Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་གཏེར་མཛོད།
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་གཏེར་མཛོད།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་གཏེར་མཛོད།


KMC009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


KMC009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡེ། བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འདིའི་བསྐང་བཤགས་ཀྱི་ལུགས་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་ལས། སྐབས་འདིར་བསྐང་བཤགས་རྒྱས་པར་བྱས་རྗེས་སུ་བཟློག་པ་མང་དུ་བྱ། རྒྱུན་དུ་ནི་མ་ཚོར་བར་ཡང་ཉེས་པ་འབྱུང་བས་བཤགས་རྒྱུད་ནར་མར་འདོན་པའོ། །ཞེས་དང་། མི་ཏྲ་གསང་སྒྲུབ་ལས། དེ་ཡང་ངུ་བ་བྲང་བརྡུང་བ་དང་། ཆས་གོས་ངན་པ་གྱོན་པ་དང་སྤྲང་མོར་བྱུང་ན་དམ་ཚིག་ལ་ཆགས་ཉམས་ཡོད་པས་བཤགས་པར་བྱའོ། །བཤགས་པ་དང་བསྐང་བ་བརྒྱ་རྩ་བྱེད་འདོད། ཅེས་དང་། བསྐང་ལུང་ལས། བསྙེན་བསྒྲུབ་ལས་སྦྱོར་དུས་དག་གམ། །དུས་བཟང་ཚོགས་


KMC009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཏོར་མའི་དུས། །ཕྲིན་ལས་རྣམ་བཞི་བཅོལ་བ་སོགས། །ཉམས་ཆགས་བཤགས་པའི་དུས་སུ་བསྐང་། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཕྲིན་ལས་ཀྱི་བྱ་བ་གང་དང་གང་ལ་བརྩོན་པའི་དུས་སུ་བསྐང་བའི་ཆོ་ག་ལ་འཇུག་པར་བྱའོ། །ཞེས་གསུངས་པས། བསྐང་རྒྱུད་ལས། སེམས་ཅན་དུས་མིན་འཆི་བ་ལས། བསྐང་བའི་ཆོ་གས་བཟློག་པར་བྱ། །ཞེས་གསུངས་སོ། །དེ་ནས་བསྐང་རྫས་མཆོད་གཏོར་བཤམས་ལ་འདི་སྐད་དོ། །ཧཱུྃ། སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་སྤྱན་སྔ་རུ། །ཐུགས་བསྐྱེད་རྣམ་དག་རྒྱ་ཆེན་གྱིས། །ཐུགས་དམ་གཉེན་པོ་ཞལ་བཞེས་པའི། །ཐུགས་རྗེ་


KMC009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གཤེགས་སུ་གསོལ། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །འཇིག་རྟེན་དབང་ཕྱུག༴ གསུང་གི་དབང་ཕྱུག༴ གར་གྱི་དབང་ཕྱུག༴ དབང་གི་རྒྱལ་པོ༴ ཧྱ་གྷྲྀ་ཝ༴ པདྨ་སཾ་བྷ༴ གསང་བ་ཡེ་ཤེས༴ རིགས་བཞི་ཡབ་ཡུམ༴ རིགས་བཞི་མཁའ་འགྲོ༴ སངས་རྒྱས་སྟོང་རྩ༴ མ་མགོན་ལྕམ་དྲལ༴ འཁོར་ཚོགས་རྒྱ་མཚོ༴ བཀའ་ཉན་ཕོ་ཉ༴ དམ་ཅན་སྲུང་མ༴ འཕྲིན་ལས་བསྒྲུབ་ཕྱིར་གཤེགས༴ ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །སྒྲུབ་ཕྱིར་མཆོད་པའི་གནས་འདི་རུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ། །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག །ཧཱུྃ། སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་གཟུགས་ཀྱིས་ཐུགས་དམ་བསྐངས། །སྙན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་སྒྲ་ཡིས་ཐུགས་དམ་བསྐངས། །ཤངས་ཀྱི་དབང་པོ་ཚིམ་པའི་


KMC009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །སྣ་ཚོགས་དྲི་ཡིས་ཐུགས་དམ་བསྐངས། །ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་རོ་ཡིས་ཐུགས༴ སྐུ་ཡི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་རེག་བྱས་ཐུགས༴ ཐུགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་ཆོས་ཀྱིས་ཐུགས༴ ཕྱི་ནང་བར་ཆད་ཞི་བའི་ཕྱིར། །ཕྱི་ཡི་མཆོད་པས་ཐུགས་དམ༴ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར། །ནང་གི་མཆོད་པས་ཐུགས༴ སྣང་བ་དབང་དུ་སྡུད་པའི་ཕྱིར༴ གསང་བའི་མཆོད་པས་ཐུགས༴ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། ཤ་ཁྲག་དམར་གྱིས་ཐུགས༴ སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ དབང་དང་བྱིན་རླབས་འབེབས་པའི་ཕྱིར། །དམར་ཆེན་རཀྟས་ཐུགས༴ སྣ་ཚོགས་ཕྲིན་ལས་རྒྱས་པའི་ཕྱིར། །དམ་རྫས་གཏོར་མས་ཐུགས༴ བསོད་ནམ་ཕུན་ཚོགས་ཐོབ་པའི་ཕྱིར། །ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐངས། །ཧཱུྃ། འགྲོ་དྲུག་ཐུགས་རྗེས་


KMC009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའི་ཕྱིར། །ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་། །ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར། །གསུང་གི་དབང་ཕྱུག༴ གང་ལ་གང་འདུལ་སྟོན་པའི་ཕྱིར། །གར་གྱི་དབང་ཕྱུག༴ ཁྱད་པར་དབང་གི་ལས་མཛད་ཕྱིར། །ཧྱ་གྷྲྀ་ཝའི༴ སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར། །པདྨ་འབྱུང་གནས༴ སྲིད་གསུམ་དབང་དུ་བསྡུད་པའི་ཕྱིར། །གསང་བ་ཡེ་ཤེས༴ གཟུགས་ཀྱི་ཕུང་པོ་གནས་དག་ཕྱིར། །རྣམ་པར་སྣང་མཛད༴ རྣམ་ཤེས་ཕུང་པོ་གནས་དག་ཕྱིར། །རྡོ་རྗེ་སེམས་དཔའི༴ ཚོར་བའི་ཕུང་པོ་གནས་དག་ཕྱིར། །རིན་ཆེན་འབྱུང་ལྡན༴ འདུ་ཤེས་ཕུང་པོ་གནས་དག་ཕྱིར། །སྣང་བ་མཐའ་ཡས༴ འདུ་བྱེད་ཕུང་པོ་གནས་དག་ཕྱིར། །དོན་ཡོན་གྲུབ་པའི༴ ནམ་མཁའི་ངོ་བོ་གནས་དག་ཕྱིར། །དབྱིངས་ཕྱུག་མ་ཡི༴ ས་ཡི་ངོ་བོ་གནས་དག་ཕྱིར། །སངས་རྒྱས་སྤྱན་མའི༴ ཆུ་ཡི་ངོ་བོ་གནས་དག་ཕྱིར། །མཱ་མ་ཀཱི་ཡི༴ མེ་ཡི་ངོ་བོ་གནས་དག་ཕྱིར། །ན་བཟའ་དཀར་མོའི༴


KMC009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་ངོ་བོ་གནས་དག་ཕྱིར། །དམ་ཚིག་སྒྲོལ་མའི༴ ཞི་བའི་ལས་རྣམས་མཛད་པའི་ཕྱིར། །རྡོ་རྗེ་མཁའ་འགྲོའི༴ རྒྱས་པའི་ལས་རྣམས་མཛད་པའི་ཕྱིར། །རིན་ཆེན་མཁའ་འགྲོའི༴ དབང་གི་ལས་རྣམས་མཛད་པའི་ཕྱིར། །པདྨ་མཁའ་འགྲོའི༴ དྲག་པོའི་ལས་རྣམས་མཛད་པའི་ཕྱིར། །ལས་ཀྱི་མཁའ་འགྲོའི༴ བསྐལ་བཟང་མཛད་པ་མཐར་ཕྱིན་ཕྱིར། །སངས་རྒྱས་སྟོང་གི༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མ་མགོན་ལྕམ་དྲལ་ཐུགས༴ གཙོ་བོའི་བཀའ་བཞིན་སྒྲུབ་པའི་ཕྱིར། །འཁོར་ཚོགས་རྒྱ་མཚོའི༴ དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར། །བཀའ་ཉན་ལས་མཁན༴ མི་ནད་ཕྱུགས་ནད་རྒྱུན་བཅད་ཕྱིར། །དབང་ཕྱུག་མཁའ་འགྲོའི༴ ཅི་བཅོལ་ཕྲིན་ལས་སྒྲུབ་པའི་ཕྱིར། །དམ་ཅན་སྲུང་མའི༴ བཀའ་དང་དམ་ལ་གནས་པའི་ཕྱིར། །ལྷ་སྲིན་སྡེ་བརྒྱད༴ མཆོད་ན་དགེ་བའི་ལས་མཛད་ཕྱིར། །ཡུལ་ལྷ་ཟོ་དོར་ཐུགས་དམ་བསྐང་། །


KMC009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆགས་བསྐང་བ་དང་། །ཆགས་ཆེ་ཉམས་ང་མེད་པར་མཛོད། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །མི་མཐུན་ཕྱོགས་རྣམས་མེད་པར་མཛོད། །ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །འཁོར་དང་བསྟན་པ་རྒྱས་པར་མཛོད། །སྣང་བ་དབང་དུ་འདུ་བ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ལུས་ངག་ཡིད་གསུམ་བསྲུང་བ་དང་། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །བྱིན་རླབས་མཐུ་རྩལ་ཆེན་པོ་དང་། །དབང་དྲག་ཕྲིན་ལས་ཐོག་ལྟར་ཕོབ། །དགྲ་ལ་ཕོག་ན་དགྲ་དཔུང་ཆོམ། །བགེགས་ལ་བབ་ན་བགེགས་དཔུང་ཐུལ། །གདོན་ལ་བབ་ན་གདོན་རྐང་ཕུད་། །ལུས་གདོན་ནད་གདོན་རྩད་ནས་ཆོད། །གོད་འདྲེ་ཕུང་འདྲེ་ཡུལ་ནས་ཕྱུང་། །དམ་སྲི་ཕོ་མོ་ཚང་ནས་ཐོན། །ས་བདག་ཀླུ་གཉན་སྙིང་ནས་དྲོངས། །རྒྱལ་བསེན་འབྱུང་པོ་སྤྱི་


KMC009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཆོམ། །གཟའ་གདོན་ཐལ་བ་རྡུལ་དུ་རློག །བྱད་མ་རང་གཤེད་རང་ལ་ཕོབ། །ནད་པ་ཡོད་ན་ཡོ་ནས་སོས། །སྲིའུ་ཡོད་ན་ཚང་ནས་འཚོས། །ཤི་ཁ་ཆོད་ལ་གོད་ཁ་སྡོམ། །མི་ཁ་སྒྱུར་ལ་དལ་ཁ་ཟློག །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། གསང་སྔགས་གཉན་པོའི་སྒོར་ཞུགས་རྣལ་འབྱོར་པས། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ༴ ཐུགས་ཀྱི་དམ་ཚིག་ཉམས་པ༴ རྩ་བའི་དམ་ཚིག་ཉམས་པ༴ ཡན་ལག་དམ་ཚིག་ཉམས་པ༴ སྡོམ་པ་སྤྱི་དང་འགལ་བ་མཐོལ་ལོ་བཤགས། །བཀའ་ལུང་དབང་དང་མི་ལྡན༴ དམ་ཚིག་སྣོད་དང་མི་ལྡན༴ མན་ངག་བཅུད་དང་མི་ལྡན༴ ཉམས་ལེན་གདེངས་དང་མི་ལྡན༴ ཡི་དམ་བླང་དོར་བྱས་པ༴ བསྙེན་བསྒྲུབ་བར་ཆད་བྱས་པ༴ བསྐྱེད་རིམ་ཏིང་འཛིན་མ་གསལ༴ རྫོགས་རིམ་


KMC009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་མ་རྟོགས༴ བཟླས་བརྗོད་སྙིང་པོ་མ་དག༴ འཕྲིན་ལས་གཞུང་བཞིན་མ་བསྲང་༴ མཆོད་པ་ལོ་ཟླར་འདས་པ༴ ཚོགས་དང་གཏོར་མ་ཆགས་པ༴ དུས་དང་དུས་ལས་འདས་པ༴ དུས་མིན་ལས་ལ་སྦྱར་བ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ། །གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས། །བཟོད་པར་གསོལ་ལོ་སྲུང་མ་དམ་ཚིག་ཅན། །ཚང་པར་སྩོལ་ཞིག་བཛྲ་ས་མ་ཡ། །མཆོད་ཅིང་གསོལ་ལོ་བཛྲ་ཨ་ལ་ལ་ཧོཿ ༀ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧཱུྃ་ཛཿ ༀ་བཛྲ་ས་ཏྭ་ས་མ་ཡ། སོགས་བཏགས་ལ་བརྗོད་དོ། །འདིའི་ཕན་ཡོན་བཀའ་བརྒྱད་མདོས་བསྐང་རྩ་བ་ལས། བསྐང་བའི་འབྲས་བུ་བསྟན་པ་ནི། །མཆོག་དང་ཐུན་མོང་འབྱུང་བར་ངེས། །ཞེས་དང་། བསྐང་ལུང་ལས། འདི་ལྟར་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཕོ་མོའི་ཉམས་ཆགས་བསྐང་། །དཀྱིལ་འཁོར་ལྷ་ཚོགས་རྒྱས་པར་བསྐང་། །ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་བྱང་། །


KMC009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །གནས་སྐབས་རྣལ་འབྱོར་ཅི་བསམ་འགྲུབ། །ཅེས་དང་། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། དེ་ལྟར་ཐུགས་དམ་བསྐང་བ་ཡིས། །འབྲས་བུ་མཆོག་དང་ཐུན་མོང་ཀུན། །ཡེ་ཤེས་ལྷ་དགྱེས་བཅོལ་བར་མྱུར། །ཞེས་དང་། བདེ་གཤེགས་བཀའ་བརྒྱད་ཀྱི་རྒྱུད་གསང་བ་འདུས་པ་ལས། ལོ་ལོའི་དུས་མཉམ་མཆོད་པ་སོགས། །ལྷ་དང་འཁོན་གཅུག་སྦྱོང་བ་དང་། །བསོད་ནམས་ཚོགས་ཆེན་བསག་བྱའི་ཕྱིར། །བསྐང་གསོའི་རིམ་པ་འདི་ལྟ་སྟེ། །ཞེས་དང་། དེ་རྣམས་རྫས་ཀྱི་སྤྱི་བསྐང་ཡིན། ལྷ་རྣམས་ཀུན་མཉེས་རྐྱེན་དབང་བཟློག །ནང་དུ་ཏིང་ངེ་འཛིན་གྱིས་བསྐང་། །རང་ཉིད་ཐུགས་ཀའི་ཧཱུྃ་འཕྲོས་ཏེ། །སྣོད་ཀྱི་འཇིག་རྟེན་གཞོང་པ་རུ། །བཅུད་ཀྱི་འཇིག་རྟེན་འདོད་ཡོན་སྤུངས། །རིག་པའི་ལྷ་མོ་སྤྲོས་ཏེ་བསྐང་། །གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་། །རོ་མཆོག་ལྗགས་ལ་རེག་བྱ་ཆོས། །སྣང་སྲིད་བཅུད་ཀྱིས་ཐུགས་དམ་བསྐང་། །འདོད་ཡོན་དབང་པོ་ལྔར་ཐིམ་པས། །ལྷ་མཉེས་ཕྲིན་ལས་སྒྲུབ་པར་བསམ། །དེས་ནི་ལྷ་མཉེས་དངོས་གྲུབ་སྟེར། །གསང་བ་གཉིས་མེད་ལྟ་བས་བསྐང་། །བསྐང་རྫས་ལྟ་


KMC009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐང་བྱེད་ཀྱི། །མཁན་པོ་དག་ཀྱང་རང་གི་སེམས། །བསྐང་བའི་རྫས་མཆོག་སེམས་ཡིན་པས། །སེམས་ཉིད་གཞི་རྩ་བྲལ་བ་ལ། །མཆོད་བྱ་མཆོད་བྱེད་གཉིས་མེད་པས། །གཉིས་མེད་དོན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་ལྷ་ཚོགས་ཀུན་མཉེས་ནས། །མཆོག་གི་དངོས་གྲུབ་རྒྱུན་མི་ཆད། །ཅེས་བཀའ་སྩལ་ཏོ། །འདི་དི་གྲུབ་ཆེན་ཀརྨ་པཀྴིའི་རྙིང་བསྐང་བཀྲ་ཤིས་སྒོ་མང་གི་ནང་དུ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྐང་བ་རྒྱས་པ་དང་། ཕྲིན་ལས་སྔགས་ཀྱི་བསྟོད་པ་བསྐང་བར་བསྒྱུར་བའི་ཡིག་རྙིང་སོགས་ཀྱི་རྗེས་སུ་འབྲང་སྟེ། ཚིག་ཕལ་ཆེར་ཨོ་རྒྱན་རིན་པོ་ཆེས་གསུངས་པ་བྱིན་རླབས་ཆེ་བར་བསམ་སྟེ། ཨ་རཱ་གས་ལེགས་པར་བསྒྲིགས་པའོ། །འདི་ལ་ཉེས་པ་གང་མཆིས་རྒྱལ་བ་རྒྱ་མཚོའི་ཚོགས་ལ་བཤགས། དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཐུགས་རྗེན་ཆེན་པོ་འགྲུབ་ཕྱིར་བསྔོ། སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་གཏེར་མཛོད།next