ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ།
ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གདམས་པ་ཞལ་ནས་སྙན་དུ་བརྒྱུད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ་དོན་གཉིས་ཏེ། བླ་མ་དམ་པའི་བརྒྱུད་རིམ་བཤད་པ་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་བཀའ་སྡུད་པ་པོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་གསུངས། དེས་ཏཻ་ལོ་ཤེས་རབ་བཟང་པོ་ལ། དེས་མཁས་གྲུབ་ནཱ་རོ་པཎ་ཆེན་ལ། དེས་སྒྲ་སྒྱུར་མར་པ་ལོཙྪ་ལ། དེས་དབང་ཕྱུག་མི་ལ་རས་པ་ལ། དེས་དྭགས་པོ་ཟླ་འོད་གཞོན་ནུ་ལ། དེས་བདེ་གཤེགས་ཕག་མོ་གྲུབ་ལ། དེས་གྲུབ་ཐོབ་གླིང་རྗེ་རས་པ་ལ། དེས་འགྲོ་མགོན་གཙང་པ་རྒྱ་རས་ལ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ། དེས་ཡང་དགོན་ཆོས་ཀྱི་རྒྱལ་པོ་ལ། དེས་ཐུགས་སྲས་སྤྱན་སྔ་རིན་ལྡན་ལ། དེས་ཀུན་ཆེན་ཟུར་ཕུག་ཆོས་རྗེ་ལ། དེས་བྱ་བཏང་རི་ཁྲོད་རས་ཆེན་ལ། དེས་སྨན་སྒོམ་འོད་ཟེར་སེང་གེ་ལ། དེས་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་ལ། དེས་འདུལ་འཛིན་ངག་གི་དབང་པོ་ལ། དེས་སྟག་ལུང་ཐང་པ་ངག་
དབང་གྲགས་པ་ལ། དེས་མཉམ་མེད་ཤར་རབ་འབྱམས་པ་སངས་རྒྱས་སེང་གེ་ལ། དེས་རྗེ་བཙུན་རུས་པའི་རྒྱན་ཅན་ལ། དེས་མཉམ་མེད་རྒོད་ཚང་རས་པ་ལ། དེས་བདག་ལའོ་ཁྲིད་བྱེད་པའི་དུས་སུ་སྔོན་དུ་བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེའོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཟེར་ཀྱང་དོན་ལ་ཚིག་བཞི་སྟེ། དང་པོ་སེམས་ཀྱི་གཞི་རྩ་བཅད་པ། གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ། གསུམ་པ་སེམས་ཀྱི་གོལ་ས་བཅད་པ། བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པའོ། །དང་པོ་སེམས་ཀྱི་གཞི་རྩ་བཅད་པ་ནི། སེམས་ཉིད་འདི་དང་པོ་གང་ནས་བྱུང་། བར་དུ་གར་གནས། ཐ་མ་གར་འགྲོ་བརྟགས་པས། དང་པོ་བྱུང་ས་མེད་དེ་རྒྱུ་དང་རྐྱེན་ལས་མ་བྱུང་བས་ཡེ་ནས་རྩ་བྲལ་དུ་འདུག །བར་དུ་གནས་ས་མེད་དེ་དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུ་བ་སྟོང་འགྱུ་དང་སྣང་བ་སྟོང་སྣང་དུ་འདུག །ཐ་མ་འགྲོ་ས་མེད་དེ་འདིར་སོང་གི་ཡུལ་དང་རྗེས་མེད་པས་འགྱུ་བ་རང་གྲོལ་དང་སྣང་བ་རང་སངས་སུ་འདུག །དེས་ན་སེམས་ཉིད་འདི་དང་པོ་རྒྱུ་ཡིས་མ་བསྐྱེད་པས་ཐ་མར་རྐྱེན་གྱིས་མི་འཇིག །དུས་གློ་བུར་
དུ་མ་བྱུང་བས་གང་སྟོངས་དང་འཕེལ་འགྲིབ་མེད། སྣང་སྲིད་ཀུན་ལ་ཁྱབ་པས་ཕྱོགས་དང་རིས་སུ་མ་ཆད། དངོས་པོ་དང་མཚན་མར་མ་གྲུབ་པས་འདི་ཞེས་མཚོན་དུ་མེད། གང་དུའང་མ་གྲུབ་ལ་ཅིར་ཡང་འཆར་བས། ཡོད་མེད་རྟག་ཆད་གཉིས་ཀྱི་མཐའ་ལས་འདས། དུས་གསུམ་འཕོ་འགྱུར་མེད་ཅིང་རང་བཞིན་ཡེ་ནས་དག་པས་འཁོར་བའི་སྐྱོན་གྱིས་མ་གོས་ཏེ་སེམས་ཉིད་འདི་ཡེ་ནས་སངས་རྒྱས་ཡིན་གསུངས་སོ། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ནི། དེ་ལྟར་རྟོགས་པའི་སྟེང་དུ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ལ་དྲུག་སྟེ། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། སེམས་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ་མ་བཅོས་གཉུག་མའི་ངང་དུ་སེམས་རྩོལ་སྒྲུབ་མེད་པར་མཉམ་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་སེམས་ཉིད་གཡོ་འགུལ་མེད་པར་མཉམ་པར་བཞག །ཉི་ཟླ་སྤྲིན་དང་བྲལ་བ་བཞིན་དུ་ཀུན་གསལ་མདངས་དང་ལྡན་པར་མཉམ་པར་བཞག །བུ་ཆུང་ལྷ་ཁང་བལྟ་བ་བཞིན་དུ་གསལ་ཆ་མ་འགགས་ལ་འཛིན་ཆ་མེད་པར་མཉམ་པར་བཞག་ཆུའི་རྦ་རླབས་བཞིན་དུ་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་མཉམ་པར་བཞག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རིག་པ་རྗེས་མེད་མཉམ་པར་བཞག་གོ །གསུམ་པ་སེམས་ཀྱི་གོལ་ས་བཅད་པ་ལ་ལྔ་སྟེ། ཡར་སངས་རྒྱས་ལ་རེ་ན་གོལ་བས་རང་སེམས་རང་གིས་རིག་པ་ལས་གུད་ན་བཟང་བཟང་པོའི་སངས་རྒྱས་ཤིག་མེད་པར་ཁོ་ཐག་བཅད། མར་འཁོར་བ་ལ་དོགས་ན་གོལ་བས་རང་སེམས་རང་གིས་མ་རིག་པ་ལས་གུད་ན་ངན་ངན་པོའི་འཁོར་བ་ཞིག་མེད་པར་ཁོ་ཐག་བཅད། བར་གྱི་སྣང་བ་ལ་ཞེན་ན་གོལ་བས་ཅིར་སྣང་རྨི་ལམ་སྒྱུ་མར་ཁོ་ཐག་བཅད། ནང་གི་ཉམས་མྱོང་ལ་ཞེན་ན་གོལ་བས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པར་ཁོ་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ལས་རྒྱུ་འབྲས་ཀྱིས་མི་བསླུ་བར་ཁོ་ཐག་བཅད་ལ། སྡིག་པ་ཕྲ་མོ་ནས་
སྤང་ཞིང་དགེ་བ་ཕྲ་མོ་བསྒྲུབ་པར་བྱའོ། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པ་ལ། སྤྱོད་པ་རྒྱུན་ཁྱེར་གྱི་རྣལ་འབྱོར་དྲུག་བྱ་སྟེ། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར། ནང་ནུབ་འདོད་ཡོན་གྲོགས་སུ་ཁྱེར་བའི་རྣལ་འབྱོར། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར། ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར། ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར། འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་རོ། །ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར་ནི། འདི་ལྟར་སྣང་བ་རང་སེམས་འཁྲུལ་པར་རྒྱས་བཏབ། སེམས་འཁྲུལ་པ་ངོས་བཟུང་མེད་པས་རྨི་ལམ་སྒྱུ་མར་རྒྱས་བཏབ། སྒྱུ་མ་ལ་རང་བཞིན་མེད་པས་ཆོས་ཐམས་ཅད་སྐྱེ་མེད་དུ་རྒྱས་བཏབ་བོ། །ནང་ནུབ་འདོད་ཡོན་གྲོགས་སུ་འཁྱེར་བའི་རྣལ་འབྱོར་ནི། བར་འདོད་ཡོན་ཐམས་ཅད་སྟོང་པ་ལ་སྟོང་པར་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། འབྲིང་སྒྱུ་མ་ལ་སྒྱུ་མར་རོལ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་གྱིས་ལོངས་སྤྱད། ཐ་མ་བླ་མ་ཡི་དམ་ལ་ཚོགས་མཆོད་འབུལ་བའི་ཚུལ་གྱིས་ལོངས་སྤྱད། སྲོད་ལ་དབང་པོ་གཞི་ལ་བསྡུ་བའི་རྣལ་འབྱོར་ནི། རྣམ་རྟོག་འཁྲུལ་པ་དྲན་པ་གང་ཤར་གྱི་ངོ་བོ་ལ་གཅེར་བལྟས་ལ། རྟོག་པ་ཐམས་ཅད་གཞི་ཆོས་ཉིད་ངང་དུ་བསྡུ་བའོ། །ནམ་གུང་ཤེས་པ་བུམ་པར་གཞུག་པའི་རྣལ་འབྱོར་ནི། ནུབ་མོ་སྙིང་གི་དཀྱིལ་དུ་བླ་མ་དམ་པ་བསྒོམ་པ་དེ་ལ་ཤེས་པ་གཏད་དེ་གཉིད་ལོག་པས་གཉིད་འོད་གསལ་དུ་འཆར་རོ། །ཐོ་རངས་རིག་པ་གསལ་གདབ་པའི་རྣལ་འབྱོར་ནི། དུས་གནད་ཤེས་རབ་ཀྱི་རྒྱས་བཀྲལ་ལ། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་གཞིག་འབྲེལ་བཏང་ཞིང་བླ་མ་དམ་པའི་གདམས་ངག་ཟབ་མོ་རྣམས་རིམ་བཞིན་གསལ་བཏབ་བོ། །འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བཏང་བའི་རྣལ་འབྱོར་ནི། རྣལ་འབྱོར་པ་ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་རྩ་བ་ནས་བཅད་ལ། དོན་དམ་པར་སེམས་སྐྱེ་འཆི་མེད་པས་ཕྱག་རྒྱ་ཆེན་པོ་
ཡིད་ལ་བྱར་མེད་པར་ཁོ་ཐག་བཅད་ལ། སྒོམ་མེད་ཀྱི་ངང་དུ་མ་ཡེངས་པར་བཞག་པས་བར་དོ་མེད་པར་ཟང་ཐལ་དུ་སངས་རྒྱའོ། །གཞི་རྩ་བཅད་པ་ལྟ་བ་ཡིན། །བཞག་ཐབས་བསྟན་པ་སྒོམ་པ་ཡིན། །ལམ་ཁྱེར་བསྟན་པ་སྤྱོད་པ་ཡིན། །གོལ་ས་བཅད་པ་འབྲས་བུ་ཡིན། །གོ་སླ་ལ་ཁྱེར་བདེ་བ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ་རྫོགས་སོ།། །།སརྦ་དཱ་མངྒ་ལཾ།། །།