བཤད་བྱ་དངོས་བཤད་པ་ལ་ཐོག་མར་དགེ་བ་ཀླད་ཀྱི་དོན།

གཉིས་པ་བཤད་བྱ་དངོས་བཤད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་སྟེ། མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ།།

དང་པོ་མཚན་དོན་ཆིངས་ཆེན་པོ་ལྔའི་སྒོ་ནས་འཆད་པ་ལ། དང་པོ་དགོས་པའི་དོན་ནི། དབང་པོ་རབ་རྣམས་མཚན་དོན་ཤེས་པས་གཞུང་དོན་ཡོངས་རྫོགས་གཏན་ལ་ཕེབས་པ་དང༌། འབྲིང་རྣམས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་ཤེས་པ་དང༌། ཐ་མས་ཀྱང་མིང་དོན་གྱི་འབྲེལ་བ་ཤེས་ནས་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་དེ། ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་སོ།།

གཉིས་པ་མཚམས་སྦྱོར་གྱི་དོན་ནི། སྤྱིར་ཆོས་གང་དང་གང་འཆད་ཀྱང་ཐོག་མར་ཀླད་དོན་ནས་འཆད་དགོས་ལ། དེ་ཡང་དང་པོར་མཚན་སྨོས་པ་འབྱུང་བ་ཡིན་ལ། མཚན་དེ་ཡང་ཆོས་ལ་ཡིད་ཆེས་སྐྱེས། སྐད་ལ་བག་ཆགས་འཇོག རྒྱུད་ལ་བྱིན་རླབས་འཇུག་པ་སྟེ། དགོས་པ་གསུམ་དང་ལྡན་པའི་ཕྱིར།

དང་པོ་མཚན་རྒྱ་སྐད་ལྟར་སྨོས་པ་ནི།

རྒྱ་གར་སྐད་དུ། གུ་ཎ་༴ཀོ་ཥ1་རཏྣ་༴པྲ་མོ་ད་བྲིཥྚི་ནཱ་མ།2

བོད་སྐད་ལྟར་སྨོས་ན།

བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ།

སྐད་གཉིས་ཤན་སྦྱར་ན། གུ་ཎ་ཞེས་པ་ཡོན་ཏན། དེ་བཞིན་དུ། ཀོ་ཥ་མཛོད། རཏྣ་རིན་པོ་ཆེ། པྲ་མོ་ད་བྲིཥྚི་དགའ་བའི་ཆར། ན་མ་ཞེས་བྱ་བའོ།།

གསུམ་པ་ཚིག་གི་དོན་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་མ་ནོར་བར་ཉམས་སུ་བླངས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ནི་ཡོན་ཏན། དེ་ཉམས་སུ་བླངས་པ་ལས་དོན་གཉིས་ཀྱི་འདོད་པ་ཐམས་ཅད་འབྱུང་བས་ན་རིན་པོ་ཆེ། དེ་ལྟ་བུའི་བརྗོད་བྱ་ཕུན་སུམ་ཚོགས་པའི་ཚིག་དང་དོན་གྱི་མཛོད་ཡིན་པས་ན་མཛོད། རང་རྒྱུད་ལ་ལེགས་བྱས་དགེ་བའི་ལོ་ཏོག་བསྐྱེད་པར་འདོད་པའི་སྐལ་བ་བཟང་པོའི་གང་ཟག་ཐམས་ཅད་དགའ་བར་བྱེད་པའི་ཆར་པ་ལྟ་བུ་ཡིན་པས་ན་དགའ་བའི་ཆར། ཞེས་བྱ་བ་ནི་མིང་སྒྲོག་པའོ།།

བཞི་པ་བསྡུས་དོན་གྱི་དབང་དུ་བྱས་ན། ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྟེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་གང་ལས་འབྱུང་བའི་མཛོད་ལྟ་བུར་གྱུར་པའོ།།

ལྔ་པ་བརྒལ་ལན་གྱི་དོན་ནི། དེ་ལ་ཁ་ཅིག་ན་རེ། དགའ་བའི་ཆར་ཞེས་བྱ་བ་མི་འཐད་དེ། ཆར་ཡིན་ན་དགའ་བར་བྱེད་པ་ཡིན་པས་མ་ཁྱབ་སྟེ། དམྱལ་བར་མེ་མདག་དང༌། ཀླུ་དང་ཡི་དྭགས་སོགས་ལ་བྱེ་ཚན་གྱི་ཆར་སོགས་འབེབས་པའི་ཕྱིར་ཟེར་ན། འདིར་དཔེ་ལས་མཚན་དུ་གསོལ་བའི་དབང་དུ་བྱས་ཏེ་གང་དག་དགའ་བ་བསྐྱེད་པའི་མཐོ་རིས་ལྷ་དང་མིའི་ཡུལ་གྱི་ཆར་པ་དག་དཔེར་བྱེད་ཀྱི། ངན་སོང་གི་ཆར་པ་དཔེར་བྱེད་པ་མ་ཡིན་པས་རྩོད་པ་དེ་ལ་སྙིང་པོ་མེད་དོ།།

གཉིས་པ་མཆོད་པར་བརྗོད་པ་ལ་གཉིས་ཏེ། མཚན་སྨོས་པའི་སྒོ་ནས་བསྡུས་ཏེ་མཆོད་པར་བརྗོད་པ་དང༌། ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་མཆོད་པར་བརྗོད་པའོ། །དང་པོ་ནི།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།

དཀོན་མཆོག་ཅེས་པའི་དོན། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་ཏེ། འཇིག་རྟེན་དུ་སངས་རྒྱས་བྱོན་པ་དང༌། དེས་ཆོས་གསུངས་པ་དང༌། དེ་ཉམས་སུ་ལེན་པའི་དགེ་འདུན་རྣམས་ནི་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དང་ནོར་བུ་རིན་པོ་ཆེ་ལྟར་འབྱུང་བ་དཀོན་པ་དང༌། མི་མཐུན་ཉེས་ཚོགས་ཀྱི་དྲི་མ་མེད་པ་དང༌། སྒྲིབ་གཉིས་དང་བདུད་བཞི་སོགས་བཅོམ་པའི་མཐུ་དང་ལྡན་པ་དང༌། གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང༌། འགྲོ་བ་ལྷ་དང་བཅས་པའི་མགོན་དུ་བཞུགས་ཤིང་སྲིད་ཞིའི་ཁམས་ན་འགྲན་ཟླ་དང་བྲལ་བས་ན་མཆོག་ཉིད་དང༌། གནས་སྐབས་ཀུན་ཏུ་ཡོན་ཏན་ཀྱི་རང་བཞིན་ཉམས་པ་མེད་ཅིང་ཐུགས་རྗེ་རྒྱུན་ཆད་མེད་པས་ན་འགྱུར་བ་མེད་པ་སྟེ་དཀོན་མཆོག་ཅེས་བྱའོ།།

གསུམ་ལ་ཞེས་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དང་པོ་སངས་རྒྱས་ལ་ངོ་བོ། ངེས་ཚིག དབྱེ་བ། སྒྲ་དོན་ནོ།།

དང་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ། །ངེས་ཚིག་ནི། མ་རིག་པའི་གཉིད་འཐུག་པོ་ལྟ་བུ་སངས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དབྱེ་ན། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་སོ། །སྒྲ་དོན་ནི། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་པས་ཤེས་བྱ་ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུད་པས་ན་སངས་རྒྱས་སོ།།

གཉིས་པ་ཆོས་ལའང་སྔ་མ་ལྟར་བཞི་ལས། ཉོན་ཤེས་ཀྱི་སྒྲིབ་པ་གང་རུང་སྤང་བའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་བ་ཆོས་ཀྱི་ངོ་བོ། ངེས་ཚིག་ནི། ནད་ལ་སྨན་གཏོང་བ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པ་འཆོས་པས་ན་ཆོས་སོ། །དབྱེ་ན། ལུང་དང་རྟོགས་པའི་ཆོས་སམ། འགོག་ལམ་གྱི་བདེན་པ་གཉིས་སོ། །སྒྲ་དོན་ནི། དྷརྨཱ་ཞེས་པའི་སྒྲ་ལས་དྲངས་ན་འཛིན་པ་སྟེ་འཁོར་བ་དང་ངན་སོང་གི་ལམ་དུ་མི་གཏོང་ཞིང༌། ཡང་དག་པའི་ལམ་དུ་འཛིན་པས་ན་ཆོས་སོ།།

གསུམ་པ་དགེ་འདུན་ལའང་བཞི་སྟེ། རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་དགེ་འདུན་གྱི་ངོ་བོ། །ངེས་ཚིག་ནི། ཡང་དག་པ་དགེ་བའི་ལམ་དང་རང་རྒྱུད་མི་ཕྱེད་པར་འདུས་པས་ན་དགེ་འདུན་ནོ། །དབྱེ་ན། ཐེག་དམན་ཉན་རང་གི་དགེ་འདུན་དང༌། ཐེག་ཆེན་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །སྒྲ་དོན་ནི། སངྒ་ཞེས་པའི་སྒྲ་ལས་དྲངས་ན་འདུས་པ་སྟེ། འགྲོ་བ་ལྷ་དང་བཅས་པས་ལམ་ལས་མི་ཕྱེད་པས་ན་དགེ་འདུན་ནོ། །ཕྱག་འཚལ་ལོ་ཞེས་པ་ལྟ་བ་མཇལ་བ། སྒོམ་པ་གོམས་པ། མོས་གུས་ཀྱི་ཕྱག་སྟེ་བློ་མཆོག་རྣམས་ཀྱིས་ནི་རྣམ་པ་གསུམ་ཀ་ཚང་བའི་སྒོ་ནས་ཕྱག་མཛད་པའོ།།

གཉིས་པ་ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་མཆོད་པར་བརྗོད་པ་ནི།

རིན་ཆེན་རྣམ་གསུམ་གྲགས་པའི་སྤྲིང་ཡིག་གིས། །མུ་ཏིག་འཁྲི་ཤིང་རབ་ཏུ་དགའ་བྱས་ནས།།

བདུད་ཀྱི་བུ་མོའི་བཞིན་རས་ཀུནྡའི་ཚལ།།

སྐལ་ངན་བགྱིད་ལ་མངོན་ཕྱོགས་སངས་རྒྱས་མཐུ།།

རཏྣ་ཞེས་པའི་སྒྲ་ལས་དྲངས་ན་རིན་ཆེན་ཏེ་འཇིག་རྟེན་ན་འབྱུང་བར་དཀོན་པ་དང༌། མཆོག་ཏུ་གྱུར་པ་ལ་སོགས་པའི་ཆོས་མཚུངས་དྲུག་གི་སྒོ་ནས་བཞག་པའི་དཀོན་མཆོག་རྣམ་པ་གསུམ་ནི་བསོད་ནམས་ཀྱི་ས་བོན་བསྐྱེད་པའི་གཞི། འགྲོ་བ་ཐམས་ཅད་ལ་མཉེས་གཤིན་པའི་སྐྱབས་ཁ་ན་མ་ཐོ་བ་མེད་པར་བཞུགས་པ། འཇིག་རྟེན་སྒྲོལ་བ། འཕགས་པའི་བདེན་པ་བཞི་ལ་གནས་པ། ཞི་བའི་ལམ་དུ་འདྲེན་པ། མུ་སྟེགས་ཅན་དང་བདུད་སྡིག་ཅན་གྱི་རྒོལ་བ་ངན་པས་གསུང་དང༌། ཐུགས་དང༌། དཔལ་དང༌། མཐུ་ལ་མི་གནོད་པ། མཚན་དང༌། དཔེ་བྱད་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པ་མཐའ་དག་གི་འབྱུང་གནས་ཡིན་པའི་གྲགས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱབ་པ་ལ། དེའི་རང་བཞིན་བརྡ་སྤྲོད་པའི་ཕྱིར་སྟོན་པའི་སྐུ་གཟུགས་དང་ཚིགས་སུ་བཅད་པ་༴རས་ལ་བཀོད་པའི་3སྤྲིང་ཡིག་གི་རྣམ་པ་བསྐུར་བ་མཐོང་བ་ཙམ་གྱིས་ཀྱང་བུ་མོ་མུ་ཏིག་འཁྲི་ཤིང་བསམ་གཏན་དགོངས་པ་གཅིག་པ་ལྟ་བུའི་རབ་ཏུ་དགའ་བ་ཉམས་སུ་མྱོངས་ཤིང་དད་དེ་དེའི་དོན་ལ་བསམ་པར་བྱས་ནས་ཐར་ལམ་ལ་བར་དུ་གཅོད་པའི་མཐོང་སྤང་སྒྲོ་བཏགས་ཀྱི་རྟོག་པ་བདུད་ཀྱི་བུ་མོའི་བསླུ་བྱེད་ཀྱི་བཞིན་རས་ཀུནྡའི་ཚལ་མཐོང་ལམ་ཡེ་ཤེས་ཀྱི་ཉི་མས་སྐལ་བ་ངན་པར་བྱས་ཏེ་དྲུངས་ནས་འབྱིན་པའི་ཚུལ་གྱིས་སྤངས་ནས་ཉོན་མོངས་དང་རྟོག་པ་ལྷན་སྐྱེས་སྒོམ་སྤང་གི་ཆ་རྣམས་སྤོང་བར་བགྱིད་པ་ལ་མངོན་པར་ཕྱོགས་པ་ནི་སངས་རྒྱས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བ་དེའི་ཕྱིར། དཀོན་མཆོག་གསུམ་གྱི་རྒྱུ་འབྲས་མཐའ་དག་དང་འབྲེལ་བའི་ཆོས་ཀྱི་གཏམ་ཡང་དག་པ་ནི་འགྲོ་བ་མཐའ་དག་གིས་མཉན་པར་འོས་ཤིང་སྲིད་པའི་རང་བཞིན་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་ཆེ་བས་ན་དེ་སྐད་ཅེས་གཟུགས་ཅན་གྱི་རྒྱན་དུ་བཀོད་དོ། །དགོས་པ་ནི། ཀླུ་སྒྲུབ་ཀྱི་ཞལ་ནས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱེད་ཕྱིར་རོ། །ཞེས་སོ། །དེ་དག་གི་ཚུལ་སྔོན་བྱུང་གི་གཏམ་ནི། དཔག་བསམ་འཁྲི་ཤིང་ལས།

ནོར་ཆེན་ཞེས་བྱའི་ཚོང་པ་ནི། །ཝཱ་ར་ཎཱ་སཱིར་སྔོན་བྱུང་གྱུར། །དེ་ཡི་ཁྱིམ་ཐབ་བསོད་ནམས་ཅན། །རིན་ཆེན་ལྡན་ཞེས་བྱ་བར་གྱུར། །བདག་པོ་ལྔ་པ་ཉིད་གྱུར་ཚེ། །བུ་མེད་དེ་ཡིས་མཆོད་རྟེན་རྩེར། །དོ་ཤལ་ཆེན་པོ་གུས་ལྡན་པས། །མཆོད་པ་བྱས་ནས་ཕུལ་བར་གྱུར། །བསོད་ནམས་རྣམ་སྨིན་དེས་དེ་ཉིད། །སིང་ག་ལ་ཡི་བདག་པོ་ཡི། །བུ་མོ་མུ་ཏིག་འཁྲི་ཤིང་གྱུར། །དེ་ཉིད་སྐྱེ་བ་གཞན་ལ་ནི། །ཕྱུག་པས་རྒྱགས་ཤིང་རྨོངས་གྱུར་ནས། །མཆོད་པ་སྨོད་ཅིང་སྒྲིན་གྱུར་པ། །དེ་ཡིས་ཡུན་རིང་འབངས་མོར་གྱུར། །དགེ་དང་མི་དགེའི་ལས་གང་གང༌། །སྐྱེ་བའི་ཞིང་ལ་སྐྱེ་བོས་བཏབ། །ཅེས་པ་ལྟར་ནོར་ཆེན་གྱི་ཆུང་མ་དེ་ཤཱཀྱའི་ཁྱིམ་དུ་འབངས་མོ་རོ་ཧི་ཏའམ་སྐྱེད་མ་ཞེས་བྱ་བར་གྱུར་པའི་ཚེ། བཅོམ་ལྡན་འདས་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཆོས་བསྟན་པ་ན་ཤཱཀྱ་མིང་ཆེན་གྱི་ཆུང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སོང་ནས་ཆོས་མཉན་པའི་ཕྱིར་བསྡད་པ་དང་འདོད་ཆགས་དང་མ་བྲལ་བ་རྣམས་ཆགས་པ་སྐྱེས་སོ། །ཚུལ་དེ་ཀུན་དགའ་བོས་མིང་ཆེན་གྱི་ཆུང་མ་ལ་སྨྲས་པས་ཆུང་མས་རྒྱན་རྣམས་བཀྲོལ་ཏེ་བྲན་མོ་སྐྱེད་མ་ལ་ཁྱིམ་དུ་སྐྱེལ་དུ་བཅུག་གོ །ཇི་ཙམ་ན་ཤཱཀྱའི་བུ་མོ་ཞིག་རང་གི་མགུལ་པ་ན་མུ་ཏིག་གི་དོ་ཤལ་ཞིག་ཡོད་པ་ལ་རྟོག་ཅིང་ལག་ནོམ་བྱེད་པ་ལས་ཆོས་ལ་སེམས་མི་གཏད་པ་མཐོང་ནས་དེའི་ང་རྒྱལ་བཅག་པའི་ཕྱིར་བྲན་མོ་སྐྱེད་མ་ལ་ཡང་ཁོ་མོའི་མུ་ཏིག་གི་དོ་ཤལ་དེ་སླར་ཁྱེར་ཏེ་ཤོག་སྨྲས་པས་དེའི་ཀྱི་ཧུད་བྲན་མོའི་རིགས་འདི་རེ་སྡུག སངས་རྒྱས་ཀྱི་ཞལ་བལྟ་བ་དང༌། ཆོས་མཉན་པ་འདི་ཙམ་ཡང་མི་ཁོམ་མོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་རྫུ་འཕྲུལ་གྱིས་གྲོ་ག་ལ།

དགེ་མ་སྐྱེ་བ་འབྱུང་བ་ནི། །འཇིགས་པ་ཡིན་པར་བསམ་ནས་སུ། །ངས་གསུངས་པ་ཡི་དགེ་བ་ལ། །བརྩོན་འགྲུས་བསྐྱེད་ནས་མཉན་པར་བྱ། །ཞེས་བྲིས་ནས་བྱིན་ནོ། །དེ་ནས་དེ་དགའ་ཞིང་མགུ་ནས་ཚིགས་སུ་བཅད་པ་སྨྲ་བཞིན་སངས་རྒྱས་ལ་དམིགས་པ་ཁོ་ནས་སོང་བ་ན་བ་དྲུས་མ་ཞིག་གིས་བསད་དོ། །དེ་སངས་རྒྱས་ལ་དད་བཞིན་ཤི་བས་སིང་ག་ལའི་རྒྱལ་པོའི་བཙུན་མོའི་མངལ་དུ་ཞུགས་སོ། །གང་གི་ཚེ་ཉིང་མཚམས་སྦྱར་བ་དེའི་ཚེ་དེར་མུ་ཏིག་གི་ཆར་བབས་སོ། །ཟླ་བ་ཚང་ནས་བཙས་པའི་ཚེ་ཡང་མུ་ཏིག་གི་ཆར་བབས་པས་དེའི་མིང་ལ་མུ་ཏིག་ཅན་ནམ་མུ་ཏིག་འཁྲི་ཤིང་ཞེས་བཏགས་སོ། །དེ་ཆེར་གྱུར་པའི་ཚེ། མཉན་ཡོད་ཀྱི་ཚོང་པ་རྣམས་ཀྱིས་གྲུ་བོ་ཆེ་བསྒྲུབས་ནས་རྒྱ་མཚོར་ཞུགས་ཏེ་དེར་ཕྱིན་ཅིང་བསྡད་ནས་མདོ་སྡེའི་ཚིགས་སུ་བཅད་པ་བཏོན་པ་བུ་མོས་ཐོས་སོ། །དེ་ནས་དེ་དག་ཕོ་བྲང་དུ་བཀུག་སྟེ་ཡུལ་དབུས་ཀྱི་གླུ་དེ་ལོངས་ཤིག་ཅེས་སྨྲས། དེ་དག་གིས་སྨྲས་པ། གླུ་མ་ཡིན་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱས། སངས་རྒྱས་ཞེས་བྱ་བའི་མཚན་དེ་ཐོས་ནས་སྙིང་དགའ་བས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་དེ་ངོ་མཚར་སྐྱེས་ནས་སངས་རྒྱས་ཞེས་བྱ་བའི་རྒྱུ་མཚན་དྲིས་པ་ན། དེ་དག་གིས་ཀྱང་ཇི་ལྟ་བ་བཞིན་བཤད་དོ། །དེ་དེའི་རྐྱེན་གྱིས་སྔོན་བས་དགའ་བ་རྒྱ་ཆེན་པོ་ཐོབ་ནས་བཅོམ་ལྡན་འདས་ལ་གསོལ་བའི་སྤྲིང་ཡིག་ཕུལ་ལོ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་སྤྲིང་ཡིག་བཀླགས་པའི་དོན། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གི་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱིས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། །ཞེས་པ་ཉིད་དུ་གཟིགས་ནས་རི་མོ་མཁན་རྣམས་ལ་སྐུའི་གཟུགས་བརྙན་བྲིར་བཅུག་པ་ན་བྲི་མ་ནུས་ནས་འོད་བཏང་སྟེ་ཚོན་རྩི་སྣ་ཚོགས་ཀྱིས་རྒྱས་པར་བྱས་སོ། །དེའི་འོག་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་ལྔ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བྲིས་སོ། །གོང་དུ་ནི། ཚིགས་སུ་བཅད་པ་གཉིས་པོ།

བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྲིས། སིང་ག་ལའི་རྒྱལ་པོ་ལ་བཀའ་ཡིག་སྤྲིངས་པ། དེར་གནས་ཀྱི་སྐྱེ་བོ་ཐམས་ཅད་བསྡུས་ལ་བཀུར་སྟི་ཆེན་པོས་ཐང་སྐུ་ཤོམས་ཤིག ཚོང་པ་རྣམས་ལ་བཀའ་སྩལ་པ། མུ་ཏིག་ཅན་ལ་སངས་རྒྱས་ཀྱི་སྐུ་དང༌། འོག་ཏུ་སྐྱབས་སུ་འགྲོ་བ་སོགས་ནས། བདུད་རྩི་རྟོགས་པའི་ལམ་དང༌། གོང་གི་ཚིགས་བཅད་གཉིས་པོ་ལམ་ལ་བརྩོན་པས་སྡུག་བསྔལ་ལས་གྲོལ་བའི་དོན་རྣམས་བརྗོད་ཅིག་གསུངས་ནས་བསྐུར་རོ། །ཚོང་པ་རྣམས་ཀྱིས་བཀའ་བཞིན་འཚལ་ཞེས་སོང་ནས་རྒྱལ་པོ་ལ་ཡི་གེ་བྱིན་ནོ། །རྒྱལ་པོས་ཀྱང་བཀའ་ཡིག་གི་ནང་བཞིན་ཐང་སྐུ་བཤམས་པས། སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་གསངས་བསྟོད་དེ་བརྗོད་དོ། །མུ་ཏིག་ཅན་དད་པ་དྲག་པོས་བ་སྤུ་ཟིང་ཞེས་བྱེད་ཅིང་མིག་མཆི་མས་གང་བཞིན་ཚོང་པ་རྣམས་ལ་རིས་སུ་བྲིས་པ་དེའི་དོན་དྲིས་པ་ན་དེ་དག་གིས་ཀྱང་ཇི་ལྟ་བ་བཞིན་དུ་བརྗོད་དོ། །དེ་ནས་བུ་མོས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ལ་བསམ་པར་བརྩམ་པས། ཁྲག་དང་མཆི་མའི་རྒྱ་མཚོ་ཆེན་པོ་ནི་བསྐམས། རུས་པའི་རི་བོ་ཆེན་པོ་ནི་བཅོམ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་པས་སྨྲས་པ།

རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོས་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ལྟ་བའི་རི་བོ་དྲུངས་ཕྱུང་སྟེ། །ལྟ་བའི་ཟུག་རྔུ་སེལ་མཛད་པ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ །མཆོག་གསུམ་ལ་མུ་ཏིག་བྲེ་གསུམ་བསྐུར་ནས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་ལྔ་ལ་གནས་པར་གསོལ་ཞེས་ཀྱང་བྱས་སོ། །སྐུ་གཟུགས་དེ་ལ་ཐང་སྐུ་འོད་ཟེར་མ་ཞེས་བྲིས་སྐུ་ཐམས་ཅད་ཀྱི་ཐོག་མར་གྲགས་སོ།།

གསུམ་པ་བརྩོམ་པར་དམ་བཅའ་བ་ལ་གཉིས་ཏེ། དམ་པའི་ཆོས་འཛིན་པའི་ཕན་ཡོན་ལ་བསམ་སྟེ་བརྩམ་པར་དམ་བཅའ་བ་དང༌། དམ་པའི་ཆོས་མི་འཛིན་པའི་ཉེས་དམིགས་ལ་བསམ་སྟེ་བརྩམ་པར་དམ་བཅའ་བའོ། །དང་པོ་ནི།

བློ་མཆོག་རྣམས་ཀྱི་ཡོན་ཏན་དག་བྱེད་གཏེར། །གཅིག་ཏུ་བརླིང་ན་སྤྱི་བརྟོལ་རླབས་ཕྲེང་གི།

ཅ་ཅོ་སྒྲོག་འདི་མཛེས་པ་མི་ངོམ་ཡང༌།།

དམ་ཆོས་བརྗོད་ལ་བརྟེན་སླད་མཉན་པར་འོས།།

འདི་ལྟར་ཤེས་བྱ་ཐམས་ཅད་མཁྱེན་པའི་བློ་གྲོས་མཆོག་མངའ་བ་ཐུབ་པ་ཆེན་པོས་ཕུན་སུམ་ཚོགས་པ་ལྔས་བསྟན་པའི་མདོ་སྔགས་ཀྱི་སྡེ་སྣོད་དཔག་ཏུ་མེད་པ་དང༌། ཐུབ་པའི་རྗེས་འཇུག་འཕགས་པའི་གང་ཟག་རྣམས་ཀྱིས་ཆིངས་ཆེན་པོ་ལྔས་འབྲེལ་དགོད། དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པའི་བསྟན་བཅོས་ཚིག་དོན་གྱི་ཡོན་ཏན་དུ་མས་བརྒྱན་པ་དག་བྱེད་ཆུའི་གཏེར་རྒྱ་མཚོ་ཆེན་པོ་ལྟ་བུ་གཅིག་ཏུ་བརླིང་ཞིང་ཟབ་ལ་གཏིང་དཔག་དཀའ་བ་རྣམས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པ་ཡིན་ཏེ། མ་ཕམ་མགོན་པོས།

ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །དེ་ལྟ་བུའི་བཀའ་དང་དགོངས་འགྲེལ་གཉིས་པོ་མ་ཉམས་པར་མཆིས་བཞིན་པ་ཡིན་ན། རྒྱུ་གསུམ་མ་ཚང་བའི་གྱི་ནར་སྨྲ་བ་དག་གི་སྤྱི་བརྟོལ་གྱིས་བྱས་པའི་བསྟན་བཅོས་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ནང་པའི་ཚུལ་གསུམ་ཉུང་ཞིང་ཕྱི་རོལ་པའི་ངན་པ་དྲུག་གིས་ལྷད་ཀྱང་སྲིད་པའི་ནགས་སྟུག་པོའི་གཅོང་རོང་གི་འབབ་ཆུ་རླབས་ཕྲེང་གི་འུར་སྒྲས་གནོད་པ་ཅན་བཞིན་དུ་བསྟན་བཅོས་རྩོམ་པའི་ཅ་ཅོ་སྒྲོགས་པ་འདི་མཛེས་པ་མི་ངོམ་པའི་གནས་སུ་མཐོང་བ་ཡང་ཆོས་ཚུལ་རྒྱ་མཚོ་མང་དུ་ཐོས་པའི་ཡོན་ཏན་ཡིན་པར་རྟོགས་ཏེ། སྤྱོད་འཇུག་ལས།

སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །ཞེས་པ་ལྟར་རོ། །དེ་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ནི། རྣམ་བཤད་རིག་པ་ལས།

ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །ཡོན་ཏན་དང་ལྡན་པའི་བསྟན་བཅོས་དེའི་རང་བཞིན་ནི། ས་སྡེ་ལས།

དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང༌། །བསྟན་བཅོས་དྲུག་བྲལ་གསུམ་དང་ལྡན། །ཞེས་པ་ལྟར། རྣམ་པར་གྲོལ་བའི་དོན་མེད་པ་ལ་སོགས་པའི་ཕྱི་རོལ་པའི་ངན་པ་དྲུག་དང་བྲལ་ཞིང༌། དོན་དང་ལྡན་པ། སྒྲུབ་པ་ལྷུར་ལེན་པ། སྡུག་བསྔལ་སྤོང་བ་སྟེ་ནང་པའི་ཚུལ་གསུམ་དང་ལྡན་པའོ། །གོང་དུ་བཤད་པ་དེ་ལྟ་ན་ཡང་དམ་པའི་ཆོས་ཀྱི་བརྗོད་བྱ་ཡང་དག་པ་ལ་བརྟེན་པའི་སླད་ཀྱིས་མཉན་པར་འོས་པའི་ཚུལ། བཤེས་སྤྲིང་ལས།

ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང༌། །དམ་ཆོས་བརྗོད་ལ་བསྟེན་སླད་སྨད་མི་བགྱི། །ཞེས་པ་ལྟར་རོ། །དེ་ལྟར་བཤད་ཅིང་ཉན་པའི་དགོས་པ་ཡང༌། །མདོ་ལས།

ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང༌།

དགེ་སློང་དག་གང་ཟག་གཉིས་པོ་འདིས་བསོད་ནམས་མང་པོ་བསྐྱེད་དེ་སྡིག་པའི་རྩ་བ་འབྱིན་ཅིང་བདུད་དང་གཡུལ་འགྱེད་པར་བྱེད། བདུད་ཀྱི་རྒྱལ་མཚན་སྙོལ་བར་བྱེད། ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བྱེད། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །གཉིས་གང་ཞེ་ན། གང་གུས་པར་བྱས་ཏེ་ཆོས་འཆད་པ་དང༌། གང་འདི་ན་གུས་པར་བྱས་ཏེ་ཆོས་ཉན་པའོ། །ཞེས་སོ། །དེའི་ཕྱིར་བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་དུས་སུ་ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང༌། ཤ་ལ་ཀོང་བུ་སྟོང་བྲུས་ནས་མེ་སྤར་བ་ལ་སོགས་པའི་དཀའ་བ་ཆེན་པོའི་སྒོ་ནས་ཆོས་ཚིགས་སུ་བཅད་པ་རེ་རེ་ཙམ་མཉན་པ་ལ་སོགས་པ་ལྟ་བུའི་ཚུལ་ལ་བསམ་སྟེ་བུང་བས་མེ་ཏོག་གི་བཅུད་ལ་མྱང་བ་བཞིན་འོག་ནས་འབྱུང་བའི་ཚུལ་མཉན་པ་ལ་སྤྲོ་བར་བྱའོ།།

གཉིས་པ་དམ་པའི་ཆོས་མི་འཛིན་པའི་ཉེས་དམིགས་ལ་བསམ་ནས་བརྩམ་པར་དམ་བཅའ་བ་ནི།

ཐོག་མ་མེད་ནས་སྐྱེ་རྒ་ན་འཆི་ཡི། །རིམས་ཀྱིས་བཏབ་པའི་སྨན་ཆེན་བདུད་རྩིའི་རོ།།

དམ་ཆོས་ལག་ཏུ་མཆིས་པ་སྤོང་བྱེད་པའི།།

སྐྱེས་བུ་རྣམས་ལ་བདག་གིས་ཇི་ལྟར་འདོམས།།

དུས་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་དང་ཉོན་མོངས་པས་བསྐྱེད་པའི་མངལ་ལ་སོགས་པ་བཞི་ལས་སྐྱེ་བ་དང༌། ན་ཚོད་འགྱུར་བའི་རྒ་བ་དང༌། འདུ་བ་བསླད་པའི་ན་བ་དང༌། སྲོག་བཏང་བའི་འཆི་བ་ལ་སོགས་པ་ཡི་རིམས་ནད་ཀྱིས་ད་ལྟའི་བར་དུ་བཏབ་པར་གྱུར་ནས་འཇིག་རྟེན་མ་རུངས་པར་བྱས་ཀྱང་དེའི་གཉེན་པོར་གྱུར་པའི་རྣམ་གྲོལ་གྱི་ལམ་དང་མ་འཕྲད་ལ། ད་ལྟ་ཆོས་དར་བའི་ཡུལ་དུ་སྐྱེས་ཤིང་དགེ་བའི་བཤེས་གཉེན་དང་འཕྲད་ནས་སྨན་ཆེན་པོ་བདུད་རྩིའི་རོ་ལྟ་བུ། དང་པོ་ཐོས་པའི་དུས་སུ་མི་དད་པ་དད་པར་བྱེད་པ་རྣ་བའི་བདུད་རྩི། བར་དུ་བསམ་པའི་དུས་སུ་མི་དགའ་བ་དགའ་བར་བྱེད་ཅིང་རྣམ་གཡེང་གི་གཉེན་པོར་འགྱུར་བ། ཐ་མ་བསྒོམ་པའི་དུས་སུ་མ་གྲོལ་བ་གྲོལ་བར་བྱེད་ཅིང་བློ་རྣམ་པར་གྲོལ་བའི་ཤེས་རབ་བསྐྱེད་པར་བྱེད་པའི་དམ་པའི་ཆོས་ལག་ཏུ་མཆིས་ཤིང་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་བཞིན་པ་འདིའི་ཚེ་ཡང༌། ཐོས་པས་ཐོབ་པར་མི་བྱེད། བསམ་པས་མངོན་དུ་མི་སྤྱོད། སྒོམ་པས་འཛིན་པར་མི་བྱེད་ཅིང་ཁྱིའི་མདུན་དུ་རྩྭ་བཞག་པ་ལྟར་སྤོང་བར་བྱེད་པའི་ཉེས་པ་ནི་ནད་ཀྱིས་ཚབས་ཆེར་བཏབ་པའི་སྐྱེས་བུ་སྨན་པ་ལས་བྱོལ་ནས་མྱ་ངམ་གྱི་ཐང་དུ་འབད་པས་འཁྱམས་པ་ལྟ་བུ་ཡིན་ཏེ། ཇི་སྐད་དུ།

དམ་ཆོས་ཐང་མ་བཞིན་དུ་བརྡལ་བ་ལ། །སྡིག་པ་བབ་ཅོལ་དུ་བྱེད་པ་ཤིན་ཏུ་བླུན། །ཞེས་དང༌། སློབ་སྤྲིང་ལས།

གང་ཞིག་སྐྱེ་ནད་རྒ་ཤི་སེལ་བའི་བདུད་རྩི་དེ། །ཐོབ་པར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་པ། །དེ་དག་ཉེས་མང་གཏི་མུག་འཐིབས་པོས་བསླད་པ་སྟེ། །ཡུན་རིང་ནད་ཀྱིས་ཐེབས་པ་སྨན་ཆེན་མི་བསྟེན་བཞིན། །ཞེས་དང༌།

འགྲོ་བ་ཀུན་གྱི་མིག་གཅིག་དྲི་མ་མེད་པ་གང༌། །དེ་ནི་ས་རྣམས་གསུམ་པོའི་སྤྱི་མཐུན་སྒྲོན་མ་སྟེ། །བསྟན་པ་བདེ་ལེགས་རྙེད་ནས་གང་ཞིག་འདོར་བ་དེ། །གཏི་མུག་ཤིན་ཏུ་རྨད་བྱུང་དག་གིས་གཙེས་པར་ཟད། །ཅེས་སོ། །དེས་ན་དེ་འདྲ་བའི་སྐྱེ་བོ་རྣམས་ལ་བདག་གིས་རིམ་དགུའི་ཐེག་པའི་དོན་ཐམས་ཅད་བསྟན་བཅོས་ཀྱི་གཞུང་གཅིག་ཏུ་བསྡུས་པའི་གདམས་ངག་འདི་ཇི་ལྟར་འདོམས་ཏེ་དོན་དུ་འགྱུར་དཀའ་བས་སོ། །འོན་ཀྱང་བརྩེ་བས་གདུལ་བྱ་རྗེས་སུ་མི་འདོར་བར་བརྩམ་པར་དམ་བཅའ་བའི་སྐབས་དབྱེ་བར་མཛད་དེ། ཇི་སྐད་དུ།

ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པ་ལྟར་རོ། །སྐབས་འདིར་དགོས་འབྲེལ་ཡན་ལག་བཞི་འཆད་པའི་སྲོལ་ལྟར་ན། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་དང༌། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་དང༌། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་རྣམས་ཡོད་ཀྱང༌། དོན་བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡིན་པས། སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་ཉམས་ལེན་རྣམས་ནི་བརྗོད་བྱ། དེ་ལྟ་བུའི་བརྗོད་བྱ་དང་ལྡན་པའི་བསྟན་བཅོས་འདི་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ཐར་པར་འགྲོ་བའི་ལམ་མ་ནོར་བར་ཤེས་པ་ནི་དགོས་པ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས་མཐར་ཐུག་གི་འབྲས་བུ་འགྲུབ་པ་ཉིང་དགོས། དེ་གསུམ་གཅིག་ལ་གཅིག་བརྟེན་གྱིས་འབྲེལ་བ་གྲུབ་པ་ནི་འབྲེལ་པའོ།།