འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་དུ་འཇུག་པ་བྱིན་རླབས་འོད་ཕྲེང་།
ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་དུ་འཇུག་པ་བྱིན་རླབས་འོད་ཕྲེང་ཞེས་བྱ་བ་བཞུགས་སོ༔
རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་ཡེ་ཤེས་མྱུར་དུ་འཇུག་པའི་ཐབས་འདི་ལ༔ ཐོག་མར་གཏོར་མ་རལ་གྲིའི་གཟུགས༔ ཨུཏྤལ་མེ་ཏོག་དཀྱིལ་དུ་བཞུགས༔ པུ་ཏིའི་མཆོག་ཏུ་རྒྱུད་ཡང་ཏི༔ བསྒྲུབ་ནས་བཅིངས་པས་བྱིན་རླབས་ཉེ༔ དེ་ལ་མཆོད་པའི་ཚོགས་ཀྱི་བསྐོར༔ བྱིན་རླབས་བྱས་ནས་བཀོད་པར་བྱ༔ བློ་གྲོས་སྤེལ་པའི་མ་དཱ་ན༔ འདི་ལས་བྱང་ཆུབ་སེམས་ལ་བྱ༔ ཤེས་རབ་གསོ་བའི་རིལ་བུ་ནི༔ སྙིང་རྗེ་ཅན་གྱི་མེ་ཏོག་དང་༔ གནས་གཙང་ཆུ་དང་སིན་དྷུ་ར༔ དབང་པོ་ལག་པ་སྨན་མཆོག་དང་༔ ཁྱད་པར་དུ་ཡང་གུར་གུམ་རྒྱལ༔ མ་ནུའི་སྙིང་དབང་རྫས་ཀྱི་མཆོག༔ བདུད་རྩི་ལྔ་ཡི་ཤ་ཆེན་ཕྲི༔ དེ་ནས་སྐྱབས་ཡུལ་ཚོགས་ཞིང་གསལ༔ ཨེ་མ་ཧོ༔ རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་གཟུགས་སྐུ་ནི༔ འཇམ་དཔལ་རིགས་ཀྱི་སྤྱི་ལ་སྐྱབས་སུ་མཆི༔ སེམས་ཅན་ཀུན་ཀྱང་ཉིད་ཀྱི་གོ་འཕང་ལ༔ འགོད་ཕྱིར་སྨོན་འཇུག་བདེན་གཉིས་བྱང་སེམས་བསྐྱེད༔ དེ་ནས་བགེགས་བསྐྲད་བསྲུང་འཁོར་བསྒོལ༔ ཧཱུྃ༔ མ་རིག་ཀུན་འབྱུང་རང་གཟུགས་གདོན་དང་བགེགས༔ ཤེས་རབ་རིག་སྟོང་ངང་དུ་རང་སར་དེངས༔ འདའ་དཀའ་རྡོ་རྗེ་ཐུགས་ཀྱི་བསྲུང་འཁོར་ལོ༔ ཕྱོགས་བཅིང་མཚན་མ་ཐིག་ལེ་ཉག་གཅིག་གཟུད༔ ཨོཾ་ཕཊ་དྷརྨ་དྷརྟུ་རཀྵ༔ དེ་ནས་བྱིན་བསྡུས་མཆོད་བརླབས་ནི༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ཕྱག་རྒྱ་ཆེན་པོ་ནས༔ འཇམ་དཔལ་འཁོར་བཅས་བྱིན་ཆེན་ཕོབ༔ སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི༔ རང་བཞིན་ཆེན་པོའི་རླབས་ཀྱིས་བརླབས༔ ཨོཾ་བུདྡྷ་མཉྫུ་ཤྲཱི་པྲཛྙཱ་ཛྙཱ་ན་ཨ་བེ་ཤ་ཡ་ཕཻམ༔ ཅེས་བརྗོད་ལྷ་བསྐྱེད་རིམ་པ་ནི༔ ཨཱ༔ སྟོང་ཉིད་རང་གཟུགས་སྙིང་རྗེའི་ཧེ་རུ་ཀ༔ མུྃ་ཧྲཱིཾ་སྐུར་བཞེངས་རྒྱུ་ཡི་ཡི་གེ་ལས༔ འོད་འཕྲོས་བྷྲཱུཾ་ལས་ཤེས་རབ་འབྱུང་རིམ་བརྩེགས༔ རྒྱ་ཁྱོན་མཁའ་མཉམ་ཞིང་ཁམས་ལྷུན་གྲུབ་དབུས༔ དེ་བཅུད་ཡེ་ཤེས་གཞལ་ཡས་ཁང་པ་ནི༔ འཇའ་འོད་དྲྭ་བ་དྲྭ་ཕྱེད་གཏིབས་པའི་དབུས༔ པདྨ་ཉི་ཟླའི་གདན་ལ་རོལ་བ་ནི༔ རང་ཉིད་བླ་མ་ཡི་དམ་དབྱེར་མེད་པ༔ ཇི་ལྟ་ཇི་སྙེད་འབྲས་བུར་སྨིན་པའི་སྐུ༔ འཕགས་པ་འཇམ་དཔལ་སྐུ་མདོག་གསེར་ལྟར་འབར༔ ཞལ་གཅིག་ཕྱག་བཞི་དང་པོའི་ཕྱག་གཉིས་ཀྱིས༔ ཤེས་རབ་རལ་གྲི་པུསྟི་ཨུཏྤལ་བསྣམས༔ འོག་མ་གཉིས་ཀྱིས་ཐལ་འབྱིན་མདའ་གཞུ་འགེངས༔ ཞབས་གཉིས་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཚན་དཔེ་མཛེས་གཟུགས་ཞི་ཚུལ་དགུ་དང་ལྡན༔ ཐུགས་དབུས་བླ་མ་རྣམ་སྣང་ཡབ་ཡུམ་གསལ༔ གཉིས་མེད་དབྱངས་ཅན་དཀར་མོ་སྒྲ་སྙན་སྦྲེང་༔ པདྨའི་སྐྱིལ་ཀྲུང་གཉིས་མེད་དམ་པར་འཁྱུད༔ ཡབ་ཀྱི་གནས་ལྔར་འཇམ་དཔལ་རིགས་ལྔ་ནི༔ དཀར་སེར་དམར་ལྗང་མཐིང་ཀ་ཧེ་རུའི་ཆས༔ ཕྱག་ན་རལ་གྲི་པུ་ཏི་འཛིན་གར་སྟབས༔ རུས་རྒྱན་གར་ཆས་སྤྲས་ཤིང་བསྒྱུར་ལྡེམ་བག༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེ་དང་༔ ཁྱད་པར་ཡེ་ཤེས་སེམས་དཔའི་འོད་ཟེར་ལས༔ དབྱིངས་བཞུགས་ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་ཀུན༔ སྤྱན་དྲངས་དམ་ཚིག་སེམས་དཔར་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ནི༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་དང་༔ རྒྱ་ནག་རི་བོ་རྩེ་ལྔ་ནས༔ འཇམ་དཔལ་རིགས་ལྔའི་ལྷ་ཚོགས་ཀུན༔ དམ་ཚིག་ཐུགས་དམ་དབང་གིས་ནི༔ བསྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ བཛྲ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཛ་ཛ༔ ཧཱུྃ༔ ཡེ་ཤེས་དཀྱིལ་འཁོར་ཐམས་ཅད་ཀུན༔ དམ་ཚིག་ཏིང་འཛིན་གཉིས་མེད་ལ༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དབྱེར་མེད་ངང་དུ་བརྟན་པར་བཞུགས༔ མཉྫུ་ཤྲི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་མཆོད་པ་ནི༔ ཨོཾ༔ སྐུ་མཆོག་འཇམ་དཔལ་ཞི་བའི་ལྷར༔ ཕྱི་མཆོད་ཉེར་སྤྱོད་རྣམ་དག་གར༔ ནང་མཆོད་འདོད་ཡོན་ལྷ་མོའི་ཚོགས༔ གསང་བ་སྨན་གཏོར་རཀྟ་དང་༔ སྦྱོར་ཡུམ་བདེ་སྟོང་ལྷ་མོའི་གར༔ ཡེ་ཤེས་རྒྱན་དང་རོལ་མོ་མཆོག༔ རྣམ་འགྱུར་མ་ཚང་མེད་པ་ཡི༔ འཇིག་རྟེན་འདས་དང་མ་འདས་ཀྱི༔ མཆོད་ཆེན་དམ་པ་རྒྱ་ཆེན་འབུལ༔ དགྱེས་པ་ཆེན་པོའི་བདག་གིར་བཞེས༔ ཕྱག་རྒྱ་གར་དང་གུས་པའི་ཕྱག༔ རྣམ་གསུམ་རང་བཞིན་བརྗོད་པའི་གླུའི༔ མཉམ་པ་ཆེན་པོའི་བསྟི་སྟང་ནི༔ རྫོང་འཕྲང་སྲོག་གསུམ་བརྟན་པོའི་བགྱིད༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ མི་ཤེས་མུན་པ་ཀུན་བསལ་ནས༔ ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ༔ ཤེས་རབ་ཡེ་ཤེས་སྣང་བ་སྩོལ༔ ཨོཾ་མཉྫུ་ཤྲཱི་པ་ཏི་ས་པ་རི་ཝ་ར་ཨརྒྷཾ༴ ཤབྟ་རུ་པ༴ སྤརྴེ་ཨཱཿཧཱུྃ༔ མ་ཧཱ་མུ་དྲ་ཏ་ན་ག་ཎ་ཛྙཱ་ན་མ་ཧཱ་ན་མ་པཱུ་ཛ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧོ༔དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་མཆོག་གསུང་གི་དབང་ཕྱུག་རྒྱལ༔ ཐུགས་ཀ་དཔལ་གྱི་བེའུར་བཞུགས༔ མཁྱེན་པའི་དཀྱིལ་འཁོར་ཁྱོད་ལ་བསྟོད༔ ཐུགས་བསྐྱེད་འགྲན་ཟླ་བྲལ་བའི་མཐུས༔ སངས་རྒྱས་ཀུན་གྱི་འདྲེན་བྱེད་གཅིག༔ རྒྱལ་སྲས་གཞོན་ནུའི་ཆ་ལུགས་ཅན༔ འཇམ་དཔལ་སྤྱོད་པའི་གཏེར་ལ་བསྟོད༔ སེམས་ཅན་ཀུན་གྱི་མ་གཅིག་པུ༔ སྤོབས་པའི་གཏེར་གྱི་བུམ་པ་བཟང་༔ གཟུངས་ཀྱི་སྒོ་བརྒྱའི་བང་མཛོད་མཆོག༔ ཡང་དག་རིག་པའི་ལྗོན་པ་བཟང་༔ བདེ་གཤེགས་གཅིག་བསྒྲུབ་ཀུན་འདུས་ཀྱི༔ ཡིད་བཞིན་ནོར་བུ་རིན་པོ་ཆེ༔ འཇམ་དཔལ་སྐུ་ལྔའི་ཁོ་ན་ཉིད༔ རང་བཞིན་ཆེན་པོ་ཁྱོད་ལ་བསྟོད༔ ཅེས་བསྟོད་པ་རྒྱས་པ་གཞན་ཡང་བྱའོ༔ འཛབ་བཟླས་ནི༔ མཱུྃ༔ ཐུགས་ཀྱི་སྐུ་མཆོག་འཇམ་དཔལ་དབྱངས༔ སྐུ་དབུས་ཙིཏྟའི་གཞལ་ཡས་སུ༔ ཉི་ཟླའི་གའུ་ཁ་སྦྱོར་དབུས༔ ཐུགས་ཀྱི་ཐུགས་ཏེ་རྣམ་སྣང་མཛད༔ ཐུགས་ཀར་མཉམ་ཉིད་ཡེ་ཤེས་ནི༔ རང་གྲོལ་ཀ་དག་ཡི་གེའི་གཟུགས༔ མཱུྃ་ཧྲིཾ་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པས་འོད་ཟེར་རབ་ཏུ་འཕྲོས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་འོད༔ གསེར་སྦྱངས་བཙོ་མའི་ཁ་དོག་གིས༔ བདག་ཉིད་དྲི་བཅས་དམ་ཚིག་པའི༔ མཚོན་དེ་ཁམས་གསུམ་སེམས་ཅན་གྱི༔ མི་ཤེས་མུན་པ་ཀུན་བསལ་ཏེ༔ བྱིན་བརླགས་ཡེ་ཤེས་རྒྱུད་ལ་ཞུགས༔ སྤོབས་པའི་གཏེར་བརྒྱད་གྲོལ་བ་དང་༔ ཤེས་རབ་རྣོ་མྱུར་ཐོགས་མེད་གསལ༔ ཟབ་ཅིང་རྒྱ་ཆེའི་མཐུ་ཐོབ་ནས༔ བདག་གཞན་དོན་གཉིས་ལྷུན་གྲུབ་ཅིང་༔ ཇི་ལྟ་ཇི་སྙེད་འབྲས་བུ་ཡི༔ ཡེ་ཤེས་ཆེན་པོ་རྒྱས་པར་དམིགས༔ ས་མ་ཡཱ༔ དེ་ནས་རིལ་བུ་བྱང་ཆུབ་སེམས༔ ཀུན་ཀྱང་ལྷར་བསྐྱེད་བཞུ་བཏུལ་ལས༔ དངོས་གྲུབ་རྒྱུན་དུ་བླངས་པ་ཡིས༔ རིག་པའི་གནས་ཀུན་ཐོགས་མེད་ཤེས༔ ས་མ་ཡཱ༔ ཨོཾ་བཛྲ་བུདྡྷ་རཏྣ་མཉྫུ་ཤྲཱི་པྲཛྙཱ་ཛྙཱ་ན་མཱུྃ་ཧྲིཾ༔ སརྦ་སིདྡྷི་ཕ་ལ་ཨ་ཧཱུྃ༔ འདི་ནི་བཟླ་བཞིན་མཉམ་པར་བཞག༔ ལྟ་བ་ཟབ་མོ་དྲན་པའམ༔ ཡང་ན་གྱད་དུ་གྱུར་བ་ནི༔ ཤེས་རབ་རྩལ་ཆེན་འབར་བར་ངེས༔ ཞེས་ཀྱང་ག་གཱ་ཨ་བྷྱེ་ནས་སོ། །དེ་ནས་ཚོགས་བསྡུས་ནི༔ བྱང་ཆུབ་སེམས་ཀྱི་གཙོ་བྱས་པའི༔ ཚོགས་རྫས་ལོངས་སྤྱོད་ཕུན་སུམ་ཚོགས༔ ཤེས་རབ་ལྷ་མོའི་ལས་སློབ་ཀྱིས༔ སེར་པོའི་རྫས་ཀྱིས་བསྒྱུར་ཏེ་བཞག༔ དེ་ནས་སྦྱངས་སྤེལ་བསྒྱུར་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་ཡུམ་ལྔའི་བདེ་ཆེན་ལ༔ མ་དག་མཚན་མའི་མིང་ཡང་མེད༔ དག་ཆེན་སྐུ་གསུམ་ཡེ་ཤེས་ཀྱི༔ འོད་ཟེར་ཆེན་པོའི་དབང་བསྐུར་རོ༔ ཞེས་བརྗོད་ཚོགས་ལ་སྤྱན་འདྲེན་ནི༔ ཧཱུྃ༔ འཇམ་དཔལ་རྡོ་རྗེའི་ཐུགས་ཀྱི་ངང་༔ རྣམ་པར་སྣང་མཛད་ཀུན་ཏུ་བཟང་༔ སངས་རྒྱས་རིགས་ཀྱི་ལྷ་ཚོགས་སྐུ༔ ཡེ་ཤེས་ཚོགས་ལ་བཤེགས་སུ་གསོལ༔ ཨོཾ༔ འཇམ་དཔལ་རྡོ་རྗེའི་སྐུ་ཡི་ངང་༔ རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་༔ བཛྲ་རིགས་ཀྱི་ལྷ་ཚོགས་སྐུ༔ ཡེ་ཤེས་ཚོགས་ལ སྭཱ༔ འཇམ་དཔལ་རྡོ་རྗེའི་ཡོན་ཏན་ངང་༔ རིན་ཆེན་འབྱུང་ལྡན་ཀུན་ཏུ་བཟང་༔ རཏྣ་རིགས་ཀྱི་ལྷ་ཚོགས་སྐུ༔ ཡེ་ཤེས་ཚོགས༴ ཨཱཾ༔ འཇམ་དཔལ་རྡོ་རྗེའི་གསུང་གི་ངང་༔ སྣང་བ་མཐའ་ཡས་ཀུན་ཏུ་བཟང་༔ པདྨ་རིགས་ཀྱི་ལྷ་ཚོགས་སྐུ༔ ཡེ་ཤེས་ཚོགས་ལ༴ ཧཱ༔ འཇམ་དཔལ་རྡོ་རྗེའི་ཕྲིན་ལས་ངང་༔ དོན་ཡོད་གྲུབ་པ་ཀུན་ཏུ་བཟང༔ ཀརྨ་རིགས་ཀྱི་ལྷ་ཚོགས་སྐུ༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཧཱུྃ༔ འཇམ་དཔལ་ཡེ་ཤེས་ཆོས་ཀྱི་སྐུ༔ རང་བྱུང་རྣམ་དག་ཀུན་ཏུ་ཞལ༔ ཕྱག་རྒྱ་ཆེན་པོའི་རིག་མཆོག་གི༔ ཡེ་ཤེས་ཚོགས་ལ་བཤེགས་སུ་གསོལ༔ ཨཱ༔ འཇམ་དཔལ་ལོངས་སྤྱོད་རྫོགས་པའི་ངང་༔ གཏིང་རྫོགས་རིག་སྐུ་ཐིག་ལེ་འབར༔ རིགས་ཆེན་གཙུག་ཏོར་ཆེན་པོའི་ཚོགས༔ ཡེ་ཤེས་ཚོགས་ལ་བཤེགས་སུ་གསོལ༔ ཨོཾ༔ འཇམ་དཔལ་གང་འདུལ་སྤྲུལ་པའི་སྐུ༔ ཡེ་ཤེས་སེམས་དཔའ་དྲི་མ་མེད༔ སྨྲ་བའི་སེང་གེ་མཚུངས་པ་མེད༔ རྡོ་རྗེ་རྣོན་པོ་ཐོགས་པ་མེད༔ སྐུ་འཇམ་གསུང་འཇམ་ཐུགས་ཀྱང་འཇམ༔ ཡེ་ཤེས་ཚོགས་ལ་བཤེགས་སུ་གསོལ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ འཆི་བདག་བདུད་དཔུང་འཇོམས་པའི་དཔལ༔ གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱི༔ ཡེ་ཤེས་ཚོགས་ལ་བཤེགས་སུ་གསོལ༔ མཉྫུ་མི་ཏྲ་ལ་སོགས་པའི༔ འཇམ་དཔལ་གྲུབ་པའི་རིག་འཛིན་ནི༔ མ་ལུས་ལུས་པ་མེད་པ་ཀུན༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཡེ་ཤེས་ཚོགས་ལ་གཤེགས་ནས་ཀྱང་༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ མ་རིག་མུན་པ་དྲུངས་འབྱིན་ནས༔ ཤེས་རབ་སྤྱན་གྱི་རྒྱས་པར་མཛོད༔ ཆགས་པ་མེད་པ་ཉག་གཅིག་སྤྱན༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ ཐོགས་པ་མེད་པ་ཟང་ཐལ་སྤྱན༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ མཆོག་གི་དངོས་གྲུབ་སྤྱན་རྒྱས་པ༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ ཨོཾ་མཉྫུ་ཤྲཱི་པྲཛྙཱ་ཛྙཱ་ན་གཱ་ཎ་ཙཀྲ་ས་པཱ་རི་ཝ་ར་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔
དེ་ནས་ཚོགས་མཆོད་ལ་སོགས་ནི༔ ཧཱུྃ༔ མུ་ཏིག་དྲི་མ་མེད༔ རྡོ་རྗེ་རིགས་ཀྱི་ཚོགས༔ མི་བརྗེད་གཟུངས་ཀྱི་རྩི༔ རྡོ་རྗེ་སེམས་དཔའི་སྐུ༔ མེ་ལོང་ཡེ་ཤེས་ཆེ༔ ཁྱོད་ལ་མཆོད་པ་འབུལ༔ བདག་དང་སེམས་ཅན་གྱི༔ ཞེ་སྡང་བདུད་ལ་ཐེབས༔ ཐུགས་མཆོག་མངོན་གྱུར་དངོས་གྲུབ་སྩོལ༔ ཚེ་ཡི་ཨ་མྲི་ཏ༔ གལ་དང་མཉམ་པར་བསྡེབས༔ འདོད་ཡོན་གླུ་མའི་སྐུ༔ ཡེ་ཤེས་རྒྱན་དུ་བསྲེལ༔ བདེ་མཉམ་བདེ་བའི་རོ༔ ཐིམ་གསལ་གཉིས་སུ་མེད༔ ཡོན་ཏན་ཆེན་པོའི་རྩི༔ བདག་དང་སེམས་ཅན་གྱིས༔ མི་མཉམ་དེང་ལེན་གྱི༔ འདོད་ཞེན་བདུད་ལ་ཐེབས༔ པདྨ་སྐུ་འབར་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ བཛྲ་ར་ཏི་ཙཀྲ་པཱུ་ཙ་གྷ་ཎ་ཙཀྲ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོ་འདིས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ཀུན་འབྱུང་རྒྱུ་འབྲས་དང་བཅས་པ༔ ཆོས་དབྱིངས་ངང་དུ་དག་གྱུར་ཅིག༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ མཉྫུ་ཤྲཱི་སརྦ་པ་པཱཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱུ༔ ཧཱུྃ༔ གཟི་བྱིན་ལོག་པའི་མིག་ལ་ནི༔ ཧེ་རུ་ཀ་ཡིས་རྟ་བྲོ་བརྡུང་༔ ཁམས་གསུམ་བདུད་རྩིའི་རྒྱ་མཚོར་བསྒྱུར༔ གཉིས་མེད་ཆོས་དབྱིངས་ཀློང་དུ་མཆོད༔ ཅེས་བརྗོད་དེ་ནས་ཚོགས་ལ་རོལ༔ ཕཻཾ༔ ལྷག་སྐྱོང་གནས་ཉུལ་ཕོ་མོའི་ཚོགས༔ རང་དབང་དམ་རྫས་འདོད་ཡོན་སྤྲིན༔ བསྣམས་ནས་རྣལ་འབྱོར་བདག་ཅག་ལ༔ མཆོག་ཐུན་ཕྲིན་ལས་ལྷུན་འགྲུབ་མཛོད༔ ཨོཾ་ཨུཙྪིཥྚ་བྷ་ལིང་ཏ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ མི་མངོན་ཆོས་དབྱིངས་ཞིང་ཁམས་ནས༔ འཇམ་དཔལ་ལྷ་ཚོགས་སྐུར་བཞེངས་ཤིག༔ སྙིགས་མ་ལྔ་བདོའི་གཞན་དབང་གིས༔ ལྟ་བ་ངན་པ་མཐའ་དག་ཀུན༔ མངོན་སུམ་རིག་པའི་བྱིན་རླབས་ལས༔ ད་ལྟ་ཉིད་དུ་དབྱིངས་སུ་སོལ༔ མཉྫུ་ཤྲཱི་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ ཤ་ཁྲག་དམར་གྱི་གཏོར་མ་འདིས༔ ཆད་ཐོ་དམ་ཅན་བསྲུང་མའི་ཚོགས༔ བོད་ཡུལ་བསྟན་མ་བཅུ་གཉིས་འཁོར༔ མ་ལུས་ཐུགས་དམ་གཉན་པོ་བསྐངས༔ ཤེས་རབ་ཡེ་ཤེས་མིག་གཅིག་པུ༔ སྒྲུབ་པའི་བར་ཆད་དབྱིངས་སུ་སོལ༔ མཐུན་རྐྱེན་བསམ་དོན་ཆོས་བཞིན་བསྒྲུབ༔ མ་མ་ཧྲིཾ་ཧྲིཾ་དྷཱརྨ་པ་ལ་ཨེ་དམ་བྷ་ལིངྟ་ཁཱ་ཧི༔ ཅེས་དང་དེ་ནས་འགུགས་གཞུགས་མཐར༔ གནོད་བྱེད་སརྦ་བིགྣན་སྟྭམ་བྷ་ཡ་ནན༔ ཧཱུྃ་ཨུ་ཨཱུ༔ སྐུ་མཆོག་འཇམ་པའི་དཔལ༔ འཁོར་དང་བཅས་པ་ཡི༔ སྒྱུ་འཕྲུལ་དྲྭ་བའི་དབྱིངས༔ བདག་སོགས་སེམས་ཅན་ལ༔ མཆོག་ཏུ་རྒྱ་ཆེ་བའི༔ ཤེས་རབ་ཆེན་པོའི་དངོས་གྲུབ་སྩོལ༔ ཁྱབ་བྱེད་ཡེ་ཤེས་རང་ཞལ་མངོན་དུ་སྟོན༔ ཨཾ་ཨེ་ཨཻ༔ གསུང་མཆོག་འཇམ་པའི་དཔལ༔ དྲྭ་བ་འབྲེལ་བའི་དབྱིངས༔ འཁོར་དང་བཅས་པ་ཡིས༔ བདག་སོགས་སེམས་ཅན་ལ༔ མཆོག་ཏུ་རྣོ་བའི་དཔལ༔ ཤེས་རབ་ཆེན་པོའི་དངོས་གྲུབ་སྩོལ༔ འབྱེད་བྱེད་ཡེ་ཤེས་རང་ཞལ་མངོན་དུ་སྟོན༔ ཧཱུྃ་ཨ་ཨཱཿ ཐུགས་མཆོག་འཇམ་དཔལ་དབྱངས༔ དྲྭ་བ་དྲྭ་འབར་འཕྲོ༔ འཁོར་དང་བཅས་པ་ཡིས༔ བདག་སོགས་སེམས་ཅན་ལ༔ མཆོག་ཏུ་གསལ་བ་ཡི༔ ཤེས་རབ་ཆེན་པོའི་དངོས་གྲུབ་སྩོལ༔ བསྐྱོད་བྱེད་ཡེ་ཤེས་རང་ཞལ་མངོན་དུ་སྟོན༔ སྭཱ་ཨི་ཨཱི༔ ཡོན་ཏན་འཇམ་པའི་དཔལ༔ ལུ་གུ་རྒྱུད་ཀྱི་ངང་༔ འཁོར་དང་བཅས་པ་ཡི༔ བདག་སོགས་སེམས་ཅན་ལ༔ མཆོག་ཏུ་གཏིང་ཟབ་པའི༔ ཤེས་རབ་ཆེན་པོའི་དངོས་གྲུབ་སྩོལ༔ སྡུད་བྱེད་ཡེ་ཤེས་རང་ཞལ་མངོན་དུ་སྟོན༔ ཧཱ་ཨོ་ཨཽ༔ ཕྲིན་ལས་འཇམ་པའི་དཔལ༔ ཁྱབ་འཇུག་རླུང་གི་སྐུ༔ འཁོར་དང་བཅས་པ་ཡི༔ བདག་སོགས་སེམས་ཅན་ལ༔ མཆོག་ཏུ་མྱུར་བའི་ཤུགས༔ ཤེས་རབ་ཆེན་པོའི་དངོས་གྲུབ་སྩོལ༔ སྒྲོལ་བྱེད་ཡེ་ཤེས་རང་ཞལ་མངོན་དུ་སྟོན༔ སྠི་ཏོ་སོགས་ནས་ཤྭ་ར་ཀ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཧཱུྃ༔ ཧཱུྃ༔ འཇམ་དཔལ་རིགས་དྲུག་རྡོ་རྗེ་འཆང་གི་སྐུ་དྲུག་ལ༔ ཡེ་ཤེས་མིག་དྲུག་ཐིག་ལེ་སྒྲོན་དྲུག་རང་གདངས་རྫོགས༔ རིགས་དྲུག་དབྱིངས་སྒྲོལ་ཡིད་དྲུག་གནས་དག་ཧེ་རུ་ཀ༔ ཉོན་དྲུག་གཞི་སྟོང་མ་རིག་དྲུག་གི་རུ་ཏྲ་འདུལ༔ བདག་སོགས་སེམས་ཅན་གྱི༔ ཚོགས་དྲུག་ཡུལ་དྲུག་དག༔ སངས་རྒྱས་ས་དྲུག་གི༔ རིག་མཆོག་འགྲུབ་པ་ཡི༔ དངོས་གྲུབ་དམ་པ་དེ་འདྲ་དེང་འདིར་སྩལ་དུ་གསོལ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཙིཏྟ་གྷརྦྷ་དྷརྟུ་སརྦ་སིདྡྷི་ཕ་ལ་ཨཱཿཧཱུྃ༔ ཧཱུྃ༔ འཇམ་དཔལ་དཀྱིལ་འཁོར་ལྷ་ཚོགས་དྲུང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ ལྷར་སྣང་ཆོས་ཉིད་ཆེན་པོར་བསྡུ༔ རིག་སྟོང་དོན་གྱི་འཇམ་དཔལ་དང་༔ འདུ་འབྲལ་མེད་པར་ཡེ་ཡིན་ངང་༔ མ་བཙལ་མ་བསྒོམ་ལྷུན་གྱིས་རྫོགས༔ ་བསོད་ནམས་ཡེ་ཤེས་ཚོགས་ཆེན་འདིས༔ འགྲོ་ཀུན་འཇམ་དཔལ་གནས་ཐོབ་ཤོག༔ ཨོཾ༔ སྐུ་ཡི་བཀྲ་ཤིས་རྗེ་བཙུན་འཇམ་དཔལ་དབྱངས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ན་བཞུགས༔ རང་བྱུང་ཡེ་ཤེས་ངོ་བོ་ཀ་ནས་དག༔ འགྲོ་ཀུན་གཏི་མུག་མུན་སེལ་བཀྲ་ཤིས་ཤོག༔ ཨཱ༔ གསུང་གི་བཀྲ་ཤིས་ཝ་ཀི་ཤྭ་ར་ཡེ༔ བརྡ་སྤྲོད་གྲགས་སྟོང་མི་ཤིགས་འོད་མཐའ་ཡས༔ དུས་གསུམ་རྒྱལ་ཀུན་གསུང་གི་དབྱིངས་ལ་རོལ༔ བདག་སོགས་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ འདོད་ཆགས་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ ཧཱུྃ༔ ཐུགས་ཀྱི་བཀྲ་ཤིས་འཇམ་དཔལ་ཡེ་ཤེས་སེམས༔ དུས་གསུམ་རྒྱལ་བ་ཀུན་གྱི་བསྐྱེད་པའི་ཡུམ༔ སྣང་སྟོང་ཡེ་གྲོལ་ཆོས་ཉིད་བདེ་ཀློང་འཁྱིལ༔ ཁམས་གསུམ་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ ཞེ་སྡང་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ ཁམས་གསུམ་དུག་གསུམ་གདོན་གསུམ་རུ་ཏྲ་བཅོམ་པ་དང་༔ རིགས་གསུམ་སྐུ་གསུམ་བརྙེས་པའི་ཡོན་ཏན་དྲུག་ལྡན་ཅིང་༔ སྲིད་དང་ཞི་བའི་བདེ་སྡུག་མཐའ་ལ་མི་གནས་པའི༔ འཇམ་དཔལ་རྡོ་རྗེའི་གོ་འཕང་མྱུར་དུ་ཐོབ་པར་ཤོག༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ༔ གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ༔ ཁམས་གསུམ་མཐའ་ཡས་སེམས་ཅན་ཀུན༔ དབུགས་འབྱིན་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ཡང་དགེ་ལེགས་པས་བསྐུལ་ངོར་དུས་མཐའི་སྔགས་མིང་ག་གཱ་ཨ་བྷྱེས་བརྡ་རང་སོར་བཞག་པས་བྱིན་རླབས་ཤིན་ཏུ་ཆེ་བ་འདི་ནི་བླུན་པོ་གཏི་མུག་ཅན་དང་༔ རྟོག་གེ་ཐེ་ཚོམ་ཅན་ལ་ཤིན་ཏུ་མི་འབེན་པས༔ མཁའ་འགྲོ་རྒྱ་མཚོའི་ཆོས་མཛོད་པོ་ཏི་ཐེར་འབུམ་དགུ་ཕྲག་ལས་སྡེབ་གཅིག་པ་ལ་བསྟུང་བའི་ཁོང་སེང་ཨ་མིག་གཅིག་གི་རྣམ་པར་ཐར་བ་ཕྱོགས་སུ་བཀོད་པའི་རྣམ་པར་རིག་པའི་འདུ་བྱེད་ཀྱི་རྫུ་འཕྲུལ་མཁན་པོ་ཤེས་རབ་བློ་འཕེལ་མིང་གིས་བགྱིས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ། །