་བཅུའི་དྲོད་བཅུད་བསྡུས་ཏེ་གཏུམ་མོ་བསྒོམ་ལ་བུམ་ཅན་བཟུང་། སྨན་དྲོད་ཅན་འཇམ་པོ་ཅུང་ཟད་རེ་བསྟེན་པར་བྱའོ། །མ་ཞུ་བ་ལ་ཆུ་བསྐོལ་ཚ་མོ་བཏུང་། ལག་མཐིལ་གྱི་ལྟོ་བ་མཉེ། ཨོཾ་ཀྵུ་སུ་ཀྵུ་ཧ། ཞེས་བརྗོད་པས་ཕན་ནོ། །རླུང་ལ་སྣུམ་ཅན་གྱི་ཟས་དང་བསྐུ་མཉེ་བསྟེན། ལུས་སྨྱུག་དོང་མར་ཁུས་གང་བ་ལྟར་དམིགས་ལ། ཨོཾ་ཨཱཿ་ཧཱུྃ་ཏྲཾ་པ་ར་ཎ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ་ཤིན་ཏུ་ཟབ། མཁྲིས་པ་ལ་ཏིག་ཏ་དང་ཨ་རུ་རའི་ཐང་བཏང་། ན་མོ་ཧི་ཏུ་ཧེ་ཀེ་སྭཱ་ཧཱ༑ ཞེས་བཟླས་པས་ཅི་ལྟར་ཡང་སེལ་བར་འགྱུར་རོ། །བད་ཀན་ལ་རྩོལ་བ་སྤྱད་ཅོང་ཞི་སྐྱུ་རུ་པྲི་ཡངྐུ་རྣམས་བསྟེན། བད་ཀན་སྐྱེ་བོ་གྲང་ཤས་ཆེ་བ་ལ་དྲོད་སྨན་དང་ཐལ་སྨན་རྣམས་བསྟེན། བཀའ་ལས་གསུངས་པའི་སྔགས། ཨོཾ་ཤཱནྟཱི་ཤཱནྟཱི། བྷི་ཏི་ཤཱནྟཱི། སརྦ་བི་ཏི་མུ་ལ་མྱགས་སྭཱ་ཧཱ། འདིས་ ― MR13_Page_0506 ―
[མ་དཔེ་གཟིགས་ན་འདིར་གནོན།]
བད་ཀན་གྱི་ནད་སེལ་ཏེ། ཟས་མ་ཞུ་བ། སྦོས་པ། སྐྲན་ནད། ཁྲག་དང་ཆུ་སྐྱུགས་པ་བད་ཀན་གྱི་ཟུག་གཟེར་སེལ་བར་འགྱུར་རོ། །ཁྲག་ལ་ཙནྡ་སྨུག་པོ་དང་བ་ཤ་ཀ་ཧོང་ལེན་སྐྱུ་རུ་རྣམས་ཀྱི་ཐང་བཏང་ལ་མ་འཁྲུགས་པར་བསྡད། སྲིན་ལ་བྱི་ཏང་མ་རུ་རྩྭེ་དང་རུ་རྟ་གུར་གུམ་གྱི་ཐང་བཏང་། བདུད་རྩི་འབེབས་སྦྱང་གིས་ནད་ཐམས་ཅད་བུ་ག་རྣམས་ནས་སོང་བར་བསམ་ལ་སྒྲིབ་སྦྱང་གི་སྔགས་བཟླ། ནད་ཀུན་ལ་ཡང་དེ་ལྟར་བྱ་ཞིང་ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་ནོར་བུ་བཟང་པོའི་རྟོགས་པ་ལས་གསུངས་པ་འདི་བཟླའོ། །ཨོཾ་ཀྵ་པ་ཡ་ཀྵ་པ་ཡ་ཀྵི་སྭཱ་ཧཱ། ཐང་ཕྲོམ་འབྲས་བུ་གཡེར་མ་ལྡུམ་བུ་རེ་རལ་གསུམ་གྲིབ་སྐམ་བྱས་པའི་ཕྱེ་མ་མར་ཁུ་ཚ་བ་དང་སྦྱར་ནས་ལུས་ལ་བྱུགས་ན་ལྗི་བས་མི་ཟ་སྟེ་འཆིང་བར་འགྱུར་རོ་གསུང་། ཡང་གཙོད་ཁྲག་མར་རྙིང་སྦྱར་བ་ལན་གསུམ་བྱུགས་པའམ། གཡེར་མ་པི་ལིང་ཤིང་མངར་སྦྱར་བའམ། དབྱི་མོང་ནུས་བསྲེག་མར་སྦྱར་རམ། ཁམ་བུའི་ལོ་མ་རློན་པས་ལུས་ལ་བྱུགས་ཀྱང་ལྗི་བ་སྲུང་། ཡང་ཛཱ་ཏི་བྱ་རྒོད་སྤོས་གླ་རྩི་གསུམ་བཏགས་ཏེ་འབྲི་མར་རམ་ཟོ་མར་སྦྱར་བ་ལུས་ལ་ཁྱབ་པར་བྱུགས་ན་ཐུབ་སྟེ། ལྗི་སྲུང་ཟབ་མོ་འདི་ཨ་ཙ་ར་དམར་པོའི་ལུགས་སོ། །ཡང་གླ་བའི་ཁྲག །སྟག་མའི་ལོ་མ། འོམ་བུ་དམར་པོའི་རྩ་བ་གསུམ་ཞིབ་བཏགས་མར་དཀར་ལ་བསྣོས་ནས་ལུས་ལ་བྱུགས་ན་ལྗི་བ་མི་འབྱུང་ཞེས་གསུངས། ལུས་ཀྱི་ཤིག་སྲུང་བ་ལ། ཐོག་མར་ཟན་གཏོར། ཤ་ཆེན་ཤིག་དང་བཅས་པ་ཁ་འབར་མའི་སྔགས་ཀྱིས་བསྔོས་ཤིང་ལན་ཆགས་བཏང་ལ་བདེན་བདར་བྱ། སྔོ་རྟག་ངུ་བྲག་ཞུན་བྲག་དྲེག་གླ་རྩི་མུ་ཟི་དངུལ་ཆུ་བྱ་རྒོད་སྤོས་རེ་ལྕག་དུད་པ་བྱ་བལ་ ― MR13_Page_0507 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་རྣམས་ཞིབ་བཏགས་མིའི་ཞུན་མར་རམ། མར་ནག་གང་རུང་དང་སྦྱར་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་བཏབ་ནས་ལུས་ལ་བྱུག །ཨོཾ་ཨཱཿཧཱུྃ་ཁོ་ལ་ཙཀྲཿསརྦ་མ་དུམ་ཏ་ཡེ་སྭཱ་ཧཱཿ ཟ་བ་རེ་ལ་ལན་རེ་བྱུག །དེ་ཡིས་ཐེ་ཚོམ་མེད་པར་ཐུབ༔ སྡིག་པ་ཆེ་བས་གསང་བར་བྱ་ཞེས་འོད་ལྡན་རྒྱུད་ལས་སོ། །ཡང་བྱ་རྒོད་སྤོས་དང་། བ་དམར་གྱི་ལྕི་བ་ཞིབ་བཏགས་ལུས་ལ་བྱུགས་ན་ཤིག་མི་འོང་། ཡང་བ་ཚ་བུལ་ཏོག་ཤིང་ཀུན་སྒོག་སྐྱ་གུར་གུམ་རྣམས་ཆ་མཉམ་ཞིབ་བཏགས་ལུས་ལ་ཁྱབ་པར་བྱུགས་ན་གོས་མི་འཛད་ཅིང་ལུས་ལ་ཤིག་སོགས་མི་འོང་བ་རྒྱ་གར་པའི་མན་ངག་གོ། སྲོ་ལོ་དཀར་པོ་དང་ལོ་བཙན་ཐེང་པོ་གཉིས་ཞིབ་བཏག་ཕྱེ་མ་ལུས་ལ་བྱུག་ན་ཁྱི་ཤིག་གིས་མི་ཟའོ། །གླང་པོ་ཆེའི་ལྕི་བ་བླང་སྟེ་རུས་སྦལ་གྱི་ཁོག་པའི་ནང་དུ་བཞག་ལ། དེས་ཁྱིམ་དུ་བདུག་པར་བྱས་ན་འདྲེ་ཤིག་སོགས་རབ་ཏུ་ཞིའོ་ཞེས་རྒྱུད་ལས་སོ། །ཡང་པུ་ཤུད་ཀྱི་སྒྲོ་མལ་གྱི་སྔས་སུ་བཙུགས་པས་ཀྱང་སྲུང་བར་བཤད། ཡང་འདྲེ་ཤིག་སྲུང་ན་རོལ་མོ་གང་རུང་ལ་སྔགས་འདི་བྲིས། ཨོཾ་པྲཾ་ཁ་ཐཾ་ཁ། སྲོག་ཐུཾ་ཐུཾ་ཧི་སྭཱ་ཧཱ། ཨོཾ་ཤིང་འཕེལ་སྭཱ་ཧཱ། དེ་ཉལ་ཁར་དཀྲོལ་ན་ཇེ་ཉུང་ཇེ་ཉུང་ལ་འགྲོ། མར་ལ་བཏབ་སྟེ་ལུས་ལ་བྱུགས་ཀྱང་མི་ཟའོ། །སྤང་རྒྱན་སྔོན་པོའི་མེ་ཏོག་རང་གི་མགོ་ལ་བཙུགས་ན་སྦྲང་བུས་སོ་མི་འདེབས་སོ། །སོ་གློ་བུར་བཙན་བརྡུང་ལ་སྤང་རྩི་དང་རྡོ་དྲེག་དམར་པོ་བྱུག །མིག་ལ་གཞན་ཕོག་པས་འགྲམ་ན་གླ་རྩི་རྡོ་དྲེག་མིའི་ནུ་ཞོ་བྱུག །རྐང་ལག་གི་སེན་མོ་གོག་པའི་ནད་ལ། ཙི་ཊི་ཞེས་པ་ཁང་བྱིལ་གྱི་ཀླད་པ་བྱུགས་ན་ཕྲལ་དུ་ཕན། བསེར་བུས་ཕོག་པས་མཆུ་ ― MR13_Page_0508 ―
[མ་དཔེ་གཟིགས་ན་འདིར་གནོན།]
གས་ན་རང་གི་སྤྱི་བོར་མར་བྱུགས་པས་ཕན། སེན་སྐྱི་གས་ན་ལྟེ་བར་མར་བྱུགས་པས་ཞི། མིག་ཁ་བས་མི་ཕྱིད་པ་ལ། རུ་རྟའི་དུ་བས་བདུག་པའམ། གླ་རྩི་གོ་སྙོད་སྦྱར་བས་ལྟག་ཁུང་དུ་བྱུག་ན་ཕན། དུ་བ་སོགས་ཀྱིས་མིག་ཕྱིད་པ་ལ། སྤང་རྒྱན་ཁུ་བ་རས་ལ་བཙགས་པའི་དྭངས་མ་བྱུགས་པས་ཕན། འབྲས་བུ་སྐྲངས་པ་ལ་མིའི་ཐོད་རུས་ཞིབ་བཏགས་ཆུར་སྦྱར་བྱུགས་པས་ཕན། མི་ཐོད་མེར་བསྲེག་ཐལ་བ་ཐུར་མགོ་དོ་ཙམ་ཁོང་དུ་ཞག་བདུན་གྱི་བར་དུ་བཏང་ན་འབྲས་བུ་སྐྲངས་པ་ཤིན་ཏུ་ཆེ་བ་ལ་ཕན་ནོ། །བྱ་ཐི་བའི་སྒོ་ང་རྐང་ལག་ལ་(མཐིང་རིལ་ཀྱང་)བྱུགས་ན་སེར་ཀ་མི་འོང་། ཕུག་རོན་གྱི་སྒོ་ངའི་ཆུ་བརླ་གཉིས་དང་རྐང་ཞབས་སུ་བསྐུས་ན་དེ་བཞིན་ནོ། །ཡང་མ་ནུ་ཁྲག་ཅན་གྱི་ཕྱེ་མའམ། སྤོས་དཀར་གྱི་ཕྱེ་མས་རྐང་ལག་གི་སེར་ཁ་ལ་བྱུགས་ན་ཕན། ཀར་ལྷང་ཚེར་འབྲི་མར་དང་། གླ་རྩི་བཙན་དུག །བྱ་རྒོད་ཀྱི་ཚིལ་རྣམས་ཀྱི་རིལ་བུ་ར་རིལ་ཙམ། ཕུག་རོན་སྒོ་ངའི་སེར་ཐིག་བཅས། རྐང་མཐིལ་ལ་བྱུགས་ན་ལྷག་པས་སེར་ཀ་མི་འོང་ཞེས་གཏེར་མའོ། །མིག་ཏུ་གྲ་མ་དང་རྡུལ་ཤོར་ན། ཨོཾ་དར་མ་དི་སྭཱ་ཧཱ། ཞེས་བཟླས་ལ་མིག་གཡས་སུ་ཚུད་ན་གཡོན་པའི་སྲིན་ལག་དང་། གཡོན་དུ་ཚུད་ན་གཡས་པར་བསྔགས་ཏེ་མིག་འཕུར་ན་སྐད་ཅིག་ཉིད་ལ་འཐོན་པར་འགྱུར་རོ། །གཉིད་ཆུང་བར་འདོད་ན། སྤང་རྒྱན་དཀར་པོ། ལྕེ་ཚ་དཀར་པོ། །ར་དཀར་འོ་མར་སྦྱར་བའི་དུད་པ་སྣ་བུག་ཏུ་བཏང་བས་ཕན། སྤྱོད་ལམ་གྱི་སྒོ་ནས་གཉིད་བཀག་ན། སྐྱིལ་ཀྲུང་བྱས་ལ་ལག་གཉིས་པུས་མོ་ནས་འཇུས་ཏེ་རླུང་བཟུང་ཞིང་མགོ་ལྟག་པར་ལན་གསུམ་དྲག་ཏུ་སྤྲུགས་ན་གཉིད་མི་འོང་། འོང་འདོད་ན་ ― MR13_Page_0509 ―
[མ་དཔེ་གཟིགས་ན་འདིར་གནོན།]
མདུན་དུ་དགུག་པར་བྱའོ། །སྒོམ་སྒྲུབ་སོགས་ཀྱི་དུས་སུ་མཁོ་ཕྱིར་གཉིད་སྲུང་འགུག་གི་གདམ་པ་ལོགས་སུ་བཤད་ཀྱི་འདིར་མདོ་ཙམ་མོ། །རྒུན་འབྲུམ་དཀར་པོས་མཁྲིས་པ་དང་ལྕེ་སྐམ་པ་ལ་ཕན་ཞེས་གསུངས། སྣ་ཆམ་ལ། གུ་གུལ་དཀར་ནག་གླ་རྩི་ཨ་རུ་ར་བཅས་པའི་ཕྱེ་མ་དུ་བ་མེད་པའི་མེ་ལ་བསྲེགས་པའི་དུ་བ་སྣར་སོང་བས་ཕན། ཡོས་ཀྱི་ངས་པས་ཀྱང་ཕན་ནོ། །ཡང་ནས་ཕྱེ་ཏིལ་མར་གྱིས་སྤྲུས་པའི་དུ་བ་སྣར་བདུག་པས་ཕན་ནོ། །ཆང་ནད་ལ་སྒ་སྐྱ་དང་ཚྭ་བསྲེས་པ་ཆང་སྦྱར་བཏང་བས་ཞི། ཆང་གིས་མི་བཟི་བའི་སྔགས། ཨོཾ་ནན་གྱི་སོད། བརྒྱ་རྩ་བརྒྱད་བཟླས་ན་ཆང་གིས་མི་བཟི། རྒྱུན་དུ་བཟླས་ན། ཆང་མི་འོང་བས་མང་པོ་མི་བཟླ་གསུང་། མར་མ་ཞུ་བས་དང་ག་འགག་ཅིང་མགོ་བོ་ན་ན། ཞོ་གྲང་བཏང་བས་ཕན། ཞོ་དང་དར་བས་བཟི་ན་རྐང་བ་ཆུར་བཅུག་པས་ཕན། སྐྱུ་རུ་རའི་འདབ་མ་དང་། འུ་སུ། བ་ལུ་གསུམ་ཆ་མཉམ་ཉི་ཟླའི་འོད་ཕོག་པའི་ཆུ་གཙང་རྫས་ཀྱི་བརྒྱད་འགྱུར་ནང་དུ་བླུགས་ནས་བཞི་ཆ་ལུས་པའི་བར་དུ་བསྐོལ་བའི་རྩིག་མ་དོར། སྨན་དེ་ཡི་བཞི་ཆ་གཅིག་ཙམ་གྱི་ཀ་ར་བསྲེས་པ། ཉི་མས་གདུང་བའི་ནད་བྱུང་བའི་ཕྱི་ཉིན་ནས་ཞག་གསུམ་བར་དུ་ཐོ་རེངས་འཐུང་ན་སོས་ཀ་རོང་ཆེན་གྱི་ལམ་དུ་བགྲོད་པ་ཉི་འོད་ཀྱིས་བསྲེགས་པས་འཆི་བ་སྟེར་བ་འཕྲོག་སྟེ། སྤུ་དང་པགས་པ་སོགས་ཁམས་བདུན་ལ་ཚད་ནད་ཞུགས་ནས་སྟོབས་ཤོར་བ་དག་ཀྱང་ཞི་བར་བྱེད་ཅིང་ཚད་ནད་གཞན་ལའང་ཕན་ནོ་ཞེས་དུས་འཁོར་བསྡུས་རྒྱུད་ལས་གསུངས་སོ། །འདི་རྣམས་སྨན་མིང་ལེགས་སྦྱར་དུ་འདུག་པ་བླ་མ་སྔ་མ་དག་གིས་གོང་ལྟར་བཞེད། ས་ཆུ་མ་འཕྲོད་པའི་ནད་ལ། ཚྭ་སླ་ངར་བརྔོས་པ་དང་། ར་ ― MR13_Page_0510 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསེབ་ཀྱི་རྭ་ཅོ་དང་ནིས་རྩེ་བཅས་ནུས་བསྲེག་ཆུ་སྐོལ་ལམ་ཇ་ནང་བཏབ་སྟེ་འཐུང་བས་ཕན། ཅོང་ཞིའི་ཆུས་ཀྱང་ཕན་ནོ། །འབྲས་གསུམ་སྟར་བུ་ལི་ག་དུར་ཆ་མཉམ་ཆུ་བྲེ་གང་དུ་གདུས་ཏེ་འཐུང་ན་ཆུ་ཁ་སྲ་བར་བྱེད། རྣལ་འབྱོར་བ་རང་ཁོང་དུ་སྒྲུབ་པ་བྱེད་དུས་དྲི་ཆེན་མི་འབྱུང་བར་འདོད་ན། བྱ་གོ་བོའི་ཤ། ཚ་བ་གསུམ། ཅོང་ཞི་རྡོ་ཕ་བང་། བུ་རམ་དཀར་པོ་རྣམས་ཆུ་བྲེ་བཞིར་བཏབ་སྟེ་གདུས་པ་ཕུལ་གང་ནས་ཁྱོར་གང་དུ་བསྡུས་པའི་རིལ་བུ་སྲན་མ་ཙམ་བྱས་ལ། ནང་མ་བདུན་དུ་ལྟོར་བཏང་། མར་གྱི་རིལ་བུ་བདུན་རེའང་བཏང་། དེས་གོ་བོ་དང་འདྲ་བར་ཅི་ཟོས་ཚད་འཇུ་ཞིང་ཞག་བདུན་ནས་ཆུ་སྐྱ་ཐ་ལེ་བ་རེད་འོང་། ཡང་ནང་རེ་ལུ་གུའི་ཚན་འདྲ་བ་རེ་ལས། རྣམ་སྣང་མི་འབྱུང་བ་གསང་སྤྱོད་སྙན་རྒྱུད་ཀྱི་ཁྱད་ཆོས་ཞལ་ཤེས་ཟབ་མོའོ། །ཡང་བྱང་བུལ་ཟེ་ཚྭ་རུ་རྟ་གསུམ་སྦྱར་བ་དང་། བྱང་བུལ་སྒོག་པ་སོགས་སྦྱར་བའི་བཅུད་ཁོང་དུ་བསྡུ་བའི་སྨན་ཞེས་བཤང་བ་མི་འབྱུང་བ་གྲོ་ལུང་གཏེར་མ་སོགས་འདི་དང་ནུས་མཐུན་ཡོད་དོ། །ཡང་དྲི་མ་བཏང་དཀའ་ན། ལི་ཤི་དང་། རྒྱ་སྐག །ཆུ་དྲོན་སྦྱར་འཐུང་བྲུན་འགག་པ་སོས་སོ། །ཨུག་ཆོས་རྩ་བ་འབྲས་བུ་བཅས་དང་། བུལ་ཏོག་ཨ་རུ་ལྕུམ་རྩ་རྣམས་བཏུང་བས་དྲི་མ་སྲི་བ་སེལ། རུ་རྟ་དང་ཤུ་དག་ཞིབ་བཏགས་མར་རྙིང་སྦྱར་ཏེ་ལུས་ལ་བྱུགས་ན་ལུས་དྲོད་ཆེ། ཨ་ག་རུ་ནག་པོ་འབའ་ཞིག་དང་། གཡག་རོག་འོག་ཅན་ཤ་ཡོད་ཀྱི་མཁྲིས་པ། ཚ་བ་གསུམ་རྣམས་ཁོང་དུ་བཏང་ལུས་ལ་བྱུགས་ན་རྫས་ཀྱི་གཏུམ་མོ་སྟེ་དྲོད་འབར་ནས་གངས་རྩེར་ཉལ་ཀྱང་གྲང་བ་མི་འབྱུང་། ཡང་ཀ་ར། བ་བླ། ཕུག་རོན་སྒོ་ངའི་སེར་ཐིག །བཙན་དུག །བྱ་རྒོད་ཀྱི་ཚིལ་རྣམས་ཆ་ ― MR13_Page_0511 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཉམ་ཞིབ་བཏགས་མར་རྙིང་སྦྱར་ཏེ་རྐང་མཐིལ་བྱུགས་ནས་ཉི་མ་ལ་ཡང་ཡང་བསྲོ། དེས་གངས་རྩེར་རྐང་རྗེན་དུ་ཚུགས་པར་ནུས་སོ། །སྒོག་སྐྱ་ཤིང་ཀུན་གླ་རྩི་ཞིབ་བཏགས་མར་ཁུ་དྲོན་མོས་རྣ་བར་བླུགས་པས་མགོ་སྲིན་ཡ་མ་དྲུངས་ནས་འབྱིན། ཁ་ནད་རིགས་ལ་སྐྱེར་ཤུན། ཡུང་བ། ཧོང་ལེན་སེང་ཕྲོམ་རུ་རྟ་རྣམས་ཀྱིས་མཁུར་བཀང་ངམ། དེ་རྣམས་ཀྱི་ཕྱེ་མ་མར་དཀར་ལ་སྦྱར་ཏེ་བྱུགས་པས་ཕན། ཡང་རང་གི་དྲི་ཆུ་དྲོན་མོས་ཁ་བཤལ་ན་ཁ་ནད་ཐམས་ཅད་སེལ་ལོ། །ཡང་ན་རང་གི་དྲི་ཆུས་ཁ་བཀྲུས་ལ། གླ་རྩི་དང་ནག་མཚུར་གྱིས་བྱུགས་པས་ཕན། མཆུ་ནད་བད་མཆུ་ལ། ཆུ་རྩ་དང་བུལ་ཏོག་བསྐུ་བའམ། གསེར་མདོག་རུ་རྟ་བྲག་ཞུན་ལྕགས་གཡའ་བཞི་ཆུ་གཙང་སྦྱར་བའི་ལྡེ་གུ་རྨ་བཀྲུས་རྗེས་བསྐུས་ནས་ཉི་མར་འདེ་བའམ། །ཁྲག་ཅན་ལ་ཞུ་མཁན་དང་ཙན་དན་སྨུག་པོས་བྱུགས་པའམ། ཡང་ན་ཕུག་རོན་བྲུན་ཚྭ་ལ་གླ་རྩི་མར་དཀར་སྦྱར་ཏེ་རྙིལ་དང་ཁ་ལ་བསྐུས་པས་ཕན། གསེར་མདོག་དང་ལྕགས་གཡས་ཀྱང་ཕན་ནོ། །ཁ་ཆེ་ར་འོར་སྦྱར་བ་མིག་ཏུ་བླུགས་ན་ནད་མེད་བདེ་ཞིང་ཡིད་འོང་འགྱུར། ཕོ་རོག་གི་མིག་གཉིས་གསུམ་ཁོང་དུ་བཏང་ན་མིག་ཁ་བས་མི་ཕྱིད་པ་སོགས་ཡོན་ཏན་ཆེན་པོ་འབྱུང་། ཉ་མཁྲིས་གླ་རྩི་གོ་སྙོད་ཤུ་དག་དཀར་པོ་རྣམས་མར་རམ་ཆུ་ལ་སྦྱར་ཏེ་ལྟེ་ཁུང་དུ་བྱུགས་ན་མིག་ཁ་བས་མི་ཕྱིད་དོ། །ཛཱ་ཏི་དང་གླ་རྩིས་བྱུགས་པས་མིག་ཁ་བས་ཕྱིད་པ་ལ་ཕན། དུད་པས་ཕྱིད་ན་སྲིད་པ་ཆགས་པའི་ཆུ་རྡོ་ནས་ཙམ། གླ་རྩི། ག་བུར། ཛཱ་ཏི། ཙན་དན་དཀར་པོ་བཞི་ཞིབ་བཏགས་ཆུ་དང་སྦྱར་ཏེ། ཕྱིད་དོགས་ན་མིག་གི་མཐའ་སྐོར་དུ་བྱུག །ཕྱིད་ན་མིག་ནང་བླུགས་པས་ཕན། ― MR13_Page_0512 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལིང་ཐོག་ལ། གླ་རྩི། ཀ་ར། ཅུ་གང་། ཞིམ་ཐིག་བཞི་ཞིབ་བཏགས་སོགས་སྦུག་ནས་མིག་གི་ལིང་ཐོག་སྟེང་དུ་བཏབ་བམ་བསྐུས་པས་སེལ། ཡང་རྒྱ་ཤོག་གམ། རྒྱ་ཚྭའམ། པི་ལིང་གང་རུང་གི་དུ་བས་བདུག་ཀྱང་ཕན། ཕོ་རོག་གི་ཁྲག་བྱུགས་ན་ཐེང་ཆོག་ཏུ་བཤད། ཕ་བང་ལོང་བུའི་ཞིབ་ཕྱེ་སྦྲང་སྦྱར་བསྐུས་ན་ཕན། རྒྱ་མཚུར་དཀར་པོ་མེར་བསྲེག་ཕྱེ་མའམ། ར་གན་དུད་པ་མིག་ཏུ་བླུགས་ན་མིག་ནད་ཀུན་ལ་ཕན། ལིང་རོ་ལ་དུང་རུ་རྟ་ཚྭ་ལ་གསུམ་ཆ་མཉམ་བསྲེག་ཐལ་ཕྱེ་མ་རྒྱུས་མདས་སྐམ་འདེབས་བྱས་པས་སེལ། མིག་ལ་གྲ་ལྕག་ཕོག་པ་དང་རྡུལ་ཤོར་བ་སོགས་ཕྲལ་གྱི་མིག་ནད་རིགས་ལ་ལ་ཆའི་དུ་བས་བདུག་ན་ཕན། མིག་ཏུ་གྲ་མ་ཤོར་ན་ནས་བཙོས་པའི་ཁུ་བ་བླུགས་པས་ཕན། ཞིམ་བུའི་ཁྲག་མ་རུལ་བ་གྲིབ་བསྐམ་ཕྱེ་མ་བྱུགས་པས་ལིང་ཐོག་སོགས་མིག་ནད་རིགས་ལ་ཕན། ཤ་འཛེར་ལ་རང་གི་སྲིན་ལག་རྩེར་ཁྲག་གཏར་བ་བྱུགས་པས་ཕན། ལྟོ་སྟོངས་རང་གི་སོ་དྲེག་སྲིན་ལག་གིས་བླང་སྟེ་མིག་གཉིས་ལ་རྒྱུན་དུ་བྱུགས་ན་མིག་ནད་ཐམས་ཅད་སེལ་ཞིང་མིག་གསལ་བར་འགྱུར། རྣ་བ་ནས་ཡུན་རིང་རྣག་འོང་ན། ཤིང་ཀུན་ཚྭ་ལ་གཉིས་མར་དུ་བཙོས་པ་ལན་གསུམ་བླུགས་པས་སེལ། ཨ་རུ་དང་རུ་རྟའི་ཁུ་བས་རྣ་བའི་རྣག་ཁྲག་དང་ཟུག་གཟེར་སེལ། ལྕེ་ནད་སོགས་ལྕེ་མི་བདེ་ལྡིབ་པའི་རིགས་ལ་ཚྭ་ལ་ནག་མཚུར་གསེར་མདོག་ཞུ་མཁན་ལི་ག་དུར་རྣམས་ཆུར་སྦྲང་མཁུར་བཀང་ཡང་ཡང་བྱ། དེ་ནས་ལྕེ་རྩ་གཏར་བས་སྐྱོན་ཀུན་ཞི་གསུངས་སོ། །སྣ་དང་མཚུལ་བ་མི་བདེ་བ་ལ། གུར་གུམ་སྐྱུ་རུ་ཤིང་མངར་གྱི་ཁུ་བ་སྣར་བླུག །ཡུང་པ་ལྡོང་རོས་བ་བླ་རྒྱ་སྐག་འབྲས་གསུམ་ཙན་དན་དཀར་པོ་རྣམས་ཀྱི་དུ་བ་རྣོན་ ― MR13_Page_0513 ―
[མ་དཔེ་གཟིགས་ན་འདིར་གནོན།]
པོས་བདུག་པར་བྱའོ། །རང་གི་སྐྲ་ནམ་བཞར་ཐེབ་རེ་ལ་སྐྲ་ཆུས་ཁ་བཤལ་ན་སོ་སྲིན་གཏན་ནས་མི་འབྱུང་། ལ་ལ་ཕུད་བསྲེགས་པའི་དུ་བ་ཁར་བཏང་ན་སོ་སྲིན་ལ་ཕན། ནག་མཚུར་མར་ནག་ནང་བསྐོལ་བ་སོ་ལ་བསྐུས་ན་སོ་ཡི་གཟུག་གཟེར་ཐམས་ཅད་ཞི། ཨ་རུའི་ཕྱེ་མ་སྦྲང་རྩི་སྦྱར་བ་བསྐུས་ན་དེ་བཞིན་ལ་མ་ཞུ་ཁ་ནད་ཐམས་ཅད་སེལ། གདོན་གྱིས་སོ་ན་བར་ཁྱི་ལུད་གུ་གུལ་ཡུངས་ཀར་ར་ཡི་དུད་(རྨོངས་སྤུའམ་བརྟགས་)པས་བདུག་ན་ཕན། རླུང་གིས་སོ་ན་བར་སྒོག་སྐྱ་མར་དུ་བཙོས་པ་རྣ་བའི་ནང་ཐིགས་པ་འགའ་བླུགས། ཟ་འགྲམ་ངོས་སུ་བྱུག་སྒོག་སྐྱའི་རོ་མ་སོ་བར་བཅུག་པས་ཕན་ནོ། །ཞིམ་བུའི་ལྤགས་པ་མགོར་གྱོན་ན་མགོ་ནད་ལ་ཕན། གོ་བྱི་ལ་ཆུར་བརྡར་ཕྱེ་མ་བྱུགས་པས་གླང་ཤུ་ཤ་བཀྲ་སེལ། ཤུ་བ་ཟ་ཀོང་སོགས་ལ་ཚྭ་དང་གཡེར་མ་ཆ་མཉམ་ཞིབ་བཏགས། མར་ཁུ་བཙགས་བཅད་སྦྱར་ཏེ་བྱུགས་པས་ཕན། ངོ་ཤིག་ལ་ཞུ་མཁན། ཡུང་བ། སྒ་སྐྱའི་ཕྱེ་ཞིབ་ཆུར་སྦྱར་བྱུགས་པས་ཕན། སྡོམ་སྦྲུལ་སྡིག་པ་སོགས་ཁ་དུག་ཅན་གྱི་སོ་བཏབ་པར་རམ་པའི་ཁུ་བར་གླ་རྩི་བཏབ་པ་བྱུགས་པས་ཕན། དུང་ཐལ་སྤང་སྤོས་མུ་ཟི་དཀར་པོ་གསུམ་ཞིབ་བཏགས་མར་སྦྱར་བྱུགས་པས་ཟ་འཕྲུག་ལ་ཕན། ཡང་ན་ཤུག་པའི་མར་ཁུའམ། རྩ བ་ཁུ་བྱུགས་པས་ཕན། ཤུ་ཐོར་རིགས་ལ་ཐར་ནུ། ཆུ་རྩ། ཚྭ་རྙིང་། ཟངས་གཞོང་ནང་སྲིན་ནག་བསྲེག་པ། ཐབ་ཁའི་འོག་ས་བཅས་ཀྱི་ཕྱེ་མ་མར་རྙིང་སྦྱར་ཏེ་བྱུགས་ནས་མེ་ཉི་གང་རུང་ལ་ལན་གསུམ་བསྟན་པས་ཤུ་ཐོར་ཡུལ་འབུད་དོ། །ཡང་ན་མུ་ཟི་ཚྭ་ཕབ་དུད་པ་ཤ་རུ་བསྲེག་ཐལ་རྣམས་མར་སྦྱར་ཤུ་བར་བསྐུ་ཞིང་ཉི་མར་བསྲེག་པས་སེལ། བ་བླ་ ― MR13_Page_0514 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལྡོང་རོས་འབྲུག་རུས་རྣམས་ཀྱི་ཕྱེ་མས་རྨ་ཡི་རྨེན་ངན་འཁྲིགས་པ་སེལ་ལོ། །མེ་རྨ་ལ་ཁྱི་ཁྲག་སླེབ་ཆོག་ཏུ་བཤད། ཆུ་བལ་དང་གསོར་ལྡེམ་གྱི་བསིལ་བའི་དུག་གིས་ཚ་དབལ་སེལ། སིནྡྷུ་ར་བཏབ་ཀྱང་ཕན་ནོ། །རྩ་ཆུ་འགགས་པར་བུལ་ཏོག་ཐུར་མགོ་གསུམ་ཆུ་བཀོལ་གྱིས་འཐུང་ན་ཕན། གོ་བྱི་ལ་རྡོག་བཞི་འོ་མ་བྲེ་གང་དུ་བཙོས་ནས་དུམ་བཞི་བྱས་པ་ཞིབ་བཏགས། ཚ་སྲིན་ལ་ཆུ་གྲང་དང་། གྲང་སྲིན་ལ་ཆང་གིས་ཕུལ་ན་སྲིན་གྱི་ནད་རིགས་ལ་ཕན། མཚོན་རྨ་ཆེ་ཕྲའི་རིགས་ལ། ན་མ་ཏ་པ་ཤ །ཞེས་སྔགས་བཏབ་པས་རྨ་སྐྲངས་ཁྲག་སོགས་རྨ་ནད་རིགས་ལ་ཕན། ཤའུ་མྱུར་དུ་གསོ་བར་ཁ་གུར་དོམ་མཁྲིས་ཡུག་ཤིང་ཁནྜ་བཏབ་པས་ཕན་ངེས་སོ། །གུ་གུལ་ནག་པོའི་ཁུ་བས་མཚོན་རྨའི་དུག་སེལ། རྨ་ལ་ཐབ་ཤོར་ན། ཏང་ཀུན་སྡོང་རོས་མུ་ཟི་བཅས་ཞིབ་བཏགས་པ་དང་བསྲེས་ཏེ་བྱུགས་པས་ཕན། གང་གི་སྔགས་ཀྱང་བཏབ་བོ། །ཐབ་རྒོད་ལ་སྲོ་མ་ར་ཙ་བ་ལང་གི་ཆུ་ལ་སྦྱར་ཏེ་བྱུགས་པས་ཕན། མགོ་དང་ཡན་ལག་གི་རྣག་མ་ཆོད་པ་ལ། ཁྱིམ་བྱའི་ཤ་སོལ་བ་གཅིག་མཛོ་ཞོའི་ནང་དུ་བཙོས་ལ་བཏང་། མཛོ་ཞོ་མ་རྙེད་ན་གང་རྙེད་ལ་བྱ། དེས་ཕན་ཏེ་མཐའ་བཞིའི་མཁས་པའི་ལུགས་སོ། །ཁྱི་སེ་རྨུགས་ན་དེ་མ་ཐག་ཆུ་ངན་གྱིས་བཀྲུས། ཁྱི་སྐུད་ར་སྐུད་ཀྱིས་བཅིང་། སྤྱོད་ལམ་སྲུང་མི་དགོས་སོ། །དུག་གི་རིགས་མཐའ་དག་ལ། གསེར་མདོག །འོམ་བུ།གུར་གུམ། གླ་རྩི། ཆང་ཉུང་བཏང་བས་སེལ། སོ་མ་ར་ཙ་བ་ལང་གི་ལྕི་བའི་ཁུ་བ་དང་སྦྱར་ཏེ་འཐུང་ན་རྒྱུ་བ་དང་མི་རྒྱུ་བའི་དུག་ཐམས་ཅད་འཇོམས་པའི་མཆོག་ཡིན་ནོ། །ཤང་ཤང་དམར་པོ་བསྐོལ་ཐང་གིས་དམར་བཤལ་ལ་ཕན། ལན་གཉིས་གསུམ་སོང་ ― MR13_Page_0515 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་རླུང་འདོན་དགོས་སོ། །སྐྱུང་ཁའི་ཁྲག་འབྲུམ་ནག་ལ་སླེབ་ཆོག་ཏུ་བཤད། ཙན་དན་དཀར་མར། གུར་གུམ། བ་ཤ་ཀ །ཧོང་ལེན་གཡའ་ཀྱི་རྣམས་ཀྱིས་ཚད་པའི་རིགས་མཐའ་དག་སེལ། ཛཱ་ཏི་ཨ་གར་གོ་སྙོད་རུ་རྟ་རྣམས་ཀྱིས་རླུང་སེལ། ཏིག་ཏ་དོམ་མཁྲིས་གསེར་མེ་སྐྱུ་རུས་མཁྲིས་པ་སེལ། སེ་འབྲུ་དང་ཚ་བ་གསུམ་གྱིས་བད་ཀན་གྲང་ནད་སེལ། ཅོང་ཞི་བྲག་ཞུན་ཨ་རུ་པྲི་ཡངྐུ་མ་ནུ་འུ་སུ་སྟར་བུ་རྣམས་ཀྱིས་བད་སྐན་སྨུག་པོ་འདུས་པའི་ནད་སེལ། གུ་གུལ་ནག་པོ་ཤུ་དག་གླ་རྩི་ཆོས་སྨན་དྲི་ཆུ་རྣམས་ཀྱིས་གདོན་སེལ། གླ་རྩི་ཕུར་ནག་མིང་ཅན་ནག་པོ་སྟག་ཤ་གུ་གུལ་རྣམས་ཀྱིས་གཉན་སེལ། བྱི་ཏང་མ་རུ་རུ་རྟ་སོགས་ཀྱིས་སྲིན་སེལ། བ་ཤ་ཀ་ཧོང་ལེན་སྐྱུ་རུ་ཨ་རུ་ཙན་དན་དམར་པོ་མཛོ་མོ་ཤིང་སྲོ་ལོ་རྣམས་ཀྱིས་ཁྲག་དང་འཁྲུག་སེལ་བས་སོ་སོར་གང་འོས་དང་དོན་སྣོད་ཀྱི་ཁ་འཛིན་རྣམས་སྦྱར་བས་ནད་ཐམས་ཅད་སེལ་བར་འགྱུར་རོ། །ཞོ་དང་བུ་རམ་སྦྱར་ཏེ་དཀྲུགས་པའི་ནང་དྲི་བཞི་ཞེས། ཤིང་ཚ་སུག་སྨེལ་ནཱ་ག་གེ་སར། གནྡྷ་བྷ་དྲ་བཞི་སྦྱར་བ་བཏབ་པ་འཐུང་ནས། ཟས་དང་སྤོད་སྣ་ཚོགས་སྦྱར་བ་ཟོས་ན་ཤ་སྐྱེ་ཞིང་རོ་ཙ་བར་བྱེད་ཅེས་གཅེས་གྲུབ་ལས་སོ། །འདི་ཚ་ལ་(ཟས་ཟོས་རྗེས་སྐོམ་ཅུང་ཟད་བཏུང་བ་ལུས་སྨད་དྲོ་བ་ཀྱང་ཟེར་བརྟག་གོ )།ནན་དུ་བཏང་ན་བཟང་ཞེས་བཤད། མན་རྒྱུད་དུ། དྲི་བཟང་བཞི་དང་ཞོ་སྦྱར་ཆམ་པ་སེལ་གསུང་བ་ཡང་འདི་ཡིན་ཏེ་ལུས་ལ་ཤིན་ཏུ་འཕྲོད་པ་ཡིན་ནོ། །ཨ་རུ་བཟང་པོ་དང་། རྟག་ངུ་། དབང་ལག །ཅོང་ཞི། བྲག་ཞུན། སྦྲང་རྩི་ཞུན་མར་སྦྱར་བ་ཟོས་ན་བཅུད་ལེན་གྱི་མཆོག་སྟེ་ཚེ་དང་ལང་ཚོ་འཕེལ་ལོ། །གླང་བུའམ་ཁྱི་དཀར་འབྲས་བུ་འོ་མར་བཙོས་ཏེ་ཟོས་ ― MR13_Page_0516 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་ཐིག་ལེ་འཛག་པ་གཅོད། ལུས་ཟུངས་འཕེལ་ལོ། །ཡང་སྐྱེས་པའི་གྲི་རུས་བརྡར་ཕྱེ་ལྟེ་བར་བསྐུས་ན་ཐིག་ལེ་འཛག་པ་སྲུང་ངོ་། །ཅོང་ཞི་དབང་ལག་དབྱར་རྩ་དགུན་འབུར་མཉེ་ཐུག་འབྲས་ཤིང་མངར་རྣམས་འོ་མར་གདུས་འཐུང་རོ་ཙ་བར་བྱེད་དོ། །རིན་པོ་ཆེའི་རིགས་ལུས་ལ་འཆང་བ་ལ་ནད་གདོན་སེལ་ཞིང་ཕན་པ་སྒྲུབ་པའི་ནུས་པ་སོ་སོ་ཡོད་ལ། མདོ་ཙམ་བརྗོད་ན་ཕ་ལམ་གྱིས་ཀླུའི་དུག་སེལ། མཚོན་སོགས་སྲུང་། སྤོས་ཤེལ་གྱིས་མིག་གསལ་དམར་ནད་ཐུབ། གཡུ་བཟང་པོས་མཆིན་ནད་དང་དུག་སོགས་ཐུབ། མུ་ཏིག་གིས་ཚེ་རིང་ཀླད་ནད་སེལ། བྱེ་རུས་ཟས་ནོར་འཕེལ་རྩ་ནད་ལ་ཕན། མུ་མེན་གྱིས་ནད་མེད་དང་སྟོབས་བསྐྱེད་དཀར་ཕྲ་མེན་གྱིས་གཟའ་རྒྱུ་སྐར་སྟེང་གདོན་འོག་གདོན་རྟས་བརྡབ་མགོ་ཆག་སོགས་ཐུབ། གསེར་ལུས་ལ་འཆང་ན་མདངས་བཟང་། དེ་རིང་གསར་དུ་བརྡུང་བའི་རྣ་རྒྱན་ལ་གསེར་ཀུ་མཱ་རི་ཞེས་བྱ་ཞིང་། དེས་དེ་ཉིད་ཀྱི་མཚོན་སྲུང་། ཉིན་རེ་བཞིན་ཡང་ཡང་གསར་བརྡུང་བྱས་པས་དེ་བཞིན་ནོ། །དེ་སོགས་རིན་པོ་ཆེའི་ནུས་པ་ཤིན་ཏུ་རྒྱ་ཆེའོ། །ཨ་རུ་ར་ཟུར་བརྒྱད་ལུས་ལ་འཆང་བས་རིམས་མི་འོང་། ཤུ་དག་དང་གུ་གུལ་འཆང་བས་གདོན་ཐུབ། གུ་གུལ་ནག་པོ་ལུས་ལ་བཅངས་པ་ཙམ་གྱིས་མཚོན་གྱིས་མི་འཆི། དེ་ལ་སོགས་པ་སྨན་གྱི་ནུས་པ་ཡང་ཚད་མེད་དོ། །ཐོག་གིས་བསད་པའི་རུས་པ་སྐེ་ལ་བཏགས་ན་རྒྱལ་པོ་ཐུབ། རུས་སྦལ་གྱི་སྐོགས་པས་ས་བདག་ཐུབ། ཕག་མཆེས་ས་གདོན་ཐུབ། སླང་དྲེག་གིས་ས་དགྲ་ཐུབ། དེ་ལ་སོགས་པ་རྫས་ཀྱི་ནུས་པ་ཡང་བསླུ་བ་མེད་པས་གང་ལ་གང་ཕན་དུ་སྦྱར་བར་བྱ་སྟེ་ཕྲན་བུའི་ནད་བཅོས་ཉེར་མཁོའི་ ― MR13_Page_0517 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐོར་རེ། བདུན་པ་སྐད་བཅོས་ཀྱི་སྐོར་ཟབ་མོ་མདོ་ཙམ་བརྗོད་ན། གུ་རུ་པདྨས་རྗེས་འཇུག་རྣམས་ཀྱི་དོན་དུ་མཛད་པ་ཚངས་དབྱངས་གསུང་གི་གདམ་ངག་ནི། དང་པོ་གཡེར་མ་འབྲུ་བཅུ་བཞི་ཆུ་གཙང་ཕུལ་ཕྱེད་དུ་སྦང་བ་ལྟོ་སྟོང་ལན་གསུམ་བཞིར་བཏུང་བས་རྩ་སྒོ་འབྱེད། དེ་ནས་ནས་ཀྱི་སོག་མ་མ་རུལ་བ་དམར་པོའི་ཚིགས་པ་ཕུལ་གང་། སྤང་རྒྱན་དཀར་པོ་རྩ་བར་བཅས་པ་སྤར་གང་རྫ་སྣོད་དུ་གཡའ་ཆུ་ཕུལ་གསུམ་ནང་ཞག་གསུམ་བགྲུངས་ལ། དེ་ཞག་ལྔ་བར་ལྟོར་བཏང་། དེ་རྗེས་ཞག་གཉིས་ལ་ཨ་རུ་རའི་ཆུ་བཏུང་། ཞག་བདུན་པོ་དེས་རྩ་ནད་སྦྱང་བར་བྱས་ལ། དེ་ནས་དངོས་གཞི་ཨ་རུ་ར་གསེར་མདོག་རྡོག་པོ་བདུན། བ་རུ་ར་གཉིས། སྐྱུ་རུ་ར་བཅུ། དེ་དང་སྤྱི་བཞུར་མཉམ་པ་དང་སྲོ་ལོ་དཀར་པོ་སྤང་རྒྱན་རྣམས་ཆུར་གདུས་པའི་ཁུ་བར་ཁ་ཚར་གྱི་ཕྱེ་མ་འདི་རྣམས་གདབ་པར་བྱ་སྟེ། ཅུ་གང་སུག་སྨེལ་ཤིང་མངར་མོན་ལུག་གླ་སྒང་། སྤང་རྩི་དོ་བོ། པི་པི་ལིང་ཀར་རྣམས་ཆ་མཉམ་ཞིབ་བཏག་ཆུ་གྲང་མོར་སྦྱར་ལ། ཟླ་བ་གཅིག་གི་བར་དུ་ནང་མོ་ལྟོ་སྟོང་ལ་བཏུང་ན་ཚངས་པའི་དབྱངས་འགྲུབ། དེ་ཡང་སྐད་ངར་འདོད་ན་ཨ་རུ་ར་མང་དགོས། སྦོམ་འདོད་སུག་སྨེལ། འཕྲ་འདོད་སྲོ་ལོ། རིང་བར་ཅུ་གང་། སྙན་པར་སྤང་རྒྱན། འཁིང་འདོད་ཤིང་མངར་བསྐྱེད་པར་བྱའོ་ཞེས་རཏྣ་གླིང་པའི་གཏེར་མ་ཟབ་བོ། །ཡང་པདྨ་གར་དབང་གི་གཏེར་ཁ་ནས། ཨྸྥྷ༔ གི་ཝཾ་དང་ནི་ཁ་ཆེའི་ཆུས༔ སྐར་མ་རྒྱལ་གྱི་དུས་སུ་བྲིས༔ ཨ་རུ་ར་ཡི་ན་བཟའ་བྱ༔ ཟླ་བའི་བར་དུ་ཟོས་གྱུར་ན༔ མྱུར་དུ་ཚངས་པའི་དབྱངས་ལྡན་འགྱུར༔ ཨྶྚྶ ཀླུ་བདུད་ཐལ་ཀ་རྡོ་རྗེ་ ― MR13_Page_0518 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་༔ མེ་ཏོག་གླང་པོ་སྣ་ཡིས་ནི༔ སྐར་མ་རྒྱལ་གྱི་དུས་སུ་བྲིས༔ བྱང་ཆུབ་འོམ་བུའི་ཁུ་བས་དབུལ༔ ཉིན་རེ་ལྔ་ལྔ་ཟས་སུ་ཟ༔ གྲེ་བདེ་སྟོད་རྒྱབ་ཞི་བ་དང་༔ སྟོབས་ལྡན་སེང་གེའི་ང་རོ་འབྱུང་༔ ད་ནི་སྔགས་ཀྱི་བྱེད་ལུགས་ལ༔ སྔགས་དང་རྫས་དང་དམིགས་པ་གསུམ༔ རྫས་ནི་འོམ་བུ་གསར་པ་ལ༔ ཚད་ནི་མཐེའུ་ཆུང་རྩེ་ཚོན་གང་༔ སྔགས་ནི། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ༔ འབུམ་ཚོ་གཅིག་ནི་སྔགས་ཚད་ཡིན། དམིགས་པ་ནི༔ རང་ཉིད་ནམ་མཁའ་མཐའ་ཡས་ལ༔ སྔགས་ནི་ལྷོ་སྤྲིན་འཐིབས་པར་བསྐྱེད༔ གྲེ་བ་གཡུ་འབྲུག་སྔོན་མོར་བསམ༔ སྔགས་ཤིང་སྦྲང་ཆར་སིལ་མར་བསྐྱེད༔ གསོལ་དུས་བདག་དང་མཐའ་ཡས་པའི༔ སེམས་ཅན་ཐམས་ཅད་སྒྲིབ་པ་རྣམས༔ ཞེ་སྡང་མེ་ལ་བྱང་ཆུབ་ཆར་བབ་བསམ༔ སྒྲིབ་བྱང་རང་ཉིད་ཤེལ་བུམ་ཞོ་ཡིས་བཀང་འདྲར་བསྐྱེད༔ ཅེས་པ་འདི་ནི་སློབ་དཔོན་པདྨས་རྒྱལ་བ་མཆོག་དབྱངས་ལ་གདམས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་སྤུ་རི་དྭགས་རྫོང་གི་གཏེར་མའོ། །ཡང་སྤང་རྒྱན་དཀར་པོ་འབྲི་མོག་ཨ་རུ་ར་གསུམ་ཆུ་གཙང་དུ་སྤང་ལ། ཨོཾ་ཨཱཿཧཱུྃ་ན་མོ་ཧི་རི་མི་རི་སྭཱ་ཧཱ། ཞེས་བཏབ་སྟེ་འཐུང་ན་ཚངས་པའི་དབྱངས་ཐོབ་ཅེས་བཀའ་གཏེར་གྱི་མན་ངག་གོ། ཨོཾ་བྷ་ག་ཝ་ཏི་ཤྲུ་ཏི་སྨྲྀ་ཏི་བ་ལ་བ་ལ་བར་མ་སིདྡྷེ་སྭཱ་ཧཱ༔ སྤྱན་རས་གཟིགས་ཀྱི་མདུན་དུ་ཆུ་ཁྱོར་བ་གང་ལ་བཟླས་ནས་ཞག་བདུན་དུ་འཐུང་ན་ཚིགས་བཅད་སུམ་བརྒྱ་ཟིན། ཟླ་གཅིག་འཐུང་ན་མིའམ་ཅི་ལྟར་དབྱངས་སྙན་པར་འགྱུར་ཞེས་སྟོན་པ་སངས་རྒྱས་ཀྱི་བཀའོ། །ཡང་བྱང་ལུགས་སྐད་སྨན། རྟ་ཡི་མགྲིན་པ། གོང་མོའི་སྒོ་ང་། ཤ་བའི་ ― MR13_Page_0519 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀླད་པ། ནེ་ཙོ་དང་། ཁུ་བྱུག་དང་། འཇོལ་མོ་དང་། ཅོ་ག་རྣམས་ཀྱི་གྲེ་བ་དང་ལྕེ། གསང་སྨན་བོང་བུའི་གྲེ་བ་བཅས། ར་འོར་སྦྱར་བ་མར་ངོར་བསྟེན་ན་སྐད་ཀྱི་དངོས་གྲུབ་ཐོབ་བོ། །ཡང་ན་ཅུ་གུར་ལི་སུག་ཤིང་མངར་སྲོ་ལོ་གསེར་མདོག་ཅོང་ཞི་རུ་རྟ་སྟར་བུ་སྤང་རྒྱན་དཀར་པོ་ཀ་ར་སྦྱར་བ་སྐད་སྨན་འཛམ་གླིང་འབྲུག་གྲགས་ཞེས་ཟུར་མཁར་ཆོས་རྗེའི་ལུགས་སོ། །ཡང་འབྲུག་སྒྲ་ཟིལ་གནོན་ཞེས་དེ་དང་ཕྱོགས་འདྲ་དང་། ཡང་རྒུན་འབྲུམ་སྟར་བུ་ཀྱི་ལྕེ། ཨ་ཀྲོང་དཀར་པོ་ཙན་དན་དཀར་པོ་བོང་དཀར་རྣམས་ལ། ངུར་ལ་སྤུར་ལེན། ངར་འདོགས་སེ་འབྲུ་སུག་སྨེལ་སྦྲང་དཀར་སྦྱར་བའི་རིལ་བུ་ལྟོ་སྟོང་ལ་མུར་ན་སྐད་སྨན་མཆོག་ཅེས་བཤད། གཞན་ཡང་སྐད་སྨན་གྱི་སྦྱོར་སྡེ་སྣ་ཚོགས་ཡོད་ཀྱང་གང་གི་ར་ཏ་གཏེར་ལ་གཙོར་བྱས། གར་དབང་གཏེར་མའི་ཟ་ཡིག་དང་སྔགས་དམིགས་ཀྱིས་ནུས་པ་བསྐྱེད། དེ་རྗེས་ཀྱི་སྔགས་གཉིས་པོས་དངོས་གྲུབ་བསྒྲུབ། བྱང་ཟུར་མཁས་པའི་སྨན་སྦྱོར་རྣམས་ཀྱིས་ཀྱང་ཟུར་བརྒྱན། མགྲིན་པར་ཟླ་བའི་གདན་ལ་སྒྲ་དབྱངས་ལྷ་མོའི་ངོ་བོ་ཧྲཱིཾཿདཀར་པོ་ལ་འཁོར་འདས་ཀྱི་སྒྲ་དབྱངས་བསྡུ་བའི་དམིགས་པས་སྔགས་ཧྲཱིཾཿཅི་ནུས་སུ་བཟླས་ཤིང་མཆོད་པ་ཕུལ་ནས་འདོད་དོན་ལ་གསོལ་བ་བཏབ་ན། དབྱངས་སྙན་ལྕེ་བདེ་བློ་གསལ་སྤོབས་པ་ཆེ་བས་ཀུན་ཡིད་འཕྲོག་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བརྒྱད་པ་སོ་དང་མིག་སོགས་ཀྱི་སྟོབས་གསོ་བ་ནི། དང་པོ་སོ་སྲ་ཞིང་མི་ཉམས་པའི་ཐབས་སུ་སྨན་རྒྱས་བསྡུས་སྣ་ཚོགས་གསུངས་མོད། འདིར་ཀུན་འདུས་ཟབ་མོའི་སྦྱོར་སྡེ་ནི། ཅོང་ཞི་རྒོད་པོ་སོལ་མེར་དམར་ལམ་པར་བསྲེགས་པ་ཅུ་གང་བཟང་པོའི་ཆུ་ལ་ ― MR13_Page_0520 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྐྱུར་བ་རྡོ་རྗེ་ཆུ་ཞེས་བྱ་སྟེ་སོ་སོགས་སྲ་བའི་སྨན་མཆོག་གོ། དེ་ལ་སོ་ཚགས་དམ་བྱེད་དོམ་མཁྲིས། སྙིལ་མི་འཆད་ཅིང་བརྟན་བྱེད་རྒྱ་སྐྱེགས། སོ་སྲིན་འཇོམས་པ་གླ་རྩི། ལྷ་བ་དང་རྩི་འཛིན་པ་རྒྱལ་མོ་ཀ་ར། རླུང་སེལ་བ་ཤིང་ཀུན། བད་ཀན་སེལ་བ་ཁ་རུ་ཚྭ། ཁྲག་མཁྲིས་སེལ་བ་ཨ་རུ་གསེར་མདོག །སྲིན་སེལ་བ་བྱི་ཏང་ཀ །སོ་དཀར་བྱེད་ལུག་གི་མིག་འབྲས་དཀར་པོ་རྙིལ་དམ་བྱེད་གོ་ཡུ། རུལ་བ་གཅོད་པ་ཡུ་གུ་ཤིང་། རུལ་དྲི་འཁྲུད་པ་མཚུར་ནག །ཚགས་དམ་བྱེད་གླང་ཆེན་ཤ །ཁ་དྲི་བསྲུང་བ་ཕུག་རོན་བྲུན། དེ་སྟེང་ཁ་ཚར་དུ་པི་ལིང་ཧ་ཤིག་སྨན་སྒ་ཚྭ་ལ་ཆུ་བཅད་བཅས་དེ་རྣམས་ཆ་མཉམ་སྦྲང་སྦྱར་རིལ་བུར་ཕག་གམ། ཁྱད་པར་ལུག་ཚིལ་དང་སྦྱར་ཏེ་རྙིལ་དང་སོ་ལ་ཐོ་རེངས་ལྟོ་སྟོང་སོགས་སུ་བྱུགས་པ་བྱས་ན། སོ་ཡི་བཅུད་ལེན་ཐོད་པ་སོ་ཁྱེར་ཞེས་བྱ་བ། རིལ་བུ་རེས་ལོ་རེ་ཕྱིར་བརྟན་པར་བྱེད་དེ། ལན་བདུན་བསྐྱར་བས་ཀྱང་སོ་བརྟན་པ་འགྲུ་བན། ཡུན་དུ་བརྟེན་པས་ལྟ་ཅི་སྨོས། སྐབས་སུ་སོ་ལ་ཏིལ་ཆུ་ནང་དུ་གདུས་པ་སྐ་མོ་བྱུགས་པར་བྱ་སྟེ་ལག་ཏུ་བླང་བས་ཡིད་ཆེས་པར་འགྱུར་རོ། །འདི་ནི་རང་གིས་བཏུས་ཏེ་སྦྱར་བའོ། །ཡང་མུ་ཟི་ཞིབ་བཏགས་རང་གི་དྲི་ཆུར་བསྣུར་ཏེ་སོ་ཡི་ཕྱི་ནང་རྙིལ་བཅས་ལ་བྱུགས་ཤིང་མཉེས་ན་སོ་སྲ་བར་ངེས་སོ། །གལ་ཏེ་སོ་བུད་ཟིན་པ་ལ་སླར་སྐྱེ་བའི་ཐབས་ནི། མ་ཧེའི་དཔྲལ་བའི་རུས་པ་དང་འབྲུག་རུས་ཅོང་ཞི་བྱ་རྒོད་བྲུན་དཀར་པོ་རྣམས་ཆ་མཉམ་ཞིབ་བཏགས་བ་ཡི་ཞོ་དང་སྦྲང་རྒོད་ཀྱིས་སྤེལ་ནས་རུས་སྦལ་གྱི་ཁོག་པའི་ནང་དུ་བཅུག །གོས་ཀྱིས་བྱིབས་ལ་ཞག་བཅུའམ་དགུར་ཆུ་ཡི་རྒྱུད་དུ་བསྙལ། དེ་ལ་རི་མོ་དཀར་ནག་གམ་ཡང་ན་དམར་ ― MR13_Page_0521 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་འོང་། དེ་ནས་ཞག་གསུམ་ཟས་གཞན་མི་ཟ་བར་ལྟོ་དགུག་སྟེ་འོ་མ་བསྐོལ་བ་འབའ་ཞིག་འཐུང་། དེ་ནས་སོ་ཡི་ཤུལ་དུ་རྫས་དེ་བྱུག །སྟེང་དུ་སྦྲང་རྩིས་མནན་ལ་བཞག །དེ་ལྟར་ལན་བདུན་བསྐྱར་ན་ཟླ་བ་གཅིག་ནས་སོའུ་སྐྱེའོ། །ལོ་དུས་མཚམས་ནས་རྫས་བྱུགས་ལ་སྟེང་དུ་སྦྲང་རྩི་བྱུག །དེ་སྟེང་ཟར་མའི་མར་ཁུ་བྱུག །དེས་སོ་ཚགས་དམ་ལ་འགྲིགས། ངེས་པར་བདེན་ནོ་ཡིད་ལ་ཟུང་། ཞེས་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་བསྟན་པ་བུ་གཅིག་པའི་འགྲེལ་པ་དང་གཏེར་ཁ་དུ་མར་འབྱུང་ངོ་། །བདུད་རྩིའི་རྒྱུད་ལས། དུང་ནི་སོ་སྐྱེ་བའི་བདུད་རྩི་སྟེ། སེང་གེའི་འོ་མ་དང་སྦྱར་ནས་བྱུགས་ན་ངེས་པར་སྐྱེའོ། །སེང་གེའི་འོ་མ་མ་རྙེད་ན། རི་དྭགས་རིགས་སུམ་ཅུའི་འོ་མ་དགོས་པར་གསུངས་སོ། །མིག་གསལ་བའི་སྨན་ནི། སྔོ་རྟག་ངུ་རྩ་ཨ་བ། གོ་སྙོད། གུར་གུམ། དོམ་མཁྲིས། ལྕགས་སྦྲུལ་གྱི་ཤ །ཨ་རུ་ར། ལྕགས་ཁུ། རྡོ་མདུང་རྩེ་རྣམས་ཞིབ་བཏགས་སྦྲང་སྦྱར་རིལ་བུ་ཤ་རིལ་ཙམ་ལྟོ་སྟོང་ལ་ཟོས་པས་མིག་ཤིན་ཏུ་གསལ། ཡང་ན་ཅོང་ཞི། བྲག་ཞུན། འབྲས་བུ་གསུམ། རྩ་ཨ་བ། རྟག་ངུ་། སྦྲུལ་སྔོན་གྱི་ཤ །དོམ་གྱི་མཁྲིས་པ། གཞན་ཡང་རྙེད་ན་ཁྱི་ནག་བྱ་རོག་དྲེད་མོང་། དྲེའུ་རྟ་ནག་འུག་པ་རྣམས་ཀྱི་མཁྲིས་པ་བཅས། སྨན་དེ་རྣམས་སྦྲང་རྩིར་སྦྱར་བའི་ལྡེ་གུ་ཟླ་གསུམ་ཐོ་རེངས་བར་མ་ཆད་དུ་བསྟེན་ན་ཤ་ཡི་སྤྱན་དང་མཚུངས་པར་འགྱུར་རོ། །ཞེས་གསུངས། ཡང་ན། ཨ་བ་ལུག་རུ་ཤིང་མངར་གུར་གུམ་ཨ་རུ་ར་ལྕགས་ཁུ་རྣམས་ཀྱི་སྨན་བ་འམ་ར་ཡི་འོ་མར་བསྐོལ་བ་བསྟེན་ཀྱང་མིག་ཤེད་རྒྱས་ལ་གསལ་ལོ། །གུར་གུམ་གི་ཝཾ་གླ་རྩི་ཙན་དན་དཀར་པོ་དོམ་མཁྲིས་ཉ་མཁྲིས་ཅུ་ ― MR13_Page_0522 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་ཞིམ་ཐིག་ག་བུར་མཚལ་དཀར་སྦྲུལ་མིག །ཉ་གསེར་མིག་མའི་མིག །སྤང་། སག་རམ་རྩི། རག་དུད་རྣམས་སྐྱེར་ཤུན་ཁུ་བས་དྲིལ་ལ་ར་འོར་སྦྱར་ཏེ་མིག་ཏུ་བླུགས་པས་མིག་ནད་དང་འགྲིབ་ཐམས་ཅད་སེལ། མིག་གསལ་ཞིང་མིག་གི་མངོན་ཤེས་ཐོབ་བོ། །འདི་སྟེང་གཟི་རྙིང་ནག་ཁྲའི་ཕྱེ་མ་དང་། སྐྱུང་ཀ་དང་བྱ་མོ་ནག་མོའི་སྒོ་ངའི་སེར་ཐིག་བསྣན་ཀྱང་ལེགས་སོ། །རྣ་བ་འོན་པ་གསང་བའི་ཐབས་ཨུཏྟ་སྒྲ་སྒྲོགས་ཀྱི་མན་ངག་ནི། རྨ་བྱའི་མདངས་གཞོབ། ཤིང་ཀུན། རུ་རྟ། ཨུག་ཆོས་འབྲས་བུ་ཐང་དུ་བསྡུ་ལ་དེའི་ཁུ་བ་གྲང་མོ་རྣ་བར་ཡང་ཡང་བླུགས། དེ་ནས་སྨྱུག་སྦུབས་སམ་སྒྲོ་རྩས་འཇིབ་པས་ཁྲག་རྣག་སོགས་ཕྱིར་འབྱུང་ངོ་། །ཡང་ན་སྨན་དེ་རྣམས་ལ་ཕུག་ཁུ་བར་སྦྱར་ལ་བླུགས་པར་བྱའོ། །ཡང་རུ་རྟ་ཤིང་ཀུན་རྨ་བྱའི་མདོངས་སྒོག་གཅིག་སྐོམ་པོ་ཞིབ་པར་བཏགས་ལ་ལ་ཕུག་གཞོན་ནུའི་ཁོག་པར་བཅུག །ཁ་ལ་ཕུག་གིས་བཅད་ཕྱི་ནས་འདག་པས་གཡོགས་ཏེ་མེ་མུར་དུ་ཚོས་པར་བསྲེག །གྲང་ནས་འདག་པའི་ནང་ནས་ལ་ཕུག་བླང་ལ། ཁ་ཚར་རླུང་ལ་སྒོག་སྐྱ། བད་ཀན་ལ་སྒ་སྐྱ། མཁྲིས་པར་པི་ལིང་། ཁྲག་ལ་རྒྱ་ཚོས། འདུས་པར་ཐམས་ཅད་བསྣན་ནས་ཞིབ་བཏགས་ཕྱེ་མ་མར་ཁུའི་ནང་དུ་ཁོལ་བ་གྲང་དྲོ་རྩེ་འཇམ་ཙམ་གྱི་དུས་རྣ་བར་བླུགས་ལ་ཟན་དྲོན་གྱིས་བུ་ག་དགག །ནང་པར་སྨྱུག་སྦུབས་ཀྱིས་འཇིབ། དེ་སྟེང་ལུག་མགོ་རྙིང་པ་ཆང་དུ་བཙོས་པའི་རླངས་པས་བདུག །འོན་པ་མ་ཕྱེད་བར་དུ་དེ་ལྟར་བྱ། ཞག་བདུན་ནས་ཕྱེ་འོང་། ཕྱེད་ནས་རྣ་བའི་ཕྱི་རྒྱབ་རུས་པ་མཐོ་མཐོ་བོའི་ཁར་སྤྲ་རྡོག་གི་མེ་བཙའ་གསུམ་བཞག་གོ། དེས་རྣ་བ་བརྟན་རྒས་གཞོན་མེད་པར་བྱེད་ཅེས། པདྨ་གླིང་པའི་གཏེར་ཁ་ལས་སོ། །དབང་པོ་གང་གསལ་བར་འདོད་པ་དེའི་རྩ་སྦུགས་སྟོང་སིང་ངེ་བའི་དབུས་ ― MR13_Page_0523 ―
[མ་དཔེ་གཟིགས་ན་འདིར་གནོན།]
སུ་རང་གི་ཡི་དམ་ལྷའི་ས་བོན་ནམ། ཨོཾ་ཨཱཿཧཱུྃ་གསུམ་ཀའམ་གང་རུང་རེ་ལྷའི་ངོ་བོར་ཡིན་པར་གསལ་ལ། དེ་ལས་འོད་འཕྲོས་དབང་པོའི་སྐྱོན་ཐམས་ཅད་དུད་ཁུང་ནས་དུ་བ་ལྟར་ཕྱིར་སོང་། ཕྱོགས་བཅུ་ནས་སྲིད་ཞིའི་དབང་པོ་དེ་དེའི་ནུས་བཅུད་རྣམས་དང་བརྟན་གཡོའི་དྭངས་མ་བསྡུས་ཏེ་ས་བོན་ལ་ཐིམ་པ་དེ་འདྲའི་སྤྲོ་བསྡུ་ཡང་ཡང་བྱས་ལ་སྔགས་གང་བསྒོམས་པ་དེ་བརྒྱ་རྩ་སོགས་བཟླ། མཐར་འདོད་དོན་ལ་གསོལ་བ་བཏབ་ནས་གནས་དེ་ཉིད་དུ་ཐིམ་པས་རྡོ་རྗེའི་དབང་པོར་བྱིན་གྱིས་བརླབས་པར་བསམ་པས་དབང་པོའི་སྐྱོན་སེལ་ཞིང་དངོས་གྲུབ་ཐོབ་བོ། །ཡིད་ཀྱི་དབང་པོ་ལ་ནི་སྙིང་ནང་དུ་བསྒོམ་པར་བྱའོ། །རྟག་ཏུ་ཡིད་བདེ་ཞིང་སྐྱིད་པར་འདོད་པས། ཛཱ་ཏི་སྙིང་ཞོ་ཤ ཨ་གར། ལི་ཤི། ཨ་རུ། གུར་གུམ། རྟག་ངུ་། ཅོང་ཞི་རྣམས་སྨན་དུ་བསྟེན། གོང་དུ་བཤད་པའི་དམིགས་པ་དང་། རང་སེམས་ནམ་མཁའ་དང་མཉམ་པར་ཅི་ལའང་མི་འཛིན་པར་རང་བབས་སུ་ལྷོད་ལ། ཏདྱ་ཐཱ། ཨོཾ་ཚོམ་མེའུ་ལི་ནི་དུ་ཀ་ཐཾ་སྭཱ་ཧཱ། ཞེས་པའི་སྔགས་འདི་ཉིན་རེ་བཞིན་བར་སྐབས་གང་བདེར་ཅུང་ཟད་རེ་བཟླས་ན་སེམས་རྣལ་དུ་ཕེབས་ནས་བག་དྲོ་ལ་ཤིན་ཏུ་སྐྱིད་པར་འོང་ཞིང་། འཁོར་རྣམས་ཀྱང་བཀྲ་ཤིས་པ་སོགས་ཡོན་ཏན་ཚད་མེད་པ་ཐོབ་པ་གཏེར་མའི་མན་ངག་གོ། རྡོ་རྗེའི་ལུས་ནི་སྔགས་ཀྱི་རྟེན་མཆོག་དང་། །ལྷ་ཡི་གདན་དེ་སྡེ་བཞིའི་རྩ་བ་ཉིད། །དེ་ཕྱིར་དེ་ལ་སྲི་ཞུར་བགྱི་བའི་ཐབས། །འདིས་ཀྱང་གཞན་ལ་ཕན་པ་ཆེར་བྱེད་ཤོག །ཅེས་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་ཕན་པའི་བསམ་པས་དགེ་བྱེད་ལོའི་དབོ་ཟླའི་ཚེས་རྒྱལ་སྲིད་གྲངས་ཀྱི་དུས་སུ་ཡོངས་སུ་འགྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །། དགེའོ།། །། |