Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
ཁྲི་བཤད་སོགས་བཤད་པ་སྣ་ཚོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   


 
previousཁྲི་བཤད་སོགས་བཤད་པ་སྣ་ཚོགས།next

ཁྲི་བཤད་སོགས་བཤད་པ་སྣ་ཚོགས།


GTD008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བཤད་སོགས་བཤད་པ་སྣ་ཚོགས་བཞུགས་སོ། །


GTD008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ལགས་སོ། །ཇི་སྐད་དུ། རྡོ་རྗེ་འཆང་དངོས་བླ་མ་དེ་དག་གི །འཕྲིན་ལས་སྙིང་ལ་ཞུགས་པས་ཕྱོགས་ཀུན་ཏུ། །དཔལ་ལྡན་རྡོ་རྗེ་ཐེག་པའི་བསྟན་པ་མཆོག །མ་ལུས་རྒྱས་པར་བྱེད་པའི་བཀྲ་ཤིས་ཤོག །ཅེས་དམ་པའི་ཆོས་ཀྱི་མངའ་བདག་དམ་ཆོས་འཛིན་པའི་སྨོན་ལམ་གྲུབ་པའི་དངོས་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་བསྐུལ་བའི་བདེན་ཚིག་གིས་ཤིས་པ་བརྗོད་པས་སྔོན་བསུས་ཏེ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། གསང་ཆེན་རྒྱུད་སྡེ་རྒྱ་མཚོར་ཐོས་བསམ་སྒོམ་པའི་གོ་ཆ་ལྷུར་བཞེས་པའི་དཔལ་ལྡན་རིག་པ་འཛིན་པའི་ཚོགས་ཀྱི་དབུས་སུ་གང་ཞུ་བ་ཡིན་ན། སྤྱིར་འགྲོ་བ་ཀུན་ལ་རྒྱུ་མེད་པར་མཉེས་གཤིན་པའི་རྣམ་འདྲེན་རྒྱལ་བ་ཐམས་ཅད་དང༌། ཁྱད་པར་སྙིགས་མ་ལྔ་བདོའི་དུས་སུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས་རྒྱུ་འབྲས་ཀྱི་ཐེག་པའི་ཆོས་འཁོར་མ་ལུས་པ་བསྐོར་བར་མཛད་པ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་འཕྲལ་ཡུན་དུ་བཀའ་དྲིན་ཆེ་བ་ཀུན་གྱི་རྩ་བ་ཡིན་ལ། དེ་ནས་གཏད་རབས་བདུན་དང། འཛམ་གླིང་རྒྱན་དྲུག་མཆོག་གཉིས། ལཱུ་ནག་དྲིལ་གསུམ། ལ་ལཱི་ཏ་བཛྲ། ཆོས་རྒྱལ་རིགས་ལྡན་རྣམས་དང། དུས་ཞབས་པ་ཆེ་ཆུང་སོགས་མདོ་སྔགས་སོ་སོའི་བཤད་སྒྲུབ་ཀྱི་ཁུར་འཛིན་པའི་པཎྚི་ཏ་དང་གྲུབ་པའི་དབང་ཕྱུག་གནམ་གྱི་སྐར་ཚོགས་ལྟ་བུ་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ།


GTD008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་སུ་མདོ་སྡེ་ཀུན་གྱི་ཟ་མ་ཏོག་དང་རྒྱུད་སྡེ་ཀུན་གྱི་རྒྱལ་པོ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུང་ཕྱུར་གཉིས་དང་བྱེ་བ་ཕྲག་གསུམ་གྱི་ཡང་རྩེ་དཔལ་གསང་བ་འདུས་པའི་བསྟན་པ་འདི་ཉིད་ལ་མཚོན་ན་རྒྱ་གར་འཕགས་པའི་ཡུལ་གྱི་དབང་དུ་བྱས་ན། སྟོན་པས་ཆགས་བྲལ་གྱི་ཐེག་པ་གཙོ་བོར་སྟོན་བཞིན་པའི་སྐབས་སུ། གསང་སྔགས་ཆགས་བཅས་ཀྱི་ལམ་གྱིས་འཚང་རྒྱ་བའི་ཐེག་པའི་མཆོག་འདི་དང་པོར་ཞུ་བ་པོ་ཆོས་རྒྱལ་ཨིནྡྲ་བྷུ་ཏི། ཀླུ་ལས་སྐྱེས་པའི་རྣལ་འབྱོར་མ། བྲམ་ཟེ་ཆེན་པོ་སོགས་ཐོག་མར་བཀའ་དྲིན་ཆེ། དེ་ནས་མདོར་བྱས། མདོ་བསྲེ། རིམ་ལྔ། སྤྱོད་བསྡུས་སོགས་ཀྱི་སྒོ་ནས་རྒྱུད་དོན་བལྟ་བའི་མིག་འབྱེད་པ་ཀླུ་སྒྲུབ་ཡབ་སྲས་དང༌། རྩ་བའི་རྒྱུད་དུ་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པའི་ཟབ་གནད་མཐའ་དག་བཤད་རྒྱུད་ཆེན་པོ་དྲུག་གི་སྒོ་ནས་རྒྱ་ཆེན་གཏན་ལ་ཕབ་སྟེ། གནམ་ལ་ཉི་ཟླ་གཉིས་དང༌། ས་ལ་གསལ་བ་གཉིས་ཞེས་གྲགས་པའི་བྱེད་པོ་དཔལ་ལྡན་ཟླ་བའི་ཞབས་སོགས་བར་དུ་བཀའ་དྲིན་ཆེ། རྒྱུད་དོན་སིལ་བུར་གནས་པ་མཐའ་དག་གདུལ་བྱ་བློ་མཆོག་དམན་ཀུན་གྱི་ཉམས་ལེན་གྱི་རིམ་པར་གཅིག་ཏུ་འདྲིལ་ཚུལ་གསལ་བར་མཛད་པ་དཔལ་ནཱ་རོ་ཏ་བ་དང་མཉམ་མེད་ཇོ་བོ་ཆེན་པོ་སོགས་ཐ་མར་བཀའ་དྲིན་ཆེ། གངས་རིའི་རྭ་བས་བསྐོར་བའི་བྱང་ཕྱོགས་


GTD008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བ་ཅན་གྱི་ལྗོངས་འདིའི་དབང་དུ་བྱས་ན་སྤྱིར་རིགས་གསུམ་ཀུན་ཏུ་བཟང་པོ་སོགས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་མེས་དབོན་གོང་མ་ཐམས་ཅད་དང༌། སྐ་ཅོག་ཞང་གསུམ། མལ་གྱོ་མར་དོ། འབྲོག་མི། ཙ་མི། རྭ་སྐྱོ་སོགས་མུན་གླིང་ཆོས་ཀྱིས་དཀར་པོར་བསྒྱུར་བའི་ལོ་པཎ་རིམ་བྱོན་བཤད་པ་དང་སྒྲུབ་པའི་བཀའ་བབ་ཀྱི་བསྟན་པའི་ཆ་ཤས་སོ་སོ་ནས་གདུལ་བྱའི་སྐལ་པ་དང་འཚམ་པར་འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་དམ་པ་སྔ་ཕྱི་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་བཀའ་དྲིན་ཆེ་བའི་རང་བཞིན་ལས་མ་འདས་པས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པའི་དོན་ལྟ་བུ་ཡིན་མོད་ཀྱང༌། འདིར་ཐུན་མོང་མ་ཡིན་པ་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་པ་དཔལ་ལྡན་འདུས་པའི་ལམ་ལ་སྒོས་སུ་མཚོན་ན། ལོ་ཆེན་རིན་ཆེན་བཟང་པོ། སྒྲ་བསྒྱུར་མར་པ། མགོས་ཁུག་པ་ལྷས་བཙས་སོགས་བསྟན་པའི་ཡང་སྙིང་འདི་ཉིད་དང་པོར་བསིལ་ལྡན་གྱི་ལྗོངས་སུ་སྤེལ་བར་མཛད་པ་དེ་རྣམས་ཐོག་མར་བཀའ་དྲིན་ཆེ། དེ་ནས་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ཐུགས་བསྐྱེད་དམ་བཅའ་མཛད་པ་བཞིན། ཟབ་མོ་དབུ་མའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་འདི་ཉིད་གཙོ་བོར་གྱུར་པའི་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་རྒྱལ་བའི་དགོངས་པ་བཞིན་གསལ་བར་མཛད་པ་ལ་རྒྱལ་བ་ཉིད་དང་དབྱེར་མ་མཆིས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ། སྲས་ཀྱི་ཐུ་བོ་མཁས་


GTD008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་རྣམས་དང་ཁྱད་པར་སྔོན་རྒྱལ་སྲས་སྙིང་སྟོབས་ཆེན་པོ་དེ་ཉིད་ཀྱིས་འཁོར་རྒྱལ་སྲས་རྒྱ་མཚོ་ལྟ་བུའི་ནང་ནས་བཞེངས་ཏེ་ཐུགས་བསྐྱེད་དམ་བཅའ་མཛད་པའི་རྟེན་འབྲེལ་དང་རྒྱུ་མཐུན་གྱིས། རྗེ་བླ་མས་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས་འདི་ལ་བདག་ཐུབ་པ་སུ་ཡོད་གསུང་བའི་དུས་སུ་རྗེ་བླ་མའི་མདུན་དེར་སྲས་ཀྱི་ཐུ་བོ་གསེར་གྱི་རི་བོའི་འཕྲེང་བ་ལྟ་བུ་བསྒྲིགས་ཡོད་པའི་ནང་ནས་རྗེ་བཙུན་ཤེས་རབ་སེང་གེ་བཞེངས་ནས་ཁས་ལེན་ཞུས་ཤིང༌། རྗེ་བླ་མའི་བཀའ་བཞིན་སྨད་རྒྱུད་རིག་པ་འཛིན་པའི་འདུས་སྡེ་ཕྱག་འདེབས་མཛད། ཁོང་གི་སྲས་ཀྱི་ཐུ་བོ་འདུལ་ནག་པ་དཔལ་ལྡན་བཟང་པོ་ལ་བཀའ་ཕེབས་ཏེ་སྲད་རྒྱུད་བཏབ་པས་རྒྱུད་པ་སྟོད་སྨད་གཉིས་སུ་གྲགས་པ་བྱུང་ནས་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་བཤད་སྒྲུབ་ཉིན་མོ་བཞིན་དུ་གསལ་བར་མཛད་པས་རྗེ་ཡབ་སྲས་རྣམས་བར་དུ་བཀའ་དྲིན་ཆེ། སྨད་རྒྱུད་ལ་ཁྲིད་ཆེན་བརྒྱད་དང༌། སྟོད་རྒྱུད་ལ་ཁྲིད་ཆེན་དྲུག་ཏུ་གཙོ་བོར་གྲགས་པ་རྣམས་དེ་སྐབས་གདུལ་བྱ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ལ་རང་རང་གི་རྩ་བའི་རྒྱུད་ཀྱི་ཁུངས་དང་སྦྱར། འཕགས་བོད་ཀྱི་དགོངས་འགྲེལ་མཁན་པོ་སོ་སོའི་བཞེད་སྲོལ་མ་འདྲེས་པས་སྤུ་རིས་ཕྱེས། ཉམས་མྱོང་རྡོ་རུས་ཐུག་པའི་མན་ངག་གིས་གཟེར་བཏབ། སྦྱང་གཞི་སྦྱོང་བྱེད། སྨིན་ལམ་གྲོལ་ལམ། ལག་རྗེས་ཐམས་ཅད་ར་སྤྲད་དེ་ཟུང་འཇུག་ལག་བཅངས་སུ་གཏོད་པ་ལྟ་བུ་ཞིག་ཡོད་འདུག་པ། ཕྱི་


GTD008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དུས་ཀྱི་རིམ་པས་དེ་ཇི་ལྟ་བ་བཞིན་དཀའ་འང༌། རྒྱུད་སྡེ་རྣམ་བཞིའི་དབང་བཀའ། ཡི་དམ་གྱི་ལྷ་དུ་མའི་རྗེས་གནང༌། འཕགས་བོད་ཀྱི་གཞུང་ཚད་ལྡན་རྣམས་ཀྱི་ལུང་རྒྱུན། བླ་མ་དམ་པའི་ཞལ་ལུང་གིས་བརྒྱན་པའི་ཁྲིད་སོགས་དམ་པ་བར་མ་ཆད་པ་ལས་བརྒྱུད་དེ་འོངས་པའི་གདམས་པ་ཟབ་མོ་རྣམས་ཐར་འདོད་ཡོངས་ཀྱི་ཉེར་འཚོའི་གཞི་རྟེན་གཅིག་པུར་ད་ལྟའི་བར་དུ་རྒྱུན་མ་ཉམས་པར་སྤེལ་བའི་དགེ་བའི་བཤེས་གཉེན་ཐུགས་རྗེ་ཆེན་པོ་དང་ལྡན་པ་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། ཁྱད་པར་དུ་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པར་བཀའི་འཁོར་ལོས་འདོད་དགུར་མངའ་བསྒྱུར་བའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་ནས་བཀའ་པོད་ཆེན་པོ་ལྔས་མཚོན་པའི་ལེགས་བཤད་ཀྱིས་ས་སྟེང་ཁྱབ་པར་མཛད་པས་བསྟན་པའི་སྲོག་བཟུང་ཞིང༌། ལྷ་དང་བླ་མས་ལུང་བསྟན་ཏེ་མདོ་སྨད་དུ་རྒྱུད་གྲྭ་གཉིས་འདེབས་པར་གསུང་བ་བཞིན་དགོན་ལུང་གི་རྒྱུད་པ་དང་འདི་གཉི་ག་བཏབ་སྟེ་རྡོ་རྗེ་ཐེག་པའི་བསྟན་པ་ཡོངས་སུ་རྫོགས་པའི་རྨང་གཞི་བཙུགས། དེ་ཉིད་སླར་ཡང་བསྟན་འགྲོའི་མགོན་སྐྱབས་གཅིག་པུར་བྱོན་པ་བཀའ་དྲིན་མཚུངས་པ་མེད་པའི་སྐྱབས་མགོན་ཐུགས་རྗེའི་མངའ་བདག་རྗེ་བཙུན་འཇིགས་མེད་དབང་པོའི་ཞལ་སྔ་ནས་དེ་ཉིད་ཀྱིས་སྔར་ས་བོན་ཙམ་དུ་གནས་པ་དེ་ཉིད་རྒྱུད་དོན་འཆད་ཉན་གྱི་སྡོང་པོ། ཆོ་ག་ཕྱག་བཞེས་ཆ་ལག་དང་བཅས་པའི་ལོ་འདབ་རྒྱས་ཤིང། ཟབ་ལམ་རིམ་གཉིས་ཀྱི་འབྲས་བུ་སྨིན་པའི་དཔག་བསམ་གྱི་ལྗོན་པ་


GTD008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཛད། དེ་ནས་སླར་ཡང་རང་ཅག་རྣམས་ཀྱི་འདྲེན་པ་དམ་པ་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འདི་ཉིད་ཀྱི་རྣམ་པར་བྱོན་ནས་བཞུགས་པའི་གཟི་བྱིན་གྱིས་རྒྱུད་སྡེའི་འཆད་ཉན། དགེ་འདུན་གྱི་འདུས་ཚོགས། ཆོས་དང་སྲིད་ཀྱི་དཔལ་འབྱོར་གང་ཐད་ནས་གྲ་མ་ཉམས་པར་གནས་པ་འདི་བྱུང་བ་ཡིན་པས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་འཕྲེང་རིམ་བྱོན་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཐ་མར་བཀའ་དྲིན་ཆེ། བླ་མེད་རྡོ་རྗེ་ཐེག་པའི་སྦས་པ་དང་མཐར་ཐུག་གི་དོན་སོགས་ལ་ལྟོས་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་ཡིག་དོན་དང་སྤྱི་དོན་ཙམ་ཞིག་ཡིན་མོད། བདག་ལྟ་བུས་རང་བློའི་ནུས་པ་གང་ཡོད་ཀྱིས་སྦྱངས་ནའང་དེའི་འགྲོ་ཕྱོགས་ཙམ་ཡང་ཤེས་དཀའ་བའི་ཚེ། རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་ཀྱི་གསང་མཛོད་འདི་ལྟ་བུ་བློས་མི་དཔོག་པར་མ་ཟད་སྔར་སྦྱང་བའང་མ་སོང་བས། ཁྱེད་རྡོ་རྗེ་འཛིན་པ་ཆེན་པོ་སྐུ་ཚེ་ཧྲིལ་པོར་རྒྱུད་དོན་འཆད་ཉན་གྱིས་སྒྲོ་འདོགས་བཅད་ཅིང༌། བསམ་སྒོམ་གྱིས་མྱོང་བྱང་ཆུབ་པ་རྣམས་ལ་འཆད་ཉན་བྱེད་རྒྱུ་དཀའ་ནའང༌། སྐྱབས་མགོན་མཆོག་གི་བཀའ་གྱེན་བཟློག་མ་ནུས་པས། དེ་རིང་གཟའ་སྐར་ཚེས་གྲངས་ཕུན་སུམ་ཚོགས་པར་དམ་པ་རིམ་བྱོན་གྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་གདན་ཁྲིར་འཁོད་པ་ལ། སྤྱི་སྒེར་ཀུན་ནས་ལེགས་འབུལ་སོགས་རྒྱ་ཆེར་བསྟར་བ་འདི་དག་བསྔོ་བྱའི་རྫས་སུ་བྱས་ཏེ་བསྔོ་བ་རེ་བྱེད་པའི་ཕྱག་སྲོལ་འདུག་པ་བཞིན་བྱེད་པ་ལ། ཕུན་སུམ་ཚོགས་པའི་དགེ་འདུན་པ་རྣམས་ནས་སྤྱིར་


GTD008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བ་ཀུན་གྱིས་བསྔགས་པའི་སྨོན་གནས་རྣམ་པར་དག་པ་ལྷུན་གྱིས་གྲུབ་པ་དང༌། ཁྱད་པར་དུ་རང་ཅག་དཔོན་སློབ་རྣམས་ཀྱིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་འཆད་ཉན། བསླབ་གསུམ་རིམ་གཉིས་ཀྱི་ཉམས་ལེན་སོགས་བསྟན་པའི་བྱ་བ་འདུན་པ་ཆིག་དྲིལ་གྱི་སྒོ་ནས་བྱེད་པ་ལ་ཕྱི་ནང་གི་ཉེར་འཚེའི་རིགས་གང་བར་མི་འབྱུང་ཞིང༌། འདོད་དོན་མཐའ་དག་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་འགྱུར་བ་དང༌། མཁའ་མཉམ་ལུས་ཅན་ཡོངས་ཀྱི་ཕན་བདེའི་དཔལ་དུ་འགྱུར་བ་སོགས་ཀྱི་སྤྱན་དམིགས་རྒྱ་གང་ཆེ་གསལ་བཏབ་སྟེ་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། བསྔོ་བ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་སོགས་ཤོ་ལོ་ཀ་གཉིས། རྨད་བྱུང་ལམ་འདི་རང་ཉིད་གཅིག་པུས་ཀྱང༌། །ཞེས་སོགས། གཙུག་ལག་ཁང་རྣམས་ཀློག་པ་དང༌། །སོགས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །ཞེས་སོགས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཞེས་པ་ནས། བསྟན་པ་ཡུན་རིང་འབར་གྱུར་ཅིག །ཅེས་པ་འདི་ནི་སྟག་ལུང་སྤྲུལ་བའི་སྐུ་རྒྱུད་པའི་ཁྲིར་བཞུགས་སྐབས་དེ་དང་འབྲེལ་མཚུངས་པའི་ཁྲི་བཤད་ཅིག་དགོས་ཚུལ་བྱུང་བ་ལྟར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ གང་ཞིག་རྣམ་པར་དཀར་བའི་དད་གུས་ཞེས་པ་ནས། དུས་ཀྱི་འཁོར་ལོའི་ལམ་བཟང་གསལ་བར་མཛད་པ་གསང་བདག་ས་སྙིང་སོགས་ཀྱི་རྣམ་འཕྲུལ་ཟླ་བ་བཟང་པོ་དང་ལྷ་དབང་ལ་སོགས་པ་ཆོས་རྒྱལ་རིགས་ལྡན་རྣམས་དང་དུས་ཞབས་པ་ཆེ་


GTD008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སོགས་རྒྱ་གར་དུ་སྲོལ་བཟང་པོ་འདི་ཉིད་སྤེལ་བའི་པཎ་གྲུབ་ཇི་སྙེད་ཅིག་བྱོན་པ་རྣམས་བཀའ་དྲིན་ཆེ། ཞེས་པ་ནས། འཇམ་དབྱངས་བཞད་པའི་རྡོ་རྗེ་དཔལ་བཟང་པོའི་ཞལ་སྔ་ནས་དང། དེ་ནས་སྐུ་ཕྲེང་བར་མ་ཆད་མེད་པའི་བཀའ་དྲིན་དང་ཐུགས་རྗེའི་བདག་ཉིད་འཆད་པ་ལེགས་བཤད། ཞེས་པ་ནས། མགུལ་བ་མཛེས་པར་མཛད་པ། འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་ཁུར་རང་ཉིད་གཅིག་པུས་བདག་གིར་མཛད་ཅིང། ཁྱད་པར་རང་ཅག་རྗེས་འཇུག་རྣམས་མ་འོངས་པ་ན་དྲག་པོ་འཁོར་ལོ་ཅན་གྱི་བསྟན་པ་དང་མཇལ་ཏེ་ཡང་དག་པའི་ལམ་གྱིས་བཙན་ས་ཟིན་པའི་ཕྱིར་སྟོང་ཆེན་ཡི་གེ་ལྔའི་མཐར་ཐུག་བདེ་བ་ཆེན་པོ་དང༌། ཐིག་ལེ་ཡི་གེ་དྲུག་གི་ཕྱག་རྒྱ་ཆེན་མོ་ཟུང་དུ་འཇུག་པ་གཉིས་མེད་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཀྱི་རྐང་ཚུགས་པའི་ཕྱིར་ཨེ་ཝཾ་ཆོས་ཀྱི་འཁོར་ལོའི་གླིང་འདི་ཉིད་གསར་འདེབས་མཛད་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་དང༌། དེ་ཉིད་སླར་ཡང་རང་ཅག་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་བྱོན་པ། གཞོན་ནུ་ཉིད་ནས་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་རྩལ་ཡོངས་སུ་རྫོགས་ཤིང། རྣམ་པར་དཀར་བའི་འཕྲིན་ལས་ཀྱིས་རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ་པ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་གཙུག་གི་ནོར་བུ། སྐྱབས་གཅིག་མཐོང་བ་དོན་ལྡན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མའི་


GTD008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་བདག་ཅག་རྣམས་ལ་བཀའ་དྲིན་ལྷག་པར་ཆེ། ཞེས་སོགས་དཀྱུས་ལྟར་རོ། །འདི་ནི་དུས་འཁོར་དཔོན་སློབ་ཀྱི་ཁྲི་འདོན་སྐབས་ཀུན་མཁྱེན་བླ་མའི་གསུང་གི་ཁྲི་བཤད་ཀྱི་ནང་དུ་སྣོན་རྒྱུར་སྩལ་བའོ། །དེ་ཡང་ཇི་སྐད་དུ། ངག་གི་དབང་ཕྱུག་བློ་བཟང་གྲགས་པ་ཡི། །ཞེས་པ་ནས། དཔལ་ལྡན་བླ་མ་ཞེས་གསུངས་པ་ལྟར། འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་ཀྱི་མཐུ་གྲུབ་པ། ས་གསུམ་མཁས་པ་ཡོངས་ཀྱི་གཙུག་རྒྱན། དཀྱིལ་འཁོར་འཁོར་ལོ་བྱེ་བའི་མངའ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་གྲགས་སྙན་གྱིས་ས་སྟེང་ཁྱབ་པ་དེ་ཉིད་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོར་མདོ་ཁམས་སྨད་འདིར་སྐུ་འཁྲུངས། དམ་པའི་རང་རྟགས་ཀྱི་སྤྱོད་པ་མངོན་དུ་གྱུར་ཅིང་དགུང་ལོ་བཅུ་གསུམ་པ་ལ་རབ་ཏུ་བྱུང༌། དགུང་ལོ་ཉེར་གཅིག་པ་ལ་དབུས་སུ་ཕེབས་ཏེ་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། གཞུང་བཀའ་པོད་ལྔས་མཚོན་པའི་རྒྱུ་ཕར་ཕྱིན་ཐེག་པའི་ཆོས་ཚུལ་མཐའ་དག་ལྷག་མ་མེད་པར་ཐུགས་སུ་ཆུད། དགུང་ལོ་ཉེར་དགུ་པ་ལ་དཔལ་ལྡན་འདུས་པའི་དགེ་འདུན་སྨད་རྒྱུད་རིག་པ་འཛིན་པའི་གྲྭར་ཕེབས་ཏེ་གསང་ཆེན་ཆོས་ཀྱི་གན་མཛོད་བདག་གིར་བཞེས། དགུང་ལོ་སོ་གསུམ་ནས་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ཐོས་དོན་སྒྲུབ་པས་ཉམས་སུ་བཞེས་པ་ལས་མངོན་པར་རྟོགས་པའི་ཀློང་རྡོལ། ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་རྒྱས་མན་


GTD008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་སྒོ་བརྒྱ་ཕྱེས་ནས་སྐལ་བཟང་སྐྱེ་བོ་མཐའ་དག་ཚིམ་པར་མཛད། དགུང་ལོ་ང་གསུམ་གྱི་ཐོག་བཀྲ་ཤིས་སྒོ་མང་གི་ཆོས་ཀྱི་ཁྲི་ལ་ཞབས་སེན་བཀོད་དེ་འཆད་ཉན་གྱི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། ཁྱད་པར་སའི་སྟེང་ན་འགྲན་ཟླ་མེད་པའི་ལེགས་བཤད་བཀའ་པོད་ཆེན་པོ་ལྔ་གསར་དུ་བརྩམས་པའི་འཕྲིན་ལས་ཀྱིས་ཤར་རྒྱ་མཚོའི་མཐའི་བར་དུ་ཁྱབ། དགུང་ལོ་རེ་གཉིས་པ་ས་མོ་གླང་གི་ལོ་དཔོན་ཇུ་ནང་གིས་མདོ་སྨད་དུ་གདན་དྲངས་ཏེ་བསྟན་པའི་འབྱུང་གནས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་མཛད། མདོར་ན་འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ། མཁྱེན་བརྩེ་ནུས་གསུམ། བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོ་གསུམ་གང་གི་ཆ་ནས་ཀྱང་འཇམ་མགོན་རྒྱལ་བ་གཉིས་པ་དེ་ཉིད་སླར་ཡང་འཇིག་རྟེན་དུ་བྱོན་པ་ཇི་ལྟ་བ་ཞིག་མཛད་དེ། སྐུའི་བཀོད་པ་དེ་ཉིད་ཀྱི་འདུལ་སྐལ་ཡོངས་སུ་རྫོགས་པ་ན་རེ་ཞིག་ཟག་མེད་ཆོས་སྐུའི་དབྱིངས་སུ་སྤྲུལ་བའི་སྣང་བ་ཉེ་བར་བསྡུས་པའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་བར། ༈ དེའང་ཇི་སྐད་དུ། གངས་ཅན་མཁས་གྲུབ་ཅེས་པ་ནས། སྐལ་ལྡན་སྨིན་ཅིང་གྲོལ་མཛད། །ཅེས་གསུངས་པ་ལྟར། ཁམས་གསུམ་སྐྱེ་དགུའི་བླ་མ་ངེས་དོན་ཆོས་ཀྱི་རྒྱལ་པོ། བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དབང་པོ་དེ་ཉིད་ངེས་པའི་དོན་དུ་བགྲང་ཡས་བསྐལ་


GTD008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔོན་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཚོགས་གཉིས་ཟུང་དུ་འཇུག་པ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་མཚན་འཛིན་འཕོ་འཇིག་གི་དྲི་མ་མཐའ་དག་སྤངས་སུ་ཟིན་ནའང། ཐུན་མོང་གདུལ་བྱའི་སྣང་ངོར་མུ་མཐའ་ཡས་པའི་ཞིང་ཁམས་ཀུན་ཏུ་གང་ལ་གང་འཚམ་གྱི་སྤྲུལ་བའི་བཀོད་པ་ཆུ་ཟླ་བཞིན་དུ་སྟོན་པར་མཛད་པ་ལས། རང་ཅག་རྣམས་ཀྱི་རིགས་ཀྱི་བདག་པོར་བཞེངས་པ་སྐྱབས་མགོན་ཐུགས་རྗེའི་མངའ་བདག་དེ་ཉིད་ནི་རབ་བྱུང་བཅུ་བཞི་པའི་ནང་ཚན་ས་ཕོ་སྤྲེའུའི་ལོར་མདོ་སྨད་ས་ཡི་ཐིག་ལེ་འདིར་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་ཕུན་སུམ་ཚོགས་པར་སྐུའི་སྐྱེ་བ་བཞེས། རྒྱལ་བའི་སྲས་པོ་གཞོན་ནུ་ནོར་བཟང་བཞིན་དུ་ཆོས་ཀྱི་ཚུལ་ལ་ངོམས་པ་མི་མངའ་ཞིང། ལེགས་ཚོགས་ཀྱི་རྩ་བ་བཤེས་གཉེན་ཁོ་ན་ལ་རག་ལས་པར་གཟིགས་ནས་གངས་ཅན་གྱི་ལྗོངས་འདིར་བཞུགས་པའི་མཁས་གྲུབ་གཉིས་འཛོམ་གྱི་ཚད་མའི་སྐྱེས་བུ་བཅུ་ཕྲག་གསུམ་ལས་བརྒལ་བ་རིགས་ཀྱི་ཅོད་པན་དུ་བཞེས། མདོ་སྔགས་རིག་གནས་མཐའ་དག་གིས་བསྡུས་པའི་དབང་ལུང་ཁྲིད་མན་ངག་བཤད་པའི་རྒྱུན་སོགས་སའི་སྟེང་ན་ཡོད་དོ་ཅོག་གི་གདམས་པའི་བདུད་རྩི་མ་ལུས་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། དབུས་གཙང་གི་གདན་ས་ཆེན་པོ་བཞི་དང་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་གྱི་ས་སྐྱ་མན་ཆད་ནས་ཤར་ཕྱོགས་རྒྱ་མཚོའི་སྐ་རགས་ཅན་གྱི་གོང་མའི་རྒྱལ་ཁབ་ཡན་ཆད་ཀྱི་སྐལ་ལྡན་གདུལ་བྱ་མཐའ་དག་རང་རང་གི་སྐལ་བ་དང་མཐུན་


GTD008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པ་བརྒྱད་ཅི་རིགས་ཀྱི་སྒོ་ནས་སྨིན་ཅིང་གྲོལ་བར་མཛད། མཉམ་མེད་བུ་རམ་ཤིང་པའི་བསྟན་པ་སྤྱི་དང་ཁྱད་པར་འཇམ་དབྱངས་བླ་མའི་བསྟན་པས་གར་ཁྱབ་ཀྱི་ས་སྟེང་ཡོངས་ལ་བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོ་གསུམ་གྱི་མཛད་པ་ཕྱག་རྗེས་རྒྱལ་བའི་དབང་པོ་རིམ་བྱོན་རྣམས་དང་དབྱེར་མ་མཆིས་པའི་སྒོ་ནས་ཁྱབ་པར་མཛད་དེ། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ལྕགས་མོ་ཕག་གི་ལོ་རྗེ་བླ་མ་དགའ་ལྡན་དུ་བྱོན་པའི་དུས་ཆེན་དང་སྒོ་བསྟུན་ནས་མཛད་པའི་ཐ་མ་བསྟན་པའི་དུས་ཆེན་ཡིན་པས། ཐམས་ཅད་ཀྱིས་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་དད་གུས་དང༌། དགེ་བའི་ངོ་བོ་འབུམ་ཕྲག་ཏུ་འགྱུར་བའི་ཕན་ཡོན་གྱིས་ཡིད་དྲངས་ཏེ། ནང་ཡིད་ཀྱི་མཆོད་པ་ཏིང་ངེ་འཛིན་གྱི་དམིགས་རིམ། ཕྱི་རགས་པའི་མཆོད་པ་ཕྱག་མཆོད་གླིང་མེ་ཞལ་འདོན་སོགས་གང་ཐད་ནས་རང་རང་གི་བསོད་ནམས་རྫོགས་ཕྱིར་དང༌། སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྲོ་ངེས་པའི་གནད་སྨིན་ཞིག་ཅི་ནུས་བཀའ་དྲིན་སྐྱོང་བར་ཞུ། ༈ དེའང་ཇི་སྐད་དུ། འཇིགས་མཛད་བདེ་གསང་འཛིན་པའི་དགེ་འདུན་ཚོགས། །ཞེས་པ་ནས། རྒྱ་མཚོའི་གོས་ཅན་ཁྱབ་མཛད། །ཅེས་གསུངས་པ་ལྟར། འཇམ་མགོན་རྒྱལ་བ་གཉིས་པའི་གསང་ཆེན་བསྟན་པ་ཡོངས་ཀྱི་བཀའ་བབ་རྗེ་བཙུན་ཤེས་རབ་སེང་གེའི་རྣམ་སྤྲུལ་རྗེ་བླ་མའི་གདན་རབས་ལྔ་བཅུ་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་དེ་ཉིད་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་


GTD008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་གྱི་ཁྲིར་ཕེབས་ནས་རྗེའི་གསེར་གདུང་ཆེན་མོ་གསར་བསྐྲུན་མཛད་ཅིང་རྒྱལ་བ་པད་དཀར་འཛིན་པའི་ཡོངས་འཛིན་མཛད་དེ། བོད་དབུས་གཙང་གི་ཆོས་སྲིད་བསྟན་པ་ཡོངས་ཀྱི་མངའ་བདག་ཏུ་གྱུར། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའང་བུ་སློབ་ཕྱོགས་ཀྱི་བླ་ཆེན་དང་མཁས་ཤིང་གྲུབ་པའི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བརྒྱ་ཕྲག་མང་པོ་ཡོད་ནའང༌། ནང་གི་ཐུགས་སྲས་གཅིག་པུ་འདི་ཉིད་ཡིན་པས་མདོ་སྨད་དུ་ཕེབས་དུས་ཁོང་གདན་སའི་སྟབས་ཀྱིས་ཕེབས་རྒྱུར་མ་སོང་ཡང༌། ཀུན་མཁྱེན་བླ་མའི་ཞལ་ནས། ངས་དགོན་པ་བཏབ་འཇོག་རྒྱུ་ཡིན། སླར་ཁྱེད་རང་ཚོས་སྐྱོང་དགོས་གསུངས་པ་ལ། དུང་དཀར་ཞིག་ཕུལ་ཏེ་ཁྱེད་ཀྱི་ལེགས་བཤད་གང་དུ་དར་བའི་ཕྱོགས་དེར་ཆོས་ཀྱི་དུང་འབུད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའི་རྟེན་འབྲེལ་གྱིས་སྐུ་ཚེ་རྗེས་མ་དབུས་སུ་འཁྲུངས་ནའང༌། སྐུ་ན་ཕྲ་མོའི་དུས་དཔོན་མོ་རྣམ་རྒྱལ་སྒྲོལ་མས་གཞུང་ས་ཆེན་པོར་ཞུས་ཏེ་གདན་དྲངས། འདི་ནས་གསན་སྦྱོང་མཐར་ཕྱིན་པར་མཛད། རྒྱུད་པའི་ཁྲིར་བཞུགས་ཤིང༌། སྐྱབས་མགོན་རྡོ་རྗེ་འཆང་དབུས་སུ་ཕེབས་ནས་དགོན་པའི་འཛིན་སྐྱོང་ཕྲ་ཉག་གི་སྐབས་སུ་ཚོགས་ཆེན་ཁྲིའང་ལན་གཉིས་མཛད་དེ་བཀའ་དྲིན་ཆེན་པོས་བསྐྱངས། མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ས་སྟེང་ཀུན་ཏུ་ཁྱབ་པས་འཇམ་དབྱངས་གོང་མ་ཆེན་པོས་གསེར་གྱི་རྒྱལ་ཁབ་ཏུ་གདན་དྲངས་ཏེ་དང་པོ་ནས་བདག་རྐྱེན་སོགས་ཚད་མེད་པ་གནང་ཡང༌། སྔ་མའི་ཐུགས་སྨོན་གྱི་སྟོབས་ཀྱིས་དེར་བཞུགས་མ་འདོད་པར་བསམ་


GTD008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་པའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་བར། ༈ དེ་ཡང་ཇི་སྐད་དུ། ངག་གི་དབང་ཕྱུག་འཇམ་མགོན་ཆོས་རྗེ་ཡི། །ཞེས་པ་ནས། བཤེས་གཉེན་བཟང་པོ། ཞེས་གསུངས་པ་ལྟར། དཔལ་ལྡན་མཁས་པ་མ་ལུས་པའི་གཙུག་གི་ནོར་བུ་ངག་དབང་མཁྱེན་པའི་གཏེར་དང་གཉིས་སུ་མེད་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་བཀའ་སྲོལ་མདོ་སྔགས་ཟུང་འབྲེལ་གྱི་ཆོས་ཚུལ་མཐའ་དག་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་རླབས་པོ་ཆེ་དུས་སུ་སྨིན་པ་འཇམ་མགོན་མཆོག་གི་ཐུགས་ཀྱི་སྲས་པོ། ལུང་དང་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་ཁྲི་ཆེན་ངག་དབང་བཀྲ་ཤིས་དཔལ་བཟང་པོ་དེ་ཉིད་མདོ་སྨད་ཀྱི་ཡུལ་འདིར་འཁྲུངས་ཏེ་གཞོན་ནུ་ཉིད་ནས་སྔོན་གོམས་ཀྱི་བག་ཆགས་སད་པས་དམ་པའི་རྣམ་པར་ཐར་པ་ཤུགས་འབྱུང་དུ་ལྷུན་གྱིས་གྲུབ་ཅིང༌། ཁྱད་པར་དབུས་གཙང་ཆོས་ཀྱི་ཞིང་སར་ཕེབས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་རིགས་ཀྱི་ཅོད་པན་དུ་བསྟེན་ནས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྙིང་པོ་མ་ལུས་པ་རྒྱ་མཚོའི་གླིང་ནས་ནོར་བུ་ལེན་པ་བཞིན་དུ་ངོམས་པ་མེད་པར་བདག་གིར་བཞེས། དཔལ་ལྡན་བཀྲ་ཤིས་སྒོ་མང་གི་རིགས་སྨྲ་བྱེ་བའི་ཁྲོད་ན་འགྲན་ཟླ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་སྟེ། རྩོད་ངག་རྡོ་རྗེའི་མེ་ཆར་གྱིས་སྨྲ་ངན་ཡོངས་ཀྱི་དམ་བཅའི་བྲག་རི་ཕྱེ་མར་བརླག །མདོ་སྨད་


GTD008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕེབས་ཏེ་འཇམ་དབྱངས་བླ་མ་ནས་བརྒྱུད་པའི་གསང་སྔགས་ཀྱི་གདམས་པ་མཐའ་དག་གང་ལ་གང་འཚམ་དུ་འཆད་པའི་བཤད་པ་ལྷའི་རྔ་ཆེན་གྱིས་སྐལ་ལྡན་མཐའ་དག་རྨོངས་པའི་གཉིད་ལས་སློང་བར་མཛད། སྤྱི་དོན་ཟུར་བཀོལ་སོགས་བཀའ་རྩོམ་ནོར་བུའི་དོ་ཤལ་གྱིས་ཐུབ་བསྟན་རྣམ་པར་རྒྱལ་བའི་ཁང་བཟང་མཛེས་པར་མཛད་པ་སོགས་བསྟན་པའི་བྱ་བ་མཐའ་དག་ཁུར་དུ་བཞེས་ཏེ། དགོན་སྡེ་འདི་ཉིད་ཀྱང་ལོ་གྲངས་ཉི་ཤུ་རྩ་ལྷག་གི་བར་དུ་སྐྱོང་བར་མཛད་ནས། ངོ་སྐལ་གྱི་གདུལ་བྱ་རྫོགས་པ་ན་གཟུགས་ཀྱི་སྐུའི་བཀོད་པ་སྤྲོས་བྲལ་ཆོས་སྐུའི་དབྱིངས་སུ་སྡུད་པར་མཛད་པའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་བར། ༈ སྡེ་ཁྲི་རིན་པོ་ཆེའི་རྣམ་ཐར། དེ་ཡང་ཇི་སྐད་དུ། བློ་བཟང་བསྟན་པའི་ལུང་རྟོགས་ནོར་བུ་མཆོག །ཅེས་པ་ནས། བཤེས་གཉེན་དམ་པ། ཞེས་གསུངས་པ་ལྟར། བློ་བཟང་རྒྱལ་བའི་བསྟན་པ་སྤྱི་དང༌། ཁྱད་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་མདོ་སྔགས་ཀྱི་བཀའ་སྲོལ་བཟང་པོ་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་མངོན་པར་འདེགས་པའི་ཕྱིར་དུ་གསང་བདག་ཕྱག་ན་རྡོ་རྗེ་མིའི་སྲིད་པར་རོལ་བ་གྲུབ་པའི་དབང་ཕྱུག་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་འགྲུབ་དཔལ་བཟང་པོ་དེ་ཉིད་མདོ་སྨད་ཁྲི་གའི་ཡུལ་དུ་འཁྲུངས། དགུང་ལོ་བཅུ་དྲུག་གི་སྟེང་ནས་དབུས་སུ་ཕེབས་ཏེ་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། སྨྲ་བའི་དབང་ཕྱུག་དམ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་པ་དགེ་རྒན་དུ་བསྟེན་པས་བཀའ་པོཏ་ཆེན་པོ་ལྔ་ལ་སྦྱངས་པས་གཞུང་ལུགས་


GTD008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཕ་རོལ་ཏུ་སོན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་བས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར། ལྷ་ས་སྨོན་ལམ་གྱི་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ། ཀུན་མཁྱེན་བླ་མ་སྒོ་མང་གི་ཁྲིར་བཞུགས་སྐབས། སྒོ་མང་གི་སྡེ་པ་དང་དགེ་བསྐོས་སོགས་ཀྱི་ཁུར་ཐམས་ཅད་བཟུང་སྟེ་ཕྲིན་ལས་ཀྱི་ཤིང་རྟ་ཁ་ལོ་གྱེན་དུ་བསྒྱུར་ཞིང༌། གྲྭ་ཚང་གིས་བཀའ་པོཏ་ཆེན་པོ་ལྔའི་བཀའ་རྩོམ་ཞུ་རྒྱུ་སོགས་བསྟན་འགྲོའི་སྨན་ཡོན་གྱི་སྒོ་བརྒྱ་ཕྱེས། ཀུན་མཁྱེན་བླ་མ་མདོ་སྨད་དུ་ཕེབས་སྐབས་མ་ཅིག་ལབ་སྒྲོན་གྱི་དུས་ནས་ཐུགས་བསྐྱེད་ལུ་གུ་རྒྱུད་དུ་འབྲེལ་བའི་དོན་བཞིན་ཞབས་ཕྱིར་ཕེབས་ཏེ་ཆོས་སྡེ་ཆེན་པོ་འདི་ཉིད་གསར་དུ་འདེབས་རྒྱུ་སོགས་ཆོས་སྲིད་ཕྲིན་ལས་མཐའ་དག་གི་སྲོག་ཤིང་གཅིག་པུར་གྱུར། རྒྱུད་པའི་ཁྲི་དང་ཚོགས་ཆེན་གྱི་ཁྲི་རིམ་པར་མཛད་དེ་གདན་ས་ཡུན་རིང་དུ་བསྐྱངས་ཤིང༌། ཁྱད་པར་དུ་དཔལ་ལྡན་རིག་པ་འཛིན་པའི་རྒྱུད་གྲྭ་འདི་ཉིད་ནི་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་རྐང་ཚུགས་པ་ཡིན། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་བའི་སྐུ་དབུས་གཙང་ནས་གདན་འདྲེན་རྒྱུའི་འཆར་སྟོན་སོགས་ཀྱང་དམ་པ་འདི་ཉིད་ནས་མཛད་པ་སོགས་ཕྱག་རྗེས་ཤིན་ཏུ་མང་ལ། ཁྱད་པར་དུ་རང་ཅག་གྲྭ་སློབ་ཐམས་ཅད་ལ་


GTD008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་འཁོར་མཐའ་མ་མཆིས་པ་ཐུབ་བསྟན་ཡོངས་ཀྱི་མངའ་བདག་ཁམས་གསུམ་འགྲོ་བའི་བླ་མ་ཀུན་མཁྱེན་འཇིགས་མེད་དབང་པོ་དེ་ཉིད་ཐོག་མར་གདན་སར་ཕེབས་རྒྱུའི་སྐོར་ལ། ནག་ཕྱོགས་བདུད་རིགས་ཀྱི་འཚེ་བ་ཤིན་ཏུ་མང་བས་དོན་སྨིན་དཀའ་བར་བྱུང་བ་ན། རྣལ་འབྱོར་གྱི་དབང་ཕྱུག་འདི་ཉིད་ཀྱི་ཐུགས་བསྐྱེད་དང་ནུས་མཐུ་ཁོ་ན་ལ་བརྟེན་ནས་འགལ་རྐྱེན་གྱི་དབང་དུ་མ་སོང་བར་གདན་སར་བཀོད་དེ་ད་ལྟར་རང་ཅག་རྗེས་འཇུག་ཐམས་ཅད་ཆོས་སྲིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་རྒྱུ་བྱུང་བ་ཡིན་པས་སྤྱིར་བསྟན་འགྲོ་ཡོངས་ལ་བཀའ་དྲིན་ཆེ་ཞིང། ཁྱད་པར་རང་དགོན་འདི་ཉིད་དུ་གཏོགས་པ་རྣམས་ལ་རྗེ་བཙུན་འདི་ཉིད་ལས་བཀའ་དྲིན་ཆེ་བ་འགའ་ཡང་མ་མཆིས་ཤིང། དེ་ལྟར་བསྟན་འགྲོའི་དོན་གྱི་མཛད་པ་རླབས་པོ་ཆེ་མཐའ་དག་ཐུགས་ཀྱི་བཞེད་པ་བཞིན་ལྷུན་གྱིས་གྲུབ་སྟེ། དགུང་ལོ་དོན་བཞི་པ་མེ་ཕོ་སྟག་གི་ལོ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཉིན་ཞིང་འདིར་གཟུགས་སྐུའི་བཀོད་པ་བསྡུས་ཏེ། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གཤེགས་པའི་དུས་ཆེན་དང་འབྲེལ་བར། ༈ དེ་ཡང་ཇི་སྐད་དུ། བློ་གྲོས་ཁང་བཟང་ཞེས་པ་ནས། དཔལ་ལྡན་བླ་མ། ཞེས་གསུངས་པ་ལྟར། རྒྱལ་ཀུན་ཡེ་ཤེས་གཅིག་ཏུ་བསྡུས་པའི་མཁྱེན་རབ་རྣམ་པར་རྒྱལ་བའི་ཁང་བཟང་གསང་གསུམ་ཡོན་ཏན་ནོར་བུའི་ཚོགས་ཀྱིས་ཡོངས་སུ་གཏམས་ཤིང༌། ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཁའ་མཉམ་གདུལ་བྱའི་དཔལ་དུ་གྱུར་པའི་


GTD008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྙན་ཀུན་ཏུ་བཟང་པོའི་འོད་ཟེར་ནོར་འཛིན་ཡངས་པའི་ཁོར་ཡུག་ཀུན་ཏུ་ཁྱབ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དེ་ཉིད་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་བལྟམས། དབུས་འགྱུར་གྱི་ལྗོངས་སུ་ཕེབས་ཏེ་ཀ་རཱི་ཀ་ལྔ་བཅུ་པ་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་གྱི་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། ཐོས་པའི་དོན་མཐའ་དག་ཡི་གེ་ན་གཅིག་ཀྱང་འདོར་རྒྱུ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དང་ལམ་གྱི་ལུས་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ཏེ་གཏན་ལ་ཕབ་པས་གཞུང་ལུགས་མཐའ་དག་གདམས་པར་ཤར། ཇི་ལྟར་གཏན་ལ་ཕབ་པ་བཞིན་དུ་ཉམས་སུ་བཞེས་པས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པ་མཐའ་དག་མདོ་རྒྱུད་ནས་ཇི་ལྟར་འབྱུང་བ་བཞིན་གསར་དུ་མངོན་དུ་གྱུར་པའི་ཚུལ་བསྟན་ཏེ་རྗེས་འཇུག་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་ཀྱང་ཡང་དག་པའི་ལམ་བཟང་ཚང་ལ་མ་ནོར་བ་དེ་ཉིད་ནས་ཁྲིད་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་ཉི་མ་བཞིན་དུ་གསལ་བར་མཛད་པས་རྒྱལ་བ་རང་ཉིད་སླར་བྱོན་པ་བཞིན་དུ་གྱུར། དཔག་པར་དཀའ་བའི་མཛད་པ་རྣམ་ཐར་བསམ་གྱིས་མི་ཁྱབ་པ་འཕགས་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་རྣམ་ཐར་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ལྟ་བུར་གྱུར་པས་གྲགས་སྙན་གྱིས་ས་སྟེང་ཁྱབ་ཅིང༌། དེ་ལ་བརྟེན་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་འཁྲུལ་བྲལ་གསེར་སྦྱངས་བཙོ་མ་ལྟ་བུའི་


GTD008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བཟང་འདི་ཉིད་འཇིག་རྟེན་ཀུན་ཏུ་དར་རྒྱས་ཡུན་རིང་དུ་གནས་པ་བྱུང༌། མགོན་པོ་དེ་ཉིད་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་གཟུགས་སྐུ་རགས་པའི་བཀོད་པ་བསྡུས་ཏེ་དགའ་ལྡན་ཆོས་ཀྱི་མདུན་སར་གཤེགས་པའི་དུས་ཆེན་ཁྱད་པར་ཅན་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་གྲགས་པ་འདི་ཉིད་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་ཁྱད་པར་ཅན་བསྟན་པའི་དུས་ཆེན་རྣམས་དང་འདྲ་བར་དགེ་བ་འབུམ་འགྱུར་དུ་འགྲོ་བའི་ཕན་ཡོན་དང༌། རང་ཅག་རྣམས་ལ་དུས་གསུམ་རྒྱལ་བ་ལས་ཀྱང་འཇམ་མགོན་བླ་མ་བཀའ་དྲིན་ཆེ་ཚུལ་སོགས་སྒོ་དུ་མ་ནས་བསམས་ཏེ་རང་རང་གིས་ཅི་ནུས་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་ཞལ་འདོན་གྱི་རིམ་པ་དགུང་མོ་གླིང་མེ་སོགས་ཐམས་ཅད་ཁྲལ་ཆོས་སླ་ཆོས་སུ་མ་སོང་བར། རང་གི་ཚོགས་རྫོགས་པ་དང་བསྟན་པའི་དམིགས་རྐྱེན་དུ་འགྲོ་ངེས་ཤིག་བཀའ་དྲིན་སྐྱོང་བར་ཞུ། ༈ དེའང་ཇི་སྐད་དུ། གངས་ཅན་མཁས་གྲུབ། ཅེས་པ་ནས། ཆོས་རྗེ། ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་འདྲེན་མཆོག་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡབ་རྗེ་འཇིགས་མེད་དབང་པོ་དེ་ཉིད་ངེས་པའི་དོན་དུ་སྤངས་རྟོགས་ཡོངས་སུ་རྫོགས་པའི་རྣམ་འདྲེན་སྟོབས་བཅུའི་གོ་འཕང་མངོན་དུ་མཛད་ཟིན་ཀྱང་ཐུན་མོང་གི་སྣང་ངོར་གསུམ་ལྡན་ངུར་སྨྲིག་འཆང་བའི་སྐུའི་རྣམ་པར་བསྟན་ཏེ་གངས་ཅན་མཁས་གྲུབ་ཀུན་གྱི་ཞབས་ཀྱི་པདྨོ་ལ་ཉེ་བར་གཏུགས་ནས་བསམ་སྦྱོར་གཉིས་ཀྱིས་བརྟེན་ཚུལ་གཞོན་ནུ་ནོར་བཟང་དང་འབྲོམ་


GTD008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཆོས་ཀྱི་རྒྱལ་པོ་བཞིན་དུ་མཛད་ཅིང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཟབ་རྒྱས་ཀྱི་གདམས་པ་མ་ཚང་བ་མེད་པ་ཐ་སྙད་རིག་གནས་དང་བཅས་བསྟན་པའི་ཆ་ལག་ཡོངས་སུ་རྫོགས་པའི་བང་མཛོད་ལ་འདོད་དགུར་དབང་བསྒྱུར། དེ་ནས་སྟོད་དབུས་གཙང་བལ་བོད་ཀྱི་མཚམས་མན་ཆད་ནས་ཤར་རྒྱ་མཚོའི་མཐའ་ཡན་ཆད་རྒྱལ་བ་ཙོང་ཁ་པའི་བསྟན་པས་གར་ཁྱབ་ཀྱི་ས་ཐམས་ཅད་དུ་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་ཅིང༌། སྐལ་ལྡན་གྱི་གདུལ་བྱ་མཐའ་དག་དབང་ལུང་ཁྲིད་མན་ངག་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སོ་སོའི་སྐལ་བ་བཞིན་གང་འཚམ་དུ་སྨིན་ཅིང་གྲོལ་བར་མཛད་དེ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་སླར་ཡང་སྐུའི་བཀོད་པ་སྔ་ཕྱི་བརྗེ་བའི་ཕྱིར་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའི་དུས་ཆེན་ཁྱད་པར་ཅན་ཡིན་པས། བླ་མའི་བཀའ་དྲིན་དྲན་ཞིང་རང་རང་གི་འདི་ཕྱིའི་ལེགས་ཚོགས་ལ་བསམ་སྟེ་ཚོགས་ཀྱི་ཞལ་འདོན་རྣམས་དང༌། རང་རང་གི་གཤག་ཏུ་ཕེབས་ནས་ཀྱང་ཅི་འབྱོར་གྱི་མཆོད་པ་འབུལ་བ། ཁ་ཏོན་དགེ་སྦྱོར་བྱེད་པ། མཚན་མོའི་གླིང་མེ་ཚོའང་ཁྲལ་ལྟ་བུ་ཞིག་ཏུ་མ་གོ་བར་གཙང་སྦྲ་ཐོན་ཞིང་གང་མང་མང་འབུལ་རྒྱུ་དང༌། དེའི་སྐབས་སུའང་ཀི་ཆ་ཧབ་ལུང་སོགས་རྩེད་མོ་ལྟ་བུ་ཞིག་ཏུ་མ་བཏང་བར་གསོལ་འདེབས་ཆོས་སྤྱོད་འདོན་པ་སོགས་མདོར་ན་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྲོ་བ་ཞིག་ཅི་ནས་ཀྱང་བཀའ་དྲིན་སྐྱོང་


GTD008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཞུ། ༈ རིག་པའི་གནས་ཆེན་པོ་ལྔ་དང་འབྲེལ་བའི་གུས་འདུད་བཞུགས། ༈ རྣམ་པར་དག་པའི་ཡེ་ཤེས་ནམ་མཁའི་ནོར། །འཕྲིན་ལས་འོད་སྟོང་གསེར་གྱི་ཐུར་མ་ཡིས། །གནས་ལྔ་རིག་པའི་བློ་མིག་འབྱེད་མཛད་པ། །རྣམ་འདྲེན་ཤཱཀྱ་སེང་གེར་སྤྱི་བོས་འདུད། །བཻ་ཌཱུར་མཆོད་སྡོང་གཡོ་བའི་སྤྲིན་སྔོན་ལས། །གཞན་ཕན་ཐུགས་བསྐྱེད་ཟེགས་མའི་སྦྲང་ཆར་གྱིས། །ལུས་ཅན་སྲིད་པའི་ཚ་གདུང་གཞིལ་མཛད་པ། །བཅོམ་ལྡན་སྨན་པའི་རྒྱལ་པོར་གུས་པས་འདུད། །ལོངས་སྤྱོད་འཁོར་ལོའི་ཀློང་དུ་རྩེན་པ་ལས། །སྙན་དངགས་མུཀྟི་ཀ་ཡི་ཟུར་ཕུད་ཅན། །སྒྲ་རིག་རླབས་འཕྲེང་འགྱེད་མཛད་འཇམ་པའི་དབྱངས། །དབྱངས་ལྡན་དགའ་མར་བཅས་ལ་གུས་པས་འདུད། །བརྩེ་ཆེན་ཡེ་ཤེས་སྒྱུ་འཕྲུལ་དྲང་སྲོང་ཆེ། །ཀླུ་སྒྲུབ་ཞབས་དང་དཔལ་ལྡན་དཔའ་བོ་སོགས། །ལུས་ཅན་གདུང་བ་སེལ་བའི་ཆོ་ག་མཁན། །བཀའ་དྲིན་མཚུངས་བྲལ་རྣམས་ལ་གུས་པས་འདུད། །ཡིད་ཆེས་གནམ་རུའི་རྒྱུད་དུ་དྲངས་པ་ཡི། །དྲི་མེད་དངོས་སྟོབས་རིགས་པའི་ཉག་ཕྲན་གྱིས། །སྨྲ་ངན་དམ་བཅའི་འཕྲེང་བ་གཅོད་མཛད་པ། །འཕགས་ཡུལ་པཎ་ཆེན་རྣམས་ལ་གུས་པས་འདུད། །བོད་ཡུལ་འགྲོ་བའི་རྒྱུད་དང་འཇིག་རྟེན་གྱི། །བཟོ་ཡི་དངོས་པོ་རགས་པ་ཚུན་ཆད་ནས། །བླང་དོར་གནས་ཀུན་འདོམས་མཛད་ཐུགས་རྗེའི་གཏེར། །ཆོས་རྒྱལ་ལོ་པཎ་གོང་མ་རྣམས་ལ་འདུད། །ཁྱད་པར་མདོ་སྔགས་ཟབ་གསང་ལམ་གྱི་ལུས། །ཡོངས་སུ་རྫོགས་པ་ནང་དོན་རིག་པའི་གནད། །ཇི་བཞིན་གསལ་མཛད་འཇམ་མགོན་ཙོང་ཁ་


GTD008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་པས་འདུད། །ལྔ་རིག་བསྟན་པ་གསེར་གྱི་འཁོར་ལོ་ཆེ། །རིས་མེད་འཛིན་མར་འཕོ་བའི་ཁ་ལོ་པ། །དཔལ་ལྡན་མཁས་པ་ཀུན་གྱི་གཙུག་གི་རྒྱན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གུས་པས་འདུད། །དེ་ཡི་ཐུགས་བསྐྱེད་ཟླ་བའི་མྱུ་གུ་ཡི། །འཕེལ་བ་ཡོངས་སུ་རྫོགས་པའི་འོད་དཀར་གྱིས། །རྒྱ་མཚོའི་གོས་ཅན་ཅིག་ཅར་གསལ་མཛད་པ། །ཀུན་མཁྱེན་འཇིགས་མེད་དབང་པོར་གུས་པས་འདུད། །སྲས་བཅས་རྒྱལ་བས་བསྔགས་བརྗོད་མེ་ཏོག་གི །འཕྲེང་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་མཚོར། །ལེགས་བཤད་མགྲིན་པའི་རྫ་རྔ་འཁྲོལ་བ་ཡི། །བཤེས་གཉེན་རིམ་བྱོན་རྣམས་ལའང་གུས་པས་འདུད། །སྔོན་ཚེ་ཐུབ་པས་བཀའ་བསྒོས་སྲུང་མའི་ཚོགས། །སྤྱི་དང་ཁྱད་པར་རིག་པའི་གནས་རྣམས་ཀྱི། །བཀའ་སྲུང་ཞང་བློན་རྡོ་རྗེ་བདུད་འདུལ་ལ། །གུས་པས་འདུད་དོ་བརྩེ་བས་བདག་སྐྱོངས་ཤིག ། ཅེས་པ་འདི་ནི་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་བཞིའི་ཡ་གྱལ་གསོ་རིག་གཞན་ཕན་གླིང་གི་དཔོན་སློབ་མདོ་སྔགས་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་བློ་བཟང་འཇིགས་མེད་ནས། བླ་མ་གླིང་བསྲེའི་སྐབས་གྲྭ་ཚང་བཞིའི་བླ་མ་གཞན་གསུམ་མདོ་སྔགས་སོ་སོ་ལ་བཤད་པ་དང༌། ཁོང་རིག་གནས་ལྔ་ལ་ཐུན་མོང་དུ་བཤད་པ་གནང་དགོས་གཤིས་གུས་འདུད་ཀྱང་དེ་དང་འབྲེལ་མཚུངས་པ་ཞིག་དགོས་ཚུལ་ལྟར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །དགེ་ལེགས་འཕེལ། །


previousཁྲི་བཤད་སོགས་བཤད་པ་སྣ་ཚོགས།next