Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་ཉེར་གཅིག་པ། ཞ༽


   
   
   
   
རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ། next

རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ།


DNG021_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་སརྦ་དྷརྨ་ནི་ཎ་མ་ཧཱ་ཏནྟྲ།བོད་སྐད་དུ། རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་ཉིད། ཐམས་ཅད་སོ་སོ་མ་ཡིན་པའི་རང་བཞིན་ཏེ། མཐའ་དང་དབུས་མེད་པ་འོག་མིན་གྱི་གནས། དྲག་པོ་མཐིང་ནག་འབར་བའི་གཞལ་ཡས། རྒྱུ་རིན་པོ་ཆེ་འབར་བ་སྣ་ཚོགས་དང་། འཇིགས་བྱེད་དྲག་པོའི་རྒྱན་མང་པོས་བཀླུབས་པ། རྣམ་པ་ཐ་དད་ཅིང་སོ་སོ་ན་གསལ་བ། ངོ་བོ་གཅིག་ཅིང་ཡེ་ནས་གསལ་བ་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། འཇིགས་བྱེད་ཀྱི་རྒྱལ་པོ་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དབུ་གསུམ་པ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། འཁོར་ལོ་ལ་སོགས་པའི། རིགས་དང་། གྲངས་དང་། ཕྱག་རྒྱ་དང་། ཁ་དོག་ལ་སོགས་པའི་ངོ་བོར་བཞུགས་སོ། །དེ་ཡང་རིགས་ཀྱི་ཡབ་དང་། ཡུམ་དང་། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོ་དང་བཅས་པར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །ཡེ་ཤེས་ཆེན་པོས་དབང་བསྒྱུར་ཞིང་། །དཀྱིལ་འཁོར་ཐུགས་རྗེས་འབྱུང་བའི་ངོར། །རང་བཞིན་ཏིང་འཛིན་གཟུགས་བརྙན་དག །སྐུ་གསུང་ཐུགས་ཀྱི་ངང་ལས་བྱུང་། །ཡོན་ཏན་ཕྲིན་ལས་དེ་བཞིན་ཏེ། །བདེ་ཆེན་མཆོག་གི་གནས་ཉིད་དོ། །ཞེས་གསུངས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀུན་ཏུ་བཟང་པོ་འཇིགས་བྱེད་ཀྱི་རྒྱལ་པོ། མ་ལུས་པ་ཐམས་ཅད་ཀྱི་རང་བཞིན་གྱི་ཚུལ་རྡོ་རྗེས། མ་ཆགས་ཡུམ་གྱི་དཀྱིལ་འཁོར་ན་གཉིས་སུ་མེད་པར་བྱ་བ་དང་། གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར། རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཉིད་མ་གཡོས་


DNG021_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའི་དབྱིངས། །མ་བཅོས་རང་བཞིན་བདེ་བའི་ཡུམ། །རང་བཞིན་མ་གཡོས་དཀྱིལ་འཁོར་ནི། །བདག་ཡིན་བདག་གི་སྤྱོད་ཡུལ་དང་། །ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། །བདེ་གཤེགས་རྒྱལ་བས་སྦས་པའི་གཏེར། །སུས་ཀྱང་དཔག་པར་དཀའ་བ་དེ། །ཀུན་ཏུ་བཟང་པོ་བདག་ལ་གསལ། །ཞེས་བརྗོད་པས་མ་ཆགས་ཡུམ་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར་ཏོ། །གྱུར་ནས་ཡུམ་གྱིས་འདི་སྐད་ཅེས་བརྗོད་དོ། །ཆོས་ཉིད་དབང་བསྒྱུར་བདེ་ཆེན་གཙོ། །བདེ་གཤེགས་རྒྱལ་བ་ཀུན་བཟང་ཡིད། །རང་བཞིན་ཡེ་ཤེས་དྲུག་ཡིན་ཏེ། །ཀུན་བཟང་བདེ་ཆེན་ཉིད་ཀྱི་རྒྱན། །བདེ་ཆེན་ཐུགས་ཀྱི་རང་བཞིན་ནོ། །བདེ་བར་གཤེགས་པའི་ཐུགས་ཀྱི་མཆོག །སྐལ་མེད་རྣམས་ལ་རང་བཞིན་གསང་། །སྐུ་གསུང་ཐུགས་ནས་དབང་མཆོག་ཡིན། །ཞེས་བརྗོད་པས། ཐམས་ཅད་གཅིག་གི་རང་བཞིན་དུ་དབྱེར་མེད་པར་གྱུར་པས། ཉིད་ཀྱི་ཡེ་ཤེས་ལས་ཀརྨ་ཧེ་རུ་ཀའི་ངོ་བོར་གྱུར་ནས་ཞུ་བ་པོའི་བདག་ཉིད་ཏུ་གྱུར་ཏོ། །དེས་བཀའི་ལུང་གོ་ནས་འདི་སྐད་ཅེས་གསོལ་ཏོ། །ཆོས་ཉིད་མ་བཅོས་དོན་འདི་ལ། །སྤྲོས་མེད་བརྗོད་མེད་ཡེ་གནས་ལ། །སྐལ་མེད་ཐུགས་རྗེས་ཇི་ལྟར་གཟུང་། །གཉིས་མེད་སེམས་ཀྱི་རང་བཞིན་ལ། །སྐལ་མེད་འབྱུང་བ་ཅི་ལྟ་བུ། །དོན་འདི་མི་གནས་བདག་ཅག་ལ། །གཉིས་མེད་རྒྱལ་པོས་བཤད་དུ་གསོལ། །ཞེས་བརྗོད་པས། བཀའ་སྩལ་པ།མ་བཅོས་སེམས་ཉིད་རང་བཞིན་ལ། །ཡེ་ཤེས་བརྗོད་མེད་ཡེ་གནས་ཀྱང་། །འཁྲུལ་པའི་བག་ཆགས་ཕྲ་མོ་འདིས། །གཟུང་འཛིན་དངོས་པོ་གཉིས་སུ་དེར། །ཕྱིན་ཅི་ལོག་ཏུ་གོལ་བ་སྟེ། །གཉིས་མེད་དོན་གྱི་ངོ་བོ་ལས། །ཐབས་ཆེན་འབར་བའི་རོལ་པ་ཡིས། །བདེན་པ་གཉིས་ཀྱི་ངང་དུ་བསྒྲལ། །ཞེས་གསུངས་པས།ཀརྨ་ཧེ་རུ་ཀས་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །མ་བཅོས་ཆོས་ཉིད་རང་བཞིན་ལས། །རོལ་པའི་སྐུ་ནི་ཅི་ལྟར་བྱུང་། །ཡང་དག་བདེན་པས་ཅི་ལྟར་བསྒྲལ། །དངོས་སུ་བསྒྲལ་བའི་ཡོན་ཏན་ཅི། །ཞེས་གསོལ་པས། ཁྲག་འཐུང་རྒྱལ་པོ་བཛྲ་ཀཱི་ལ་ཡས། ཡེ་ཤེས་མེད་པ་མ་ཡིན་


DNG021_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱིངས་ནས་ཤིན་ཏུ་དྲག་པོ་མི་བཟད་པའི་སྐུ་ཕྱུང་ནས། ཐེག་ཆེན་གསང་བའི་བསྟན་པ་འདི། །རྒྱ་ཆེར་གྲགས་པར་གྱུར་པ་ནི། །མྱ་ངན་འདའ་བར་ལུང་བསྟན་ཏེ། །འབྲས་བུ་ཆུབ་པར་སྟོན་པ་ནི། །རྡུལ་བྲལ་དྲི་མེད་བསྟན་པ་ཞིག །མཆོག་གི་ཞིང་ཁམས་དག་པ་འདིར། །སྣང་བ་ཐོབ་པའི་སྐལ་ཅན་ལ། །དོན་གྱི་ངོ་བོར་བཤད་པར་བྱའོ། །ད་ནི་སྣང་བ་འདི་ནུབ་ནས། །ཆོས་ཀྱི་མེ་ལོང་དམ་པ་ཞིག །ང་འདས་གླིང་གི་འཇིག་རྟེན་འདིར། །འབྱུང་བའི་དགེ་སློང་སྐལ་ཆེན་ལ། །བསྟན་པའི་ཆར་ཆེན་བབས་ནས་ནི། །ཀུན་དང་མཐུན་པར་གྲགས་འགྱུར་ཞིང་། །ང་སྣང་མི་གནས་དེ་རྗེས་ན། །ལོ་ནི་བརྒྱད་ཅུ་རྩ་གཉིས་བརྒྱ་དང་བཅུ་གཉིས་ཀྱང་ན། །གསང་འདུས་མྱ་ངན་འདས་པ་འདི། །བྱང་ཆུབ་སྙིང་པོ་ཅན་ཞེས་པའི། །ས་ལེ་གསེར་གླིང་བྱ་བ་དེར། །ལས་དང་ཐུགས་རྗེ་མཐུན་པ་ཡིས། །ཆོས་ཀྱི་མིག་གཅིག་འབྱེད་འགྱུར་ཞིང་། །རིགས་ལྡན་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། སྙིང་རྗེ་རོལ་པའི་ཏིང་ངེ་འཛིན་ལ་ཞུགས་ནས། ཀྱེ་མ་ཧོ་སངས་རྒྱས་མང་པོའི་ཚོགས། །ཀུན་ཏུ་སྣང་ངོ་རབ་ཏུ་འདིར། །སྲིད་པ་ལོག་པའི་གདུག་པ་ཅན། །འཁོར་བའི་ས་བོན་རྩུབ་མོས་འཕངས། །སྡུག་བསྔལ་ཆེན་པོ་ཡི་དྭགས་ཏེ། །ལས་ཀྱིས་འཇིག་རྟེན་ཁམས་འདིར་འབྱུང་། །དྲག་པོ་རང་གི་དཀའ་ཐུབ་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །དྲག་པོ་རུ་དྲའི་དུག་དཔལ་གྱིས། །འགྲོ་རྣམས་མཐར་རློགས་འཇོམས་བྱེད་འདི། །གདུལ་བར་བྱ་བའི་འོས་མཆོག་སྟེ། །སྙིང་རྗེའི་བདག་པོ་ཀུན་འདུས་ལ། །སྡུག་བསྔལ་ལས་ཀྱི་རྒྱུན་བཅད་དེ། །བདེ་ཆེན་ས་ལ་བཞག་པའི་རིགས། །ཞེས་གསོལ་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ ལས། ཁུངས་དང་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ཉིད་ཀྱི་ཡེ་ཤེས་རིགས་ཀྱི་ཁྲོ་བོར་སྤྲུལ་ནས། མི་འདུལ་བར་དགོངས་ནས་བཀའི་བགྲོ་བ་མཛད་དོ། །བཅོམ་ལྡན་འདས་ཁྲག་འཐུང་སྙིང་པོས་བགྲོས་པ།


DNG021_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མའོ་འདུས་པའི་ཚོགས་ཆེན་དག །འདས་པའི་དུས་ནས་སྔོན་བྱུང་ལྟར། །ད་ལྟ་དུས་འདིར་བྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །བདག་ཉིད་ཆེན་པོ་རྟག་པ་ཡིས། །ཁྲོ་བོའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་དྲག་གཏུམ་པར་འགྱུར། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡིས། །འོ་དོད་འབོད་པར་ལྟུང་བར་འགྱུར། །མི་བཟད་ཆེན་པོས་སྡུག་བསྔལ་ཏེ། །དུག་གསུམ་མཐའ་ལ་མངོན་ཞེན་པ། །ཅི་ལྟ་བ་ཡི་ཐབས་ཀྱིས་གདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་གཏི་མུག་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་གཏུམ་པའི་སེམས་ཅན་འདི། །ཅི་ལྟར་དེ་དག་བཞག་གྱུར་ན། །བག་ཆགས་ངན་པའི་ཆུ་རླབས་ཀྱིས། །བདུད་ཀྱི་ཚོགས་སུ་མངོན་འཕེལ་ནས། །རིག་པ་འཛིན་པའི་རྒྱུན་གཅོད་ཅིང་། །བསྟན་པའི་གསུང་རབ་འཇིག་པར་འགྱུར། །དེ་ཚེ་ལས་ཀྱི་མུན་པ་ཡིས། །འགྲོ་བ་མ་རིག་འཁོར་བར་འཁྱམས། །དུག་ནད་རིམས་ནད་ཕྲ་མེན་མ། །གནོད་སྦྱིན་གདོན་དང་ལོག་འདྲེན་ཉིད། །སྲིད་པ་གསུམ་པོ་འཇིག་བྱེད་ཅིང་། །དམ་ཚིག་གཉན་པོ་འདྲལ་བྱེད་པ། །ཅི་ལྟ་བ་ཡི་ཐབས་ཀྱིས་འདུལ། །ཞེས་བགྲོས་སོ། །བཅོམ་ལྡན་འདས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་བ། །ལས་ཀྱི་གདུག་པའི་རཱུ་ཏྲ་དེ། །རྒྱལ་བ་འདས་པའི་སྦྱོར་བ་ཡིས། །ཅི་ལྟར་ཁྲོ་དྲག་གཏུམ་པ་ལྟར། །ད་ལྟ་ཚེ་འདིར་བྱུང་བ་ཡིས། །དུག་གསུམ་བརྩེགས་པའི་རི་བོ་འདི། །འབར་འཕྲོ་འཁྲུགས་པའི་སྦྱོར་བ་ཡིས། །ཅི་ལྟར་འཚམས་པ་བཞིན་དུ་འོས། །སངས་རྒྱས་ཐམས་ཅད་འདུས་ནས་ཀྱང་། །ཁྲོས་པའི་སྤྲིན་ནག་གཏིབས་པ་ཡིས། །མངོན་སྤྱོད་རོལ་པའི་ཐབས་ཆེན་གྱིས། །འཁོར་བ་བསྒྲལ་བའི་དུས་ལ་བབ། །ཅེས་བགྲོས་སོ། །བཅོམ་ལྡན་འདས་ཆགས་པ་ཆེན་པོས་བགྲོས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་


DNG021_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཅི་དགོས། །ཞེས་བགྲོས་སོ། །བཅོམ་ལྡན་འདས་ཕྲག་དོག་ཆེན་པོའི་ཚོགས་ཀྱིས་བགྲོས་པ།རང་བཞིན་དག་པའི་ངོ་བོ་ལས། །ལོག་རྟོག་ཕྱིན་ཅི་ལོག་པས་བཅིངས། །དངོས་པོ་རང་དགར་ཞེན་པ་ཡི། །གདུལ་དཀའ་མ་ལུས་འདུལ་བ་དང་། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་བགྲོས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱི་བཀའི་མོལ་པ་མཛད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས་འཁོར་མང་པོ་འདུས་པའི་ནང་ནས། ཤིན་ཏུ་ཡང་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་རིགས་ཀྱི་ཁྲོ་བོའི་ཚོགས་དང་བཅས་པ་ལ། འདི་སྐད་ཅེས་བརྗོད་དོ། །ཁྲག་འཐུང་ཆེན་པོ། དཀའ་ཐུབ་ཅན་གྱི་སེམས་ཅན་འདི། །རྒྱུ་དང་རྐྱེན་ནི་ཅི་ལས་བྱུང་། །འབྲས་བུ་སྨིན་པ་ཅི་ལྟར་སྨིན། །རིགས་དང་སྡེ་ནི་གང་དུ་གཏོགས། །ལས་སྐལ་སྤྱོད་པ་ཅི་ཞིག་བྱེད། །མ་བཏུལ་བ་ཡི་སྐྱོན་ནི་ཅི། །བཏུལ་ན་ཡོན་ཏན་ཅི་ལྟར་འཐོབ། །ཅེས་བརྗོད་པས་བཀའ་སྩལ་པ། ལོག་པའི་སེམས་ཅན་ཆེན་པོ་དེ། །ལེགས་པའི་རྒྱུ་རྐྱེན་ལས་མ་བྱུང་། །ཉེས་པའི་རྒྱུ་རྐྱེན་ལས་བྱུང་སྟེ། །རྒྱུ་ནི་གཟུང་འཛིན་རྟོག་ལས་བྱུང་། །རྐྱེན་ཀྱང་ལོག་པར་སྤྱད་ལས་བྱུང་། །འབྲས་བུ་ཉོན་མོངས་ལྔ་རུ་སྨིན། །རིགས་ནི་འཁོར་བའི་རིགས་ཅན་ཏེ། །གདོལ་པ་ཅན་གྱི་འབྱུང་པོར་གཏོགས། །ལས་སྐལ་ཆགས་སྡང་སྤྱོད་ལ་ཞེན། །མ་བཏུལ་བ་ཡི་སྐྱོན་བསྟན་ན། །ལྷ་དང་མི་ཡི་སྲིད་པ་བརླག །ཁ་ལོ་ལོག་པར་བསྒྱུར་ནས་སུ། །སངས་རྒྱས་ཞིང་ཁམས་རབ་སྟོངས་ཏེ། །འཁོར་བ་སྟེ་ཆད་དུ་ལུས་ལ། །སངས་རྒྱས་དམན་རིགས་སུ་ལུས་ནས། །དོན་ལ་མི་ཕན་སྐྱོན་ཡོད་དོ། །བཏུལ་ན་ཡོན་ཏན་དཔག་ཏུ་མེད། །དུག་གསུམ་རྩད་གཅོད་འཁོར་བ་དོང་ནས་སྤྲུག །འཁོར་བ་ཆོས་ཉིད་ཆེན་པོར་འགྱུར། །སངས་རྒྱས་ཞིང་ཁམས་དག་པས་ན། །བཏུལ་བས་ཡོན་ཏན་ཆེན་པོ་འཐོབ། །ཅེས་བརྗོད་པས། ཀརྨ་ཧེ་རུ་ཀས་ཤིན་ཏུ་བསྐུལ་ཏེ། ཨེ་མ་ཧོ་བཛྲ་ཀཱི་ལ་ཡ། དུས་ལ་བབ་པའི་བསྐལ་ཆེན་འདིར། །ལས་ལ་བབ་པའི་ཐུགས་


DNG021_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཡིས། །རྣམ་པར་སྨིན་པའི་འབྱུང་པོ་འདི། །བསྒྲལ་བ་འབའ་ཞིག་ཐུགས་རྗེའི་མཆོག །ཅེས་ཉེ་བར་བསྐུལ་བས། དེ་ནས་དེ་བཞིན་གཤེགས་པ་ཀུན་གྱིས། སྤྲུལ་པའི་ཆོ་འཕྲུལ་མཛད་དེ། ཡེ་ཤེས་ཀྱི་སྤྲིན་དམར་ནག་ནི་དབྱར་གྱི་ཆར་སྤྲིན་དུ་གཏིབས་པས། འབར་བའི་ཕྱག་རྒྱ་སྣ་ཚོགས་སུ་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདེན་པའི་གཞུང་གིས་འདུལ་བར་གཟས་པ་ན། རཱུ་ཏྲ་ནག་པོས་སེ་གོལ་ལན་གསུམ་བརྡབས་ཏེ། བདག་མི་ཐུལ་བར་འདུལ་བར་ངོ་མཚར་སྐྱེས་ཏེ། གོའུ་ཏ་མ་ཁྱོད་ཀྱིས་བདག་ཐུལ་བ་མ་ལགས་ཏེ། ཁྱོད་རང་གི་གནས་སུ་དཀའ་ཐུབ་ཀྱི་བདེ་བ་ལ་གནོས་ཤིག་ཟེར་ཏེ་མ་ཉན་ཏོ། །དེ་ནས་ཁྲོ་བོ་ཆེན་པོ་རྣམས་ཀྱིས། རྡོ་རྗེ་རྟ་མཆོག་གི་ཚོགས་སུ་སྤྲུལ་ནས། ཁྲོ་བོ་རྟ་མཆོག་ཚོགས་ཀྱིས་ཐུལ་བར་བཀའ་བསྒོ་བ་ལས། དཔལ་རྟ་མགྲིན་གྱིས་གསུང་ཚངས་པའི་དབྱངས་ལྟ་བུས་སྲིན་པོའི་མ་སྲིང་རྣམས་དབང་དུ་བསྡུས་ནས། འདུལ་བའི་འཁོར་ཁྲེམས་པར་བྱས་ནས་ཡང་ཁོས་མ་ཉན་ཏེ་མ་ཐུལ་ལོ། །དེ་ནས་ཡང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། ཡེ་ཤེས་ཀྱི་སྤྲིན་འགོ་ནི་ནམ་མཁའི་སྤྲིན་གཞིན་གཏིབས་ནས།གཟུགས་ཀྱི་སྐུ་རགས་པར་བཞེངས་ཏེ། སྣང་སྲིད་ཀྱི་ཁམས་སུ་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་གཟིགས་ནས། བདུད་རཱུ་ཏྲ་ནག་པོ་ལྟ་ཞིག །སྲོག་ཆགས་ཀྱི་སྐྱམས་ལིངས་ལ་སྤྱོད་པར་གཟིགས་ནས། ཀུན་རྫོབ་སྒྱུ་མའི་ཚུལ་དུ་མཐུན་པར་སྤྱོད་དགོས་ཏེ། རྣམ་པར་རོལ་ཅིང་ཀུན་ཏུ་བརྟེན་པའི་ཚུལ་གྱིས། དཔའ་བོ་རྡོ་རྗེ་རྟ་གདོང་གི་ཚོགས་ལ་བཀའ་བསྒོ་བ། རྡོ་རྗེ་གདོང་གི་ཚོགས་ཀུན་སོང་རབ་ཏུ་སོང་ལ། འཇིག་རྟེན་གྱི་ཁམས་དག་ལ་བདུད་ཀྱི་ཚོགས་ཀུན་སྲོག་ཆགས་ཀྱི་སྐྱམས་ལིངས་བྱེད་པ་ལ་སོ་ཚུགས་ཤིག་ཅེས་བཀའ་བསྒོ་བ་ལས། རྡོ་རྗེ་རྟའི་རྒྱལ་པོས་འཇིག་རྟེན་གྱི་ཁམས་སུ་ཆོ་འཕྲུལ་བསྟན་ནས། འཇིག་རྟེན་པའི་རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ་ལ་སོ་བཙུགས་སོ། དེར་ཡུམ་རལ་གཅིག་མ་དང་པདྨ་བྷྲྀ་གུ་ཏ་གཉིས་བསྙེམས་སོ། །དཔལ་པདྨ་གར་གྱི་དབང་ཕྱུག་གིས་ནི། འཇིག་རྟེན་གྱི་ཁམས་སུ་ཆོ་འཕྲུལ་གཟུགས་ཀྱི་སྐུར་མངོན་པར་


DNG021_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། ཀུན་རྫོབ་ཆོས་དང་མཐུན་པར། འཇིག་རྟེན་ཁམས་སུ་ཆོ་འཕྲུལ་གྱི་ཞབས་ཀྱིས་བཅགས་ཏེ། སྲིན་པོའི་སྐྱམས་ལིངས་ངལ་གསོ་བའི་བར་དུ། སྲིན་པོའི་གླིང་ཁམས་སུ་གཤེགས་ནས། ཉོན་མོངས་པའི་འདམ་རྫབ་དང་། ཞེ་སྡང་གི་རྫོང་ལ་ཞེན་པ་དང་། འདོད་པའི་རྒྱ་མཚོ་ལ་ཆགས་པའི་ཕྱིར། སྲིན་པོའི་གླིང་ཁམས་ཀྱི་ཕྱི་རོལ་ན། ཁྲག་གི་རྒྱ་མཚོས་བསྐོར་བ་དེ་དག་དཔལ་ཁྲག་འཐུང་འབར་བའི་ཚོགས་ཀྱིས་རཀྟ་བདུད་རྩི་སྣ་ཚོགས་སུ་སྤྲུལ་ནས་ཞལ་དུ་རྔུབས་ཤིང་གསོལ་ཏོ། །མི་གཙང་བའི་འདམ་རྫབས་ཀྱིས་བསྐོར་བ་དེ་དག་དྲི་ཆེན་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ནས་ཞལ་དུ་རོལ་ལོ། །གོ་རོ་ཙ་ན་དང་རྐང་ལ་སོགས་པའི་བཅུད་འཁྱིལ་པ་དེ་དག་བྱང་ཆུབ་སེམས་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ནས་ཞལ་དུ་གསོལ་ཏོ། །རྣག་དང་ཆུ་སེར་གྱི་ཁུ་བ་འབབ་པ་དེ་དག་དྲི་ཆུ་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ནས་གསོལ་ཏོ། །འབུ་དང་འབུ་ཤིན་ཏུ་ཆེ་བ་དང་། ལྕགས་ཀྱི་སྦྲང་མ་ལ་སོགས་པ་ཀུན་དང་། བསྒྲལ་བའི་ཤ་རུས་ཐང་མར་བརྡལ་བ་དེ་དག །མཱང་ས་ལས་བདུད་རྩི་སྣ་ཚོགས་སུ་སྤྲུལ་ནས་གསོལ་ཏོ། །འཇིགས་བྱེད་འབར་བའི་ཚོགས་སུ་བསྒྲལ་ཞིང་འབར་བའི་ཚོགས་སུ་བསྐྱེད་དེ། སྲིན་པོའི་བུ་མོའི་ཚོགས་དང་།རྐུན་མོ་དང་གཏུམ་མོའི་ཚོགས་ལ་སོགས་པ་ལ། མ་ཆགས་ཐབས་ཀྱིས་སྦྱོར་བ་མཛད་པས། སྲས་འཕགས་པའི་ལུས་ལ་སེམས་ཅན་གྱི་མགོ་བཏགས་པ་མང་པོ་བྱུང་སྟེ། ཕག་དང་སྟག་གི་མགོ་ལ་སོགས་པ་མང་པོ་སྤྲུལ་ཏོ། །དེའི་གནས་ཀེང་རུས་ཀྱི་གྲོང་ཁྱེར་ཐོད་པ་བརྩེགས་པའི་ནང་ན། སྲིན་མོ་ཀྲོ་དྷཱི་ཤྭ་རཱི་ཉིད་ནི།འཁོར་བ་སྨིན་པའི་དུང་ཕོར་དུ། ཉོན་མོངས་པ་སྨིན་པའི་ཆང་གིས་བཀང་སྟེ།ལོངས་སྤྱོད་ཅིང་གནས་པ་ལས། འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་ཀཱི་ལ་ཡས།སྲིན་པོའི་གཟུགས་སུ་སྤྲུལ་ནས། ཨེ་མ་ཧོ། བདག་གི་གཙོ་བོ་ནི་ཕྱིན་ཏོ་ཞེས་ཏེ། བམ་ཆེན་གྱིས་ཁྲི་ལས་བབ་སྟེ། རྗེ་ལ་དུང་ཕོར་གྱི་མཚོ་ཞལ་དུ་བསྟབས་པས།ཀཱི་ལ་ཡས་རོལ་ཏོ། །གཞན་ཡང་རིམ་པར་བསྟབས་ཤིང་རོལ་ཏོ། །དེ་ནས་སང་ཞོགས་


DNG021_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མ་ཆེས་ནས་བལྟས་པས་རང་གི་གཙོ་བོ་བས་བཞིན་བཟང་ཞིང་མདངས་འབར་བ་ཞིག་ཏུ་མཐོང་སྟེ། ཨེ་མ་ཧོ། བདག་གི་གཙོ་བོ་གང་ལགས་པ་དེ་བས་གཟི་བྱིན་ཆེ་བར་གྱུར་ཞེས་པ་ལས། ཀཱི་ལ་ཡས་སྲིན་སྐད་ཐེངས་གསུམ་གསུངས་པས་ཡིད་ཆེས་པར་གྱུར་ཏེ། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པས།སྲིན་མོའི་རང་བཞིན་འདོད་པའི་རྒྱ་མཚོ་ལས་མ་ཐར་རོ། །དེ་ནས་དཔལ་རྟ་མགྲིན་གྱིས་སྲིན་པོ་འབྱུང་བའི་མཚན་མ་དག་གཟིགས་ཏེ། རྡོ་རྗེ་བྱ་སྒྲོན་ཆེན་པོར་མཛད་པར་དགོངས་ནས། མདུར་ཆེན་རྟའི་འགྲོས་རྡོ་རྗེ་སྲིན་མོའི་སྟབས་ཀྱིས་གཤེགས་ནས་དགྱེས་པའི་ཚུལ་དུ་དགོངས་ཏེ་ཁྲོ་བོ་རྡོ་རྗེའི་མགུར་གླུར་བླངས་ནས་སྦྲན་ནོ། །དེའི་དུས་ན་དཔལ་ཀཱི་ལ་ཡས། ལྷག་པའི་བྱང་ཆུབ་སེམས་ཀྱི་འདུ་འཕྲོས། ཡི་གེ་ཨཱོཾ་གྱི་ཚོགས་སུ་སྤྲུལ་ནས། སྲིན་མོའི་ལྷུམས་སུ་ཟླ་བའི་དཀྱིལ་འཁོར་འཁྱིལ་ཞིང་གསལ་བར་གྱུར་ཏེ། སྲས་རྡོ་རྗེ་སྲིན་པོ་འཇིགས་བྱེད་འབར་བའི་ཆ་ལུགས་ཅན་ཞིག་ཏུ་བྱིན་གྱིས་བརླབས་ཏེ། སྲིན་མོའི་ལྷུམས་སུ་བཞག་གོ། །དེ་ནས་དཔལ་ཀཱི་ལ་ཡ་ཉིད་ཀྱིས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གཤེགས་ཏེ། དབྱིངས་ཀྱི་ངང་དུ་མི་དམིགས་པར་གྱུར་ཏོ། །དེ་ནས་སྲིན་པོ་རང་གི་གནས་སུ་ཕྱིན་པ་དང་། རང་གི་གནས་ཀྱི་ལོངས་སྤྱོད་ཀྱང་མི་སྣང་།འཁོར་རྣམས་ཀྱང་ཕལ་ཆེར་བྱེར། སྔོན་མ་མཐོང་བ་ཕག་དང་སྟག་གི་མགོ་ཅན་ལ་སོགས་པས་བསྐོར་ཏེ། ཤིན་ཏུ་ཡིད་མི་དགའ་ཞིང་། རྟོག་པ་ཆེན་པོ་སྐྱེས་ནས། ཨེ་མ་ཧོ། བདག་གི་གནས་འདི་ལྟ་བུ་ཅི་ཞེས་པ་ལས། སྲིན་མོས་མདུན་བསུས་ནས། ཨེ་མ་ཧོ་སྒེག་པ་དཔའ་བོ་དེ་ལྟ་བུའི་ཚིག་འཁོར་གྱི་ནང་དུ་གསུང་ངམ། ཁྱོད་ཀྱི་དགོངས་པ་ནི་བདག་གིས་དེང་ཕན་ཆད་དུ་བསྒྲུབ་སྟེ། བདག་གི་ལྷུམས་ན་མི་བདེ་བ་ནི། དཔའ་བོ་ཁྱོད་ཀྱི་རིགས་མཚོན་པ་གཅིག་ལགས་ན།ཅི་ཞིག་འཁྲུལ་ཞེས་སྨྲས་པས། སྲིན་པོའི་རང་བཞིན་གྱིས་སྲིན་མོའི་གཟུགས་མཐོང་བས་ཀྱང་། མདངས་དང་བཀྲག་དུ་ལྡན་པས་ཆགས་པ་སྐྱེས་ཏེ། བདག་གི་རིགས་འཛིན་


DNG021_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཀྱང་ངེས་པར་འབྱུང་ངམ་སྙམ་ནས། དགའ་བ་འདོད་པའི་སྦྱོར་བ་ལ་ཞུགས་སོ། །དེ་ནས་འདོད་པ་ཞི་བའི་སྐབས་སུ། ཀཱི་ལ་ཡས་སྲིན་མོ་ལས་སྲིན་པོ་རཱུ་ཏྲ་སྐྱེས་པའི་ཚུལ་བསྟན་ཏེ། རཱུ་ཏྲས་སྐད་ཐེངས་གསུམ་ཕྱུང་བས། དཔལ་རྔམ་པའི་སྐད་དུ་གྱུར་ནས། སྲིན་པོ་དང་སྲིན་མོ་བརྒྱལ་བར་གྱུར་ཏོ། །བརྒྱལ་བ་སངས་ནས་བལྟས་པ་ན། འཇིགས་བྱེད་བཛྲ་ཀཱི་ལ་ཡ། དབུ་དགུ་ཕྱག་བཅོ་བརྒྱད་པ་ལ། རྡོ་རྗེའི་གཤོག་པས་ནམ་མཁའ་ཁེབས་པ་གཅིག་ཏུ་གྱུར་ནས་ཡབ་ལྷའི་སྤྲུལ་པ་དེ་ལ། ཡུམ་གྱི་སྤྲུལ་པ་བསྟན་པའི་ཚུལ་དུ། སྲིན་མོ་ཀྲོ་དྷཱི་ཤྭ་རཱིར་གྱུར་པས། མཚན་ཡང་རྡོ་རྗེ་སྲིན་མོ་ཞེས་བྱ་བར་གསོལ་ཏོ། །དེ་ནས་སྲིན་པོས་ཀྱང་རང་གི་སེམས་བལྟས་ནས། ང་རྒྱལ་གྱི་དཀའ་ཐུབ་སྐྱེས་ནས།སྲིན་པོ་བསྐུལ་བར་བྱས་ཏེ། རུ་ལུ་རུ་ལུ་ཞེས་བརྗོད་པས། མགོ་གསུམ་ལ་ལག་པ་དྲུག་པ། རྐང་པ་བཞི་པ་གཅིག་ཏུ་གྱུར་ཏོ། །བཛྲ་ཀཱི་ལ་ཡ་དབུ་དགུ་ཕྱག་བཅོ་བརྒྱད་པ་དེ་ལས། ཁྲོ་བོ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་པ། དེ་ལ་སོགས་པ་ཚ་ཚྭ་དང་སྐར་མདའ་བཞིན་དུ་སྤྲས་པས། ངག་གི་སྤྲུལ་པ་འཕྲོགས་ཏེ། བསྒྲལ་བའི་སྙིང་པོ་ཨཱོཾ་དང་ཧཱུཾ་གི་བར་དུ་རུ་ལུ་བཅུག་ནས། དཔལ་ཆེན་པོ་དག་གིས་བཟླས་པས། ངག་གི་དབང་པོ་ཉམས་སོ། །དེ་ནས་ཡང་ངག་གི་སྤྲུལ་པ་བྱས་ཏེ། སྲིན་སྐད་བརྗོད་པས། མགོ་དགུ་ལག་བཅོ་བརྒྱད་པ་གཅིག་ཏུ་གྱུར་ཏོ། །དེ་བཞིན་དུ་ངག་གི་སྤྲུལ་པ་ཕྲོགས་སོ། །ཡང་སྲིན་པོའི་ངག་གི་སྙིང་པོ་བསྐུལ་ཏེ། རུ་ལུ་རུ་ལུ་ཞེས་བརྗོད་པས། མགོ་ལྔ་ཡན་ལག་བཅུ་དྲུག་པར་གྱུར་ཏེ། དེ་བཞིན་ངག་གི་ཉེས་པ་ཕྲོགས་སོ། །ཡང་སྲིན་པོས་ང་རྒྱལ་གྱིས་ཆེ་བ་བསྐྱེད་ནས། ངག་གིས་སྙིང་པོ་བསྐུལ་ལོ། །སྲིན་སྐད་བརྗོད་པས། མགོ་ཉི་ཤུ་རྩ་གཅིག་ལ། ལག་བཞི་བཅུ་རྩ་གཉིས་པ་གཅིག་ཏུ་གྱུར་ཏེ། དེ་བཞིན་དུ་སྤྲུལ་པ་ཕྲོགས་སོ། །དེ་བཞིན་དུ་ང་རྒྱལ་གྱི་སྤྲུལ་པ་བཀྱེས་ནས། སྲིན་སྐད་བརྗོད་པས། ལུས་ཆེ་བ་བསམ་གྱིས་མི་ཁྱབ་པ་གཅིག་ཏུ་གྱུར་ཏེ། རྐང་པ་མི་


DNG021_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཡུལ་དུ་ཟུག་པ། མགོ་བོ་སྲིད་པའི་རྩེ་མོར་རེག་པ། ནད་ཀྱི་བསྐལ་པ་ཁ་ནས་གཏོར་བ་ཞིག་ཏུ་གྱུར་ནས། དེ་ལ་ཀཱི་ལ་ཡས་དེ་བཞིན་དུ་ངག་གི་སྤྲུལ་པ་ཕྲོགས་ཏེ། ནམ་མཁའི་མཐའ་དང་མཉམ་པའི་སྐུ་ཕྱག་རྒྱ་ཅིར་ཡང་མ་ངེས་པའི་གཟུགས་སུ་སྤྲུལ་ཏེ། ངག་གི་དབང་པོ་ཕྲོགས་པས། སྐྱེས་བུ་གང་དག་ལྕེ་བཅད་པ་བཞིན་དུ་དབང་པོ་ཉམས་པས། ལན་བླན་ཞིང་སྤོབས་པའི་ཐབས་མེད་ནས། འབྲོས་པར་གཟས་ན་ཀཱི་ལ་ཡས་ས་མ་ཡ་ཧོ་ཞེས་བརྗོད་པས། སྲིན་པོ་དེ་ལ་དམ་ཚིག་བསྐུལ་བས། སྔོན་གྱི་དུས་ན་བཀའ་ནོས་ཤིང་ཐ་ཚིག་གཉེན་པོ་བསྲུངས་ཤིང་དམ་མནོས་པ་རྗེས་སུ་དྲན་ནས། རང་གི་སྲོག་གི་དབང་པོས་མ་བཟོད་སྟེ། མདུན་གྱི་ཕྱོགས་པས་ཅེར་གྱིས་བལྟས་པ་ལས། བཛྲ་ཀཱི་ལ་ཡས། ཁྭ་ཊྭཱཾ་གའི་ཕྱག་རྒྱ་བསྟན་པས། གངས་རི་རུད་ཆད་པ་བཞིན་དུ་འགྱེལ་ཏོ། །དེ་ནས་རྡོ་རྗེ་དབང་གི་ཕྱག་རྒྱས་སྐེད་པ་ནས་བཟུང་ནས། ཞལ་དུ་མིད་པས་རཱུ་ཏྲ་དེ་སྔོན་གྱི་དུས་ན་གསང་བའི་བཀའ་སྤྱད་ནོར་བའི་ལས་ཀྱི་དབང་གིས། ཉོན་མོངས་པའི་ཐག་པས་བཅིངས་ཏེ། ང་རྒྱལ་གྱི་དེའུ་ཆེན་པོ་ཚོགས་པའི་རྒྱུས་བསྐྱེད་པའི་བག་ཆགས་ས་གཞི་ལྟ་བུ་དུས་གཅིག་ཏུ་སྦྱངས་ནས། ཆོས་ཀྱི་ཕོ་བྲང་མངོན་དུ་མཐོང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་ཏེ། སྐྱེ་བ་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པར་ལུས་བླངས་ཤིང་། སྡིག་པ་སྤྱད་པ་ཀུན་ཀྱང་དྲན་ཞིང་། བལྟ་བ་དང་ལས་ལོག་པ་ཀུན་ཀྱང་ཤེས་ནས། ལས་དགེ་སྡིག་མི་བསླུ་བ་ནི་རིགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཐབས་ཅིག་ཏུ་བགྲོས་པར་གྱུར་པ་ཉམས་སུ་མྱངས། དེ་ནས་ཅུང་ཟད་ཅིག་ནས་བཅོམ་ལྡན་འདས་ཀྱིས་སྣམ་དུ་བཏོན་པ་ལས། ཤིན་ཏུ་མི་དགའ་བའི་གདུང་བ་སྐྱེས་ནས་ངུས་ཏེ་ཞུས་པ། ཨེ་མ་ཧོ་དཔའ་བོ་ཐུགས་རྗེ་ཆུང་། །ཤིན་ཏུ་བདེ་བའི་གནས་ཤིག་ནས། །སྣམ་དུ་བཏོན་པ་ཐུགས་རྗེ་ཆུང་། །འབངས་སུ་མཆི་ཡིས་བྱིན་མ་ཆུང་། །གལ་ཏེ་བཀའ་ལས་འདས་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱག་ནས་ནི་འཚིག་པར་


DNG021_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །མ་དང་སྲིང་མོ་བུ་མོ་རྣམས། །འབངས་སུ་དབུལ་ལོ་བཀའ་ལ་ཐོགས། །དབུས་སུ་མཆིས་པའི་སྐལ་མེད་ཀྱི། །ཉིད་ཀྱི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་བའི་སྐལ་མེད་ཀྱིས། །ལྷག་མ་ཁ་ཆུས་བྲོན་ལ་སྩོལ། །འབང་ལ་ནན་ཏན་མ་ཆུང་ཞིག །ཅེས་ཤིན་ཏུ་སྨྲེང་སྟེ་གསོལ་བ་བཏབ་པས།དཔལ་ཆེན་པོས་དཔལ་གྱི་བརྗིད་གླུ་ཚངས་པའི་མགུར་བཞེངས་ནས། ལུང་ནི་བསྟན། ཁ་ཊྭཱཾ་གའི་ཕྱག་རྒྱ་ཡང་བསྟན། ས་མ་ཡའི་སྒྲ་ཡང་བསྒྲགས། སྲིན་པོ་ཉིད་ནི་སླར་མི་ལྡོག་པའི་ས་ལ་བཀོད་ནས། རྡོ་རྗེ་རྣམ་པར་རོལ་པའི་ཞིང་ཁམས་སུ། རྡོ་རྗེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བར་ལུང་བསྟན་ནས། སྲིན་པོའི་འཁོར་ཉེ་གནས་མོ་རྣམས་ནི། སླས་དང་བྱི་མོར་བཟུང་ཞིང་བྱིན་གྱིས་བརླབས་སོ། །བྲན་ཕོ་དང་བྲན་མོ་རྣམས་ནི། བཀའ་ལ་བཏགས་ཏེ་དཀྱིལ་འཁོར་གྱི་མཐའ་བསྐོར་ལ་བཞག་གོ། །འཁོར་གྱི་གཙོ་བོ་ཉོན་མོངས་པ་ལྔའི་བདག་པོ།ལྷ་ཆེན་པོ་མ་ཧཱ་དེ་བ་ལ་སོགས་པ་རྣམས་ནི། ཕོ་མོ་བྱི་ཆིངས་སུ་བསྣོལ་ནས་གདན་དུ་བཏིང་སྟེ། ལུས་ཀྱིས་གདན་བྱས་པས། ཉོན་མོངས་པའི་སྒྲིབ་པ་བྱང་ཞིང་། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་ལ། རྣ་བས་ཆོས་ཐོས་པས་ཤེས་པའི་རྒྱུད་གྲོལ་ཏེ། ཤེས་བྱའི་སྒྲིབ་པ་བྱང་ཞིང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པས། བྱང་ཆུབ་སེམས་དཔའི་ས་ལ་བཞག་གོ། །སྲིན་པོའི་འཁོར་གདུག་པ་ཅན་རྣམས་ནི་སྟག་དང་གཟིག་ལ་སོགས་པ་རྣམས་གདན་ཁྲིར་བྱིན་གྱིས་བརླབས་ནས་བཞག་གོ། །སྲིན་པོའི་འཁོར་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་ནི་སྲིན་པོ་ཆེན་པོ་ཇི་ལྟར་དགའ་བ་དེ་ལྟར་སྤྱོད་པ་མཛོད་དེ། ཀེང་རུས་ཀྱི་རི་རབ་རྩེ་མོ་ལ། ཐོད་རུས་བརྩེགས་པའི་གཞལ་ཡས་ཁང་གི་རྒྱན་དུ། ཤ་ཆེན་གྱི་གཞི་མ་དང་། ལང་ལིང་དང་། ཁྲག་གི་རྒྱ་མཚོ་ཐོད་པ་སྐམ་རློན་གྱི་ཕྲེང་ཆུན། ཞིང་ཆེ་ཆུང་གི་ཁོག་རང་། བྷན་དྷ་དམར་གྱིས་བཀང་བ། བ་སུ་ཏའི་རྒྱུ་ཕྲེང་། ཐལ་ཆེན་གྱི་ཐིག་ལེ། ཞག་གི་ཚོམ་བུ། ཁྲག་གི་ཟོ་རིས། ཞིང་དང་དུར་ཁྲོད་ཀྱི་རྒྱན་ལ་སོགས་པས་སྐུ་དང་གཞལ་ཡས་ཁང་བརྒྱན་ནོ། །འཁོར་


DNG021_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང་སྲིན་པོའི་འཁོར་དང་མཐུན་པར་སྤྲུལ་ཏེ། ཁྲོ་བོ་ཁྲོ་མོ་མགོ་བརྙན་རྣམས་དང་། རྡོ་རྗེ་མཆེ་གཤོག་ཅན་ལ་སོགས་གདུག་པ་ཅན་མང་པོས་བསྐོར་བར་མཛད་དོ། །དེ་ལྟར་དེ་དག་གི་ཡོན་ཏན་བསྟན་པ་དེ་འཇིག་རྟེན་དུ་གྲགས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཁྲོ་བོ་རང་བཞིན་ངོ་བོས་བདུད་བཏུལ་ཞིང་རྣམ་པར་ཤེས་པ་མྱ་ངན་ལས་བཟླས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། ཕྱི་རབས་ཀྱི་རྣལ་འབྱོར་པ་དོན་ཡོད་པར་བྱ་བའི་ཕྱིར། བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། །འཁོར་བའི་རྒྱུ་ཐུགས་རྗེ་དཔྱང་ཐག་ཆད་པའི་སེམས་ཅན་ངན་པའི་ངང་ཚུལ་ཅན་དེ་ལ། དེ་ལྟ་བུའི་རྫུ་འཕྲུལ་དང་། ཆོ་འཕྲུལ་བསྟན་པ་ནི་ངོ་མཚར་ཆེའོ། །ཡང་ངོ་མཚར་ཏོ་ཞེས་ངམས་ནས། ཚིགས་སུ་བཅད་ནས་ཞུས་པ། དེ་ཡི་རྗེས་སུ་བསྒྲུབ་པ་ཡི། །རྣལ་འབྱོར་གནས་ནི་གང་དང་གང་། །དམིགས་དང་རྣལ་འབྱོར་དགོས་ཆེད་ཅི། །རྒྱུ་དང་སྒོམ་ཐབས་བྱིན་རླབས་ཅི། །བརྡེག་དུས་དམ་ཚིག་བལྟ་དམིགས་ཅི། །ཡོ་བྱད་རྟགས་དང་དགོས་ཆེད་ཅི། །དབང་དང་དཀྱིལ་འཁོར་ཕྲིན་ལས་ཅི། །བསྒྲུབ་ན་དོན་དམ་ཀུན་རྫོབ་གང་། །ཀཱི་ལ་ཡ་ཡིས་བཤད་དུ་གསོལ། །ཀཱི་ལ་ཡ་ཡིས་བཀའ་སྩལ་པ། །གཉིས་མེད་གསལ་བའི་ངང་ཉིད་ཀྱི། །རྣལ་འབྱོར་དོན་ཞུས་ཡ་མཚན་ཆེའོ། །གནས་ཀྱི་དམ་པ་བསྟན་པ་ལ། །གཞུང་ལྡན་བཀྲ་ཤིས་བྱིན་ཅན་དང་། །ཉམས་དགའ་བ་ཡི་གནས་དང་བཞིའོ། །དྲག་པོའི་གནས་ཀྱི་དམ་པ་རུ། །དུར་ཁྲོད་ཤིང་གཅིག་རྒྱ་གྲམ་དང་། །གཅན་གཟན་མང་པོ་རྒྱུ་སྲང་དང་། །གནམ་ནི་གྲི་འདྲ་ས་གྲུ་གསུམ། །ལོགས་ལ་ཚེར་མ་ཅན་གྱི་ཤིང་། །གཅན་གཟན་གདུག་པ་སྣ་ཚོགས་རྒྱུ། །རྩ་བར་མི་རིགས་སྣ་ཚོགས་དུར། །ཡོད་པ་མཁས་པས་བརྟགས་ཏེ་བརྩམ། །དེ་ནི་དྲག་པོ་བསྒྲུབ་པའི་གནས་སོ། །དགོངས་པའི་དོན་ཉིད་མི་གསལ་ཞིང་། །དམ་ཚིག་ཉམས་དང་ཏིང་འཛིན་གཡེལ། །བལྟ་བ་ལོག་པར་འཛིན་པ་དེས། །གནས་དེར་བྱ་བ་ཡོངས་མ་གསུངས། །བྱས་པ་ཉིད་ན་བར་ཆད་འབྱུང་། །དེ་བས་


DNG021_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དང་མཐུན་གནས་སུ། །ཡུན་བསྲིང་བསྒྲུབ་ལ་ཁེ་ཁོལ་མེད། །དམ་ཚིག་མ་ཉམས་གཞུང་བསྲངས་ཤིང་། །ཏིང་འཛིན་གསལ་བའི་བློ་ཅན་གྱིས། །གནས་ཀྱི་དམ་པ་དེ་དག་ཏུ། །དྲག་པོའི་ལས་འདི་བྱས་གྱུར་ན། །ངེས་པར་འགྲུབ་སྟེ་ཐེ་ཚོམ་མེད། །དེ་ལྟ་བུ་ཡི་གནས་དག་ཏུ། །བྱིན་རླབས་མཚམས་བཅད་མ་རུངས་བསྐྲད། །བསྒོ་བའི་ཚིག་རྣམས་བསྒོ་བ་དང་། །གཞུང་དང་མཐུན་པར་དཀྱིལ་འཁོར་བརྩིག །ཆག་ཆག་གདབ་ཅིང་ས་ཚོན་བརླབ། །ཚོན་ཕྱེ་བཀྱེ་ཞིང་དཀྱིལ་འཁོར་བྲི། །ཐ་མ་ཚོན་གྱི་དཀྱིལ་འཁོར་ལ། །ཞེ་སྡང་ཁྲོ་བོ་རིམ་བཞིན་དགོད། །གཞན་ཡང་རིམ་པར་མཁས་པས་དགོད། །དེ་དག་གནས་ཀྱི་ཡོན་ཏན་ནི། །མྱུར་བར་བསྒྲུབ་དང་ཤུགས་འབྱུང་དང་། །ངན་པའི་དོན་གྱིས་ངན་པ་བསྒྲུབ། །དོན་ལ་ཁྱད་མེད་ངེས་པར་ནི། །ངན་པའི་གནས་རྣམས་གང་མ་དེར། །ངེས་པར་འགྲུབ་པར་ཡང་དག་བཤད། །བཀྲ་ཤིས་ཞི་བའི་གནས་དག་ཏུ། །ཡུན་བསྲིང་བསྒྲུབ་ཀྱང་ཕུང་འཚེངས་མེད། །དོན་གྱི་མན་ངག་མདོར་བསྟན་པས། །རྟོགས་པའི་ཚད་དང་ཏིང་ངེ་འཛིན། །སྦྱར་ཏེ་བསྒྲུབ་ན་ཆུད་མི་ཟ། །མྱུར་བར་ཐོགས་པ་མེད་པར་ནི། །གོང་དུ་བསྟན་པའི་གནས་སུ་གསུངས། །དེ་ནི་བརྟག་པའི་ཏིང་འཛིན་གནས། །ཞེས་གསུངས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། རྣལ་འབྱོར་པའི་བསྒྲུབ་པའི་དོན་ཞུས་པ་དང་། བསྒྲུབ་པའི་གནས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དམིགས་བསྟན་པ་ནི། འདི་སྐད་བཀའ་སྩལ་ཏོ། །ཀུན་ལ་བྱ་བར་ལུང་ལས་མེད། །སྲོག་དོན་བཀའ་དམ་ལས་ཀྱི་ཉམས། །མཚན་མས་ཉམས་པར་གྱུར་པ་དང་། །འདོད་པར་འགྱུར་བའི་ཉམས་དང་བདུན། །བསྒྲལ་བའི་དམིགས་ཀྱི་དམ་པར་བཤད། །དེ་ཡི་སོ་སོའི་མཚན་ཉིད་ནི། །ཕ་མ་མཁན་པོ་སློབ་མ་གསོད། །རྡོ་རྗེ་ནང་དམེ་བྱེད་པ་དག །ནམས་ཀྱང་དམྱལ་བར་ལྟུང་བྱེད་པས། །བསྒྲལ་བའི་དམིགས་ནི་དམ་པ་ཡིན། །སྲོག་ལས་ཉམས་པའི་མཚན་ཉིད་དོ། །སློབ་དཔོན་བཀའ་བསླུ་ངན་དཔྱ་སེམས། །སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང་། །གསང་བའི་མན་ངག་སྤེལ་བྱེད་ན། །


DNG021_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བསྒྲལ་བའི་དམ་པ་ཡིན། །དོན་ལས་ལོག་པའི་མཚན་ཉིད་དོ། །རྐུ་འཚང་འདྲུ་ཞིང་ཡ་ག་འདོགས། །སྐུར་པ་འདེབས་ཤིང་ལོག་པར་འཁྲིད། །རྟགས་ཀྱི་དོན་འདི་ལོག་པར་འཛིན། །དེ་ཡང་བསྒྲལ་བའི་དམ་པ་ཡིན། །བཀའ་ལས་ལོག་པའི་མཚན་ཉིད་དོ། །བྱ་རུ་མི་རུང་སྣ་ཚོགས་བྱེད། །རྫས་དང་ལག་ཆ་མངོན་པར་སྟོན། །སྦྱོར་སྒྲོལ་ཕྲིན་ལས་འཆོལ་པར་སྤྱོད། །བལྟ་བ་ཆོས་ཉིད་རྒྱབ་ཏུ་འདོར། །ལོག་པའི་སྤྱོད་པ་དང་དུ་ལེན། །ང་རྒྱལ་གཏུམ་ཁྲོ་རང་གར་གཏོང་། །མན་ངག་དོན་བསྟན་ལོག་པར་གོ། །ཕ་རོལ་དོན་ལ་ལོག་ཆོས་སྤྱོད། །དོན་ནི་ཕྱིན་ཅི་ལོག་ལ་མཁས། །བཀའ་གཞུང་བོར་ནས་ལོག་པར་བརྩམ། །སྤྱོད་པས་ལོག་པ་མཐའ་དག་བྱེད། །རཱུ་ཏྲ་དངོས་ཀ་དེ་ཡིན་ཏེ། །དངོས་སུ་བསྒྲལ་ཡང་མི་སྐྱོན་ནོ། །དམ་ལས་ཉམས་པའི་མཚན་ཉིད་དོ། །སྐྱེ་གནས་གཅིག་དང་མི་གཅིག་པས། །སྒྲོལ་བའི་མཆོད་པའི་གློར་འོངས་ནས། །སྔོན་ནི་མཁོན་འགྲས་མེད་པ་རུ། །བརྒལ་བའི་གླགས་ལ་བབ་མཐོང་ནས། །ཉེས་མེད་གཞན་ལ་གནད་དུ་འཛུགས། །རྒོད་ཅིང་བཞིན་བཟློག་ཞེ་ཚིག་སྨྲ། །རང་ནོར་བོར་ནས་གཞན་ལ་བརྐུ། །བདག་གིས་ཉེས་པ་མ་དྲན་ཡང་། །དབྲོག་ས་མེད་པར་བདག་ལས་འཕྲོག །བདག་གིས་བསྒྲལ་བར་མ་བསམས་ཀྱང་། །བདག་ལ་མཐུ་དང་རྩལ་འདེད་པས། །དབང་མེད་ནན་གྱིས་བསྒྲལ་བར་བྱའོ། །ཡ་ག་གལ་མི་ཆེ་ལ་འཚོལ། །ཕན་རྒྱུ་མེད་པར་བདག་ལ་འཚེ། །ལས་ཀྱིས་ཉམས་པའི་མཚན་ཉིད་དོ། །དེ་ལྟ་བུ་ཡི་ཉོན་མོངས་དེ། །ལས་ཀྱིས་འཁོར་བས་སྡིག་མེད་བཤད། །གཉིས་མེད་དོན་ལ་ཕྱོགས་ཆར་འཛིན། །ཆོས་ཉིད་དོན་ལ་སྒོས་ཁུར་གཅོད། །ཐུགས་དམ་ཅན་གྱི་ཐུགས་ལས་དཀྲུགས། །སྐྱེ་བ་མེད་པའི་དོན་བཤད་ཀྱང་། །མཚན་མ་ཅན་གྱི་ཆོས་བཟུང་ནས། །ལྷ་སྲིན་བྲན་དུ་ངས་འཁོལ་གྱིས། །མཐུ་དང་རྩལ་འགྲན་སུ་ཞིག་བྱེད། །ཉམས་སུ་དཔལ་དང་མ་མོ་བྱུང་། །ང་ནི་ཡེ་ནས་དཔལ་ཆེན་ཡིན། །ཟེར་ཞིང་གཞན་ལ་ཁྲོ་ཞིང་འཚེ། །དེ་ལ་བསྒྲལ་བ་ལྷུར་ཡང་བརྩམ། །མཚན་མས་ཉམས་


DNG021_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་དེ། །མཉན་པས་གོ་ཞིང་རྟོག་མེད་པ། །མཐུ་ཆེན་མཚན་མར་འདོད་པ་ཡིས། །ལས་ཀྱི་གཙོ་རུ་མཚན་མ་སྤྱོད། །མི་ཐོད་ཞིང་ཆེན་ཁུར་གྱིས་ཐོགས། །རང་གི་ངོ་གདོང་ཁྲག་གིས་བྱུགས། །དམར་སྣོད་དོང་བུ་གློ་ལ་བཏགས། །དོན་གྱི་སྤྱོད་པའི་གཞུང་བོར་ནས། །བྱ་རུ་མི་རུང་ལས་རྣམས་བྱེད། །ཐོ་ཅོར་སྤྱོད་ཅིང་དམ་མི་བསྲུང་། །བརླང་བོའི་སྤྱོད་པས་བཀའ་གཞུང་སྨོད། །དུས་གསུམ་སངས་རྒྱས་ཞབས་ནས་དྲངས། །རྣལ་འབྱོར་སྔགས་ཀྱི་ཡ་གར་སོང་། །འབར་བའི་རྒྱལ་པོའི་ཐུགས་དང་འགལ། །ཤ་ཟན་མ་མོའི་ཟ་ཚོགས་བཀྲམ། །འདོད་པའི་ནོར་གྱིས་སྙིང་བྲུས་ནས། །གསོད་པར་ཤེས་ཀྱང་འདོད་པས་བརྒྱལ། །གང་དུ་ཕུར་ཡང་སྔགས་འཆང་འཇོམས། །དུག་ཏུ་ཤེས་ཀྱང་ལྟོ་རུ་བཟའ། །གཉན་ཞིང་བཙུན་ཡང་ཐབས་ཀྱིས་སྨོད། །ཐོབ་ཏུ་འདོད་ན་གསང་སྔགས་རྐུ། །བཟའ་རུ་ཡོད་ན་རྣལ་འབྱོར་གྱི། །ཟས་དང་སྒྲུབ་པའི་ལོངས་སྤྱོད་རྐུ། །དེ་དག་བསྒྲལ་བའི་དམིགས་ཡིན་ཏེ། །འདོད་པས་ཉམས་པའི་མཚན་ཉིད་དོ། །བསྒྲལ་ན་ཡོན་ཏན་འདི་རྣམས་སོ། །དེ་དག་བསྒྲལ་ན་རྣལ་འབྱོར་བཙུན། །བདུད་རྣམས་བཏུལ་བས་བསྟན་པ་གཉན། །མེད་པར་བསྒྲལ་ན་བར་ཆད་ཉུང་། །དེ་ནི་བསྒྲལ་བའི་ཡོན་ཏན་ཡིན། །མ་བསྒྲལ་སྐྱོན་རྣམས་བསྟན་པ་ལ། །དམྱལ་ཁམས་འཕེལ་ཞིང་མཐོ་རིས་འགྲིབ། །གཞུང་སྤྱོད་རྣལ་འབྱོར་སྒྱིད་ལུག་ནས། །གསང་སྔགས་ཐེག་པའི་ཆོས་སྒོ་འགག །ཅེས་བརྗོད་པས། བསྒྲལ་བའི་དོན་ལ་ཤིན་ཏུ་དགྱེས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། )བསྒྲལ་བའི་དམིགས་ཀྱི་མཆོག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་ཕྱི་རབས་ཀྱི་རྣལ་འབྱོར་པས། དོན་དང་རྟགས་རྟོགས་པས་བསྒྲུབ་དགོས་པའི་ཕྱིར། དོན་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ། །ཡང་དག་དོན་གྱི་རྣལ་འབྱོར་ནི། །གཉིས་མེད་བལྟ་བ་གདེང་དུ་གྱུར། །སྤྱོད་པ་རླབས་ཆེན་ཐབས་སུ་སྤྱོད། །ཕྲིན་ལས་ཐོགས་མེད་སྙིང་རྗེར་སྤྱོད། །དམ་


DNG021_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉོན་མོངས་དུག་ལྔ་སྒྲོལ། །སྒྲུབ་པ་གཉིས་མེད་རྒྱལ་པོར་བསྒྲུབ། །ཤེས་རབ་རྣམ་གསུམ་དེམས་སུ་འཛིན། །ཕྱི་ནང་བཀའ་རྒྱུད་དོན་ལ་གསལ། །ཐེག་པ་རིམ་དགུ་བསྒྲུབ་པའི་ལམ། །ཕྱོགས་མེད་བལྟ་བ་གདེང་དུ་འཇོག །ཡེངས་སུ་མེད་པའི་བསྒོམ་པ་ལ། །དམ་ཚིག་འཇིགས་པའི་མཁར་བཞིན་ནོ། །དོན་གྱི་མན་ངག་བསྒྲུབ་ལ་གཏོང་། །ཕྱོགས་མེད་ཚུལ་ཅན་མཁས་པ་བསྟེན། །རྫས་དང་ལག་ཆ་རྟགས་སུ་འཆང་། །ངང་ཚུལ་བཟང་ལ་དོན་གཞུང་སྤྱོད། །ཏན་གཎ་ལྡེམ་པོ་དག་ཏུ་སྟོན། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །སྒྱུ་མ་འདྲ་བའི་ཚུལ་དུ་བསྒོམ། །སེམས་ནི་ཆོས་ཉིད་ངང་ལ་གནས། །ལས་སུ་བྱ་བའི་དོན་ལ་མཁས། །འཛབ་དང་ཕྱག་རྒྱའི་ངང་ལ་གནས། །ངེས་པར་བསྒྲུབས་པས་གདོན་མི་ཟ། །སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །རྫས་ཀྱི་དངོས་པོ་གཏོར་མར་སྦྱར། །རིགས་དྲུག་སེམས་ཅན་དཀྱིལ་འཁོར་མགྲོན། །ཅི་བགྱིས་བཀའ་ཉན་སྤྲུལ་པ་འགྱེད། །བཀར་ཞིང་དགུག་པའི་དམིགས་པ་ནི། །དྲག་ཤུལ་ཐབས་ཀྱི་ཕོ་ཉ་ནི། །རྫུ་འཕྲུལ་ཤུགས་ལས་ཐབས་ཀྱིས་འགྱེད། །རྣམ་རྟོག་མཚན་མ་ཐབས་ཀྱིས་འདུལ། །རྒྱུད་ལ་བློ་ཞེན་བསྒྲུབ་ལ་བརྩོན། །ཡི་དམ་ལྷ་དང་གཉིས་མེད་ན། །དེ་ལ་བར་ཆད་འབྱུང་མི་སྲིད། །ལས་སུ་བྱ་བ་ཆུད་མི་ཟ། །ཕྲིན་ལས་བྱེ་བྲག་རྣམ་པར་འབྱེད། །མཚན་མའི་རྣམ་རྟོག་ཡིད་ཀྱིས་སྤང་། །གཙང་སྨེ་མེད་པར་དོན་དུ་སྤྱོད། །བླང་དོར་མེད་པར་དོན་བསྒྲུབ་ན། །གང་ལ་དམིགས་པ་འགྲུབ་ཅེས་བཤད། །དེ་ལྟ་བུ་ཡི་དོན་ལྡན་ཞིང་། །ཚེས་བརྒྱད་ཉི་ཤུ་མར་ངོ་ལ། །དྲག་པོའི་དུས་ཚོད་ལས་སུ་ཤེས། །དྲག་པོའི་ལས་ལ་རབ་བརྩོན་ན། །ལས་སུ་བྱ་བའི་ལས་རྣམས་ནི། །མ་མོ་མཁའ་འགྲོ་བཀའ་ཉན་ཚོགས། །དེ་ཡིས་བཀོལ་ན་ཅི་ཡང་བྱེད། །བྲན་དང་བུ་བཞིན་བྱས་པས་ཉན། །དེ་ཡིས་མངག་ན་ཅི་ཡང་འགྲུབ། །དེ་ལྟར་བྱས་ན་གཞུང་བཞིན་འགྲུབ། །འཇིག་རྟེན་འདིར་ཡང་ཚེ་ལོངས་སྤྱོད། །ལེགས་པ་ཀུན་རྫོགས་དངོས་གྲུབ་སྟེར། །ཡིད་ལ་བསམ་པ་བཞིན་དུ་


DNG021_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། །ཅི་འདོད་རང་ལས་འབྱུང་བར་འགྱུར། །བདག་གཞན་ཕན་གནོད་དོན་གཉིས་འགྲུབ། །ཕན་པའི་དོན་ནི་འཇིག་རྟེན་འདིར། །སད་སེར་གཅད་དང་ཆར་ཆུ་འབེབས། །མི་ཕྱུགས་ནད་ཀྱི་རྒྱུན་ཡང་གཅོད། །གནོད་པ་སྒྲུབ་ན་འཇིག་རྟེན་འདིར། །སད་སེར་ཤྭ་ཆུ་ཐོག་གཏོང་དང་། །མི་དང་ཕྱུགས་ལ་ནད་གཏང་བ། །དེ་ཡི་གཏན་ཚིགས་སུས་ཤེས་པ། །རྣལ་འབྱོར་དེ་ནི་དོན་དང་ལྡན། །ཞེས་བརྗོད་དོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཡེ་ནས་ཡིན་པའི་དོན་དེ་ལ། ཡང་དག་པའི་དོན་ལ་སྦྱོར་བའི་རྣལ་འབྱོར་པ་ལྟ་བའི་ངེས་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ཉིད་ཀྱི་ཡེ་ཤེས་སེམས་ཀྱི་ཕུར་བུ་བསྟན་པའི་ཕྱིར། ཆོ་འཕྲུལ་རང་རྟགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དྲག་པོ་མྱ་ངན་ལས་འདས་པའི་ཕུར་བུའི་རྒྱུད་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །ཕུར་བུ་ཀུན་གྱི་རྒྱུ་རུ་གྲགས། །དོན་གྱི་ཕུར་པ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །འཁོར་བ་ངན་སོང་མྱ་ངན་བཟློག །སྡུག་བསྔལ་བྱང་ཆུབ་མྱ་ངན་ཟློ། །སེམས་ཅན་སངས་རྒྱས་མྱ་ངན་ཟློ། །ཡུལ་ནི་དབྱིངས་སུ་མྱ་ངན་ཟློ། །མཁའ་ཡི་གཏུན་ཁུང་དཀྱིལ་འཁོར་དུ། །རིགས་དྲུག་སེམས་ཅན་མྱ་ངན་ཟློ། །བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །སྣང་སྲིད་ཕུར་པའི་རྒྱུ་རུ་བྱུང་། །འབྱུང་བའི་རྒྱུ་ཡང་སེམས་ཡིན་ཏེ། །སེམས་ལས་མ་བྱུང་ཆོས་མེད་དོ། །མ་རྟོགས་དོན་ནི་འདི་རྣམས་སོ། །ལྕགས་སམ་ཤིང་བུ་མཆོག་དང་རྐང་། །གསེར་དངུལ་སྦ་འཕང་བྱ་བ་སོགས། །ཚེར་མ་ཅན་གྱི་ཤིང་དག་ལ། །ཞི་རྒྱས་དབང་དྲག་ཕུར་པ་བྱ། །དེ་ཡི་མཚན་ཉིད་གང་ཡིན་པ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོ་ལས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུའོ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཉིད་ཕུར་པའི་


DNG021_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའོ། །དེ་དག་སོ་སོའི་ངོ་བོ་ནི། །གནམ་ལྕགས་ས་ལྕགས་ཁྲོ་ཆུ་གསུམ། །མི་རྟ་བསད་པའི་མཚོན་རྩེ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །གཞན་ཡང་ཤིར་ཤིང་དྭ་མཆོག་ཤིང་ནི་སྦ་མཆོག་རྐང་། །གདུག་པ་ཅན་དང་བཀྲ་མི་ཤིས། །ཁྱོ་དགུ་ཤི་བའི་ཡུགས་ས་མོ་ཡི་འཕང་། །དེ་ལ་དྲག་པོའི་ཕུར་བུ་བྱའོ། །སྐྱེར་བ་དབྱར་བ་སྲི་ཤིང་དང་། །སྐྲིགས་ཤིང་ལ་སོགས་ཤིང་བུ་ལ། །དེ་ལ་རྒྱས་པའི་ཕུར་པ་བྱ། །འཁར་བ་ལྗོན་དམར་སེང་ལྡེང་དང་། །མཛོ་མོ་གླ་དཀར་ཚེར་མ་ཅན། །དེ་ལ་དབང་གི་ཕུར་པ་བྱ། །ཙནྡན་དཀར་པོ་ཤུག་པ་འཇག །གླ་བ་སྟར་བུ་ཤིང་རྣམས་ལ། །དེ་ལ་ཞི་བའི་ཕུར་པ་བྱའོ། །དབུ་ལ་རྒྱ་མདུད་གཞལ་ཡས་ཁང་། །པདྨ་འདབ་མ་བཞི་དང་ལྡན། །ལོགས་ལ་སེམས་མ་བཞི་བཞི་གནས། །རིགས་བཞི་རེ་ལ་བཞི་བཞིའོ། །དབུས་ཀྱི་ལྟེ་བ་ཁྲོ་རྒྱལ་གནས། །ཁྲོ་བོ་བརྒྱད་དང་ཁྲོ་མོ་བརྒྱད། །སྟག་གཡག་ལ་སོགས་འཁོར་རྣམས་དགོད། །རྒྱ་མདུད་འོག་མའི་གཞལ་ཡས་ལ། །ཧཱུཾ་ཀཱ་ར་དང་སྟོབས་པོ་ཆེ། །ཡབ་ཡུམ་སྤྲུལ་པ་ལྕམ་དྲལ་དང་། །གོའུ་རཱི་ཁྲོ་མོ་བརྒྱད་རྣམས་དང་། །དམ་ཅན་བསེ་ཡི་ལྷ་མོ་དགོད། །དྲག་པོའི་གནས་ཀྱི་ཟུར་སྟེང་དུ། །སེང་ཧ་བརྒྱད་དང་ལྕགས་ཀྱུ་དགོད། །ཟུར་གསུམ་ལོགས་ལ་སྒོ་མ་གསུམ། །དབུ་དང་རྩེ་ནི་ཡབ་ཡུམ་གཉིས། །རྡོ་རྗེ་གཞོན་ནུ་བཞུགས་པའི་གནས། །དོན་ལ་གཞལ་ཡས་ཁང་གི་རྟགས། །རྒྱ་མདུད་གཉིས་སུ་བསྟན་པ་ཡང་། །ཐབས་དང་ཤེས་རབ་གཉིས་མེད་པའི། །དབྱིངས་དང་ཡེ་ཤེས་ཆེ་བའི་རྟགས། །རྩེ་མོ་དྲག་པོ་ཟུར་གསུམ་ནི། །ཡེ་ཤེས་རྩེ་གཅིག་དྲག་པོར་བཤད། །དྲག་པོ་རྒྱས་པ་དབང་དང་ཞི། །དབྱིབས་དང་ཁ་དོག་སོ་སོར་བྱ། །རྩེ་མོ་ཟུར་གསུམ་གྲུ་བཞི་དང་། །ཟླ་གམ་ཟླུམ་པོ་དག་ཏུ་གཞོག །རབ་ཏུ་མི་སྲུན་ནགས་དག་ནས། །ཚེར་མ་ཅན་གྱི་ཤིང་དག་ལ། །རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོའི་ངོས་སུ་ཕྲིན་ལས་ནི། །སོ་སོ་རང་གི་གཞུང་བཞིན་གཞོག །ཁ་དོག་གོང་གི་རིགས་སུ་སྦྱར། །བདེ་གཤེགས་ས་བོན་ལྔ་རྣམས་ཀྱིས། །བྱིན་གྱིས་བརླབས་ཤིང་དབང་ཡང་བསྐུར། །


DNG021_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གུལ་བདུག་ཅིང་ཉུང་དཀར་བརྡེག །ར་ཁྱིའི་ཁྲག་དང་གསུར་ཆེན་གྱིས། །སོ་སོའི་སྙིང་པོ་གདོན་བཞིན་བྱུག །བྱིན་བརླབ་དབང་བསྐུར་ཤིན་ཏུ་གཅེས། །དོན་གྱི་སླད་ནི་དམ་ཚིག་བསྲུང་། །ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས། །རྒྱུད་ཀྱི་རྒྱལ་པོ་རང་བསྟན་པས། །རྒྱུ་འབྲས་མེད་པར་མྱ་ངན་འདས། །རྟོགས་པའི་དོན་ལ་གཉིས་མེད་ཀྱང་། །མ་རྟོགས་བསྒྲལ་བའི་དོན་ཆེད་དུ། །བཀའ་ལས་བྱུང་བའི་རྒྱུ་དག་ལས། །ཚུལ་དང་ལྡན་ཞིང་ལེགས་པར་བྱ། །རང་གར་བྱས་ན་བཀའ་ལས་ཉམས། །རྙེད་བཙན་བྱས་ན་བྱིན་རླབས་ཆུང་། །ངན་དགུར་ཤོམས་ན་རྟོག་པར་འགྱུར། །ཚོགས་པར་བསོག་ན་གཞུང་དང་མཐུན། །བཀའ་བཞིན་བྱས་ན་བྱིན་རླབས་ཆེ། །མདོར་ན་རྟོགས་པ་གཙོ་བོར་བྱ། །རྟོགས་པའི་དོན་རྣམས་མཐར་ཕྱིན་ན། །རྣམ་རྟོག་ལས་འདི་བྱ་བ་མིན། །དེ་སྐད་ཅེས་ནི་བཀའ་སྩལ་པས། ཕུར་པའི་རྒྱུ་དང་དཀྱིལ་འཁོར་གཞལ་ཡས་ཁང་། ཡོངས་སུ་མྱ་ངན་ལས་འདས་པར་ལ་བཟླས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕུར་པའི་རྒྱུ་དང་ཕུར་པ་ལ་ལྷ་དགོད་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བྱིན་རླབས་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེ་བའི་ཆེན་པོ་དང་དག་ཅིང་གསལ་བའི་ངོ་བོར་བསྟན་པའི་ཕྱིར། འདི་སྐད་ཅེས་བཀའ་སྩལ་ཏོ། །ཁམས་གསུམ་ཡེ་ནས་ཕུར་པའི་ངང་། །སྲིད་གསུམ་ཡེ་ནས་རྣམ་དག་ཅིང་། །ཕུར་བུ་ཡེ་ནས་མྱང་འདས་ཀྱང་། །བདེན་པ་གཉིས་ཀྱི་ཆ་ལ་གདགས། །རང་བཞིན་བཅོས་མེད་དོན་ཤེས་ཤིང་། །ཆེ་བའི་ཡེ་ཤེས་དོན་ཤེས་ན། །ཆོས་ཉིད་ངོ་བོར་བྱིན་རླབས་པའོ། །གཞན་ཡང་བྱིན་གྱིས་རློབ་པ་ནི། །ཕྱི་རབས་རྣལ་འབྱོར་མཆེད་རྣམས་ལ། །གནས་ལྔར་དཔའ་བོ་འབྲུ་ལྔ་དགོད། །ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས། །འཁོར་རྣམས་བགེགས་ཀྱིས་མི་ཚུགས་པར། །རྡོ་རྗེ་གཤོག་པས་བྱིན་བརླབ་པའོ། །ཡོ་བྱད་རྫས་ཀྱི་ངོ་བོ་ལ། །རཾ་ཡཾ་ཁཾ་གི་འབྲུ་གསུམ་གྱིས། །བསྲེག་གཏོར་སྦྱང་བྱ་རིམ་པ་བཞིན། །ཚོགས་ཆེན་རྫོགས་པའི་ཏིང་འཛིན་གྱིས། །


DNG021_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཞིང་བཅུད་དང་ལྡན་པ་རུ། །རིན་ཆེན་སྒྲོམ་བུས་བྱིན་བརླབ་པའོ། །འབྲུ་བཅུད་སྟོང་གི་ཛ་གད་ལ། །ཡི་གེ་ཏྲཱཾ་གི་འཕྲོ་འདུ་ལས། །སྐུ་མདོག་སྔོ་སངས་མཱ་མ་ཀཱི། །འབྱུང་བ་བཅུད་ལེན་ཏིང་འཛིན་གྱིས། །བསིལ་མངར་ཆབ་ཀྱི་ངོ་བོ་རུ། །དུང་ཕོར་བཅུད་ཀྱི་ཕྱག་རྒྱས་བརླབ། །བུམ་པ་ཡུམ་གྱི་ངོ་བོ་ཡི། །རིན་ཆེན་འབར་བའི་ཁང་བུ་ལྔར། །ཉོན་མོངས་ལྔ་ཡི་ངོ་བོ་ལ། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ནི། །རྩི་གྱུར་སྨན་གྱི་ཏིང་འཛིན་གྱིས། །ཡེ་ཤེས་ལྔ་ཡི་བདུད་རྩི་རུ། །བདུད་རྩི་ཐབ་སྦྱོར་ཕྱག་རྒྱ་ཡིས། །སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །རྩ་བརྒྱད་སྨན་གྱི་གཏོར་མ་སྦྱར། །རིགས་དྲུག་སེམས་ཅན་གཏོར་མགྲོན་དུ། །ཆོ་འཕྲུལ་རང་སྣང་ཏིང་འཛིན་གྱིས། །ཅི་ལྟར་མོས་པའི་རྣམ་པ་རུ། །མཆོད་སྦྱིན་འདེགས་པའི་ཕྱག་རྒྱས་བརླབ། །སྣང་བ་འོད་ཀྱི་གཞལ་ཡས་ན། །རས་ཆེན་སུམ་བསྒྲིལ་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་འཕྲོ་འདུ་ཡི། །སྣང་བ་ཆེན་པོའི་ཏིང་འཛིན་གྱིས། །ཡེ་ཤེས་གསལ་བའི་སྒྲོན་ཆེན་དུ། །ཨཱ་ལོ་ཀེ་ཡི་ཕྱག་རྒྱས་བརླབ། །འབྱོར་པ་ཚོགས་ཀྱི་ཞལ་ཟས་ལ། །རཾ་ཡཾ་ཁཾ་དང་འབྲུ་ལྔ་འགོད། །བྱིན་རླབས་རྫུ་འཕྲུལ་ཏིང་འཛིན་གྱིས། །བསྲེག་ཅིང་ལྷ་ཡི་དཀྱིལ་འཁོར་དགོད། །བདུད་རྩི་ལྔ་ཡི་ཞལ་ཟས་སུ། །རིན་ཆེན་འབར་བའི་ཕྱག་རྒྱས་བརླབ། །གཞན་ཡང་བྱིན་རླབས་རིམ་པ་ནི། །ར་ཁྱིའི་ཁྲག་དང་གསུར་ཆེན་དང་། །གུ་གུལ་སྦྱར་བའི་དུད་པ་དང་། །གོ་རོ་ཙ་ནའི་དུད་པས་བདུག །བསྒྲུབས་པའི་ཉུང་དཀར་རྒྱལ་པོ་བརྡེག །སྐུ་གསུང་ཐུགས་ཀྱི་ངོ་བོར་བརླབ། །ཨཱོཾ་བཛྲ་སྔགས་སོར་བཞག་ཙིནྡ་ཙ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷི་ཀི་པཱ་ལ་ཡ། སརྦ་དུཥྚཱ་ན་དྷཱི་ཤྭ་རཱ་ཡ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ། སྥུ་ཊ་སྥུ་ཊ། སརྦ་ན་ས་ཡ་ནི་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨུ་ཙུཥྨ་ཀྲོ་ཏ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་དུཥྚཱ་ན་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ།ན་མཿས་མནྟ་བི་ཤོ་དྷ་ཡ་བཻ་རེ་བཻ་རེ་ཧཱུཾ་ཕཊ།


DNG021_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དང་གསུང་དང་སྐུ་དང་གསུམ། །སོ་སོའི་སྔགས་དང་སྦྱར་ཞིང་བརླབ། །གསེར་དང་ལྕགས་མཆོག་སེང་ལྡེང་དང་། །གཤོག་པ་ཟངས་དང་རྭ་འཕང་རྣམས། །རིམ་པ་བཞིན་དུ་སྦྱར་བར་བྱའོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ད་ཧི་མ་མ་ཧཱུཾ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྟྭཾ་གྷྲྀ་ཧྞ་ཙ་ཏུར་ཧཱུཾ་ཕཊ། དེ་ཡི་རིམ་པའང་དེ་བཞིན་ནོ། །སྐུ་གསུང་ཐུགས་སུ་བྱིན་བརླབས་པ། །མ་བཅོས་ཆོས་ཉིད་དག་པ་ལ། །རང་བྱུང་ཡེ་ཤེས་མངོན་གསལ་ན། །དང་པོར་ཆོས་སྐུར་བྱིན་བརླབ་པའོ། །དང་པོའི་རྒྱ་མདུད་གཞལ་ཡས་ལ། །རིགས་ལྔའི་སངས་རྒྱས་འཁོར་དང་བཅས། །ལྟེ་བ་རྩིབས་དང་ལྡན་པ་ལ། །ཕྱོགས་མཚམས་ཁྲོ་བོ་འཁོར་དང་བཅས། །རྒྱ་མདུད་འོག་མའི་གཞལ་ཡས་ལ། །སྟེང་འོག་ཁྲོ་བོ་འཁོར་དང་བཅས། །གོའུ་རཱི་བརྒྱད་དང་བསེ་མོར་བཅས། །ཟུར་སྟེང་སེང་ཧ་སྟག་གདོང་བཅས། །ཟུར་གསུམ་ལོགས་ལ་སྒོ་མའི་ཚོགས། །སྤྱི་དང་རྩེ་ལ་ཡབ་ཡུམ་གཉིས། །སོ་སོའི་སྙིང་པོ་དྲན་ཙམ་གྱིས། །གཟུགས་དང་གཉིས་སུ་མེད་པར་བསམ། །གཉིས་སུ་མེད་པའི་མཆོད་པ་དང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །དམ་ཚིག་རྗེས་སུ་དྲན་པར་བསྐུལ། །གཉིས་སུ་མེད་པར་རྒྱན་རྫོགས་པར། །ལོངས་སྤྱོད་རྫོགས་སྐུར་བྱིན་བརླབ་པའོ། །ལྟེ་བ་མན་ཆད་ཟུར་གསུམ་ལ། །རོ་སྟོད་མཐིང་ནག་ཞལ་གསུམ་པོ། །རལ་པ་ཁམ་ནག་བྷྲྀ་གུ་ཏ། །གྱེན་དུ་འགྲེང་ཞིང་སྲིད་རྩེ་འབར། །བྲང་གིས་འགྲོ་དང་ཐོད་རློན་དང་། །སྟག་དང་གླང་ཆེན་ཞིང་ལྤགས་ཀྱིས། །སྐུ་དང་ཡན་ལག་ཤིན་ཏུ་བརྒྱན། །ཞལ་བགྲད་མཆེ་གཙིགས་ཤིན་ཏུ་རྔམས། །དུར་ཁྲོད་རྒྱན་བརྒྱད་མེ་དཔུང་ན། །གྲུ་གསུམ་ཨེ་ཡི་ནང་དུ་ནི། །སྐུ་སྨད་ལྕགས་ཕུར་གསུམ་པའོ། །སུམ་ཆ་ནུབ་ནས་གཡོན་ལ་གཟིགས། །ཕྱག་གཡས་དང་པོ་རྣ་ལྟག་གདེངས། །འོག་མ་རི་རབ་གནོན་ཚུལ་འཛིན། །གཡོན་གྱིས་རྡོ་རྗེ་ཁྭ་ཊྭཱཾ་འཁྲོལ། །འོག་མ་ཕུར་པ་འདེབས་པའི་ཚུལ། །བདུད་དཔུང་འཇོམས་ཤིང་ངན་སོང་སྦྱང་། །མཐུ་དང་རྫུ་འཕྲུལ་གཞན་པས་ཆེ། །རྟག་པ་ཆེན་པོར་བཞུགས་པར་བསམ། །སྤྲུལ་པའི་སྐུ་རུ་བྱིན་བརླབ་པའོ། །སྤྱི་བོར་


DNG021_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ལ་སྐེད་པར་ཧྲཱྀཿ། །རྩེ་མོའི་ངོས་སུ་ཕཊ་བསམ་ལ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །ངོས་གསུམ་ཧཱུཾ་གཞག་ཟུར་གསུམ་ཕཊ། །ཤིན་ཏུ་གསལ་ཞིང་འཚེར་བ་དང་། །སོ་སོའི་ཁྲོ་བོ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཤིང་དབང་བསྐུར་ཏེ། །ཁྲོ་བོའི་དཀྱིལ་འཁོར་དེ་དག་ཉིད། །ཕྱོགས་བཅུར་འཕྲོས་ནས་སླར་འདུས་ཏེ། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲ་འབྱིན་ཅིང་། །སྐུ་ལ་བསྡིམ་ཞིང་དབང་རྣམས་སྦྱིན། །དེ་ནས་འགྲོ་བའི་དོན་ལ་གཤེགས། །ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱིས། །སྔོན་ཆད་སྟོང་གྲོགས་བྱ་བ་རུ། །ཞལ་གྱིས་བཞེས་ཤིང་དམ་བཅས་པས། །དེ་ཡི་སྟོངས་དང་གྲོགས་མཛད་དོ། །དེ་ཡང་བདག་ཉིད་ཆེན་པོ་ལས། །ཕུར་པའང་བདག་ཉིད་ཆེན་པོ་རུ། །བྱིན་བརླབ་དབང་རྣམས་བསྐུར་བའི་ཕྱིར། །གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ལ། །ཧཱུཾ་དང་ཨཱཿནི་ཤིན་ཏུ་གསལ། །གུང་མོ་མཐེ་བོང་མཛུབ་སྲིན་དང་། །མཐེའུ་ཆུང་ལ་སོགས་གཡས་གཡོན་ལ། །ཨཱོཾ་ཧཱུཾ་ཏྲཾ་ཧྲཱྀཿཨཱཿལ་སོགས། །རིམ་པ་བཞིན་དུ་གསལ་བཀོད་ལ། །སུ་ར་སྟྭཾ་ཞེས་བརྗོད་པས། ཐལ་མོ་མཉམ་པར་སྦྱོར་རོ། །ཨོཾ་བཛྲ་ཨཉྫ་ལི་ཧཱུཾ། སོར་མོ་ཅུང་ཟད་བསྣོལ་བར་བྱ། །ཨོཾ་བཛྲ་བྷནྡྷ་ཧཱུཾ། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམ། །ས་མ་ཡ་སྟྭཾ། ཕུར་བུ་བླངས་ཏེ་ཆང་པར་བཅང་། །ལག་པའི་རྟིང་པ་ཁ་ཕྱེས་ལ། །མཐེ་བོང་གཉིས་དང་སྲིན་ལག་དང་། །མཐེའུ་ཆུང་བར་དུ་ཕུར་པ་གཞུག །མཐེ་བོ་བསྒུལ་ལ་ཕུར་པ་སྒྲིལ། །ཨཱོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། ཕྱོགས་བཅུ་བདེ་གཤེགས་སྲས་དང་བཅས། །ཞེ་སྡང་རྗེས་སུ་དྲན་པ་ཡིས། །ཉུང་འབྲུ་ཙམ་གྱི་སྐུར་འཐོན་ནས། །བར་མཚམས་མེད་པར་ཕུར་པ་ལ། །བསྡུ་ཞིང་བསྡིམ་ལ་བྱིན་གྱིས་བརླབ། །སྐུ་གསུང་ཐུགས་སུ་དབང་བསྐུར་ནས། །སོར་མོ་རྒྱབ་བསྣོལ་གུང་མོ་གཤིབ། །བསྒྲེངས་པའི་བར་དུ་ཕུར་བུ་གཟུང་། །ཨཱོཾ་བཛྲ་སཏྭ་རཱ་ཛ་ཧཱུཾ། དེ་ནས་སོར་མོ་ཕུག་ཕུག་པོར་སུག་སུག་ཀྱང་བྱས་ཏེ་རྟིང་པས་ཕུར་བུ་བཟུང་། ཨོཾ་བྷཱུ་བ་ཕཊ། དེ་ནས་སོར་མོ་རྒྱབ་བསྣོལ་ཏེ། །མཐེ་བོང་གཤིབ་པའི་ཆང་པར་གཞུག །ཨཱོཾ་ཧ་ན་ཧ་ན་དཱིཔྟ་ཙཀྲ་ཧཱུཾ་ཕཊ།


DNG021_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་བརྗོད་ཅིང་དྲིལ་བྱས་ལ། །བདག་ཉིད་སྦྱོར་བའི་གཟི་བྱིན་ཀུན། །ཕུར་པའི་སྐུ་ལ་རབ་ཞུགས་པས། །སྟོང་ཁམས་གང་བར་མེ་སྟག་འཕྲོ། །དམིགས་པ་ཐམས་ཅད་ངེས་གྲུབ་པའི། །བྱིན་དང་དབང་ཆེན་ལྡན་གྱུར་ཏེ། །ཨེ་ཡི་གདན་ལ་བཞུགས་གསོལ་ནས། །བརྡེག་ཅིང་བདུག་སྟེ་མཆོད་པས་མཆོད་དོ། །ཨཱོཾ་བཛྲ་ཡཀྴ་ཀྲོ་ཏ་ཚལ་པ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཧཱུཾ་བཻ་ཏཱ་ལཱི་ཧ་ན་ཧ་ན་ཧཱུཾ། སྔགས་དང་བཅས་པས་བརྡེག་ཅིང་བདུག །ཡིད་ལ་བརྣག་པའི་ཕྲིན་ལས་བཅོལ། །ལྷ་གསལ་འདུ་འཕྲོ་ཞི་བའི་ཚོགས་ལས་བསྐྱེད། །དབྱིངས་ནས་ཁྲོ་མོ་མངོན་ཕྱུང་ཧི་ཧི་བཞད། །དུས་གསུམ་འདུས་མ་བྱས་པའི་སྲས་མཆོག་ཀཱི་ལ་ཡ། །ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་བརྗིད་པར་ལྡན། །རྩ་བ་རྒྱ་མདུད་རིགས་ལྔའི་སྲས་དང་བཅས། །ལྟེ་བ་ཁྲོ་རྒྱལ་ཡབ་ཡུམ་ཕྱོགས་མཚམས་བརྒྱད། །སྟག་དང་བྱ་རྒོད་ལ་སོགས་འཁོར་དང་བཅས། །དབུས་ཀྱི་རྒྱ་མདུད་སྟེང་འོག་ཁྲོ་རྒྱལ་དང་། །ཡུམ་དང་སྤྲུལ་པ་བསེ་མོ་གོའུ་རིར་ལྡན། །ཟུར་སྟེང་སེང་ཧ་བརྒྱད་དང་ལྕགས་ཀྱུས་བརྒྱན། །ཟུར་གསུམ་ལོགས་ལ་སྒོ་མ་འཇིགས་གཟུགས་ལྡན། །དབུ་ཞབས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལྡན། །གཉིས་མེད་དོན་གྱིས་སེམས་ཀྱི་ངོ་བོར་སྣང་། །ཡང་ན་ཇི་ལྟར་འདུལ་བ་བཞིན། །སེམས་ཀྱི་རང་བཞིན་ཅིར་ཡང་སྣང་། །ཕུར་བུ་ལྷ་ཡི་དཀྱིལ་འཁོར་དུ། །བསྒོམ་ཞིང་བྱིན་གྱིས་བརླབ་པ་ནི། །མགོ་དང་རྩ་བ་མ་ནོར་བ། །རྒྱ་མདུད་གཉིས་དང་ཟུར་བརྒྱད་དང་། །ཟུར་གསུམ་པ་རུ་རབ་ཏུ་བཞོག །ལྕགས་དང་གསེར་དང་ཟངས་དངུལ་དང་། །ཚེར་མ་ཅན་གྱི་ཤིང་དག་ལ། །སོར་ཡང་བཅོ་བརྒྱད་བཅུ་གཉིས་དང་། །བརྒྱད་དང་ལྔ་དང་བཞི་དང་གཅིག །ནས་གང་ཚང་དང་གང་རུང་བར། །མཁས་པས་དཀྱིལ་འཁོར་རིམ་པར་འགོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧཱུཾ་ཧ་ཧེ་ཕཊ། ཛ་བྷྱོ། ཁྱི་ར་མཱཾ་སའི་དུག་གིས་བྱུག །བརྡེག་ཅིང་བདུག་པ་གོང་མ་བཞིན། །ཧཱུཾ་དང་ཛ་དང་ཕཊ་ལ་སོགས། །སྤྲོ་དང་བསྡུ་བ་ཚུལ་བཞིན་བྱ། །བྱིན་


DNG021_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་བསམ་རྒྱུད་ངེས་པར་གཞག །དབུ་ཡི་རྒྱ་མདུད་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པ་སྟེ། །རྩེ་མོ་སྤྲུལ་པའི་སྐུ་ཡིན་ཏེ། །ཁྲོ་རྒྱལ་དཔལ་ཆེན་ཡབ་ཡུམ་དང་། །ཁྲོ་རྒྱལ་འཁོར་བཅས་རིམ་བཞིན་སྤྲོ། །ཁྲོ་རྒྱལ་ཁྲག་འཐུང་སྔགས་རྣམས་ཀྱིས། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ལ། །ཡང་དག་བརྟེན་པས་བྱིན་གྱིས་བརླབ། །ཆོ་ག་གསུམ་གྱི་སྦྱོར་བ་ཡིས། །ངེས་པའི་སྙིང་པོ་འབྲུ་བཀོད་དེ། །དེ་ཡང་ཙ་ན་ཀ་ཙམ་དགོད། །འཕྲོ་འདུ་མང་པོའི་རིམ་པ་ཡིས། །སྟོང་གསུམ་འཇིག་རྟེན་ཕུར་པས་བརླག །སྙིང་རྗེས་བསྒྲལ་བའི་དམིགས་པ་ལ། །རཾ་ཡཾ་ཁཾ་གིས་རིམ་པར་སྦྱངས། །རྣམ་ཤེས་སྙིང་གི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་ཀྱི་རྩི་བཏང་སྟེ། །དཀར་ནག་མཚམས་ཀྱི་སྙིང་ལ་ནི། །དགེ་སྡིག་ལས་ཀྱི་ཤན་ཕྱེ་སྟེ། །རྣམ་པར་རྟོག་པའི་སྡིག་སྦྱངས་ནས། །རྣམ་བཞིའི་ལས་ཀྱི་གདུལ་སྦྱང་གིས། །ཉོན་མོངས་དུག་གསུམ་བཅོམ་ནས་ཀྱང་། །རྣམ་ཤེས་གསེར་ཞུན་ལྟ་བུ་དེ། །ཡཾ་གིས་བཏེགས་ནས་ཕཊ་ཀྱིས་འཕང་། །ཧཱུཾ་གིས་བསྡུས་པས་མཁའ་ལ་བསྡིམ། །རིགས་ངེས་སྲས་སུ་ངེས་པར་བྱ། །ཨོཾ་ཨཱཿཧཱུཾ་གིས་བྱིན་བརླབས་ཏེ། །སྐུ་གསུང་ཐུགས་སུ་གསལ་བྱས་ནས། །ངན་སོང་སྒོ་གསུམ་ཤིན་ཏུ་གཅད། །རྣམ་རྟོག་བསྒྲལ་བའི་ཞིང་བཅུར་བརླབ། །དེ་ཡི་རྣམ་ཤེས་ཆོས་ཀྱི་སྐུ། །རྣམ་དག་དབྱིངས་ཀྱི་ངང་དུ་བསྒོམ། །དོན་དུ་རང་སེམས་མྱ་ངན་འདས། །ཞེས་བརྗོད་པས། ཇི་ལྟར་སྣང་བ་ལྷའི་དཀྱིལ་འཁོར་སྲས་མཆོག་ཀཱི་ལ་ཡར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕུར་པའི་རང་བཞིན་དང་། ལྷ་བཀོད་ཅིང་བྱིན་གྱིས་བརླབ་པ་དང་། ཚད་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་རྣལ་འབྱོར་པས་བྱས་པ་ལ་དོན་ཡོད་པར་བྱ་བའི་ཕྱིར། རབ་ཏུ་མི་གཡོ་ཞིང་མི་འདའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཡོས་ཤིང་འདས་པའི་སྐྱོན་དང་། ཡོན་ཏན་འདི་དག་བཀའ་སྩལ་ཏོ། །མ་གཡོས་རྣམ་པ་ཆོས་ཀྱི་དབྱིངས། །དེ་ལ་བདག་རོལ་ཡེ་ཤེས་མཆོག །གཉིས་མེད་ཆོས་སྐུ་བདེ་


DNG021_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེ། །ཆེ་བའི་ཡོན་ཏན་བསམ་ཡས་པས། །མ་བཅོས་ཐིག་ལེ་ཉིད་ཀྱི་རྒྱན། །ལོངས་སྤྱོད་རྫོགས་སྐུ་མི་ཟད་གཏེར། །རྫུ་འཕྲུལ་ཐབས་ཀྱི་འོད་ཟེར་གྱིས། །ཉེས་པ་འཇོམས་ཤིང་ལེགས་པ་སྐྱོབས། །ཡོངས་ལ་ཁྱབ་ཅིང་དོག་པ་མེད། །བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །སྤྲུལ་པའི་སྐུ་སྟེ་ཀུན་ལ་ཁྱབ་པའོ། །དེ་ཡང་དུས་གསུམ་འདུས་མ་བྱས། །མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། །རང་བཞིན་མེད་པས་འདུས་མ་བྱས། །དམིགས་མེད་བརྟན་པས་རྡོ་རྗེའི་སྐུ། །གཡོས་པ་མེད་པའི་ཆོས་ཉིད་ལ། །རང་སྣང་ཡེ་ནས་ལྷུན་གྱིས་རྫོགས། །བཅོས་མེད་ཐིག་ལེ་ཆེན་པོར་གནས། །མངོན་པར་བྱང་ཆུབ་སྐུ་བསྟན་པའོ། །གཉིས་མེད་སེམས་ཀྱི་རང་བཞིན་ལ། །གཉིས་སུ་མེད་ཅིང་ཕྱོགས་ཆར་འཛིན། །བྱ་བ་མེད་ལ་ལས་རྣམས་བྱེད། །ངེས་དོན་བསྒྲུབ་ལ་ལོག་པར་མཐོང་། །སྲོག་དམ་བཀའ་དོན་ལས་ཀྱི་ཉམས། །མཚན་མས་ཉམས་དང་འདོད་པར་འགྱུར། །ཉམས་པའི་མཚན་ཉིད་བདུན་པོ་དེ། །ནམས་ཀྱང་ངན་སོང་འགྲོ་བས་ན། །དེ་དག་དོན་གྱིས་མ་བསྒྲལ་ན། །ཉམས་པ་ཆེན་པོའི་རྒྱུར་འགྱུར་ཏེ། །ཕུར་བུ་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱ་ཆེན་པོར་གྲུབ་པར་བསྒྲལ། །དོན་དམ་སྤྲོས་མེད་ཐིག་ལེར་བསྒྲལ། །དོན་དུ་སྤྱི་དང་ཁྱད་པར་གཉིས། །ལྷག་པའི་དམ་ཚིག་གསུམ་དུ་གསུངས། །སྤྱི་ཡི་དམ་ཚིག་རྟོགས་པར་བྱ། །ཁྱད་པར་དམ་ཚིག་བསྲུང་བར་བྱ། །ལྷག་པའི་དམ་ཚིག་གནས་པར་བྱའོ། །རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །དོན་དམ་གཉིས་མེད་སྟོན་པའི་སྒྲོན་མ་ལ། །བལྟ་ལོག་ངན་སེམས་རྐུ་འཕྲོག་བརྡེག་ལ་སོགས། །ངན་དུ་སྨྲ་ཞིང་གནོད་པ་དངོས་མི་བགྱིད། །དེ་དག་དངོས་སུ་བྱས་ན་དམྱལ་བར་སྐྱེའོ། །བཟླས་བརྗོད་སྔགས་དང་སྙིང་པོ་བར་མི་གཅད། །གསུང་གི་དམ་ཚིག་ཉམས་ན་དམྱལ་བར་སྐྱེའོ། །དོན་དམ་གཉིས་མེད་གཞན་ལ་སྤེལ་མི་བྱ། །རང་གསང་ཐབས་ཀྱིས་ཆོད་ནས་མ་རྟོགས་པ། །ཐུགས་ཀྱི་དམ་ཚིག་ཉམས་པས་དེ་བཞིན་ནོ། །སྦྱོར་སྒྲོལ་མ་


DNG021_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ལེན་དང་ཚིག་བརླང་རྫུན། །ཉོན་མོངས་རང་གར་སྤྱད་པས་ངན་སོང་རྒྱུའོ། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མ་རིག་ལོག་པར་མཐོང་ནས་སྤང་བར་བྱས། །མི་སྤང་དམ་ཚིག་ཉམས་པས་དེ་བཞིན་ནོ། །དྲི་ཆེན་དྲི་ཆུ་དམར་ཆེན་མཱཾ་ས་སེམས། །སོ་སོའི་རྣམ་པར་རྟོག་པ་མ་འབྱོངས་ཏེ། །ཉོན་མོངས་ལྔ་ལ་ཆགས་པའི་ངོ་བོར་སྤྱད། །གཉིས་མེད་དོན་དང་འགལ་བ་དེ་བཞིན་ནོ། །ཕུང་པོ་འབྱུང་བ་ཁ་དོག་དབང་པོ་ཡུལ། །གཉིས་མེད་བལྟ་བ་ངན་པས་སོ་སོར་བརྟགས། །ཡེ་ཤེས་ལྔ་ཡི་དོན་དང་མ་ལྡན་པས། །གཉིས་མེད་དོན་དང་འགལ་བས་དེ་བཞིན་ནོ། །དེ་བཞིན་རྡོ་རྗེའི་རིགས་དང་པདྨ་ལས། །རིགས་ཀྱི་ཁྱད་པར་ཡེ་ཤེས་ལྔར་སྣང་བ། །ཡེ་ཤེས་དམིགས་མེད་དོན་དེ་མ་རྟོགས་པས། །གྲུབ་པའི་འབྲས་བུ་མེད་པས་དམྱལ་བར་བཤད། །སྤྱི་ཡི་དམ་ཚིག་དེ་དག་གཞུང་བསྲངས་ན། །ས་གཞི་ཆེན་པོ་འདྲ་སྟེ་ཀུན་གྱི་རྟེན། །ཡིད་བཞིན་ནོར་བུ་འདྲ་སྟེ་འདོད་པ་འབྱུང་། །གཅན་གཟན་སེང་གེ་འདྲ་སྟེ་ཟིལ་གྱིས་གནོན། །དོན་གྱི་རྩ་བར་འཇིགས་པའི་མཁར་བཞིན་བསྲུང་། །འབྲས་བུ་ཡང་དག་ངེས་པར་གདོན་མི་ཟའོ། །གཞན་ཡང་ཁྱད་པར་དམ་ཚིག་རྣམ་མང་ཡང་། །མདོ་དང་དོན་དུ་ཉི་ཤུའི་དོན་དང་བསྟུན། །གཅན་གཟན་རྒྱལ་པོ་སེང་གེ་གསད་མི་བྱ། །ཟ་མ་ཏོག་ཏུ་ངན་པའི་དུག་མི་བླུག །རིན་པོ་ཆེ་ཡི་ལྕུག་མ་རྩ་མི་གཅད། །གངས་ཀྱི་ཞུན་ཆུ་ཁོལ་མ་ཡང་མི་བཏུང་། །པདྨ་རྒྱས་པའི་ཟེའུ་འབྲུ་ཁ་མི་ཕྱེ། །བུག་རྡོལ་ཅན་གྱི་སྣོད་དུ་བཅུད་མི་བླུག །མ་བརྟགས་པ་ཡི་ནོར་དང་ཟས་མི་བསྲེ། །ཤེལ་སྒོང་དཀར་པོ་རྫབ་ཏུ་བསྣུབ་མི་བྱ། །སྣོད་ངན་ནང་དུ་སེང་གེའི་འོ་མི་བཞོ། །ཡིད་བཞིན་ནོར་བུ་ཐབ་ཏུ་བསྲེག་མི་བྱ། །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག་མི་བཅག །གནམ་ལྕགས་དུར་མོས་ས་ལ་བརྡབ་མི་བྱ། །སྟག་གཟིག་རོལ་པའི་ཟས་ཀྱི་ལྷག་མི་བཟའ། །རྡོ་རྗེའི་གཏམས་པའི་བྲག་རྣམས་ཡོངས་མི་བཤིག །རྡོ་རྗེ་ར་བས་བསྐོར་བའི་གོ་མི་ཧྲལ། །མུན་པ་སེལ་བའི་སྒྲོན་མེ་ཡང་མི་གསད། །རྡོ་རྗེ་ཆུ་ཡི་འོལ་ཀ་གཅད་མི་བྱ། །རྒྱལ་པོ་རྟགས་ཀྱི་ཕྱག་རྒྱ་སྦྱིན་མི་བྱ། །རྡོ་རྗེའི་མཁར་བཟང་


DNG021_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཏམས་པའི་རྨང་མི་བཟློག །རྒྱལ་མཚན་རྩེར་བཏགས་ནོར་བུ་རིན་པོ་ཆེ། །འདོད་པར་གྱུར་པའི་མཚན་མས་དཔོག་མི་བྱའོ། །གཉིས་མེད་དོན་གྱི་མྱ་ངན་འདས་མོད་ཀྱང་། །ལོག་པར་བརྟགས་པའི་དབང་གིས་སོ་སོར་སྣང་། །ཁྱད་པར་བསྟན་པའི་དམ་ཚིག་དོན་རྣམས་ཏེ། །དངོས་སུ་ཉམས་ན་ལྗོན་ཤིང་མེས་ཚིག་བཞིན། །ཟུར་གྱིས་ཉམས་ཀྱང་གྲུབ་པའི་འབྲས་བུར་རིང་། །ཀུན་ཏུ་ཉམས་ན་བརྗོད་པའི་མཐའ་ལས་འདས། །གཞུང་དུ་བསྲུངས་ན་རང་སྣང་འབྲས་བུར་འཆར། །རྒྱུན་དུ་བསྲུངས་ན་དོན་གྱི་མན་ངག་འགྲུབ། །ལྷག་པའི་དམ་ཚིག་དོན་གྱི་གཞི་རུ་སྦྱར། །སྤྱོད་པ་རྒྱུན་དང་རང་བཞིན་ལྟ་བ་གཉིས། །གལ་མདོ་ངེས་པ་ལྟ་བ་ཉམས་དྲོད་བཞིའོ། །སྤྱོད་པ་རྒྱུན་ལ་དམ་ཚིག་བཞིར་གནས་སོ། །གཉིས་ཀྱི་དགྲ་སྤང་མྱོས་འགྱུར་དགྲ་གཞོམ་མོ། །གསང་བའི་བརྡ་བསྲུང་ལེ་ལོའི་དགྲ་སྤང་ངོ་། །རང་བཞིན་ལྟ་བའི་དམ་ཚིག་བཞིར་སྣང་ངོ་། །སྲིད་གསུམ་ཡོངས་བསྒྲལ་ཁམས་གསུམ་ཞིང་དུ་བལྟའོ། །དུག་གསུམ་རྩིར་བསྒྱུར་འཁོར་བ་གནས་བསྒྱུར་བལྟའོ། །གལ་མདོ་ངེས་པའི་དམ་ཚིག་གསུམ་དུ་སྣང་། །མ་ཁྲེལ་ཚུལ་དང་མ་ཉམས་པ་ཡི་མདོ། །མཐར་ཕྱིན་པ་ཡི་རྟགས་དང་གསུམ་དུ་བསྟན། །མ་ཉམས་པ་ཡི་མདོ་ལ་བཞི་རུ་སྣང་། །རྩ་ལག་ཟླ་དང་ཞར་གྱིས་མ་ཉམས་པ་དང་བཞིའོ། །མཐར་ཕྱིན་རྟགས་ཀྱང་དེ་བཞིན་བཞི་རུ་སྣང་། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང་། །མང་པོས་བསྐུར་ཞིང་གྲགས་པ་ཐོབ་པ་བཞིའོ། །ལྟ་བ་ཉམས་དྲོད་དམ་ཚིག་ལ་བཞིའོ། །གདལ་བ་ཆོས་ཉིད་ལྟ་བ་ཡེ་འབྱམས་སུའོ། །རིག་པ་ཡེ་ཤེས་ལྟ་བ་ཡེ་གསལ་དུའོ། །སྤྲུལ་པ་ཕྱག་རྒྱའི་ལྟ་བ་ཡེ་གནས་སུའོ། །ཁྱབ་པ་སྙིང་རྗེའི་ལྟ་བ་ཀུན་ཁྱབ་པའོ། །ལྷག་པའི་དམ་ཚིག་དོན་ལ་མ་གནས་ན། །ཅི་ལྟར་བསྙེན་ཅིང་བསྒྲུབས་ཀྱང་ཚི་ཆད་པས། །གཉིས་མེད་དོན་གྱི་ངོ་བོར་རྟོགས་པར་བྱའོ། །དོན་དམ་བསྒྲུབ་པའི་དོན་དུ་མ་ཡེངས་


DNG021_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་། །དམ་ཚིག་མ་ཉམས་གཞུང་ཡོད་ན། །འདི་དག་འགྲུབ་པར་འགྱུར་བར་ནི། །དཔལ་ཆེན་ཁྲོ་བོའི་རྒྱལ་པོས་བཤད། །ཉམས་པར་འགྱུར་བས་མི་འགྲུབ་སྟེ། །སླར་ལ་རང་སེམས་བརླག་པར་འགྱུར། །ཞེས་བརྗོད་པས། དེ་བཞིན་གཤེགས་པའི་ཁྲོ་བོའི་ཚོགས་དང་། སྤྲུལ་པ་ཡང་སྤྲུལ་དུ་བཅས་པ་ཐམས་ཅད་དམ་ཚིག་དབྱེ་བ་མེད་པ། ཕུར་བུ་མྱ་ངན་ལས་འདས་པའི་ངང་དུ་ལྷུན་གྱིས་གྲུབ་ཅིང་གནས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འགྲོ་བ་མ་ལུས་པ་དག་པར་བསྒྲལ་བ་དང་། ཕྱིན་ཅི་ལོག་ཏུ་འཁྱམས་པ་རྣམས་ཐུགས་རྗེས་གཟུང་བའི་ཕྱིར། ཞེ་སྡང་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་བཀའ་སྩལ་ཏོ། །སྲོག་དམ་བཀའ་དོན་ལས་ཀྱི་ཉམས། །མཚན་མས་ཉམས་དང་འདོད་གྱུར་ཉམས། །ཉམས་པའི་མཚན་ཉིད་བདུན་པོ་འདི། །སྐྱེ་གནས་གཅིག་ཅིང་རྒྱུ་མཐུན་ཡང་། །ཉོན་མོངས་སེམས་ཀྱིས་ལོག་པར་ཁྲིད། །བྱ་རུ་མི་རུང་ལས་ལ་བརྩོན། །ལྟ་བ་གཉེན་པོ་ཕྱལ་པར་བཏང་། །སྤྱོད་པ་ཟབ་མོ་ཐོ་ཅོར་སྤྱད། །ཏན་གཎ་ཕྲིན་ལས་འཆོལ་བར་བྱས། །ཚིག་གི་མཚན་མའམ་རྗེས་སུ་འབྲངས། །དམ་ཚིག་གཟུ་ལུམས་རས་གཅོད་བྱེད། །སྤྱི་དང་ལྷག་པའི་དམ་ལས་འདས། །མྱུར་བར་མནར་མེད་པར་ལྟུང་བས། །ཐུགས་རྗེས་བསྒྲལ་བའི་དུས་ལ་བབ། །དོན་དམ་གཉིས་མེད་ངང་དུ་བསྒྲལ། །ཕུང་པོ་ཡབ་ལ་འབྱུང་བ་ཡུམ། །མི་དགེ་ལོག་ལྟ་ཡབ་ཡུམ་བཅུ། །ཡན་ལག་ཐར་པ་སྒོ་བའི་ངང་། །རྣམ་ཤེས་དབང་པོ་དུས་དང་ཡུལ། །གོའུ་རཱི་སེང་ཧའི་ཚོགས་སུ་བསྒྲལ། །ཕུང་པོ་ལྷ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱར་བསྒྲལ་བའི་དུས་ལ་བབ། །དངོས་པོ་མཚན་མའི་རྫས་དང་རྟེན། །དངོས་མེད་བསྒྲལ་བའི་དུས་ལ་བབ། །ཁ་དོག་དབྱིབས་དང་གྲངས་དང་མིང་། །བརྗོད་མེད་བསྒྲལ་བའི་དུས་ལ་བབ། །དབང་པོ་ཡབ་ལ་ཡུལ་གཟུགས་ཡུམ། །མྱ་ངན་འདས་པར་ཤིན་ཏུ་བསྒྲལ། །


DNG021_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་བསྒྲལ་བའི་དུས་ལ་བབ། །གཞན་ཡང་བརྡེག་པའི་དུས་བསྟན་ན། །མདའ་འཕེན་ཟླ་བ་མར་ངོ་ལ། །མིག་དམར་ཕུར་བུ་གཟའ་ལྷག་གསུམ། །དར་བའི་དུས་སུ་དུས་ལ་བབ། །ཟླ་ནག་མར་གྱི་ངོ་ལ་འཇུག །གཞུང་དང་མཐུན་པའི་གནས་དག་ཏུ། །ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །རྫས་དང་ལག་ཆ་མངོན་བསགས་ལ། །དཀྱིལ་འཁོར་རྣམ་གསུམ་གཞུང་བཞིན་དུ། །གནས་ཤིང་བསྒོམས་ཏེ་བྲི་བར་བྱའོ། །བསྙེན་བསྒྲུབ་རྣམ་བཞི་ཆར་བྱས་ནས། །འཛབ་གྲངས་བསྙེན་པ་འབུམ་དུ་འདོན། །ཕོ་ཉ་ཕྱག་བརྙན་ཐབས་ཀྱིས་བཀྱེ། །ཤིན་ཏུ་གསལ་ཞིང་ཁུགས་པར་བསམ། །རབ་ཀྱིས་མངོན་དུ་ཁུགས་པར་འགྱུར། །འབྲིང་གིས་ལིངྒ་འགུལ་བར་ནུས། །འཕར་དང་ལྡེག་དང་འཚག་དང་འཁྲོལ། །ཐ་མས་ཉམས་དང་རྟགས་འོང་སྟེ། །དེ་ཚེ་བརྡེག་པའི་དུས་ལ་བབ། །དེ་མེད་བར་དུ་དུས་ཚོད་མེད། །ཆོ་ག་ཚང་བར་གྱུར་པ་དང་། །རྟགས་དེ་མངོན་དུ་བྱུང་བ་དང་། །དུས་ལ་བབ་པར་བཤད་པ་ཡིན། །ཞེས་བརྗོད་པས། དོན་གཉིས་སུ་མེད་པ་ལས། མ་རིག་པའི་དབང་གིས། འཁོར་བ་རྣམས་གཉིས་སུ་མེད་པར་བསྒྲལ་བ་དང་། ཀུན་རྫོབ་ཏུ་ཡིད་ཆེས་པར་བྱས་ནས། ངེས་པའི་དོན་གཅིག་ཏུ་གོ་བར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། དུས་དང་ཚོད་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དོན་ཐམས་ཅད་གཉིས་སུ་མེད་ཅིང་བརྗོད་ལས་འདས་པར་བསྟན་པའི་ཕྱིར། ཐམས་ཅད་མྱ་ངན་ལས་འདས་ཏེ། ངེས་པའི་དོན་གཟོད་མ་ནས་མ་སྐྱེས་པའི་དབྱིངས་ཀྱི་ལྟ་བ་འདི་སྐད་ཅེས་གསུངས་སོ། །རྣམ་པར་དག་པ་ཡུམ་གྱི་ཚུལ། །མ་སྐྱེས་མི་འགག་ཐབས་ཀྱི་སྐུ། །རིག་པའི་རྒྱལ་པོ་རང་བྱུང་བས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །ཐབས་ཀྱི་བདག་པོར་བདག་གནས་པས། །འགྲོ་ཀུན་བླ་མེད་གནས་སུ་བསྒྲལ། །ཆོས་སྐུ་རྩ་བ་སེམས་ཡིན་པས། །བརྟགས་ཤིང་དོན་དུ་རང་སེམས་བཟང་། །སེམས་ཀྱི་རྩ་བ་དོན་རྟོགས་ཤིང་། །


DNG021_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་ཀློང་དུ་དོན་མཉམ་ངང་། །གསུངས་ཤིང་བརྗོད་པས་བསྙེན་པ་ལ། །གཉིས་མེད་དོན་གསལ་ཏིང་འཛིན་ཏེ། །ལུས་ཀྱི་བསྒུལ་བསྐྱོད་ཕྱག་རྒྱའོ། །ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །སྲིད་གསུམ་འགྲོ་བའི་གདར་ཤ་བཅད། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། །མ་གདབ་བཞིན་དུ་ལྷུན་གྱིས་རྫོགས། །མཉམ་པའི་རྒྱལ་པོ་རིག་པས་གདབ། །ཕུར་པ་ཆོས་ཀྱི་དབྱིངས་ཀྱི་རྟགས། །བྱང་ཆུབ་སེམས་ཀྱི་ཕུར་པ་དེས། །གཞན་དུ་གདབ་པའི་གནས་མེད་པས། །གཉིས་མེད་མ་བཅོས་ཆོས་ཉིད་ལ། །རང་རིག་བྱང་ཆུབ་སེམས་ཀྱིས་གདབ། །ཕུར་བུ་འཛིན་ཆགས་མྱ་ངན་འདས། །རྣམ་རྟོག་གཟུང་འཛིན་དངོས་ལས་འདས། །དངོས་པོ་ཀུན་བྲལ་ཕུར་པ་ཡིས། །དངོས་པོ་ཕྱིན་ཅི་ལོག་ལ་གདབ། །དོན་ལ་གཉིས་མེད་མྱ་ངན་འདས། །གདབ་དང་མི་གདབ་གཉིས་ལས་འདས། །ཕུར་པ་སྐྱེ་བ་མེད་པའི་དོན། །མ་སྐྱེས་བརྡལ་བའི་ཕུར་པ་ཡིས། །དབྱིངས་ལ་བཏབ་པས་རིག་པ་ཤར། །སེམས་ལ་བཏབ་པས་དོན་དམ་རྟོགས། །ཁྱབ་གདལ་རང་བཞིན་ཕུར་པ་ཡིས། །སྣང་སྲིད་ཀུན་ལ་ཁྱབ་པར་གདབ། །དེ་ལྟར་རྟོགས་པས་ཐེབས་པ་ཡིན། །མངོན་དུ་གྱུར་ན་རྟོགས་པ་ཡིན། །ཚིག་ལས་འདས་པས་སངས་རྒྱས་ཡིན། །གྲངས་ལས་འདས་པས་བརྗོད་དུ་མེད། །རང་བཞིན་ཕུར་པའི་དོན་ཉིད་ནི། །ཕུར་པ་བླ་མ་ཆེན་པོའི་དོན། །ཕུར་པ་ཆོས་ཀྱི་དབྱིངས་ཞེས་བྱ། །ཕུར་པ་རིག་པའི་ཡེ་ཤེས་སོ། །ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགག་པ་མེད་པའི་དོན། །གཉིས་སུ་མེད་པར་མྱ་ངན་འདས། །ཐབས་ཀྱི་རྒྱལ་པོ་ཕུར་ཡིན་ལ། །པ་ནི་ཤེས་རབ་དགའ་བའི་དོན། །གཉིས་མེད་མཉམ་པས་རྡོ་རྗེའི་སྐུ། །ཕུར་པས་ཀུན་ཁྱབ་ནམ་མཁའ་འདྲ། །ཕུར་པས་ཁྱབ་གསལ་ཉི་ཟླ་འདྲ། །ཀུན་ལ་སྙོམས་པས་ངོ་བོར་སྣང་། །ཆོས་ཀྱི་ཆོས་ཉིད་ཕུར་པ་ཡིན། །ནམ་མཁའི་མཚན་ཉིད་ཕུར་པ་ཡིན། །སེམས་ཀྱི་སེམས་ཉིད་ཕུར་པ་ཡིན། །རྒྱུད་ཀྱི་རྒྱལ་པོ་ལུང་གི་བླ། །མན་ངག་ངེས་པའི་དོན་ཡང་ཡིན། །གཉིས་མེད་གསལ་བས་


DNG021_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཡིན། །ཕོ་ཉ་མང་པོས་འཇིག་རྟེན་བཀང་། །འཕྲལ་ལ་བཀང་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གང་བར་གནས། །གསལ་བར་བསྒོམ་པས་བཀྱེ་བ་ཡིན། །ཉམས་འོག་ཆུད་ན་བསྒྲལ་བ་ཡིན། །གཉིས་སུ་མེད་ན་སྦྱོར་བ་ཡིན། །ལྷངས་ཀྱིས་རྟོགས་ན་ཐེབས་པ་ཡིན། །ཞེས་བརྗོད་པས། ཅི་ལྟར་སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད། ཕུར་པ་མྱ་ངན་ལས་འདས་པའི་ངང་དུ་སངས་རྒྱས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ལྟ་བ་ཆོས་ཉིད་མྱ་ངན་ལས་འདས་པའི་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་བར་དུ་གཅོད་པ་འབྱུང་སྲིད་ན། དམིགས་པ་བཅས་ལ་བསྒྲུབ་དགོས་པའི་ཕྱིར། རྫས་ཀྱི་ངོ་བོ་འདི་དག་བསག་པར་གསུངས་སོ། །སྔགས་པ་རྒྱན་གྱི་ཆས་ཀྱི་རྫས། །གླང་ཆེན་ཀོ་རློན་ཞིང་གི་ཤུན། །སྟག་གི་ཤམ་བུ་སྦྲུལ་གྱི་རྒྱན། །ཐལ་ཆེན་ཞག་དང་རཀྟས་བརྒྱན། །དྲག་པོ་ལས་ཀྱི་རྫས་བསག་པ། །གཞུང་ལས་འབྱུང་བའི་ཕུར་བུ་ནི། །ནག་པོ་རིགས་ཀྱི་བྱ་བར་ཤིས། །དགྲ་བགེགས་དབང་དུ་བསྡུ་ཕྱིར་རོ། །བྱ་ཕུར་བྱ་རྒོད་གཤོག་ཏུ་གྲགས། །རྒྱབ་རྟེན་དཔུང་དང་དབྲལ་བའི་ཕྱིར། །སྐྱེར་ཕུར་གནན་པའི་ཕུར་བུར་གྲགས། །རྣམ་བཞིའི་ཕྲིན་ལས་བྱ་བའི་ཕྱིར། །མངག་པའི་ཕུར་བུ་མཆོག་ཕུར་གྲགས། །འདྲེན་ཅིང་འགུགས་པར་བྱེད་ཕྱིར་རོ། །གདབ་པར་སྣ་ལྔའི་ལྕགས་ཕུར་གྲགས། །ཉོན་མོངས་མངོན་དུ་བསྒྲལ་ཕྱིར་རོ། །དྲག་པོ་བསྒྲུབ་པའི་རྫས་སུ་བསག །དུག་དང་གུ་གུལ་ཡུངས་ཀར་གསུམ། །གསུར་ཆེན་ར་ཁྱིའི་ཁྲག་དང་གསུམ། །ཕུར་བུ་གདུག་པའི་རྫས་སུ་བསག །རབས་ཆད་མོན་གྱི་ཐོད་པ་དང་། །ར་ཁྱི་དྲེའུ་མཛོ་མོན་གྱི་ཐོད། །བརྣག་པར་བྱ་བའི་རྫས་སུ་བསག །གྲོག་མཁར་ས་དང་མི་ཕུང་ས། །གངས་ཀྱི་དུམ་བུ་ཇུ་ཚེའི་ཕུབ། །ར་ཐུག་ལུག་ཐུག་གཅིན་གྱིས་སྦྲུ། །ལིངྒ་བྱ་བའི་རྫས་སུ་བསག །ཤུན་ཆེན་གྲོ་ག་ཤོག་ཤོག་གསུམ། །མིང་རུས་


DNG021_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བའི་རྫས་སུ་བསག །སྨན་དང་པྲ་བ་སྤྲ་བ་ཡིན་ནམ་རྩག་ཆ་གསུམ། །རྐྱེན་བཟློག་སྨན་གྱི་རྫས་སུ་བསག །བྷནྡྷ་གཏོར་མ་རཀྟ་གསུམ། །མཆོད་པ་སྟོབ་པའི་རྫས་སུ་བསག །ཛ་གད་ཚེ་དང་ཚིམས་བྱེད་གསུམ། །ཀུན་ཏུ་རྒྱུ་དང་གལ་ཕྱི་ལྔ། །ཀ་ཏ་རི་ལ་ཟླ་ཚེས་བདུན། །ཟླ་ཕྲོམ་ཟླ་རྒྱས་མངར་གསུམ་རྫས། །བསྒྲུབ་པ་ཚོགས་ཀྱི་རྫས་སུ་བསག །དམར་གྱི་རཀྟ་ཟོ་བ་གང་། །མ་མོ་མཁའ་འགྲོ་བརྟེན་པའི་རྫས། །ཤེས་རབ་ཅན་གྱིས་བསག་པའི་རྫས། །མཚན་མའི་རྫས་རྣམས་ཚོགས་པ་དང་། །གཞུང་དང་མཐུན་པའི་གནས་དག་ཏུ། །གཉིས་མེད་དོན་རྟོགས་སྒྲུབ་པ་པོས། །བཀའ་བཞིན་བསྒྲུབ་ལ་ཚུལ་བཞིན་བྱ། །གཞུང་ལས་འབྱུང་བ་དེ་བྱས་ན། །རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ། །འབྲིང་གིས་ལོ་གཅིག་བར་གྱིས་འགྲུབ། །ཐ་མས་ལོ་གསུམ་ཚུན་ཆད་ཀྱིས། །གདོན་མི་ཟ་བར་འགྲུབ་པར་བཤད། །ཡན་ལག་དབང་པོ་ཉམས་ལ་སོགས། །འབྲུམ་བུ་ལྷོག་པ་རྒྱུ་གཟེར་དག །ཅི་ལྟར་དམིགས་པ་དེ་བཞིན་འོང་། །གཞན་ཡང་ཤྭ་དང་སེར་བ་དང་། །མི་ནད་ཕྱུགས་ཡམས་དེ་བཞིན་ནོ། །ཞེས་བརྗོད་པས། ཕྱི་རབས་པའི་རྣལ་འབྱོར་པས་ལས་སུ་བྱ་བའི་རྫས་དང་རྟགས་ལ་མགོ་མ་རྨོངས་ཞིང་ལས་ཀྱི་བྱ་བ་ལ་རྟེན་ཡོད་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། རྫས་དང་རྟགས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཞེ་སྡང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡས། རྒྱལ་བར་དབང་བྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ། །མི་འགྱུར་ཆོས་ཉིད་ཕྱག་རྒྱ་ལས། །མ་བཙལ་ལྷུན་རྫོགས་གསལ་བའི་རྒྱུན། །ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ཡིས། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས། །འདོད་པའི་སྤྱི་བོར་རྒྱ་མཚོར་འཁྱིལ། །སྤྲོ་ཞིང་བསྡུས་ལ་དཀྱིལ་འཁོར་བསྒྱུར། །འདོད་པའི་རྣ་བར་གཞལ་ཡས་ཁང་། །རཏྣ་ཀཱི་ལ་དབུས་སུའོ། །ཁྲོ་བོ་ཡབ་ཡུམ་འཁོར་གྱིས་བསྐོར། །ཏྲཱཾ། རཏྣ་ཀཱི་ལ་ཡ་ཡི་ཚོགས་མཆོག་ལས། །རཏྣ་ཤྲཱི་འཁོར་དང་བཅས་པ་སྤྲོ། །བསྡུས་པས་དོན་གྱི་གནས་སུ་ཐིམ། །ཏྲཱཾ།གསང་བ་གསང་


DNG021_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མྱ་ངན་འདས། །དེ་ལ་སོགས་པའི་གསང་བ་ཀུན། །དོན་དུ་བརྟག་ཅིང་མཉན་པ་ལས། །ཀུན་ལ་བསྒྲག་པར་བྱ་བ་མིན། །འདོད་པའི་སྙིང་གར་དེ་བཞིན་དུ། །བཛྲ་ཀཱི་ལ་ཡ་ཡི་ངོ་བོ་ཉིད། །འབར་བ་ཧཱུཾ་གི་ཚོགས་མཆོག་ལས། །ཁྲག་འཐུང་དཀྱིལ་འཁོར་གསལ་སྤྲོ་བསྡིམ། །ཧཱུཾ་རྒྱལ་བའི་གདུང་འཚོབ་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་ཕུར་པ་ཟུང་། །འཇིགས་བྱེད་ཁྲོ་རྒྱལ་མཉེས་མཆོད་ལ། །གཉིས་མེད་ཁྲོ་རྒྱལ་ཀུན་དང་སྦྱོར། །འདོད་པའི་ལག་ལ་དེ་བཞིན་ནོ། །ཀརྨ་ཀཱི་ལ་ཡ་ཡི་ངོ་བོ་ཉིད། །ཧ་ཡི་འབར་བའི་ཚོགས་མཆོག་ལས། །ཀརྨའི་དཀྱིལ་འཁོར་གསལ་སྤྲོ་བསྡིམ། །ཧ། ཁྱོད་ནི་ལས་རབ་ཀཱི་ལ་ཡིན། །རྣམ་བཞིའི་ཕྲིན་ལས་ཀུན་བྱོས་ཤིག །འདོད་པའི་ལྕེ་ལ་དེ་བཞིན་ཏེ། །པདྨ་ཁྲག་འཐུང་ཀཱི་ལ་ཡ། །འབར་བ་ཧྲཱྀཿཡི་ཚོགས་མཆོག་ལས། །ཧྲཱྀཿཡི་དཀྱིལ་འཁོར་གསལ་འཕྲོ་ཐིམ། །ཧྲཱྀཿབྱེ་བ་བརྒྱད་ཅུའི་སྒྲ་དབྱངས་ཀྱིས། །གང་འདོད་སྐྱེས་བུ་ཚིམ་པར་གྱིས། །ཤེས་རབ་དོན་གྱི་དམིགས་དང་སྦྱར། །ཆེ་ཆུང་དོན་གྱིས་སོ་སོར་བསྒྲག །ཡོངས་ལ་འཚལ་བར་བསྒྲག་མ་ཡིན། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །འཇིགས་བྱེད་གཞལ་ཡས་དེ་བཞིན་ཏེ། །རིགས་ཀྱི་ཁྲོ་བོའི་ངོ་བོ་ཉིད། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས། །ཁྲག་འཐུང་ལྔ་དང་ཁྲོ་ཕྲེང་བསྒོམ། །ཧཱུཾ་ཕྱོགས་བཅུའི་འཇིག་རྟེན་དུས་ཀུན་ཏུ། །སྐུ་གསུང་ཐུགས་ཀྱི་ཕུར་བུ་བཟུང་། །ཕུར་བུའི་དཀྱིལ་འཁོར་བདག་ཉིད་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །ཐམས་ཅད་ཀུན་ལ་དབང་རྣམས་བྱིན། །བདུད་རྩི་ལྔ་དང་ཕྱག་མཚན་ལྔ། །ཞིང་ཆེན་བླ་རེ་ཐལ་ཆེན་དང་། །རཀྟ་ཞག་དང་སྟག་གི་ཤམ། །རིམ་པ་བཞིན་དུ་བསྐུར་བར་བྱའོ། །ཡེ་ཤེས་ཕུར་པ་དབུ་གསུམ་པོས། །ཕྱོགས་མཚམས་མ་ལུས་བགེགས་འདུལ་བའི། །ཅི་ལྟར་འཚམས་པ་བཞིན་དུའོ། །ཨཱོཾ་ཀྲོ་ཏ་བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཕཊ། ཧཱུཾ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུཾ་ཕཊ། པདྨ་ཀུཎྜ་ལི་ཨ་བྷི་ཥིཉྩ་ཧཱུཾ་ཕཊ། དྲི་ཟ་གྲུལ་བུམ་བདེན་བྲལ་དང་། །ཆུ་ལྷ་གནོད་སྦྱིན་དབང་ལྡན་དང་། །ཉི་ཟླ་ས་བདག་ཕྱོགས་མཚམས་བཅུ། །ཅི་ལྟར་འཚམས་པ་བཞིན་དུ་ཐུལ། །རྟ་དང་མ་ཧེ་ཁྱུ་


DNG021_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་། །གསེར་དངུལ་ཟངས་ལྕགས་འཁོར་ལོར་བཅས། །སློབ་དཔོན་མཉེས་བྱེད་ཡོན་དུ་འབུལ། །པཉྩ་ལི་ཀ་གོས་ཀྱི་མཆོག །གཅན་གཟན་དར་མེན་གསེར་དང་གཡུ། །བྱ་རིགས་ཟོ་སྐྱོགས་གཟི་དང་མཆོང་། །ཡུལ་མཁར་བུ་དང་ཆུང་མ་དང་། །ལུས་དང་སྲོག་གིས་མ་ཆགས་པར། །བླ་མ་དེ་ལ་འབུལ་བར་བྱའོ། །གཞན་ཡང་དབུ་རྒྱན་ཅོད་པན་ཕྲེང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བཟའ་བཏུང་བུམ་པ་དང་། །སྙིང་པོ་ལྔ་ཡིས་དབང་བསྐུར་ནས། །དུས་འདི་ཕན་ཆད་རྡོ་རྗེའི་སྲས། །གཉེན་པོར་གྱུར་པའི་ཚུལ་འཆང་བས། །ཉོན་མོངས་ངན་སོང་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དཔལ་ཆེན་ཁྲོ་རྒྱལ་ལ་སོགས་པའི། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ལུས་སམ་ཕུང་པོར་བཅས་པ་ཡིས། །རིག་འཛིན་ས་ལ་གནས་པར་འགྱུར། །རིག་འཛིན་ས་ལ་གནས་པ་ཡིས། །བླ་མེད་ཁྲོ་རྒྱལ་ཆེན་པོར་འགྱུར། །འཁོར་ལོ་རྒྱས་འདེབས་ལ་སོགས་པའང་། །ཉིད་ཀྱི་བྱིན་གྱིས་བརླབ་པར་འགྱུར། །ཕོ་ཉ་འདུ་འཕྲོ་མང་པོ་ཀུན། །དཔལ་ཆེན་བཀའ་བཞིན་ལས་རྣམས་བྱེད། །བླ་མ་མཉེས་པར་མ་བྱས་སམ། །དབང་གི་རིམ་པ་མ་ཐོབ་པར། །ཉན་ཅིང་འཆད་ཅིང་ལས་བྱེད་པ། །ངན་སོང་གསུམ་དུ་ངེས་པར་ལྟུང་། །རང་བཞིན་མྱ་ངན་འདས་པའི་དོན། །གཉིས་མེད་དོན་གྱི་ངོ་བོ་ལ། །རང་སྣང་ལྷུན་རྫོགས་ཡེ་གནས་པའི། །ཐབས་ཀྱི་རྒྱལ་པོར་དོན་རྟོགས་ན། །དབང་གི་རྒྱལ་པོར་བདག་ཉིད་རྫོགས། །ཆོས་རྣམས་མྱ་ངན་འདས་པར་རྫོགས། །གཉིས་མེད་ཕུར་བུ་བྱང་ཆུབ་སེམས། །མཁའ་ལ་དེ་བཞིན་རོལ་པའི་སྐུའོ། །བཅོས་པ་མེད་པའི་ཆོས་ཉིད་ལ། །གཡོས་པ་མེད་པའི་ཆོས་ཉིད་ཤར། །གཉིས་མེད་རྒྱལ་པོར་དབང་མཆོག་ཐོབ། །ཅེས་བརྗོད་པས། ཐམས་ཅད་དབང་གི་རྒྱལ་པོར་མངོན་པར་སངས་རྒྱས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། དབང་སྦྱིན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་རང་བཞིན་དང་ལྷག་པའི་


DNG021_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ། །དམ་པའི་དོན་གྱི་མཉམ་སྦྱོར་ཕྱིར། །མྱ་ངན་འདས་པ་བསྒོམ་པར་བྱ། །བྱང་ཆུབ་སེམས་ནི་མངོན་སུམ་གནས། །མཚོན་དུ་མེད་པའི་ཞིང་ཁམས་ལ། །མཉམ་རྫོགས་ཆེན་པོར་ལྷུན་བསྒོམ་ཞིང་། །བདེ་ཆེན་བྱང་ཆུབ་བརྟན་པར་བཟུང་། །བྱ་བ་མྱེད་ལ་ལས་བྱེད་པ། །མི་གནས་གནས་པ་མེད་པར་བསྒོམ། །ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། །ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་རྟོག་སྣ་ཚོགས་འཛིན་པ་ཡང་། །དངོས་པོ་མེད་དབྱིངས་སྐད་ཅིག་མ། །དེ་ཉིད་རྣམ་པར་དག་པའི་ལམ། །ཕྱིན་ཅི་ལོག་ནི་ཡང་དག་སྟེ། །མ་རིག་པ་ནི་ཡེ་ཤེས་གསལ། །ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག །ཐམས་ཅད་ཡོན་ཏན་མཆོག་གི་གནས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །ངེས་པའི་དོན་དགྲོལ་བཞི་བཅུ་གཉིས། །བསྡུས་པའི་དོན་ཉིད་ཡི་གེ་ཧཱུཾ་བཅུར་འདུས། །ཧཱུཾ་གསུམ་ཨཱཿཨོཾ་གསུམ་དུ་བསྡུས། །གསུམ་པོ་དེ་ཡང་ཧཱུཾ་སྟེ་ཐིག་ལེར་འདུས། །ཐིག་ལེ་སྤྲོས་མེད་ཆོས་དབྱིངས་ངང་དུ་ཐིམ། །མི་དམིགས་སྟོང་པ་ཉིད་ཀྱང་བརྗོད་ལས་འདས། །མི་གནས་དེ་བཞིན་གཤེགས་ཀྱང་བསམ་མི་ཁྱབ། །མ་སྐྱེས་ཆོས་ཀྱི་དབྱིངས་ཀྱང་བརྗོད་ལས་འདས། །མ་འགགས་བྱང་ཆུབ་སེམས་ནི་སྐྱེ་འཇིག་མེད། །འགྲོ་མེད་འོང་མེད་གནས་པ་ཡང་མེད་དོ། །ཐུགས་རྗེའི་བྱིན་རླབས་རྣམ་པར་འཕྲོ། །དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་གསལ། །དབྱིངས་ལས་དབྱིངས་ཀྱི་ཡེ་ཤེས་སྦྱོར་བས་ན། །བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་བརྗོད་མི་ལང་། །དོན་དམ་གཅིག་ལས་མ་གཡོས་ཀྱང་། །དོན་གྱི་གཞལ་ཡས་དཀྱིལ་འཁོར་གཉིས། །དོན་ཉིད་མ་གོ་དྲང་བར་ཟད། །གཞལ་ཡས་རང་བཞིན་བཞི་རུ་གསལ། །ཆོས་ཉིད་རང་བཞིན་གཞལ་ཡས་དང་། །གཉིས་མེད་ཡུམ་གྱི་གཞལ་


DNG021_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་དང་། །ཡིད་བཞིན་ལྷ་ཡི་གཞལ་ཡས་དང་། །འཇིགས་བྱེད་འབར་བའི་གཞལ་ཡས་སོ། །ཅི་ལྟར་སྣང་བའི་རྫས་ལ་བརྟེན། །ཡི་གེ་རཾ་གྱི་འཕྲོ་འདུ་ལས། །རཾ་གྱིས་བསྲེག་ལ་ཡཾ་གིས་གཏོར། །ཡེ་ཤེས་འབར་བའི་ཁཾ་གིས་བཀྲུས། །རང་བཞིན་ཆོས་ཉིད་ངང་དུ་དག །འབྱུང་བ་ཤེས་རབ་ཡུམ་གྱི་དབྱིངས། །རང་བཞིན་དུས་གསུམ་འདུས་མ་བྱས། །རང་བཞིན་ཆོས་དབྱིངས་གཞལ་ཡས་སོ། །རཾ་ཡཾ་ཁཾ། ཨེ་ནི་མི་དམིགས་དོན་གྱི་ཁཾ། །ཡཾ་ལས་བརྟེན་པའི་ས་བོན་བྱུང་། །བཾ་ལས་ཆུ་བྱུང་མཱ་མ་ཀཱིས། །སུཾ་ལས་རིན་ཆེན་བྱེ་བ་ཡས། །ལཾ་ལས་རིན་ཆེན་སྣ་ཚོགས་གླིང་། །བྷྲཱུཾ་ལས་ཡིད་བཞིན་གཞལ་ཡས་ཁང་། །ཏཱ་ལའི་སྐྱེ་ཤིང་ཅོང་ཅོང་འཁྲིལ། །ཡིད་བཞིན་རིན་ཆེན་བཀྲག་གསལ་འབར། །ལྔ་ལྔའི་གཞའ་ཚོན་སྤྲིན་རུམ་ཡས། །རིན་ཆེན་རྒྱན་གྱིས་ཤིན་ཏུ་སྤྲས། །ཆུན་འཕྱངས་དྲིལ་བུ་ཟ་ར་ཚགས། །བླ་རེ་རྒྱལ་མཚན་འཕན་དང་གདུགས། །རིན་ཆེན་གསེར་གྱི་ཁྲི་རྐང་བཞི། །ཆགས་མེད་པདྨ་ཁ་སྟོང་རྒྱས། །དྲི་མེད་འོད་གསལ་ཉི་ཟླ་བརྡལ། །མི་འཇིགས་སྟོབས་དང་རྫུ་འཕྲུལ་དང་། །ཕྲིན་ལས་ལ་སོགས་འདུས་མ་བྱས། །དཀར་དམར་སེར་དང་ལྗང་གུ་འཚེར། །དབྱིབས་དང་ཁ་དོག་དཔག་ལས་འདས། །ཕྱི་དང་ནང་མེད་ཕྱོགས་དང་བྲལ། །དམིགས་པར་སྣང་ཡང་དམིགས་སུ་མེད། །གཞལ་ཡས་ཡིད་བཞིན་ལྷུན་གྱིས་གྲུབ། །ཡིད་བཞིན་ལྷ་ཡི་གཞལ་ཡས་སོ། །ཨེ་ཡཾ་བཾ་སུཾ་བྷྲཱུཾ་བི་ཤྭ་བི་ཤུདྡྷེ། མཐིང་ནག་གྲུ་གསུམ་ཨེ་ཡི་ངང་། །རླུང་ནག་འཚུབས་མ་རྡོ་རྗེའི་བྲག །རཀྟའི་རྒྱ་མཚོ་ཞམ་ཆུ་འབབ། །ཤ་ཆེན་ས་གཞི་ཞིང་ཆེན་སྣོད། །ཀེང་རུས་རི་རབ་ཁྲག་ཞག་ཆུ། །བྷནྡྷ་འབར་བས་ཁ་ཏ་ལི། །བི་བྷྲཱུཾ་སྨུག་ནག་ཤིན་ཏུ་འབར། །དབང་པོའི་གསེབ་ནས་སྦྲུལ་ནག་རྒྱུ། །སྦྲུལ་གྱི་ལྕེ་ལས་མེ་ཆེན་འབར། །དཀར་དམར་སྤྲོ་བ་དེ་བཞིན་རྒྱུ། །མཆོག་ཆེན་ཀ་གདུང་ཞིང་ཆེན་ཕྱམ། །གནམ་ལྕགས་ཐོག་གཟེར་རྒྱན་རྣམས་རྫོགས། །མ་ཧེ་གླང་རྒོད་སྟག་དང་གཟིག །གཏུམ་པ་དོམ་གྱིས་སྤྲས་པའོ། །ཉི་


DNG021_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་འོད་ཀྱིས་བརྒྱན་པ་སྟེ། །འཇིགས་བྱེད་འབར་བའི་གཞལ་ཡས་སོ། །ཨེ་ཀརྨ་རཀྴ་རཀྟ་ཛྭ་ལ། བཾ་ཏཱིཀྵྞ་ཛྭ་ལ། ཀེང་ནི་རི་ཏི་ཛྭ་ལ། བཾ་ཁ་ཏ་ལི་བྷི་བྷྲཱུཾ། རཾ་ཨ་མྲྀ་ཏ་དྷི། ཏི་ར་བཾ། འབྱུང་ཆེན་ལྔ་ཉིད་ཡུམ་ལྔའི་ངང་། །རང་བཞིན་འདུས་མ་བྱས་པ་ཡུམ་གྱི་ཀློང་། །ས་ཆུ་མེ་རླུང་ནམ་མཁའི་རང་བཞིན་ལྔ། །ཡུམ་ཆེན་ལྔ་དང་རང་བཞིན་གཉིས་སུ་མེད། །གཉིས་མེད་ཡུམ་གྱི་རང་བཞིན་བརྗོད་ལས་འདས། །དེས་ནི་རང་བཞིན་ཏིང་འཛིན་དང་། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་བསྟན། །རང་བཞིན་དཀྱིལ་འཁོར་གདོད་ནས་དག །ཡིད་བཞིན་དཀྱིལ་འཁོར་དབུ་ལ་གསལ། །འཇིགས་བྱེད་དཀྱིལ་འཁོར་གཞལ་ཡས་ཁང་། །ཡུམ་གྱི་དཀྱིལ་འཁོར་གཉིས་སུ་མེད། །ཡང་ན་དཀྱིལ་འཁོར་དངོས་སུ་སྟེ། །མ་རིག་རྨོངས་ལ་བསྟན་ཕྱིར་ཏེ། །སེམས་ཉིད་དྲག་པོའི་དཀྱིལ་འཁོར་ཏེ། །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །མཐོ་གང་སོར་བཞི་གང་རུང་ཚད། །བྱས་ལ་དམ་རྫས་ཆག་ཆག་གདབ། །ཚོན་རྩི་བརླབ་ཅིང་སྲད་བུས་གདབ། །བྲི་ཞིང་ཕུར་བུ་རིམ་བཞིན་དགོད། །ཡང་ན་ས་གཞི་སྙེམས་པ་ལ། །འབར་བའི་དཀྱིལ་འཁོར་ཆེན་པོ་སྟེ། །སོར་བཞི་འདོམ་གང་ཚད་དུ་བྱ། །བྱིན་བརླབ་ཐིག་གདབ་དེ་བཞིན་ཏེ། །སོ་སོའི་གཞུང་དང་མཐུན་པར་བྲི། །གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོས་བསྐོར། །ཐ་མ་རྡོ་རྗེ་བྲག་དང་འཁོར་ལོས་བསྐོར། །བར་ཁྱམས་གཉིས་དང་སྒོ་ཁྱུད་ལྡན་པར་བྲི། །ཕུར་བུ་བྷན་དྷ་གསལ་བྱེད་གཏོར་མར་བཅས། །སོ་སོའི་གཞུང་དང་མཐུན་པར་དགོད། །ཧཱུཾ་གྲུ་གསུམ་མཐིང་ནག་གཞལ་ཡས་ཁང་། །ཟླ་གམ་དམར་པོ་དབང་གི་ཚུལ། །ཟླུམ་པོ་གྲུ་བཞི་རྒྱས་པ་སྟེ། །འབར་བའི་འཁོར་ལོ་རྩིབས་བརྒྱད་འཁྲུགས། །དམར་སེར་དབང་རྒྱས་མངོན་པར་བསྟན། །སྒོ་རིགས་མཐིང་ནག་མི་འགྱུར་རྟགས། །ཞེས་བརྗོད་པས། ཐམས་ཅད་ཉིད་ཀྱི་གཞལ་ཡས་ཁང་དུ་སངས་རྒྱས་ཏེ། མྱ་ངན་ལས་འདས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས།


DNG021_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དྲུག་གི་དོན་ངེས་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དཔལ་ཀཱི་ལ་ཡས། ཚེ་མཐའ་ཡས་སུ་སྤྲུལ་ནས། འདི་སྐད་ཅེས་བརྗོད་དོ། །མྱ་ངན་ལས་ལ་རྟག་བསྡུས་ཏེ། །ཚེ་དབང་ཆེན་པོའི་གནས་དག་ནི། །འཁོར་ལོའི་གནམ་ལ་པདྨའི་ས། །དབྱིབས་འདྲའི་ས་གཞི་རབ་ཏུ་བརྟག །རི་བོ་ཆེན་པོ་རབ་དབེན་པ། །ཡིད་འོང་མེ་ཏོག་རྒྱས་པར་བསྒྲུབ། །ཡང་ན་སྡོང་གཅིག་མེ་རེག་དང་། །ལུང་གསུམ་མདོ་དང་དུར་ཁྲོད་གནས། །འབབ་ཆུ་ཆེན་པོའི་ངོས་སུ་བསྒྲུབ། །ལྷ་རྣམས་ཉེ་བར་བྱ་བ་དང་། །གདོན་རྣམས་ཞི་བར་བྱ་བ་དང་། །སྲིད་རྩེའི་ཉེས་དམིགས་བསལ་བའི་ཕྱིར། །ཕྱི་ཡི་གཏོར་མ་བཏང་ནས་ནི། །རབ་ཏུ་གསང་སྟེ་དམ་རྫས་བསག །དུར་ཁྲོད་བདག་པོ་མ་ཏྲཾ་ནི། །བརྗིད་པའི་སྟབས་ཀྱིས་གནན་པར་བྱ། །བྷ་ག་ཨེ་ཡི་དཀྱིལ་འཁོར་ལ། །རྡོ་རྗེའི་བྲག་གིས་རབ་ཏུ་གཏམས། །ཟླ་གམ་བཞི་དང་འཁོར་ལོ་བརྒྱད། །གྲུ་བཞི་སྒོ་ཁྱུད་ལྡན་པར་བྱ། །མཆོག་ཆེན་ཕུར་པ་རབ་བསྔགས་ཏེ། །སྒོ་བཞི་དག་ཏུ་རེ་རེ་གཟུག །ཁྲོ་བོའི་ཕུར་པ་མང་པོ་ཀུན། །གྲྭ་ཡི་ཕྱོགས་སུ་སྤུངས་ལ་གཞག །ཡང་ན་རྫས་དང་ཕུར་པ་ཀུན། །སྣང་བའི་འོད་དང་བཅས་པར་འགོད། །ཏིང་འཛིན་ཡེ་ཤེས་གསལ་བྱའི་ཕྱིར། །དམིགས་པའི་རྟེན་ཡང་མངོན་པར་གཞག །གཞན་ཡང་འབྲུ་ལྔ་སྙིང་པོ་ལྔ། །མངར་གསུམ་སྐྱུར་གསུམ་ཉུང་དཀར་སོག །རིན་ཆེན་བུམ་པར་བསགས་ཏེ་གཞག །བལྟ་བ་སྤྱོད་པ་མཐར་ཕྱིན་ཅིང་། །ལུང་དང་མན་ངག་ཚད་མས་བརྒྱན། །དད་པ་མི་ལྡོག་དམ་ཚིག་གནས། །བྱང་ཆུབ་སེམས་ལ་རབ་གཞོལ་ཏེ། །བྱམས་དང་སྙིང་རྗེ་ལྡན་པས་བསྒྲུབ། །སྟོང་པ་ཆེན་པོའི་ཡེ་ཤེས་ནི། །རྣམ་པར་མི་རྟོག་ལས་ལས་འདས། །དེ་ནི་མི་འགྱུར་བྱང་ཆུབ་སེམས། །མཁའ་ལ་དེ་བཞིན་རོལ་མོའི་སྐུ། །ཨེ་ཡི་དཀྱིལ་འཁོར་ལ་གནས་པའི། །བདག་ཉིད་ཆེན་པོ་ཧེ་རུ་ཀ །ཆེ་བའི་ཡེ་ཤེས་ཁྱད་པར་ལས། །པདྨ་བཛྲ་བུཌྜྷའི་འཁོར། །རཏྣ་ཀརྨ་འཁོར་དང་བཅས། །གཞལ་ཡས་བུམ་པའི་ནང་དུ་བསྐྱེད། །པདྨ་ཀཱི་


DNG021_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡ་ཨཱཾ། བཛྲ་ཀཱི་ལ་ཡ་ཧཱུཾ། བུཌྜྷ་ཀཱི་ལ་ཡ་ཨཱོཾ། རཏྣ་ཀཱི་ལ་ཡ་སྭཱ། ཀརྨ་ཀཱི་ལ་ཡ་ཧཱ། གཞན་གྱིས་མི་ཐུབ་གཤིན་རྗེ་གཤེད། །ཧ་ཡ་གྲཱི་བ་འདོད་པའི་རྒྱལ། །བདུད་རྩི་འཁྱིལ་དང་སྟོབས་པོ་ཆེ། །མི་གཡོ་མགོན་དང་རྣམ་པར་རྒྱལ། །ཧཱུཾ་མཛད་ཁམས་གསུམ་རྒྱལ་བར་བསྟན། ཧཱུཾ་བཛྲ་ཀཱི་ལི་ཀཱི་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་གརྫ་གརྫ་ཧཱུཾ་ཕཊ། བི་ཛ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ནཱི་ལ་དཎྜ་ད་ཧ་ད་ཧ་ཧཱུཾ་ཕཊ། ཡ་མཱནྟ་ཀ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱརྻ་ཨ་ཙ་ལ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨ་པ་ར་ཛི་ཏ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཀུཎྜ་ལི་ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། ཏྲཻ་ལོཀྱ་བི་ཛ་ཡ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། མ་ཧཱ་བ་ལ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨེ་ཀ་ཙ་ཏི་གསང་བའི་ཡུམ། །ཡ་མཚན་བྱིན་རླབས་ཆེན་པོ་ལས། །སྙེམས་མ་སྟག་དང་བྱ་རྒོད་མགོ། །མ་ལུས་འཁོར་བཅས་འབར་བར་གྱུར། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ལས། །ཕོ་ཉ་དཔུང་ཚོགས་ཉི་ཤུ་ནི། །གཅིག་ལ་ཡང་གསུམ་གསུམ་དྲུག་ཅུར་བསྟན། །ཐམས་ཅད་འཛིན་ཅིང་ལེན་པར་བྱེད། །དེ་ནི་རབ་ཏུ་མངག་བྱ་བའོ། །སྨེ་བ་ཅན་གྱི་མཐུ་ཆེན་ཏེ། །བུ་མོ་ལོ་གྲངས་ཉི་ཤུ་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་ནས། །རྣམ་གསུམ་དག་ཏུ་ནན་ཏན་བྱ། །རིན་ཆེན་སྣ་ལྔའི་བུམ་པ་ལ། །ཛཿཧཱུཾ་བཾ་ཧོཿབཞིས་བཀུག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག །ལུས་ངག་ཡིད་ལ་བསྡིམ་པར་བྱ། །ནྲྀ་ཉིད་དངོས་སམ་ཡིད་བཞིན་མཛོད། །བུམ་པའི་མཆོག་ནི་བཟང་པོ་ཡིས། །ཚེ་བཞག་གནས་ནི་དེ་ཡིན་ཏེ། །ཡང་ནས་ཡང་དུ་བཀུག་བྱས་ན། །མངོན་སུམ་སྨིན་པར་གྱུར་པ་དང་། །དབྱིངས་སུ་ཡང་ན་སྦ་བར་བྱའོ། །རྡོ་རྗེའི་གོ་ཆ་བསྲུང་བ་ཡིས། །བརྟན་ཞིང་འཁོར་ལོས་གདབ་པར་བྱ། །སྙིང་པོ་འབྲུ་ལྔའི་ནང་དུ་བསྡིམ། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །རྒྱལ་པོ་ཚེ་དཔག་མེད་པར་བསྒོམ། །སྐུ་མཆོག་གངས་རི་འཚེར་བ་ལ། །རྒྱན་ཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཡིད་བཞིན་རིན་ཆེན་ཕྲེང་བ་དང་། །


DNG021_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་མ་ཏོག་དང་རིན་ཆེན་རྒྱལ། །བུམ་པ་བཟང་ལ་སོགས་པ་ཡིས། །གཞན་ལ་འགྲོ་བའི་དོན་བྱ་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །བགེགས་ཀྱིས་ནྲྀ་རྣམས་མི་སྟེར་ན། །ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །སྒྲ་སྐད་དྲག་པོ་བཏོན་ནས་ནི། །ཐམས་ཅད་མ་ལུས་ཐུལ་བར་བྱ། །ཚེ་དཔག་མེད་པའི་དབང་དུ་བསྒྲུབ། །ཚེ་བསྙེན་དང་ནི་ཉེ་བསྙེན་དང་། །ཚེ་བསྒྲུབ་དང་ནི་བསྒྲུབ་ཆེན་པོ། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །ཅི་འདོད་ལས་རྣམས་འགྲུབ་པར་འགྱུར། །ཚེ་ཡི་དབང་མོ་རྒྱུད་འཕེལ་མ། །དཀར་མོའི་མདོག་ལ་འོད་འཕྲོར་གྱུར། །ཕྱག་ན་རིན་ཆེན་གང་བ་ཡི། །ཕྱག་རྒྱ་སྣ་ཚོགས་ཅིར་ཡང་འགྱུར། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གནས་པའི་འགྲོ་དྲུག་མ་ལུས་ལ། །ཕན་པའི་ཚེ་དབང་འདི་སྦྱིན་ནོ། །དེ་ལས་ཕན་པའི་ནུས་མཐུ་མེད། །ཡི་གེ་བཟླས་པའི་འཕྲུལ་ཆེན་ནི། །རྣམ་གསུམ་ཚུལ་གྱིས་མ་འཁྲུགས་པར། །སྔགས་བཟླས་ཆོ་ག་བར་མི་གཅད། །འདྲིས་གསལ་བརྟན་པའི་མཆོག་གིས་བྱ། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། སྭཱ་སྭཱ་སྭཱ་སྭཱ་སྭཱ། ཨཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾ། ཧཱཾ་ཧཱཾ་ཧཱཾ་ཧཱཾ་ཧཱཾ། བྷྲཱུཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ཨཱ་ཨཱ་ཨཱ་ཨཱ་ཨཱ། ཡུ་ཡུ་ཡུ་ཡུ་ཡུ། ཥེ་ཥེ་ཥེ་ཥེ་ཥེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨ་ཨ་ཨ་ཨ་ཨ། ཨཱོཾ་ཚེ་རྣམས་དབང་དུ་མ་གྱུར་ན། །བདེ་གཤེགས་ལྔ་ཡང་ཚེ་དཔག་མེད། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཀྱིས། །འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས། །འགྲོ་ལྔའི་ཚེ་རྣམས་དབང་དུ་སྡུད། །གཤོལ་དང་གཏུན་ཤིང་ཕྱག་རྒྱ་ཡིས། །འོག་གི་འཇིག་རྟེན་ཁམས་དཀྲུག་ནས། །གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ། །སྙིང་པོ་ལྔ་ལ་བསྡིམ་པར་བྱ། །ཕྱག་རྒྱའི་འཁོར་ལོ་ཆེན་པོ་ཡིས། །སྟེང་གི་འཇིག་རྟེན་ཁམས་དཀྲུག་སྟེ། །དབང་ཕྱུག་ལྷ་ཆེན་ལ་སོགས་དང་། །བར་སྣང་བགེགས་རྣམས་རྒྱུ་བ་ལ། །ནྲྀ་ཚེ་རབ་ཏུ་དགུག་པར་བྱ། །འཁོར་ལོའི་འབྲུ་ལ་བསྡིམ་ནས་ནི། །དེ་ནས་ཡི་


DNG021_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གེ་འབྲུ་ལྔ་སྟེ། །ནྲྀ་ཡི་གནས་ལྔར་བསྡིམ་པར་བྱའོ། །ཨཱོཾ་བཛྲ་ཀཱ་བཱ་ཙ་བཛྲ་རཀྵ་ཧཱུཾ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷི་ཏིཥྛ་བཛྲ་སྭཱ་ཧཱ། ཕྱག་རྒྱ་སྲུང་བའི་ཆོ་ག་སྟེ། །འབྲུ་ལྔ་ཡི་གེ་འབྲུ་གཅིག་སྟེ། །འབྲུ་གཅིག་མི་དམིགས་དབྱིངས་སུ་ཐིམ། །ཨ། ཡིད་བཞིན་བུམ་པ་རིན་པོ་ཆེ། །རྒྱན་དང་རིན་ཆེན་ཕྲེང་བས་བརྒྱན། །རིན་ཆེན་ལྔ་དང་སྨན་ལྔ་དང་། །འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྔགས་མཁན་རབ་ལྡན་བློ་བརྟན་པས། །ཡན་ལག་མ་ཉམས་སྔགས་བཟླས་བསྒོམ། །རྒྱན་ཆ་ལྔ་དང་ལྡན་བྱས་ནས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་རིགས་ཀྱི་བུ་མཆོག་དེས། །ཡོ་བྱད་མ་ལུས་ལྡན་བྱས་ནས། །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །རྣམ་རྟོག་ལས་ཀྱིས་འཁོར་བ་རྣམས། །རྣལ་འབྱོར་དབང་ཕྱུག་ཐབས་མཁས་པས། །འཁོར་བའི་དྲ་བ་བཀྲོལ་ནས་ནི། །ཡབ་ཡུམ་གཉིས་མེད་མཁའ་ལ་བསྒྲལ། །སྒྲུབ་པ་པོ་ཡི་ལས་སུ་ནི། །བརྟུལ་ཞུགས་བསྐྱོད་དེ་སྦྱོར་སྒྲོལ་བརྩམ། །དེ་དག་སྔགས་ཀྱི་དམ་ཚིག་སྟེ། །མིང་གིས་མི་བྱ་མི་རུང་ངོ་། །གལ་ཏེ་བྱས་ན་ལྟུང་བར་འགྱུར། །མ་བྱས་ན་ཡང་ལྟུང་བར་འགྱུར། །རབ་བརྟགས་བསྒོམས་ཏེ་བྱ་བར་གསུངས། །རབ་བསྐྱེད་སྤྱན་དྲང་མཆོད་བྱས་ནས། །བསྙེན་པ་གཞུང་བཞིན་བརྩོན་པར་བྱའོ། །བདུན་ནམ་བདུན་འབུམ་བཟླས་ན་ནི། །མ་བཏབ་བཞིན་དུ་ལས་རྣམས་འགྲུབ། །ཉིན་མཚན་གུང་ལ་རབ་མངགས་ནས། །གཟུགས་ལ་ཕབ་སྟེ་བཅིངས་ལ་བཞག །བསྒྲུབ་པའི་ཞག་གྲངས་ཚང་བ་དང་། །མཚན་མ་བཟང་པོ་བྱུང་བ་ན། །ཏིང་འཛིན་བསར་ཏེ་རབ་ཏུ་གདབ། །མགོ་དང་ཙིཏྟ་ལྟེ་བ་དང་། །གསང་གནས་ཡན་ལག་བཞི་ལ་གདབ། །བདེན་པ་བདར་ནས་ཡང་དང་ཡང་། །གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་དུ། །བཅུ་གཅིག་དང་ནི་རྩ་གཅིག་གིས། །མནན་ཅིང་གཟིར་བའང་དེ་བཞིན་ནོ། །དེ་ནས་རབ་ཏུ་དངོས་གྲུབ་བླང་། །གཏོར་མ་ཚོ་གསུམ་


DNG021_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དགྱེ། །བསྡུ་དང་བསྲུང་བ་དེ་བཞིན་ཏེ། །རིགས་མི་ནུབ་པར་བསྐྱེད་པར་བྱའོ། །ཞེས་གསུངས་པས། བསྒྲལ་བས་རྟག་ཆད་གཉིས་སུ་མེད་པའི་ངང་དུ་སངས་རྒྱས་ནས་མྱ་ངན་ལས་འདས་ཏེ། སྐྱེ་མེད་ཚེའི་ངོ་བོར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཚེ་བསྒྲུབ་ཅིང་དོན་བསྒྲལ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བསྟན་པ་ལ་ཁྲོ་བོ་རྔམ་པའི་ཚིག་ཏུ་བསྒྲགས་ནས། འདི་སྐད་ཅེས་བརྗོད་དོ། །མྱ་ངན་ལས་འདས་སྙིང་པོ་འདི། །མཚན་མས་བཙལ་བ་མ་ཡིན་གྱིས། །དག་པ་རྣམ་གསུམ་མ་ནོར་ཞིང་། །རང་རིག་རྒྱལ་པོ་གོམས་པ་ཡིས། །མྱ་ངན་འདས་འདི་རྙེད་པར་འགྱུར། །དྲག་པོ་གཏུམ་པོ་བསྒྲུབ་པ་ནི། །གནོད་གདུག་རྣམ་གཉིས་བསྒྲལ་བའི་ཕྱིར། །གཞུང་དང་མཐུན་པའི་གནས་དག་ཏུ། །ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །བྱམས་དང་སྙིང་རྗེ་སྔོན་བཏང་ནས། །སྲིད་པའི་ཕུར་བུ་བསྒྲུབ་པར་བྱའོ། །གོང་གི་ཕུར་བུའི་རྒྱུ་དག་ལ། །རིང་ཐུང་མགོ་མཇུག་ཚད་མཉམ་སྟེ། །སྐེད་པ་རྒྱ་མདུད་དྲག་པོ་ལ། །རྩེ་མོ་ཆུ་སྲིན་ཁ་ནས་དབྱུང་། །བཅུ་གཅིག་བདུན་གསུམ་རྩ་གཅིག་པོས། །མཁས་པས་བྱིན་གྱིས་བརླབ་པར་བྱའོ། །གོང་མ་དེ་དང་ཚད་གཅིག་སྟེ། །མི་བརྗེད་གཟུངས་ལ་གདགས་པར་བྱ། །དྲག་པོའི་བསྙེན་པ་དབུལ་བར་བྱའོ། །དཀྱིལ་འཁོར་ཡུམ་གྱི་དབྱིངས་འདྲ་ལ། །ཟླ་གམ་གསུམ་གྱིས་མཐའ་བསྐོར་ཏེ། །རྫས་ལ་སོགས་པ་དགྲམ་པར་བྱའོ། །དབང་དྲག་འདྲེས་པའི་གཟུགས་ཅན་ལ། །བྱིན་བརླབ་དབང་བསྐུར་གཟི་བསྐྱེད་ལ། །གདན་ལ་བཞུགས་སུ་གསོལ་བ་གདབ། །ཉེ་བར་བྱ་ཕྱིར་བསྙེན་པ་འབུལ། །མི་རྟོག་ཀུན་སྣང་རྒྱུ་བསྒོམས་ཏེ། །སེམས་ཀྱི་དཀྱིལ་འཁོར་ཆགས་གྱུར་པས། །མཐིང་ནག་ཧཱུཾ་གི་འཕྲོ་འདུ་ལས། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ནི། །མི་བཟད་འབར་བ་རྡོ་རྗེའི་སྐུ། །ཕུར་བུ་ཁྲོ་བོའི་འཁོར་གྱིས་བསྐོར། །བྷ་ག་ལ་ནི་ལིངྒ་བཞག །མཚན་མ་མིང་དུ་བཅས་པར་བྱའོ། །ཁྲོ་བོའི་


DNG021_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནི་གང་ཡང་རུང་། །ལན་གསུམ་ལན་བདུན་རྟོག་བསྒོམ་ཞིང་། །མངོན་དུ་བྱུང་བའི་རྒྱ་འབར་ཏེ། །བདག་ཉིད་དཀྱིལ་འཁོར་ལྷར་གྱུར་ཏེ། །མི་བསྐྱོད་དབྱིངས་ལས་མ་གཡོས་ཀྱང་། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཞེ་སྡང་རྡོ་རྗེའི་སྐུ་ཕྱུང་ནས། །མ་ཏྲཾ་ལ་སོགས་བསྒྲལ་བར་བྱའོ། །རྡོ་རྗེ་བ་སྤུ་ཉག་རེ་ལས། །ཁྲོ་བོ་བྱེ་བ་འབུམ་ཕྱུང་ནས། །ཞལ་ནས་དྲག་པོའི་འཛབ་ཀྱང་ཟློས། །ཕྱག་ན་དབང་དྲག་ཕུར་བུ་དྲིལ། །ཞབས་ཀྱང་དྲག་པོའི་ཚུལ་དུ་བཞུགས། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཡང་སྤྲུལ་མང་པོ་མངག་པར་མགྱོགས། །རོལ་པས་དགྲ་བགེགས་དབང་དུ་སྡུད། །དེ་ནི་དཔལ་གྱི་ཕོ་ཉ་སྟེ། །སྐུ་ལ་བསྡོ་ཞིང་རིགས་ལ་བསྙེགས། །རྒྱལ་ཁམས་ཕུང་བར་བྱེད་པ་དང་། །གནོད་སེམས་ལོག་པར་ལྟ་བ་རྣམས། །བདུན་རྒྱུད་གཅོད་པར་ཐེ་ཚོམ་མེད། །ཧཱུཾ་གིས་བསྡུས་ཤིང་ཕཊ་ཀྱིས་འཕང་། །ཞལ་གྱི་རང་སྔགས་ཁྲི་འབུམ་དུ། །རྣམ་གསུམ་ཚུལ་གྱིས་བཟླས་ནས་སུ། །འགྲོ་ལྔའི་སེམས་ཅན་ཐམས་ཅད་ཀུན། །དབང་མེད་ཞལ་དུ་ཐིམ་པར་འགྱུར། །ས་མ་ཡ་ནི་ལྷག་པར་འཛིན། །སྐུ་མདོག་དུད་ཀ་ལ་སོགས་དང་། །མཆེ་གཙིགས་ཁྲོ་གཉེར་གློག་སྟོང་འཁྱུག །ཞལ་བགྲད་ཕྱག་རྒྱ་འབར་བ་དང་། །གང་ལ་གོམས་པ་བསྒོམ་པར་བྱའོ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་མ་བཟུང་ནས་རང་སྔགས་འདོན། །མངོན་སུམ་དབང་པོས་བལྟར་ཡོད་པར། །རིལ་པོར་རིལ་ལུང་བྱུང་བསྡུས་ནས་དབྱིངས་སུ་མཆོད། །ཐེ་ཚོམ་མེད་པར་འགྲུབ་པར་ངེས། །དམ་པའི་ཆོས་འཇིག་མ་རུངས་པ། །དཔའ་བོས་དོགས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པར་བྱ་བར་ཤིས། །དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར། །ཛཿཡིས་དྲངས་ཤིང་ཕཊ་ཀྱིས་བསྡིམ། །དྲོད་ཚད་རྟགས་ལ་ཕེབས་པ་དང་། །མཚན་མ་ལྡན་པའི་གཏུམ་པོ་ཡིས། །རིག་པའི་ཏིང་འཛིན་བསར་བྱས་ནས། །དྲག་པོའི་ཕྱག་རྒྱ་བཅས་ནས་ནི། །བདུན་གསུམ་བཅད་པའི་རྩ་གཅིག་པོས། །སྐེད་ནས་


DNG021_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་གནས་སུ་གདབ། །ཁྲ་རྒྱལ་མང་པོས་ཕོ་བྲང་བཏབ། །གཟུགས་ཀྱི་ཕུང་པོ་ལྷག་མ་ལ། །མ་མོ་ཕོ་ཉས་སྒྲོལ་ཞིང་རོལ། །སྤྲུལ་པའི་ཕྲ་མེན་ཟ་ཞིང་ལྡག །ལྷུ་གཟུགས་ཕྲལ་ཏེ་ཟོས་བསམས་ནས། །མཚན་མ་མིང་དུ་བསྡུས་པ་ཡང་། །ཅི་ལྟར་སྔོན་གྱི་དེ་བཞིན་དུ། །སྨོན་པའི་བྱང་ཆུབ་ལམ་དུ་གཞུག །མཚན་མའི་བག་ཆགས་དེར་སྦྱངས་སོ། །དབྱིངས་ལ་སྤྲོ་ཞིང་ཨ་ལ་བསྡིམ། །ཧོ། ཞེས་བརྗོད་པས། ཐམས་ཅད་ཁྲོ་བོའི་རང་བཞིན་དུ་གྱུར་པས། གདུག་པ་ཅན་ཐམས་ཅད་མྱ་ངན་ལས་འདས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཁྲོ་བོ་གསང་བ་ཉེ་བར་བསྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་ཀཱི་ལ་ཡས། ལྟ་བ་བྱང་ཆུབ་སེམས་ཀྱི་ཆོས་ཉིད། བྱང་ཆུབ་སེམས་ཀྱི་ཕུར་བུ་མྱ་ངན་ལས་འདས་ཤིང་། རང་བཞིན་བྱང་ཆུབ་སེམས་སུ་བསྒྲུབ་པར་བྱ་བའི་ཕྱིར། འདི་སྐད་བརྗོད་དོ། །གཉིས་མེད་སེམས་ཀྱི་རང་བཞིན་ཏེ། །རྒྱུ་འབྲས་གཉིས་ལས་མྱ་ངན་འདས། །འཛིན་རྟོག་མེད་པའི་ཕུར་པ་ལ། །དབྱིབས་དང་ཁ་དོག་མི་གནས་ན། །གཟུགས་དང་ཁ་དོག་སོ་སོར་གྲགས། །ལོག་རྟོག་ཕྱིན་ཅི་ལོག་བཞིས་བཅིངས། །གཉིས་མེད་དོན་དུ་བྱང་ཆུབ་སེམས། །འཕོ་འགྱུར་མེད་པ་ཕུར་པའི་དོན། །མི་དམིགས་ནམ་མཁའི་ཀློང་དུ་བསྒྲུབ། །མ་བཅོས་མ་ནོར་དབྱིངས་ལས་བྱུང་། །དེ་ནི་རང་བཞིན་ལྷུན་གྲུབ་པས། །དེ་ལས་སེམས་ཀྱི་འབྲས་བུ་ནི། །རྒྱུ་མཆོག་འབྲས་བུ་ཡི་གེ་ཧཱུཾ། །གཉིས་མེད་དོན་གྱི་ལམ་བཟང་པོ། །སྲིད་པ་གསུམ་ནས་བསྡུས་ནས་ནི། །ཁམས་གསུམ་ཀུན་ལས་འདས་པར་བསམ། །དེ་ནས་བདག་གི་བྱང་ཆུབ་སེམས། །སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་། །བཅོམ་ལྡན་འདས་དང་སྐལ་བ་གཅིག །བྱང་ཆུབ་སེམས་ནི་མངོན་དུ་བསྟན། །ཐོག་མར་གཞལ་ཡས་བྱང་ཆུབ་སེམས། །དེ་ནི་རྒྱུ་འབྲས་མ་བཀག་ཆོས། །བསྒྲུབ་པའི་ཡེ་ཤེས་ཚོན་གང་བའོ། །གསང་བའི་སྔགས་ཀྱིས་བསྐྱེད་ནས་ནི། །


DNG021_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་ལྡན་པར་རབ་བརྒྱན་ཅིང་། །ཁམས་གསུམ་ཁྲོ་བོས་གང་བར་མཛད། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །སྐུ་ཡི་ཚོགས་ཀྱིས་རབ་བརྒྱན་ཏེ། །ཐུགས་ལ་འབར་བའི་སྲོག་ཀྱང་ཞུགས། །དབུ་ལ་རྫོགས་པའི་སངས་རྒྱས་བསྲུངས། །ཁྲོ་བོ་མང་པོས་གཟིར་བྱས་ནས། །ཡུལ་ནི་རྣམ་པར་སྒྲོལ་བའི་ཐུགས། །སྲིད་པའི་ཕུར་བུ་རྟོགས་པའི་ངང་། །སྲིད་པ་གསུམ་ཡང་ཐེབས་ཞེས་བྱའོ། །དེ་ལས་ཕུར་བུ་བྱང་ཆུབ་སེམས། །རང་བྱུང་གཟུགས་མེད་ཀུན་ལ་ཁྱབ། །རྒྱུ་འབྲས་གཉིས་མེད་མྱ་ངན་འདས། །ཁམས་གསུམ་ཡེ་ཤེས་བསྐྱེད་ནས་ནི། །རང་བྱུང་ཡེ་ཤེས་གསལ་བའི་རྟགས། །ཕུར་བུ་ཡེ་ཤེས་ཁྲོ་བོ་ལ། །ཉི་ཟླ་རི་རབ་ཕུར་བུའི་རྒྱན། །ཤིན་ཏུ་འཇིགས་པའི་ཡེ་ཤེས་ཀྱིས། །མཁའ་གཏིང་མེད་པའི་ཕུར་བུ་ལ། །ཁྲོ་བོའི་ཚོགས་ཀྱིས་རབ་བརྒྱན་ཅིང་། །རང་བྱུང་ཡེ་ཤེས་ཤར་བའི་ཕྱིར། །ཁམས་གསུམ་དབང་དུ་ཡང་དག་འགྲུབ། །ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །དག་པའི་དབྱིངས་ལས་མ་གཡོས་པར། །ཚམ་རྔམས་གཟི་བརྗིད་གློག་ལྟར་འབར། །ཁམས་གསུམ་རྩ་ཐག་གཅད་པའི་ཕྱིར། །མེ་དཔུང་གསུམ་གྱིས་ཁམས་བསྲེགས་ཤིང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །སྤྱན་དྲང་བཞུགས་གསོལ་དབྱེར་མེད་བསྡིམ། །ཉེས་བྱེད་གསུམ་གྱི་ཁམས་བསྲེག་ནས། །ཡེ་ཤེས་འབར་བའི་ཕྲིན་ལས་བསྐུལ། །ཁམས་གསུམ་དུས་གཅིག་དབང་བསྐུར་བས། །རང་བྱུང་སྐུ་རུ་རྣམ་དག་ཅིང་། །རབ་ཏུ་སྲོག་གི་གོར་ཤར་ནས། །གཉིས་ལྡན་སྐུ་གསུང་ཐུགས་སུ་ལྡན། །མྱ་ངན་འདས་པའི་དབྱིངས་སུ་གསལ། །དུས་གཅིག་ལེ་བརྒན་འབར་བར་སྨིན། །སྙིང་ག་ལྕེ་སྟེང་སྤྱི་བོ་ནས། །སྤྱན་དྲང་བཞུགས་གསོལ་དབྱེར་མེད་བསྡིམ། །ཡི་གེ་འབྲུ་གསུམ་འཕྲོ་འདུ་ལས། །སྐུ་གསུང་ཐུགས་སུ་བྱིན་བརླབ་བསྐུར། །ཧཱུཾ་ཨཱཾ་ཨོཾ། རྣམ་པར་ཤེས་པའི་ཡེ་ཤེས་མཆོག །རང་བྱུང་ཕུར་བུ་མྱ་ངན་འདས། །སྲོག་དང་དབུགས་ཀྱི་བྱིན་རླབས་ནི། །ནམ་མཁའ་ལྟ་བུའི་ངང་ཉིད་ལས། །


DNG021_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་དོན་གྱི་སྐུ་ཕྱུང་བ། །བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །སྣང་སྲིད་ཆོས་ཀྱི་དབྱིངས་ཉིད་དུ། །མ་བཏབ་བཞིན་དུ་ལྷུན་གྱིས་གྲུབ། །སྣང་སྲིད་ཕུར་བུར་ཤར་བའི་ཕྱིར། །བདག་དང་ལག་པའི་མཆོག་རྣམས་ལ། །གཉིས་མེད་དབྱིངས་སུ་སྦྱོར་བའི་ཕྱིར། །ཡུམ་བཞིའི་ཕྱག་རྒྱར་བྱིན་བརླབས་ཏེ། །ལག་ཏུ་བླངས་ནས་དྲིལ་ནས་ཀྱང་། །ཁམས་གསུམ་སྣང་བའི་དུག་རྣམས་ཏེ། །དག་པའི་དབྱིངས་སུ་བསྒྲལ་བའི་ཕྱིར། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །ཕུར་བུ་རི་རབ་ཕྱག་རྒྱ་ཆེ། །རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས། །རང་བྱུང་ཕུར་བུར་བྱིན་གྱིས་བརླབ། །རབ་ཏུ་སྡུག་བསྔལ་བསལ་བར་འགྱུར། །རྡོ་རྗེ་རབ་ཏུ་ཀཱི་ལ་ཡ། །དངོས་པོ་དབྱིངས་སུ་བསྒྲལ་བའི་ཕྱིར། །དྲག་ཏུ་གསོར་ཏེ་དྲིལ་ནས་ཀྱང་། །ཆོས་ཀུན་ཡེ་ནས་ཤར་བའི་ཕྱིར། །སེམས་ཀྱི་ཡུལ་ནི་རྣམ་བསྒྲལ་ཏེ། །ཡེ་ཤེས་སྐུ་ཡིས་ཁྱབ་གདལ་གནས། །དེ་ནི་དེ་བཞིན་གཤེགས་པའི་མཐུ། །སྣང་སྲིད་ཕུར་བུར་ཤར་བས་ན། །མཁའ་ལ་དེ་བཞིན་རོལ་པའི་སྐུ། །ཆོས་དབྱིངས་ཐིག་ལེར་གསལ་བའི་ཕྱིར། །མ་ལུས་ཕུར་པ་ཐེབས་ཞེས་བྱའོ། །གཉིས་མེད་དོན་གྱི་ངོ་བོ་ལ། །རྫོགས་ནས་དུཿཁ་བསལ་ཕྱིར་རོ། །བྱང་ཆུབ་སེམས་ཀྱི་ཁྱད་པར་གྱིས། །ཉོན་མོངས་དུག་ལྔ་བསྒྲལ་བའི་ཕྱིར། །ཁམས་གསུམ་གསོར་བས་བསྒྲལ་བར་བྱའོ། །ཉོན་མོངས་ཡེ་ཤེས་གནས་འགྱུར་ཞིང་། །སྲིད་གསུམ་དབྱིངས་སུ་བཀྲུ་བའི་ཕྱིར། །དེ་ནས་ཨ་ལས་རྣམ་དག་པས། །སྲིད་པ་གསུམ་དུ་གསལ་འཚེར་ནས། །བདག་དང་ཕུར་བུ་བྱང་ཆུབ་སེམས། །སེམས་ཅན་ལུས་ལ་བསྡིམས་བྱས་ཏེ། །སྤྲོ་ཞིང་བསྡུས་པས་ཁྲུས་བྱས་ནས། །འཁོར་བ་གསུམ་ནི་མྱ་ངན་འདས། །དེས་ན་ཡུལ་སེམས་གཉིས་སུ་མེད། །གཉིས་མེད་དོན་གྱི་ངེས་པ་ལས། །བསྐྱོད་པ་མེད་པའི་རི་རབ་གྱིས། །དམིགས་སུ་མེད་པའི་ཆོས་དབྱིངས་ལ། །མཁའ་ཡི་གཏུན་ཁུང་བདེར་གཤེགས་གནས། །གཏིང་དཔག་མེད་པའི་དབྱིངས་དཀྱིལ་དུ། །གཡོས་པ་མེད་པའི་ཡེ་ཤེས་ཀྱིས། །ལྷ་ཡང་རུང་སྟེ་བསྒྲལ་བྱས་ན། །སྲིད་གསུམ་ཕུར་པ་ཐེབས་ཞེས་


DNG021_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྣང་སྲིད་སྐྱེ་འགྲོ་ཕུར་པའི་གཟུགས། །མཐོ་དམན་གཅིག་ཏུ་གྱུར་པ་ན། །ཧོཿཞེས་རབ་ཏུ་དགའ་བ་ཡིས། །ཤིན་ཏུ་སྙིང་པོ་འདི་བརྗོད་དོ། །ཧཱུཾ་རང་བྱུང་མཆོག་སེམས་གསལ་ཕྱིར་དུ། །མཉམ་ཉིད་རྩལ་ལས་བདག་ཉིད་བསྒྲལ། །དེ་བཞིན་ཧཱུཾ་གིས་དྲངས་ནས་ཀྱང་། །ཕུར་བུ་གཟི་ལྡན་ཐོབ་གྱུར་ཅིག །གཉིས་མེད་ཆོས་སྐུར་གཅིག་པའི་ཕྱིར། །ཡུལ་དེའི་སེམས་ནི་ཧཱུཾ་དུ་སྣང་། །འོད་དང་འོད་ཟེར་ཕུར་བུ་ལས། །བདག་ལ་འདུས་པས་ཚེ་རུ་ཐིམ། །གཉིས་མེད་དོན་གྱིས་བསྒྲལ་བའི་ཕྱིར། །བདག་གི་རྣམ་ཤེས་ཚོགས་བརྒྱད་ནས། །གང་ཞིག་མནན་པའི་མཆོག་རྣམས་ལ། །རྡོ་རྗེ་ཕུར་པ་མང་ཤར་བས། །དེ་ཡི་ཚོགས་བརྒྱད་དག་པར་སྦྱང་། །ཁམས་གསུམ་ཆོས་ཉིད་གདར་བཅད་ཕྱིར། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །ཁྲོ་བོ་འབར་བའི་གཏུན་ཚོགས་ཀྱིས། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ཁམས་གསུམ་མ་ལུས་བསྒྲལ་བར་འགྱུར། །རྟོག་འཛིན་མེད་པའི་དབང་ཕྱུག་དེས། །མཉམ་པའི་རྒྱལ་པོས་སྤགས་པར་བསྒྲལ། །ཤིན་ཏུ་གསལ་ནས་དགྱེས་བསྟར་བས། །ཟ་བྱེད་ཀུན་ལ་བསྟབ་པར་མཛོད། །ཧ་ཧ་བགྱིས་པས་དགྱེས་པར་རོལ། །ཧཱུཾ་ཧཱུཾ་བགྱིས་པས་དབང་དུ་བསྡུས། །ཁ་ཁ་བགྱིས་པས་ལྷག་མ་བཞེས། །བདག་དང་གསུམ་དུ་ལྡན་ནས་ཀྱང་། །བྱང་ཆུབ་སེམས་ཀྱི་དབང་སྤྲོས་པས། །ཕུང་པོ་རྡུལ་དུ་བཤིག་ནས་ཀྱང་། །ཤ་ཁྲག་ཁམས་གསུམ་གང་བར་དམིགས། །ཧཱུཾ་གིས་རབ་ཏུ་ནམ་མཁའ་གང་། །ཕཊ་ཀྱིས་ཀུན་ཏུ་གཏོར་བྱས་ཏེ། །རྡོ་རྗེ་ཡེ་ཤེས་ཚོན་གང་གིས། །ཁམས་གསུམ་རབ་ཏུ་གང་ནས་འདུས། །ཁམས་གསུམ་བྱང་ཆུབ་སེམས་བསྐྱེད་དེ། །འགྲོ་བ་མ་ལུས་དོན་བྱའི་ཕྱིར། །ལྗང་གུ་ལས་ཀྱི་ས་བོན་ཏེ། །དམར་པོ་སྲོག་གི་ས་བོན་ཡིན། །མཐིང་ནག་ཧེ་རུ་ཀ་ཡི་ཐུགས། །སྤྲོས་པས་ཐིག་ལེས་ནམ་མཁའ་གང་། །ཐམས་ཅད་འདུས་པས་ཤིན་ཏུ་བརྗིད། །གྲུབ་ནས་སེམས་ཀྱི་ཕུར་པ་ཚོལ། །ཁམས་གསུམ་དུར་ཁྲོད་ཁྲག་ཡིན་ཏེ། །ཐུགས་རྗེ་ཆགས་པས་བསྒྲལ་བའི་ཕྱིར། །སྲིད་པ་


DNG021_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གདར་ཤ་བཅད་ནས་ཀྱང་། །སྤྱོད་པ་རྣམ་པ་བཅུ་དང་ལྡན། །བྱང་ཆུབ་སེམས་ཀྱི་གོལ་ས་བཅད། །གྲུབ་མཐའ་འདི་ལ་འཇིག་མཐའ་མེད། །དེ་ནི་མི་འགྱུར་བྱང་ཆུབ་སེམས། །མྱ་ངན་འདས་ན་རྟག་པའོ། །སྒྲིབ་པ་མེད་པས་མཐར་ཕྱིན་ཏེ། །བཙལ་དུ་མེད་པས་ཡེ་ནས་གྲུབ། །སྣང་སྲིད་དང་ནི་འཛིན་རྟོག་རྣམས། །བསམ་པ་ལས་ནི་མྱ་ངན་འདས། །འཇིག་རྟེན་ཀུན་ལས་འདས་པས་ན། །འཛིན་དང་རྟོག་པ་རྣམ་སྤང་བའི། །བྱང་ཆུབ་སེམས་ནི་སྐད་ཅིག་མ། །ལྷན་ནེ་པོར་ཡང་བདག་ཉིད་སྦྱོར། །འཇིག་རྟེན་ཀུན་ལས་གྲུབ་པའི་རྒྱན། །མི་ནུབ་པ་ཡི་རྟགས་ཀྱང་ཡིན། །རྡོ་རྗེ་སེམས་དཔའི་མཁའ་ལ་ནུབ། །ནུབ་མཐའ་མེད་པར་ཤིན་ཏུ་སྤགས། །ཡིད་ནི་ཆོས་ཉིད་མྱ་ངན་འདས། །རྣམ་ཤེས་ཧཱུཾ་དུ་མྱ་ངན་འདས། །ཧཱུཾ་ཉིད་བྱང་ཆུབ་སེམས་ཀྱི་གཞི། །བྱང་ཆུབ་སེམས་ཀྱི་ཕུར་པ་རུ། །སྲིད་གསུམ་མ་ལུས་མྱ་ངན་འདས། །ཞེས་བརྗོད་པས། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། ཡེ་ནས་ཕུར་བུ་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་གྲུབ་ཅིང་མྱ་ངན་ལས་འདས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕུར་བུ་བྱང་ཆུབ་སེམས་སུ་བསྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་ པའོ།། །།དེ་ནས་བཛྲ་ཀཱི་ལ་ཡས་བསྒྲུབ་པའི་དོན་ཡོད་པར་བྱ་བའི་ཕྱིར། མངགས་པ་ལས་ཀྱི་ཕོ་ཉ་འདི་དག་གསུངས་སོ། །དབུ་དགུ་ཁྲག་འཐུང་ཟ་བྱེད་པ། །དྲག་པོ་ལས་ཀྱི་དཀྱིལ་འཁོར་དུ། །དགུག་དང་བཅིང་དང་སྡོམ་ལ་བརྩོན། །ཉིད་ཀྱི་ཐུགས་ཀྱི་སྤྲུལ་པ་ལས། །ཅི་བགྱིས་བཀའ་ཉན་ཕོ་ཉའི་ཚོགས། །གང་ལ་མངགས་པ་གྲུབ་པར་བྱེད། །དབྱིངས་ནས་བཀུག་ནས་མཁའ་ལ་བསྡིམ། །ཧཱུཾ་གིས་བསྡུས་ནས་མཁའ་ལ་བཞག །ཡཾ་གིས་བཏེགས་ལ་ཕཊ་ཀྱིས་འཕང་། །དེ་ཡང་དཔལ་གྱི་ཕོ་ཉ་སྟེ། །ཐུགས་ཀྱི་ཡོན་ཏན་བསམ་ཡས་ཀྱང་། །དོན་གྱི་ཕོ་ཉ་དབྱིངས་ལས་འགྱེད། །ཐབས་ཀྱི་ཕོ་ཉ་ཡུམ་ལས་འགྱེད། །སྤྲུལ་པའི་ཕོ་ཉ་ལས་ལ་འགྱེད། །དེ་ཡང་བསྐུལ་ཚིག་དྲག་པོ་ཡིས། །གཉིས་མེད་དོན་གྱིས་མངགས་པར་བྱའོ། །ཧཱུཾ་ཆེན་སྒྲ་འབྱིན་ཕག་དང་སྨིག་བུར་


DNG021_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ། །དབྱུག་སྔོན་སྦེར་མོ་གཡག་དང་བྱ་རོག་བཅས། །གཤིན་རྗེ་དུར་ཁྲོད་ཤ་བ་འུག་པར་བཅས། །མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ། །རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་བཅས། །གཞན་གྱིས་མི་ཐུབ་མདའ་སྙེམས་སྤྱང་ཀུ་ཁྲ་མགོར་བཅས། །བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་བཅས། །ཁམས་གསུམ་གསོད་མ་དྲེད་དང་སྲེ་མོ་བཅས། །མ་ཧཱ་བ་ལ་བསྐྱོད་མ་དོམ་དང་བྱི་བར་བཅས། །ཉེས་བྱེད་མ་ལུས་མཁའ་ལ་བཏོན། །གཏི་མུག་མུན་ཁུང་གཏན་ནས་བཅོམ། །ཞེ་སྡང་རྩེ་མོ་རྟུལ་དུ་སོད། །འདོད་ཆགས་རྒྱ་མཚོ་གཏིང་ནས་སྐོམས། །ཕྲག་དོག་འཚུབས་མ་གཏན་རྒྱུན་ཆོད། །ལྕགས་ཀྱི་གཟེ་མ་རྐང་གསུམ་གྱིས། །བསྐལ་པ་བརྒྱད་ཁྲིར་མེ་སྦར་ཏེ། །སྟོང་ཁམས་རྔམས་པའི་ཞལ་གདངས་ནས། །དུག་གསུམ་བསྒྲལ་མཛད་ཕྲིན་ལས་ཀྱིས། །གདུག་པའི་ཚོགས་དང་གནོད་སྦྱིན་ཆ་ལུགས་ཅན། །རྡོ་རྗེ་སྲིད་པའི་ཞལ་གྱིས་མཚན་མའི་དངོས་པོ་ཀུན། །དབང་པོ་ཀུན་འབྱུང་དོན་སྙིང་ཞལ་དུ་འདྲེན། །འགལ་བྱེད་ཚོགས་ཀྱི་སྙིང་ལ་རྔམ་པའི་ཕྱིར། །དྲག་པོའི་ཕྲིན་ལས་བཏང་སྙོམས་ཡལ་བར་མི་གཏང་ངོ་། །དྲག་པོས་བདུད་དཔུང་འཇོམས་ཤིང་ཚར་གཅོད་དང་། །བདུད་དང་མུ་སྟེགས་གཏན་ནས་བརླག་པ་དང་། །གང་ཞིག་ལོག་པར་བལྟ་བའི་དགྲ་བོ་དང་། །གནོད་བྱེད་འབྱུང་པོ་གཏན་ནས་ཚར་གཅད་ཕྱིར། །ལོག་པར་སེམས་དང་རྣམ་པར་འཚེ་བ་རྣམས། །ཕྲིན་ལས་དྲག་པོའི་ཐུགས་རྗེས་གཏང་མི་བྱའོ། །བདག་ཉིད་ཞེ་སྡང་ཁྲོ་བོའི་རྒྱལ་པོའི་སྐུ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་ཚུལ། །མེ་དཔུང་འབར་བའི་ནང་ན་བརྗིད་པར་བཞུགས། །མཐིང་ནག་གཅེར་བུ་རལ་པ་འབར་བ་ཅན། །ཞལ་མདོག་ཕྱོགས་བཞིར་གཟིགས་པའི་ཐུགས་ཀ་ནས། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་སྒྲ་སྒྲོགས་རབ་འཕྲོས་པས། །ལྕགས་ཀྱི་གཟེ་མ་རྐང་གསུམ་རབ་བསྒོམ་སྟེ། །དེ་ཡི་ཐུགས་རྗེ་རྡོ་རྗེ་དྲག་པོ་དེས། །དགྲ་བགེགས་དེ་ཡི་ལུས་དང་བྱད་བཞིན་རྣམས། །


DNG021_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ས་ལེར་གསལ་བར་དམིགས་པ་ཡི། །རྐང་པའི་མཐིལ་དུ་ཡི་གེ་ཏྲི་ནག་བསམ། །ལྕགས་ཀྱི་གཟེ་མ་རྐང་པའི་མཐིལ་བཙུག་པས། །མཁལ་མ་མཆེར་པ་གློ་བ་སྙིང་བརྒྱུས་ནས། །སྤྱི་བོའི་གཙུག་ཏུ་ཐལ་གྱིས་བྱུང་བར་བསམ། །ལྕགས་ཀྱི་གཟེ་མ་རྐང་གསུམ་གྱིས། །ངོས་གསུམ་དུ་ནི་ཧཱུཾ་གསུམ་གཞག །ཟུར་གསུམ་དུ་ནི་ཕཊ་གསུམ་གཞག །རྩེ་མོ་གསུམ་ལ་དྲི་གསུམ་གཞག །རྩེ་གསུམ་རིམ་པར་འཛུག་པར་བསམ། །དགྲ་བགེགས་ཟིལ་གྱིས་མནན་ནས་ཀྱང་། །དུག་གསུམ་རྩད་ནས་གཅད་པར་བསམ། །ལྕགས་ཀྱི་གཟེ་མ་རྐང་གསུམ་དེ། །སྐུ་གསུང་ཐུགས་ཀྱི་ཁྲོ་བོ་དེ། །སྐུ་ནི་བྷུཌྜྷ་ཧེ་རུ་ཀ །གསུང་ནི་པདྨ་ཧེ་རུ་ཀ །ཐུགས་ནི་བཛྲ་ཧེ་རུ་ཀ །གཟེ་མའི་དབུས་སུ་དུར་ཁྲོད་ཀྱི། །གཞལ་ཡས་ཁང་གཅིག་བསམ་པར་བྱའོ། །དེ་ཡི་དབུས་སུ་དགྲ་བོའི་གཟུགས། །བཅས་ཏེ་ས་ལེ་གསལ་བསམ་ལ། །ལྕགས་ཀྱི་གཟེ་མ་རྐང་གསུམ་ལས། །རེ་རེ་ལའང་གསུམ་གསུམ་དགུས། །འཆོར་དོགས་མེད་པར་དགུག་པར་བསམ། །ཧཱུཾ། ལྕགས་ཀྱི་གཟེ་མ་མགོ་དགུ་པ། །མགོ་དགུ་རྐང་གསུམ་སྟོང་གསུམ་གང་། །ཤིན་ཏུ་མི་བཟད་འཇིགས་སུ་རུང་། །འཁྲུགས་བྱེད་འབར་བའི་ང་རོ་སྒྲོགས། །ཞལ་མདོག་གཅིག་ཏུ་མ་ངེས་ཏེ། །ཁྲོ་རྒྱལ་འཇིགས་བྱེད་ཧཱུཾ་སྒྲ་ཅན། །ཕྱག་མཚན་འཇིགས་པའི་ཆར་ཕབ་ནས། །ཧ་ལ་ཕཊ་ཀྱི་སྒྲ་འབྱིན་ཅིང་། །ཁམས་གསུམ་གདུག་པ་མ་ལུས་བསྲེག །གནོད་བྱེད་དགྲ་བགེགས་འཆིང་བར་བྱེད། །དགྲ་དང་འབྱུང་པོ་སྲེག་པའི་མཆོག །སྐུ་གསུང་ཐུགས་ཀྱི་ངོ་བོ་ལས། །ལྕགས་ཀྱི་གཟེ་མ་མགོ་དགུར་སྤྲུལ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །དམིགས་པ་བཞིན་དུ་དགྲ་བགེགས་ཁུག །དམ་བཅས་བཞིན་དུ་དགྲ་བོ་སྒྲོལ། །བཅོལ་བ་བཞིན་དུ་ཐོད་ཁྲག་སྤྱོས། །རྡུལ་ཕྲན་བཞིན་དུ་རློག་གྱུར་ཅིག །དང་པོར་གནོད་པའི་དགྲ་བོ་དེ། །མིང་དང་རུས་དང་གཟུགས་བྲིས་ལ། །རྩིགས་པའི་ལོགས་ལ་དགྲམ་པར་བྱའོ། །ལྷ་ཕྱག་སྟོང་བཙལ་དགྲ་བོ་ཡི། །མིང་ནས་ཕྱུང་ནས་བཙལ་ལོ་ཞེས། །


DNG021_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་ཕྱག་གིས་གནད་བསྐུར་རོ། །དེ་ནས་དྲིལ་ལ་ངས་ཅི་ཉེས། །ཚིག་གིས་དཔང་ཡང་གཟུག་པར་བྱའོ། །གཟུགས་ཀྱི་ཐ་མ་ཧཱུཾ་གིས་བསྐོར། །མལ་འོག་ཞག་གསུམ་གཞག་པར་བྱའོ། །སྔགས་ནི་མིང་ནས་ཕྱུང་ལ་གདོན། །ཀཱི་ལ་ཡ་དང་སུམ་བྷ་ནི། །བཟླས་ནས་བརྡུངས་ན་རྨི་ལམ་དང་། །ལྟས་ངན་བཟློག་ཅིང་ཕེབས་པར་འགྱུར། །གཟུགས་དང་མིང་རུས་དེ་ཕྱུང་ལ། །དགྲ་བོ་དེ་ཡི་གཤང་གཅི་འམ། །བུབ་སམ་རྐང་རྗེས་བོར་བའི་སར། །བརྡབ་ན་སྟབས་བསྣོལ་འབྱུང་བར་འགྱུར། །ཡང་ན་དེ་ལས་ས་བླངས་ལ། །ར་ཁྱིའི་ཁྲག་གིས་སྦྲུས་པ་ལ། །དགྲ་ཡི་གཟུགས་བྱ་མིང་རུས་བྲི། །གཟུགས་གཉིས་བྱས་ལ་ལྟོ་སྦྱར་ཏེ། །ཚོན་གྱིས་བཅིང་ལ་རབས་ཆད་དང་། །མཛེ་ཅན་དག་གི་ཐོད་ནང་དུ། །དུག་དང་ཁྱི་ལུད་གུ་གུལ་དང་། །ཉུང་དཀར་སྐེ་ཚེ་མུ་ཟིས་བདུག །དེ་ནས་སྲོག་གི་སྙིང་པོ་དང་། །དགྲ་བོའི་མིང་གཉིས་བསྲེས་ལ་གདོན། །དགྲ་བོ་ནྲྀ་མཱ་ར་ཡཾ། ནྲྀ་ཤ་ཀུ་རུ་ཡཾ། ཁ་སོ་དབང་དྲིལ་ཡཾ། ཐོད་ཁྲག་སྤྱོས་ཤིག་ཙིཏྟ་གུ་གུལ་ནན། །སྙིང་ཁྲག་སྤྱོས་ཤིག་ཙཀྲ་ཁ་ཁ་རཾ། །རྣམ་ཤེས་སྤྱོས་ཤིག་ཤོ་ན་མ། །འདོད་ཆགས་སྤྱོས་ཤིག་སུ་ཏྲི་ཁ་རཾ། །གཟུགས་ཕུང་ཤིག་ཅིག་སུ་ནི་ཏྲི། །ཡན་ལག་ཆིངས་ཤིག་ཛ་ལི་ནི་ཏྲི་ཛྲཾ། །དེ་སྐད་བརྗོད་ལ་གཟུགས་ལ་བསྡུ། །དེ་ནས་མ་ཉེས་དཔང་བཙུག་ལ། །བསྒྲལ་བའི་ཞིང་བཅུ་ཞེ་གཅོད་དོ། །ངན་སོང་གཏན་སྲིད་འཁྱམས་པའི་སྡུག་བསྔལ་ཚོགས། །ཐོག་མའི་དུས་ནས་ངན་སོང་འཁོར་བར་ལྟུང་། །མི་དགེ་སྡིག་པའི་ལས་ལ་རྨོངས་པའི་ཕྱིར། །ཤེས་ལྡན་ཡེ་ཤེས་རྩལ་གནས་ཡོངས་མ་འགྱུར། །མཉམ་ཉིད་ངང་ལས་གཡོ་བ་མེད་པ་རུ། །དུག་གསུམ་རྨོངས་པའི་ལོག་རྟོག་རང་ལས་བྱུང་། །སྒྱུ་མེད་ཐབས་ལ་མཁས་པའི་སངས་རྒྱས་དང་། །ཐུགས་རྗེས་རྗེས་སུ་སྟོན་པའི་སློབ་དཔོན་དང་། །གསང་བའི་ཚིག་གིས་བསྡུས་པའི་དམ་ཚིག་ཅན། །བསམ་པ་མཐུན་པའི་སྔགས་འཆང་དམ་ཚིག་གིས། །རྗེས་སུ་སྤོབས་པའི་སྨོན་ལམ་མཐུ་


DNG021_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས། །སྐུ་གསུང་ཐུགས་སུ་ལུས་ངག་བསྟན་པའི་ཕྱིར། །ཤེད་ལས་སྐྱེས་པའི་ཤེད་བུ་རིགས་ངན་ཁྱོད། །གཏན་སྲིད་ངེས་པའི་རྩ་བ་གཅིག་པུ་ལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །སྲིད་པར་ཕན་འདོགས་ཁྱོད་ཀྱི་དཔལ་མགོན་དུ། །ཐར་པའི་ལམ་སྣ་འདྲེན་པ་ང་ཡིན་པས། །དགའ་དང་གུས་པའི་སེམས་ཀྱིས་གུས་བྱོས་ལ། །གནོད་སེམས་སྔ་ཕྱི་ཡོད་པ་སྤོང་གྱིས་ལ། །ཚེ་སྲོག་ལུས་བོར་ད་ལྟར་སོ་སོར་སྒོམ། །རྣམ་ཤེས་ཉེས་པ་ཡོད་པར་དྲན་བྱོས་ལ། །ཉེས་པ་གཙོར་ཞོག་གདུང་བའི་མཆི་མ་ངུས། །སྦྱིན་པའི་ཐབས་ལྡན་མངའ་བར་བཅད་པའི་བཀའ། །དུར་ཁྲོད་ཆེན་པོའི་གནས་སུ་བསྒྲལ་བའི་ཕྱིར། །ཁྱོད་ཀྱི་མ་རིག་དུར་ས་བཙལ་བ་ནི། །ཞེ་སྡང་དབང་གིས་ཆགས་པའི་སྐྱོན་སྤངས་ཀྱང་། །གཟུང་འཛིན་རྣམ་པར་ཐར་པའི་ལམ་མ་རྙེད། །བཙལ་བས་རྙེད་མེད་ཡོན་ཏན་རྨོངས་པའི་དུར། །ཞེ་སྡང་དབང་གིས་བདག་གཞན་གཉིས་སུ་མཐོང་། །བདག་མེད་བླ་མེད་ཐར་ལམ་མ་རྙེད་དེ། །ཚ་གྲང་དམྱལ་བའི་གནས་སུ་ཟབ་པའི་ཕྱིར། །ཐར་བར་མི་འགྱུར་ཞེས་ཏེ་ཁྱོད་རང་ཉེས། །ངན་སོང་གསུམ་པོར་ཁྱོད་ཀྱང་མི་གཏོང་གིས། །ལུས་སེམས་གཉིས་འདྲེལ་འདི་ལ་མ་ཆགས་ཤིག །ལྷ་དང་མགོན་བཙན་ཀུན་དང་དབྲལ་བའི་ཕྱིར། །གུ་གུལ་ཉུང་དཀར་མུ་ཟི་ལྡོང་རོས་དང་། །ཤ་ཆེན་སྣུམ་ཆེན་ག་པུར་དུད་བཏང་ལ། །སྡིག་ཆེན་མ་རྟོགས་ཁ་འཁོར་ཉོན་མོངས་པ། །སྔོན་གྱི་ལས་ངན་མི་ཟད་དེ་བཅད་པས། །དུས་ཟད་ཚེ་འཕོས་དེ་ལ་མ་ཆགས་པར། །སྡུག་བསྔལ་མི་ཟད་ཉོན་མོངས་ཤེས་པར་བྱོས། །ཁྲོ་རྒྱལ་མི་བཟད་རྒྱལ་པོ་ཧཱུཾ་སྒྲ་ཅན། །གདུག་པའི་མཚོན་ཆ་ཆར་ལྟར་ཕབ་པ་ཡིས། །རང་དབང་མེད་པར་རབ་ཏུ་འཇིག་པར་འགྱུར། །དེ་བས་སྡིག་ཅན་འདི་ལ་མ་འཁོར་བར། །ངས་སྨྲས་སྐྱེས་བུ་ང་ཡི་ཚིག་ཉོན་ལ། །རང་གི་གནས་ཚོལ་བག་དང་ལྡན་པར་བྱོས། །དེ་ལྟར་རྟེན་དང་དབྲལ་ནས་ཀྱང་། །མདའ་འཕེན་ཟླ་བ་མར་ངོ་ལ། །ནག་པོའི་ཆས་སུ་རབ་ཞུགས་ནས། །སྔར་ཤིའི་རོ་གོས་ཁྲག་ཅན་ལ། །


DNG021_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་གོས་བྱ་བའི་རྒྱུ་རུ་ཤིས། །ནག་པོའི་རྒྱན་ཆས་ལྔ་གོན་ལ། །བྱང་ཆུབ་སེམས་ནི་སྔོན་བཏང་སྟེ། །དྲག་པོའི་ཕྲིན་ལས་ནུབ་བདུན་བསྟུད། །དེ་ནས་ལྕགས་ཀྱི་གཟེ་མ་ཉིད། །སྔ་ནས་དོན་དང་མཐུན་པ་རུ། །མི་རྟ་བསད་པའི་མཚོན་རྩེ་ལ། །ཕུར་བུ་སོ་བརྒྱད་གཅིག་བྱས་ལ། །གོང་བཞིན་བྱིན་གྱིས་བརླབ་པར་བྱོས། །གཞན་ཡང་ཕུར་བུ་སྣ་ཚོགས་ལ། །སྙིང་པོ་སོ་སོར་བཟླས་ཤིང་དྲིལ། །བསྙེན་པ་རྫོགས་ནས་འགུགས་འདྲེན་བྱ། །མིང་རུས་གཟུགས་ལ་སྔགས་བཟླས་སོ། །ལྕགས་ཀྱི་གཟེ་མ་རྐང་གསུམ་གྱི། །སྔགས་འདི་རབ་ཏུ་དྲག་ཏུ་བཟླས། །ས་ཧཱུཾ་ཀ་ཧེ་པུ་ར་བསྟེ་སྭཱ་ཧཱ། སྲེ་ཎ་ཎ་རཱ་ཙ་ན་ཎ། ཧེ་རུ་མེ་མོ་ཀ་རི་སྭཱ་ཧཱ། ཏེ་རུ་སྲི་སྤུ་ཀ་སྤྱ་མི་སྐྱེ་སྭཱ་ཧཱ། ཨཱོཾ་སྭཱཾ་རྩྭཱཾ་ཧཱུཾ་ཀ་དེ་པུ་ར་པ་དེ་སྭཱ་ཧཱ། བཱི་ནན་རྩ་ར་ནན། ཧེ་རུ་མེ་མྱོ་ཀུ་ཀ་ར་རི་སྭཱ་ཧཱ། ཧེ་རུ་སྲན་ཡུ་ཀ་སྤྱ་མི་སྐྱེ་སྭཱ་ཧཱ། ཨེ་ལིག་ཤི་ཀ །ཤིག་ཧེ་རུ་ཧིད་པ་མ་མེ་ཤན་ཧེ་རེ་ལིག་ཤན། ལི་ཤ་ཤི་བྷྱོ་ཐུཾ་རེ་ལེག་སྭཱ་ཧཱ། ཤི་ཤི་བྷྱོ་ཐུཾ། སྔགས་དེ་རེ་རེ་བཏབ་པས་སུ། །ལྕགས་ཀྱི་གཟེ་མ་རྐང་གསུམ་དེ། །གཅིག་ནི་མི་ཕྱིན་སླར་མི་ཕྱིན། །རྩེ་གཅིག་སེམས་ཀྱི་རང་བཞིན་ནོ། །བརྒྱད་ཀྱིས་རྣམ་ཤེས་ཚོགས་བརྒྱད་དག ། དབང་པོ་ཡུལ་དུས་གཉིས་མེད་དོན། །མྱ་ངན་འདས་པའི་དབྱིངས་སུ་བསྒྲལ། །བྱང་ཆུབ་མ་བཀག་ཡན་དུ་ཁྱེ། །དོན་མཐུན་པ་ཡི་དཀྱིལ་འཁོར་དུ། །རིགས་དང་ལྡན་པའི་སྐྱེས་བུ་ཡིས། །སྐལ་དང་ལྡན་པའི་སེམས་ཅན་ལ། །དབང་པོ་ལྔ་ཡི་གནས་ལྔ་རུ། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །ཉོན་མོངས་ལྔ་ཡི་ངོ་བོ་ལ། །ཡེ་ཤེས་ལྔ་ཡི་ཕྲ་བཀོད་པས། །གཉིས་མེད་དབྱིངས་ཀྱི་མཁའ་ལ་ནུབ། །དོན་གྱི་འབྲས་བུ་ཐིག་ལེར་གསལ། །ལོག་རྟོག་རྒྱུ་འབྲས་ཐལ་བར་བརླགས། །ཆགས་སྡང་དངོས་པོ་གཏན་ནས་བརླགས། །གཟུང་འཛིན་གཉིས་ནི་འཆོར་མེད་བཟུང་། །ཕྱོགས་རིས་ས་མཚམས་དབྱིངས་སུ་དག །ཕོ་ཉ་མང་པོས་སྟོང་གསུམ་བཀང་། །མ་སྤྲོས་སེམས་སུ་ཡེ་ནས་དག །འགུགས་བྱེད་མང་པོ་གཅིག་ཏུ་དྲིལ། །འགྱུར་མེད་དབྱིངས་ཀྱི་ངང་དུ་འདྲེས། །ཞེས་བརྗོད་པས། ཕོ་ཉའི་ཚོགས་དེ་དག་མྱ་ངན་ལས་འདས་པའི་ངང་དུ། ཡེ་ནས་གནས་པའི་དོན་དེ་བཞིན་དུ་མྱ་ངན་ལས་


DNG021_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕོ་ཉས་རྣམ་ཤེས་ཡེ་ཤེས་སུ་སྦྱོངས་ཤིང་། མངགས་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་བཛྲ་ཀཱི་ལ་ཡས། དོན་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་པར། སྐུ་ཡང་ཤིན་ཏུ་དྲག་པོ་མི་བཟད་པའི་སྐུར་འཐོན་ནས། དྲེགས་པ་གདོན་གདུག་ཅན་དྲག་པོའི་ཕྲིན་ལས་ཀྱིས་བསྒྲལ་ལ། ཕུང་པོ་འདོད་པའི་ལོངས་སྤྱོད་དུ་སྒྲུབ་པའི་ཕྱིར། རྩ་བ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང་ནས། འདི་སྐད་ཅེས་བརྗོད་དོ། །སྐྱེ་མེད་སེམས་ཀྱི་རང་བཞིན་ནི། །རང་བཞིན་མེད་པས་བསྒྲལ་བའི་ཞིང་། །མཚན་མ་མེད་པས་བསད་པའི་རིགས། །དངོས་པོ་མེད་པས་གཏུབ་པའི་རྫས། །རང་བཞིན་དོན་ལ་བཅོས་མེད་བཞག །དངོས་པོ་གཟུང་འཛིན་འདྲེས་པ་བསྒྲལ། །མཚན་མའི་རྣམ་རྟོག་རཾ་གྱིས་བསྲེག །གཏི་མུག་མུན་ཁམས་ཨེ་ཡིས་སྦྱངས། །འདོད་ཆགས་བསེ་རྩི་ཁཾ་གིས་བཀྲུ། །ང་རྒྱལ་བྲག་རི་ལཾ་གྱིས་གཞིག །ཕྲག་དོག་འཚུབ་མ་ཡཾ་གིས་བུད། །དངོས་གཞི་དུག་གསུམ་རྩད་ནས་བཅད། །གོང་དུ་བསྟན་པའི་གནས་དག་ཏུ། །རྫས་དང་གཏོར་མ་དེ་བཞིན་དུ། །ཕྱི་མཚམས་བཅད་ཅིང་ལས་རྣམས་བཅོལ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །ཆག་ཆག་གདབ་ཅིང་ས་ཚོན་བརླབས། །ཐིག་གདབ་བྲི་ཞིང་ཚོན་རྩི་བཀྱེ། །དཀྱིལ་འཁོར་ཡུམ་གྱི་དབྱིངས་འདྲ་ལ། །དབུས་སུ་མཐིང་ནག་གྲུ་གསུམ་ལ། །ཐ་མ་ཟླ་གམ་དམར་པོས་བསྐོར། །རྡོ་རྗེ་བྲག་གིས་ཡོངས་སུ་བསྐོར། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། །བསྐལ་པའི་མེ་འོད་འབར་བས་བསྐོར། །དེ་ཡི་ཕྱི་རིམ་ཐོད་པའི་མཁར། །གྲུ་ཆད་བཞི་དང་བར་ཁྱམས་གཉིས། །སྒོ་ཁྱུད་བཞི་དང་ནག་པོས་བསྐོར། །རྒྱན་གྱི་བྱེ་བྲག་ཚང་བས་བརྒྱན། །ལྕགས་སམ་གདུག་པའི་ཤིང་རྣམས་ལ། །ཕུར་བུ་ཚད་དང་ལྡན་པ་རྣམས། །དེ་བཞིན་བྱིན་གྱིས་བརླབ་པར་བྱ། །བདུག་བརྡེག་བྱུག་ཅིང་ཅོད་པན་གདགས། །བྷནྡྷ་དུམ་བུ་གསུམ་པ་ལ། །ཡུམ་ཆེན་རྒྱས་འདེབས་བཞུགས་


DNG021_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཤམས། །སྤྲུལ་པའི་ཕུར་བུ་མང་པོ་ཀུན། །དབུས་ནས་དགོད་ཅིང་གྲ་རུ་སྤུངས། །རྫས་རྣམས་ཚོགས་ནས་རིམ་བཞིན་དགོད། །ཧཱུཾ་དབུས་ནས་དཔལ་ཆེན་འབར་བའི་སྐུ། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ། །བདེ་ཆེན་སངས་རྒྱས་དབུ་ལ་བརྒྱན། །ཁྲག་འཐུང་རོལ་པའི་ཐུགས་ལས་སྤྲུལ། །སྤྲུལ་པའི་ཕྲ་མེན་ཕྱོགས་བཅུར་འགྱེད། །ཕྱོགས་ཀྱི་གདོན་རྣམས་ཞབས་ཀྱིས་གནོན། །ཉོན་མོངས་གདུག་པ་མཁའ་ལ་སྒྲོལ། །དྲག་པོའི་ཕྲིན་ལས་དུས་ལ་བབ། །འབར་བའི་གདན་ལ་རིམ་བཞིན་བཞུགས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ་ཕཊ། དེ་བཞིན་རྫས་ཀྱི་ངོ་བོ་དགོད། །ཆོས་རྣམས་དག་པའི་རང་བཞིན་ཡང་། །ཏིང་འཛིན་སྦྱང་ཕྱིར་རྣམ་གསུམ་བསྒོམ། །ཆོས་རྣམས་མ་བཅོས་རང་བཞིན་དང་། །མི་དམིགས་དོན་དམ་བྱང་ཆུབ་སེམས། །དོན་དམ་གཉིས་མེད་རྟོག་ལས་འདས། །བརྗོད་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །མ་བཅོས་རང་ལས་མ་གཡོས་ཀྱང་། །དཔག་མེད་ཡེ་ཤེས་ཆེན་པོ་ནི། །མཁའ་ལ་འཇའ་ཚོན་སྣང་བ་ལྟར། །རང་བཞིན་ཀློང་དུ་ས་ལེར་གསལ། །ནམ་མཁའི་རང་བཞིན་དྭངས་པ་ལ། །ཡོན་ཏན་ཁྱད་པར་སྣང་བ་ལྟར། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སེམས་ཀྱི་རང་བཞིན་ཧཱུཾ་དུ་བསྒོམ། །ཨེ་ཀརྨ་རཀྟ། བཾ་ཀེཾ་ཧ་རཾ། བྷྲཱུཾ་ཁ་ཏ་ལི་དྷི་བྷྲཱུཾ་མ་ཡ་ཨ་མ་ཧྲི་ཡང་དྷི། ཛི་སྡི་ར་བཾ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊ།ཨཱོཾ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་རླུང་ནག་རཀྟའི་རྒྱ་མཚོ་དང་། །ཤ་ཆེན་ས་གཞི་ཀེང་རུས་རི་རབ་སྟེང་། །འབྱུང་ཆེན་ལྔ་ལས་གྲུབ་པའི་གཞལ་ཡས་ནི། །དབྱིབས་དང་མཚན་ཉིད་སོ་སོར་མ་འདྲེས་ཀྱང་། །ཡེ་ནས་མ་བཅོས་ཡུམ་ཆེན་ལྔ་ཡི་ངང་། །བརྗོད་མེད་སྤྲོས་བྲལ་འཁོར་ལོ་རྒྱས་འདེབས་ཀློང་། །མཁའ་མཉམ་རིན་ཆེན་འབར་བའི་གཞལ་ཡས་ནི། །ནམ་མཁའི་མཐའ་ལྟར་ཀུན་ཏུ་ཁྱབ། །ཡེ་ཤེས་འབར་བའི་གཞལ་ཡས་ནི། །ཕྱོགས་


DNG021_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྒྱ་ཡོངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །དུར་ཁྲོད་འབར་བའི་གཞལ་ཡས་ནི། །ཞིང་ཆེན་གཅལ་བཀྲམ་རྨང་དུ་བྱས། །བྷནྡྷ་འབར་བའི་གཞལ་ཡས་ནི། །གནམ་ལྕགས་གཟེར་བཏབ་རྒྱན་རྣམས་རྫོགས། །གྲུ་གསུམ་འབར་བའི་གཞལ་ཡས་ཁང་། །ཟླ་གམ་དམར་པོ་དབང་གི་ཚུལ། །ཟླུམ་པོ་གྲུ་བཞི་རྒྱས་པ་སྟེ། །འོད་ཟེར་དམར་སྨུག་སྟོང་ཕྲག་གང་། །འབར་བའི་དཀྱིལ་འཁོར་ཆེན་པོ་རུ། །མ་ཧཱ་དེ་ཝ་སྣི་བསྣོལ་ཁར། །དྲི་ཟ་གྲུལ་བུམ་ཀླུ་གདོན་དང་། །གནོད་སྦྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །འཇིགས་བྱེད་གདན་དུ་སྣི་བསྣོལ་ཁར། །ཨཱོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུཾ་ཕཊ།བཛྲ་མཱུ་ཀ་ར་མུ་ཁ་ཧེ། བཛྲ་ཨ་ཥུ་ས་མུ་ཁཱ་ཧེ། ཨཱོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧ་ན་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ལཱ་སེ་ཀཱི་ཧཱུཾ་ཕཊ། ཨཱོཾ་བཛྲ་བྱཱ་གྷྲ་མུ་ཁ་ཧེ།ཨཱོཾ་བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ད་ཧ་ཧཱུཾ་ཕཊ།ཨཱོཾ་བཛྲ་ཀྲོ་ཏཱི་ཏཱ་ཏཱ་ཧཱུཾ་ཕཊ། བཛྲ་ཙ་མ་ར་མུ་ཁ་ཧེ། བཛྲ་དྲོ་ཎ་མུ་ཁཱི་ཧི། ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། པ་ཙ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་དྷཱི་ཤྨ་ཤཱ་ན་པ་ཏཱི་ཧཱུཾ་ཕཊ། བཛྲ་ཧ་རི་ཎ་མུ་ཁ་ཧེ། བཛྲ་ཨུ་ལཱུཀ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུཾ། བྷནྡ་བྷནྡ་བྷནྡ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་མུ་ས་ལཱི་ཧཱུཾ་ཕཊ། བཛྲ་དི་པཱི་མུ་ཁ་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ཙཎྜ་ལཱི་ཧཱུཾ་ཕཊ། བཛྲ་པི་ཌཱ་ལ་མུ་ཁ་ཧེ། བཛྲ་བཀྵ་ཏི་མུ་ཁཱི་ཧེ། ཨཱོཾ་བཛྲ་ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ས་བྱཱ་ཏི་ཧཱུཾ་ཕཊ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་ས་ཏྲི་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཙྪིནྡ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ས་མི་ཏི་ཧཱུཾ་ཕཊ། བཛྲ་སིང་ཧ་མུ་ཁ་ཧེ། བཛྲ་ཏི་ཏཱི་ལ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་དྷཱི་མཱ་ར་ཎ་ཧཱུཾ་ཕཊ། བཛྲ་ཏ་ཀྵུ་མུ་ཁ་ཧེ།བཛྲ་ན་ཀུ་ལ་མུ་ཁཱི་ཧེ། ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀྲོ་ཏཱི་ཙུནྡ་ཡ་


DNG021_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཧཱུཾ་ཕཊ། བཛྲ་རྀཀྵ་མུ་ཁ་ཧེ། བཛྲ་མཱུ་ཥི་ཀ་མུ་ཁཱི་ཧེ།ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨོཾ་ཨཱཿཧཱུྃ། སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱའོ། །འབྲུ་གསུམ་ངོ་བོས་བྱིན་རློབས་ལ། །ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ། །ཨཱོཾ་བཛྲ་ཡཀྵྀ་ཎཱི་ཧཱུཾ་ཕཊ། བཛྲ་བྷཻ་ར་བེ་ཧཱུཾ་ཕཊ། བཛྲ་ཨ་མྲྀ་ཏ་ཧཱུཾ་ཕཊ། བཛྲ་མཱ་ར་ཎཱི་ཧཱུཾ་ཕཊ། དབང་བསྐུར་བྱིན་བརླབས་དེ་བཞིན་ནོ། །མ་བཅོས་གདོད་ནས་དག་པའི་དབྱིངས་ཉིད་ལས། །མ་གཡོས་རང་བཞིན་གསལ་བའི་ཡེ་ཤེས་ཤར། །གཉིས་མེད་ཁྱད་པར་ཆེ་བས་སྐུ་རུ་བསྟན། །དུས་གསུམ་སྐྱེ་ཤི་མེད་པས་རྡོ་རྗེ་སྟེ། །དུས་གསུམ་འདུས་མ་བྱས་ཤིང་སྐྱེ་ཤི་མེད། །དེ་ཉིད་སྤྲོས་མེད་འཁོར་ལོ་རྒྱས་འདེབས་ཀློང་། །གཉིས་མེད་བྱང་ཆུབ་ཐུགས་ཀྱི་ས་བོན་ལས། །སྒྲིལ་མ་ཧཱུཾ་གི་འོད་ཟེར་ཚོགས་བཅས་རྣམས། །ཡུམ་གྱི་མཁའ་ལ་སྤྲོས་གིང་འདུས་པ་ལས། །ཕྱག་མཚན་རྡོ་རྗེར་གྱུར་ཅིང་ཧཱུཾ་བརྗོད་པས། །སྐུ་གསུང་ཐུགས་ཀྱི་ཁྲོ་བོས་ཕྱོགས་མཚམས་གང་། །ཡབ་ཡུམ་སྤྲུལ་པར་བཅས་ཏེ་དེ་བཞིན་ནོ། །ཧཱུཾ་ཆེན་དབུ་གསུམ་དཀར་དམར་སྔོ་བའི་ཞལ། །རྡོ་རྗེ་ཐོ་བ་མདའ་གཞུ་སྤུ་གྲི་བསྣམས། །རྣམ་རྒྱལ་དབུ་གསུམ་སྔོ་སེར་དཀར་བའི་ཞལ། །རྡོ་རྗེ་ཏྲི་ཤཱུལ་དུང་ཆེན་འཁོར་ལོ་བསྣམས། །དབྱུག་སྔོན་དབུ་གསུམ་ལྗང་དམར་སྔོ་བའི་ཞལ། །རྡོ་རྗེ་དབྱུག་ཏོ་རིན་ཆེན་ཏི་ར་བསྣམས། །གཤིན་རྗེ་དབུ་གསུམ་ལྗང་ནག་སྔོ་བའི་ཞལ། །ཐོད་དབྱུག་འཁོར་ལོ་རྡོ་རྗེ་ཏི་ར་བསྣམས། །མི་གཡོ་དབུ་གསུམ་ལྗང་སྔོན་སྨུག་པའི་ཞལ། །རྡོ་རྗེ་ཞགས་པ་གཤོལ་དང་གཏུན་ཤིང་བསྣམས། །རྟ་མགྲིན་དབུ་གསུམ་དཀར་སྔོ་དམར་བའི་ཞལ། །སྦྲུལ་ནག་རྡོ་རྗེ་སྤུ་གྲི་ཏི་ར་བསྣམས། །གཞན་གྱིས་མི་ཐུབ་དཀར་དམར་སེར་བའི་ཞལ། །རྡོ་རྗེ་ཏི་ར་བྷན་དྷ་རྔ་ཡབ་བསྣམས། །བདུད་རྩི་དབུ་གསུམ་དཀར་སྔོ་སྨུག་པའི་ཞལ། །རྡོ་རྗེ་རྒྱ་གྲམ་དབྱུག་ཏོ་སྤུ་གྲི་བསྣམས། །ཁམས་གསུམ་རྣམ་རྒྱལ་དབུ་གསུམ་དཀར་སྔོ་ཞལ། །རྡོ་རྗེ་མདའ་གཞུ་དུང་དམར་ཏི་ར་བསྣམས། །སྟོབས་ཆེན་དབུ་གསུམ་དམར་


DNG021_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དུད་ཁའི་ཞལ། །རྡོ་རྗེ་ཞགས་པ་གཤོལ་དང་གཏུན་ཤིང་བསྣམས། །སྒྲ་འབྱིན་མདའ་སྙེམས་རྡོ་རྗེ་སྡེར་མོ་གསུམ། །དུར་ཁྲོད་གཏུན་ཁུང་རྡོ་རྗེ་སྡེར་མོ་དྲུག །མདའ་སྙེམས་རླུང་འབྱིན་རྡོ་རྗེ་གསོད་བྱེད་དགུ། །སྐྱོད་བྱེད་ལ་སོགས་རྒྱན་རྣམས་དེ་བཞིན་ཏེ། །ཞལ་མདོག་དེ་བཞིན་གཡས་ན་དྲིལ་བུ་བསྣམས། །གཡོན་གྱིས་དེ་བཞིན་དུང་ཆེན་སྟོབ་པར་མཛད། །ཕག་དང་སྨིག་བུ་སྟག་དང་བྱ་རྒོད་དང་། །གཡག་དང་བྱ་རོག་ཤ་བ་འུག་པ་དང་། །གཟིག་དང་ཁྭ་ཏ་བྱི་ལ་པུ་ཤུད་དང་། །སྤྱང་མོ་ཁྲ་དང་སེང་གེ་ཕ་ཝང་དང་། །དྲེད་དང་སྲེ་མོ་དོམ་དང་བྱི་བར་བཅས། །རྒྱན་དང་མདོག་ནི་ཡབ་ཀྱི་ངོ་བོ་སྟེ། །ཕྱག་མཚན་ཡབ་ཀྱིས་ཉིད་ཀྱི་རྟགས་སུ་སྟེ། །སྤྲུལ་པའི་དོན་གྱིས་རྟགས་ཀྱི་ངོ་བོར་བསྣམས། །གཙོ་བོ་ཐུགས་ཀྱི་ཡེ་ཤེས་རྣམ་བཞི་ཡིས། །མ་རིག་རྨོངས་པས་བཅིངས་པའི་སེམས་ཅན་རྣམས། །དོན་དམ་གཉིས་མེད་ངང་དུ་བསྒྲལ་བ་དང་། །སྐྱེ་ཤི་རྩད་ནས་གཅོད་ཕྱིར་ཧཱུཾ་ཀཱ་ར། །འཁོར་ལོ་རྒྱས་འདེབས་རང་བཞིན་འདུས་མ་བྱས། །དུས་གསུམ་འདུས་མ་བྱས་པའི་རང་བཞིན་ལས། །གཉིས་མེད་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར། །སྐྱེ་ཤི་མེད་པའི་དོན་འབྱིན་སྒྲ་འབྱིན་མ། །སྤྱོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་སྤོར། །ཐབས་དང་ཤེས་རབ་སྤྱོད་པས་མཐའ་གཉིས་སྤངས། །དེ་ཕྱིར་ཧཱུཾ་མཛད་གཉིས་མཛད་ཤྭ་བྱ་ཏཱི། །ཧཱུཾ་ཆེན་ཡབ་ཡུམ་གཉིས་མེད་བྱང་ཆུབ་ལས། །སྤྲུལ་པ་ཡང་སྤྲུལ་ཚོགས་བཅས་དེ་བཞིན་ནོ། །ལྷག་མཐོང་ཡེ་ཤེས་ཆོས་དབྱིངས་རླན་གྱིས་བརྒྱན། །ཐུགས་རྗེ་སྨོན་ལམ་འཁོར་བ་གདུག་སྒྲོལ་རྨོངས། །རྟོག་འཇོམས་རྫས་ལ་གཙང་སྨེ་མེད་པར་རོལ། །དེ་ཕྱིར་མྱོས་བྱེད་ཕྲ་མེན་སཱུ་ཀར་ཧེ། །འཇུག་པ་རང་དབང་མེད་པར་ཉིད་གྱུར་ནས། །བསམ་དང་མི་མཐུན་ལོག་ལྟ་མྱོས་བྱེད་ཅིང་། །བསྟན་པའི་ཆོས་སྒྲོག་ལོག་ལྟ་མྱོས་བྱེད་པ། །ཐམས་ཅད་མྱོས་བྱེད་ཕྲ་མེན་ཨི་ཥུ་མུས་ཁ་ཧེ། །ཁྲོ་རྒྱལ་ཡེ་ཤེས་མེ་ལོང་ལྟ་བུ་ཡིས། །ཆོས་རྣམས་རང་བཞིན་མེད་པར་ཡེ་ནས་རྟོགས། །མཐའ་


DNG021_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མ་སྤངས་རྒྱལ་བའི་རྒྱལ་མཚན་བཙུགས། །དེ་དག་དོན་ལས་རྒྱལ་བས་རྣམ་པར་རྒྱལ། །ཡེ་ཤེས་ཐུགས་རྗེས་ཟིན་པས་བསམ་མི་ཁྱབ། །ཐུགས་རྗེ་ཤེས་པས་ཟིན་པས་སྲིད་ལས་འདས། །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྟན། །འདོད་པའི་རྒྱལ་པོ་མཉེས་བྱེད་ལཱ་སེ་ཀི། །ཐུགས་རྗེས་སྡུག་བསྔལ་མི་བཟོད་ལས་འདས་པས། །ཡལ་བར་མི་གཏོང་བརྩོན་འགྲུས་ཤུགས་ཀྱི་བརྟུན། །གདོད་ནས་དོན་མཛད་འཁོར་བ་མཐའ་གཏུག་སྒྲོལ། །དེ་ཕྱིར་དཔའ་བརྟུལ་ཟ་བྱེད་བྱཱ་གྷྲ་མ། །ཡིད་གཡོ་ལས་ཅན་སེམས་ཀྱི་འགྱུར་བ་ནི། །ཡེ་ཤེས་དབང་གིས་འགྲོ་ལ་ཐུགས་རྗེ་གཡོ། །དོན་མཛད་ཡེ་ཤེས་འོད་འབྱུང་དབྱིངས་སུ་མཁྱེན། །དེ་ཕྱིར་ཚུལ་ཁྲིམས་ལྡན་མའི་གྲྀཌྜྷ་མ། །ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཆེན་པོ་དེས། །འཁོར་བའི་བག་ཆགས་ཉེར་ལེན་འཇོམས་པར་བྱེད། །ང་རྒྱལ་དྲེགས་ལས་ཞེན་པའི་ཉོན་མོངས་དེ། །འགྱུར་མེད་ངང་ལས་གཡོས་པ་མེད་པས་ན། །དེ་ཕྱིར་ཡེ་ཤེས་དབྱེར་མེད་དབྱུག་སྔོན་ཅན། །རིག་པའི་སྡེར་ཆེན་ཆོས་ཀྱི་དབྱིངས་ཉིད་ཟིན། །ཐུགས་རྗེ་ལྕགས་ཀྱུས་འཁོར་བར་མི་གཏོང་ཞིང་། །ཤེས་རབ་ཐབས་ལྡན་ལྕགས་ཀྱུས་འཛིན་པར་བྱེད། །གཙོ་བོ་དབྱུག་སྔོན་མཉེས་བྱེད་ཏཱ་ཏཱ་བཱི། །སྡང་མིག་ཐུགས་རྗེས་མི་འགྱུར་ཞེ་ལ་གནོན། །མཐུ་རྩལ་རྔོམ་བརྗིད་འགྱུར་མེད་མཐུ་དཔུང་འཇོམས། །ཚམ་རྔམས་རལ་བསིགས་གདངས་སྒྲས་འཇིག་རྟེན་འགེངས། །དེ་ཕྱིར་འགྱུར་མེད་ཕྲ་མེན་ཙ་མ་ར། །བསམ་པའི་དངོས་པོས་འདོད་ལ་འདུན་པ་འཛིན། །དབྱིངས་ཉིད་མཉམ་པས་ཡེ་ཤེས་མཁྱེན་པས་གཟིགས། །ཐུགས་རྗེ་འདུན་པས་འཁོར་བའི་བག་ཆགས་ཟ། །དེ་ཕྱིར་ཟ་བྱེད་ཏྲོ་ཎ་མུ་ཁ་ཧེ། །ཁྲོ་བདག་ཡེ་ཤེས་མཉམ་པའི་རྒྱལ་པོ་ཡིས། །འཆི་བདག་བདུད་དང་གཤིན་རྗེ་ཚར་གཅོད་ཅིང་། །དེ་ཡི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཡེ་ཤེས་མཚན་སྡུག་ཐུགས་རྗེ་ཁྲོ་འབྱུང་ཞིང་། །སྤྲུལ་པས་འགྲོ་སྒྲོལ་སྐུ་དང་ཡེ་ཤེས་འབྱུང་། །ཤེས་སྙིང་


DNG021_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་དབུ་མར་རིག་པ་སྟེ། །ཁྲོ་རྒྱལ་གཤིན་རྗེ་མཉེས་མཛད་སྟ་ན་ས། །རྟོག་པའི་དགྲ་སྤངས་དྲག་པོའི་དགོངས་པར་གནས། །འཁྲུལ་སྐྱོན་དྲི་མ་ཤེས་བྱའི་རྫིས་ཚོར་ཡང་། །འགྲོ་དོན་དུས་ལ་བབ་ན་ཐུགས་རྗེས་འཇུག །དེ་ཕྱིར་འཇུག་བྱེད་ཧ་རིཎ་མུ་ཁ་ཧེ། །དམིགས་པ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། །ཡེ་ཤེས་དབྱིངས་རྟོགས་འགྲངས་པས་ཉིན་མོ་ཉལ། །འགྲོ་ལྡང་རྨོངས་ལ་ཐུགས་རྗེས་མཚན་མོ་ལྡང་། །ཡེ་ཤེས་ཐུགས་རྗེས་འགྲངས་པའི་ཨུ་ལཱུ་མ། །ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་མཐར་མི་གཡོ། །དེ་ཡི་རང་བཞིན་གང་ཡིན་དབྱེར་མེད་པ། །དངོས་པོར་མ་སྤྲོས་རང་བཞིན་དོན་གྱིས་ཁྱབ། །ཀུན་ལ་ཁྱབ་པའི་ཕྱིར་ན་མི་གཡོ་མགོན། །མཚན་མ་ཐབས་ཀྱི་ཐོ་བས་དབྱིངས་སུ་བརྡུངས། །ཐུགས་རྗེས་སེམས་ཅན་ཕྲིན་ལས་མཚན་མ་འཇོམས། །རྨོངས་པ་ཡེ་ཤེས་སྙིང་རྗེས་མི་གཏོང་བས། །མི་གཡོ་མགོན་པོ་མཉེས་མཛད་མུ་ས་ལ། །ཆོས་དབྱིངས་གནས་ལ་རྟོག་པའི་སྐྱོན་སེལ་ཅིང་། །ཐུགས་རྗེས་སྤུ་གྲིས་སྤྲུལ་པ་བསམ་མི་ཁྱབ། །དུག་གསུམ་ཟད་ཕྱིར་ཤ་རུས་ཁྲག་ལ་རོལ། །སེལ་བྱེད་སྤྲུལ་པས་དོན་མཛད་བྱཱ་གྷྲ་མ། །བརྣག་པའི་དངོས་ལ་ཏིང་འཛིན་རྩེ་གཅིག་སྒྱུར། །མཉམ་ཉིད་མཐུ་རྩལ་དབྱིངས་ལ་མ་གཡོས་པས། །རྟོག་པའི་སྤྱོད་ཡུལ་བྲལ་བས་མི་མཐོང་སྟེ། །དེ་ཕྱིར་ཕྲ་མེན་མགྱོགས་བྱེད་པྲེ་ཏ་ལཱི། །ཁྲོ་བདག་རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །མྱ་ངན་འདས་དང་འཁོར་བའི་ཆོས་ཐམས་ཅད། །དེ་ཡི་རང་བཞིན་མ་འདྲེས་པར་འདུས་པས། །དེ་ཕྱིར་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །རྡོ་རྗེ་གཏུམ་མོས་མཚན་མའི་དངོས་པོ་འཇོམས། །ཡེ་ཤེས་རྔམ་ཚུལ་སྲིད་པ་ཐལ་བར་རློག །དེ་ཉིད་མི་རྟོག་མཐའ་བྲལ་དབུ་མར་བརྗིད། །ཧ་ཡ་གྲཱི་ཝ་མཉེས་བྱེད་ཛ་ཡ་ཏི། །ཡང་བག་ཟོན་ཆགས་འགྲོ་དོན་ཐབས་དང་ལྡན། །མི་འདུལ་ཟིལ་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །དུས་ལ་མི་འདའ་བརྩོན་འགྲུས་ཤུགས་དང་ལྡན། །དེ་ཕྱིར་མཁས་བརྩོན་མཛད་པའི་པི་ཌཱ་ལི། །ལས་འབྲས་བདེན་ལ་ཡིད་ཆེས་དད་


DNG021_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །མཉམ་ཉིད་དབྱིངས་སུ་ཡེ་ཤེས་ཐུགས་ཀྱིས་མགྱོགས། །ཞི་གནས་དོན་གྱིས་ལྷག་མཐོང་གཏོ་ཚོགས་ཆུད། །དེ་ཕྱིར་མགྱོགས་བྱེད་ཕྲ་མེན་པ་ཀྵྀ་ཧཱི། །ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཚད་མེད་ལས། །དབྱིངས་ཀྱི་དོན་ལ་མཚན་མས་ཡོངས་མི་ཐུབ། །ཐུགས་རྗེས་འགྲོ་དོན་རྣམ་པར་མཛད་པ་ལ། །བདུད་དང་སྲིན་པོས་ཤིན་ཏུ་ཐུབ་དཀའ་སྟེ། །རང་བཞིན་གང་ཡིན་གཞན་གྱིས་མི་ཐུབ་པའོ། །ཕྲ་བས་དབྱིངས་ཉིད་འབིགས་པའི་ཡེ་ཤེས་འཕེན། །དབྱིངས་ལ་ཡེ་ཤེས་ཐུགས་རྗེས་གཏན་དུ་རྡེག །མ་རྨོངས་དབུ་མ་ཆེན་པོའི་དོན་སྟོན་པའི། །གཞན་གྱིས་མི་ཐུབ་མཉེས་མཛད་ས་བྱཱ་ཏཱི། །དབྱིངས་ལ་ཡེ་ཤེས་ཞུགས་པས་ཤེས་བྱ་ཟ། །དབྱིངས་ཉིད་ཤེས་པ་ཞུགས་པས་ཉོན་མོངས་ཟ། །གཉིས་མེད་ཡེ་ཤེས་ཐུགས་རྗེས་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་ཤྭ་ན་མུ་ཁ་ཧེ། །ཡེ་ཤེས་ཐུགས་རྗེས་ཆོས་ཀྱི་དབྱིངས་ལ་འཛིན། །ལྷག་མཐོང་ཡེ་ཤེས་དབྱིངས་ལ་མཉམ་འགྱུར་འཛིན། །ཞི་གནས་ཆེ་བས་འཛིན་པས་མི་འཕྲོག་སྟེ། །དེ་ཕྱིར་འཛིན་པའི་མཚན་ཉིད་པཉྫི་ར། །ཁྲོ་བདག་ཐུགས་ཀྱི་ཡེ་ཤེས་ཡེ་ནས་གྲུབ། །བྱ་བ་གྲུབ་པའི་ཡེ་ཤེས་ཆོས་དབྱིངས་སུ། །འཁོར་བའི་ཆོས་ཅན་བདུད་དང་འདྲ་བ་ལ། །ཡེ་ཤེས་ཐུགས་རྗེ་སྨན་གྱི་རྩི་བཏང་ཞིང་། །ཡེ་ཤེས་ཀུན་ལ་ཁྱབ་པའི་དབྱིངས་སུ་འཁྱིལ། །དེ་ཕྱིར་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །མཚན་མ་མེད་པའི་དབྱིངས་ཉིད་རིག་པའི་སྒྲ། །དབྱིངས་རིག་ཡེ་ཤེས་གཉིས་ལ་ཉན་པའི་སྒྲ། །དེ་ལས་བསྟན་པ་གསུང་གི་སྒྲ་འབྱིན་མ། །བདུད་རྩི་འཁྱིལ་པ་མཉེས་མཛད་ས་བྱཱ་མི་ཏ། །རིགས་བཙུན་གཉེན་པོར་གྱུར་པས་ཐམས་ཅད་འདུལ། །ཕྲིན་ལས་རྩལ་གྱིས་བདུད་དཔུང་ཐམས་ཅད་འཇོམས། །སྟོང་ཉིད་སྒྲ་སྒྲོགས་མུ་སྟེགས་ཝ་ཚོགས་འཇོམས། །དེ་ཕྱིར་རྩལ་འཕགས་འཇོམས་བྱེད་སེངྷ་མ། །འདྲིས་པའི་དངོས་པོ་མི་བརྗེད་དྲན་པར་འགྱུར། །དབྱིངས་དང་ཡེ་ཤེས་མཉམ་ཉིད་མི་བརྗེད་དྲན། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། །དེ་ཕྱིར་སྒྲ་འབྱིན་ཕྲ་མེན་ཏི་ཏཱི་ལ། །ཁྲོ་རྒྱལ་


DNG021_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ཡེ་ཤེས་ཆེན་པོ་དེས། །དུས་གསུམ་མི་འགྱུར་སེམས་ཀྱི་རང་བཞིན་ནི། །གཉིས་མེད་ཆོས་ཀྱི་དབྱིངས་སུ་རབ་རྟོགས་པས། །ཁམས་གསུམ་མྱ་ངན་འདས་པའི་ངང་དུ་རྒྱལ། །དེ་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བར་བསྟན། །བདག་ཏུ་བལྟ་བའི་མཚན་མ་ཀུན་འཇོམས་ཤིང་། །ཟ་བྱེད་མཆེ་བས་སྐྱེ་ཤི་རྩད་ནས་གཅོད། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པས། །ཁམས་གསུམ་རྣམ་རྒྱལ་མཉེས་མཛད་མ་ར་ཎཱི། །དབྱིངས་ལ་ཡེ་ཤེས་ཤར་ཞིང་ཐུགས་རྗེ་རྨི། །མཐིང་ནག་ཆེན་པོས་དྲག་པོའི་སྐུར་སྟོན་པ། །ཐུགས་རྗེའི་མངའ་བདག་མ་མགྱོགས་འཁྱོག་ཀྱང་དབྱིངས་སུ་མཁྱེན། །དེ་ཕྱིར་རྨི་བྱེད་ཕྲ་མེན་ཏཀྵུ་མུ་ཁ་ཧེ། །ཆོས་རྣམས་དབྱེ་བ་མེད་པར་གྱུར་པ་ནི། །མཉམ་དང་མི་མཐུན་ལོག་ལྟ་མྱོས་བྱེད་ཅིང་། །རིག་པ་སྐྱེད་ཕྱིར་སེམས་ཉིད་ཐེ་ཚོམ་གཅོད། །དེ་ཕྱིར་གསོད་བྱེད་ཕྲ་མེན་ན་ཀུ་ལ། །ཁྲོ་བདག་ཡེ་ཤེས་ཐུགས་དེ་རྣམ་དག་པས། །ཐམས་ཅད་དབྱེར་མེད་དབྱིངས་ཀྱི་ངང་དུ་སྟོབས། །མཐའ་གཉིས་ཟིལ་གྱིས་གནོན་པས་བརྗོད་དུ་མེད། །གཉིས་མེད་དོན་གྱི་ངོ་བོ་སྟོབས་པོ་ཆེ། །ཐུགས་དམ་དབང་གིས་རྣམ་དག་དབྱིངས་ནས་བསྐུལ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །གཉིས་མེད་མཆོད་འབུལ་དབུ་མའི་དགྱེས་པ་སྟོབས། །མ་ཧཱ་བ་ལ་མཉེས་མཛད་ཙུནྡ་ཡ་ཧཱུཾ། །ལྷག་མཐོང་ཡེ་ཤེས་སྟོབས་ཀྱིས་མཐའ་གཉིས་གནོན། །ཚམ་རྔམས་རལ་བསིགས་གདངས་སྒྲས་སྟོང་གསུམ་འགེངས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་དང་ལྡན། །དེ་ཕྱིར་སྟོབས་ལྡན་ཕྲ་མེན་རྀ་ཀྵ་ཀ །གསུམ་འདུས་བཅས་པ་རིག་པ་གྱུར་པ་ནི། །ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཀྱང་། །ཕྱག་རྒྱ་བཞི་ནི་མ་བསྐྱེད་དབྱིངས་སུ་མཁྱེན། །དེ་ཕྱིར་འཕྲོག་བྱེད་ཕྲ་མེན་མཱུ་ཥི་ཀ །འཁོར་བ་རྡོ་རྗེས་གཅོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེས་བརྗོད་པས་མྱ་ངན་འདས། །བརྗོད་མེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ། །དེ་ཕྱིར་བརྗོད་མེད་བཛྲ་ཡཀྵ་ཎཱི། །ཆོས་ཉིད་རྡོ་རྗེས་མཚན་མའི་དངོས་པོ་འཇོམས། །ཡེ་ཤེས་རྡོ་རྗེས་གཟུང་འཛིན་


DNG021_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་བསྲེགས། །ཕྱག་མཚན་རྡོ་རྗེ་དྲག་པོས་ལྷ་བདུད་འཇོམས། །དེ་ཕྱིར་དོན་ལ་བརྗོད་མེད་བྷཻ་ར་བེ། །འཆི་མེད་བདུད་རྩིས་ཡུལ་སེམས་སྐྱེ་འགག་མེད། །དེ་ཉིད་དོན་དེ་ཡེ་ཤེས་ཐུགས་རྗེ་འབྱུང་། །གཉིས་མེད་བདུད་རྩིའི་འགྲོ་བའི་སྡུག་བསྔལ་སེལ། །དེ་ཕྱིར་བདུད་རྩི་མཆོག་གི་ཡེ་ཤེས་ཨ་མྲྀ་ཏ། །ཡེ་ཤེས་སྤྲོས་མེད་ཡོན་ཏན་རྒྱ་མཚོ་འགྲུབ། །ཐུགས་རྗེས་འཕྲོག་ཅིང་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེས་མཉམ་ཉིད་དབྱིངས་སུ་སྡུད། །དེ་ཕྱིར་ཕྲ་མེན་རླག་བྱེད་མཱ་ར་ཎཱི། །ཆོ་ག་རྣམ་གསུམ་ལས་ཀྱི་འཕྲོ་འདུ་ལས། །སྐུ་བསྐྱེད་གསལ་གདབ་བྱིན་བརླབས་དབང་བསྐུར་ནས། །དོན་གྱི་དཀྱིལ་འཁོར་ཉིད་ཀྱི་དབྱིངས་སུ་བསྟན། །སྣང་སྲིད་དོན་གྱི་ངང་དུ་རང་གནས་པས། །སྣང་སྲིད་ལས་ཀྱི་དཀྱིལ་འཁོར་བདག་གིས་བསྐྱེད། །ཅེས་བརྗོད་པས། ཅི་ལྟར་སྣང་ཞིང་སྲིད་པ་ཐམས་ཅད་དཔལ་ཁྲག་འཐུང་གི་རང་བཞིན་དུ་མྱ་ངན་ལས་འདས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། དྲག་པོ་ལས་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོས། ལས་ཀྱི་དཀྱིལ་འཁོར་དུ་བདག་བྱ་བའི་ཕྱིར། དྲག་པོའི་ཕྲིན་ལས་སུ་བདག་བྱ་ཞིང་། དངོས་གྲུབ་ནོད་པ་དང་། ཚད་མེད་པ་བཞིས་འགྲོ་བ་མ་རིག་པའི་དོན་དུ། དྲག་པོ་གཏུམ་པོའི་ཕྲིན་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་སྐད་ཅེས་བརྗོད་དོ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྟ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ། །འབར་བའི་ཁྲོ་བོ་མི་བཟད་པར། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཅིག །ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །ང་ཉིད་དུ་ནི་བདག་གྱུར་ཅིག །ཕྱག་རྒྱའི་རྒྱལ་པོར་བདག་བསྐྱོད་ཅིག །འགྲོ་རྣམས་ཇི་ལྟར་འདུལ་བ་ལ། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །


DNG021_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབ་འདིར་སྩོལ་ཅིག །སྲིད་པ་གསུམ་གྱིས་བསྡུས་པ་ཀུན། །ཐུགས་ཀྱི་ཡེ་ཤེས་ཕུར་བུ་ཡིས། །ཁམས་གསུམ་གདར་ཤ་བཅད་པ་དང་། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །མ་བཅོས་ཐིག་ལེ་ཆོས་དབྱིངས་ལས། །འགྱུར་མེད་སྐུ་གཅིག་གནས་པ་དེ། །ཡེ་ཤེས་ཁྲོ་བོར་གཤེགས་སུ་གསོལ། །དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར། །ཉོན་མོངས་གདུག་པ་བསྒྲལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་གྱི། །འཕྲོ་འདུ་ལས་ཀྱི་དཀྱིལ་འཁོར་འདིར། །རྟགས་དང་མཚན་མ་བསྟན་པ་དང་། །ཉོན་མོངས་ཕུང་པོ་བསྒྲལ་བ་དང་། །རྣམ་ཤེས་ཧཱུཾ་དུ་གདོན་པའི་ཕྱིར། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར། །གནོད་གདུག་རྣམ་གཉིས་བསྒྲལ་བའི་ཕྱིར། །གང་གི་ཕོ་ཉ་མང་པོ་དེས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །གང་དམིགས་གནས་ནས་འགུགས་པར་བསམ། །དཔལ་ཆེན་ཀཱི་ལ་ཡ་ཡི་སྤྱན་སྔ་རུ། །རྣལ་འབྱོར་ཀུན་གྱི་ལས་བྱ་ཞེས། །ཁས་བླངས་དམ་བཅས་ཇི་བཞིན་དུ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །གཉིས་མེད་དོན་དུ་བསྒྲུབ་པ་ནི། །ཁམས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་རྣལ་འབྱོར་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཕོ་ཉའི་བྱིན་རླབས་ལས། །ལྕགས་ཀྱི་གཟེ་རྒོད་སྐར་ལྟར་འཁྲུགས། །སྤྲུལ་པའི་ཕྱག་བརྙན་གློག་བཞིན་འགྱུ། །མ་མོ་མཁའ་འགྲོ་ཁྲ་ལྟར་འཇུམ། །ཁྲོ་བོ་མང་པོ་ཐོག་ལྟར་འབབ། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །ཁྲོ་ཚོགས་འབར་བའི་བྱིན་རླབས་ཀྱིས། །ཡུད་


DNG021_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །རྣམ་ཤེས་ཧཱུཾ་དུ་རབ་བསྐྱེད་ཀྱིས། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཕོ་ཉ་མང་པོའི་འཕྲོ་འདུ་ཡིས། །གནས་ནས་ཁུག་ལ་ཟིལ་གྱིས་གནོན། །ཨོཾ་ལཾ། ཧཱུཾ་ཡཾ། སྟྭཾ་བྷ་ཡ་ནན། མོ་ཧ་གྷ་ཡ། ཧྲཱྀཿཤྟྲཱིཿབི་ཀྲྀ། སྙིང་པོ་སྔགས་ཀྱིས་བཀུག་པ་དེ། །རི་རབ་འོག་ཏུ་ཟིལ་གྱིས་མནན། །མིང་དང་མཚན་མར་བཅས་པ་དེ། །ཁྲག་འཐུང་ཡབ་ཡུམ་ཞལ་དུ་བསྟབ། །གཉིས་མེད་སྦྱོར་བའི་བྱིན་རླབ་ལས། །ཧཱུཾ་ཆེན་པོ་དང་སྲས་མཆོག་བསྐྱེད། །དེ་ཡིས་རི་རབ་རྨིང་ནས་མནན། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། བཛྲ་ཧཱུཾ་ཀ་ར་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཕྱག་རྒྱ་ཆེན་པོ་རྣམ་བཞི་ཡིས། །དགུག་ཅིང་བཅིངས་ལ་དམ་དུ་སྡོམ། །སེམས་མ་འཁྲུགས་པར་དབང་དུ་བསྡུ། །ཧཱུཾ་གིས་བསྡུས་ལ་ཕཊ་ཀྱིས་གཏོར། །ཧཱུཾ་ཀཱ་ར་དང་ཀཱི་ལ་ཡ། །དཀྱིལ་འཁོར་གཉིས་ཀྱིས་དབུས་བསྡུས་ལ། །ཆོས་ཉིད་ཨ་ཡི་ངང་དུ་སྦར། །ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན། བཛྲ་ཀཱི་ལ་ཡ། ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཧཱུཾ། ཁྲོ་བོའི་ཚོགས་ཀྱིས་དཀྱིལ་འཁོར་དེ། །ཕཊ་ཀྱིས་སྤྲོས་པས་དགྲ་ལ་བསྡིམ། །གཟི་བཀྲག་དབང་རྣམས་མངོན་དུ་ཕྲོག །ཙར་གྱིས་བྱུང་སྟེ་ཡ་ལ་བསྡུ། །བདག་གི་ཐུགས་ཀར་དབང་བསྐུར་བས། །སྐྱེ་མེད་ཚེ་ཡི་དངོས་གྲུབ་ཐོབ། ཕཊ་ཨཿ། དེ་ནི་ཏིང་འཛིན་ཕུར་པ་སྟེ། །རྩེ་གཅིག་མ་ཡེངས་འགྲུབ་པའི་རྟགས། །ཏིང་འཛིན་ལྟ་བ་མ་ཁྲོལ་ན། །དངོས་སུ་བསྒྲལ་བས་དོན་མི་འགྲུབ། །དོན་གྱི་འབྲས་བུ་ངན་སོང་རྒྱུ། །དོན་ཉིད་གཉིས་མེད་དབྱིངས་སུ་བསྒྲལ། །ཏིང་འཛིན་གསལ་བའི་ཕུར་པས་གདབ། །ཅེས་བརྗོད་པས། འཇིགས་བྱེད་ཁྲོ་བོའི་ཚོགས་ཀྱིས་ཐམས་ཅད་དམིགས་སུ་མེད་པར་མྱ་ངན་ལས་བསྒྲལ་ལོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། བདག་ཉིད་ཆེ་བའི་ང་རྒྱལ་བསྐྱེད་དེ། དབང་ནོད་པ་དང་། ཏིང་ངེ་འཛིན་གྱིས་ཕུར་པ་གདབ་པའི་


DNG021_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོས། དྲག་པོའི་ཕྲིན་ལས་ཀྱིས་དམིགས་པའི་དགྲ་དེ་མངོན་སུམ་དུ་བསྒྲལ་བའི་ཕྱིར། ཉོན་མོངས་པའི་གཟུགས་ལ། ཕོ་ཉས་དབང་པོ་མངོན་སུམ་དུ་བསྡུ་བ་འདི་སྐད་ཅེས་བརྗོད་དོ། །སྐལ་ངན་ལས་ཀྱིས་མནར་བ་དེ། །རྣལ་འབྱོར་དོན་ལ་བར་གཅོད་བྱས། །གཉིས་མེད་བསྒྲལ་བས་མི་འདུལ་བས། །མངོན་སྤྱོད་བསྒྲལ་བའི་ལས་བྱས་ལ། །གང་གིས་གཟུགས་ལ་མིང་རུས་བྲིས། །གཤིན་རྗེའི་ཕྱོགས་སུ་ལས་རྣམས་བྱ། །ཁྲུ་གང་བརྐོས་ལ་རྒྱ་སོལ་གདབ། །ཐོད་པ་མདའ་གཞུ་ཞགས་པ་དང་། །རྩང་དང་དུག་རྫས་ཚང་བས་བསྐོར། །མ་ཉེས་ཞལ་ལྕེ་ཀུན་ལ་བཅོལ། །བསྙེན་པ་རྫོགས་ནས་ལས་འདི་བྱའོ། །བདག་ཉིད་དབང་གི་རྒྱན་གྱིས་བརྒྱན། །དམ་ཅན་བསྙེན་ནས་ཕོ་ཉ་བཀྱེ། །གཟུགས་བསྡུ་བ་ཡི་ལས་བསྡུ་བ། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྣལ་འབྱོར་དོན་སྒྲུབ་དཀྱིལ་འཁོར་ལ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཕོ་ཉ་ཕྱག་བརྙན་ཚོགས་བཅས་ཀྱིས། །ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། །གཏོགས་ཤིག་གྲོགས་དང་ཕྲལ་པར་གྱིས། །རིང་པར་ཁུག་ལ་སྨྱོར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ལས་ཀྱི་ཕོ་ཉ་མང་པོ་ཀུན། །གཟུགས་ལ་བསྡུ་བའི་ལས་བྱུང་གིས། །སྔོན་ཆད་དམ་བཅས་ཅི་བཞིན་དུ། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །རྣམ་ཤེས་དབང་པོ་གཟུགས་ལ་བསྡུས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཕྱག་རྒྱ་བཞི་བཅས་ལ། །བསྡུ་བའི་དངོས་པོ་འདི་བརྗོད་ཅིང་། །དབང་པོས་མངོན་སུམ་མཐོང་བར་བསམ། །ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ན་ཧ་ར་ན་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཅེས་བརྗོད་པས། ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས། ཉོན་


DNG021_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་སེམས་གཟུགས་ལ་བསྡུས་པས། བདག་པོ་དབང་པོས་མངོན་སུམ་དུ་མཐོང་ནས་རྣམ་པར་ཤེས་པའི་སེམས། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་རོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། གཟུགས་ལ་རྣམ་ཤེས་དབབ་ཅིང་བསྡུ་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་ཀཱི་ལ་ཡས། དེ་དྲག་པོ་སྔགས་དང་ཁྲོ་ཚོགས་ཀྱིས་ཕུར་པས་གདབ་ཅིང་བསྒྲལ་བའི་ཕྱིར། སྡང་བ་ཞེ་ལ་བཞག །ཐུགས་རྗེས་ཉོན་མོངས་པའི་ཞེ་སྡང་གཏིང་ནས་གཡོས་ནས། ཤིན་ཏུ་གཏུམ་པའི་ང་རོ་དང་། གདངས་སྐད་དྲག་པོའི་ཕྲིན་ལས་ཀྱིས་གཏུམ་ཚིག་འདི་སྐད་བརྗོད་དོ། །ཧཱུཾ་དྲག་པོ་འབར་བའི་དཀྱིལ་འཁོར་འདིར། །གཏུམ་རྔམ་འཁྲུགས་པའི་ངོ་བོ་ལས། །ཕོ་ཉ་ཕྱག་བརྙན་ཚོགས་རྣམས་ཀྱིས། །རྣམ་ཤེས་གཟུགས་ལ་བསྡུས་པ་དེ། །ཉོན་མོངས་འབྲས་བུ་འཕེལ་བྱེད་པས། །ཐབས་ཀྱིས་འདུལ་བའི་སྐབས་མེད་ཀྱིས། །དམིགས་ཀྱིས་མངོན་སུམ་བསྒྲལ་བར་བྱ། །མཐིང་ནག་ཅོད་པན་ཕུར་པ་ལ། །ཁྲོ་བོའི་ཚོགས་སུ་དེ་བཞིན་དེ། །བདུག་བརྡེག་བྱུག་ལ་བརླབས་ཤིང་བསྐུར། །གླང་ལ་ལན་གསུམ་སྐུ་གསུང་ཐུགས། །ཁམས་གསུམ་ཕུར་པས་དུས་གཅིག་བསྒྲལ། །རང་ལ་ཕོ་ཉའི་ཕུར་པས་གདབ། །དེ་ནས་སྔགས་དང་ཏིང་ངེ་འཛིན། །ཐབས་དང་དགོས་ཆེད་ལྔ་རུ་ཡོད། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དེ་བཞིན་ཏེ། །དབུས་ནས་ཕུར་པ་བཞི་བླང་ལ། །ཁྲོ་བདག་ཡབ་ཡུམ་ཧཱུཾ་ཀ་ར། །སྒྲ་འབྱིན་མ་སྟེ་ཡབ་ཡུམ་བཞིས། །དྲག་པོའི་གནས་སུ་རིམ་བཞིན་གདབ། །ཤིན་ཏུ་མི་བཟད་ཧཱུཾ་སྒྲ་ཅན། །གདུག་པའི་ཚོགས་བཅས་མ་ལུས་ཀྱིས། །དངོས་སུ་བཏབ་ནས་ཞིག་པར་བསམ། །དོན་གྱིས་བཏབ་པས་མཁའ་ལ་བཏོན། །ཡུམ་གྱི་གསེར་ཞུན་ལྟ་བུའི་སེམས། །ཧཱུཾ་གིས་བསྡུས་པས་བདག་ལ་བསྡིམ། །ལུས་ངག་ཡིད་


DNG021_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐུ་གསུང་ཐུགས། །དུས་གསུམ་འགྱུར་མེད་ཚེ་ཡི་དངོས། །ཆེ་བའི་ཡོན་ཏན་མཐར་ཕྱིན་བསམ། །ཁམས་གསུམ་སྒྲོལ་བའི་དབང་ཐོབ་པས། །དོན་གྱི་གནས་ཀྱང་ཐེབ་པར་བསམ། །དྲན་པའི་གཞི་ལ་དེས་བཏབ་ནས། །ཉོན་མོངས་རྩ་ཐག་ངེས་གཅོད་ནས། །སེམས་ཉིད་ཡེ་ཤེས་ཆེན་པོར་བསྐྱེད། །དབང་པོའི་ཡུལ་ལ་དེས་བཏབ་པས། །དྲན་པ་ཉམས་ནས་དབང་པོ་འཕྲོག །རྣམ་ཤེས་མི་གནས་གནས་སུ་བསྒྲལ། །དོན་དམ་གཉིས་མེད་མཁའ་ལ་བསྒྲལ། །བསྟོད་ཅིང་ཕྲིན་ལས་དྲག་པོ་རོལ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །སྲོག་གི་གོ་རུ་ཤར་བ་དེ། །དམིགས་པར་བྱ་བའི་དོན་རྣམས་ལ། །སྙིང་གི་གོ་རུ་ཀཱི་ལ་ཡ། །ཧཱུཾ་ཙིཏྟ་ཙིཏྟ་ཧཱུཾ་ཕཊ། ཨ་ཛི་ཏེ་ཨ་པ་ར་ཛི་ཏ་ཧཱུཾ་ཕཊ། ཏཾ་ག་ཏེ་ཧཱུཾ་ཕཊ། ཛ་ཡེ་བི་ཛ་ཡེ་ཧཱུཾ་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །གྲྀ་ཧྞ་གྲྀ་ཧྞ་བཛྲ། བྷནྡ་བྷནྡ་བཛྲ། མ་ཐ་མ་ཐ་བཛྲ། ཧ་ན་ཧ་ན་བཛྲ། ཛྭ་ལ་ཛྭ་ལ་བཛྲ། མ་ར་པྲ་མརྡ་ན་ཡེ་ཧཱུཾ་ཕཊ། པ་ར་བིདྱཱ་ན་མུ་རུ་མུ་རུ་ཧཱུཾ་ཕཊ། གྲྀ་ཧྞཱ་པཱ་ཡ་གྲྀ་ཧྞཱ་པཱ་ཡ་ཧཱུཾ་ཕཊ། སུ་རུ་སུ་རུ་བཛྲ། བྷིནྡྷ་བིནྡྷ་བཛྲ། པ་ཙ་པ་ཙ་བཛྲ། རིམ་གྱིས་འཇུག་ལ་དེ་བཞིན་ཏེ། །གཉིས་མེད་མཁའ་ལ་བསྒྲལ་བ་ཡིན། །ཞེས་བརྗོད་པས། ཐམས་ཅད་མ་ལུས་པར་ཐེབས་ནས། ཕུང་པོ་དངོས་སུ་བསྒྲལ་ཏེ་རྣམ་པར་ཤེས་པ་མྱ་ངན་ལས་འདས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཕུར་པ་དངོས་སུ་གདབ་ཅིང་རྣམ་ཤེས་མྱ་ངན་ལས་བཟླ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་དྲག་པོའི་ཕྲིན་ལས་མཚོན་གྱིས་བརྡེག་ཅིང་གཏུབ་པའི་ཕྱིར། འདི་སྐད་དོ། །ཧཱུཾ་རྣམ་ཤེས་བསྒྲལ་བའི་ཕུང་པོ་ལ། །སྤྲུལ་པ་ཕྱག་བརྙན་ལས་བྱའོ། །འདི་ཡང་ཕོ་ཉའི་ཏིང་འཛིན་དང་། །སྔགས་དང་ཐབས་དང་དགོས་ཆེད་དོ། །ཧཱུཾ་ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །ཕོ་ཉ་རོལ་པའི་ལས་བྱ་བས། །དམ་ཚིག་ཆེན་པོའི་དུས་ལ་བབ། །


DNG021_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཆེན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་དང་། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ང་ཡི་བཀའ་ལས་འདའ་མ་བྱེད། །དེ་ནི་ཕོ་ཉས་གཏུབ་པ་དང་། །བཀའ་རྣམས་ཉན་པར་བྱེད་པའོ། །ཁྲོ་བོ་གདུག་པའི་མཚོན་དབལ་གྱིས། །ཉོན་མོངས་མནན་པའི་ཕུང་པོ་དེ། །རྡོ་རྗེ་འཁོར་ལོ་རལ་གྲིས་གཏུབ། །མགོ་སྙིང་ལྷུ་གཟུགས་མ་ལུས་རྣམས། །དངོས་གཞི་མེད་པར་བརླག་པར་བསམ། །གཏུབ་དང་བཀའ་ཉན་སྙིང་པོ་དང་། །དེ་དང་དེར་ནི་དེ་བཞིན་ནོ། །མ་མ་བ་ཤཾ་ཀུ་རུ་མ་ཐཱ་མ། ཛྙཱ་ན་ཀ་ར་ཨི་དཾ། ད་དྷི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་ར་ཡ། རྡོ་རྗེ་རལ་གྲི་འཁོར་ལོ་ཡིས། །གཡོན་གྱིས་མནན་ལ་གཡས་ཀྱིས་སོ། །སྤྱི་བོ་སྐེ་དང་ཕུང་པོ་རྣམས། །དེ་ལ་དེ་ཡིས་དེ་བཞིན་གཏུབ། །མ་རིག་ཉོན་མོངས་རྒྱ་དྲལ་ནས། །ཡང་དག་གནས་ལ་དེས་བཀོད་ན། །འགྱུར་མེད་སྐུ་ཐོབ་དེ་དགོངས་ནས། །མིང་གིས་མི་བྱར་མི་གཏུབ་པོ། །ཞེས་བརྗོད་པས། ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངང་དུ་མྱ་ངན་ལས་འདས་སོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། མཚོན་གྱིས་གཏུབ་པའི་ལས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་ཀཱི་ལ་ཡས། དེའི་མཐུ་དང་རྫུ་འཕྲུལ་ཕྱིར་མི་འབྱུང་བར་བྱ་བའི་ཕྱིར་འདི་སྐད་བརྗོད་དོ། །དེ་ཡང་ཕོ་ཉའི་ཏིང་ངེ་འཛིན་དང་། །སྔགས་དང་ཐབས་དང་དགོས་ཆེད་དོ། །ཕུང་པོ་ལྷག་མ་ག་གོ་ལ། །མཐུ་དང་རྫུ་འཕྲུལ་གཉིས་མེད་པར། །ཁྲོ་ཚོགས་འབར་བའི་དུས་ལ་བབ། །ཡང་དག་དོན་སྤྱོད་རྣལ་འབྱོར་ལ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་ཡང་རུང་སྟེ་བདུད་ཀྱང་རུང་། །ང་ལ་བར་ཆོད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཡབ་ཀྱི་ཕོ་ཉ་རྒྱུ་བྱེད་ཀྱིས། །དེ་ཡི་མཐུ་རྣམས་འཕྲོག་པར་བསམ། །ཡུམ་གྱི་ཕོ་ཉ་འཇིགས་བྱེད་ཀྱིས། །དེ་ཡི་རྫུ་འཕྲུལ་འཕྲོག་པར་རོལ། །ས་བ་ས་ལ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ།


DNG021_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་འོད་ཟེར་བསམ་ཡས་པས། །དེ་ཡི་མཐུ་དང་རྫུ་འཕྲུལ་རྣམས། །ཕཊ་ཀྱིས་གཏོར་ལ་ཧཱུཾ་གིས་བསྡུས། །བདག་ལ་དེ་ཡི་འོད་འདུས་པས། །མཐུ་དང་རྫུ་འཕྲུལ་ལྡན་པའི་ཐབས། །ཐབས་ཀྱི་འཕྲོ་འདུ་མང་པོ་ལས། །བདག་ལ་ཐབས་ཀྱི་རྒྱུ་ཡོད་པས། །དེ་ཡི་མཐུ་དང་རྫུ་འཕྲུལ་རྣམས། །སྟོན་མི་ནུས་པའི་དགོས་པའོ། །ཞེས་བརྗོད་པས་གདོན་གྱི་རིགས་དེ་དག་གིས་མཐུ་དང་རྫུ་འཕྲུལ་སྟོན་མི་ནུས་པར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། མཐུ་དང་རྫུ་འཕྲུལ་ཕྲོགས་ནས་ཕྱིས་སྟོན་མི་ནུས་པར་བྱ་བའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་ཀཱི་ལ་ཡས། དྲག་པོ་ཕྲིན་ལས་ཀྱིས། གཏུན་ཚོགས་འབར་བའི་བར་དུ། ཉོན་མོངས་དུག་ལྔའི་གཞི་ཞེ་སྡང་འབར་བར་སྨིན་པའི་ཕུང་པོའི་ཐེད་རོལ་དེ་མི་གནས་པར་བསྒྲལ་ཏེ། གནས་སུ་སྟོབ་པའི་ཕྱིར་འདི་སྐད་བརྗོད་དོ། །ཧཱུཾ་གྲུ་གསུམ་མཐིང་ནག་འབར་བའི་ཀློང་། །བཅོས་མེད་ཡུམ་གྱི་མཁའ་ཀློང་དུ། །ཡབ་ཀྱི་ཡེ་ཤེས་ཐོ་ཚོགས་ཀྱིས། །ཉོན་མོངས་མ་ལུས་རྟེན་འཕོ་བའི། །ལྷག་མ་མ་ལུས་སྐུར་བཏོན་གྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕོ་ཉ་མང་པོས་གཏུན་དུ་བརྡུང་། །བརྡུང་དང་བསྟབ་དང་དབྱིངས་སུ་བསྒྲལ། །སྙིང་པོ་རིམ་བཞིན་སྔགས་བཟླས་པས། །གཉིས་མེད་མཁའ་ལ་གདོན་པར་བྱའོ། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ཁྲོ་བདག་དཔལ་ཆེན་འབར་བ་ཡི། །བཀའ་ལས་འདས་པའི་སྡིག་ཆེན་རྣམས། །ཁས་བླངས་དམ་བཅས་མནའ་བོར་བས། །རང་གི་གཤེད་མར་རང་གྱུར་ཏེ། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཁཱ་ཐཾ་ཁཱ་ཐཾ་ཁཱ་ཐཾ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་རཀྴ་ཀྲོ་ཏ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། དོན་ཉིད་མི་དམིགས་དབྱིངས་སུ་བསྒྲལ། །དཀར་ནག་མཚམས་ནས་སྐུ་བསྐྱེད་ལ། །ཉི་ཤུ་རྩ་གཅིག་ཀཱི་ལ་ཡས། །སྣང་སྲིད་


DNG021_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུའི་སྐུར་གྱུར་ཏེ། །གཟུང་འཛིན་རྣམ་རྟོག་རྩད་གཅོད་པའི། །སྐྱེ་མེད་བྱང་ཆུབ་སེམས་སུ་བསྟན། །ཞེས་བརྗོད་དོ། །ཆོས་ཉིད་དོན་གྱིས་བྱིན་བརླབས་སོ། །གསང་སྔགས་ཆེ་བའི་བྱིན་བརླབས་སོ། །སངས་རྒྱས་ཀྱིས་ནི་ནུས་མཐུ་ཡིས། །ཨ་བྷི་ཙརྱའི་དུས་ལ་བབ་པའོ། །གནག་པ་དེ་ཁོ་ན་ལའོ། །བཛྲ་ཀཱི་ལི་ཀཱི་ལི། གནག་པ་དེ་ཁོ་ན་ལའོ། །ཀཱི་ལི་ཀཱི་ལི་ཞེས་བཅོ་བརྒྱད་དཀར་ནག་གི་མཚམས་སུའོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། དྲག་པོ་ཕྲིན་ལས་ཀྱིས་གཏུན་ཚོགས་སུ་བརྡུངས་ཤིང་། ཆོས་ཉིད་བདེན་པའི་དོན་གྱི་ཕུར་པས། ཉོན་མོངས་པ་རྩད་ནས་བཅད་ནས། བྱང་ཆུབ་ཀྱི་སེམས་ཕུར་བུའི་རང་བཞིན་དུ་མྱ་ངན་ལས་བཟླ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་ པའོ།། །།དེ་ནས་ཡང་ཀཱི་ལ་ཡས་བསྒྲལ་བ་དེ་དག་དོན་ཡོད་པར་བྱ་བའི་ཕྱིར། དགོས་ཆེད་སྐུ་མཆོག་ཤིན་ཏུ་ལེགས་པར་བསྟན་ཅིང་། བསྒྲལ་བའི་གནས་ཀྱི་མན་ངག་འདི་སྐད་བརྗོད་དོ། །དེ་དག་བསྒྲུབ་པའི་དམ་པ་ནི། །ཀུན་གྱི་བྱ་བ་མ་ཡིན་ཏེ། །གཉིས་མེད་དོན་ལྡན་སྐྱེས་བུ་དེས། །གནོད་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྷུང་། །ཅི་ཕྱིར་ངེས་པའི་ལས་ལ་སྒྲིབ། །ངེས་པའི་དོན་བོར་ལོག་པར་གོལ། །བལྟ་བ་ངན་པས་རས་ཆོད་བྱས། །སྤྱོད་པ་རྩིང་པས་ཐོ་ཅོར་བྱས། །དམ་ཚིག་ཉམས་པས་གཟུ་ལུམས་བྱས། །གཞུང་ལས་གོལ་བས་དཀྱིལ་འཁོར་དྲལ། །མ་ཉེས་པ་ནི་དྲག་པར་འཇོམས། །རང་ལས་མཁས་ལ་སྐུར་པ་འདེབས། །དེ་ལ་དྲག་པོའི་ལས་བྱས་ན། །མྱ་ངན་འདས་པའི་ཡོན་ཏན་ཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ། །ཅི་བགྱིས་བཀའ་ཉན་བསྒོ་བ་ཉན། །འདི་དང་ཕ་རོལ་གཉིས་སུ་ཡང་། །བསམ་པ་འགྲུབ་ཅིང་མཐོ་རིས་ཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས། །གཉིས་མེད་ཆོས་སྐུར་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །


DNG021_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་སྐོང་། །སྡིག་ཆེན་བསྒྲལ་ན་ལས་ངན་འཆད། །དམ་ཉམས་བསྒྲལ་ན་བཀའ་གཞུང་བཙན། །ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གནོད་གདུག་བསྒྲལ་ན་བར་ཆད་ཉུང་། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །འབྲས་བུ་ངེས་པར་ཆུད་མི་ཟ། །ཁྲོ་བདག་ཆེན་པོ་ཐབས་མཁས་པས། །བསྒྲལ་བའི་ལས་རྣམས་བྱ་བར་བཤད། །དང་པོ་སྙིང་རྗེས་གཞི་བཟུང་ལ། །ཚད་མེད་རྣམ་བཞི་སྔོན་དུ་གཏོང་། །དེ་ནས་བསྒྲལ་བའི་ཕུང་པོ་དེ། །གཉིས་མེད་ལྷ་ཡི་དཀྱིལ་འཁོར་དུ། །ཡང་དག་དོན་གྱིས་སྦྱང་བར་བྱ། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རྣམ་དག་ཕུང་པོ་ལྔ་ཡིས་བསྡུས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །བསྒྲལ་བའི་རྣམ་ཤེས་ཧཱུཾ་དུ་གསལ། །དེ་ཉིད་བྱང་ཆུབ་སེམས་ཀྱི་རྟགས། །དཔལ་ཆེན་རྡོ་རྗེ་ཉིད་ཀྱི་སྐུ། །མ་ལུས་དབྱེར་མེད་འདུས་མ་བྱས། །གཉིས་མེད་དོན་གྱི་དེ་བཞིན་ནོ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། སྐུ་གསུང་ཐུགས་ཀྱི་འབྲུ་གསུམ་པོ། །ཧཱུཾ་གིས་བསྡུས་ལ་ཕཊ་ཀྱིས་འཕང་། །མཁའ་ལ་བཏོན་ལ་རྡོ་རྗེར་རོ། །རྩེ་ལྔ་འབར་བའི་སྐུ་རུ་གསལ། །མི་འགྱུར་སྐུ་ཡི་ངོ་བོར་གྱུར། །ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཏིཥྛ་བཛྲ་ཅེས་བརྗོད་པས། ཐམས་ཅད་མྱ་ངན་ལས་འདས་ནས་སྐུ་མཆོག་དེ་ཤིན་ཏུ་མི་འགྱུར་བར་གྱུར་ཏོ། །ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། གསོ་ཞིང་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་བསྟན་པའི་ལེའུ་སྟེ་ཉེར་བདུན་ པའོ།། །།དེ་ནས་ཡང་ནི་ཀཱི་ལ་ཡས། ཀརྨ་ཀཱི་ལ་ཡ་ཉིད་ཀྱི་ཐུགས་ཀར་བསྡུས་ཤིང་། ཡོངས་སུ་བཟུང་བ་འདི་གསུངས་སོ། །ཨེ་མ་ཧོ། ཕྱོགས་བཅུ་དུས་གསུམ་ཅིར་ཡང་སྣང་། །བྱང་ཆུབ་རྡོ་རྗེ་ཉིད་ཀྱི་སྐུ། །སྤྲོས་མེད་ཐིག་ལེར་གནས་པ་ལས། །གཟུང་འཛིན་ལས་ཀྱིས་རྣམ་པར་ཟིན། །ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང་། །མྱ་ངན་
འདའ་བར་འགྲོ་བའི་ལམ། །ཉོན་མོངས་དུག་ལྔ་ཐབས་ཀྱིས་བཏུལ། །དོན་དམ་མྱ་ངན་འདའ་བར་བསྒྲལ། །དོན་གྱི་མན་ངག་ངེས་པར་བཤད། །འཇིགས་བྱེད་དཔལ་ཆེན་ཐམས་ཅད་ཀྱིས། །ཕྱག་རྒྱ་ཆེན་པོར་མྱ་ངན་འདའ། །དོན་དེ་རྟོགས་ནས་སུས་བརྗོད་པ། །ངེས་པར་ཡང་གསང་དབང་ཆེན་རྫོགས། །ཁྲག་འཐུང་རྒྱལ་པོ་འཁོར་བཅས་ལ། །མྱ་ངན་འདའ་ལས་གཞན་མི་མངའ། །མྱ་ངན་འདས་པའི་རྒྱུད་རྒྱལ་འདི། །ཉིད་དེ་ངེས་དོན་ཐུགས་ལས་བྱུང་། །དེ་ནི་ངེས་པར་ལུང་བསྟན་ཏེ། །ཐུགས་ལས་སྐྱེས་པའི་ཧེ་རུ་ཀ །མི་འགྱུར་བྱང་ཆུབ་སེམས་ལ་གནས། །ཞེས་བརྗོད་པས། །དཔལ་ཁྲག་འཐུང་འཁོར་དང་བཅས་པ་ཐམས་ཅད་དབྱེར་མེད་པར་ཤིན་ཏུ་དགྱེས་ནས། སྐུ་གསུང་ཐུགས་ཀྱི་རྒྱན་གྱིས་ཐམས་ཅད་མ་ལུས་པར་མྱ་ངན་ལས་འདས་པར་གྱུར་ཏེ། ཀརྨ་ཧེ་རུ་ཀ་ཡང་ཉིད་ཀྱི་ཐུགས་ཀར་བསྡུས་ཏེ་ཐིམ་པར་གྱུར་ཏོ། །ཕུར་བུ་འབུམ་སྡེ་རྩ་བའི་རྒྱུད་ཆེན་པོ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ་རྫོགས་སོ།། །།


previousརྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ཆེན་པོ། next