Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
རྗེ་བླའི་བཀའ་འབུམ་དཀར་ཆག་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བླའི་བཀའ་འབུམ་དཀར་ཆག་ནོར་བུའི་ཕྲེང་བ།next

རྗེ་བླའི་བཀའ་འབུམ་དཀར་ཆག་ནོར་བུའི་ཕྲེང་བ།

༄༅། །རྗེ་བླའི་བཀའ་འབུམ་དཀར་ཆག་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ༀ་སྭ སྟི་བི་ཛ་ཡནྟུ། གཟོད་ནས་ཡེ་གྲོལ་ཀ་དག་ཆོས་ཀྱི་སྐུ། །ལྷུན་གྲུབ་མ་འགགས་གསལ་བ་ལོངས་སྤྱོད་རྫོགས། །གང་འདུལ་དེ་འཆར་ཟུང་འཇུག་སྤྲུལ་པའི་སྐུ། །དབྱེར་མེད་ཁྱབ་བདག་བླ་མས་དགེ་ལེགས་སྩོལ། །འགྱུར་བཅས་སྒྲིབ་རྒྱ་ལས་གྲོལ་འདུས་མ་བྱས། །ཟབ་གསལ་གཉིས་མེད་རང་བྱུང་བྱང་ཆུབ་སེམས། །བདེ་དོན་མངོན་གཟིགས་པདྨའི་གདུང་འཚོབ་མཆོག །རྣམ་པར་རྒྱལ་བའི་ཞབས་པད་གཙུག་ན་མཆོད། །རྒྱལ་བས་ལེགས་གསུང་ཟབ་དང་རྒྱ་ཆེའི་ཆོས། །གཅིག་ཅར་འདོམས་པའི་ལེགས་བཤད་ངོ་མཚར་རྨད། །དཔལ་ལྡན་བླ་མའི་གསུང་གསང་རིན་ཆེན་འཛོད། །མི་ནུབ་དཀར་ཆག་ནོར་བུའི་ཕྲེང་བ་སྤེལ། །དེ་ལ་དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་རིགས་དང་ཀྱིལ་འཁོར་ཀུན་གྱི་ཁྱབ་བདག ཚད་མེད་པའི་ཐུགས་རྗེ་དང་། དྲི་མ་མེད་པའི་ཡེ་ཤེས་ལ་མངའ་དབང་འབྱོར་པའི་ངེས་པ་དོན་ཀྱི་རྡོ་རྗེ་འཆང་ཆེན་པོ་བཀའ་དྲིན་མཉམ་མེད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་མཚན་བརྗོད་པར་དཀའ་བ་༧འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེའམ། མཚན་གཞན་༧འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོའམ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་ཞེས་སྙན་པའི་བ་དན་སྲིད་རྩེའི་བླ་ན་མངོན་པར་མཐོ་བའི་དཔལ་མགོན་བླ་མ་དམ་པའི་གསུང་གསང་བདུད་རྩིའི་ཕྲེང་བ་ཟབ་རྒྱས་གདམས་པ་ཀུན་གྱི་གནད་གསང་གཅིག་ཏུ་བསྡུས་པའི་བཀའ་འབུམ་རིན་པོ་ཆེ་རྣམས་སྤར་གྱི་ཕྱི་མོར་བསྐྲུན་པའི་དུས་འདིར་དཔེ་རྒྱུན་མི་ཉམས་ཤིང་འཚོལ་སླ་བ་སོགས་ཀྱི་ཆེད་དུ་ཕྱོགས་གཅིག་ཏུ་བསྡེབས་པ་དཀར་ཆག་གི་རི་མོའི་ལམ་དུ་སྤེལ་བ་ལ། དབང་བཅུའམ་སྟོབས་བཅུ་མངའ་བའི་གོ་འཕང་ལ་སྐལ་ལྡན་རྣམས་དཀྲི་བའི་ལམ་གྱི་ཆ་རྐྱེན་རྫོགས་པར་སྟོན་པའི་བརྡའ་སྐོར་ཚོ་བཅུར་ཕྱེ་བ་ལས། དང་པོ། ཀ་པར་༽ ཐོག་མར་དགེ་བ་ལེགས་བྱས་མཐར་ཕྱིན་པར་བྱེད་པའི་སྒོ་དང་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བ་སྔོན་དུ་འགྲོ་བའི་སྐོར་ལ། ཚོགས་གསོག་མཆོད་འབུལ་སྣ་ཚོགས་ཀྱི་སྐོར་ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན་ལྡེབ། ༡༢༣ འཇམ་མགོན་བླ་མའི་ལམ་ཟབ་བླ་མ་མཆོད་པའི་རིམ་པ་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལྡེབ། ༡༧འཕགས་པ་ས་ཡི་སྙིང་པོ་མཆོད་ཅིིང་གསོལ་བ་གདབ་པའི་ཆོ་ག་བརྟན་གཡོའི་བཅུད་སྤེལ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྡེབ། ༤༨བཀྲ་ཤིས་བརྒྱད་པའི་མཆོད་ཆོག་བདུད་རྩིིས་གཏེར་བུམ་ལྡེབ། ༡༢ རྒྱལ་བའི་རྟེན་གསུམ་བཞེངས་པ་དང་མཆོད་པའི་ཕན་ཡོན་ལས་འཕྲོས་པའི་གཏམ་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ་ལྡེབ། ༢༡༢ ཁ་པར་༽ གཉིས་པ་བརྩམ་པ་དོན་ལྡན་དུ་བྱ་བའི་ཕྱིར་སྒོ་གཉིས་པ། ཡུལ་ཁྱད་པར་ཅན་རྣམས་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོའི་སྤྲིན་ཕུང་ལྡེབ། ༢༡༨ གསུམ་པ་རང་གཞན་གྱི་དོན་གཉིས་ཡིད་བཞིན་དུ་འགྲུབ་པར་བྱ་བའི་ཕྱིར་སྒོ་གསུམ་པ། བླ་མ་རྒྱངས་འབོད་དང་ཡུལ་དམ་པ་རྣམ་ལ་གསོལ་འདེབས་ཞབས་བརྟན་གྱི་སྐོར་དང་བསོད་ནམས་རྒྱ་མཚོའི་སྤྲིན་ཆེན་ལྡེབ། ༡༢༧ ག་པར་༽ བཞི་པ་བར་དུ་དགེ་བ་ལས། ཐོག་མར་ཡིད་ཆེས་བསྐྱེད་བྱེད་ལོ་རྒྱུས་ཀྱི་སྐོར་ལ། སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་ལྡེབ། ༢༦༤ རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་ཉུང་གསལ་དྲང་པོོར་བརྗོད་པ་ལྷའི་རྔ་སྒྲ་ལྡེབ། ༧༢ ང་པར་༽ ལྔ་པ་ཐུན་མོང་རིིག་གནས་སྐོར་ལ། ལུང་སྟོན་པ་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིིའི་ཉིང་ཁུ་ལྡེབ། ༣༣ ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལྡེབ། ༦༠ རྒྱན་གྱི་བསྟན་བཅོས་མེ་ལོང་གི་དོན་འགྲེལ་དཔེར་བརྗོད་གསར་བསྐྲུན་ངོ་མཚར་པདྨ་དཀར་པོའི་ཆུན་འཕྱང་ལྡེབ། ༡༡༢ སྙན་ངག་དོན་རྒྱན་སོ་ལྔའི་དཔེེར་བརྗོད་ཁོལ་བྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར་ལྡེབ། ༢༨ བསྟན་རྩིས་ཉེར་མཁོ་རབ་གསལ་མེ་ལོང་ལྡེབ། ༡༢ འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུད་དའི་རྫིང་བུ་ལྡེབ། ༡༨ ཀེག་རྩིིས་ཞེ་བདུན་མའི་རྡེེལ་བཤད་རབ་གསལ་མེ་ལོང་ལྡེབ། ༡༢ བལ་མོ་ལྡིང་སྐོར་གྱི་རྡེལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ་ལྡེབ། ༡༠ དྲུག་པ་བླང་དོར་གྱི་གནས་གསལ་བར་བྱེད་པའི་སྐོར་ལ། ཞལ་གདམས་གཏམ་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན་ལྡེབ། ༡༣༢ ཅ་པར་༽ ཞལ་གདམས་དང་གསུང་མགུར་སྣ་ཚོགས་ཀྱི་སྐོར་ཀུན་ཕན་བདུད་རྩི འི་སྤྲིན་ཆེན་ལྡེབ། ༣༠༦ ཟུར་ཆུང་ཤེས་རབ་གྲགས་པའི་ཞལ་གྱི་གདམས་པ་བརྒྱད་བཅུ་པ་བསླབ་གསུམ་རིན་པོ་ཆེའི་གདམས་ངག་གི་མཆན་འགྲེལ་རིན་པོ་ཆེའི་ཕྲེང་བ་ལྡེབ། ༣༩ ཆ་པར་༽ བདུན་པ་ཐུན་མོང་གི་ཆོས་བཤད་ཁྲིད་ཡིག་གི་སྐོར་ལ། ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཟབ་དོན་སྦྲང་རྩིའི་བུམ་བཟང་ལྡེབ། ༢༧༠ ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཁྲིད་ཟིན་ཉུང་གསལ་བློ་དམན་འཇུག་བདེར་སྤེལ་བ་རབ་གསལ་སྒྲོན་མེ་ལྡེབ། ༢༨ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་པ་དང་པོའི་ཁྲིད་ཀྱི་ཟིན་བྲིས་ལྷ་རྫས་མེ་ཏོག་ལྡེབ། ༥༥ ཇ་པར་༽ རྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ་ལྡེབ། ༣༦༤ ཉ་པར་༽ དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་སྣ་ཚོགས་མདོ་ལས་གསུངས་པའི་དོན་སྙིང་པོ་བསྡུས་པ་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས་ལྡེབ། ༥༢༣ ཏ་པར་༽ བརྒྱད་པ་ཐུན་མིན་བསྐྱེད་རྫོགས་དང་རྣམ་བཤད་འགྲེལ་ཊཱིཀ྄་སྐོར་ལ། ལས་དང་པོ་པ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གོ་དོན་ཕྱོགས་མཚོན་ཉུང་གསལ་གོ་བདེར་བརྗོད་པ་ལྡེབ། ༡༡ བསྐྱེད་རིམ་སྤྱིའི་རྣམ་པར་གཞག་པ་ཉུང་གསལ་གོ་བདེར་རྗོད་པ་རབ་གསར་ནོར་བུའི་མེ་ལོང་ལྡེབ། ༩༩ ངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ་ལྡེབ། ༨༠ ངེས་དོན་སྙིང་པོའི་གནད་མདོར་བསྡུས་པའི་ས་བཅད་ལྡེབ། ༣ བདེན་གཉིས་གསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་གློག་གི་སྒྲོན་མ་ལྡེབ། ༨༡ རྡོ་རྗེ་ཕུར་བ་ཡང་གསང་སྤུ་གྲིའི་རྣམ་བཤད་མདོར་བསྡུས་སྙིང་པོར་དྲིལ་བ་རིིག་པ་འཛིན་པའི་ཞལ་ལུང་ལྡེབ། ༦༠ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོ་འཇོའི་དགའ་ཚལ་ལྡེབ། ༡༡༧ གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང་ལྡེབ། ༢༢ སེམས་དོན་དངོས་གཞིའི་ཉམས་ལེན་གནད་བསྡུས་རབ་གསལ་སྒྲོན་མེ་ལྡེབ། ༥༩ ཐ་པར་༽ བཤེས་སྤྲིང་མཆན་འབྲེལ་པདྨ་དཀར་པོའི་ཕྲེང་བ་ལྡེབ། ༣༡ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུའི་མཆན་འགྲེལ་དོན་གསལ་མེ་ལོང་ལྡེབ། ༦༠ སྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུངས་ལས་བཏུས་པ་རབ་གསལ་ནོར་བུའི་སྒྲོན་མེ་ལྡེབ། ༡༠༠ དཀོན་མཆོག་གསུམ་གྱི་དོན་རྣམ་པར་གཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར་ལྡེབ། ༦༠ སྔ་འགྱུར་རྡོ་རྗེ་ཐེགས་པ་རིམ་པ་དགུའི་རྣམ་བཞག་མདོར་སྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས་ལྡེབ། ༡༩༣ ད་པར་༽ ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འབྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང་ལྡེབ། ༡༦༩ སྔ་འགྱུར་ཐེག་དགུ་སོགས་ཀྱི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམ་བུ་ར་ལྡེབ། ༩༣ རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་མཆན་འགྲེལ་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ་ལྡེབ། ༡༥༡ ཚེས་བཅུའི་རྣམས་བཤད་ལྡེབ། ༩ དགུ་པ་ཐོར་བུ་སྣ་ཚོགས་པའི་སྐོར་ལ། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན་ལྡེབ། ༣༧ རྒྱལ་དབང་རང་བྱུང་རྡོ་རྗེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འོད་གསལ་སྤྲིན་གྱི་རོལ་མོ་ཡེ་ཤེས་མཆོག་གི་ཆར་འབེབ་ལྡེབ། ༦ ན་པར་༽ ཉེར་མཁོ་ཐོར་བུ་སྣ་ཚོག་ཀྱི་སྐོར་འདོད་འབྱུང་ནོར་བུའི་སྤྲིན་ཆེན་ལྡེབ། ༩༦ ཉེར་མཁོ་དབང་གི་མཚམས་སྦྱོར་སྣ་ཚོགས་པ་རིན་པོ་ཆེའི་ཕྲེང་བ་ལྡེབ། ༧༣ ལྷག་པའི་ལྷ་སྣ་ཚོགས་སྒྲུབ་ཐབས་དང་བསྙེན་ཡིག་སོགས་ཀྱི་སྐོར་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་ལྡེབ། ༡༡༨ རིག་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་ཡིད་བཞིན་ནོར་བུའི་གསོལ་མཆོད་དཔག་བསམ་ཡོངས་འདུའི་འཁྲི་ཤིང་ལྡེབ། ༢༠ གསུང་ཐོར་བུ་སྣ་ཚོགས་ལྡེབ། ༡༢༣ རྫོགས་ཆེན་རབ་འབྱམས་དྲུག་པ་ཁྲིར་བཀོད་སྐབས་ཀྱི་སྟོང་ཐུན་ཉེར་མཁོ་ཕན་བདེའི་ཨུཏྤལ་ལ་ལྡེབ། ༡༨ ཨ་པར་༽ འཇམ་མགོན་བླ་མའི་གདུང་རྟེན་རྣམ་གཉིས་ཀྱི་དཀར་ཆག་མདོར་བསྡུས་ངོ་མཚར་སྣང་བ་ལྡེབ། ༣༡ བཅུ་པ་བསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན་ལྡེབ། ༣༦ སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ལྡེབ། ༡༢༥ ཞལ་སབ་སྣ་ཚོགས་ལྡེབ། ༡༤༤ དཔལ་ལྡན་བླ་མ་རྡོ་རྗེ་འཆང་འགྱུར་མེད་པདྨ་རྣམས་རྒྱལ་གྱི་རྟོགས་བརྗོད་མདོར་བསྡུས་དད་པའི་འཇུག་ངོགས་ལྡེབ། ༡༣༣ དཀར་ཆག་ནོར་བུའི་ཕྲེང་བ་ལྡེབ། ༧ བཅས་བཞུགས་སོ། །སླར་སྨྲས་པ། གང་གི་མཁྱེན་རབ་ལྷས་རྩེེན་རོལ་པའི་གནས། །ཚད་མེད་ཐུགས་རྗེའི་རླུང་གི་ཤིང་རྟ་འཁྲིགས། །ནུས་མཐུས་སྦྲང་ཆར་གདུལ་བྱའི་ཞིང་སར་འབེབས། །ཁྱབ་བདག་བླ་མའི་གསུང་གསང་རིན་ཆེན་མཛོད། །ཐོག་མཐའ་བར་དགེ་ངག་ཚིག་རྙོག་མས་དབེན། །ཚད་མ་གསུམ་ལྡན་ལུང་རིགས་རྦ་རླབས་འཁྲུགས། །ཉོན་མོངས་གདུང་སེལ་གསུང་རབ་ཆུ་ཡི་གཏེར། །སྲིད་མཐའི་བར་དུ་མི་ནུབ་སྣང་བའི་ཕྱིར། མཁྱེན་བརྩེའི་རང་གཟུགས་ཕྲིན་ལས་སྤྲིན་པའི་གར། །ཆོས་ཀྱི་བློ་གྲོས་བཀའ་ཡིས་ཉེར་བསྐུལ་ཏེ། སྤྲུལ་མིང་འཛིན་པ་པདྨ་དྲི་མ་མེད། །དབོན་རྒན་དམ་པ་དགེ་ལེགས་རྒྱ་མཚོའི་དཔལ། །མཉེས་པ་གསུམ་སྒྲུབ་དགེ་སློང་ཞིང་སྐྱོང་དང་། །པདྨ་ལྷུན་གྲུབ་པད་ནོར་སོགས་བཅས་ཀྱིས། །གཅིག་ལས་དུ་མར་འཆར་བའི་སྤར་གྱི་འཕྲུལ། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེར་བསྒྲུབས། །བསྐལ་བཟང་བློ་ལྡན་དབྱར་སྐྱེས་སྦྲ་མ་ར། །ལེགས་བཤད་རྨད་བྱུང་དགོངས་འགྲེལ་པདྨའི་ཚལ། །ཟབ་དོན་རོ་བཅུད་དཔལ་ལ་རྟག་སྤྱོད་ནས། །བསྟན་འགྲོའི་ཕན་བདེའི་དགའ་སྟོན་གསོས་སྦྱིན་མཛོད། །འདིར་འབད་བསོད་ནམས་རབ་དཀར་སྟོན་ཟླའི་མདངས། །བདག་གཞན་བྱང་ཆེན་ཤུལ་ལམ་མཚོན་པའི་ཕྱིར། །ཡོངས་བསྔོའི་རྒྱས་བཏབ་རྒྱལ་དང་དེ་སྲས་ཀྱི། །རྣམ་ཐར་སྤྱོད་པ་རྒྱ་མཚོའི་རྗེས་སུ་སློབ། །དཔལ་ལྡན་བླའི་བསྟན་པ་རིན་པོ་ཆེ། །སྲིད་མཐའི་བར་དུ་མི་ནུབ་དར་ཞིང་རྒྱས། །འབྲེལ་ཐོབ་ལུས་ཅན་མགོན་དེའི་གོ་འཕང་མཆོག །དཀའ་ཚེགས་མེད་པར་མྱུར་དུ་ཕྱིན་གྱུར་ཅིག །བསྟན་འཛིན་ཐུགས་མཐུན་བསྐལ་བརྒྱར་ཞབས་པད་བརྟན། །དགེ་འདུན་སྡེ་འཕེལ་སྤང་ཀློག་བྱ་བར་བརྩོན། །རྒྱལ་ཁམས་ཀུན་ཏུ་སྐལ་ངན་རྒུད་པ་ཞི། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་གོང་འཕེལ་ཤོག །རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི། །རིང་ལུགས་དྲི་མེད་ཟླ་གཞོན་གསར་འཆར་བ། །ནག་ཕྱོགས་གདུག་པའི་ཆུ་འཛིན་ལས་གྲོལ་ཞིང་། །བསྟན་འགྲོའི་བདེ་འབྱུང་རལ་པའི་རྒྱན་མཛེས་ཤོག །བདག་ཀྱང་རིགས་བདག་བླ་མས་རྗེས་འཛིན་ཅིང་། ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་བར། །སྒོ་གསུམ་བྱ་བ་ཆོས་ལྡན་ཡིད་བཞིན་འགྲུབ། །དོན་གཉིས་བསམ་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །མདོར་ན་མགོན་ཁྱོད་མངོན་པར་བྱང་ཆུབ་པའི། །འདུས་པ་དང་པོའི་འཁོར་དུ་བདག་སྐྱེས་ནས། །བྱང་ཆེན་སྤྱོད་པ་རྒྱ་མཚོ་སྤྱད་བྱས་ཏེ། །འགྲོ་ཀུན་དྲན་པའི་དད་དཔོན་ཉིད་གྱུར་ཅིག །བཀྲ་ཤིས་གང་ཞིག་རང་བྱུང་ལྷན་སྐྱེས་ཟབ་གསལ་གཉིས་མེད་བདེ་བ་ཆེ། །བཀྲ་ཤིས་གང་ཞིག་ཚོགས་གཉིས་ཟུང་འཇུག་ལམ་རྐྱེན་ཟབ་མོ་ལ་བརྟེན་པ། །བཀྲ་ཤིས་གང་ཞིག་སྒྲིབ་རྒྱ་ལས་གྲོལ་མཐར་ཕྱིན་ཡེ་ཤེས་མངོན་གྱུར་ཏེ། །བཀྲ་ཤིས་གང་ཞིག་སྲིད་འདིར་གཡོ་མེད་རྟག་ཁྱབ་ལྷུན་གྲུབ་མཛེས་གྱུར་ཅིག །ཅེས་སྐྱབས་མཆོག་འཁོར་ལོའི་མགོན་པོ་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཉམ་མེད་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ། ༧ འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་རབ་བླ་ན་མེད་པའི་ཕྲེང་བ་རྣམས་སྤར་གྱི་ཕྱི་མོ་བསྐྲུན་པའི་དུས་འདིར་ཕྱོགས་གཅིག་ཏུ་བསྡེབས་པའི་དཀར་ཆག་ནོར་བུའི་ཕྲེང་བ་ཞེས་བྱ་ཉུང་ངུའི་ཚིག་གི་ལམ་ནས་དྲངས་པ་འདི་ཡང་། མགོན་པོ་གང་གི་བྲན་དུ་སྐྱེ་ཀུན་སྨོན་པའི་གུས་འབངས་ཐ་ཤལ་ཆོས་མེད་རྨོངས་པ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མེ་ཡོས་གསར་འཆར་གྱི་ཟླ༧ཚེས༡༣ དགེ་བར་རྗེ་བླ་མའི་གཟིམས་སྤྱིལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་ནས་བྲིས་པ་སྐྱེ་ཀུན་དཔལ་ལྡན་བླ་མའི་རྗེས་སུ་འཛིན་ཅིང་གསུང་གི་གསང་བ་ཟབ་མོར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག མངྒལཾ། དགེའོ། །དགེའོ། །དགེའོ།། །།


previousརྗེ་བླའི་བཀའ་འབུམ་དཀར་ཆག་ནོར་བུའི་ཕྲེང་བ།next