གཅོད་ཀྱི་དྲི་བ་ལྔ་བཅུ་རྩ་ལྔའི་འགྲེལ་བཤད་དང་བཅས་པ་རབ་གསལ་མེ་ལོང་།
༼ང༽ གཅོད་ཀྱི་དྲི་བ་ལྔ་བཅུ་རྩ་ལྔའི་འགྲེལ་བཤད་དང་བཅས་པ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་ལགས་སོ།།
ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། རྟོག་གེ་བ་ཡི་ཁེངས་སེམས་གཅོག་པའི་ཕྱིར། །དྲི་བ་ལྔ་བཅུའི་དྲི་བཤད་བསྟན་པར་བྱ། །དེ་ལ་སྤྱིར་གཅོད་ཡུལ་ཉམས་སུ་ལེན་པ་ལ། གཉན་ས་གསུམ་དུ་དྲིལ་དགོས་པར་འདུག་པས། གཉན་ས་ལ་གང་གིས་གཉན། གཉན་ས་དེ་གཅོད་པར་བྱེད་པ་ལ་ཡིན་ཚུལ་དང་དར་ཚུལ་བརྩི་བའི་གཅོད་པ་ལ་གང་གིས་སྔ། བྱེ་བྲག་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་ཀྱང་། ཚུལ་བསྡུ་ན་ཡུལ་གསུམ་ཡོད་ཟེར་བ་དེ་གང་ཡིན། དེ་ལ་མི་འཇིགས་པའི་གདེང་གསུམ་
ཡོད་ཟེར་བ་དེ་གང་ཡིན། དེ་ལ་དགོས་པའི་རྣོ་སོ་གསུམ་ཡོད་ཟེར་བ་དེ་གང་ཡིན། དེ་ལས་དཔག་པའི་བྱེད་ལས་ཀྱི་སྒོ་གསུམ་ཡོད་ཟེར་བ་དེ་གང་ཡིན། རྒྱུན་དུ་དགོས་པའི་སྒྲ་སྐད་མཁའ་འགྲོའི་གསང་བསྙེན་བར་མ་ཆོད་པར་བསྒྲགས་དགོས་ཟེར་བ་དེ་གང་ཡིན། དོན་འདི་ལ་དགོས་པ་དང་དགོངས་པ་གཉིས་ཡོད་ཟེར་བ་དེ་གང་ཡིན། གཅིག་ཏུ་དྲིལ་ན་འཕན་སྐྱུར་གཉིས་སུ་འདུས་ཟེར་བ་དེ་གང་ཡིན། གཅོད་ཡུལ་དང་གཅོད་མཁན་གཉིས་གང་གིས་སྔ། བཅད་པའི་གཅོད་དང་མི་གཅོད་པའི་གཅོད་དང་བཞག་པ་གསུམ་ཡོད་ཟེར་བ་དེ་གང་ཡིན། ཡང་
གཅོད་པ་ལ་ལས་བྲན་གཅིག་མདུན་དུ་དགོས་ཟེར་བ་དེ་གང་ཡིན། སྟོབས་ལྡན་གླང་ཆེན་གཅིག་ཆིབས་སུ་བཅིབས་ཟེར་བ་དེ་གང་ཡིན། གློག་ལྕམ་འཕར་མའི་ཞགས་པ་ལག་ཏུ་བཟུང་དགོས་ཟེར་བ་དེ་གང་ཡིན། སྒོ་སྲུང་ཁྲོ་བོ་གིང་གང་གི་ཚུལ་དགོས་ཟེར་བ་དེ་གང་ཡིན། ཉེའུ་ཆུང་འཕར་མ་ཐུར་མས་ཁ་ནས་ལེན་དགོས་ཟེར་བ་དེ་གང་ཡིན། རྒྱ་མཚོར་ཉལ་བའི་ཆུ་སྲིན་སྣ་ཁུངས་སུ་བསྐལ་པའི་རླུང་གཏོང་དགོས་ཟེར་བ་དེ་གང་ཡིན། གནད་རྣམ་པ་གསུམ་ཡོད་ཟེར་བ་དེ་གང་ཡིན། གླང་ཆེན་སྨྱོན་པ་ལ་གཡུལ་ཐབས་ཀྱི་གར་ཆང་བླུད་དགོས་ཟེར་བ་དེ་གང་ཡིན། གནས་བརྟན་རྒད་པོ་གཞི་ཡི་ཉེར་བསྐོ་དགོས་ཟེར་བ་དེ་གང་ཡིན། གནམ་ལྕགས་ཀྱི་མཚོན་ཆ་ལ་སེང་གེ་དཀར་མོའི་འོ་མས་ངར་བླུད་དགོས་ཟེར་བ་དེ་གང་ཡིན། རིན་པོ་ཆེའི་སྦྱར་ལེན་རྡུལ་ནང་དུ་བཞག་དགོས་ཟེར་བ་དེ་གང་ཡིན། མདའ་ལན་ལ་སྐྱོགས་ཆོས་ཟེར་བ་དེ་གང་ཡིན། གཅོད་པ་རྣམས་མཐོ་བརྟན་བྲག་ལ་རྫོང་རྩིག་ཟེར་བ་དེ་གང་ཡིན། ཁེབས་ཀྱི་ཞྭ་མོ་ཆེ་དབུ་ལ་གསོལ་དགོས་ཟེར་བ་དེ་གང་ཡིན། གསེར་གྱི་ས་གཞི་ལ་གནམ་གྱི་ཆར་པས་བྲན་དགོས་ཟེར་བ་དེ་གང་ཡིན། ནམ་
མཁའི་དབྱིངས་ལ་གནས་ཆོས་ཟེར་བ་དེ་གང་ཡིན། སྒེག་མོ་ལག་པའི་གར་སྟབས་དགོས་ཟེར་བ་དེ་གང་ཡིན། ཡང་སེམས་ཅན་གྱི་དབུ་ལ་གཅོད་རྒྱུ་གཅིག་ཟེར་བ་དེ་གང་ཡིན། དེའི་དུས་སུ་མི་གཅོད་པ་ལྔ་ཡོད་ཟེར་བ་དེ་གང་ཡིན། ལམ་ས་ཐོབ་དུས་སུ་གཅོད་རྒྱུའི་བདུད་གང་ཡིན། འབྲས་བུ་སངས་རྒྱས་ཀྱི་དུས་སུ་གཅོད་རྒྱུའི་བདུད་དེ་གང་ཡིན། བདུད་དེ་གཅོད་དགོས་སམ་མི་དགོས་ཟེར་བ་དེ་གང་ཡིན། ཡང་ཐབ་ཁུང་གི་མེ་མདག་གསོད་དགོས་ཟེར་བ་དེ་གང་ཡིན། གླང་པོ་ཆེ་གེགས་སུ་མི་བཅུག་པ་ཟེར་བ་དེ་གང་ཡིན། སྔ་རྟིང་ཕྱི་མས་མི་གནོན་ཟེར་བ་དེ་གང་ཡིན་། ཤ་དང་རུས་པ་སྐྱེད་པུ་བཙུགས་པར་མི་བྱ་ཟེར་བ་དེ་གང་ཡིན། བློ་སྣ་བདུད་ཀྱི་རྒྱལ་ཁམས་བཀག་དགོས་ཟེར་བ་དེ་གང་ཡིན། འདབ་བརྒྱད་པདྨ་མཁའ་ལ་མི་གཡེང་ཟེར་བ་དེ་གང་ཡིན། གཟི་བརྗིད་ཀྱི་མེ་དྲོད་རྫོང་ལ་མི་འཕྱར་ཟེར་བ་དེ་གང་ཡིན། དུས་དྲུག་མ་ཡིན་པའི་སྒྲ་སྤང་བ་དེ་གང་ཡིན། ཡང་ཅི་ཡང་མི་གཅོད་པ་དེ་གཅོད་ཡིན་ཟེར་བ་ཨེ་བདེན། བདེན་ན་ཁམས་གསུམ་སེམས་ཅན་ཀུན་གཅོད་པ་ཨེ་ཡིན་ན། མི་བདེན་ན་ཐེག་ཆེན་བློ་འདས་
ཀྱི་དགོངས་པ་དེས་འཁོར་འདས་ཀྱི་གཞི་རྩ་མི་ཆོད་དམ། ལར་གཅོད་འདི་མདོ་སྔགས་ཕར་ཕྱིན་གང་ལ་གཏོགས་ན། ས་ཆོས་དང་གནམ་ཆོས་གཉིས་ངོས་གང་ལ་འཛིན། ཕོ་གཅོད་དང་མོ་གཅོད་གཉིས་གང་གིས་ཤན་འབྱེད། རྒྱ་ཆོས་དང་བོད་ཆོས་གཉིས་གང་ལ་གཏོགས། བཀའ་མ་དང་གཏེར་མ་གཉིས་གང་ལ་གཏོགས། བཀའ་ཡིན་ནམ་བསྟན་བཅོས་ཡིན། ཡང་གཅོད་ཀྱི་ངོ་བོ་དེ་གང་ཡིན། ངེས་ཚིག་དེ་གང་ཡིན། དབྱེ་བ་དེ་གང་ཡིན། མཇུག་པ་དེ་གང་ཡིན། མཐུན་པ་དེ་གང་ཡིན། རྩི་དུག་སྔགས་ཀྱིས་འབྱེད་ཟེར་བ་དེ་གང་ཡིན། ཕྱག་རྒྱ་ལག་པའི་ལྟོ་རྒྱབ་གསོར་བ་ནི་གང་ཡིན། གནམ་ས་གོ་ལོགས་འཆི་མེད་རྡོ་རྗེའི་འཇའ་ཁྱོག་ཟེར་བ་གང་ཡིན་ནོ། །འདི་རྣམས་མ་ཤེས་ན་མུན་ནག་ནང་གི་འཐོམ་འགྲོས་འདྲ་བས་གསུང་བར་ཞུ་ལགས། ཞེས་དྲི་བ་ལྔ་བཅུ་རྩ་ལྔའི་དྲི་བ་བཞུགས་སོ། །ན་མོ་གུ་རུ་ཡེ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེས་ན་གསལ་བྱེད་འགྲེལ་པ་གཅེས། དང་པོ། གཉན་ས་ན་འགྲོ་བའི་དུས་སུ། ལུས་རོ་ཡི་ཚུལ། སེམས་རོ་ཁུར་ཚུལ། ལྷ་འདྲེ་གཅན་སྤྱང་ཚུལ། གཉན་ས་དུར་ཁྲོད་ཀྱི་ཚུལ་
དུ་འགྲོ། ཚུལ་འདི་བཞི་ཤེས་ན་རི་ཁྲོད་གྱིས། །ཞེས་གསུངས་པས། དང་པོ་གཉན་ས་ལ་གསུམ་སྟེ། ཕྱི་ལྷ་སྲིན་སྡེ་བརྒྱད་ཀྱིས་བདག་ཏུ་བཟུང་བའི་རི་བྲག་ཆུ་ཤིང་གི་གཉན་ས་དང་གཅིག །ནང་བདག་འཛིན་གྱི་ཞེན་པས་འཆིང་བའི་འཁོར་འདས་གཉིས་ཀྱི་ཞིང་ཁམས་ཚང་བའི་ནད་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གྲོང་ཁྱེར་ནི། སྒྱུ་མ་ལུས་ཀྱི་གཉན་ས་དང་གཉིས། གསང་བ་མ་རིག་གཟུང་འཛིན་གྱི་རྩ་བ་ན་ཀུན་རྟོག་འཁྲུལ་བའི་གྲོང་ཁྱེར་འཛིན་པ་སེམས་ཀྱི་གྲོང་ཁྱེར་དང་གསུམ་ཡོད། གང་གཉན་ན་སྤྱིར་འདྲིའམ་བྱེ་བྲག་ཏུ་འདྲི། སྤྱིར་འདྲི་ན་རྣམ་པར་དག་པའི་སེམས་འདི་གཉན། ཅིའི་ཕྱིར་ན། ནང་བདག་འཛིན་བྲག་དམར་འདི། གཏིང་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཟུག་ནས། དེ་ལ་མ་རིག་གཏི་མུག་ཀླུ་གདོན་གྱིས་ཚང་བཅས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་ཆུ་ལག་ཕྱོགས་བཅུར་གྱེས། ཟུང་བཞི་ཡ་བརྒྱད་སྡུག་བསྔལ་གྱི་རྦ་རླབས་འཁྲུགས། བྲག་དེ་ལ་ང་རྒྱལ་བཙན་གྱིས་ཕོ་བྲང་བཏབ། ལོགས་ལ་ཞེ་སྡང་ཀླུ་བདུད་ཀྱིས་གྲོང་ཁྱེར་བཅས། རྩེ་མོ་ཐོག་བཅས་སྤངས་རི་སེར་པོས་བཏུམ་པ་ལ་ཀུན་རྟོག་གི་གདོན་དང་ས་བདག་འདུ་
ཚོགས་བྱེད། ཡང་རི་ལ་མ་རིག་དུག་ཤིང་གི་ཐང་ནག་གཅིག་སྐྱེས། ཐོག་དེར་ཉོན་མོངས་ཀྱི་ཡལ་ག་གྱེས། དགའ་བྲོད་ཞེན་འཛིན་གྱི་ལོ་འདབ་རྒྱས། གཅེས་འཛིན་སྙེམས་བྱེད་ཀྱི་བདུད་བྱ་ནག་འཕུར་ལྡིང་བྱེད། བྱིང་རྨུགས་ཀྱི་སྤྲིན་ནག་མཁའ་ལ་འཁྲིགས། སྙན་གྲགས་ཀྱི་འབྲུག་མོ་ཀླད་ལ་ལྡིར། འཁྲུལ་པ་གློ་བུར་གྱིས་ཡིད་རྒྱག་བྱེད། སྐྱེ་བཞི་རྒྱུད་ལྔའི་ལམ་འཕྲང་རྩ་བ་ཟུག །སྡེ་བརྒྱད་རིགས་དྲུག་གི་ཆོ་འཕྲུལ་རྒྱུན་ཆད་མེད་པ་འདི་གཉན། དེ་རྟོགས་ན་ཆོས་དབྱིངས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་རྩུབ་ཡང་འདི་རྩུབ། འཇིགས་པ་འདི་ཆེ། དེས་ན་སྤྱིར་བདག་འཛིན་གྱི་སེམས་འདི་གཉན་པས་སོ། །བྱེ་བྲག་ཏུ་འདྲི་ན། ཕྱི་ན་ཆུ་མིག་ཀླུ་གཉན་དེ་གཉན། ནང་ཕུང་པོའི་ཙིཏྟ་རིན་པོ་ཆེའི་གུར་ཁང་། རྩ་འདབ་རྣམ་པ་བརྒྱད་ཀྱི་གནས། ་ཡིད་ཤེས་སེམས་ཀྱི་རྟེན་གནས། གསང་བ་ལྷ་ལྟར་ན་ཆོས་སྐུའི་བཞུགས་གནས། གདོན་ལྟར་ན་རྒྱལ་འགོང་ཕོ་བྲང་། ནང་ལྟར་ན་སྲོག་རླུང་འཁྲུགས་པ་ཁམས་འདུས་པ་འདི་གཉན། གསང་བ་ལྟར་ན་སྤྱིར་གཉན་ས་ནི་གོང་དུ་བཤད་པ་དེ་ཡིན། དེ་རྣམས་གཅོད་པའི་གཅོད་པ་
གང་གིས་སྔ་བ་ཡིན་ཚུལ་དྲི་ན། སྐུ་གསུམ་སངས་རྒྱས་ཀྱི་ངོ་བོ་རྒྱུད་གསུམ་དཀྱིལ་འཁོར་གྱི་བདག་ཉིད། འཁྲུལ་གཞི་རྩད་ནས་གཅོད་པའི་རྒྱལ་བ་ཤཱཀྱ་ཐུབ་པ་དེ་སྔ། དར་ཚུལ་མཚན་དུ་བཏགས་པའི་གཅོད་པ་གང་གིས་སྔ་ན་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ལུང་ཨེ་འདབས་ཀྱི་བུ་མོ། བདུད་བཞི་རྩད་གཅོད་མ་གཅིག་ལབ་ཀྱི་སྒྲོན་མ་དེ་སྔ། ཡུལ་གསུམ་ནི། ཕྱི་ས་ཆུ་རི་བྲག་དང་ལྷ་འདྲེ་དགྲ་བགེགས་ལ་གཅོད་པའི་ཡུལ། ནང་སྒྱུ་ལུས་ཕུང་པོ་འདི་གཅེས་འཛིན་ནད་གདོན་ལ་གཅོད་པའི་ཡུལ། གསང་བ་སེམས་ཉིད་འདི་གཟུང་འཛིན་གྱི་རྣམ་རྟོག་ལ་གཅོད་པའི་ཡུལ་ལོ། །མི་འཇིགས་པའི་གདེང་གསུམ་ནི། ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །སྙེམས་ཐོགས་མེད་པ་སྤྱོད་པའི་གདེང་། །རེ་དོགས་མེད་པ་འབྲས་བུའི་གདེང་གསུམ་མོ། །དགོས་པའི་རྣོ་སོ་གསུམ་ནི། རང་བྱུང་གི་ཡེ་ཤེས་ངར་དང་ལྡན་པ་དེ་དགོས་པའི་རྣོ་སོ། །གང་ཤར་གྱི་སྣང་བ་ཐད་ཀར་གཅོད་པ་དེ་ཉམས་ལེན་གྱི་རྣོ་སོ། གང་འདུལ་གྱི་དམིགས་པ་མདའ་མཚོན་ལྟར་གསོར་བ་དེ་ཐབས་ཀྱི་རྣོ་སོ་གསུམ་
མོ། །དེ་ལས་དཔག་པའི་བྱེད་ལས་སྒོ་གསུམ་ནི། བདག་མེད་རོ་ལྟར་སྐྱུར་བ་དེ་ལུས་ཀྱི་བྱེད་ལས། འཛིན་མེད་བྲག་ཆ་ལྟར་ཤེས་པ་དེ་ངག་གི་བྱེད་ལས། གཡོ་མེད་ནམ་མཁའ་ལྟར་དག་པ་སེམས་ཀྱི་བཞག་ཐབས་སོ། །རྒྱུན་དུ་དགོས་པའི་གསང་བསྙེན་ནི་ལྕེ་ཡ་རྐན་ལ་སྦྱར་ཏེ་ཡི་གེ་ཕཊ་ཅེས་བརྗོད་པའོ། །དགོས་པ་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལ་དགོས་པ། དགོངས་པ་ནི་རྫོགས་པའི་སངས་རྒྱས་ཐོབ་པ་ལ་དགོངས་སོ། །འཕེན་སྐྱུར་གཉིས་ནི། རིག་པ་གཏད་མེད་དུ་འཕེན་ཞིང་སྒྱུ་ལུས་ཞེན་མེད་དུ་སྐྱུར་ཟེར་བ་ཡིན་ནོ། །གཅོད་མཁན་དང་གཅོད་ཡུལ་གཉིས་ལ་གང་གིས་སྔ་ན། ཡུལ་ཤེས་དབྱེར་མེད་མཉམ་པ་ཉིད་དུ་གནས་པས་སྔ་ཕྱི་མེད་པར་གསུངས། རྒྱལ་བའི་ལུང་ནས་ཀྱང་མཉམ་པོར་གནས་པའི་བདུད་གསུངས་པས་ཤེས་སོ། །མི་གཅོད་པ་གསུམ་ནི། བཀྲ་མཚུན་གྱི་རྒན་སྲི་མི་གཅོད། ཡོན་ཏན་ཅན་གྱི་དུར་སྲི་མི་གཅོད། གློ་བུར་དམག་དཔོན་ཆེན་པོའི་དགྲ་སྲི་མི་གཅོད་དོ། །ཡང་ཁ་ལ་ཉན་པའི་བྲན་གཅིག་རྒྱུན་དུ་དགོས་ཟེར་བ་ནི། བླ་བཟུང་བྲན་འཚོལ་བའི་དམིགས་
པ་སྔོན་དུ་གཏོང་བ་ལ་ཟེར་བ་ཡིན་ནོ། །སྟོབས་ལྡན་གླང་ཆེན་ཆིབས་སུ་བཅིབས་དགོས་ཟེར་བ་ནི། །ཟིལ་གནོན་གྱི་དམིགས་པ་ལ་ཟེར་བ་ཡིན་གློག་ལྕམ་འཕར་མའི་ཞགས་པ་གཅིག་ལག་ཏུ་བཟུང་དགོས་ཟེར་བ་ནི། ཐེར་གྱི་དམིགས་པ་ལ་ཟེར་བ་ཡིན་ནོ། ཉེའུ་ཆུང་འཕར་མ་ཐུར་མའི་ཁ་ནས་ལེན་དགོས་ཟེར་བ་ནི། ལན་མི་འདུག །རྒྱ་མཚོར་ཉལ་བའི་ཆུ་སྲིན་རྒྱལ་བའི་སྣ་ཁུང་དུ་བསྐལ་པའི་རླུང་གཏོང་དགོས་ཟེར་བ་ནི། མ་བསླང་བ་སློང་བར་བྱེད་པའི་དམིགས་པ་ལ་ཟེར་བ་ཡིན་ནོ། །སྒོ་སྲུང་ཁྲོ་བོའི་གིང་གང་གིས་ཚུལ་འཛིན་པ་ནི། ཕྱི་རུ་དྲག་དམིགས་ཅི་བྱས་ཀྱང་ནང་དུ་ཞེ་སྡང་མེད་པ་ལ་ཟེར་བ་ཡིན་ནོ། །གླང་ཆེན་སྨྱོན་པ་ལ་གཡུལ་ཐའི་གར་ཆང་བླུད་པ་ནི། སྨྱོ་འདུལ་དམིགས་པ་ལ་ཟེར་བ་ཡིན་ནོ། །གནས་བརྟན་རྒད་པོ་གཞིའི་གཉེར་ལ་བསྐོ་དགོས་ཟེར་བ་ནི། མི་རྡོག་རྗེས་སྲུང་དམིགས་པ་ལ་ཟེར་སྤྲུལ་བ་ཡིན་ནོ། །གནམ་ལྕགས་ཀྱི་མཚོན་ཆ་ལ་སེང་གེ་དཀར་མོའི་འོ་མས་ངར་བླུད་པ་ནི། དམིགས་པ་ལ་སྟོང་ཉིད་ཀྱིས་རྒྱས་འདེབས་པ་ལ་ཟེར་བ་ཡིན་ནོ།
ཆེའི་སྦུར་ལེན་རྡུལ་ནང་དུ་བཞག་ཟེར་བ་ནི། ལྷ་འདྲེའི་གཟི་བརྗིད་ཕྲལ་བ་ལ་ཟེར་བ་ཡིན་ནོ། །མདའ་ལན་ལ་སྒྲོགས་ཆོས་ཟེར་བ་ནི། ཐོག་གི་དམིགས་པ་ལ་ཟེར་བ་ཡིན་ནོ། །མཐོ་བརྟན་བྲག་ལ་རྫོང་རྩིག་ཟེར་བ་ནི། ཤཱཀྱ་ཐུབ་པའི་བཙན་རྫོང་ལ་ཟེར་བ་ཡིན་ནོ། །ཁེབས་ཀྱི་ཞྭ་མོ་ཆེ་དབུ་ལ་གསོལ་དགོས་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཟེར་བ་ཡིན་ནོ། །གསེར་གྱི་ས་གཞི་ལ་གནམ་གྱི་ཆར་པས་བྲན་དགོས་ཟེར་བ་ནི། སྨོན་འཇུག་གཉིས་ཀྱི་སྒོ་ནས་སེམས་བསྐྱེད་པ་ལ་ཟེར་བ་ཡིན་ནོ། །ནམ་མཁའི་དབྱིངས་ལ་གནས་ཆོས་ཟེར་བ་ནི། དམིགས་མེད་ཆོས་སྐུའི་ངང་ལ་གནས་པ་ལ་ཟེར་བ་ཡིན་ནོ། །སྒེག་མོ་ལག་པའི་གར་སྟབས་ཟེར་བ་ནི། །ཁ་བསྒྱུར་གྱི་དམིགས་པ་སྣ་ཚོགས་པར་མཁས་པ་ལ་ཟེར་བ་ཡིན་ནོ། །ཡང་སེམས་ཅན་གྱི་དུས་སུ་གཅོད་རྒྱུ་གཅིག་ཡོད་པ་ནི། ཐོགས་བཅས་ཀྱི་བདུད་དོ། །དེའི་དུས་སུ་མི་གཅོད་པ་ལྔ་ནི། མེ་དང་ཆུ་དང་གཡང་ས་དང་མཚོན་དང་དུག་དང་ལྔའོ། །ལམ་ས་ཐོབ་ཀྱི་དུས་སུ་གཅོད་རྒྱུའི་བདུད་ནི། གོང་གི་ལྔ་པོ་ལ་སོགས་པ་ཐོགས་
བཅས་ཀྱི་བདུད་རྣམས་སོ། །འབྲས་བུས་སངས་རྒྱས་དུས་ཀྱི་གཅོད་རྒྱུ་བདུད་ནི། དགའ་སྙེམས་དགྲ་ལ་སོགས་པ་རྣམས་སོ། །དེ་ནི་མ་བཅད་ཀྱང་རང་ཆོད་དུ་འགྲོ་བའོ། །ཐབ་ཁུང་གི་མེ་མདག་གསོད་དགོས་པ་ནི། བདག་འཛིན་དང་སྙེམས་རྟོག་ཁུ་འཕྲིག་མེད་པ་དེའོ། །གླང་པོ་ཆེ་གེགས་སུ་མི་བཅུག་པ་ནི། ལོ་གཅིག་ལ་གཉན་ས་གཅིག་ཏུ་ཐེངས་གཉིས་སུ་མི་བསྡོད་འགྲོའོ། །སྔ་རྟིང་ཕྱི་མས་མི་གནོན་པ་ནི། ས་གཅིག་ཐོག་ཏུ་གཉིས་མི་བསྡད་དོ། །ཤ་རུས་སྐྱེད་པུ་མི་བཙུགས་པ་ནི། ཨ་དཀར་དང་རྡོ་གཏན་ཟུག་ལ་ཐབ་ཁ་མི་བཅའ་འོ། །བློ་སྣ་བདུད་ཀྱི་རྒྱལ་ཁམས་བཀག་པ་ནི། བྲག་ཟུར་དང་གཡང་སའི་རྩེ་ལ་གནས་མལ་མི་བཅའ་འོ། །འདབ་བརྒྱད་པདྨ་མཁའ་ལ་མི་གཡེང་བ་ནི། མལ་གདན་མི་སྤྲུགས་སོ། །གཟི་བརྗིད་ཀྱི་མེ་དྲོད་རྫོང་ལ་མི་ཕྱར་བ་ནི། ཉལ་ས་གྲང་མི་བཅུག་ས་དྲུག་མ་ཡིན་པར་སྒྲ་སྤང་བ་ནི། དུས་དྲུག་མ་ཡིན་པར་ཕཊཿསྒྲ་མི་བྱེད་དོ། །ཡང་ཅི་ཡང་མི་གཅོད་པ་དེ་གཅོད་པ་ཡིན་ཟེར་བ་ཨེ་བདེན། བདེན་ན་
སེམས་ཅན་ཀུན་གཅོད་པ་ཨེ་ཡིན་ན། མི་བདེན་ན་ཐེག་ཆེན་བློ་འདས་ཀྱི་དགོངས་པ་དེས་འཁོར་འདས་ཀྱི་གཞི་རྩ་གཅོད་དགོས་སོ། །གཅོད་འདི་མདོ་སྔགས་ཕར་ཕྱིན་གང་ལ་གཏོགས་ན། ཐབས་གསང་སྔགས་དང་འབྲེལ་ཞིང་། ཤེས་རབ་ཕར་ཕྱིན་གྱིས་རྒྱས་གདབ་པས། དེ་གཉིས་ཀ་ཚང་བ་ཡིན་པས་ཟུང་འབྲེལ་དུ་གཏོགས་སོ། །ས་ཆོས་དང་གནམ་ཆོས་གཉིས་གང་ལ་གཏོགས་ན། འདི་རྒྱལ་བའི་བཀའ་དོན་ཐོག་ཏུ་ཕབ་སྟེ་གསུངས་པས་གནམ་ཆོས་ལགས། གསང་སྤྱོད་རྙིང་མ་ལ་སོགས་གཏེར་དུ་སོང་བ་ཕལ་ཆེར་ས་ཆོས་ལགས་སོ། །ཕོ་གཅོད་དང་མོ་གཅོད་གཉིས་ཤན་གང་གིས་ཕྱེ་ན། ཡབ་བརྒྱུད་ཐམས་ཅད་ཕོ་གཅོད་ལགས། ཡུམ་བརྒྱུད་ཐམས་ཅད་མོ་གཅོད་ཡིན་ནོ། །རྒྱ་ཆོས་དང་བོད་ཆོས་གཉིས་པོ་གང་ལ་གཏོགས་ན། རྒྱ་ཆོས་བོད་ལ་དར་བ་ཐམས་ཅད་དེ། བོད་ཆོས་རྒྱ་ལ་གྲགས་པ་ཁོ་མོ་ཙམ་གསུངས་སོ། །བཀའ་མ་དང་གཏེར་མ་གཉིས་གང་ལ་གཏོགས་ན། རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་ནས་གསུངས་པ་ནི། བཀའ་ཐོག་ནས་གྲོལ་བས་བཀའ་མ་ཡིན་ལགས། ས་འོག་གི་གཏེར་མིན་ཀྱང་།
མ་གཅིག་གི་ཐུགས་ཀློང་ནས་གཏེར་རང་རྡོལ་དུ་བྱུང་བ་ལ་གཏེར་མ་རུ་འདུས་སོ། །དེ་ནས་བཀའ་དང་བསྟན་བཅོས་གཉིས་ཀ་རུ་གཏོགས་སོ། །ཡུམ་ཆེན་མོའི་ཐུགས་སྤྲུལ་ཡིན་པས་བཀའ་མ་ཡང་ཡིན་ལ། དུས་ཕྱིས་བསྟན་བཅོས་ཀྱི་ཐོག་ནས་གསུངས་པས། བསྟན་བཅོས་ཀྱང་ཡིན་པས་གཉིས་ཀར་གཏོགས་སོ། །གཅོད་ཀྱི་ངོ་བོ་དེ་གང་ཡིན་ན། སྣང་སྲིད་འཁོར་འདས་ཀྱི་ལྷ་འདྲེ་བདག་གཞན་གྱི་རྣམ་པ་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དུ་ཤེས་པའོ། །ངེས་ཚིག་ནི། དེ་དག་ཐམས་ཅད་ཀྱི་གཞི་རྩ་རང་བྱུང་ཡེ་ཤེས་ངར་དང་ལྡན་པས་དེ་གཅོད་པས་ན། གཅོད་པ་ཞེས་བྱའོ། །དབྱེ་བ་ནི། ཕྱི་རི་ཁྲོད་འགྲིམས་པ་ཕྱིའི་གཅོད། ནང་ཕུང་པོ་གཟན་དུ་བསྒྱུར་ན་ནང་གི་གཅོད། ཉག་གཅིག་རྩད་ནས་གཅོད་པ་དེ་དོན་གྱི་གཅོད་པ་དང་གསུམ་མོ། །འཇུག་པའི་དཔེ་ནི། ལྗོན་ཤིང་གི་རྩ་བ་དབལ་སྟས་བཅད་པ་ལྟ་བུས་གཅོད། དུག་ལྔའི་སྡོང་པོ་ཡེ་ཤེས་ལྔ་ཡི་དབལ་སྟུས་གཅོད་པ་དང་། ང་བདག་གི་རྩ་བ་རང་རིག་ཡེ་ཤེས་ཀྱི་གཅོད་པ་སྟེ་འཇུག་པ་གསུམ་མོ། །མཐུན་པ་ནི། ཆོས་མདོ་སྔགས་གང་དང་ཡང་
མཐུན་པས་མཐུན་པའི་དཔེ་དྲུག་འབྱུང་ངོ་། །རྩི་དུག་སྔགས་ཀྱིས་འབྱེད་ཟེར་བ་ནི། ཚར་ཚད་ཆོ་འཕྲུལ་ཤན་འགྱེད་ཀྱི་དམིགས་པ་ལ་ཟེར་བ་ཡིན་ནོ། །ཕྱག་རྒྱ་ལག་པའི་ལྟོ་རྒྱབ་གསོར་བ་ནི། ཞི་དྲག་གི་དམིགས་པ་གསོར་བ་ལ་ཟེར་བ་ཡིན་ནོ། །གནམ་ས་གོ་ལོག་ན་འཆི་མེད་རྡོ་རྗེའི་འཇའ་ཆོག་ཟེར་བ་ནི། ལོག་ཆེན་མཐའ་ལ་གཏད་པ་ལ་ཟེར་བ་ཡིན་འདུག་གོ །གནད་ཀྱི་དྲི་བ་ལྔ་བཅུ་རྩ་ལྔ་པའི་འགྲེལ་པ་གསལ་བྱེད་སྒྲོན་མ་ཞེས་བྱ་བ་འདི་གེ་མོ་གཅོད་པ་རྡོར་ལུ་སོགས་གཅོད་པ་མང་པོས་བསྐུལ་བ་ལ་བརྟེན་ནས། ༧ །ཨ་རཱ་གས་སྦྱར་བའི་དགེ་བས་འབྲེལ་ཐོགས་བདུད་བཞིའི་གཡུལ་ལས་སྦྱར་ཞིང་རྒྱལ་ཡུམ་ཐུགས་ཀྱི་ཀློང་དུ་གྲོལ་བར་ཤོག །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།