དགྱེས་རྡོར་གྱི་རྫོགས་རིམ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཞེས་བྱ་བའི་འགྲེལ་པ།
དགྱེས་རྡོར་གྱི་རྫོགས་རིམ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཞེས་བྱ་བའི་འགྲེལ་པ་བཞུགས།
ན་མོ་གུ་རུ། །ཨོཾ་སྭཱ་སྟི། བླ་མ་དང་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཀའ་དྲིན་མཚུངས་མེད་བླ་མ་དང༌། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ། །རིན་ཆེན་འབྱུང་གནས་ཞི་བའང༌། །ཕྱག་འཚལ་ནས་ནི་འདིར་བཤད་བྱ། །འདིར་རྒྱུད་རྒྱལ་དགྱེས་པའི་རྡོ་རྗེ་ལ། འགའ་ཞིག་གིས་གྲུབ་ཐོབ་དུ་མའི་མན་ངག་ཕྱོགས་གཅིག་ཏུ་བསྡུས་པས། རྣམ་གྲངས་མང་པོ་ཅན་དུ་གྱུར་པ་དང༌། རྒྱ་བོད་ཀྱི་བླ་མ་འགའ་ཞིག་གིས་རང་ཉིད་མོས་པའི་དབང་གིས་ཚིག་དོན་རྒྱ་ཆེར་སྤེལ་བ་དུ་མ་ཡོད་ཀྱང༌། སྙིང་པོ་ལྟ་བུའི་དགྱེས་པ་རྡོ་རྗེ་ཞེས་ཀུན་ཏུ་གྲགས་པ་ལྟར་རྒྱུད་ཀྱི་དངོས་བསྟན་གྱི་དོན་ལའང་གནས་པའི་ཕྱིར། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་ཀྱང༌། རྒྱུད་འདིའི་རྫོགས་རིམ་ཐམས་ཅད་ཀྱི་གནད་འདུས་པའི་གཞུང་སྙིང་པོར་གྱུར་བ་ཙམ་འདི་མཛད་ལ། གཞན་ཡང་སློབ་དཔོན་འདིའི་བཞེད་པ་ནི། འདིས་མཛད་པའི་བཀའ་འགྲེལ་མུ་ཏིག་འཕྲེང་བ་དང༌། ཡོན་ཏན་ལྡན་པ་སོགས་
ལས་ཀྱང༌། སེམས་ཅན་བསམ་པ་ཐ་དད་པ་རྣམས་ལ། རྒྱུད་སོ་སོ་མི་འདྲ་བར་གསུངས་པའི་ཕྱིར། སོ་སོའི་དངོས་བསྟན་གྱི་དོན་དང༌། རྩ་བའི་མན་ངག་རྣམས་བསྟན་དགོས་ཀྱི། ལྷག་མ་ཕན་ཚུན་དུ་ཁ་སྐོངས་མང་བ་མི་ལེགས་པར་བཞེད་དོ། །སློབ་དཔོན་འདི་ནི་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པར་མ་ཟད། ལྷ་ཡུལ་ནས་དགྲ་བཅོམ་པ་བཞི་འཁོར་ཐམས་ཅད་ཀྱིས་མཐོང་བར་མངོན་སུམ་དུ་འོངས་ནས། ཞག་བདུན་དུ་ཉིན་རེ་བཞིན་སློབ་དཔོན་དེ་ལ་ཆོས་ཉན་པ་དང༌། འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པ་དང༌། ཡོ་བྱད་ལ་སྲེད་པ་བྲལ་བ་དང༌། ཆུ་བུམ་ལ་ལྗགས་བཏབ་པས་གསེར་དུ་གྱུར་པ་དང༌། ཡེ་ཤེས་དངོས་སུ་འབེབས་ནུས་པ་དང༌། བསམ་ན་ཤེས་པའི་མངོན་ཤེས་མངའ་བ་དང༌། སྐུ་ཚེའི་འཇུག་ཏུ་དངོས་གྲུབ་བརྙེས་ཏེ། རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་དཔལ་ཨོ་རྒྱན་གྱི་གནས་སུ་བྱོན། དཔའ་བོ་མཁའ་འགྲོའི་ཚོགས་དཔོན་མཛད།
རྡོ་རྗེ་རྣལ་འབྱོར་མས་གསུང་རབ་ཀྱི་དགོངས་པ་འགྲེལ་པའི་མཆོག་ཏུ་ལུང་བསྟན་པ་སོགས་ཕལ་པའི་སྤྱོད་ཡུལ་ལས་འདས་ཤིང༌། གོ་འཕང་མཐོན་པོར་གཤེགས་པ་ཞིག་གོ །དེས་མཛད་པའི་གཞུང་འདི་ལ། མཚན་དོན་ནི། རྒྱ་གར་སྐད་དུ། ས་ཧ་ཛ་ཡོ་ག །བོད་སྐད་དུ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཞེས་པ་སྟེ། ས་ཧ་ནི་ལྷན་ཅིག་ཛ་ནི་སྐྱེས་པ། ཡོ་ག་ནི་རྣལ་འབྱོར་ཞེས་བྱའོ། །དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་འགྱུར་གྱི་ཕྱག་གོ །གཉིས་པ་གཞུང་དངོས་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པ་སྟེ་གསུམ་ལས། དང་པོ་ནི། དགྱེས་རྡོར་རྒྱུ་མཐུན་ཞེས་པ་རྣལ་འབྱོར་མའི། །འཁོར་ལོ་དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་མཆོད་པར་བརྗོད་པ་དང༌། རྫོགས་པའི་རིམ་པའི་མངོན་རྟོགས་ཇི་ལྟ་བ། །དེ་བཞིན་བདག་གིས་ཡང་དག་བཤད་པར་བྱ། །ཞེས་པ་ནི་བཤད་པར་དམ་བཅའ་བའོ། །དེ་ལ་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུངས་པའི་དོན་ལ། དགྱེས་རྡོར་ཞེས་པ་ནི། ངེས་དོན་གྱི་ཧེ་རུ་ཀ་སྟེ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ཡང་གཞི་དང་ལམ་དང་འབྲས་བུ་གསུམ་དུ་དབྱེ་བའམ། ཡུལ་
ཆོས་ཉིད་དང༌། ཡུལ་ཅན་ལམ་གྱི་ཡེ་ཤེས་གཉིས་སོ། །དེ་ལྟར་ན་གནས་སྐབས་ཀྱི་སྒོ་ནས་གསུམ་དང༌། རྟོགས་ཚུལ་གྱི་སྒོ་ནས་གཉིས་སོ། །རྒྱུ་མཐུན་ནི་ཞུ་བདེ་ལྷན་སྐྱེས་ཏེ། ལམ་རང་བཞིན་ལྷན་སྐྱེས་ཀྱི་རྒྱུ་མཐུན་པའི་རྒྱུར་གྱུར་པའམ། ཆོས་དབྱིངས་དང་ཡང་རྣམ་པ་མཐུན་པའི་སྒོ་ནས་ལམ་དུ་བྱེད་པས་སོ། །རྣལ་འབྱོར་མའི་འཁོར་ལོ་དམ་པ་ཞེས་པ་ཡང༌། རང་རིག་སྤྲོས་པ་དང་བྲལ་བའི་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་ཡེ་ཤེས་གཙོ་བོ་ཡིན་ལ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་ཤར་བ་ཡང༌། རྫོགས་པའི་རིམ་པའི་ཡེ་ཤེས་ཀྱི་སྐུ་ཡིན་པས་རྣལ་འབྱོར་མའི་འཁོར་ལོ་ཁོ་ནའོ། །མངོན་རྟོགས་ཞེས་པ་ནི་ཉམས་སུ་བླང་བའི་རིམ་པའོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། རྩ་བའི་གཞུང་བཀོད། དེའི་དོན་བཤད་པའོ། །དང་པོ་ནི། བརྟག་པ་དང་པོའི་བརྒྱད་པའི་ཚིག་སྟེ། ནམ་མཁའི་དབྱིངས་སུ་བྷ་ག་བསམ། །དབུས་སུ་བསྒོམ་པར་བྱ་བ་ནི། །འཁོར་ལོ་སྔོན་དུ་ཚུལ་ཇི་བཞིན། །ལྷ་རྣམས་ཇི་བཞིན་འབྱུང་བའོ། །ཞེས་བྱ་བ་ནི་མདོར་བསྟན་པའོ། །འདིའི་དོན་བསྐྱེད་རྫོགས་གཉིས་དང་སྦྱར་བ་སོ་སོར་ཡོད་པ་ལས། འདིར་རྫོགས་རིམ་དང་སྦྱར་བ་ནི། ནམ་མཁའི་དབྱིངས་ནི་པདྨ་ལ། །ཞེས་གསུངས་པ་ལྟར། ལས་ཀྱི་ཕྱག་རྒྱ་དངོས་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་པདྨ་དང༌། རང་ལུས་ལ་རྩ་འཁོར་གྱི་ལྟེ་བའི་བུ་ག་
དང༌། ངེས་དོན་དུ་སྤྲོས་པ་ཉེ་བར་ཞི་བའི་མི་རྟོག་པ་རྣམས་ནི། ནམ་མཁའི་ཁམས་ཞེས་བྱ་སྟེ། བྷ་ག་ནི་བསོད་ནམས་སམ། སྐལ་བ་སྟེ་ཡེ་ཤེས་སོ། །ཡེ་ཤེས་ཞེས་བྱ་བ། ལས་ཡེ་གཉིས་ལ། རྗེས་ཆགས་ཀྱི་འཁྱུད་པ་དང༌། ཙུམ་པ་ལ་སོགས་དང་པོ་དང༌། རྡོ་རྗེ་པདྨ་སྙོམས་པར་འཇུག་པ་གཉིས་པ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་བསམ་ཞིང་བསྒོམས་པས་རྟོགས་པར་བྱའོ། །དེ་ཡང་ནམ་མཁའི་ཁམས་ཞེས་པས། ལུས་རྣམ་པར་སྦྱངས་པའི་ཐབས་ཤེས་འདུས་པ་དང༌། སྐུ་གསུང་ཐུགས་དང་མཁའ་གསང་བྱིན་གྱིས་བརླབས་པ་ལ་སོགས་པ་སྟེ། ཚོགས་ལམ་དད་པས་ལམ་དུ་བྱེད་པའོ། །ཡེ་ཤེས་དང་པོ་ནི་སྦྱོར་ལམ་དང༌། གཉིས་པ་ནི་མཐོང་ལམ་མོ། །དབུས་སུ་བསྒོམ་ཞེས་བྱ་བ་ནི། ཕྱི་རོལ་ཏུ་སྲུབ་པའི་སྦྱོར་བ་དང༌། ནང་དུ་རྩའི་སྙོམས་པར་འཇུག་པ་སྟེ། དེ་ལས་བྱང་ཆུབ་ཀྱི་སེམས་ནོར་བུར་འོངས་བ། དཔེའི་ལྷན་ཅིག་སྐྱེས་པ་ནི་ངེས་པར་འབྱུང་ལ། དབང་པོ་རྣོན་པོས་དོན་གྱི་ལྷན་ཅིག་སྐྱེས་པ་ཡང་ངེས་པར་མཚོན་པ་ཡིན་པས་དེ་ལྟར་ན་ལྷན་སྐྱེས་ཀྱི་ཡེ་ཤེས་གཉིས་ཤར་བ་དེ་སྒོམ་ལམ་གྱི་དག་པའོ། །དཔེ་དང་དོན་གཉིས་དབུས་སུ་སྒོམ་ཞེས་པའི་དོན་གྱི་ཤུགས་ལ། ཕན་ཚུན་གཅིག་གིས་གཅིག་ལ་རྒྱས་འདེབས་པ་ནི། དེ་ཁོ་ན་ཉིད་ཀྱི་སྙོམས་པར་འཇུག་པ་སྟེ་མཐར་ཕྱིན་པའི་ལམ་མཚོན་པའོ། །འཁོར་ལོ་སྔོན་དུ་སོགས་ཀྱིས་རྐྱེན་ལྷན་སྐྱེས་དེ་ཉིད་ཀྱི་དོན་འཆད་དེ།
འཁོར་ལོ་ཞེས་པ་ནི། སེམས་སྟོང་ཉིད་མི་རྟོག་པའི་ཏིང་ངེ་འཛིན་ཞུ་བདེའི་རྣམ་པར་ཤར་བ་དེ་ཡིན་ལ། དེའི་སྔོན་དུ་འགྲོ་བ་ནི་སྦྱོར་བའི་ཐབས་ཀྱིས་ཞུ་བདེ་བསྒྲུབས་ནས་འཆིང་བའོ། །ཚུལ་ཇི་བཞིན་ཞེས་པ་ནི། གནས་ལུགས་ལ་ཇི་བཞིན་དུ་ཞུགས་པས། ཕུལ་དུ་བྱུང་བ་དང་མ་འཁྲུལ་བའི་དོན་ཡིན། དེ་ཡང་བདེ་བ་ཆེན་པོ་རང་གིས་རིག་པའོ། །རང་གི་སྒྲས་ཕྱིན་ཅི་མ་ལོག་པའི་གནས་ལུགས་ཡིན་ངོས་ཤེས་པ་དེ་བཞིན་ཉིད་དང༌། རིག་པའི་སྒྲས་ནི་ཕུལ་དུ་བྱུང་བ་སྟེ། ཡང་དག་པར་མངོན་དུ་གྱུར་ཞིང་རྟོགས་པའོ། །དེས་ན་རང་བཞིན་ལྷན་སྐྱེས་ནི། འཁྲུལ་སྣང་དང་སྒྲོ་བཏགས་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་གཤིས་ལ་ཞུགས་པའོ། །ལྷའི་སྐད་དོད་དེ་བ་ལ་ཡི་གེ་བསྣན་པས། དེ་བ་བྷ་ཝ་ནི་ལུས་ལས་བྱུང་བ་ཞེས་པ་སྟེ། རྩ་ཨ་ཝ་དྷུ་ཏཱི་སོགས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱྀས་རྟོགས་པར་འགྱུར་བའི་ཕྱིར། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདེ་ཆེན་ལྷན་ཅིག་སྐྱེས་པ་དོན་དམ་པ་དེ་ཡིན་ལ། བདེ་ཆེན་དེ་ཇི་ལྟར་འབྱུང་ཞིང་རྟོགས་པའི་ཐབས་ནི། རྟེན་ཁུ་བ་ཀུན་ད་ལྟ་བུ་དབབ་བཟློག་གི་རིམ་པ་ལས་བྱུང་བའི་བདེ་བ་དམ་པ་སྟེ། དེ་ལྟར་ན་ལྷན་ཅིག་སྐྱེས་པ་རྣམ་གཉིས་སོ། །འདིར་རྫོགས་པ་མཐར་ཐུག་པ་ནི། དོན་དམ་ལྷན་ཅིག་སྐྱེས་པ་དེ་ཡིན་ལ། བསྒྲུབ་བྱ་འབྲས་བུ་དེ་སྒྲུབ་བྱེད་ཐབས་ཀྱི་རིམ་པ་ནི། ཞུ་བདེ་
འགྱུར་མེད་ཉིད་ཡིན་པས། འདི་གཉིས་ནི་རྫོགས་པའི་རིམ་པའོ། །རྣམ་ཀུན་མཆོག་ལྡན་གྱི་རྣལ་འབྱོར་མའི་འཁོར་ལོ་ནི། བདེ་བ་དེའི་ཕན་ཡོན་གྱིས་ཚུལ་དང༌། བསྐྱེད་རིམ་སྣང་སྟོང་གི་ནང་དུ་སྦས་པའི་ཚུལ་གྱིས་ཡང་ཡང་བསྟན་མོད་ཀྱང༌། ལས་དང་པོ་པ་རྣམས་ཀྱིས་ཇི་ལྟར་སྒྲུབ་པའི་ཚུལ། རྒྱུད་འདིའི་དངོས་བསྟན་ལ་ཅུང་ཟད་གབ་པའི་ཚུལ་དུ་ཡོད་ལ། རྒྱུད་ཐོད་གདན་བཞི་མཉམ་སྦྱོར་བདུད་རྩི་སོགས་ཀྱང་འདི་དང་འདྲ་བས། མ་རྒྱུད་ཀྱི་རྫོགས་རིམ་ནི། ཕྱག་རྒྱ་བཞི་ལ་བརྟེན་ནས། ཞུ་བདེ་འགྱུར་མེད་ཉིད་གཙོ་བོར་སྒྲུབ་པ་ཡིན་ནོ། །ཞེས་ཀུན་ལ་གྲགས་པ་དང་མཐུན་པར། གཞུང་འདིར་ཡང་སྣང་ཕྱོགས་ཀྱི་རིམ་པ་རྣམས་མདོར་བསྡུས་སུ་མཛད་དེ། བདེ་སྟོང་གི་ཕྱོགས་ཁོ་ན་རྩལ་དུ་འདོན་པར་མཛད་དོ། །གཉིས་པ་རྩ་བ་དེའི་དོན་བཤད་པ་ནི། དེའི་དོན་ནི་འདི་ཡིན་ཏེ། ཞེས་པ་མན་ཆད་དེ། འདི་ལ་གསུམ། ལམ་གྱི་ཡེ་ཤེས་ཀྱི་ངོ་བོ་བཤད། དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ་བསྟན། སྒོམ་པ་ལས་བྱུང་བའི་ལམ་ཀྱིས་མཚམས་རྣམ་པར་བཞག་པའོ། །དང་པོ་ལ། ཡེ་ཤེས་སྒྲུབ་པའི་རྐྱེན། ཡེ་ཤེས་ཀྱི་ངོ་བོ། ཡེ་ཤེས་ཀྱི་དབྱེ་བ། རང་བཞིན་ཀུན་ཁྱབ་བཤད་པའོ། །དང་པོ་ནི། གནས་སུ་བྱེད་པོ་ཞུགས་ནས་ནི། །སྒྲུབ་པ་པོ་ཡིས་ལས་རྣམས་བྱ། །ཞེས་པ་སྟེ། ཤེས་རབ་ཀྱི་པདྨའི་གནས་སུ་ཐབས་ཀྱི་བྱེད་པོ་རྡོ་རྗེའམ། ཐབས་ཀྱི་ནོར་བུའི་བུ་གའི་གནས་སུ།
ཤེས་རབ་ཀྱི་རྩའི་བྱེད་པོ་ཡང་དག་པར་ཞུགས་པའམ། རང་ལུས་ལྟར་ན་ཆོས་ཀྱི་འཁོར་ལོའི་ལྟེ་བ་དང༌། སྤྲུལ་པའི་འཁོར་ལོའི་ལྟེ་བ་ཕན་ཚུན་དུ་ཡང་དག་པར་ཞུགས་ནས་ནི། སྒྲུབ་པ་པོ་ཡིས་དགའ་བཞི་ལུགས་འབྱུང་ལུགས་ཟློག་གི་ལས་རྣམས་བྱའོ། །གཉིས་པ་ནི། འབྲས་བུ་རྣལ་འབྱོར་མའི་འཁོར་ལོ། དེ་ཡི་རྒྱུ་མཐུན་ཧེ་རུ་ཀའོ། །ཞེས་པ་སྟེ། དེ་ལ་རྒྱུ་མཐུན་པའི་རྒྱུ་ནི། དཔེའི་ལྷན་ཅིག་སྐྱེས་པ་ཞུ་བདེ་འགྱུར་བ་མེད་པ་ནི། ཐབས་ཀྱི་ཆ་ཡིན་པའི་ཕྱིར་ཧེ་རུ་ཀ་ཞེས་བྱ་ལ། དེའི་རྒྱུ་མཐུན་པའི་འབྲས་བུ་ནི་སྣང་བ་གསུམ་མམ། དགའ་བ་གསུམ་རོ་མཉམ་དུ་འདྲེས་པ། དོན་གྱི་ལྷན་ཅིག་སྐྱེས་པ་སྟེ། དེ་ནི་བདེ་བ་ཆེན་པོའི་རོ་བླ་ན་མེད་པ་དང་ལྡན་པ་ཡིན་ཡང༌། གཙོ་བོ་སྟོང་ཉིད་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕྱོགས་ནས་རྣལ་འབྱོར་མ་ཞེས་གསུངས་པས། དེའི་སྣང་བ་ལས། དག་པའི་འཁོར་ལོ་དཔག་ཏུ་མེད་པ་སྤྲོ་ཞིང༌། ནམ་མཁས་གར་ཁྱབ་ཀྱི་ཡུལ་རྣམས་རྣམ་པར་སྦྱོང་བའང་ཡིན་ནོ། །རྒྱུ་འབྲས་དེ་གཉིས་སྡོམས་པ་ལ་དཀྱིལ་འཁོར་འཁོར་ལོ་ཞེས་བྱ་སྟེ། དེ་སྐད་དུ་རྒྱུད་ལས། དཀྱིལ་ནི་སྙིང་པོ་ཞེས་བྱ་སྟེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་གསུངས། དཔེའི་ལྷན་སྐྱེས་ཀྱི་སྙིང་པོ་དོན་གྱི་ལྷན་སྐྱེས་ལེན་པ་དང༌། དེ་ཉིད་ལས། འཁོར་ལོ་ཞེས་བྱ་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་
རྣམ་པར་སྦྱོང། །ཞེས་གསུངས་ཏེ། ལྷན་སྐྱེས་ཀྱི་སྣང་བ་ལས་དག་པའི་དཀྱིལ་འཁོར་འཆར་བ་བསྟན་ཏོ། །ལྷན་སྐྱེས་དེ་ཉིད་གང་དུ་གསལ་བར་མཐོང་བའི་གནས་སྐབས་བསྟན་པ་ནི། དེ་སྐད་ཅེས། དེ་ལ་བསྐྱེད་པའི་ཕྱོགས་ཀྱི་དགའ་བ་བཞི་ལས་གསུངས་པ་གང་ཡིན་པ་དེ། མཆོག་ཏུ་དགའ་བའི་མཐའ་དང༌། དགའ་བྲལ་གྱི་སྔོན་མ་དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། ཞེས་པའོ། །དེ་ཡང་རྒྱུད་འབྲོག་འགྱུར་ལས། སྐྱེ་མེད་རིམ་པའི་ཕྱོགས་ལས་ནི། །ཞེས་དང༌། འགྱུར་འགའ་ཞིག་ལས། རྫོགས་པའི་རིམ་པའི་ཕྱོགས་ཞེས་འཆད་པ་གཉིས་དོན་གཅིག་མོད། འདིར་ནི་དེ་དང་མི་འདྲ་བར་བསྐྱེད་པ་ཞེས་པ་ལ་སྔོན་དུ་དགག་སྒྲ་མེད་པར་བཞེད་དེ། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། །ཞེས་འདོན་པའི་དབང་དུ་མཛད་ནས། རྒྱུད་ལས། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་དེས། །དེ་བདེ་ཐབས་ལས་ཡང་དག་རིག །ཅེས་གསུངས་པ་ལྟར། ཇི་སྲིད་དུ་རྫོགས་རིམ་གྱི་ཡེ་ཤེས་བསྟན་པར་མ་གྱུར་པ་དེ་སྲིད་དུ། བསྐྱེད་པའི་རིམ་པའི་ཕྱོགས་ཀྱི་དགའ་བ་བཞི་སྟོན་པའི་སྐབས་ལས་གསུངས་པ་གང་ཡིན་པ་དེས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་ལ་འབད་དགོས་ཏེ། དགའ་བ་དང་པོ་ནི་རང་ལུས་ཉིད་ཀྱི་རྩ་ཅུང་ཟད་གྲོལ། རླུང་ཅུང་ཟད་ཐིམ། ཐིག་ལེ་ཅུང་ཟད་འབར་བའི་བདེ་བ་ཉིད་ཀྱི་ཕྱིར། རྟོག་པ་དང་བཅས་པས་ཐབས་དཔའ་བོ་ཡིན་ལ། གཉིས་པ་ནི། གཞན་ལུས་
ཀྱི་རྩ་རླུང་ཐིག་ལེའི་ནུས་པས། སྔར་གྱི་རང་ལུས་ཀྱི་བདེ་བ་དེའི་སྟེང་དུ་བདེ་བ་ལྷག་པར་བསྐྱེད་པས། མི་རྟོག་པར་འགྱུར་བའི་ཕྱིར། ཤེས་རབ་རྣལ་འབྱོར་མ་ཞེས་བྱ་ལ། སྒྲུབ་པ་པོ་སྐྱེས་པ་ཉིད་ཀྱི་དབང་དུ་བྱས་ན་ནི། དང་པོ་དཔའ་བོ་དང༌། གཉིས་པ་དེའི་སྟེང་དུ་རིག་མ་ལྷག་པར་འདུས་པ་ལའང་བཤད་དུ་རུང་མོད། བུད་མེད་ལ་ནི་དེ་གོ་ཟློག་པ་སོགས་མི་འགྲིག་ཅིང༌། དོན་འདི་ཡང་སྤྱི་ཟློག་བཤད་པ་ཉིད་ཡིན་པས། གོང་དུ་སྨོས་པ་ཉིད་བཟུང་བར་བྱའོ། །དེའི་རྗེས་སུ་གསུམ་པ་ནི་ལྷན་སྐྱེས་ཏེ། མཆོག་ཏུ་དགའ་བ་རྫོགས་པའི་མཐའ་དང༌། དགའ་བྲལ་གྱི་དགའ་བའི་སྔོན་མའི་གནས་སྐབས་དེ་ཉིད་དུ་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་སྟེ། དཔེའི་ལྷན་སྐྱེས་དངོས་སུ་མྱོང་བ་ལ་བརྟེན་ནས་དོན་གྱི་ལྷན་སྐྱེས་ཅི་རིགས་པ་མཚོན་པར་ནུས་ཤིང༌། འདི་ནི་ཐབས་དང་ཤེས་རབ་རང་ལུས་དང་གཞན་ལུས་རོ་མཉམ་པ་ཉིད་ལས་བྱུང་བའི་ཕྱིར། ཐམས་ཅད་ངེས་ཤེས་བྱའོ། །དེ་ཡང༌། ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །ཞེས་པས། དཔེའི་ལྷན་སྐྱེས་དང༌། དེ་བདེ་ཐབས་ལས་ཡང་དག་རིག །ཅེས་པས། ངེས་དོན་གྱི་ལྷན་སྐྱེས་མཚོན་ནུས་པར་བསྟན་ཏོ། །དེ་ལྟར་ཡང་རྒྱུད་ལས། རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བའང་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང༌། །དེའི་ཁུ་བའང་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་ནི། །བཞི་ཡི་རབ་ཏུ་དབྱེ་བ་ཡིས། །བ སྐྱེད་པའི་རིམ་པའི་ཕྱོགས་ལ་ནི། །འདི་
ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་གསུངས་ཏེ། ནོར་བུ་དང༌། ནཱ་ར་ན་སི་ཀ་མཉམ་པར་སྤྱོར་བའི་དབུས་སུ། ཐབས་ཤེས་ཀྱི་བྱང་སེམས་ཁ་སྦྱོར་གྱི་ཚུལ་དུ་གནས་པ་ན། ཐབས་ཀྱི་ཁུ་བ་སྟེ་ཞུ་བདེ་དང༌། བདེ་བ་དེའི་རང་བཞིན་རིག་པས། གནས་ལུགས་མཚོན་ནུས་པའི་ཡེ་ཤེས་གཉིས། དེ་བཞིན་དུ་ཤེས་རབ་མའི་ཡང་ཞུ་བདེ་དང་ཡེ་ཤེས་གཉིས་ཏེ། བཞི་དུས་མཉམ་དུ་ཤར་བ་ཡིན་ཞིང༌། བཞི་གར་ལྷན་སྐྱེས་ཡིན་པའི་ཕྱིར། ལྷན་སྐྱེས་རྣམ་པ་བཞི་ཞེས་བྱའོ། །ཐབས་ཤེས་གཉིས་ལ་རང་རང་གི་གཉིས་པོ་དེ་གཙོ་བོ་ཡིན་མོད་ཀྱང༌། སྐབས་དེར། རྩ་རླུང་ཐིག་ལེ་ཕན་ཚུན་གཅིག་ཏུ་འཚོགས་པའི་ཕྱིར། གཉིས་ཀས་ཀྱང་བཞི་ཆར་ཉམས་སུ་མྱོང་བ་ནི་ཡིན་ཏེ་ཆེས་ཆེར་ལྷག་པོ་མྱོང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པ་ཡན་ཆད་དུ་འོངས་པ་ནི་དགའ་བ་དང༌། ཚིགས་ཐམས་ཅད་ལ་ཁྱབ་པ་མཆོག་དགའ་དང༌། ནོར་བུར་ཕྱིན་པ་ལྷན་སྐྱེས་ཡིན་ལ། ཐ་མལ་པ་རྣམས་ཀྱི་དེ་ལས་ཕྱི་རོལ་དུ་ལྟུང་བ་དགའ་བྲལ་དང༌། བསྐྱེད་རིམ་གྱི་རྣལ་འབྱོར་པ་རྣམས་ཀྱི་ནི། སླར་ཟློག་པ་དགའ་བྲལ་ཡིན་གྱི། མས་བརྟན་གྱི་དགའ་བའི་རིམ་པ་བཞི་མི་བཞེད་དེ། དེ་ནི་རྫོགས་རིམ་ཁོ་ན་ལ་ཡོད་པར་དགོངས་སོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་ལས་ཀྱི་ཕྱག་རྒྱའི་འདྲ་འབག་ཏུ་དགོངས་པ་དང༌། དེ་ལའང་སྐྱེད་རྫོགས་གཉིས་ཀའི་ཆ་ཤས་ཡོད་ཅིང༌། རང་ལུས་ཀྱི་སྙིང་ག་
དང་ལྟེ་བ་ཁ་སྦྱོར་སོགས་ནི། །དངོས་སུ་གྲུབ་ན་རྫོགས་རིམ་ཁོ་ན་ཡིན་ཀྱང༌། བློས་བརྟགས་ཏེ་བསྒོམ་པ་ནི་བསྐྱེད་རིམ་ཁོ་ན་ཡིན་པའི་ཕྱིར། དེ་དག་ནི་སྤྲོས་པ་སྐབས་འདིར་མ་བྱས་སོ། །གསུམ་པ་ནི། དེ་ཉིད་འདིར་ནི་གཉིས་སུ་སྣང༌། །བྱེ་བྲག་གཉིས་ཀྱང་འབྲས་བུར་འདོད། །ཅེས་པ་སྟེ། ལྷན་ཅིག་སྐྱེས་པའི་དབྱེ་བ་འདི་ནི། རྒྱུད་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་རླབས་པའི་རིམ་པས་ཀྱང༌། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུན་ད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་པའི་དོན་ཏེ། དེ་ཡང་སྐད་ཅིག་མའི་དགའ་བ་བཞི་ལས། གནས་སྐབས་གསུམ་པར་མྱོང་བ་དེ་ཡང༌། ལྷན་སྐྱེས་མཚོན་པར་བྱེད་ནུས་པའི་དུས་ཀྱི་ངེས་པ་ཡིན་གྱི། དུས་གཞན་དུའང་མེད་པ་མ་ཡིན་ཏེ། ལྷན་སྐྱེས་གཉིས་ནི་སེམས་ཅན་རྣམས་ལ་རྟག་ཏུ་གནས་སོ། །སྔར་མཆོད་བརྗོད་དུ་རྒྱུ་མཐུན་དང་འབྲས་བུ་གཉིས་སུ་བཤད་པ་དེ་ལས་གཞན་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ཅིག་འདིར་མཛད་དེ། དེ་ལ་སྔར་སྐད་ཅིག་གསུམ་པར་མཚོན་པའི་བདེ་བ་དེ་ཉིད། འདིར་ནི་དཔེ་དང་དོན་གྱི་ཡེ་ཤེས་གཉིས་སུ་སྣང་བ་ནི་སྒྱུ་མ་ཡིན་ལ། སྒོམ་པ་ལས་བྱུང་བའི་རང་བཞིན་བདེ་སྟོང་དང༌། ཞུ་བདེ་ལྷན་སྐྱེས་ཀྱི་རྒྱུན་ཏེ། བྱེ་བྲག་དབྱེ་བ་དེ་གཉིས་ཀྱང་འབྲས་བུར་འདོད་པར་བྱའོ། །དེ་ཡང་ཐོག་མའི་དབང་དུས་ཀྱི་བདེ་བ་དང༌། ཞུ་བདེ་བརྟན་
པར་མ་གྱུར་བར་དུ་འབད་རྩོལ་གྱི་སྒོ་ནས་ཐིག་ལེ་མ་ལྷུང་བར་སྒྲུབ་པའི་བདེ་བ་དང༌། ཡང་བདེ་བ་དེ་ཉིད་སེམས་ཀྱི་རང་བཞིན་དང་བསྲེ་བའི་ཐབས་རྩོལ་བཅས་དེ་ཉིད་རྒྱུའི་རྫོགས་རིམ་དང༌། རྩོལ་མེད་དུ་ཞུ་བདེ་བ་བརྟན་པའི་བདེ་བ་དང༌། དེ་ཁོ་ནས་རང་བབས་སུ་གནས་ལུགས་ལ་འཇུག་པ་གཉིས་འབྲས་བུའི་རྫོགས་རིམ་མོ་ཞེས་པའི་དོན་ནོ། །རྫོགས་རིམ་ཉིད་ཀྱི་དགའ་བཞིའི་དབྱེ་བ་ནི་འོག་ཏུ་འཆད་དོ། །འདི་ནི་རྒྱུ་འབྲས་ཀྱི་ངེས་པའོ། །ཡང་གཅིག་ནི་ནམ་མཁའི་མཚན་ཉིད་དེ། གཉིས་པ་ཟླ་བ་གང་བ་འདྲ། འབྲས་བུའི་རྫོགས་རིམ་གཉིས་ཀྱིས་ནང་ནས། གཅིག་སྟེ་དང་པོ་དོན་གྱི་ལྷན་སྐྱེས་ནམ་མཁའི་མཚན་ཉིད་དེ་འགྱུར་བ་མེད་པ་ཡིན་ལ། གཉིས་པ་ཞུ་བདེ་འཛག་མེད་ཀྱི་ཡེ་ཤེས་ནི། ཟླ་བ་དཀྱིལ་འཁོར་ཉ་གང་བ་ལྟར། བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཤས་མ་ཉམས་ཤིང་གང་བའི་ཡེ་ཤེས་སོ། །དེ་ཡང་རང་བཞིན་དོན་དམ་ལྷན་སྐྱེས་ནི། རྟག་པ། འདུས་མ་བྱས། དངོས་པོ་ལས་འདས་པ། སྤྲོས་པ་མེད་ཅིང་འགྱུར་བ་མེད་པ་ཉིད་ཀྱིས། འཇིག་རྟེན་དུ་ནམ་མཁའ་ཡང་མཚན་ཉིད་དེ་དག་དང་ལྡན་པའི་ཕྱིར་དཔེར་མཛད་དོ། །གཞུང་འདིའི་ཐད་ཀྱི་འགྲེལ་པ། ཨོ་རྒྱན་གྱི་སློབ་དཔོན་ཐ་ག་ནས་མཛད་པ་ལས་ཀྱང༌། འདིར་ནམ་མཁའ་དང་མཚུངས་པ་ནི། གང་ཞིག་གཟུང་བ་དང་ནི་འཛིན་པ་གཉིས་དང་བྲལ་བ། རྫས་མ་ཡིན་པའམ་ངོ་བོ། བདེ་བ་ཆེན་པོ་རང་གི་རིག་པའི་ཆོས་ཉིད། ཉམས་སུ་མྱོང་བའི་མཚན་ཉིད་གང་ཡིན་
པ་དེ་ནི། སྐྱོབ་པ་རྣམས་ཀྱི་ཕུང་པོ་ལྔའི་རང་བཞིན་དུ་བསྡུ་བའི་བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའི་ཁྱབ་བྱེད་ཀྱི་ངོ་བོ། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་མཚན་ཉིད་དུ་བཤད་པ་ཡིན་ནོ། །ཞེས་འབྱུང་བ། ཚིག་འདིས་ལྷན་སྐྱེས་བདེ་ཆེན་དེ། རྫས་ཀྱི་དངོས་པོ་ཡང་མ་ཡིན་པར་བཤད་ན། བཏགས་པ་ཏ་ག་ལ་ཞིག །དེས་ན་རྫས་བཏགས་དང་གཟུང་འཛིན་མ་ཡིན་པ་ཀུན་ལ་ཁྱབ་པ། རང་རིག་ཉམས་སུ་མྱོང་བའི་མཚན་ཉིད་ཅན། ཟག་མེད་ཕུང་པོ་ལྔ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་བསྟན་པས། དེ་བཞིན་ཉིད་རྟག་པ་ཡོན་ཏན་ཅན། སློབ་དཔོན་ཤཱན་ཏི་པ་མི་བཞེད་དོ་སྙམ་པ་དག་འདུག་པ་ཡང༌། རང་ཉིད་ཤིན་ཏུ་བླུན་པ་དང༌། ཕྱོགས་འཛིན་གྱི་གདོན་གྱིས་བསླུས་པ་ཁོ་ནར་ཟད་དོ། །ཡུལ་ཅན་ལམ་གྱི་དོན་དམ་ལྷན་སྐྱེས་ནི། གཟུགས་ཅན་གྱི་ནམ་མཁའ་དང་མཚུངས་ཏེ། དྭངས་པ་དང༌། སྒྲིབ་པ་མེད་པ་དང༌། འཇའ་ཚོན་ལ་སོགས་པ་གང་ཡང་འཆར་དུ་རུང་བ་བཞིན་དུ་བདེ་བ་དང༌། རྣམ་རྟོག་མེད་པ་དང༌། གསལ་སྟོང་གི་དཀྱིལ་འཁོར་སྣ་ཚོགས་པ་འཆར་བའི་གཞི་ཉིད་ཀྱི་ཕྱིར་རོ། །རྣམ་རྟོག་མེད་ཅིང་སྤྲོས་པ་མེད་པའི་ཆ་ནས་ནི། གཞན་དག་ལ་འདུས་མ་བྱས་སུ་གྲགས་པ་དངོས་མེད་ཀྱི་ནམ་མཁའ་དང་ཡང་འདྲའོ། །ཞུ་བདེ་ཟླ་བ་དང་འདྲ་བའི་དོན་ནི། རྟེན་ཐིག་ལེ་དཀར་
པོ་མ་ཉམས་པ་ཟླ་བ་གང་བ་དང་འདྲ་བའམ། ཟླ་བ་ནི་ཡིད་དུ་འོང་ཞིང་བསིལ་བ་བཞིན་དུ། བདེ་ཞིང་གསལ་བ་དང༌། ཚིམ་པར་བྱེད་པ་སྟེ། དེ་དག་ནི་དཔེའི་ངེས་པའོ། །ཡང༌། གཉིས་ལས་ནམ་མཁའ་ལྟ་བུ་གང༌། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །གང་ཞིག་ཟླ་བ་རྒྱས་འདྲ་བ། །དེ་ཉིད་ལོངས་སྤྱོད་རྫོགས་སྐུ་སྟེ། །དེ་ཉིད་རྣལ་འབྱོར་མ་འཁོར་ལོ། དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །ཇི་ལྟར་བདེ་ཆེན་མཐའ་ཡིན་པས། །དེ་ལྟར་དེར་ཡང་ཁྱད་པར་མེད། །ཅེས་པ་ལ། དེ་ལྟར་དཔེ་གཉིས་ཀྱིས་མཚོན་པ་ལས། ནམ་མཁའ་ལྟ་བུ་རང་བཞིན་ལྷན་སྐྱེས་གང་ཡིན་པ་དེ་ནི། སྐྱོབ་པ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། རང་བཞིན་དོན་དམ་པའི་བདེ་ཆེན་ནི་སངས་རྒྱས་ཀྱི་ཆོས་སྐུ་དངོས་ཤེས་བྱ་ཀུན་ཁྱབ་དེ་བཞིན་ཉིད་དེ་ཡིན་ལ། ལམ་གྱི་དོན་དམ་བདེ་ཆེན་ནི་ལམ་དུས་ཀྱི་ཆོས་སྐུ་ཞེས་བྱ་སྟེ། ཁ་སྦྱོར་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུར་ནི་རབ་ཏུ་གྲགས། །ཞེས་སོ། །དེ་ཉིད་སངས་རྒྱས་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཆོས་སྐུ་ཞེས་ཐ་སྙད་མཛད་དོ། །གང་ཞིག་ཟླ་བ་རྒྱས་པ་འདྲ་བའི་ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་དེ་ཉིད་ནི། ལམ་དུས་ཀྱི་ལོངས་སྤྱོད་རྫོགས་སྐུ་བདེ་བ་ཆེན་པོ་ཡིན་ཏེ། ཁ་སྦྱོར་ལས་གང་ཚེ་རྡོ་རྗེ་རྩེར་གནས་པ། །དེ་ཡི་ཚེ་ཡང་སྣ་རྩེ་རུའོ། །ཞེས་སོ། །སྐབས་འདིར། དེ་ཉིད་རྣལ་འབྱོར་མ་སོགསཀྱིས་ཀྱང༌།
གཉིས་པོ་དེ་ཉིད་འཆད་ཀྱི་རྣམ་གྲངས་གཞན་མི་འཆད་དོ་ཞེས་ཐ་ག་ན་གསུངས་མོད་ཀྱང༌། སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་གཞུང་ལྷན་སྐྱེས་ངེས་པར་བསྟན་པ་ཞེས་བྱ་བ་ལས། དོན་དམ་ལ་སོགས་དབྱེ་བ་ཡིས། །ལྷན་ཅིག་སྐྱེས་པ་གཉིས་སུ་ཤེས། །དོན་དམ་ཡོད་པའི་རང་བཞིན་ཏེ། །ཀུན་རྫོབ་ཟླ་བ་ལྟ་བུ་ཡིན། །ཡོད་པ་ཆོས་ཀྱི་སྐུ་ཡིན་ཏེ། །ཟླ་བ་ལོངས་སྤྱོད་རྫོགས་པའི་གཟུགས། །དེ་དག་བསྡུས་པ་ཉིད་ཀྱིས་ན། །སྤྲུལ་པའི་སྐུ་ཞེས་བརྗོད་པ་ཡིན། །རབ་ཏུ་འབད་པས་བསྒྲུབ་བྱའི་སྐུ། །འདི་ནི་གཙོ་བོ་ཆོས་སུ་བཤད། །དེ་ལས་སྐྱེས་པའི་སྐུ་དེ་ནི། །གཞན་ལ་ལོངས་སྤྱོད་རྫོགས་པར་བཤད། །འཇིག་རྟེན་པ་ཡི་བདེ་བ་འདི། །དཔེ་དེ་དབང་བསྐུར་ཉིད་མ་ཡིན། །བླ་མའི་བྱིན་རླབས་བདེ་བ་གང༌། །སྔོན་དུ་བཏོད་པར་ཤེས་པར་བྱ། །དེས་ན་འཇིག་རྟེན་ལས་འདས་ཤིང༌། །ཐར་པ་ཆེན་པོའི་དོན་ཡིན་ཏེ། །བདེ་བ་མི་ཟད་མི་འགྱུར་པའོ། །འཇིག་རྟེན་པ་ཡི་རྟོགས་པ་ཡང༌། །དེ་ཉིད་འདི་ཡིས་གསལ་བར་བྱེད། །ཅེས་གསུངས་པ་འདིས། དེ་ཉིད་འདིར་ནི་གཉིས་སུ་སྣང༌། ཞེས་པ་ནས། དེར་ཡང་ཁྱད་པར་མེད་ཅེས་པའི་བར་གྱི་དོན་ཤིན་ཏུ་གསལ་བར་སློབ་དཔོན་ཉིད་ཀྱིས་རྣམ་པར་བཤད་པའོ། །ཡོད་པའི་རང་བཞིན་ཞེས་བྱ་བ་ནི། རང་བཞིན་བདེ་ཆེན་དེ་བདེན་པར་ཡོད་པའོ། །དེས་ན་གོང་མཆོད་བརྗོད་ཀྱི་སྐབས་སུ་ཞུ་བདེ་རྒྱུ་དང་རང་བཞིན་
འབྲས་བུར་བཤད་པ་དེ་དཔེ་ཐབས་དང་དོན་ཐབས་བྱུང་གི་རྣམ་པ་འཆད་ཚུལ་ཞིག་ཡིན་ལ། དཔེ་གཉིས་ཀྱིས་བསྟན་པའི་སྐབས་དེར་དེ་དང་མི་འདྲ་སྟེ། ཆོས་སྐུ་ལས་ལོངས་སྐུ་འབྱུང་ཞེས་རང་བཞིན་རྒྱུད་དང༌། ཞུ་བདེ་འབྲས་བུའི་ཚུལ་དུ་བསྟན་པ་ཡིན་ནོ། །ལྷན་སྐྱེས་གཉིས་པོ་དེ་ཉིད་ཀྱི་ནུས་པ་གཅིག་ཏུ་བསྡུས་པ། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ། ཁམས་གསུམ་རབ་འབྱམས་འཆར་བ་ནི་སྤྲུལ་པའི་སྐུ་ཡིན་ཞིང༌། །དེ་ཡང་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་ལྡོག་པ་མས་བརྟན་གྱི་གནས་སྐབས་སུ་འཆར་རོ། །རྫོགས་རིམ་གྱི་སྐབས་འདིར་མས་བརྟན་དེ་ལ་ནང་ཚན་དབྱེ་བ་བཞི་ཡོད་ཀྱང༌། ལྷན་སྐྱེས་ཉིད་ལས་ཕྱེ་བ་ཡིན་པའི་ཕྱིར། རྒྱུད་ལས། འདོད་ཆགས་མ་ཡིན་ཆགས་བྲལ་མིན། དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཁ་སྦྱོར་ལས། གང་ཚེ་ལོངས་སྤྱོད་རྫོགས་པའི་སྐུ། །ནུབ་པར་གྱུར་པ་དེ་ཡི་ཚེ། །བྷ་གའི་ནང་དུ་སོན་དེ་དང༌། །ཡུངས་ཀར་ཙམ་དུ་རྣམ་པར་བརྗོད། །ཅེས་ལམ་དུས་ཀྱི་སྤྲུལ་པའི་སྐུ་ཡིན་པར་བཤད། ཚིག་དོན་ནི། ལྷན་སྐྱེས་གཉིས་པོ་དེ་ཉིད་ཀྱིས། རྣལ་འབྱོར་མ་སྟོང་ཉིད་ཀྱི་དོན་འཁོར་ལོས་
གཅོད་པ་ལྟར་རྟོགས་པ་ན། ལྷན་སྐྱེས་གཉིས་པོ་དེ་ཉིད། སྣང་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་སྐུ་ཧེ་རུ་ཀའི་དཀྱིལ་འཁོར་ལ་སོགས་པ། དག་སྣང་རབ་འབྱམས་སུ་འཆར་ཏེ། འདི་ནི་སྤྲུལ་པའི་སྐུ་ཡིན་ནོ། །དེ་དག་ནི་སྐུ་གསུམ་གྱི་ངེས་པའོ། །འོ་ན་ཞུ་བདེ་ནི་དཔེ་འཇིག་རྟེན་པ་ཡིན་པས། དབང་བསྐུར་མཐར་ཐུག་བཞི་པའི་ཡེ་ཤེས་མ་ཡིན་ཞིང༌། བླ་མའི་བྱིན་རླབས་ཀྱི་མངོན་སུམ་གྱུར་པའི་རང་བཞིན་གྱི་བདེ་བ་ནི། གནས་ལུགས་མངོན་སུམ་དུ་གཏོད་བའི་དབང་བཞི་པའི་ཡེ་ཤེས་ཡིན་ལ། དེ་ཡང་འཇིག་རྟེན་ལས་འདས་པ་ཐར་པ་དངོས་སུ་སྒྲུབ་བྱེད་བདེ་བ་མི་འགྱུར་བ་ཡིན་ན། ཞུ་བདེ་དེ་འདྲས་རང་བཞིན་གྱི་རྒྱུ་བྱེད་པ་ཡང་མི་འཐད་ལ་རང་བཞིན་གྱིས་ཞུ་བདེ་བསྐྱེད་པ་ཡང་མི་འཐད་དོ་སྙམ་ན་རང་བཞིན་མ་གཏོགས་པ་རྣམས་ལ་དེ་ལྟར་བདེན་མོད་ཀྱི། རྟོགས་པ་རྣམས་ལ་མ་ཡིན་ཏེ། འཇིག་རྟེན་པའི་རྟོག་པ་ཇི་སྙེད་པ་རྣམས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདིས་གསལ་བར་བྱས་པ་ན། གསེར་འགྱུར་རྩིས་ལྕགས་ལ་རེག་པ་བཞིན་དུ། ཞུ་བདེ་འཇིག་རྟེན་པ་དེ་ཡང་འཇིག་རྟེན་འདས་པའི་ངོ་བོར་འགྱུར་རོ། །རྒྱུ་མཚན་ཇི་ལྟར་ཡིན་ན། རང་བཞིན་གྱི་བདེ་བ་ཆེན་པོ་ནི། སྤྱིར་ཆོས་ཐམས་ཅད་དང༌། ཁྱད་པར་ཞུ་བདེ་ཉིད་ཀྱི་མཐའ་འམ་གནས་ལུགས་ཡིན་པས། གནས་ལུགས་དེ་ཉམས་སུ་མྱོང་
ནུས་པ་ནས་བཟུང་སྟེ། རང་བཞིན་གྱི་བདེ་བ་ཟག་མེད་ཡིན་པ་དེ་ལྟར། ཞུ་བདེ་དེ་ཡང་རང་བཞིན་དང་ཁྱད་པར་མེད་པར་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་ཡེ་ཤེས་སུ་འགྱུར་ཏེ། དངོས་གནས་ལ་རང་བཞིན་དབྱེར་མེད་ཀྱང་ཡིན་པ་ལ། སྒྲུབ་པ་པོས་ཀྱང་དབྱེར་མེད་དུ་རྟོགས་པའི་ཕྱིར་རོ། །དེ་དག་ནི་ངོ་བོ་གཅིག་ཏུ་འཇུག་པའི་ངེས་པའོ། །དེ་ལྟར་ན་རྒྱུ་འབྲས་ཀྱི་ངེས་པ། དཔེའི་ངེས་པ་འབྲས་བུ་སྐུ་གསུམ་ལམ་བྱེད་ཀྱི་ངེས་པ། ངོ་བོ་གཅིག་ཏུ་འཇུག་པའི་ངེས་པ་སྟེ་ངེས་པ་བཞིས་དབྱེ་བ་རྒྱས་པར་བཤད་ཟིན་ཏོ། །བཞི་པ་ནི། གཉིས་མེད་ཡེ་ཤེས་དེ་ཉིད་ནི། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །བདེ་བ་ཆེན་པོའང་དེ་ཡིན་ཏེ། །དེ་ཕྱིར་འགྲོ་ཀུན་བདེ་ཆེན་ནོ། །ཞེས་པ་ལ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས། རང་བཞིན་དོན་དམ་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ནི། ཆོས་ཤེས་བྱ་ལ་སྲིད་ཚད་རྣམ་ཀུན་ཀྱི་རང་བཞིན་གནས་ལུགས་ཀྱི་ངོ་བོ་ཉིད་ཡིན་ལ། སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོའི་སྐུ་ཡང་དེ་ཡིན་ཏེ་རྒྱུ་མཚན་དེའི་ཕྱིར། རིགས་དྲུག་གི་འགྲོ་བ་ཀུན་ཡང་རང་བཞིན་དོན་དམ་པའི་བདེ་བ་ཆེན་པོ་ཉིད་ཡིན་ནོ། །འདིས་ནི་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་དང༌། སངས་རྒྱས་ཀྱི་བདེ་བ་ཆེན་པོའི་སྐུ་གཅིག་ཅིང༌། དེ་ཉིད་སེམས་ཅན་རྣམས་ཀྱི་གནས་ཚུལ་ཡང་ཡིན་པར་བསྟན་པས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དང་སྙིང་པོ་དེ་ཀ་ཤེས་བྱ་ཀུན་ཁྱབ་དང༌། སངས་རྒྱས་དངོས་ཡིན་པར་
ཡང་བསྟན་པས། མཐར་ཐུག་གི་གཞན་སྟོང་དབུ་མ་གསལ་བར་བཞེད་པ་ཡིན་ནོ། །དེས་ན་གང་དག་སློབ་དཔོན་ཤཱན་ཏི་པ་ནི། ལྟ་བ་སེམས་ཙམ་པ་ཡིན་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མི་བཞེད་དོ་སྙམ་པ་དག་ཡོད་དེ། མུན་སྒོམ་ཙམ་མོ། །གཉིས་པ་དེ་ཉིད་ཇི་ལྟར་སྒོམ་པའི་ཚུལ་བསྟན་པ་སྟེ། དེ་ལ་མངོན་པར་རྟོགས་པ་སྟེ་འདིར་བསྒོམ་པའི་དབང་དུ་བྱས་ནས། ཞེས་པ་ལ་སོགས་པའོ། །འདི་ལ་སྒྲུབ་པ་པོའི་མཚན་ཉིད། གནས་ཀྱི་ངེས་པ། རྣལ་འབྱོར་གྱི་གཞི། རྣམ་པ་བསྒྱུར་བ། ཡུལ་གྱི་མཚན་ཉིད། སྔོན་འགྲོའི་བྱ་བ། སྦྱོར་བའི་དབྱེ་བ། དངོས་གཞིའི་ཏིང་ངེ་འཛིན། ཡེ་ཤེས་ཀྱི་རབ་ཏུ་དབྱེ་བ་སྟེ་དགུ་ལས། དང་པོ་ནི། དཔའ་བོ་གཅིག་པུ་ཞེས་པ་སྟེ། སྒྲུབ་པ་པོ་སློབ་དཔོན་ལ་གུས་ཤིང་དགེ་བ་ལ་བརྩོན་པ། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་མ་ཉམས་པ་སྟེ། ཇི་སྐད་དུ། དགེ་བ་བཅུ་ལ་གོམས་པ་དང༌། །བླ་མ་ལ་གུས་དབང་པོ་དུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེ་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་སོ། །དཔའ་བོ་ཞེས་པ་ནི། ཐ་མལ་གྱི་རྣམ་པར་རྟོག་པ་འཇོམས་ནུས་པ་སྟེ། འཆད་འགྱུར་ལྟར། སྟོང་པ་ཉིད་དང་ལྷའི་རྣལ་འབྱོར་ལ་གསལ་སྣང་སྐྱེས་པ་དང༌། རླུང་ལས་སུ་རུང་བའོ། །དེ་ནི་རྒྱུད་ལས། དབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པ་ཉིད། །གཞིལ་བ་ཡིས་ནི་རེངས་པར་
བྱེད། །ཅེས་གསུངས་ཤིང༌། དཀའ་འགྲེལ་མུ་ཏིག་འཕྲེང་བ་ལས། །བགྲང་དང་རྗེས་སུ་འཇུག་དང་བཞག །མཚན་ཉིད་དེ་ནས་རྣམ་བཟློག་དང༌། །ཡོངས་སུ་དག་དང་དེ་བཞིན་དྲུག །འཇུག་དང་འབྱུང་བའི་དྲན་པར་འདོད། །ཅེས་མདོ་ལུགས་དང་འདྲ་རུང་གི་བཤད་པ་མཛད་ཅིང༌། རྣམ་ཟློག་ལ་དང་སྦྱོར་དང་ཡོངས་དག་གི་སྐབས་སུ་དཀྱིལ་འཁོར་རྒྱལ་མཆོག་དང་སྦྱོར་ཞེས་གསུངས་པ་ནི། གསང་སྔགས་ནང་དོན་གྱི་ཁུངས་བསྟན་པ་ཡིན་ལ། མན་ངག་ལས། དང་པོར་རྒྱ་ཡན་ལ་བསླབ། དེ་ནས་བགྲང་ཞིང་རྩི་བ་ལ། དེ་ནས་ཡི་གེ་གསུམ་སོགས་པ་བསླབ་པ་སྟེ། དང་པོ་བགྲང་བའོ། །དེ་ནས་ཚ་གྲང་སེལ་བ་ལ་སོགས་པའི་རླུང་སྦྱོར་གསུམ་ལ་བསླབ་སྟེ། གཉིས་པ་རྗེས་སུ་འཇུག་པའོ། །དེ་ནས་བུམ་པ་ཅན་སྤྱི་ལ་བསླབ་སྟེ་གསུམ་པ་བཞག་པའོ། །དེ་ནས་འབྱུང་བ་བཞི་བཅིང་བའི་སྦྱོར་བ་ལ་བསླབ་སྟེ། བཞི་པ་མཚན་ཉིད་དོ། །དེ་ནས་མ་ནིང་གི་རླུང་ལས་བརྩམས་ཏེ། སྟོང་པ་ཉིད་དང་བསྲེ་བ་ནི། ལྔ་པ་རྣམ་པར་བཟློག་པའོ། །དེ་ལས་རླུང་འགགས་པའི་ཡེ་ཤེས་སྐྱེ་བར་འགྱུར་བ་ནི། དྲུག་པ་རྣམ་པར་དག་པ་ཡིན་ནོ། །གསང་སྔགས་ཀྱི་ལམ་ལ་བགྲང་བ་ལ་སོགས་པའི་མན་ངག་དྲུགགཉིས་མེད་རྣམ་རྒྱལ་ལས་ཀྱང་གསུངས་ཤིང༌། རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པའི་རྒྱུད་ལས་ཤིན་ཏུ་རྒྱས་པར་གསུངས་སོ། །འདིར་ཕྱིས་ཀྱི་མཁས་པ་
ཁ་ཅིག་འགྲེལ་པ་མུ་ཏིག་འཕྲེང་བར། རྫོགས་རིམ་གྱི་རླུང་སྦྱོར་ལས། མདོ་ནས་བཤད་པའི་དབུགས་བགྲོངས་པའི་རྣམ་གཞག་འཆད་པ་ནི་རླུང་སེམས་དབུ་མར་ཞུགས་པའི་བདེ་སྟོང་གི་ཡེ་ཤེས་ལ་ངེས་པ་མ་རྙེད་པའི་གཏམ་མོ། །ཞེས་ཟེར་བ་ནི་སློབ་དཔོན་འདིས་དགྱེས་རྡོར་གྱི་མན་ངག །བོད་ཡུལ་འདི་ན་ལག་ལེན་དར་རྒྱས་སུ་ཡོད་པ་ལ་མཐོང་ཐོས་ལྟ་ཅི་སྨོས་ཡོད་དོ་ཞེས་པ་ཙམ་ཡང་མ་ཚོར་བའི་རྫི་ཤིན་དུ་སྡུམ་པར་འདུག་ཅིང༌། མཁས་པར་མངོན་པའི་ང་རྒྱལ་གྱི་འགྲེལ་པ་དེ་ལ་ཀློག་དར་ཡུལ་ལེ་བ་རེ་བྱས་པས། དོན་ཤེས་པར་རློམ་པའི་སྐྱོན་ཏེ། ཚིག་འདྲ་རུང་ལ་འཁྲུལ་པར་ཟད་དོ། །དེར་མ་ཟད་མདོ་ནས་བཤད་པ་དྲུག་པོ་དེའི་སྤྱི་ཁོངས་སུ། གསང་སྔགས་ཀྱི་རླུང་སྦྱོར་རྣམས་ཀྱང་འདུས་པའི་ཕྱིར། རྒྱུད་ལས་མ་གསུངས་ན་ཡང༌། དེ་ལྟར་འཆད་པ་ལ་འགལ་བ་མེད་ན། རྒྱུད་ལས་གསུངས་པའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། འོ་ན་སྔགས་ལུགས་ཀྱི་ཐུན་མོང་མ་ཡིན་པ་དེ་གསལ་པོར་མི་འབྲི་བ་ཅི་ཞེ་ན། མན་ངག་ཡིན་པའི་ཕྱིར་རོ། །དེར་མ་ཟད་གསང་འདུས་སྒྲོན་གསལ་གྱི་སྦས་དོན་མཐར་ཐུག་དེ་ཀུན་ཡང༌། ཁྱེད་རྣམས་མན་ངག་ཡིན་པར་སེམས་མོད་ཀྱི། མན་ངག་གི་བཤད་པ་ཞེས་བྱ་བ། གོ་བབས་ཡིན་མོད་ཀྱི་མན་ངག་རང་དེ་གཏན་ནས་མ་ཡིན་པ་གོ་བར་བྱོས་ཤིག །དེ་ལྟར་ན་རླུང་གི་གནས་སྐབས་དྲུག་པོ་དེ་ལ། སྔོན་འགྲོ་སྦྱོར་བའི་དུས་འདིར། གནས་སྐབས་གསུམ་པ་
མཐར་ཕྱིན་པ་ཞིག་མེད་དུ་མི་རུང་ངོ༌། །གཉིས་པ་ནི། གཅིག་པུ་དབེན་པའི་ཕྱོགས་སུ་སོང་ནས་གང་ཡང་རུང་བའི་སྟན་ལ་འདུག་ནས། ཞེས་པ་སྟེ། རྒྱུད་ལས། ཚལ་དང་སྐྱེ་བོ་མེད་གནས་དང༌། །བདག་གི་ཁྱིམ་གྱི་ནང་དུ་ཡང༌། །ཞེས་གསུངས་ཤིང༌། ལྷན་སྐྱེས་ངེས་བསྟན་ལས་ཀྱང༌། རི་བོའི་ཕུག་དང་འབབ་ཆུའི་འགྲམ། །ཡང་ན་དུར་ཁྲོད་རྒྱ་མཚོའི་གླིང༌། །ཤིང་དྲུང་ངམ་ནི་རང་གི་ཁྱིམ། །དགོན་པ་གནོད་པ་བྲལ་བ་རུ། །བདེ་བའི་སྟན་ལ་ཉེར་འདུག་ནས། །ཞེས་གསུངས་ཏེ། གཅིག་པུ་དང་སྐྱེ་བོ་མེད་ཁྱིམ་ནི། སྐལ་མེད་ཀྱི་སྐྱེ་བོས་དབེན་པའི་ཕྱིར་རོ། །གསུམ་པ་ནི་དངོས་པོ་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པའི་ངོ་བོར་ངེས་པར་བྱས་ནས་ཞེས་པ་སྟེ། ངེས་བསྟན་ལས། ཆོས་རྣམས་ཀུན་ལ་གོམས་ནས་གསུང༌། །རྣལ་འབྱོར་ལྷན་ཅིག་སྐྱེས་གྲུབ་ཕྱིར། །བསམ་གཏན་སྒོམ་པ་བརྩམ་པར་བྱ། །ཞེས་ཀྱང་གསུངས་ཏེ་ཁ་སྦྱོར་དང་གདན་བཞི་ལས། དང་པོར་སྟོད་ཉིད་བསམ་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་སོ། །སྟོང་ཉིད་དེ་ཡང་ཇི་ལྟ་བུ་སྙམ་ན། ཀུན་རྫོབ་ཀྱི་ཕྱོགས་ལ། ངོ་བོས་གཟུགས་མེད་མཐོང་བ་པོ། ཞེས་པ་ལ་སོགས་པ་དང༌། བདེན་པ་གཉིས་ཀའི་ཕྱོགས་བཟུང་ནས། །རང་བཞིན་གདོད་ནས་མ་སྐྱེས་པ། ཞེས་པ་ལ་སོགས་པ་དང༌། །དེ་ཇི་ལྟར་སྒོམ་པའི་ཚུལ་ཡང༌། དམན་པ་འབྲིང་དང་མཆོག་རྣམས་ལ། །ཞེས་པ་ལ་སོགས་པའོ། ཚིག་
དོན་ནི། དངོས་པོ་ཤེས་བྱ་ཐམས་ཅད་གདོད་ནས་རང་བཞིན་གྱི་གཟུང་འཛིན་གྱིས་རྣམ་པར་དག་ཅིང༌། རྣམ་པར་ཤེས་པ་ཙམ་གྱི་ངོ་བོ་དང༌། །རྣམ་པར་ཤེས་པ་དེ་ཡང་རྣམ་པར་དག་སྟེ། ཡེ་ཤེས་ཙམ་གྱི་ངོ་བོར་ངེས་པར་བྱས་ནས་ཞེས་པ་དང༌། ཆོས་ཕ་རོལ་དུ་ཕྱིན་པ་དྲུག་དང༌། ཁྱད་པར་དུ་སྟོང་པ་ཉིད་ཀྱི་དོན་ལ་གོམས་ཤིང་འདྲིས་བར་བྱས་ནས་དེ་སྒོམ་ཞེས་པའོ། །བཞི་པ་ནི། རང་ཉིད་དཔལ་ཧེ་རུ་ཀའི་གཟུགས་སུ་ལྷག་པར་མོས་པར་བྱའོ། །ཞེས་པ་སྟེ། རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་གསུངས། མན་ངག་བཞིན། ཧེ་རུ་ཀའམ་རྡོ་རྗེ་བདག་མེད་མའི་ལྷའི་རྣལ་འབྱོར་ལ་སེམས་བརྟན་པར་བསྒྲུབས་ཏེ། གསལ་སྣང་རབ་འབྲིང་ཐ་མ་གསུམ་གང་རུང་ཞིག་ཐོབ་པར་བྱའོ། །གལ་ཏེ་སྒྲུབ་པ་པོ་ཤིན་དུ་སྦྱང་པ་མ་ཡིན་ཡང༌། ལས་རྒྱ་ལ་བརྟེན་ནས་དཔེའི་ཡེ་ཤེས་སྒྲུབ་པར་འདོད་པ་དེ་ལའང༌། གསལ་སྣང་མ་ཐོབ་ནའང༌། ལྷག་པར་མོས་པ་ཤུགས་ཅན། ཟླ་བ་དྲུག་གམ། ལོ་ཡི་སྦྱོར་བ་བསྒོམས་ཏེ། ལྷག་པའི་ལྷའི་ང་རྒྱལ་མི་འཆོར་བ་ཞིག་དགོས་སོ། །ལྔ་པ་ནི། དེ་ནས་ཡིད་ཀྱིས་གང་ཡང་རུང་བའི་འདོད་པ་བླངས་ལ། ཞེས་པ་སྟེ། འདི་ནི་ལས་ཀྱི་ཕྱག་རྒྱ་ཁོ་ནའི་དབང་དུ་བྱས་སོ། །དེ་ཡང་རྒྱུད་ལས། ཤིན་དུ་བཞིན་བཟང་མིག་ཡངས་མ། །གཟུགས་
དང་ལང་ཚོ་རྣམ་པར་བརྒྱན། །སྔོ་སངས་དལ་མ་རིགས་བཟང་མ། །སིཧླ་ག་བུར་འབྱུང་བའི་གནས། །རང་གིས་དབང་བསྐུར་ཀྱཻ་རྡོ་རྗེ། །སྐྲ་བཟང་སྒྲུབ་པ་པོ་ལ་དགའ། །ཞེས་སྤྱིའི་མཚན་ཉིད་དང༌། །ཤིན་ཏུ་རིང་མིན་ཐུང་བ་མིན། སོགས། ཁྱད་པར་གྱི་མཚན་ཉིད་གསུངས་སོ། །དེ་ལྟ་བུའི་རིག་མ་དེ་ཡང༌། །སྦྱངས་པ་དང་ལྡན་པ་ཞིག་དགོས་ཏེ། །རིགས་ལ་སོགས་པ་གཙོ་བོར་གྱུར་པ་ནི་མ་ཡིན་ནོ། །རྫོགས་པའི་རིམ་པའི་སྐབས་འདིར་ནི། །རྒྱུད་ལས། རིགས་ལྔ་དག་དང་མཉམ་ལྡན་པ། །རིགས་ནི་གཅིག་ཏུ་ངེས་པར་བརྟག །ཅེས་གསུངས་པ་དང༌། རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཡང་ན་གཞན་གྱི་རིགས་བྱུང་བ། །བྱང་ཆུབ་ས་བོན་གདབ་པ་དང༌། །སྦྱངས་པ་ཡིས་ནི་བཟུང་བར་བྱ། ཞེས་དང༌། ཇི་ལྟར་སྦྱངས་པའི་ཚུལ་ཡང༌། །བྱང་ཆུབ་སེམས་ཀྱིས་རྣམ་པར་སྦྱངས། །དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ཚིག་སེམས་སྦྱང་གཅིག་པ་ཉིད། །ཅེས་པ་འདི་དག་རིག་རྟུལ་གྱི་སྐབས་སུ་གསུངས་པ་ཡིན་ཡང༌། དགོས་དོན་མཚུངས་པའི་ཕྱིར་སྐབས་འདིར་ཡང་ཁྱད་པར་མེད་དོ། །དྲུག་པ་ནི། བདག་མེད་པར་བསྒོམས་ཏེ་ཞེས་པ་སྟེ། འདིའི་དངོས་བསྟན་ནི། བདག་མེད་
སྟོང་པ་ཉིད་ཀྱི་དོན་བསྒོམས་པས། ཐ་མལ་གྱི་སྣང་ཞེན་མགོ་གནོན་པར་བྱེད་པ་སྟེ། མན་ངག་ཏུ། ཕྱག་རྒྱ་སྒྱུ་མར་སྦྱང་བ་ཞེས་བྱ་བ་དེའོ། །གཞུང་གི་དངོས་བསྟན་གྱི་ཚིག་ལ་མི་གསལ་ཡང༌། འདུ་ཤེས་གསུམ་ལྡན་གསལ་གདབ་པ་དང༌། ལུས་ངག་མཉམ་པ། འདོད་པ་མཉམ་པ། བྱིན་རླབས་མཉམ་པ་རྣམས་བྱ་སྟེ། སྐྱེ་མཆེད་དྲུག་དང༌། སྐུ་གསུང་ཐུགས་དང༌། རྡོ་རྗེ་དང་པདྨ་བྱིན་གྱིས་རླབས་པ་ལ་སོགས་པའོ། །འདི་དག་གཞུང་གི་དངོས་བསྟན་ལ་ཅིའི་ཕྱིར་མི་འབྱུང་ཞེ་ན། སྤྱིར་འདི་ལྟར་ཤེས་དགོས་ཏེ་ཤིན་ཏུ་རྒྱས་བསྟན་ཡང་ཡང་འཐག་པའི་བསྟན་བཅོས་ལ་ཟློས་སྐྱོན་ཕྲ་མོ་རྩི་མི་དགོས་ཤིང༌། ཤིན་ཏུ་བསྡུས་པར་བསྟན་པའི་གཞུང་ལ། དོན་གྱི་རྣམ་གྲངས་ཕྲ་མོ་མ་ཚང་བའི་སྐྱོན་སྤོང་མི་དགོས་པས། གཞུང་འདི་ཡང་ཚིག་ཤིན་ཏུ་བསྡུས་པ་ཡིན་ནོ། །འོན་ཀྱང་བསྐྱེད་རིམ་གྱི་ཕྱོགས་ལ་དེ་དག་ནན་ཏན་དུ་བསྒོམ་དགོས་ཀྱང༌། རྫོགས་རིམ་གྱི་ཕྱོགས་ལ་ནི་ངེས་པ་མེད་པར་ཡང་དགོངས་སོ། །མི་དགོས་པའི་རྒྱུ་མཚན་ཡང༌། དེ་དག་རང་ཤར་དུ་བྱུང་བ་ཡང་ཡིན་ལ། རྣམ་པ་གཅིག་ཏུ་ན་དེ་དག་དངོས་མ་ཤར་ཡང༌། ཚོགས་དྲུག་བདེ་སྟོང་དུ་རང་ཤར་བ་ལ་སོགས་པ། དེ་དག་གི་དོད་དུ་ཆེས་ཁྱད་པར་འཕགས་པ་དག་འབྱུང་བའི་ཕྱིར་རོ། །བདུན་པ་ནི། བོ་ལ་དང་ཀཀྐོ་ལ་རོལ་བར་བྱ་བའམ། ཡང་ན་རྡོ་རྗེ་རོལ་པས་རང་གི་སྙིང་ག་དང་ལྟེ་བ་ནས་ཕབ་ནས།
ཞེས་པ་སྟེ། རྒྱུད་ལས། གཅེར་བུར་ཕྱག་རྒྱ་ཆེ་བྱས་ནས། ཞེས་སོགས་ཀྱི་དོན་ནོ། །འདིར་འགྲེལ་པ་ལས། བོ་ལ་སོགས་ཡེ་རྒྱ་དང༌། ཡང་ན་སོགས་ཕྱག་ཆེན་དུ་བཤད་ཀྱང་ཕྱག་ཆེན་ནི་ལས་ཡེ་སོགས་ཀྱི་འབྲས་བུའི་ཚུལ་དུ་འབྱུང་བ་ཡིན་པས། ལས་ཡེ་གཉིས་དང་འདམ་ཁའི་ཚིག་མི་འོས་ཤིང༌། སྙིང་ག་དང་ལྟེ་བ་ཞེས་པའི་ཚིག་ཁོ་ནས། ཕྱག་ཆེན་ཡིན་པར་མི་འགྲུབ་བོ། །དེ་ན་ལས་ཀྱི་ཕྱག་རྒྱ་ལ་ནི། ངེས་བསྟན་ལས། ཚོགས་དང་ལྡན་པ་ལ་སོགས་པས། ཁྱད་པར་དུ་གནས་རྗེས་ལ་ནི། །ལྟ་བ་ལ་སོགས་ཇི་ལྟ་བར། །མཁས་པས་ལམ་ནི་བསྟར་བྱས་ཏེ། །ཞེས་གསུངས་པ་ལྟར། དབང་པོ་ལྔའི་བདེ་བ་ལ་བསླབ་པ་སྔོན་དུ་འགྲོ་བ་ཡིན་ལ། གཞན་ནི་ལས་དང་ཡིད་ཀྱི་ཕྱག་རྒྱའི་རིམ་པ་རྣམས་འདྲའོ། །དེ་ཡང་སྒྲུབ་པ་པོའི་བོ་ལ་དང༌། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའི་ཀཀྐོ་ལ་རོལ་བར་བྱས་པ་ལས། གོང་དུ་བཤད་པ་ལྟར་གྱི་དགའ་བ་དང་མཆོག་དགའི་མཐར། ལྷན་སྐྱེས་འཆར་བའམ། ཡང་ན་རྫོགས་པའི་རིམ་པ་ཉིད་ཀྱི་ཕྱོགས་ལ་མཆོག་དགའི་མཐར་ཁྱད་པར་གྱི་དགའ་བ་ཡང་འཇུག་སྟེ། དགའ་བ། མཆོག་དགའ་ཁྱད་དགའ། ལྷན་སྐྱེས་ཞེས་སྤྱི་ལ་གྲགས་པ་ཡང་འདིས་མི་བཞེད་པ་མ་ཡིན་ནོ། །གང་ལྟར་ཡང་ཧཾ་གི་གཟུགས་སྤྱི་བོའི་ཐིག་ལེ་ཞུ་སྟེ། མགྲིན་པ་དང་སྙིང་གའི་བཅུད་ཀྱང་ཐིག་ལེ་དེས་བླངས་ཏེ། སྙིང་ག་ནས་བབས་པ་ལྟེ་བ་ནས་ཞུགས་ཏེ་ནོར་བུའི་བར་དུ་ཕྱིན་པ་ཡིན་པས།
སྙིང་ག་དང་ལྟེ་བ་ནས་ཕབ་ཅེས་གསུངས་སོ། །ཐིག་ལེའི་གནས་ཀྱི་གཙོ་བོ་སྤྱི་བོ་ཡིན་ཡང༌། ལྟེ་བ་ལ་འབབ་པས་དེ་དངོས་སུ་སྙིང་ག་ཁོ་ན་ནས་འབབ་པ་ཡིན་པའི་ཕྱིར། ལྟེ་སྙིང་ཁ་སྦྱོར་ཞེས་སྨོས་ཀྱི་སྤྱི་བོ་ལྟེ་བ་སྦྱོར་སོགས་ཀྱི་ཐ་སྙད་དགྱེས་རྡོར་རྩ་རྒྱུད་འདིའི་རྫོགས་རིམ་ལ་ནི་སློབ་དཔོན་འདི་མི་བཞེད་དོ། །དེ་ཡང་རྩ་གཞན་གྱི་ཁམས་རྣམས་སྤྱི་བོར་འདུས། ཧཾ་ཡིག་ཞུ་སྟེ་སྤྱི་བོ་གང་ནས་མགྲིན་པར་ཕྱིན་པ་ནི་དགའ་བ་དང༌། མགྲིན་པ་དང་སྙིང་ག་གང་སྟེ། ལྟེ་བའི་ཡས་ལོགས་སུ་ཕྱིན་པ་མཆོག་དགའ་དང༌། ལྟེ་གསང་ནོར་བུ་རྣམས་གང་བ་ནི་ལྷན་སྐྱེས་ཡིན་ཞིང༌། གཅིག་ཏུ་ན་དགའ་བྲལ་ནི་སྤངས་ཏེ་དེའི་དོད་དུ་མས་བསྟན་ནོ། །ཡང་ཁྱད་དགའ་ལྷན་སྐྱེས་ཀྱིས་སྔོན་དུ་བྱེད་ན། སྙིང་ག་ནས་བབས་ཏེ་ལྟེ་བ་གང་བ་ཡན་ཆད་དང་སྦྱོར་རོ། །འོན་ཀྱང་སློབ་དཔོན་འདིས་དགྱེས་རྡོར་གྱི་སྐབས་སུ། རྣམ་གྲངས་འཕྲོས་དོན་ཙམ་དང༌། མས་བསྟན་གྱི་དགའ་བཞི་འཆད་སྐབས་མ་གཏོགས། རྣམ་གཞག་དེ་མི་མཛད་དོ། །འོ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འདི་གཉིས་གང་སྔོན་ལ་སྒོམ་ཞེ་ན། ཡེ་ཤེས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ནི། ཏིང་ངེ་འཛིན་མཆོག་ཏུ་བསྟན་པ་ཁོ་ན་ལ་ཡིན་པས། ལས་རྒྱ་སྔོན་དང༌། ཡེ་རྒྱ་ཕྱིས་སྒོམ་པ་ཡིན་ཡང་མན་ངག་ཏུ་ལས་རྒྱའི་སྔོན་དུ་ཡིད་རིག་འགྲོ་བ་དེ། ཡེ་རྒྱ་དངོས་མ་ཡིན་ཀྱང་རྗེས་མཐུན་པ་ཡིན་པས། དེའི་མིང་ཙམ་འདོགས་པར་ནི་སྣང་ངོ༌། །ཕྱག་རྒྱ་
བཞིའི་རྣམ་གཞག་འདི་སྐབས་སུ། ཡེ་རྒྱ་ནི་ལས་རྒྱའི་ནང་དུ་འདུས་པ་ཡིན་ཏེ། དེ་གཉིས་ཕན་ཚུན་གཅིག་གི་རྣམ་པ་ཅིག་ཤོས་ཀྱིས་ལམ་དུ་བྱེད་ཅིང༌། དགོས་དོན་སོགས་ཕལ་ཆེར་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཡང་ན་ཞེས་པས། ལས་རྒྱ་བསྟེན་པར་མི་འོས་ཤིང༌། ཡེ་རྒྱ་མ་གྲུབ་པས་ནི། ཡང་ན་རྡོ་རྗེ་རོལ་པ་ལག་པའི་ཕྱག་རྒྱ་ལ་བརྟེན་ནས་ཀྱང༌། སྔར་བཞིན་རང་གི་སྙིང་ག་དང་ལྟེ་བ་ནས་ཕབ་པའི་ཐིག་ལེ་ནོར་བུར་བསྟན་པར་བྱའོ། །བརྒྱད་པ་ནི། ཐབས་དང་ཤེས་རབ་ཀྱི་རོལ་བ་སྒོམ་པའི་སྟོབས་ཀྱིས། དོན་དམ་པ་ལ་མངོན་པར་ཕྱོགས་པར་བྱའོ། །ཞེས་པ་སྟེ། དེ་ཡང་ཐབས་དང་ཤེས་རབ་དག་གི །རྩ་དང༌། ཐིག་ལེ་དང༌། རླུང་ཁ་སྦྱོར་དུ་གནས་ཏེ། ཞུ་བདེའི་རྗེས་ཆགས་སྐྱེད་པ་ན། ཀུན་ད་ལྟ་བུ་འཕྲོ་འདོད་ཚད་པ་དང༌། དེ་ཉིད་སྟོང་པར་བསྲེ་བ་ཤས་ཆེ་བ་ན། རང་ལྡོག་ཏུ་ཟློག་ཚད་པ་འབྱུང་བ་སྟེ། ཐབས་ཤེས་ཕན་ཚུན་གྱི་རྩ་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱི་རོལ་བ་སྟེ། རྩེད་མོའི་ཚུལ་གྱི་བདེ་བ་སྒོམ་པའི་སྟོབས་ལས། རྣམ་རྟོག་ངང་གིས་འགགས་པ་ལས་དོན་དམ་པ་སེམས་ཀྱི་རང་བཞིན། རང་རིག་བདེ་བ་དམ་པར་གནས་པ་ལ་མངོན་དུ་ཕྱོགས་པར་བྱའོ། །ཞེས་པ་སྟེ། ཞུ་བ་དེ་མི་རྟོག་པ་དང་འབྲེལ་བ་དེ་སེམས་ཀྱི་གནས་ལུགས་ལ་དམིགས་ནས་སྒོམ་པའི་དོན་ཡིན། དེ་སྐབས་ཀྱི་ཞུ་བདེ་རྒྱུ་མཐུན་གྱི་རྒྱུ་དང༌། སེམས་ཀྱི་གནས་ལུགས་མཚོན་པ་དེ་འབྲས་བུ་རང་བཞིན་ལྷན་
སྐྱེས་ཀྱི་ཆ་ཤས་ཡིན། འདི་ལས་ཡེ་དང་མཉམ་པར་སྦྱོར་བའི་དུས་སུ་སྒོམ་པར་མ་ཟད། དེས་མཚོན་བྱེད་བྱས་ནས་གཙོ་བོར་གནས་སྐབས་གཞན་དང་གཞན་དུ་རྒྱུན་མི་འཆད་པར་སྒོམ་རྒྱུ་ཡིན་ཞིང༌། དུས་ཉེ་བར་ལས་ཡེ་ལ་བརྟེན་ནས་ཡང་ཡང་མཚོན་པར་བྱེད་དགོས་པ་དེ་སྲིད་དུ། ལས་ཀྱི་ཕྱག་རྒྱའི་བདེ་བའམ་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ཞེས་བྱའོ། །མངོན་དུ་ཕྱོགས་པ་ཞེས་པ། མངོན་སུམ་དུ་རྟོགས་པ་དང༌། ཕྱོགས་དེར་གདོང་བ་ལྟས་པ་གཉིས་ལ་འཇུག་པ་ལས། སྐབས་འདིར་གདོང་བལྟས་པ་ཡིན་ལ་ཕྱིས་མངོན་དུ་འགྱུར་བ་ཡིན་ནོ། །རྒྱུད་ལས། མཆོག་མཐའ་དགའ་བྲལ་དང་པོར་ནི། །སོགས་དང༌། མཆོག་གི་མཐའ་དང་དགའ་བྲལ་དབུས། །སོགས་དང༌། སྣ་ཚོགས་དང་པོའི་དགའ་བ་ཉིད། །སོགས་ཀྱང་འདིར་སྦྱར་བར་བྱའོ། །ངེས་བསྟན་ལས། དེ་ལ་ལྷ་མོ་རྣལ་འབྱོར་ཏེ། །དེར་སེམས་བསྟན་པ་རྣལ་འབྱོར་པའོ། །དེ་ལ་དམིགས་པར་བྱེད་པ་ནི། །དེ་བཞིན་ལྷག་པར་མོས་པའི་སྟོབས། །དམིགས་པའི་རྗེས་སུ་བྱ་བ་ནི། །ཀུན་སྤྱོད་ལ་སོགས་སྤངས་ནས་སུ། །ཕྲ་མོའི་སེམས་སུ་བྱས་ན་ཡང༌། །མི་གཡོ་བ་རུ་སོན་པས་ན། །དེ་ལ་བཙལ་བར་མི་བྱ་སྟེ། །ལྷུན་གྱིས་གྲུབ་པ་ལ་འཇུག་བྱ། །དེ་ལྟར་རྒྱུན་དུ་གུས་པ་ཡིས། །རིང་པོར་མི་ཐོགས་རྟོགས་པར་འགྱུར། །འདི་ནི་སྒོམ་པའི་གཙོ་བོ་རུ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་བཤད། །ཅེས་བདེ་སྟོང་སྒོམ་
པའི་ཚེ། དཔྱད་པ་མེད་པར་མི་རྟོག་པ་ཉིད་ཀྱི་སྒོམ་མོ། །འོ་ན་དང་པོ་དགའ་བ་ཙམ་ཉིད་དེ་སོགས་དགའ་བ་གཞན་གསུམ་ཕུལ་དུ་བྱུང་བ་མ་ཡིན་པ་དང༌། དང་པོར་རེག་པར་འདོད་པ་སྟེ་སོགས་གསུམ་པོ་འཁྲུལ་པ་ཅན་དང༌། མཆོག་ཏུ་དགའ་བ་སྲིད་པར་བརྗོད་སོགས་གསུམ་པོས་དེ་ཁོ་ན་ཉིད་མངོན་གྱུར་དུ་བྱེད་མི་ནུས་པ་དང༌། འདོད་ཆགས་མེད་ཅིང་སོགས་ཀྱི་དོན། དང་པོ་ནི་རྟོག་བཅས་ཀྱི་ཕྱིར་བྱང་ཆུབ་མ་ཡིན་པ་དང༌། མཆོག་དགའ་དགའ་བྲལ་བྱང་ཆུབ་ཙམ་ཡིན་ཡང༌། རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བར་བཤད་དེ། རྫོགས་རིམ་ལ་ལྷན་སྐྱེས་ཁོ་ན་སྒོམ་དགོས་པ་མ་ཡིན་ནམ་སྙམ་ན། འདོད་དོན་གྱི་བསྒྲུབ་བྱ་ལྷན་སྐྱེས་ཁོ་ན་ཡིན་མོད་ཀྱང༌། ལྷན་སྐྱེས་སྐྱེ་བའི་རྒྱུ་ལ་དགའ་བ་དང་པོ་གཉིས་ཀྱང་དགོས་པ་དང༌། ལྷན་སྐྱེས་ལས་ལངས་པའི་དུས་སུ་དགའ་བྲལ་ཤུགས་ལ་འབྱུང་བར་ཤེས་ལ། ཡང་ན་ལྷན་སྐྱེས་ཀྱི་རྟོགས་པ་ལ་བརྟན་པ་ཐོབ་ནས། གཞན་རྣམས་ཀྱང་ལྷན་སྐྱེས་ཀྱི་རོ་དང་ལྡན་པར་འགྱུར་བ་ཡིན་པས་མི་འགལ་ལོ། །གོང་དུ་ངོ་བོ་གཅིག་ཏུ་འཇུག་པའི་སྐབས་སུ། ཞུ་བདེའི་གནས་ལུགས་རང་བཞིན་གྱི་བདེ་བ་ཡིན་པས། རང་བཞིན་མཚོན་ནུས་པ་ནས་གཟུང་སྟེ་ཞུ་བདེ་སྒོམ་པས་རང་བཞིན་གོམ་པར་ཡང་འགྱུར་བར་བཤད་པ་དང༌། འདིར་ཡང༌། དགའ་བ་གཞན་གསུམ་དང་ལྷན་སྐྱེས་ལ་ཁྱད་ཤིན་ཏུ་ཆེ་བ་ལྟར་གསུངས་པའི་རྗེས་སུ། ལྷན་
སྐྱེས་ལ་བསྟན་པ་ཐོབ་ན་གཞན་གསུམ་པོའང་ལྷན་སྐྱེས་གཅིག་པོར་སོང་བས་དེ་དག་སྒོམས་པས་ལྷན་སྐྱེས་སྒོམ་པར་འགྱུར་བ་ལྟ་བུར་ཞིག་གསུངས་ཏེ། །འདི་དག་འཆད་ཚུལ་གྱི་རིགས་པ་འདྲ་བ་ཞིག་གོ །དེ་ཡང་ཞུ་བདེའི་གནས་ལུགས་དང་པོ་ནས་རང་བཞིན་ལྷན་སྐྱེས་ཡིན་ཡང༌། འགྱུར་བའི་ཆ་དང་སྒྲིབ་བྱེད་ཀྱི་དྲི་མ་གཉིས་ཀྱིས་གཡོགས། འགྱུར་བའི་མཚན་ཉིད་ཀྱིས་ཀུན་ནས་ཉོན་མོངས་སུ་སོང༌། ཀུན་ཉོན་གྱི་བྱ་བ་བྱེད། མ་རིག་པའི་སྒྲིབ་གཡོགས་ཀྱི་གནས་ཚུལ་གང་ཡིན་མ་ཤེས་པ་ལས། རང་བཞིན་ལྷན་སྐྱེས་མཚོན་ནུས་པའི་ཉམས་རྟོགས་སྐྱེས་པ་ན། མ་རིག་པའི་སྒྲིབ་གཡོགས་ཅུང་ཟད་སངས་པས། ཞུ་བདེའི་གནས་ཚུལ་རང་བཞིན་དུ་འདུག་པ་ནི་ཤེས། འགྱུར་བའི་མཚན་ཉིད་མ་ལྡོག་ཀྱང༌། དེ་སྒྱུ་མ་ལྟ་བུར་མཐོང་བས། ཀུན་ཉོན་གྱི་བྱ་བ་མི་བྱེད་དོ། །དེའི་ཚེ་དུས་མཉམ་དེ་ན་ནི་རང་བཞིན་གྱི་བདེ་བ་ལ། འགྱུར་བའི་མཚན་ཉིད་ཀྱི་སྒྲིབ་གཡོགས་ཡོད་པ་དེ་ཁ་ལ་ཞུ་བདེ་ལྷན་སྐྱེས་ཀྱང་ཟེར་བས། ཞུ་བདེ་དང་རང་བཞིན་དངོས་པོ་ཐ་དད་དུ་བཞག་ཏུ་མེད་དེ། མི་དང་མི་གོས་ཅན་བཞིན་ནོ། །དེ་ལྟར་མ་རྟོགས་པ་ལ་ནི། གོས་དང་མི་བཞིན་དེ་གཉིས་ཐ་དད་ཡིན། དེ་ལྟ་ན་ཡང་འགྱུར་བའི་མཚན་ཉིད་དེ་ངོས་ནས། ཉེས་པ་མི་བསྐྱེད་ཅིང༌། གནས་སྐབས་ལམ་གྱི་བྱ་བ་བྱེད་མོད་ཀྱང༌། གནས་ལུགས་རྟོགས་
པར་མི་བྱེད་ལ། རང་བཞིན་གྱི་བདེ་བ་རང་གིས་རིག་པའི་ལྡོག་ཆ་ནས་ནི། གནས་ལུགས་ཉིད་ལ་འཇུག་པའི་ཕྱིར། མཚན་ཉིད་ཀྱི་བྱེད་ལས་ཁྱད་ཆེའོ། །འོན་ཀྱང་འགྱུར་བའི་མཚན་ཉིད་སྒྱུ་མ་ལྟ་བུ་དེ་དང༌། རང་བཞིན་གྱི་བདེ་བ་རིག་པ་དེ། རེ་ཞིག་འབྲལ་མི་ཤེས་པས། དོན་གཅིག་པར་བཤད་དོ། །འདིར་ཡང༌། དགའ་བ་གཞན་གསུམ་པོའི་ཡང་ངོ་ཏི་དེ་ལྷན་སྐྱེས་ཀ་ཡིན་ཀྱང༌། འགྱུར་པའི་ཆ་མི་འདྲ་བ་གསུམ་གྱི་མཚན་ཉིད་དང༌། བདེ་བའི་རང་བཞིན་མ་གཏོགས་པས་བསྒྲིབས་ཏེ། སྒྲིབ་བྱེད་དབང་བཙན་པས་རང་ངོ་དེ་རྟོག་མ་ཐུབ། སྐད་ཅིག་བཞི་པའི་སྐབས་སུ། འགྱུར་པའི་མཚན་ཉིད་སྲབ་ཅིང༌། རྣམ་རྟོག་ནུབ་པས་ལྷན་སྐྱེས་མཐོང་བ་ཡིན། དེ་ལ་གོམས་པས་བསྟན་པ་ཐོབ་པ་ན། སྒྲིབ་བྱེད་མ་ལོག་ཀྱང་སྒྲིབ་བྱེད་ལས་ངོ་བོ་དབང་བཙན་པར་སོང་སྟེ། དགའ་བ་གསུམ་པོའི་ངོ་ཏི་ལྷན་སྐྱེས་ཡིན་པ་དེ་རྟོགས་ནུས། གསུམ་པོའི་འགྱུར་བའི་མཚན་ཉིད་རྣམས་སྒྱུ་མ་ལྟ་བུར་ཤར་བས། ལམ་དུ་གྱུར་པ་དེའི་ཚེ། གསུམ་པོའང་ལྷན་སྐྱེས་ཡིན་ཞེས་ཐ་སྙད་བྱས་སོ། །ངོ་ཏི་ལ་བསམས་ན་དང་པོ་ནས་ཀྱང་ལྷན་སྐྱེས་ཡིན། འགྱུར་བའི་མཚན་ཉིད་ཀྱི་ཆ་ནས་ད་དུང་ལྷན་སྐྱེས་ཡིན་མོད་མེ་ལོང་དང་གཟུགས་བརྙན་ལྟར། དངོས་པོའི་དབྱེ་བ་མེད་པའི་ཕྱིར། དེ་གཉིས་སྡོམ་ནས་ལྷན་སྐྱེས་ཡིན་ཞེས་འཆད་པ་ཡིན། བརྟན་པ་མ་ཐོབ་བར་དུ་སྒྲིབ་བྱེད་དབང་བཙན་པར།
ལྷན་སྐྱེས་ཡིན་པའི་ཐ་སྙད་མི་བྱེད་དོ། །རིགས་པ་འདི་དག་དང་འདྲ་བར་ཕྱག་རྒྱ་ཆེན་པོ་ཐོབ་ནས། ལས་ཡེ་གང་སྦྱར་བས་ཀྱང༌། ཕྱག་ཆེན་གྱི་ཡེ་ཤེས་ཉིད་སྐྱེ་ལ། དེའི་ཚེ་དུས་མཉམ་གཅིག་པུ་དེ་ལ་ཕྱག་རྒྱ་གསུམ་གྱི་དབྱེ་བ་མེད་དོ། །དེ་སྐབས་ལས་རྒྱས་ཀྱང་བདེ་བ་འགྱུར་མེད་བསྒྲུབ་པ་ཡིན་མོད། འོན་ཀྱང་ལས་རྒྱ་དང་ཕྱག་ཆེན་ལ་མཆོག་དམན་ཡོད་དེ། ལས་རྒྱའི་ལྡོག་པ་ནས་ཞུ་བདེ་འབྱུང་གི །འགྱུར་མེད་མ་ཡིན་པས་སོ། །འདིར་སྨྲས་པ། །རྡོ་རྗེ་ཐེག་དོན་འཆད་ན་མཁས་པ་ལས་ཀྱང་མཁས་པ་ཞེས། །སྨྲ་བ་དེ་དག་བློ་རྩེ་གཏད་སོ་མེད་པའི་ཚིག་མང་སྦྱོར། །འགའ་ཞིག་རིགས་ལམ་འཇུག་ཅེས་འབྲེལ་མེད་མང་དུ་སྨྲ་མོད་ཀྱི། །ཤིན་ཏུ་ཕྲ་བའི་གནས་ལ་ཇི་བཞིན་འབྱེད་ནུས་གཞན་ཡོད་དམ། །འགའ་ཞིག་རྟོག་གེའི་ལམ་ལ་འཆོལ། །གཞན་དག་སྤམ་ཡོར་ཚིག་ཙམ་སྨྲ། །མ་འདྲེས་གསལ་བ་མངོན་སུམ་དུ། །སྨྲ་བ་འདི་ཡང་རྒྱལ་བའི་མཐུ། །ཐམས་ཅད་ཕྲག་དོག་དབང་དུ་གྱུར། །བཟའ་བཏུང་རྙེད་པ་ཁོ་ན་འདོད། །ཟབ་དོན་ལེགས་བཤད་སྨྲས་པ་ཡི། །སུ་ཞིག་མགུ་བ་ཐོབ་པར་འགྱུར། །བདེན་རྫུན་བཟང་ངན་མི་ཤེས་པར། །སྣག་ཤོག་ཡི་གེ་ཙམ་ཞིག་ངོམ། །ཙན་དན་ཡོག་མེ་རིན་མཉམ་པར། །རྩི་བའི་ཚོང་འདུས་འགའ་ཞིག་སྣང༌། །དགུ་པ་ཡེ་ཤེས་ཀྱི་རབ་དབྱེ་ལ། ལས་ཀྱི་ཕྱག་རྒྱ་ནི་རྒྱུའི་དོན་དང༌། ཕྱག་རྒྱ་གཞན་གསུམ་དེ་ལས་བྱུང་བའི་འབྲས་བུའི་དོན་དུ་སྦྱོར་རོ། །འདི་ལ་གསུམ་སྟེ།
ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱའོ། །དང་པོ་ནི། གལ་ཏེ་མངོན་སུམ་དུ་གྱུར་ན་ནི། ཡན་ལག་དང་ཉིང་ལག་ཐམས་ཅད་དང༌། དབང་པོ་ཐམས་ཅད་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དངོས་པོ་ཐམས་ཅད་དུ་རྣམ་པར་སྤྲོས་ནས་ཞེས་པ་སྟེ། ངེས་བསྟན་ལས། བདེ་ཆེན་གནས་སྐབས་དེ་ཡི་ཚེ། །བསམ་བསྟན་འདི་ནི་དེ་བཞིན་སོན། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་ཉིད་ལ་ནི་བརྟན་པར་བྱ། །བདེ་བ་དེ་ནི་བརྟན་བྱས་པས། །དངོས་པོ་ཀུན་ལ་སྤྲོ་བར་བྱ། །དེ་ཉིད་སྣང་བ་མེད་པར་ཡང༌། །ནུས་པ་བཞིན་དུ་རྣམ་པར་སྣང༌། །ཞེས་ཏིང་ངེ་འཛིན་གྱི་གཞི་ལ་བརྟན་པ་ཐོབ་པ་ན། སྣང་བ་ལ་སྤྲོ་བ་དང་སྤྲོས་པས་བདེ་བའི་ངོ་བོར་སྣང་བར་ཡང་བསྟན་ནོ། །གལ་ཏེ་ལས་རྒྱའི་བདེ་བ་བརྟན་པར་གྱུར་ཞིང༌། ཡེ་རྒྱའི་བདེ་བ་མངོན་སུམ་དུ་གྱུར་པ་དེའི་ཚེ། དབུ་མར་ཞུགས་པའི་རླུང་དང་ཐིག་ལེས་ཡན་ལག་དང་ཉིང་ལག་གི་རྩ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དང༌། ནང་གི་བདེ་བ་དེས་དབང་པོའི་ཡེ་ཤེས་པ་ཐམས་ཅད་ལ་རྒྱས་འདེབས་པ་དང༌། དེ་དག་བྱུང་བ་ན། ཡུལ་སྣང་སྣ་ཚོགས་བསྟན་ཞིང༌། ཏིང་ངེ་འཛིན་བསྐྱངས་པས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི། བརྟན་གཡོའི་དངོས་པོ་ཇི་ཙམ་སྣང་བ་དེ་ཙམ་ཐམས་ཅད་དུ་བདེ་ཆེན་གྱི་ཡེ་ཤེས་རྣམ་པར་སྤྲོས་ནས་ཁྱབ་སྟེ། ཐམས་ཅད་བདེ་སྟོང་གཅིག་གི་ངོ་བོར་གྱུར་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཆོས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་
ཐོབ་ན། དེ་ཕྱིན་ཆད་ལས་རྒྱའི་བདེ་བས་སྣེ་ཁྲིད་དེ་སྒོམ་དགོས་པ་ལྟ་བུ། ལས་རྒྱ་ལ་ལྟོས་པ་ནི་མེད་ལ། ལས་རྒྱ་བསྒོམས་ན་གྲོགས་སུ་མི་འགྱུར་བ་ཡང་མ་ཡིན་ནོ། །དེ་ལ་ཆོས་རྒྱའི་དོན་གྱི་སྙིང་པོ་ནི། ནང་དུ་རླུང་སེམས་དབུ་མར་འགགས་པའི་བདེ་སྟོང་ཡོད་པའི་མཐུ་ལས། སྣ་ཚོགས་འདི་དག་སྣང༌། བཞིན་དུ་སྒྱུ་མ་ལྟ་བུར་རང་ཤར་བ་དང༌། ཤར་བ་དེས་ནང་གི་ཡེ་ཤེས་འབར་བའི་གྲོགས་བྱེད་པ་སྟེ། དེ་ལྟ་བུའི་ཕྱི་ནང་གཉིས་ཀར་ལ་སེམས་མི་རྟོག་པར་གནས་པའི་ཏིང་ངེ་འཛིན་ནོ། །དེ་ཡང་རྒྱུད་ལས། བཟའ་དང་བཏུང་དང་བླུག་པ་དང༌། །ཉལ་དང་ལོག་དང་སེམས་དཔའ་ན། །ཞེས་པ་ནས། དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་པའི་བར་གྱིས་བསྟན་ནོ། །ཆོས་རྒྱ་ནི་ཕྱག་ཆེན་གྱི་སྦྱོར་བ་དངོས་རང་ཡིན་ལ། ལས་རྒྱ་ནི་དེའི་ཡང་རྒྱུ་ཚོགས་ཙམ་མོ། །གཉིས་པ་ནི། རྣམ་པ་མེད་པ། གསལ་བ་ཙམ་སྣང་བ་མེད་པ། མཐའ་ཡས་པ། བདེ་བ་ཆེན་པོ། རྒྱུན་མི་འཆད་པ། ཇི་སྲིད་དུ་སྒོམ་ནུས་པ། དེ་སྲིད་དུ་བལྟ་བར་བྱའོ། །ཞེས་པ་སྟེ། ཀུན་རྫོབ་གཟུགས་སོགས་དང༌། ནང་འདོད་ཆགས་སོགས་ཀྱི་རྣམ་པ་ཐ་དད་མེད་པ། རིག་པའི་ངོ་བོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གསལ་བ་ཙམ་ཞིག་ཡིན་པ། རིག་བྱ་རིག་བྱེད་དམ། ཡུལ་ཡུལ་ཅན་ནམ། གཟུང་འཛིན་གཉིས་སུ་སྣང་བ་མེད་པ། རྣམ་པར་མི་རྟོག་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པ་འཆར་བ། ངོ་བོ་ནི་བདེ་བ་ཆེན་པོ་སྟེ།
དེ་ཡང་སྡུག་བསྔལ་མེད་ཙམ་དང་མ་ཡིན་ས་ཙམ་བདེ་བར་བཞག་པ་ཡིན་ཏེ། ལྷག་པར་བདེ་བ་ཉིད་དུ་ཉམས་སུ་མྱོང་བ་ཡིན་ལ། བདེ་ཆེན་དེ་དང༌། བདེ་བའི་རྣམ་པ་ཇི་ལྟ་བར་འདྲ་བའི་དཔེ་ནི་མེད་མོད་ཀྱང༌། དཔེ་འདྲ་རུང་རྣམས་ཀྱི་ནང་ནས། ཞུ་བདེ་ལྷན་སྐྱེས་ལས་འདྲ་བ་གཞན་མེད་པའི་ཕྱིར། དེ་ཉིད་དཔེར་འཇོག་པ་ཡིན་པས། ཇི་ལྟར་བདེ་བའི་ཚུལ་དེ་འདྲ་ཞིག་ཡོད་དོ། །ཞེས་གོ་བར་བྱ་སྟེ། སྡུག་བསྔལ་མེད་ཙམ་དང་བདེ་སྡུག་གཉིས་མིན་བདེ་ཆེན་གྱི་མིང་བཏགས་པ་ཡིན་ན་ནི་ཞུ་བདེ་དཔེར་འོང་དོན་མེད་པའི་ཕྱིར་རོ། །རྒྱུན་མི་འཆད་པ་ཞེས་པ་ནི། བདེ་ཆེན་ཉིད་ཀྱི་རང་ངོས་ནས་རྒྱུན་ཆད་མེད་པ་ཡིན་གྱི། རྣལ་འབྱོར་པའི་མཉམ་བཞག་དང༌། ཉམས་མྱོང་ལ་འཕེལ་འགྲིབ་དང་རྒྱུན་ཆད་གཏན་ནས་མེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐུན་རེ་རེ་བཞིན་ཇི་སྲིད་དུ་བསྒོམ་ནུས་པ་དེ་སྲིད་དུ་བསྒོམ་ཞིང་བལྟ་བར་བྱའོ། །ཞེས་པ་སྟེ། འདིར་ཕྱག་རྒྱ་ཆེན་པོ་ནི། རྡོ་རྗེ་ལུས་ཀྱི་ཕྱོགས་ནས། ལྟེ་བའི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་གཏུམ་མོ་འབར་བས་རྩ་ནང་ཐམས་ཅད་ཁྱབ། ཕུང་ཁམས་སྐྱེ་མཆེད་རྩ་གནས་ཐམས་ཅད་ཀྱི་དྭངས་མ་སྤྱི་བོར་འདུས་ཏེ། གཏུམ་མོ་འབར་བའི་གདུང་བས་བཞུ་བ་ན། ཧཾ་དང་འདྲེས་ཤིང༌། རྩ་འཁོར་རྣམས་སུ་བདུད་རྩིས་ཆར་ཟིམ་འབེབས་པ་དང་ལྷན་ཅིག་ཨ་ཝ་དྷུ་ཏཱིའི་ལམ་བརྒྱུད་ཅིང༌། སྙིང་གའི་འཁོར་ལོ་ནས་ལྟེ་བར་འབེབས་པ་སྟེ་དེ་ལས་བརྒྱུད་ནས་རྩ་གནས་ཐམས་ཅད་དུ་ཐིག་ལེ་དྭངས་མས་ཁྱབ་
པར་འགྱུར་རོ། །འདིར་འབར་བའི་ཚེ། ལྟེ་བའི་ནུས་པས་སྙིང་ག་གྲོལ་བར་བྱེད་ཅིང༌། དེས་སྤྱི་བོ་དང་ནོར་བུ་ཡང་ངོ༌། །འབབ་པའི་ཚེ་སྙིང་གའི་ནུས་པས། ལྟེ་བ་གྲོལ་བར་བྱེད་ཅིང༌། དེས་མགྲིན་པ་དང་གསང་བ་ཡང་ངོ༌། །དེ་ལྟར་ན་ཚུལ་འདི་ལས་སེམས་ཀྱི་ཏིང་ངེ་འཛིན་རྣམས་འབྱུང་སྟེ། དག་པའི་ལུས་ལ་འབར་འཛག་དེ་ལྟ་བུ་བྱུང་བས། སེམས་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ལ་མངོན་སུམ་དུ་གནས་པར་འགྱུར་ལ། འབར་བའི་མཐུ་ལས་རྣམ་པ་མེད་པ་དང་མཐའ་ཡས་པ་གཉིས། འཛག་པའི་མཐུ་ལས་གསལ་བ་དང་སྣང་མེད་ཀྱི་མཚན་ཉིད་འཆར་བར་འགྱུར་རོ། །རྒྱུད་ལས། དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་སོགས་དང༌། ག་བུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། ཞེས་པས་བསྟན་ཏོ། །གསུམ་པ་ནི། དེ་ལས་ལངས་ནས་ཀྱང༌། དངོས་པོ་ཐམས་ཅད་བདེ་བ་ཆེན་པོ་ལས་བྱུང་བ། རྣལ་འབྱོར་མའི་འཁོར་ལོའི་བདག་ཉིད་དུ་མོས་པར་བྱའོ། །ཞེས་པ་སྟེ། འདི་ཐུན་མཚམས་ཀྱི་སྤྱོད་པར་འཆད་པར་ཡོད་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གོང་དུ་བསྟན་པའི་ཕྱག་རྒྱ་ཆེན་པོ་དེ་ཉིད་གོམས་པར་གྱུར་པ་ནི། ཏིང་ངེ་འཛིན་མཉམ་བཞག་དེ་ལས། རང་ཤུགས་ཀྱིས་ལངས་པའི་སྐབས་ཤིག སྣང་བ་ཐམས་ཅད་བདེ་སྟོང་དུ་ལམ་མེ་བ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་
འོལ་བྱི་ཙམ་རང་ཤུགས་སུ་འཆར་བ་ཞིག་ཡོད་དེ། མཚམས་དེ་ནས་འབད་པས་བསྒོམས་ཏེ། ཐུན་རེ་རེའི་མགོར་ཕྱག་རྒྱ་ཆེན་པོ་སྒོམ་ཞིང༌། དེ་ལས་ལངས་ནས་ཀྱང་སྟེ་ལངས་མ་ཐག་ཏུ་ཡང༌། མ་བརྟགས་པའི་ལྷའི་སྐུ། རྣལ་འབྱོར་མའམ་ཧེ་རུ་ཀའི་འཁོར་ལོའི་དཀྱིལ་འཁོར་གྱི་བདག་ཉིད་དུ་མོས་པས་བསྒོམ་པར་བྱའོ། །འདིར་མོས་པའི་དོན་མངོན་པར་ཞེན་པའི་མོས་པ་མ་ཡིན་གྱི། དངོས་མ་ཡིན་ཡང་འདྲ་རུང་བ་བྱ་བ་བྱེད་ནུས་ཀྱི་མིང་ངོ༌། །དང་པོར་རང་རྒྱུད་ཀྱི་ཕུང་པོ་ལྔའི་གནས་སུ་དེ་ལྟར་འཆར་ལ། དེ་ནས་རྒྱ་ཇེ་ཆེ་སོང་ནས། མཐར་དངོས་པོ་ཐམས་ཅད་བདེ་བ་ཆེན་པོ་ལས་བྱུང་ཞིང༌། བདེ་བའི་རང་བཞིན་ཅན་གྱི་དཀྱིལ་འཁོར་དེར་འགྱུར་རོ། །འདིར་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི། སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བས་ཟླས་ཕྱེ་བའི་ཡེ་ཤེས་ཀྱི་སྐུ་དང་དོན་གཅིག་མིང་གི་རྣམ་གྲངས་སོ། །དེ་ཡང་རྒྱུད་ལས། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཞེས་སོགས་དང༌། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཞེས་སོགས་ཀྱིས་བསྟན་པའི་དོན་ནོ། །སྔ་རབས་ཁ་ཅིག །ཇོ་བོ་མཻ་ཏྲི་པ་ནི་སློབ་དཔོན་ཆེན་པོ་ཤཱནྟི་པ་འདིའི་སློབ་མར་འཆད་པ་ཡང་བདེན་པར་མངོན་ཏེ། ཕྱག་རྒྱ་བཞི་དང་སྐད་ཅིག་མ་བཞིའི་གནད་རྣམས་ཕལ་ཆེར་མཐུན་པར་སྣང་ངོ༌། །དེ་ན་མཻ་ཏྲི་པའི་ལུགས་ལ་དམ་ཚིག་ཕྱག་རྒྱ་བསྐྱེད་རིམ་ལ་འཆད་ཟེར་བ་རྣམས་
མ་གོ་བ་ཆེན་པོ་ཡིན་ཞིང༌། རྒྱ་གར་ཕྱག་ནའི་རྗེས་འབྲང་དུ་རློམ་པ་བོད་པ་རྣམས། མཻ་ཏྲི་བ་དང་ཤཱིནྟི་པ་རྩོད་པ་ཤོར་ལུགས་སྨྲ་བ་སོགས་ནི། འཆལ་གཏམ་གྱི་རྫུན་འབའ་ཞིག་གོ །བཅུ་པ་རྗེས་ཐོབ་སྤྱོད་པའི་རིམ་པ་ནི། དེ་ཉིད་ཡང་སོ་སོ་རང་གིས་རིག་པའི་བདེ་བ་ཆེན་པོས། ཡང་དང་ཡང་དུ་མཆོད་པར་བྱ་སྟེ། མྱུར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར། སྒོམ་པའི་ཁྱད་པར་གྱི་ཚོགས་བསགས་ནས། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་པ་སྟེ། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་རོ་མཉམ་པའི་མཉམ་བཞག་དེ་ཉིད་ཀྱང་ཕྱི་རོལ་འདོད་པའི་ཡོན་ཏན་སྣ་ཚོགས་བསྟན་པ་དང༌། སྤྱོད་ལམ་སྣ་ཚོགས་དང་བསྲེས་པས། སྣང་བ་དེ་ཐམས་ཅད་ཆེན་པོ་དང༌། དམ་ཚིག་སྟེ་ཕྱག་རྒྱ་གཉིས་དང་རོ་མཉམ་པར་སོ་སོར་རང་གིས་རིག་པའི་བདེ་བ་ཆེན་པོས་སེམས་ཉིད་ཡང་དང་ཡང་དུ་མཆོད་པར་བྱ་སྟེ། མྱུར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ་ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་པར་བྱ་བའི་ཕྱིར། འདོད་ཡོན་སོགས་སྣང་བ་ཐམས་ཅད་བདེ་བ་ཆེན་པོར་སྒོམ་པ་དང༌། དེའི་ཁྱད་པར་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བ་དང༌། སྤྱོད་ལམ་ཐམས་ཅད་སེམས་ཅན་གྱི་དོན་ཚོགས་རྒྱ་ཆེན་པོ་བསགས་པའི་ཐབས་སུ་གྱུར་ནས། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདིས་ནི་བསྟེན་སློབ་ཀྱི་སྤྱོད་པ་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གཉིས་ཀར་བསྟན་པ་
ལས། གཙོ་བོར་རིག་པའི་བརྟུལ་ཞུགས་ཡིན་ལ། ལས་དང་པོ་པའི་འདོད་འཇུག་གི་སྤྱོད་པ་ཡང་ཤུགས་ལ་འཕངས་སོ། །འདི་དག་རྒྱས་པར་མ་སྤྲོས་ཏེ་གཞན་དུ་ཤེས་པར་བྱའོ། །གསུམ་པ་སྒོམ་པ་ལས་བྱུང་བའི་ལམ་གྱི་ས་མཚམས་རྣམ་པར་བཞག་པ་ལ། རྣལ་འབྱོར་བརྟན་པའི་ཚད་དང༌། ཏིང་ངེ་འཛིན་གྱིས་རྣམ་པར་བཞག་པའོ། །དང་པོ་ལ་མཉམ་བཞག་ཏིང་ངེ་འཛིན་གྱི་རྣམ་པ་དང༌། རྣལ་འབྱོར་གཉིས་ཀྱི་འཇུག་པ་དང༌། དེ་ཁོ་ན་ཉིད་ཀྱི་དམིགས་པ་དང༌། ཏིང་ངེ་འཛིན་གྱི་ཕན་ཡོན་ཏེ་བཞི་ལས། དང་པོ་ནི། བརྟག་པ་དང་པོའི་ལེའུ་བརྒྱད་པའི་རྒྱུད་ཚིག་དྲངས་པ་སྟེ། ང་ལས་སྲོག་ཆགས་ཐམས་ཅད་འབྱུང༌། །སྲིད་པ་གསུམ་པོ་ང་ལས་བྱུང༌། །འདི་ཀུན་ང་ཡིས་ཁྱབ་པས་ན། །གཞན་གྱི་ངོ་བོར་འགྲོ་མི་དམིགས། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། །ཤིན་ཏུ་མཉམ་བཞག་གོམས་བྱས་ལ། །བསོད་ནམས་དམན་པའི་མི་ཡིས་ཀྱང༌། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་སྟེ། །འདིར་ང་ཞེས་བྱ་བ་ནི། སེམས་ཀྱི་རང་བཞིན་བདེ་བ་ཆེན་པོའི་མིང་སྟེ། བདེ་བ་ཆེན་པོ་ང་ལས་གློ་བུར་གྱི་དྲི་མའི་ཚུལ་གྱི་ལས་ཉོན་སྡུག་བསྔལ་གསུམ་གྱི་རང་བཞིན། འགྲོ་བ་དྲུག་གི་སྲོག་ཆགས་ཐམས་ཅད་བྱུང་ལ། ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་འཇིག་རྟེན་འདི་ཡང༌། བདེ་བ་ཆེན་པོ་ང་ཡི་ལྷན་སྐྱེས་ཀྱི་དྲི་མ་ཀུན་གཞི་རྣམ་པར་ཤེས་པ། བག་ཆགས་སྨིན་པའི་སྟོབས་ལས་བྱུང་ངོ༌། །
དེ་ཡང་ཡེ་ཤེས་ཀྱི་འཁོར་བ་བསྐྱེད་པ་མིན་མོད་ཀྱི། རྟེན་བརྟེན་པའི་ཚུལ་ལས་ཏེ། ནམ་མཁའ་ལས་སྤྲིན་བྱུང་ཞེས་པ་ལྟ་བུའམ། རང་གཞན་སྣོད་བཅུད་ཀྱི་སྣང་བ་འདི་ཀུན་ལ། བདེ་ཆེན་ང་ཡིས་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་བོ། །དེ་ཡང་ཆོས་ཅན་ལ་ཆོས་ཉིད་ཀྱི་ཚུལ་གྱིས་ཁྱབ་པ་ཡིན་ཏེ། རྣམ་པར་དཔྱད་ན། སྣ་ཚོགས་འདི་ཀུན་དངོས་སུ་ཡོད་པ་ལ། བདེ་ཆེན་གྱིས་ཁྱབ་པ་མེ་ཏོག་དང་མེ་ཏོག་གི་དྲི་ལྟར་ཡོད་པ་མ་ཡིན་གྱི། མཁྲིས་ནད་ཅན་གྱིས་དུང་ལ་མིག་བརྟད་པ་ན། སེར་པོ་འཁྱིལ་བའི་གཟུགས་ཅན་དུ་མཐོང་སྟེ། དེའི་ཐད་རྣམས་དུང་དཀར་པོས་ཁྱབ་པ་བཞིན་དུ། རེ་ཞིག་སྣང་བ་འདི་མ་བཀག་པའི་དབང་དུ་བྱས་ནས། འདི་རྣམས་ལ་དེས་ཁྱབ་ཅེས་བརྗོད་དོ། །དེ་ལྟར་ཡིན་པས་ན། ཡེ་ཤེས་གང་གིས་སྣོད་བཅུད་ཀྱི་འགྲོ་བ་འདི་དག་ཐམས་ཅད། བདེ་ཆེན་ལས་གཞན་གྱི་ངོ་བོར་མེད་ཅིང་མ་དམིགས་སོ་ཞེས་པ་སྟེ། ནམ་ཞིག་བརྟན་པ་ཐོབ་པ་ན། མཉམ་བཞག་གི་སྣང་ངོར། སྣང་བ་ཐམས་ཅད་སེམས་ལས་གཞན་དུ་མེད་ཅིང༌། སེམས་ཀྱི་རྣམ་པ་ཐམས་ཅད་དེ་གཟུགས་བརྙན་ཙམ་དུ་ཤེས་ནས། སེམས་ཀྱི་དབྱིངས་བདེ་ཆེན་དུ་ཤར་བ་ལ་རྩེ་གཅིག་ཏུ་གནས་པ་སྟེ། རྣམ་པར་རིག་པ་ཙམ་གྱི་རྣམ་པ་དང༌། དེའི་རང་བཞིན་གནས་ཚུལ་ཡང་དོན་དམ་བདེ་ཆེན་གྱི་རྣམ་པ་སྟེ། བདེན་གཉིས་ཀྱི་རྣམ་པ་གཉིས་འཛིན་པ་ཡིན་ནོ། །རྣམ་པ་དེ་དང་ལྡན་པའི་ཏིང་ངེ་འཛིན་གྲུབ་པར་ན། ཐེག་པ་འདི་
པར་རྫོགས་པའི་རིམ་པའི་ལམ་འདི་ལ་ལས་དང་པོ་པའི་ས་ལས་འདས་ཏེ། རྣལ་འབྱོར་པར་གྱུར་པ་ཞེས་བྱའོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། ཤིན་ཏུ་མཉམ་བཞག་གོམས་པར་བྱས་ན། མཐོང་བའི་ཆོས་འདི་ཉིད་ལ་ཟུང་འཇུག་གི་གོ་འཕང་འགྲུབ་པར་འགྱུར་པ་འདི་ལ་ཐེ་ཚོམ་མེད་དོ། །ཡེ་ཤེས་དེ་རྒྱུད་ལ་སྐྱེས་པ་ལ། བསོད་ནམས་མཆོག་དང་ལྡན་པས་ཁྱབ་མོད་ཀྱང། འདིར་བསོད་ནམས་ཆེན་པོ་ལྟ་ཅི་སྨོས། བསོད་ནམས་དམན་པའི་མིས་ཀྱང་འགྲུབ། ཅེས་གསུངས་པ་ནི། ཕུལ་བྱུང་གི་ཚིག་གིས་བརྟག་པ་མཐར་བཟུང་ངོ་ཞེས་བརྗོད་ཀྱང་རུང་ལ། ཡང་ཡེ་ཤེས་སྐྱེ་བའི་རྒྱུར་གྱུར་པའི་བསོད་ནམས་མཆོག་ཡོད་ཀྱང༌། རིགས་གཟུགས་ལོངས་སྤྱོད་ཐོས་པ་ལ་སོགས་པའི་བསོད་ནམས་ཀྱི་རིགས་གཞན་མང་པོས་དམན་པ་ལ་དགོངས་པ་ཡིན་ནོ། །གཉིས་པ་ནི། ཡང་ན་མཉམ་པར་བཞག་པའི་རྣལ་འབྱོར་པས་ཡང་ལངས་པའི་རྣལ་འབྱོར་ཇི་ལྟར་ནུས་པ་བཞིན་དུ་བྱ་སྟེ། དེ་ལྟར་རྣལ་འབྱོར་གཉིས་ཀྱིས་སོ། །འདི་ལྟར་ཆུ་བོའི་རྒྱུན་དག་དང༌། །མར་མེ་འོད་ཀྱི་རྒྱུན་བཞིན་དུ། །ཉིན་དང་མཚན་མོ་ཐམས་ཅད་དུ། །དེ་ཉིད་རྣལ་འབྱོར་རྟག་གནས་བྱ། །ཞེས་པ་སྟེ། རྗེས་ཐོབ་ཏུ་ཡང་སྔར་བསྟན་པའི་ཡེ་ཤེས་ཀྱི་ཉམས་དང་མ་བྲལ་བ་དགོས་ཏེ། ཡང་ན་ཐོག་མའི་མཉམ་པར་བཞག་པའི་རྣལ་འབྱོར་པ་དེས། ཕྱིས་རྗེས་ཐོབ་ཏུ་ཡང༌། མཉམ་བཞག་ལས་ལངས་པའི་རྣལ་འབྱོར་སྣང་བ་ཐམས་ཅད་ཀྱང༌། སྒྱུ་མ་ལྟ་བུ་དང༌། བདེ་སྟོང་
དུ་འཆར་བ་ཇི་ལྟར་ནུས་པ་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་མཉམ་བཞག་དང་མཉམ་ལངས་ཏེ་རྣལ་འབྱོར་གཉིས་ཀྱིས་བསྒོམ་པར་བྱའོ། །འདི་ལྟར་ཆུ་བོའི་རྒྱུན་བཞིན་དུ་ཆད་པ་མེད་པར་འཇུག་པ་ནི་རྒྱུན་གྱི་རྣལ་འབྱོར་དག་དང༌། ཇི་ཙམ་སྒོམ་པའི་དུས་དེ་ཙམ་དུ། མར་མེའི་འོད་ཀྱི་རྒྱུན་བཞིན་དུ་གསལ་འགྲིབ་མེད་པར་གནས་པ། རྦ་རླབས་དང་བྲལ་བའི་རྣལ་འབྱོར་ཏེ། རྣལ་འབྱོར་རྣམ་པ་གཉིས་ཀྱི་སྒོ་ནས་ཉིན་མོ་དང་མཚན་མོ་ཐམས་ཅད་དུ། རྣལ་འབྱོར་པའི་སེམས་དེ་ཁོ་ན་ཉིད་ལ་རྟག་ཏུ་གནས་པར་བྱའོ། །དེ་ལ་རླབས་བྲལ་གྱི་རྣལ་འབྱོར་ནི། མཉམ་བཞག་གཙོ་ཆེ་བ་དང༌། རྒྱུན་གྱི་རྣལ་འབྱོར་ནི་རྗེས་ཐོབ་གཙོ་ཆེའོ། །གསུམ་པ་ནི། །རང་རིག་འདི་ནི་ཡེ་ཤེས་ཏེ། །ངག་གིས་ལམ་གྱི་སྤྱོད་ཡུལ་འདས། །འདི་ནི་བྱིན་རླབས་རིམ་པ་སྟེ། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཞེས་པ་སྟེ། མཉམ་བཞག་གི་ཡེ་ཤེས་དེའི་དམིགས་པ་ནི། ཀུན་མཁྱེན་སངས་རྒྱས་ཀྱི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་ལ་དམིགས་པ་སྟེ། ལམ་གྱི་བདེ་ཆེན་རྣམ་པ་ཐམས་ཅད་པ་དེ་ཉིད་བསྒོམས་པས། ལམ་དེའི་རང་བཞིན་སྙིང་པོ་བདེ་ཆེན་རྣམ་པ་ཐམས་ཅད་པ་ཡུལ་དུ་བྱས་པར་འགྱུར་རོ། །མིའི་སྐྲ་ནས་བཟུང་བས་མི་བཟུང་བར་འགྱུར་བ་བཞིན་ནོ། །ལམ་དེ་བསྒོམ་པས་གནས་ལུགས་སྙིང་པོས་དེ་རང་རིག་པའི་ཚུལ་གྱིས་རྟོགས་པ་
འདི་ནི། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཏེ། དེའི་རྟོགས་བྱ་རྟོགས་བྱེད་ཇི་ལྟར་རྟོགས་པའི་ཚུལ་རྣམས། ངག་གི་ལམ་རྣམ་རྟོག་གི་སྤྱོད་ཡུལ་དཔེ་དང་གཏན་ཚིགས་སོགས་ལས་འདས་ཏེ། བསམ་གྱི་མི་ཁྱབ་པའི་ཕྱིར་རོ། །འོ་ན་གང་གིས་རྟོགས་ཞེ་ན། འདི་ནི་བྱིན་རླབས་རིམ་པས་རྟོགས་པ་ཡིན་ཏེ། དེ་ཡང་རྣམ་པ་གསུམ་མོ། །བླ་མ་དང་ལྷག་པའི་ལྷ་དང༌། རྡོ་རྗེའི་ལུས་ལ་ཐབས་ཀྱི་གནད་དུ་བསྣུན་པའི་བྱིན་རླབས་སོ། །དེའི་ཕྱི་མ་ནི། རང་བྱིན་བརླབ་པ་ཞེས་བྱ་སྟེ། དཔེར་ན་བུ་རམ་དང༌། ཨ་རུ་ར་དང༌། དྷཱ་ཏ་ཀའི་སྦྱོར་བས་མྱོས་བྱེད་ཀྱི་དངོས་པོར་འགྱུར་བ་བཞིན་ཏེ། རྒྱུ་མཚན་བསམ་པར་བྱ་བ་མ་ཡིན་ནོ། །བཞི་པ་ནི། ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་དེ་བཞིན་དུ། །སྐད་ཅིག་ལ་ནི་ཀུན་མི་འཆིང༌། །རང་དང་གཞན་གྱི་སེམས་རིག་སྟེ། །ས་བླ་ས་འོག་ས་སྟེང་དུ། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །བདག་གཞན་ཕྱོགས་ཀྱི་རྣམ་རྟོག་གིས། །འདི་ལ་གནོད་པ་བྱེད་མི་ནུས། །ཞེས་པ་སྟེ། སྲིབ་རི་དང༌། བྲག་ཆད་པ་ལྟ་བུ་པ་དང༌། ཆུས་བྱིངས་པ་དང༌། ཁྱེར་བ་སོགས་དང༌། མེས་ཚིག་པ་དང་ནི། རླུང་གི་གྲང་པའམ། བསྐྱོད་པ་དང༌། གཡང་ས་ལ་སོགས་པའི་ནམ་མཁའ་སྟེ། ཕྱིའི་འབྱུང་བ་ལས་གྱུར་བ་དང༌། དེ་བཞིན་དུ་ནང་གི་འབྱུང་བའི་གནོད་པ་ནད་ཀྱི་རིགས་རྣམས་དང༌། དུག་དང་མཚོན་དང༌། སྦྲུལ་དང༌། སྟག་ལ་སོགས་པ་སྲོག་ཆགས་ཀྱི་གནོད་པ་སྟེ་མདོར་ན།
དེ་དག་ཀུན་ཀྱིས་སྐད་ཅིག་གི་སྟེ་ཡུད་ཙམ་ཡང་ཀུན་ནས་མི་འཆིང་ཞིང་གནོད་པར་མི་འགྱུར་རོ། །འདི་ནི་རྒྱུད་འབྲོག་འགྱུར་ལས། ཀུན་ཀྱིས་སྐད་ཅིག་གནོད་མི་འགྱུར། ཞེས་པ་གོ་བདེའོ། །གཞན་ཡང་རང་གི་སྔོན་དང་ཕྱི་མའི་མཐའ་དང་ཕ་རོལ་གཞན་གྱི་སེམས་རྣམས་ཀྱང་རིག་སྟེ། སྐད་ཅིག་གཅིག་ལ་རླུང་སེམས་ཙམ་ལས་སྒྲུབ་པའི་ཡེ་ཤེས་ཀྱི་སྐུ་གཅིག་ཉིད། གཞན་སྣང་དུ་ས་བླ་སྟེ་ནམ་མཁར་སྤྱོད་པ་དང༌། ས་འོག་དང་ས་སྟེང་སྟེ་འཇིག་རྟེན་གསུམ་དུ་སྐུ་སྣ་ཚོགས་སུ་སྟོན་པར་འགྱུར། ཞི་དྲག་ལ་སོགས་པ་ལས་སྣ་ཚོགས་ཀྱི་སྒོ་ནས། སེམས་ཅན་གྱི་དོན་ཆེས་མང་བ་ཅིག་ཅར་སྤྱོད་མོད་ཀྱང༌། བདག་དང་གཞན་གྱི་ཕྱོགས་སུ་འཛིན་པའི་ཆགས་སྡང་ལ་སོགས་པའི་རྣམ་རྟོག་གིས། རྣལ་འབྱོར་པ་འདིའི་སེམས་ལ་གནོད་པ་བྱེད་མི་ནུས་ཏེ། ཉོན་མོངས་ཀྱི་རིགས་རྒྱུན་ཡེ་ཤེས་སུ་གནས་འགྱུར་བ་མངོན་དུ་ཕྱོགས་པའི་ཕྱིར་རོ། །འདིས་དྲོད་ཐོབ་པའི་ཚད་ཞོར་ལ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་གྱིས་རྣམ་པར་བཞག་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། ཐབས་ཀྱི་ཁྱད་པར་གྱིས་རྣལ་འབྱོར་གྱི་གནས་སྐབས་ཀྱི་ཁྱད་པར་འདི་ཡང་རྣམ་པ་བཞིར་འགྱུར་ཏེ། སྤྲིན་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། གཉིད་སད་པ་ལྟ་བུའོ། །ཞེས་པ་སྟེ། རྒྱུད་འགོས་འགྱུར་ལས། དང་པོ་སྤྲིན་དང་འདྲ་བ་གཉིད། །གྲུབ་པས་སྒྱུ་མ་ལྟ་བུར་འགྱུར། །དེ་ནས་རྨི་
ལམ་འདྲ་བར་སྣང༌། །གཉིས་ལོག་སད་པ་མི་ཕྱེད་པའོ། །ཞེས་གསུངས་པའི་དོན་ཏེ། ཇི་སྲིད་དུ་རིམ་པ་གཉིས་ལ་ཏིང་ངེ་འཛིན་མ་ཐོབ་པ་དེ་དག་ནི་ལས་དང་པོ་པ་ས་ལ་མ་ཞུགས་པའོ། །ཏིང་ངེ་འཛིན་དེ་ཅི་རིགས་པར་ཐོབ་པ་ནས་གཟུང་སྟེ། ཐབས་ཀྱི་ཁྱད་པར་རིམ་པ་གཉིས་ཀྱི་མཐུ་ལས་ཐོབ་པའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་ཁྱད་པར་ལ། ཏིང་ངེ་འཛིན་གྱི་སར་བཞག་པའི་གནས་སྐབས་འདི་ལ་ཡང་རྣམ་པ་བཞིར་འགྱུར་ཏེ། སྤྲིན་ལྟ་བུ་དཔེ་འབའ་ཞིག་པའི་ས་དང༌། སྒྱུ་མ་ལྟ་བུ་མངོན་དུ་བྱེད་པའི་ས་དང༌། རྨི་ལམ་ལྟ་བུ་མཉམ་པར་སྦྱོར་བའི་ས་དང༌། གཉིད་དང་སད་པ་ལྟ་བུ་མངོན་སུམ་གྱི་ས་ཏེ་རིམ་པ་བཞིའོ། །གཉིས་པ་ལ། མདོར་བསྟན་དང་མཚུངས་པར་རིམ་པ་བཞི་ལས། དང་པོ་སྤྲིན་ལྟ་བུ་དཔེ་འབའ་ཞིག་པའི་ས་བཤད་པ་ནི། གྲུབ་པའི་སྔོན་རོལ་ན་སྤྲིན་ལྟ་བུ་སྟེ། སྤྲིན་སྲབ་མོས་ཟླ་བ་རྒྱས་ལ་གཡོགས་པ་ལྟར། གསལ་བར་མཐོང་བ་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་པ་སྟེ། འདིར་གྲུབ་པ་ཞེས་བྱ་བ་ནི། ཐུན་མོང་གི་དངོས་གྲུབ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་མིང་བཞག་སྟེ། འདི་ནི་དེ་དག་གི་བར་སྐབས། རྫོགས་རིམ་གྱི་བགྲོད་བྱའི་ལམ་གྱི་དབུས་ཀྱི་ས་མཚམས་ཞིག་སྟེ། དཔལ་རིམ་པ་ལྔ་པ་སོགས་ལས་འབྱུང་བ་ལྟར་ན། སེམས་དམིགས་ཀྱི་རིམ་པ་ལས་འདས་ཏེ། བདག་བྱིན་གྱིས་རློབ་པ་དང་པོར་ཐོབ་པ་ལ་ཟེར་བ་ཡིན་ཏེ། རྫོགས་རིམ་གྱི་ལྷ་སྐུ་དངོས་སུ་གྲུབ་པའི་
གནས་སྐབས་དང་པོ་ཡིན་པའི་ཕྱིར། གྲུབ་པའི་གནས་སྐབས་ཞེས་གསུངས་སོ། །དབང་བསྐུར་ཐོབ་ཅིང་དབང་དུས་སུ་ཡེ་ཤེས་ངོ་མ་འཕྲོད་ན་ལྟ་ཅི་སྨོས་སྐབས་དེར་ཅུང་ཟད་ངོ་འཕྲོད་དུ་ཆུག་ཀྱང༌། དེའི་རྒྱུན་སྒོམ་པར་མི་ནུས་པ་དག་ནི་ཐ་མལ་ལས་དང་པོ་པ་ཡིན་ཏེ། སེམས་རྩེ་གཅིག་པ་ལར་ནས་མ་ཐོབ་པའམ། ཅུང་ཟད་ཐོབ་ཀྱང་བསྐྱེད་རྫོགས་དང་མ་འབྲེལ་བའམ། འབྲེལ་དུ་ཟིན་ཡང༌། ཐུན་མོང་མ་ཡིན་པའི་བདེ་སྟོང་གི་ཉམས་མ་སྐྱེས་པ་དེ་སྲིད་དུ་ལས་དང་པོ་པ་ཡིན་པས། ཏིང་ངེ་འཛིན་གྱི་ས་མ་ཐོབ་བོ། །བསྐྱེད་རིམ་ལ་བརྟེན་པ་ཡིན་ཀྱང༌། ཐུན་མོང་མ་ཡིན་པའི་བདེ་སྟོང་གི་སྔར་དབང་དུས་སུ་ཐོབ་པའི་ཡེ་ཤེས་དེའི་བག་ཆགས་གསོས་ཏེ་རྒྱུན་སྐྱོང་ཐུབ་ན། ཏིང་ངེ་འཛིན་གྱི་ཐོག་མ་ཐོབ་པའི་ཁོངས་སུ་གཏོགས་ཤིང༌། རྫོགས་རིམ་ལ་བརྟེན་ནས་དེ་འདྲ་ཐོབ་པ་ཡིན་ན་ནི། དཔེ་འབའ་ཞིག་པའི་ས་ངེས་པར་ཐོབ་པ་ཡིན་ཞིང༌། དབང་པོ་རྣོན་པོ་ལ་ནི་དབང་དུས་ཀྱི་ཡེ་ཤེས་སྐྱེས་པ་ཉིད་ནས། དེའི་རྒྱུན་སྐྱོང་ནུས་པའི་ཕྱིར། ཐོག་མའི་དབང་བསྐུར་བ་ཉིད་ནས། ས་ཐོག་མ་ཐོབ་པའང་སྲིད་དོ། །འདིར་འཕྲོས་དོན་ལ། ཐ་ག་ནས་མཛད་པའི་འགྲེལ་པར་སྐབས་འདིའི་བཤད་པ་ན་འདི་སྐད་ཅེས་ཡོད་དེ། དེ་ཡང་ཏིང་ངེ་འཛིན་གྱི་གནས་སྐབས་ཀྱི་དབྱེ་བ། རྣམ་པ་བཞི་རུ་བསྟན་པ་ཡིན་ཏེ། །འདིར་གལ་ཏེ་ལྷན་[འདིའི་འཕྲོ་རྟག་བརྟན་སྤར་མ་ལ་མེད་ཅིང་མ་ཕྱི་གཞན་མ་རྙེད།]
ཤོག་སྟོང་།