Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད།


CMR054_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༼ང༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། སྡུག་བསྔལ་སྤང་ཞིང་བདེ་བ་ཐོབ་པའི་ཐབས། ལས་རྒྱུ་འབྲས་ཤེས་པར་བྱ་སྟེ། ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། ། ཞེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ཀྱང་། འཇིག་རྟེན་ལས་ཀྱིས་བྱས་པ་ལས་ཀྱིས་སྤྲུལ་པའོ། །འཇིག་རྟེན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས་ཀྱང་། འཇིག་རྟེན་


CMR054_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ལས་ལས་སྐྱེས། ཞེས་གསུངས་སོ། །ལས་དེ་ཡང་ཅི་ཞིག་ཡིན་ཞེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལས་གང་ཞེ་ན། སེམས་པའི་ལས་དང་བསམ་པའི་ལས་ཏེ། ། ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས་ཀྱང་། ལས་ནི་སེམས་དང་བསམ་པ་བྱ། །ཞེས་གསུངས་སོ། །མདོ་ལས་ཀྱང་། དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ཞེས་གསུངས་སོ། །དེ་གཉིས་རང་ཅི་ལྟ་བུ་ཞེ་ན། སེམས་པའི་ལས་


CMR054_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡིད་ཀྱི་ཡིན་ནོ། །སེམས་པས་བསྐྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ལས་ཡིན་ཏེ། ལུས་ངག་གི་ལས་སུ་རིག་པར་བྱའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། མི་དགེའི་འབྲས་བུ་སྡུག་བསྔལ་ཏེ། །དགེ་བའི་ལས་ཀྱིས་བདེ་བ་ཐོབ། །འདྲེས་ལས་བདེ་སྡུག་འདྲེས་འབྱུང་བས། །དགེ་སྡིག་ཆུང་ནས་བླང་དོར་བྱ། །ཞེས་གསུངས་སོ། །དེ་ལྟར་དགེ་སྡིག་གི་ལས་དེས་ནམ་ཡང་མི་བསླུ་སྟེ། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང་། དཀོན་བརྩེགས་ལས། ཅི་འདྲ་བ་ཡི་ལས་བྱས་པ། །རྣམ་པར་སྨིན་པའང་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་གསུངས་སོ། །འཇམ་དཔལ་རྩ་རྒྱུད་ལས། ལས་རྣམས་སྣ་ཚོགས་བདག་ཉིད་ཆེ། །རྟག་ཏུ་དཀར་ལ་དཀར་བ་འབྱུང་། །ནག་ལ་ནག་པའི་ལས་རྣམས་


CMR054_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཉིད་དུ་སོ་སོར་སྨིན། །འདྲེས་ལ་འདྲེས་པའི་ལས་རྣམས་ནི། །འདྲེས་པ་ཉིད་དུ་སོ་སོར་སྨིན། །ཞེས་གསུངས་སོ། །འཕགས་པ་དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལ་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱས་པ་དེ་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དགེ་བའི་འབྲས་བུ་མངར་བ་ཡང་། །མཁས་པ་རྣམས་ཀྱིས་ཤེས་བྱས་ལ། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དག་དགེ་ལ་སྤྱོད་བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །ཞེས་གསུངས་སོ། །ལས་རྒྱུ་འབྲས་ཞིབ་ཆ་དེ་ཙམ་མི་བདེན་སྙམ་ན་མི་དེའི་སྙིང་ལ་བདུད་ཞུགས་ཤིང་མུ་སྟེགས་ཆད་ལྟའི་རིགས། ཤི་མ་ཐག་ཏུ་མནར་མེད་དུ་འགྲོ་བའི་རྟགས་ཡིན་ཏེ། འཁོར་ལོ་བཅུ་པའི་མདོ་ལས། ལས་ཀྱི་རྒྱུ་འབྲས་མེད་པར་གང་འདོད་པ། །དེ་ནི་མུ་སྟེགས་ཆད་པར་


CMR054_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཡིན། །ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ། །དེས་ནི་རང་ཕུང་གཞན་ཡང་རླག་པར་བྱེད། །ཅེས་དང་། པདྨ་བརྩེགས་པའི་མདོ་ལས། ལ་ལས་རྣམ་སྨིན་དགེ་སྡིག་མེད་ཅེས་ཟེར། །དེ་ཡི་དམ་ཆོས་ཕྱིན་ཅི་ལོག་ཏུ་སྤྱོད། །ལ་ལས་བདག་མེད་བསྒོམ་པའི་དུས་མིན་ཟེར། །དེ་ཡི་དམ་ཆོས་ཕྱིན་ཅི་ལོག་ཏུ་སྤྱོད། །ཅེས་གསུངས་སོ། །འོ་ན་སེམས་སྟོང་པ་ནམ་མཁའ་ལྟ་བུ་འདི་ལ་དགེ་སྡིག་གི་ཕན་གནོད་མེད་དམ་སྙམ་ན། ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུའི་སེམས་ཀྱིས་ནི། །ནམ་མཁའ་ལྟ་བུའི་སྡིག་བྱས་ན། །ནམ་མཁའ་ལྟ་བུར་དམྱལ་བར་འགྲོ། །ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུའི་སེམས་ཀྱིས་ནི། །ནམ་མཁའ་ལྟ་བུའི་ཆོས་བྱས་ན། །ནམ་མཁའ་ལྟ་བུར་སངས་ཡང་རྒྱ། །ཞེས་གསུངས་སོ། །འོ་ན་ངེས་པའི་དོན་ལ་ལས་རྒྱུ་འབྲས་མེད་པར་གསུངས་པ་དེ་ཅི་ཞེ་ན། ། བྱམས་པ་ཆེན་པོའི་མདོ་ལས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་བྱ། །སྡིག་ནི་ཆུང་ངུའང་མི་བརྙས་སྤངས་ཤིང་བཤགས། །ཆུ་


CMR054_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་བསགས་པས་རྒྱ་མཚོ་ཆེན་པོ་བཞིན། །དགེ་བ་ཆུང་ཡང་མི་བརྙས་དང་དུ་བླངས། །རྡུལ་ཕྲན་བསགས་པ་རི་རབ་གླིང་ཁམས་བཞིན། །སྟོང་པ་ཉིད་ཀྱི་ཕབ་རྩིས་ཟིན་གྱུར་ན། །དུག་ལ་སྔགས་ཀྱིས་བཏབ་པ་ཇི་བཞིན་ནོ། །ཞེས་གསུངས་སོ། རང་གིས་བྱས་པའི་ལས་གཞན་ལ་མི་སྨིན། གཞན་གྱིས་བྱས་པའི་ལས་རང་ལ་མི་སྨིན། རང་གིས་བྱས་པའི་ལས་རང་ལ་སྨིན་པ་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བྲམ་ཟེ་རྣམས་ཀྱི་དགེ་སྡིག་དག །བྱིན་པ་ལེན་བཞིན་འཕྲོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་འཕྲད་མེད་གསུངས། །ཏིང་འཛིན་རྒྱལ་པོར། དེ་ཡང་བྱས་ན་རེག་པར་མི་འགྱུར་མིན། །གཞན་གྱི་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་གསུངས་སོ། །རང་གིས་བྱས་པའི་ལས་ཆུད་མི་ཟ་སྟེ། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། དགེ་དང་མི་དགེ་སྔོན་བྱས་ཆུད་མི་ཟ། །མཁས་པ་རྣམས་ལ་བརྟེན་པ་ཆུད་མི་ཟ། །འཕགས་པའི་ཚོགས་ཀྱི་ལེགས་བཤད་ཆུད་མི་ཟ། །བྱས་ལ་བྱས་བཟོ་ནམ་ཡང་ཆུད་མི་ཟ། །ཞེས་དང་། ལས་བརྒྱ་པ་ལས། ལས་ནི་ས་ལ་མི་སྨིན་རྡོ་


CMR054_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སྨིན་ཏེ། །ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ནོ། །ཞེས་གསུངས་སོ། །རང་གིས་བྱས་པའི་ལས་ལ་བྲོས་ཀྱང་ཐར་བ་མེད་དེ། །མྱ་ངན་འདས་མདོ་ལས། ནམ་མཁའི་ཁམས་དང་རྒྱ་མཚོ་དང་། །རི་དང་བྲག་ཏུ་སོང་བ་དང་། །ས་ཕྱོགས་གང་དང་གར་སོང་ཡང་། །བྱས་པའི་ལས་ལ་ཐར་མི་འགྱུར། །ཞེས་གསུངས་སོ། །ཆེད་དུ་བརྗོད་པའི་ཚོམ་ལས། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཞེས་གསུངས་སོ། །དགེ་སྡིག་གང་བྱས་རང་གི་རྗེས་སུ་འབྲང་སྟེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་རྫས་རྩ་ལག་ཚོགས་རྣམས་ཀྱང་། །འཆི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་སྙིགས་ཏེ་ཁོ་བོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གར་སྐྱེས་ཀྱང་། །ལས་


CMR054_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་སོ། །ཚོམས་ལས། མཁའ་ལ་བྱ་དག་གནས་པ་དེའི། །གྲིབ་མ་ལྷན་ཅིག་འགྲོ་བ་བཞིན། ། ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འབྲང་། །ཇི་ལྟར་ལམ་བརྒྱག་ཉུང་བ་དག །ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པ། །སེམས་ཅན་དག་ནི་ངན་འགྲོར་འགྲོ། །ཇི་ལྟར་ལམ་བརྒྱག་མང་བདོག་པ། །ལམ་ཞུགས་བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་བྱས་པ་ཡི། །སེམས་ཅན་དག་ནི་བདེ་འགྲོར་འགྲོ། །ཞེས་དང་། གཞན་གྱི་དོན་དུ་སྡིག་པ་བྱས་ཀྱང་། གཞན་གྱིས་ཁུར་རོགས་མི་བྱེད་རང་གིས་མྱོང་དགོས་ཏེ། བཤེས་སྤྲིངས་ལས། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བྱ་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་སོ། །དགེ་སྡིག་གི་ལས་ཆུང་ངུ་ལ་ཡང་བརྙས་པར་མི་བྱ་སྟེ། ཚོམས་ལས། སྡིག་པ་ཤིན་ཏུ་ཆུང་ངུ་ལའང་། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་


CMR054_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པས་ཀྱང་། །སྣོད་ཆེན་ཁད་ཀྱིས་འགེངས་པར་འགྱུར། །ཅེས་དང་། སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྟུང་བ་ཡིས། །སྣོད་ཆེན་འགེངས་པ་དེ་བཞིན་དུ། །ཅུང་ཟད་བསགས་པའི་སྡིག་པས་ཀྱང་། །བྱིས་པ་རབ་ཏུ་འགེངས་པར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་སོང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཅུང་ཟད་བསགས་པའི་དགེ་བ་ཡིས། །བརྟན་པ་རབ་ཏུ་འགེངས་པར་འགྱུར། །ཞེས་དང་། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་གྱུར་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་སོ། །རྒྱུ་དུག་གསུམ་གྱི་བསྐྱེད་པ་ནི་མི་དགེ་བ་སྟེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཏེ། །དེ་


CMR054_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །དེ་མི་བདེན་པར་འདུག །སྡིག་ཆེན་རྣམས་ཚེ་འདིར་སྐྱིད་པ་མཐོང་སྙམ་ན། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་དེས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཅིང་། །སྡིག་པའི་ལས་ཀྱི་འབྲས་བུ་དག །ཕ་རོལ་ཏུ་ནི་མངོན་པར་འགྱུར། །ཞེས་དང་། ། བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་སྤྱད་པས་འཕྲལ་དུ་ནི། །དེའི་མོད་ལ་མཚོན་བཞིན་མི་གཅོད་དེ། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །ཞེས་དང་། བཞི་བརྒྱ་པར། ཕལ་མོ་ཆེ་ཡི་མི་རྣམས་ཀྱིས། །དམ་པ་མ་ཡིན་ཕྱོགས་ཀྱང་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་དང་། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་དང་། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་


CMR054_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལས་འབྱུང་བར་འགྱུར། །སྡིག་པ་བྱས་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་པ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་གསུངས་སོ། །འོ་ན་མི་དགེ་བ་གང་བྱས་པས་གང་དུ་སྐྱེ་ཞེ་ན། མདོ་སྡེ་འཇིག་རྟེན་བཞག་པ་ལས། ། ལུས་ཀྱིས་ཉེས་པ་སྤྱད་བྱས་ཤིང་། །ངག་གིས་ཉེས་པ་སྤྱོད་རྣམས་དང་། །ཡིད་ཀྱིས་ཉེས་པ་སྤྱད་བྱས་ན། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །ཕན་ཚུན་འཁོན་ཅིང་ཞེ་གཅོད་པ། །མི་རྣམས་མི་ལ་རྩོད་པ་དག །ལོ་ནི་བྱེ་བ་ཕྲག་སྟོང་དུ། །ཡང་སོས་དུ་ནི་སྐྱེ་བར་འགྱུར། །བྱ་མིན་བྱེད་དུ་བཅུག་པ་དང་། །མི་རྣམས་མཛའ་བ་འབྱེད་པ་དག །སྨྲ་བ་རྫུན་དུ་སྨྲ་བྱེད་པ། །ཐིག་ནག་ཏུ་ནི་སྐྱེ་བར་འགྱུར། །བ་ལང་ར་ལུག་མ་ཧེ་དང་། །རི་དྭགས་ཕག་དང་བྱ་གག་དང་། །དེ་བཞིན་གཞན་གྱི་སྲོག་གཅོད་པ། །བསྡུས་འཇོམ་དུ་ནི་སྐྱེ་བར་འགྱུར། །སྲོག་གཅོད་པ་ཡི་སེམས་ཅན་རྣམས། །རྔམ་ཞིང་ཁྲག་ནི་འཐུང་བ་དང་། །ངན་པའི་ལས་ནི་ཀུན་སྤྱོད་པ། །ངུ་འབོད་ཆུང་ངུར་འགྲོ་བར་འགྱུར། །ལྟ་བའི་ཐིབ་པོས་ཁེབས་པ་དང་། །སྲིད་པའི་འཆིང་


CMR054_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཅིངས་པ་དང་། །དམ་པའི་ལས་ཀྱི་ཀུན་སྤྱོད་པ། །ངུ་འབོད་ཆེན་པོར་སྐྱེ་བར་འགྱུར། །དགེ་སློང་བྲམ་ཟེ་དགེ་བ་དང་། །དེ་བཞིན་གང་ཞིག་ཕ་མ་དང་། །གང་ཞིག་བླ་མ་གཞན་བསད་པ། །དེ་ནི་རབ་ཏུ་ཚ་བར་བསྲེག །གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྨྲ། །མེད་པར་ལྟ་བས་མནར་མེད་ལྟུང་། །ཡང་དེ་ཉིད་ལས། ཆགས་དང་གཏི་མུག་འཇིགས་རུང་ཁྲོས། །མི་དང་མི་ནི་གསོད་པ་དག །གཞན་ཡང་སྐྱེ་གནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །ལྷ་དང་དྲང་སྲོང་བྲམ་ཟེ་ཡི། །རྫས་འཕྲོག་དཀའ་ཐུབ་ཅན་གསོད་བྱེད། །བ་ལང་མ་ཧེ་ར་ལུག་དང་། །རི་དྭགས་ཕག་དང་བྱ་རྒོད་དང་། ། དེ་བཞིན་གཞན་གྱི་སྲོག་གཅོད་པ། །བསྡུས་འཇོམ་དུ་ནི་སྐྱེ་བར་འགྱུར། །གང་དག་ཕ་མ་སངས་རྒྱས་དང་། །ཉན་ཐོས་རྣམས་ལ་སྡང་བ་དང་། །བྱ་མིན་བྱེད་དུ་བཅུག་པ་དང་། །མི་རྣམས་མཛའ་བ་འབྱེད་པ་དང་། །ཕྲ་མ་སྨྲ་དང་རྒྱུ་བྱེད་པ། །ཐིག་ནག་ཏུ་ནི་སྐྱེ་བར་འགྱུར། །ཞེས་དང་། དཀའ་ཐུབ་སྡོམ་པ་འཇིག་བྱེད་ཅིང་། །སེམས་ཅན་


CMR054_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་དང་རྫས་དག་ལ། །ལྷད་འཇུག་སྡོམ་ལྡན་ཆང་སྦྱིན་བྱེད། །ངུ་འབོད་དག་ཏུ་སྐྱེ་བར་འགྱུར། །ལྷ་དང་དྲང་སྲོང་བྲམ་ཟེ་ཡི། །རྫས་འཕྲོག་དཀའ་ཐུབ་ཅན་གསོད་བྱེད། །རྫུན་སྨྲ་སྐུར་འདེབས་རྒྱུ་བྱེད་པ། །དེ་ནི་ངུ་འབོད་ཆེན་པོར་འགྲོ། །གཙུག་ལག་ཁང་ངམ་དགེ་འདུན་གྱི། །དབེན་གནས་སྲེག་དང་ནགས་མེ་གཏོང་། །མི་གང་ཚ་བ་ཞེས་བྱ་བའི། །དམྱལ་བ་དེར་ནི་སྐྱེ་བར་འགྱུར། །དམ་པའི་ཆོས་ལ་སྐུར་འདེབས་ཤིང་། །རབ་ཏུ་བྱུང་བ་གསོད་པ་དང་། །མེད་པར་ལྟ་བ་གང་ཡིན་པ། །དེ་ནི་རབ་ཏུ་ཚ་བར་སྲེག །གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྨད། །མེད་པར་ལྟ་བས་མནར་མེད་ལྟུང་། །གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་སྲེག །གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ། །དེ་ནི་རོ་མྱག་འདམ་རྫབ་ཏུ། །ནུབ་འགྱུར་སྲིན་བུ་རྣམས་ཀྱིས་ཟ། །གང་དག་ཆོས་ཀྱི་རིགས་འཇིག་ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དེ་དག་ནི་སྤུ་གྲིའི་


CMR054_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཏམ་པའི་ལམ་དུ་འགྲོ་བར་འགྱུར། །བག་ཕབ་པ་ལ་གནོད་བྱེད་པ། །ནགས་ཚལ་རལ་གྲིའི་འདབ་ཅན་དུ། །གཏུབ་བྱེད་ངུ་ཞིང་བྱ་རྒོད་དང་། །བྱ་རོག་འུག་པས་ཟ་བར་འགྱུར། །འདོད་ཆགས་སྲེད་པས་ཤལ་མ་རི། །ལྕགས་ཀྱི་ཚེར་མ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ཡར་ལ་འཛེག་ཅིང་མར་ལ་དྲུད། །ཆུ་སྐྱེས་ཉ་ལ་སོགས་བསད་ན། །ཆུ་བོ་རབ་མེད་འབར་བ་ཡི། །འཇིགས་སུ་རུང་བའི་གནས་འགྲོ་ཞིང་། །མི་དེ་དེར་ནི་མནར་བར་འགྱུར། །བླ་མ་དགེ་འདུན་སྐུ་གསུང་ཐུགས་རྟེན་གྱི། །ན་བཟའ་བཤུས་དང་ཤིག་ནི་ལྷག་བོར་སོགས། །སེམས་ཅན་གྲང་བས་ཉེན་ནས་གང་བསད་པའི། །མི་དེ་ངེས་པར་གྲང་དམྱལ་བརྒྱད་དུ་སྐྱེ། །ཞེས་དང་། །རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་མི་ཉུང་འགྱུར། །ལྕེ་གཅིག་ཉིད་ལ་ཐོང་གཤོལ་ནི། །ལྔ་བརྒྱ་ཚང་སྟེ་མི་ཉུང་བར། །རབ་ཏུ་འབར་བས་རྨོ་བར་བྱེད། །སྐུར་འདེབས་སྡིག་པའི་


CMR054_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་སོ། །ཞེས་གསུངས་སོ། །དགེ་བའི་ལས་ནི། རིན་ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལ་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །འཕགས་པ་རྒྱལ་བའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དག་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ཤེས་རབ་འདོད་པས་ཆོས་ཉན་པ་ལ་བརྩོན་པར་བྱའོ། །ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱའོ། །གཟུགས་བཟང་བར་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །བདེ་བ་འདོད་པས་སྡིག་པ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །སེམས་ཅན་ལ་བདེ་བ་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པར་མང་དུ་བསྒོམ་པར་བྱའོ། །ལྷག་མཐོང་འདོད་པས་ཆོས་ལ་སོ་སོར་རྟོག་པ་


CMR054_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ་པར་བྱའོ། །ལྷ་མིའི་ཕུན་སུམ་ཚོགས་པར་འདོད་པས་དགེ་བ་བཅུའི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་ཐོས་བསམ་ལ་མངོན་པར་བརྩོན་པར་བྱའོ། །ཡོན་ཏན་ཐམས་ཅད་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་གསུངས་སོ། །དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུན་ཚོགས་དཔག་མེད་ཐོབ། །ཅེས་གསུངས་སོ། །དགོངས་པ་འདུས་པ་ལས། ཆོས་རྣམས་མི་ཤེས་མ་རྟོགས་པས། །དམ་པ་མཆོག་གི་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་ལས་གྲོལ་འགྱུར། །ཞེས་དང་། སྐྱེས་རབས་ལས། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པ་སྦྱིན། །ནོར་རྣམས་དེ་ལྟར་སྟེར་བཅུག་པས། །རྗེས་སུ་འབྲང་ཞིང་འཕྲོག་།


CMR054_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད། །ཅེས་དང་། འཆི་མེད་རྔ་སྒྲའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། བཤེས་སྤྲིངས་ལས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སྦྱོང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་སོ། །སླར་ཡང་གོ་བདེ་བར་བཤད་ན། །སྲོག་བཅད་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་གལ་ཏེ་མིར་སྐྱེས་ནའང་ཚེ་ཐུང་ཞིང་ནད་མང་། དབང་གི་འབྲས་བུ་ཡུལ་བཀྲ་མི་ཤིས་སར་སྐྱེ། མ་བྱིན་པ་བླངས་པའི་རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མིར་སྐྱེས་ཀྱང་དབུལ་པོར་འགྱུར། དབང་གི་འབྲས་བུ་ཡུལ་སད་སེར་མང་སར་སྐྱེ། འདོད་ལོག་སྤྱད་པའི་རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་དགྲ་སྡང་བའི་ཆུང་མར་སྐྱེ། དབང་གི་འབྲས་བུ་ཡུལ་ཚད་རོང་དུ་


CMR054_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་སྤུ་མེད་པའི་རིགས་སུ་སྐྱེ། རྫུན་སྨྲ་བའི་རྣམ་སྨིན་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མིར་སྐྱེས་ནའང་མི་ཁ་སྡང་། དབང་གི་འབྲས་བུ་དྲི་མི་ཞིམ་སར་སྐྱེ། ཕྲ་མའི་རྣམ་པར་སྨིན་པའི་འབྲས་བུ་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མཛའ་བོ་དང་བྲལ། དབང་གི་འབྲས་བུ་ཡུལ་མཐོ་དམན་ཆེ་སར་སྐྱེ། ཚིག་རྩུབ་ཀྱི་རྣམ་སྨིན་གྱི་འབྲས་བུ་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མི་ཁ་སྡང་། དབང་གི་འབྲས་བུ་ཡུལ་ཆུ་དཀོན་ཚྭ་སྒོ་ཅན་སྡིག་ཤས་ཅན་དུ་སྐྱེ། ངག་འཁྱལ་གྱི་རྣམ་པར་སྨིན་པ་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཚིག་མི་བཙུན་པར་འགྱུར། དབང་གི་འབྲས་བུ་དབྱར་དགུན་གོ་ལོག་སར་སྐྱེ། བརྣབ་སེམས་ཀྱི་རྣམ་སྨིན་གྱིས་ཡི་དྭགས་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཆགས་པ་ཤས་ཆེ་བར་འགྱུར། དབང་གི་འབྲས་བུ་ཡུལ་འབྲུ་ངན་སར་སྐྱེ། གནོད་སེམས་ཀྱི་རྣམ་སྨིན་གྱིས་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཞེ་སྡང་ཤས་ཆེ་བར་འགྱུར། དབང་གི་འབྲས་བུ་ཟས་ཁ་ཞིང་རྩུབ་པའི་སར་སྐྱེ། ལོག་ལྟའི་རྣམ་པར་སྨིན་པས་དུད་འགྲོར་སྐྱེ། རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་གཏི་མུག་ཤས་ཆེ། དབང་གི་


CMR054_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡོ་བྱད་ཡེ་མེད་སར་སྐྱེ། དེ་ཡང་མི་དགེ་བ་དེ་དག་ཞེ་སྡང་གི་སྒོ་ནས་སྤྱད་ན་དམྱལ་བ། འདོད་ཆགས་ཀྱི་སྒོ་ནས་སྤྱད་ན་ཡི་དྭགས། གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོ། ཆེན་པོར་སྤྱོད་པས་དམྱལ་བ། འབྲིང་སྤྱད་པས་ཡི་དྭགས། ཆུང་ངུར་སྤྱད་པས་དུད་འགྲོ། ཡུལ་མཐོན་པོ་ལ་སྤྱད་ན་དམྱལ་བ། འབྲིང་ལ་ཡི་དྭགས། ཐ་མོ་ལ་སྤྱོད་ན་དུད་འགྲོར་སྐྱེ་སྟེ། རིན་ཆེན་ཕྲེང་བ་ལས། ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྱུར། །ཆགས་དང་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་དང་། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་སྐྱེས་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་དགེ་བ་དུག །ཅེས་གསུངས་པས། མི་དགེ་བཅུ་སྤངས་པ་ནི། ། དགེ་བ་བཅུ་ཡིན་ཏེ། ཕན་ཡོན་ནི་གོང་གི་སྐྱོན་དེ་དག་ལས་ལྡོག་པའོ། །མི་གཡོ་བའི་ལས་རྒྱུ་འབྲས་ནི། ཞི་གནས་ཀྱི་བསམ་གཏན་བསྒོམས་པས་ཞི་གནས་ཆེ་ཆུང་གི་


CMR054_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་ཀྱིས། གཟུགས་ཁམས་ཀྱི་གནས་རིས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་སྟེ། རིན་ཆེན་ཕྲེང་བ་ལས། བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་འགྱུར། །ཞེས་གསུངས་སོ། །ཤེས་རབ་ཅན་རྣམས་ལ་དེ་ཙམ་གྱིས་ཆོག་གི །གོ་ཤེས་ཆུང་ཞིང་དམིགས་པ་ཟིན་པའི་རིགས་ལ། མདུན་འདིར་རིན་པོ་ཆེའི་མཎྜལ་ཞིག་ཡོད་པར་བསྒོམ། དེ་ལ་བལྟས་པས་དམྱལ་བའི་ཡུལ་ཐམས་ཅད་གསལ་པོར་མཐོང་། དེ་ན་ཁྲི་ཆེན་པོའི་སྟེང་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། འཁོར་ལས་མཁན་དཔག་ཏུ་མེད་པས་བསྐོར་ནས་ཡོད་པ་ལ། སྡིག་ཆེན་དམྱལ་བ་འབུམ་ཞེས་བྱ་བ་ཞིག་ལས་མཁན་རྣམས་ཀྱིས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་ཏི་རི་རི་ཁྲིད་ནས་བྱུང་། ཁོའི་གཡས་གཡོན་གཉིས་ནས་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་ཡིན་ཟེར་བའི་མི་དཀར་ནག་གཉིས་འདུག །དགེ་བ་དང་སྡིག་པ་གང་བྱས་རྡེའུ་དཀར་ནག་བསོགས་ནས་འདུག་པས། ལས་མཁན་གྱིས་རྒྱ་མ་ལ་བཀྱག་པས་ནག་པོ་མཐོ། ཡིག་ཆུང་ལ་བལྟས་པས་དགེ་སྡིག་གང་བྱས་ལོ་རྒྱུས་དང་བཅས་པ་འདུག །ཁོས་སྡིག་དེ་ཙམ་མ་


CMR054_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཟེར་ཡང་། ། ལས་ཀྱི་མེ་ལོང་ལ་བལྟས་པས་གསལ་བར་འདུག་པས་རྫུན་གྱིས་མ་ཕན། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདི་དམྱལ་ཟངས་ཀྱི་ནང་དུ་ཆུགས་ལ་ལོ་བྱེ་བ་ཕྲག་བརྒྱར་ཐར་དུ་མ་འཇུག་གསུངས་ནས་ཁྲམ་ཤིང་ལ་ཡི་གེ་ཞིག་བྲིས་ནས་སོང་། ལས་མཁན་རྣམས་ཀྱིས་ཁོའི་སྐེ་ནས་ཞགས་པས་ཁྲིད། རྒྱབ་ནས་ཐོ་བས་རྡུང་ཞིང་ལམ་ནག་པོ་གཅིག་ལ་ཐུར་དུ་ཁྲིད་ནས་སོང་། ཡང་ཁྱིམ་བདག་དཔལ་སྐྱེས་བྱ་བ་གཅིག་ཁྲིད་ནས་བྱུང་། སྔོན་ལྟར་ལྷ་འདྲེ་གཉིས་ཀྱིས་རྡེའུ་དཀར་ནག་བཤར་བས་དཀར་པོ་མང་། ཡིག་ཆུང་ལ་བལྟས་པས་དགེ་བ་བྱས་པ་གསལ་དོ། ལྷན་ཅིག་སྐྱེས་པའི་འདྲེས་འདིས་སྡིག་པ་མང་པོ་བྱས་ཟེར་ཡང་། ལས་ཀྱི་མེ་ལོང་ལ་བལྟས་པས་གསལ་དོ་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདི་དགེ་བ་མང་བར་འདུག་པས། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱོལ་གསུངས་ནས། ཁྲམ་ཤིང་ལ་རི་མོ་དཀར་པོ་ཞིག་བྲིས་སོང་བས། ལས་མཁན་རྣམས་ཀྱིས་ལམ་དཀར་པོ་དགུང་ལ་ཐུག་པ་ཞིག་ཏུ་བསྐྱལ་ཏེ་དཔའ་བོ་མཁའ་འགྲོ་མང་པོས་སྤོས་དུད་རོལ་མོའི་སྒྲོ་དང་བཅས་ཏེ་བསུས་སོང་། དེ་བཞིན་དུ་དགེ་སྡིག་གི་བཤལ་རལ་རྒྱུན་དུ་བྱེད་


CMR054_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ་མངོན་སུམ་དུ་གསལ་བར་མཐོང་བར་བསྒོམ། ག་རེ་འདི་ན་ནམ་ཞིག་ང་ཡང་འགྲོ་དགོས་པས་སྡིག་པ་བྱས་ཚར་བ་དེ་སྐྱུར་ས་དང་སྐུང་ས་མི་འདུག །རྫུན་ལབ་ཀྱང་མེ་ལོང་དང་ཡི་གེར་གསལ་དོ། དགེ་བ་ཉོ་སྐྱི་ཚོལ་ཁུངས་ནི་མི་འདུག །ད་ལྟ་རང་དབང་ཆེ་དུས་ཆོས་ཀྱི་རྒྱལ་པོའི་མདུན་དུ་ངོ་མ་གནོང་བ་ཞིག་དགོས་དོ་བསམ་པ་གྱིས་ལ་དམིགས་པ་དེ་ཡང་ཡང་བསྒོམ། དེ་ནི་སྲིད་པ་བར་དོའི་ངོ་སྤྲོད་དང་། ཤ་བ་རི་པའི་རྣམ་ཐར་གྱི་དོན་ཡིན། ཡང་བཤད་པའི་དོན་གོ་དཀའ་དམིགས་པ་མི་ཟིན་ན། ལས་རྒྱུ་འབྲས་མིག་གིས་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས། མིའི་ལུས་ཐོབ་པ་འདྲ་འདྲ་ལ། ཚེ་རིང་ཐུང་མི་འདྲ། ནད་དཀོན་མོད་མི་འདྲ། ཕྱུག་དབུལ་མི་འདྲ། ཕ་མ་གཅིག་པའི་སྤུན་ལ་ཡང་ཚེ་རིང་ཐུང་དང་སྐྱིད་སྡུག་མི་འདྲ་བ་འདི་རྣམས། ཕོ་རྒོད་ཞན་མ་ཡིན་སྔོན་གྱི་དགེ་སྡིག་གང་བྱས་ལས་ཀྱི་ཁྱད་པར་ཡིན། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ཞེས་གསུངས་སོ། །ཐ་ན་འབྲས་དང་། ནས་དང་། གྲོ་ལ་སོགས་པ་ས་བོན་གང་བཏབ་སོ་སོར་སྨིན་པ་ལ་ལྟོས། དེ་དག་ནི་ངན་སྤྱད་དང་ཐོས་གཏམ་མ་ཡིན་ཏེ། མདོ་སྡེ་


CMR054_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒྱ་པ་ལས། རྒྱ་ཆེར་གསུངས་པ་གོ་བདེ་བར་བཀྲོལ་བ་ཡིན། དེ་ལྟར་དགེ་སྡིག་གང་ཡང་དང་པོ་དེ་ལྟར་བྱེད་བསམ་པ་དངོས་གཞི་དེ་ལྟར་བསྒྲུབ་པ། རྗེས་ནས་འགྱོད་པ་མེད་ཅིང་སེམས་དགའ་བ་དེ་ནི་སྟོབས་དང་ནུས་པ་ཆེ། གཅིག་མ་ཚང་ན་འབྲིང་། གཉིས་མ་ཚང་ན་ཆུང་ངུ་། དེ་ཡང་བསམ་པ་གཙོ་ཆེ་སྟེ། དགེ་སློང་རང་ཉིད་ཕ་རྒན་པོ། །མྱུར་འདེང་ཞེས་ནི་བསྐུལ་གྱུར་ན། །བསྐུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །ཞེས་དང་། ཨཱརྱ་དེ་བའི་སེམས་ཀྱི་སྒྲིབ་སྦྱོང་ལས། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་བཞིན་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལ་དེ་སྐད་བཤད་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་སོ། །འོ་ན་ཡུལ་མཐོན་པོ་རྣམས་རྒྱུ་འབྲས་ལ་མི་འཛེམ་པར་འདུག་པས་སྐྱོན་མེད་དམ་སྙམ་ན། ས་ཐོབ་འཇིགས་པ་ལྔ་དང་བྲལ་ཞེས་གསུངས་པས། ས་དང་པོ་ཐོབ་པ་ཡན་ཆད་རྒྱུ་འབྲས་ལ་མི་འཛེམ་པ་ལྟར་སྣང་


CMR054_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངན་སོང་དུ་ལྟུང་མི་ནུས་པར་གསུངས་སོ། །ཁྱད་པར་དུ་རྩ་རླུང་ལ་རང་དབང་ཐོབ་པའི་རྟོགས་པ་མཆོག་ཐོབ་པ་རྣམས་ཀྱིས། ཇི་ལྟར་མཛད་ཀྱང་བྱང་ཆུབ་ཀྱི་གྲོགས་སུ་འགྲོ་སྟེ། དུག་ལྔ་ལམ་དུ་ཁྱེར་ཐུབ་པའི་ཕྱིར་རོ། །སྦྱོང་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཤིང་ཀུན་སྤྱད་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །ས་ཐོབ་པ་དང་གྲུབ་པ་ཐོབ་པ་རྣམས་ལ་ཡང་། རྣམ་སྨིན་གྱིས་ངན་སོང་དུ་ལྟུང་བ་ནི་མེད་ཀྱང་། སྲོག་གི་ལན་ཆགས་དང་རྒྱུ་མཐུན་གྱི་འབྲས་བུ་མྱོང་བའི་ཚུལ་སྟོན་དགོས་ཏེ། ཤཱཀྱ་ཐུབ་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པས་འདས་རྐྱེན་བྱས་པ་དང་། རྩྭ་ཉག་མ་གཅིག་གིས་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་བསུས་པའི་ལོ་རྒྱུས་ལྟ་བུའོ། །ཨེ་མ་ཧོ། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཝཱ་རཱ་ཎ་སཱིའི་གནས་མཆོག་ཏུ། །བདེན་བཞིའི་ཆོས་འཁོར་བསྐོར་བའི་དོན། །རྒྱུ་འབྲས་འདི་ཉིད་ཁོ་ན་ཡིན། །འདི་ལ་མི་བདེན་སུས་ཟེར་བ། །ཚེ་འདི་ཉིད་ལ་ལྕེ་འཆད་གསུངས། །རྒྱུ་འབྲས་འདི་ནི་དབང་ཆེ་བས། །


CMR054_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་དགྲ་བཅོམ་དང་། །བདུད་དང་ལྷ་འདྲེ་མཐུ་སྟོབས་ཅན། །སུས་ཀྱང་དགེ་སྡིག་གང་བྱས་པའི། །ལས་འབྲས་དེ་ལ་བཅོས་རྒྱུ་མེད། །བསྐལ་པ་བརྒྱ་སྟོང་དུ་མར་ཡང་། །དེ་ཉིད་མེད་ནས་འགྲོ་རྒྱུ་མེད། །བོར་རིམ་གཞན་གྱི་ཐོབ་རྒྱུ་མེད། །ནམ་ཞིག་རང་ལ་ངེས་པར་སྨིན། །དེས་ན་རང་རྒྱུད་ལ་བརྟག་སྟེ། །དགེ་སྡིག་སྤངས་ལེན་བྱ་དགོས་ཏེ། །ཀླུ་ཡི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། །ཀླུ་ཡི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ་བདག་ཇི་ལྟར་འགྱུར་ཞིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། གསུངས་སོ། །རྒྱུ་འབྲས་ཀྱི་ཆོས་ཐུན་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད།next