སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་མྱུར་འཇུག
སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །ཨེ་མ་ཧོ། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ་སྣང་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་དེར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །གཟོད་ནས་ཞི་བའི་བདུད་རྩི་མངོན་བརྙེས་ཀྱང་། །གཞན་ཕན་ཐུགས་བསྐྱེད་རྒྱ་ཆེས་བོད་ཡུལ་ལྗོངས། །རྒྱུད་ལྔའི་སེམས་ཅན་མིར་བསྒྱུར་འཕགས་པའི་སྤྲུལ། །སྤྲེལ་སྒོམ་བྱང་ཆུབ་སེམས་དཔར་གསོལ་བ་འདེབས། །གངས་ལྗོངས་མུན་གླིང་སྒྲ་རིག་ཡི་གེ་སོགས། །འཕགས་ཡུལ་དམ་པའི་སྲོལ་བཟང་ཉིན་མོའི་འོད། །བརྡལ་མཛད་སྔོན་མེད་ཤིང་རྟ་ཀུན་གྱི་མཆོག །ཐུ་མི་སམ་བྷོ་ཊ་ལ་གསོལ་བ་འདེབས། །
མཁན་སློབ་ཆོས་གསུམ་གདན་འཛོམས་བསམ་ཡས་སུ། །རྒྱལ་མོ་རོང་ནས་བཻ་རོས་ཆོས་བསྡུར་མངགས། །རྫོགས་ཆེན་སེམས་སྨད་ཕྱི་འགྱུར་ལོ་ཙཱ་མཆོག །གཡུ་སྒྲ་སྙིང་པོར་གྲགས་ལ་གསོལ་བ་འདེབས། །འཇམ་དཔལ་ཞལ་གཟིགས་མངོན་སྤྱོད་ཕྲིན་ལས་གྲུབ། །མི་དང་མི་མིན་གདུག་ཅན་ཐལ་བར་བརླགས། །ཟབ་གཏེར་མཛོད་འཛིན་ཕྱག་རྒྱ་ཟིལ་གནོན་དངོས། །དུམ་རྒྱ་ཞང་ཁྲོམ་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་པཎ་གྲུབ་གཙུག་རྒྱན་མར་མེ་མཛད། །སྤྱན་པ་བཀའ་གདམས་བསྟན་པའི་འབྱུང་ཁུངས་གྲུབ། །ཕྱི་དར་བསྟན་ལ་བཀའ་དྲིན་ལག་རྗེས་ཅན། །ནག་ཚོ་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །མཉམ་མེད་དྭགས་པོའི་ཐུགས་སྲས་མི་གསུམ་གྲལ། །བདེ་མཆོག་གྲུབ་བརྙེས་མི་གཡེལ་གནས་ཕུག་ཏུ། །ཕྱག་རྒྱ་ཟུང་དང་མཛོ་ཁྱི་བཞི་ཡང་གྲོལ། །
གསལ་ལྡོམ་ཤོ་སྒོམ་ཞབས་ལ་གསོལ་བ་འདེབས། །རྩེ་ལེ་རྒོད་ཚང་བསྒྲུབ་པའི་རྒྱལ་མཚན་བཙུགས། །ཐོས་བསམ་སྒོམ་པ་མཐར་ཕྱིན་དྲོད་ཚད་བརྙེས། །དོན་གཉིས་ལྷུན་གྲུབ་ཆོས་བརྒྱད་ཞེན་པ་མེད། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །སྔ་འགྱུར་ཏནྟྲའི་བསྡུས་དོན་གསང་བ་སྙིང་། །དར་རྒྱས་འཆད་སྤེལ་སྙིང་སྟོབས་ཉི་འོད་འབར། །སྨད་འདུལ་བརྒྱུད་པའི་པད་ཚལ་རྒྱས་མཛད་པ། །ལོ་ཆེན་དྷརྨ་ཤྲཱིར་གསོལ་བ་འདེབས། །ལྟར་སྣང་འདུ་འཛི་རྒྱང་བསྲིངས་སྦས་ཚུལ་གྱིས། །འཕགས་མཆོག་སྒྲུབ་བརྩོན་ཡང་སྙིང་དུང་ཕྱུར་གྲངས། །དུ་མར་ཟློས་མཛད་བྱ་བྲལ་ཀུ་སཱ་ལི། །སངས་རྒྱས་རབ་བརྟན་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་སྲོལ། །
སྤེལ་ཕྱིར་མཁན་ཆེན་ཨཽ་ཌི་ཡཱ་ན་ཡི། །བྱིན་རླབས་རྒྱུད་སྨིན་སུམ་ལྡན་རྡོ་རྗེ་འཛིན། །མཐུ་སྟོབས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །གསོལ་བཏབ་བྱིན་མཐུས་གནས་སྐབས་གདོན་ཚོགས་ཞི། །མཐར་ཐུག་སྣང་བཞི་རྩལ་རྫོགས་ལམ་ལྔ་དང་། །ས་བཅུའི་རྩེར་སོན་དོན་གཉིས་ལྷུན་གྱིས་གྲུབ། །རྒྱལ་བ་མཆོག་དང་ཕྲིན་ལས་མཉམ་པར་ཤོག །ཅེས་པ་འདིའང་གདན་ས་རིག་འཛིན་མཁའ་སྤྱོད་གླིང་འདུས་སྡེའི་ཞལ་འདོན་རྒྱུར་དགོན་འཛིན་བླ་མ་རིམ་གཉིས་ལམ་ལ་གཟིགས་པ་དགེ་བའི་བཤེས་གཉེན་༧འགྱུར་མེད་ཆོས་འཁོར་ནས་ནན་ཆེར་བསྐུལ་མ་གནང་བ་ལྟར་དམ་ཚིག་སེལ་མེད་ངོ་མི་ལྡོག་ཕྱིར་དགེ་སློང༧འགྱུར་མེད་མཐུ་སྟོབས་རྣམ་པར་རྒྱལ་བས་སྤེལ་བ་དད་པ་བྱས་ན་ཁྱི་སོར་རིང་བསྲེལ་འཛག་པའི་དཔེ་ཟླར་འོས་སོ།། །།