རྒྱུར་གནས་སེམས་ཅན་ཐམས་ཅད་ལ་འབྲས་བུ་སངས་རྒྱས་སྒྲུབ་པ།ན་མོ་གུ་རུ། རྒྱུར་གནས་སེམས་ཅན་ཐམས་ཅད་ལ། །འབྲས་བུ་སངས་རྒྱས་སྒྲུབ་པ་ནི། །ཡོད་ནས་སྒྲུབ་བམ་མེད་ནས་བསྒྲུབ། །རྒྱུ་མེད་པ་ལ་འབྲས་བུ་མེད། །སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། །ནམ་མཁའ་སྟོང་པ་དག་ལས་ཀྱང༌། །མར་མེ་འབར་བ་མི་སྲིད་ལྟར། །རྒྱུ་མེད་པ་ཡི་སངས་རྒྱས་དེ། །གང་ལ་བརྟེན་ཏེ་འབྱུང་ཞེས་གསུངས། །ཡོད་ལས་ཡོད་པར་གྲུབ་ན་ཡང༌། །དེ་ཚེ་འཐས་པའི་སྐྱོན་དུ་འགྱུར། །ཁྱོད་ཀྱིས་བརྟགས་པའི་རྒྱུ་ཡོད་དེ། །འཕགས་པའི་ཚོགས་ཀྱིས་མ་གསུངས་པར། །ཁྱོད་ཀྱི་ཚིག་ལ་བདེན་ཅི་ཡོད། །སྙམ་པར་གྱུར་པ་ཡོད་ན་ཡང༌། །བདག་གི་རིག་པའི་ཤེས་རབ་དང༌། །ཐུབ་པས་གསུངས་པ་དོན་གཅིག་སྟེ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། །བདེ་གཤེགས་སྙིང་པོ་འགྲོ་ཁྱབ་དང༌། །སེམས་ཉིད་རྒྱ་ཆེན་མཆོག་སྐྱེད་དང༌། །འགྲོ་བ་མ་ལུས་སངས་རྒྱས་རྒྱུ། །སྣོད་མིན་སེམས་ཅན་འགའ་མེད་གསུངས། །དེ་ཕྱིར་སེམས་ཅན་སངས་རྒྱས་རྒྱུ། །རྒྱུ་ལས་འབྲས་བུ་གྲུབ་པ་ནི། །རི་བོང་རྭ་དང་མོ་གཤམ་བུ། །གཏན་མེད་ལྟ་བུ་མ་ཡིན་ཏེ། །དབུལ་མོའི་གཏེར་དང་ཡིད་བཞིན་ནོར། །རང་ལ་ཡོད་དམ་བྱི་དོར་ཚར། །དབུལ་ཕོངས་སེལ་བར་གྱུར་པ་དང༌། །དགོས་འདོད་འབྱུང་བ་ཇི་བཞིན་དུ། །རིག་པའི་ཁྱིའུ་ཆུང་བསང་པོ་ཡང༌། །ཡིད་བཞིན་འཆིང་བུས་གཏུམ་དང་འདྲ། །རིག་པ་ཆོས་སྐུར་རྟོགས་གྱུར་ན། །འཆིང་བུ་བྲལ་བའི་ཡིད་བཞིན་ཡིན། །གཟུགས་སྐུ་གཞན་དོན་འབྱུང་བ་དེ། །ནོར་བུས་དགོས་འདོད་འབྱུང་དང་མཚུངས། །བླ་མ་ལ་ཡང་བཞི་ཡིན་ཏེ། །རང་ཉིད་སྔགས་སོང་ནུས་དང་ལྡན། །མངོན་ཤེས་དང་ནི་སྤྱན་ལྔའོ། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག །རང་གིས་རྟོགས་ན་སྔགས་སོང་ཡིན། །བྱང་ཆུབ་སེམས་བསྐྱེད་ཚོགས་ཆེན་བསགས། །སྨོན་ལམ་གྲུབ་པས་མི་འགོགས་པ། །གཞན་དོན་འབྱུང་བའི་ནུས་པ་ཡིན། །དེ་ལ་མངོན་ཤེས་རྣམ་ལྔ་ནི། །ལྷ་ཡི་མིག་དང་ལྷ་ཡི་སྙན། །གཞན་སེམས་ཡེ་ཤེས་རྫུ་འཕྲུལ་དང༌། །སྐྱེ་དང་འཆི་འཕོ་ཤེས་པ་དང༌། །ཟག་པ་མེད་པའི་མངོན་ཤེས་སོ། །རེ་རེ་གཉིས་གཉིས་ཤེས་པར་བྱའོ། །སྤྱན་ཞེས་བྱ་བ་རྣམ་ལྔ་ནི། །ལྷ་དང་ཤ་དང་ཤེས་རབ་སྤྱན། །ཡེ་ཤེས་དང་ནི་སངས་རྒྱས་སྤྱན། །འཇིག་རྟེན་ཁམས་ནི་གཅིག་ནས་བརྒྱད། །མཐོང་བར་གྱུར་པ་ཤ་ཡི་སྤྱན། །འཇིག་རྟེན་ཁམས་ནི་བཅུ་དྲུག་ནས། །སུམ་ཅུ་རྩ་གཉིས་བར་དུ་མཐོང༌། །ལྷ་ཡི་མིག་ཅེས་བྱ་བ་ཡིན། །འཇིག་རྟེན་ཁམས་ནི་དྲུག་ཅུ་བཞི། །བརྒྱ་ནས་ཉི་ཤུ་རྩ་བརྒྱད་བར། །མཐོང་བ་ཤེས་རབ་སྤྱན་ཡིན་ནོ། །ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ནས། །འཇིག་རྟེན་ཁམས་ནི་ལྔ་བརྒྱ་བཅུ་གཉིས་སུ། །མཐོང་བ་ཡེ་ཤེས་སྤྱན་ཞེས་བྱ། །སྟོང་ནི་ཉི་ཤུ་རྩ་བཞི་རུ། །ཞིང་ཁམས་དཔག་མེད་མཐོང་བ་ནི། །སངས་རྒྱས་ཀྱི་ནི་སྤྱན་ཡིན་ནོ། །བྱམས་པས་སེམས་ཅན་བདེ་འདོད་དང༌། །སྙིང་རྗེས་སྡུག་བསྔལ་སེལ་ནུས་དང༌། །བྱམས་སེམས་བདག་བས་གཞན་གཅེས་གསུམ། །བློ་གཏད་ཐུབ་ཅིང་མངག་གཞུག་ཀྱང༌། །དགོས་འདོད་སྒྲུབ་པའི་གྲོགས་ཡིན་ནོ། །གསེབ་ལམ་དུས་མཐའི་སྐད་ཅིག་ལ། །རང་སྣང་བསོད་ནམས་ཚོགས་ཆེན་རྫོགས། །སྐྱེ་མེད་རྟོགས་པས་ཡེ་ཤེས་ཚོགས། །དབྱེར་མེད་ཟུང་དུ་འཇུག་པ་དེ། །ཡ་རབས་སྐྱེས་བུའི་ལམ་བརྒྱག་ཡིན། །ལམ་ཐག་རིང་གྲངས་མེད་གསུམ་ལ་སོགས། །ཚོགས་དཔག་མེད་གསོག་པར་བྱ་བ་ནི། །བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས། །རྟག་ཏུ་ངུ་ལ་གསུངས་པའི་དོན། །སངས་རྒྱས་སྐུ་ཉིད་ཐོབ་པ་དེ། །གཅིག་མིན་འགའ་ཡང་མ་ཡིན་གསུངས། །དཔག་མེད་བསོད་ནམས་ལས་བྱུང་གསུངས། །ཐབས་དང་ཤེས་རབ་དབྱེར་མེད་ལ། །རང་རྒྱུད་གོམས་པར་བྱེད་པ་དེ། །འཛད་མེད་བརྒྱགས་ཀྱི་མཆོག་ཡིན་ནོ། །དེ་ལྟར་ཚོགས་གཉིས་མི་གསོག་པར། །ཕྱིས་ནས་འགྱོད་པས་ཅི་ཞིག་ཕན། །ཚོགས་བསགས་པ་ནི་མཆོག་ཡིན་ནོ། །འཇུག་པ་ཀུན་རྫོབ་ཡེ་ཤེས་ནི། །སྣ་ཚོགས་ཇི་སྙེད་སྒྲོན་ཤིང་ལ། །རྟོགས་པ་དོན་དམ་ཡེ་ཤེས་ཀྱི། །ཤེས་རབ་ཆེན་པོའི་མེ་སྦར་ནས། །སྒྲོན་ཤིང་སྣང་བའི་བདག་ཉིད་འགྱུར། །རིག་དང་མ་རིག་འདི་གཉིས་ཚུལ་གཅིག་སྟེ། །གོ་རྟོགས་གཉིས་ལ་ལྟོས་པ་ཡིན། །རང་རིག་སྟོང་པར་རྟོགས་ཙམ་ན། །རྟོགས་བྱའི་སྟོང་པ་མ་རིག་པ། །མུན་པ་ཞེས་བྱར་བརྗོད་པ་ཡིན། །ལྷན་ཅིག་སྐྱེས་པའི་མ་རིག་ཡིན། །རྨུགས་པ་ཞེས་བྱར་བརྗོད་པ་ཡིན། །ཀུན་ཏུ་བཏགས་པའི་མ་རིག་ཡིན། །མ་རིག་སྤངས་པ་མེད་ན་ཡང༌། །རང་སེམས་རྟོགས་པས་མུན་པ་དྭངས། །གཟུང་འཛིན་སྤངས་པ་མེད་ན་ཡང༌། །གཟུང་འཛིན་མེད་པས་རྨུགས་པ་དྭངས། །མ་རིག་རིག་པའི་གནས་མེད་དྭངས། །རིག་པ་མ་རིག་གནས་མེད་པར། །མ་རིག་ཡེ་ནས་མི་དགེ་བ། །དེས་བསྐྱེད་ལས་ལས་སྡུག་བསྔལ་འབྱུང༌། །རིག་སྟོང་རྒྱུན་པར་གནས་པ་ནི། །ཡེ་ནས་དགེ་བའི་རང་བཞིན་ནོ། །དེས་བསྐྱེད་ལས་ལས་བདེ་བ་འབྱུང༌། །བར་དོ་རྣམ་གསུམ་གང་ཞེ་ན། །སྐྱེ་འཆི་རྨི་ལམ་བར་དོ་དང༌། །སྲིད་པའི་བར་དོ་གསུམ་ཡིན་ཏེ། །སྐྱེས་ནས་མ་ཤིའི་བར་དོ་ལ། །སྐྱེ་རྒས་ན་འཆིའི་འཕྲང་བཞི་ཡོད། །སྐྱེ་བ་ལ་ཡང་འཕྲང་བཞི་སྟེ། །སྒྱུ་མའི་རྣམ་ཤེས་རླུང་ལྟ་བུ། །ཆགས་སྡང་གཉིས་ཀྱི་དབང་དུ་གྱུར། །ཕ་མ་གཉིས་ཀྱིས་རྐྱེན་བྱས་ནས། །གཤང་རྡོར་པདྨའི་ལམ་ལ་ཞུགས། །དཀར་དམར་གཉིས་ཀྱི་ག་འུར་བཅུག །བདུན་ཚོ་བདུན་ལ་སྐུ་ཉིད་རྫོགས། །རང་བཞིན་གནས་པའི་ཏིང་འཛིན་གྱིས། །ཟླ་བ་བཅུ་ཡི་ས་ལམ་སྦྱངས། །གནས་དེ་ན་སྤྲུལ་སྐུ་འབྱོན་པ་ལ། །ལམ་གྱི་འཕྲང་ཆེན་རྣམ་བཞི་ནི། །མངལ་མདོ་རྒྱ་མདུད་འཕྲང་དང་གཅིག །རྩ་ཨ་ལོང་འབྱེད་འཛུམ་གྱི་འཕྲང་དང་གཉིས། །ཟུལ་མ་མིག་འདྲའི་འཕྲང་དང་གསུམ། །ཆོས་འབྱུང་རྒྱ་སྒོའི་འཕྲང་དང་བཞི། །འཕྲང་དེ་ལ་འཇིགས་པའི་དགྲ་བཞི་ཡོད། །ལུས་མགོ་མཇུག་བསྒྱུར་བའི་དགྲ་དང་གཅིག །ལུས་གག་ལ་འདྲེན་པའི་དགྲ་དང་གཉིས། །དབང་པོ་བསྲུབ་པའི་དགྲ་དང་གསུམ། །པགས་བཤུས་ཚེར་ཕུང་གི་དགྲ་དང་བཞི། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །ཐུར་སེར་རླུང་གི་སྐྱེལ་མ་དང༌། །རྩ་ཨ་ལོང་འབྱེད་པའི་སྐྱེལ་མ་དང༌། །སྒོ་ལྔ་འབྱེད་པའི་སྐྱེལ་མ་དང༌། །སྐུ་ཁྲུས་གསོལ་བའི་སྐྱེལ་མའོ། །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །སྐྱེ་བ་སྤྲུལ་སྐུའི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །རང་ལུས་སྤྲུལ་སྐུའི་བདེར་གཤེགས་དེས། །བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །ཐེག་པ་སྣ་ཚོགས་ཀྱི་གཏེར་ཁ་ཕྱེ། །སྤྲུལ་སྐུའི་གདུལ་བྱ་སྨིན་གྲོལ་བྱས། །ལུས་ལ་མཚན་དཔེ་འོད་དང་ནི། །ཏིང་འཛིན་ཞིང་གཡོ་འཕྲང་ལ་སོགས། །སྤྲུལ་སྐུའི་ཡོན་ཏན་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །རྒས་པ་ལ་ཡང་འཕྲང་བཞི་ཡོད། །བྱིས་པ་རྒས་པའི་འཕྲང་དང་གཅིག །ཕོ་སར་རྒས་པའི་འཕྲང་དང་གཉིས། །དར་མ་རྒས་པའི་འཕྲང་དང་གསུམ། །རྒྱུ་གཞོམ་རྒས་པའི་འཕྲང་དང་བཞི། །འཕྲང་དེ་ལས་འཇིགས་པའི་དགྲ་བཞི་ཡོད། །རྩ་འཕེལ་རྫོགས་ཆད་པའི་སྒྲ་དང་གཅིག །ཡི་གེ་སྲུབ་པའི་སྒྲ་དང་གཉིས། །ཁམས་རྒྱས་ཉམས་ཀྱི་སྒྲ་དང་གསུམ། །རླུང་འབྱུང་འཇུག་གཡོ་བའི་སྒྲ་དང་བཞི། ༈ །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །རྩ་ཁ་འབྱེད་བདེ་དྲོད་ཀྱི་སྐྱེལ་མ་དང༌། །གསལ་བྱེད་ཡི་གེའི་སྐྱེལ་མ་དང༌། །ཐིག་ལེ་འཕེལ་བའི་སྐྱེལ་མ་དང༌། །རླུང་འབྱུང་འཇུག་གནས་པའི་སྐྱེལ་མའོ། ༈ །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །རྒྱུ་མཐུན་རྒས་འཇོམས་ཀྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། ༈ །ཀུན་གཞི་ཡི་ནི་བདེ་གཤེགས་དེས། །ཐབས་ལམ་ཟབ་མོའི་གཏེར་ཁ་ཕྱེས། །གདུལ་བྱ་སྣ་ཚོགས་སྨིན་གྲོལ་བྱས། །ཞི་གནས་ལྷག་མཐོང་ཏིང་འཛིན་དང༌། །རྟེན་འབྲེལ་ནུས་པ་ཚོགས་པ་དང༌། །རྟགས་ལྔ་དང་ནི་ཕན་ཡོན་བརྒྱད། །གྲུབ་ཆེན་བརྒྱད་ལ་སོགས་པ་ཡི། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །གྲུབ་རྟགས་ཡོན་ཏན་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། ༈ །ན་བ་ལ་ཡང་འཕྲང་བཞི་ཡོད། །རྩ་བ་ཉོན་མོངས་ཀྱི་འཕྲང་དང་གཅིག །དགེ་སྡིག་ལས་ཀྱི་འཕྲང་དང་གཉིས། །འབྱུང་བཞི་ལུས་ཀྱི་འཕྲང་དང་གསུམ། །མྱོང་བ་སྡུག་བསྔལ་གྱི་འཕྲང་དང་བཞི། །འཕྲང་དེ་ལ་འཇིགས་པའི་དགྲ་བཞི་ཡོད། །དུག་གསུམ་ཆ་མཉམ་གྱི་དགྲ་དང་གཅིག །མི་དགེ་བཅུ་སྤྱད་ཀྱི་དགྲ་དང་གཉིས། །རླུང་མཁྲིས་བད་འདུས་ཀྱི་དགྲ་དང་གསུམ། །ཚ་གྲང་ཟུག་གཟེར་གྱི་དགྲ་དང་བཞི། །བགེགས་རིགས་བརྒྱད་ཅུའི་དགྲ་དཔུང་ཡོད། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །དུག་ལྔ་རང་གྲོལ་གྱི་སྐྱེལ་མ་དང༌། །དགེ་བཅུ་སྡིག་འཇོམས་ཀྱི་སྐྱེལ་མ་དང༌། །འབྱུང་བཞི་རོ་སྙོམས་ཀྱི་སྐྱེལ་མ་དང༌། །དམིགས་པ་བློ་བརྡེག་གི་སྐྱེལ་མའོ། །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །སྐུ་གསུམ་དབྱེར་མེད་ཀྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ངོ་བོ་ཉིད་སྐུ་བདེ་གཤེགས་དེས། །རྐྱེན་ངན་གྲོགས་སུ་འཆར་བ་དང༌། །གདོན་ལ་སྙིང་རྗེ་བསྒོམ་པ་དང༌། །གནོད་ལ་ལན་དུ་ཕན་འདོགས་དང༌། །སྡུག་བསྔལ་བདེ་བར་བསྒྱུར་བ་དང༌། །བདུད་ལས་རྣམ་རྒྱལ་ལ་སོགས་དང༌། །ཆོས་རྣམས་མཉམ་པར་རྟོགས་པ་ཡིས། །གདམས་ངག་ཟབ་མོའི་གཏེར་ཁ་ཕྱེ། །སྡུག་བསྔལ་གྱིས་ནོན་པའི་གདུལ་བྱ་ལ། །བདེ་བ་ཆེན་པོའི་སྨིན་གྲོལ་བྱས། །རྐྱེན་ངན་གྱི་རླུང་པོ་ལངས་གྱུར་ཀྱང༌། །མི་གཡོ་ཏིང་འཛིན་བརྟན་པ་ཡིས། །ཡོན་ཏན་གྱི་ཆོས་རྣམས་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །འཆི་བ་ལ་ཡང་འཕྲང་བཞི་སྟེ། །འབྱུང་བཞི་ཐིམ་པའི་འཕྲང་དང་གཅིག །སྣང་བ་ཐིམ་པའི་འཕྲང་དང་གཉིས། །དུ་བ་ལ་སོགས་འཕྲང་དང་གསུམ། །ཕྲ་རགས་ཐིམ་པའི་འཕྲང་དང་བཞི། །དེ་ལ་འཇིགས་པའི་དགྲ་བཞི་ཡོད། །ལུས་ལ་གནད་གཅོད་དགྲ་དང་གཅིག །སེམས་ལ་གཏི་མུག་གི་དགྲ་དང་གཉིས། །འདོད་ཆགས་མེ་དཔུང་གི་དགྲ་དང་གསུམ། །ཞེ་སྡང་རླུང་དམར་གྱི་དགྲ་དང་བཞི། །དེ་རང་བཞིན་བརྒྱད་ཅུའི་དགྲ་དཔུང་ཡིན། །དེ་ལ་སྐྱེལ་མ་རྣམ་བཞི་དགོས། །ལུས་སྦྱིན་གཏོང་ལྷ་སྐུའི་སྐྱེལ་མ་དང༌། །སེམས་སྣང་བ་གསུམ་གྱི་སྐྱེལ་མ་དང༌། །རྟག་སྐད་ཅིག་དགའ་བཞིའི་སྐྱེལ་མ་དང༌། །ཟད་པར་ཏིང་འཛིན་གྱི་སྐྱེལ་མའོ། །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །འཆི་བ་འོད་གསལ་གྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །རང་སེམས་ཆོས་སྐུའི་བདེར་གཤེགས་དེས། །ཁྱབ་དང་གཟུགས་ཅན་མ་ཡིན་དང༌། །ལྷུན་གྱིས་གྲུབ་དང་འགྲོ་འོང་མེད། །སྤྲོས་པ་ཐམས་ཅད་རབ་ཞི་བའི། །ཁྱབ་བདག་ཆོས་ཀྱི་གཏེར་ཁ་ཕྱེས། །ཆོས་སྐུའི་གདུལ་བྱ་སྨིན་གྲོལ་བྱས། །སངས་རྒྱས་ཞིང་རྣམས་གཡོ་བ་དང༌། །གཅིག་དང་དུ་མ་ལ་སོགས་དང༌། །སྤྲོས་པའི་ཆོས་རྣམས་མ་ལུས་ཀུན། །ཏིང་འཛིན་རྒྱ་མཚོ་ཆེན་པོར་ཐིམ། །ཆོས་སྐུའི་ཡོན་ཏན་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །རྨི་ལམ་གྱི་ནི་བར་དོ་ལ། །ཆོས་ནི་རྣམ་པ་བཞི་ཡིན་ཏེ། །གཟུང་སྦྱང་སྒྱུ་མ་དེ་ཉིད་གཞི། །རྨི་ལམ་ལ་ཡང་འཕྲང་བཞི་སྟེ། །སྒྱུ་མ་ལུས་ཀྱི་འཕྲང་དང་གཅིག །ཟིན་པ་བོགས་མེད་ཀྱི་འཕྲང་དང་གཉིས། །མེ་ཆུ་ཡ་ངའི་འཕྲང་དང་གསུམ། །རང་བཞིན་སྣང་མེད་ཀྱི་འཕྲང་དང་བཞི། །དེ་ལ་འཇིགས་པའི་དགྲ་བཞི་ཡོད། །གྲོགས་འདུན་ཉམས་པའི་དགྲ་དང་གཅིག །དངོས་པོ་ཨ་འཐས་ཀྱི་དགྲ་དང་གཉིས། །བདག་ཏུ་འཛིན་པའི་དགྲ་དང་གསུམ། །གཏི་མུག་གཉིད་ཀྱི་དགྲ་དང་བཞི། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །གནད་བཞི་ཡི་ནི་སྐྱེལ་མ་དང༌། །སྦྱང་སྤེལ་སྒྱུར་གྱི་སྐྱེལ་མ་དང༌། །སྒྱུ་མར་ཤེས་པའི་སྐྱེལ་མ་དང༌། །རང་རིག་གསལ་བའི་སྐྱེལ་མའོ། །དེ་ལས་ཐར་བའི་བདེ་བ་ནི། །དེ་ཉིད་མི་སློབ་ཀྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ཟུང་འཇུག་ཆེན་པོའི་བདེར་གཤེགས་དེས། །གཉིས་སུ་མེད་དང་ཟུང་དུ་འཇུག །བློ་ལས་འདས་དང་ཕྱག་རྒྱ་ཆེ། །དམའ་བའི་མནར་མེད་ཡན་ཆད་དང༌། །མཐོ་བའི་སྲིད་རྩེ་མན་ཆད་ཀྱི། །འཁོར་བའི་ཆོས་རྣམས་མ་ལུས་ཀུན། །མཐོ་བའི་སངས་རྒྱས་མན་ཆད་དང༌། །མྱ་ངན་འདས་པའི་ཆོས་རྣམས་ཀུན། །དྲི་ཟའི་གྲོང་དང་སྒྱུ་མའི་དཔེ། །ཐམས་ཅད་སྒྱུ་མར་གསུངས་པ་ཡི། །ཟུང་འཇུག་ཆོས་ཀྱི་གཏེར་ཁ་ཕྱེ། །གཏི་མུག་སྤྲིན་ལྟར་གཏིབས་པ་དང༌། །ཞེ་སྡང་མེ་ལྟར་འབར་བ་དང༌། །འདོད་ཆགས་ཆུ་ལྟར་ཁོལ་བ་དང༌། །ཕྲག་དོག་ཟུར་ལ་འཛེར་པ་དང༌། །ང་རྒྱལ་རི་བོས་ནོན་པ་སོགས། །ཉོན་མོངས་ནད་ཀྱིས་ཐེབས་པ་ཡི། །རྟག་པར་འཛིན་པའི་སྐྱེས་བུ་རྣམས། །སྒྱུ་མའི་ཆོས་ཀྱིས་སྨིན་གྲོལ་བྱས། །རྟག་ཆད་གཉིས་སུ་འཛིན་པ་དང༌། །གཉིས་ཀ་མ་ཡིན་བར་མ་དང༌། །གང་ཟག་བདག་ཏུ་འཛིན་པ་དང༌། །གཟུང་བ་དོན་དུ་འདོད་པ་དང༌། །འཛིན་པ་རྡུལ་ཕྲན་ཆ་བཅས་དང༌། །ཆ་མེད་ཕུང་པོ་ལྔ་རྒྱུན་དང༌། །བདག་མེད་བྱེ་བྲག་མདོ་སྡེ་པ། །རྣམ་བཅས་རྣམ་མེད་སེམས་ཙམ་དང༌། །སྒྱུ་མ་བདེན་པར་སྨྲ་བ་དང༌། །སྒྱུ་མ་གཉིས་མེད་དབུ་མ་དང༌། །རབ་ཏུ་མི་གནས་ཟུང་འཇུག་གོ །གྲུབ་མཐའི་ཆོས་རྣམས་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །སྲིད་པ་ཡི་ནི་བར་དོ་ལ། །འཕྲང་ཆེན་རྣམ་པ་བཞི་གསུངས་པ། །སྒྱུ་མ་ལུས་ཀྱི་འཕྲང་དང་གཅིག །ལས་ཀྱི་སྣང་བའི་འཕྲང་དང་གཉིས། །སྐྱེ་གནས་རྣམ་བཞིའི་འཕྲང་དང་གསུམ། །ཆགས་སྡང་དྲག་པོའི་འཕྲང་དང་བཞི། །འཕྲང་དེ་ལ་འཇིགས་པའི་དགྲ་བཞི་ཡོད། །འོད་ལྔ་བདག་འཛིན་གྱི་འཕྲང་དང་གཅིག །ལས་ངན་བསགས་པའི་དགྲ་དང་གཉིས། །གར་སྐྱེ་ངེས་མེད་ཀྱི་དགྲ་དང་གསུམ། །འཁྲིགས་ཆགས་ཕ་མའི་དགྲ་དང་བཞི། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །རིགས་ལྔ་ཡེ་ཤེས་ཀྱི་སྐྱེལ་མ་དང༌། །དག་སྣང་གོམས་བྱེད་ཀྱི་སྐྱེལ་མ་དང༌། །མངལ་སྒོ་བགག་ཐབས་ཀྱི་སྐྱེལ་མ་དང༌། །དབང་བཞི་བླ་མའི་སྐྱེལ་མའོ། །དེ་ལས་ཐར་བའི་བདེ་བ་ནི། །བར་དོ་ལོངས་སྐུའི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །བར་དོ་ལོངས་སྐུའི་སངས་རྒྱས་དེས། །སྔོན་བྱུང་སྲིད་པའི་ཤ་གཟུགས་དང༌། །དག་དང་མ་དག་ལུས་དང་ནི། །དབང་པོ་ཀུན་ཚང་ཐོགས་མེད་སོགས། །མ་སྒྲུབ་རྫུ་འཕྲུལ་ཡོན་ཏན་དང༌། །རིགས་མཐུན་ལྷ་མིག་ཡོན་ཏན་ལ་སོགས་པ། །རང་བཞིན་ཆོས་ཀྱི་འབྱུང་ཚུལ་རྣམས། །ཟབ་མོ་གནད་ཀྱི་གཏེར་ཁ་ཕྱེ། །སྨོན་པ་བདག་མེད་ལྟ་བུ་དང༌། །བལ་ལུད་རླུང་གིས་ཁྱེར་ལྟ་བུ། །སྐད་ཅིག་མི་སྡོད་གཡོ་བ་ཡི། །བར་དོར་གནས་པའི་གདུལ་བྱ་ལ། །བཞི་བཅུ་རྩ་དགུའི་བར་དག་ཏུ། །མཁའ་སྤྱོད་དང་ནི་མཆོག་ཐོབ་པའི། །དངོས་གྲུབ་ཀྱིས་ནི་སྨིན་གྲོལ་བྱས། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དང༌། །རྒྱུ་དང་ཐབས་དང་འབྲས་བུ་དང༌། །རྒྱུད་གསུམ་གྱི་ནི་ཡོན་ཏན་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །གཟུགས་སོགས་ཕུང་པོ་ལྔ་རྣམས་ནི། །མ་མཐར་དངོས་པོ་ཟག་བཅས་དང༌། །རིགས་ལྔ་ལུས་མེད་ལུས་ཀྱི་མཆོག །གཟུགས་སྐུའི་མཐར་ཐུག་ཀུན་གྱི་གཙོ། །རོ་གཅིག་རྡོ་རྗེ་འཆང་ཆེན་ཡིན། །ཚོགས་རྒུའི་རྣམ་ཤེས་ཡེ་ཤེས་ལྔ། །ཤེས་པ་ཀུན་གྱི་མཐར་ཐུག་པ། །ཇི་སྙེད་ཇི་ལྟ་ཡེ་ཤེས་གཙོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །བར་དོ་རྣམ་གསུམ་གཞིར་བཞག་ལ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །རྣམ་དག་སྐུ་སྟེ་སྐུ་ཡི་གཙོ། །ཤིན་ཏུ་རྣམ་དག་ངོ་བོ་ཉིད། །པན་ཙ་ཀ་མ་ལའི་རྒྱུད་ལས། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་སྐུའི་མཆོག་ཏུ་ཐུབ་པས་གསུངས། །བར་དོ་གསུམ་གྱི་སྐུ་གསུམ་ནི། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །རྨི་ལམ་སྲིད་པ་ལོངས་སྤྱོད་སྐུ། །སྐྱེ་བ་སྤྲུལ་པའི་སྐུ་ཉིད་དེ། །ན་བ་ངོ་བོ་ཉིད་ཀྱི་སྐུ། །རྒས་པ་རྣམ་དག་སྐུ་ཡིན་ནོ། །སྐྱེ་རྒས་ཀུན་གཞིའི་རིག་པ་ཉིད། །མེ་ལོང་གི་ནི་ཡེ་ཤེས་སོ། །རྨི་ལམ་ཉོན་མོངས་ཅན་གྱི་ཡིད། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྲིད་པ་ཡིད་ཀྱི་རྣམ་ཤེས་ནི། །སོ་སོར་ཀུན་རྟོག་ཡེ་ཤེས་སོ། །འཆི་བ་སྒོ་ལྔའི་རྣམ་ཤེས་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ནད་ལ་རོ་སྙོམས་རྐྱེན་འཇོམས་ནི། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཟུགས་ནི་རྣམ་པར་སྣང་མཛད་དང༌། །འཆི་བ་ཡི་ནི་བར་དོའོ། །ཚོར་བ་རིན་ཆེན་འབྱུང་ལྡན་ཏེ། །ན་བ་ཡི་ནི་བར་དོའོ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །རྨི་ལམ་སྲིད་པའི་བར་དོའོ། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །རྒས་པ་ཡི་ནི་བར་དོའོ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །སྐྱེ་བ་ཡི་ནི་བར་དོའོ། །སངས་རྒྱས་ཀྱི་ནི་ཡེ་ཤེས་དེ། །ཡོད་པར་འདོད་དམ་མེད་པར་འདོད། །དཔེ་ནི་ནམ་མཁའ་འདྲ་སྟེ་མེད། །དོན་ནི་ཆོས་སྐུ་ཡིན་ཏེ་ཡོད། །དེ་ནི་ཅི་ཕྱིར་ཞེ་ན་ཡང༌། །ཆོས་སྐུ་འདི་ནི་ཆོས་ཅན་ཏེ། །ཡེ་ནས་གནས་པའི་ཤེས་ཡོད་དེ། །མཁྱེན་པ་གཉིས་ནི་སྣང་ཕྱིར་རོ། །དེ་ཚེ་ཁྱབ་པ་མེད་ཅེ་ན། །ཁྱབ་པར་རང་རྒྱུད་ཆོས་རྣམས་ལ། །ཕྱོགས་ཆོས་ཚང་བ་སྒྲུབ་པ་ཡིན། །རྟོགས་པ་ཆོས་ཉིད་ཡེ་ཤེས་ནི། །སྤྲོས་དང་བྲལ་བ་མེད་ན་ཡང༌། །མཁྱེན་བྱ་ཉེར་ལེན་ཡོད་ན་ནི། །འཇུག་པ་ཀུན་རྫོབ་ཡེ་ཤེས་ཡོད། །ཡོད་ནས་རྟག་གམ་མེད་རྟག་ཅེས། །མཁྱེན་བྱ་ཉེར་ལེན་ཡོད་པས་ན། །ཐུགས་རྗེ་རྒྱུན་ཆད་མ་མཆིས་པས། །འཇུག་པ་ཀུན་རྫོབ་རྟག་པ་ཡིན། །དུས་གསུམ་འགྱུར་མེད་འགོག་མེད་པས། །རྟོགས་པ་དོན་དམ་རྟག་པ་ཡིན། །སྐྱེ་བ་སྤྲུལ་སྐུ་འབྱུང་འདི་ནི། །མངོན་པར་བྱང་ཆུབ་ལྔ་ཡིན་ཏེ། །ཕ་མ་མ་རིག་སྲོད་དུས་སུ། །དབང་པོ་བསྲུབས་ནས་བརྒྱལ་གྱུར་ཏེ། །རྟོག་པ་འགགས་པར་གྱུར་པ་དེ། །ཆོས་ཉིད་སྟོང་པའི་བྱང་ཆུབ་ཡིན། །བྱང་ཆུབ་དཀར་དམར་རྣམ་གཉིས་ཏེ། །གདན་ནི་ཉི་ཟླའི་བྱང་ཆུབ་ཡིན། །བདུན་ཕྲག་བདུན་དུ་གྱུར་པ་ལས། །གནས་སྐབས་འཕེལ་བ་ལྔ་ཡིན་ཏེ། །བཞི་པ་རྩ་གནས་ཆགས་པ་ནི། །འཁོར་ལོའི་དབྱིབས་སུ་གྲུབ་པ་ཡིན། །ལྷ་ཡི་ཕྱག་མཚན་ཞེས་པ་ནི། །ཐུགས་ནི་ཕྱག་མཚན་བྱང་ཆུབ་ཡིན། །འཁོར་ལོའི་དཀྱིལ་གྱི་ཨ་དང་ཧཾ། །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་དང་སྒྲ་རྣམས་བྱུང་བས་ན། །གསུང་ནི་ཡིག་འབྲུའི་བྱང་ཆུབ་ཡིན། །གནས་སྐབས་ལྔ་པ་བདུན་མཐའ་ལ། །རུས་སྦལ་དབྱིབས་སུ་གྲུབ་པ་དང༌། །ཡན་ལག་འབུར་ཞིང་དོད་པས་ན། །སྐུ་ནི་རྫོགས་པའི་བྱང་ཆུབ་ཡིན། །ཟླ་བཅུའི་བར་གྱི་ས་ལམ་ནི། །བདུན་ཕྲག་སུམ་ཅུ་རྩ་བདུན་ནི། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡིན། །མཐར་ཕྱིན་ལམ་དུ་གྱུར་པ་ནི། །རྣམ་གྲོལ་དང་ནི་བར་ཆད་མེད། །བཅོ་བརྒྱད་ཞག་ནི་གྲངས་ཀྱིས་སོ། །ཟླ་དགུ་ངོ་བཅུའི་དབྱེ་བ་བསྟན། །སྐྱེ་བ་སྤྲུལ་སྐུ་ཞེས་བྱ་བ། །སྐྱེ་བ་ལྷུམས་ནས་བལྟམས་པའོ། །སྐུ་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། །མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ཉིད་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨཱཿ བདེ་ཅན་གྱི་ཡང་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བཅུ་ལ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །དེ་སྐད་གསུངས་པ་སྤྲུལ་སྐུ་ཡིན། །སྤྲུལ་སྐུ་ལྷུམས་ནས་བལྟམས་དུས་སུ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །སྲིད་གསུམ་མ་ལུས་ས་ལེར་གཟིགས། །མྱ་ངན་འདས་པའི་བདེ་བ་མཐོང༌། །གཟུགས་སྐུ་རབ་གནས་བྱེད་དུས་སུ། །སྤྱན་སོགས་འབྱེད་པའི་ཆོ་ག་ཡང༌། །དེ་ལ་དགོངས་ནས་མཛད་པ་ཡིན། །དེ་བཞིན་སྤྲུལ་སྐུ་བལྟམས་དུས་སུ། །སྣང་བ་ཐམས་ཅད་མཐོང་ཐོས་པས། །སྒོ་ལྔ་འབྱེད་ཅེས་བརྗོད་པ་ཡིན། །ལྷ་མཛེས་ལྷུམས་ནས་བལྟམས་པ་ལ། །ལྷ་ཡིས་སྐུ་ཁྲུས་གསོལ་བ་ལྟར། །ཡན་ལག་བརྒྱད་ལྡན་ཆུ་ཡི་ཁྲུས། །མངལ་གྱི་དྲི་མ་འཁྲུད་པ་དང༌། །པགས་བཤུས་ཚ་གདུང་སེལ་བའི་ཕྱིར། །སྐུ་ཁྲུས་གསོལ་ཞེས་བརྗོད་པ་ཡིན། །གཞན་གྱིས་བལྟས་ན་གཟུགས་སུ་མཐོང༌། །རང་ལ་གཟུགས་ཀྱི་འདུ་ཤེས་མེད། །ཉན་ཐོས་རང་སངས་རྒྱས་རྣམས་དང༌། །སོ་སོའི་སྐྱེ་བོ་ཐམས་ཅད་ལ། །སངས་རྒྱས་གཟུགས་ཀྱི་སྐུ་རུ་སྣང༌། །སངས་རྒྱས་གཟུགས་སྐུ་དམིགས་སུ་མེད། །གཞན་གྱིས་ཐོས་པ་ཨ་དང་ཧཾ། །རང་ལ་ཨ་ཧཾ་བརྗོད་སྙམ་མེད། །དེ་བཞིན་ཐུབ་པས་མ་གསུངས་པར། །གདུལ་བྱ་མ་ལུས་ཐམས་ཅད་ལ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །དེ་བཞིན་ཏཻ་ལོ་ཆེན་པོ་ཡིས། །ཚིག་གཅིག་གསུངས་པ་མ་མཆིས་ཀྱང༌། །ནཱ་རོའི་རྒྱུད་ལ་མདོ་རྒྱུད་འཁྲུངས། །གཞན་གྱིས་བལྟས་ན་སེམས་ཡོད་འདྲ། །རང་ལ་གཟུགས་འཛིན་རྟོག་པ་མེད། །མཁྱེན་བྱ་ཐམས་ཅད་མ་ལུས་པ། །ཇི་སྙེད་མཁྱེན་པར་འགྱུར་ན་ཡང༌། །སངས་རྒྱས་མཁྱེན་པ་དམིགས་སུ་མེད། །དེ་ལྟར་དེ་བཞིན་ཆོས་ཚང་བས། །སྐྱེ་བ་སྤྲུལ་སྐུར་བརྗོད་པ་ཡིན། །རྩ་ཁ་ཐམས་ཅད་འབྱེད་ཅེས་པའི་ཚིག་དོན་ནི། དེ་ལ་གསུམ་དུ་ཤེས་བྱ་སྟེ། །རྩ་དང་ཁ་འབྱེད་དྲོད་དང་གསུམ། །རྩ་ནི་ལུས་ཀྱི་གནས་ལུགས་ཏེ། །མ་ཡི་མངལ་དུ་བདུན་ཕྲག་བཞིར། །ལྟེ་བའི་འཁོར་ལོ་ཆགས་པར་གསུངས། །དེ་ནས་སྙིང་ཁ། མགྲིན་པ། སྤྱི་བོའི་འཁོར་ལོ་ཆགས་པའོ། །ཤ་དང་རུས་པ་རིམ་བཞིན་ཆགས། །རྩ་དང་པགས་པ་ཆུ་རྒྱུས་སོགས། །གཞན་ཡང་རིམ་གྱིས་ཆགས་པར་གསུངས། །དེ་ལ་རྩ་ཡི་དབྱེ་བསྡུ་ནི། །ཕྱེ་ན་སྟོང་ཕྲག་བདུན་ཅུ་གཉིས། །བསྡུ་ན་བརྒྱ་དང་ཉི་ཤུའོ། །ཤིན་ཏུ་བསྡུ་ན་གསུམ་ཡིན་ཏེ། །རོ་མ་རྐྱང་མ་ཀུན་འདར་མའོ། །ཀུན་འདར་སྲོག་ཤིང་ཚུལ་དུ་གནས། །འཁོར་ལོ་རྩ་ཡི་མདུད་པ་སྟེ། །སྤྱི་བོར་སུམ་ཅུ་རྩ་གཉིས་དང༌། །མགྲིན་པར་བཅུ་དྲུག་དག་ཏུ་འདོད། །སྙིང་གར་འདབ་མ་བརྒྱད་ཡིན་ཏེ། །ལྟེ་བར་དྲུག་ཅུ་རྩ་གཉིས་ཏེ། །སྐྱེས་ནས་ཞག་ནི་རེ་རེ་ལ། །རྩ་ནི་རེ་རེ་འཕེལ་བར་གསུངས། །ཉི་ཤུ་རྩ་ལྔ་ལོན་པ་ན། །འཕེལ་བ་རྫོགས་པར་བཞེད་པ་དང༌། །གཞན་ཞིག་སུམ་ཅུ་ཐམ་པར་བཞེད། །དེ་ནས་ཞག་ནི་རེ་རེ་ལ། །རྩ་ནི་རེ་རེ་འཆད་པར་གསུངས། །དེ་ཡིས་སྐྲ་དཀར་གཉེར་མ་འབྱུང༌། །རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་མ་ནི་དབུས་ཡིན་ནོ། །ལྟེ་འོག་ཏུ་ནི་རྩ་གསུམ་འདུས། །མདུད་པ་ཨ་ཡི་དབྱིབས་སུ་གནས། །ཡར་སྣེ་ཚངས་པའི་བུ་ག་ཧཾ། །གཡས་གཡོན་གཉིས་ནི་སྣ་བུག་གཉིས། །དེ་ཕྱིར་རྩ་ཡི་འབྲེལ་དོན་ནི། །དེ་ལ་བཞེད་ལུགས་མི་མཐུན་ཡང༌། །དེ་ལ་རྣམ་པ་ལྔ་ཡིན་གསུངས། །ཐང་ཤིང་གདུགས་དང་ཐག་ལྟ་བུ། །གྲུ་གུ་འགྲིལ་དང་སྐྲ་ཤད་འཛིང༌། །གང་ཟག་གཅིག་གི་ལུས་ལ་ཡང༌། །ལྔ་པོ་དེ་དག་ཚང་བར་བཞེད། །རྩ་ཁ་འབྱེད་པ་རླུང་ཡིན་ཏེ། །དེ་དག་རླུང་གི་དབྱེ་བསྡུ་ནི། །དེ་ལ་དབྱེ་བ་མང་གསུངས་ཀྱང༌། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །བསྡུ་ན་རྩ་བའི་རླུང་ལྔའོ། །ཤིན་ཏུ་བསྡུ་ན་གཉིས་ཡིན་ཏེ། །ཟག་བཅས་རླུང་དང་ཟག་མེད་རླུང༌། །རླུང་སྦྱོར་རྣམ་པ་བརྟེན་ནས་ནི། །རླུང་ནང་དུ་བཅུག་པས་རྩ་ཁ་འབྱེད། །བདེ་བ་བཅུད་ལས་འབྱུང་བ་ནི། །རོ་མ་དེ་བཞིན་ཁྲག་འབབ་ཅིང༌། །རྐྱང་མ་མི་བསྐྱོད་འབབས་པ་སྟེ། །ཀུན་འདར་མ་ནི་བདེ་བ་ཆེ། །རྩ་ཡི་གཙོ་བོ་བཅུད་ཀྱིས་ཕྱེ། །བཅུད་ནི་གནས་དང་མི་གནས་ཡོད། །བཅུད་གནས་གཙོ་བོ་ཡིན་པར་བཞེད། །རྩ་དང་རླུང་དང་ཐིག་ལེ་གསུམ། །གནད་དུ་ཕོག་ན་དྲོད་དུ་འབྱུང༌། །དྲོད་ནི་སེམས་ཀྱི་ཉམས་མྱོང་ཡིན། །སེམས་ཉིད་དངོས་པོའི་གནས་ལུགས་ནི། །རིག་སྟོང་རྒྱུན་པར་ལུས་ལ་གནས། །ཁྱད་པར་སོ་སོའི་གནས་ལུགས་ནི། །རྣམ་རྟོག་ཕྱོགས་མེད་ཨ་ལ་གནས། །གཉིད་ལོག་མཐུག་པོ་ཧཱུྃ་ལ་གནས། །རྨི་ལམ་སྒྱུ་མ་ཨོཾ་ལ་གནས། །སྙོམས་འཇུག་བདེ་ཆེན་ཧཾ་ལ་གནས། །གནད་ཀྱིས་ཉམས་སུ་བླང་བ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །དུས་གནད་ཉི་ཟླ་གཟས་བཟུངས་སོ། །ཕན་ཕུན་མུན་རུབ་གུང་གཉིས་སྤངས། །ལུས་ལ་རྣམ་པ་གཉིས་ཡིན་ཏེ། །དངོས་དང་རླུང་གི་སྦྱོར་བའོ། །ལུས་ནི་ཆོས་དྲུག་དང་བཅས་ནས། །བླ་མར་གསོལ་བཏབ་ཡི་དམ་བསྒོམ། །སྦྱོར་བ་རྔུབ་དང་དགང་བ་དང༌། །གཞིལ་དང་མདའ་ལྟར་འཕང་དང་རྣམ་བཞིའོ། །ཡུལ་གནད་ལྟེ་འོག་གསང་གནས་སུ། །ཤེས་གནད་ཡ་ཏོག་མ་ཏོག་གི །ཡབ་ཡུམ་གཉིས་ཀྱི་བདུད་རྩིའི་གནད། །ཉི་མའི་འོད་ཀྱིས་རི་བོང་དབབ། །བར་དུ་བདེ་ཆེན་བསྐྱེད་པར་བྱ། །དེས་ནི་གནད་ཀྱི་ཉམས་ལེན་ནོ། །ཉམས་བླངས་འབྲས་བུ་འབྱུང་བ་ནི། །གནས་སྐབས་མཐར་ཐུག་གཉིས་ཡིན་ནོ། །གསལ་བྱེད་ཡི་གེ་ཞེས་པ་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །གསལ་བར་བྱེད་པ་ཡི་གེ་དང༌། །དེ་ལ་བརྟེན་ཏེ་འཕོ་བའོ། །གསལ་བྱེད་ཡི་གེའི་གནས་ལུགས་ནི། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །ཞེས་པའོ། ། གནས་སྐབས་འཕེལ་བ་བཞི་པ་ལས། །ལྟེ་བའི་རྩ་མདུད་ཨ་ཡི་དབྱིབས། །གནས་སྐབས་ལྔ་པའི་དུས་སུ་ནི། །ཧཱུྃ་་་་་་སྤྱི་བོའི་རྩ་མདུད་ཧཾ་གི་དབྱིབས། །དྭངས་མའི་རླུང་དང་ཐིག་ལེའི་བཅུད། །ཡི་གེའི་གཟུགས་སུ་གནས་པ་ཡིན། །དེ་གསུམ་འདུས་པ་དགྲ་ཡི་གནད། །གྲགས་པ་ཐམས་ཅད་དེ་ལས་བྱུང༌། །འཁོར་འདས་གཉིས་ཀྱི་ཡི་གེ་ནི། །རིགས་དྲུག་ཡི་གེ་དྲུག་ཏུ་གནས། །སེམས་ནི་བག་ཆགས་ཞེན་པ་ཡིས། །རིགས་དྲུག་ཏུ་ནི་སྣང་བ་ཡིན། །མྱ་ངན་འདས་པའི་ཡི་གེ་ནི། །རིགས་ལྔ་ཡི་ནི་ས་བོན་གནས། །འཁོར་ལོ་གནས་པའི་ཡི་གེ་ནི། །ཧཾ་གནས་འདབ་མ་སུམ་ཅུ་གཉིས། །དབྱངས་ཡིག་བཅུ་དྲུག་གཉིས་འགྱུར་ཏེ། །མཚན་བཟང་སུམ་ཅུ་རྩ་གཉིས་ཡིན། །སྤྲུལ་པར་གནས་པའི་ཡི་གེ་ནི། །གསལ་བྱེད་ཉིས་སྐོར་དག་ཏུ་གནས། །དཔེ་བྱད་བརྒྱད་ཅུའི་རྒྱུ་ཡིན་ནོ། །ཨ་དང་ཧཾ་གི་གཞི་བྱས་ནས། །གཞན་ཡང་མ་ནི་ཡི་གེ་བརྒྱད། །མགྲིན་པར་དབྱངས་ཡིག་བཅུ་དྲུག་དང༌། །གཡས་གཡོན་ཨ་ལི་ཀ་ལི་ལས། །གསུང་ནི་འགགས་མེད་འབྱུང་བའི་གཞི། །དེ་ཡི་གསལ་བྱེད་ཡི་གེའོ། །ཡི་གེ་ལ་བརྟེན་འཕོ་བ་ནི། །འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །འཕོ་བའི་སྦྱོར་བས་སངས་རྒྱས་ནི། །ཚེ་འདི་ཉིད་ལ་ཐོབ་པར་བསམ། །བརྒྱུད་ལྡན་བླ་མ་དམ་པ་ལ། །གསོལ་བ་བཏབ་ཅིང་བྱིན་རླབས་ཞུ། །རང་ལུས་ཡི་དམ་ལྷ་རུ་བསྒོམ། །སྤྱི་བོ་ནས་ནི་ཁྲུ་གང་དུ། །པདྨའི་གདན་ལ་ཡི་དམ་བསྒོམ། །གནས་ཆེན་འཁོར་ལོ་བཞི་ལ་ནི། །རེ་རེ་པད་འདབ་བཞི་བཞི་སྟེ། །དབུས་སུ་རང་རང་ཡི་གེ་ནི། །ལྟེ་བར་ཨཱཿལ་སྙིང་གར་ཧཱུྃ། །མགྲིན་པར་ཨོཾ་ལ་སྤྱི་བོར་ཧྃ། །དང་པོ་སྤྲུལ་པའི་འདབ་བཞི་ལ། །ཨ་ནུ་ཏ་ར་བཞི་བསྒོམས་ཏེ། །ཁ་དོག་དམར་པོའི་རང་བཞིན་ལ། །དང་པོ་མདུན་གྱི་ཨ་ལ་གཏད། །ཨ་ཉིད་ཐིམ་པར་གྱུར་པ་དང༌། །གཉིས་པ་གཡས་ཀྱི་ནུ་ལ་གཏད། །ནུ་ཉིད་ཐིམ་པར་གྱུར་པ་དང༌། །གསུམ་པ་རྒྱབ་ཀྱི་ཏ་ལ་གཏད། །ཏ་ཉིད་ཐིམ་པར་གྱུར་པ་དང༌། །བཞི་པར་གཡོན་གྱི་ར་ལ་གཏད། །ར་ནི་དབུས་ཀྱི་ཨ་ལ་ཐིམ། །ལྕགས་སྒོང་དང་ནི་མེ་འདྲེས་བཞིན། །ཨ་དང་རྣམ་ཤེས་དབྱེར་མེད་པ། །འོག་རླུང་གིས་ནི་ཕུལ་བྱས་ནས། །དྷཱུ་ཏིའི་ལམ་ལས་སྐར་མདའ་བཞིན། །རྒྱངས་ཀྱིས་འཕོས་པར་གྱུར་པ་དང༌། །སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ། །ཨ་ནུ་ཏ་ར་ཡི་གེ་རྣམས། །ཁ་དོག་སྔོན་པོར་བསྒོམ་པར་བྱ། །སྔར་བཞིན་རིམ་གྱིས་ཐིམ་ནས་ཀྱང༌། །ཧཱུྃ་ཉིད་ཨོཾ་ལ་ཐིམ་པར་བསམ། །འབྱུང་བཞིའི་ཡི་གེ་སེར་པོ་རྣམས། །སྔར་བཞིན་བསྒོམས་ལ་ཐིམ་པ་ཡི། །ཨོཾ་ནི་སྤྱི་བོའི་ཧྃ་ལ་ཐིམ། །འབྱུང་བཞིའི་ཡི་གེ་དཀར་པོ་རྣམས། །སྔར་བཞིན་བསྒོམས་པས་ཧྃ་ལ་ཐིམ། །ཧྃ་དང་རྣམ་ཤེས་དབྱེར་མེད་པ། །སྟེང་དུ་རྒྱངས་ཀྱིས་འཕོས་པ་དང༌། །ཡི་དམ་ལྷ་ཡི་ཐུགས་ཀར་ཐིམ། །ལྷ་ཡི་ས་བོན་གང་ཡིན་ལ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཁ་དོག་ས་བོན་དག་དང་མཚུངས། །དེར་ནི་མ་ཡེངས་དར་ཅིག་བསྒོམ། །ཡི་གེ་རིམ་བཞིན་ཐིམ་གྱུར་ནས། །ཧྃ་དང་རྣམ་ཤེས་དབྱེར་མེད་པའི། །ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་ཐག་གི་དཔྱང་ཐག་ལྟར། །ཧྃ་དང་རྣམ་ཤེས་སྤྱི་བོར་དབབ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཐིམ་པ་དག་ཏུ་གྱུར་པ་དང༌། །ཨོཾ་དང་རྣམ་ཤེས་དབྱེར་མེད་པས། །རང་གནས་དག་ཏུ་དབབ་པར་བྱ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཐིམ་པ་དག་ཏུ་གྱུར་པ་དང༌། ཧཱུྃ་དང་རྣམ་ཤེས་དབྱེར་མེད་པས། །རང་གནས་དག་ཏུ་དབབ་པར་བྱ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཐིམ་པ་དག་ཏུ་གྱུར་པ་དང༌། །ཨ་དང་རྣམ་ཤེས་དབྱེར་མེད་པས། རང་གནས་དག་ཏུ་དབབ་པར་བྱ། །དབུས་ཀྱི་ཨ་དང་ཡི་གེ་བཞི། །ལྟེ་བའི་གནས་སུ་གསལ་བར་བསྒོམ། །སྤྱི་བོའི་ཡི་དམ་འོད་དུ་ཞུ། །རང་ལ་ཐིམ་པར་གྱུར་པ་དང༌། །ཚངས་བུག་ཧཾ་གིས་དགག་པར་བྱ། །དེ་ནི་ད་ལྟར་སྦྱང་བའོ། །དེ་ལ་རྟགས་དང་འབྱོངས་པའི་ཚད། །སྒོ་ནི་རྣམ་པ་དགུ་ཡིན་ཏེ། །འཆི་དུས་གང་ལ་འབྱུང་བ་ནི། །ད་ལྟར་རྟགས་ཤིག་འབྱུང་བ་ཡིན། །འོག་སྒོར་རྟགས་དེ་བྱུང་བ་དང༌། །རིམ་གྱི་རིམ་གྱིས་གདོན་པར་བྱ། །སྤྱི་བོར་ཐོན་པ་འབྱུང་བའི་ཚད། །རྟགས་ནི་སྒོ་ལ་ནད་འབྱུང་སྟེ། །ནམ་ཞིག་འཆི་བར་འགྱུར་བའི་ཚེ། །ལུས་གནད་ལེགས་པར་བཅོས་བྱས་ལ། །སྤྱི་བོར་ཡི་དམ་ལྷ་བསྒོམ་ཞིང༌། །སྔར་བཞིན་གྱིས་ནི་འཕོས་ནས་ཀྱང༌། །ཡི་དམ་ལྷ་ཡི་ཐུགས་ཀར་འཕོ། །དེ་ཚེ་འཕོས་པར་གྱུར་པ་དང༌། །རང་སེམས་ཡི་དམ་ལྷར་གྱུར་ནས། །དཔའ་བོ་དཔའ་མོ་བསྡུས་ནས་ཀྱང༌། །མཁའ་སྤྱོད་དངོས་གྲུབ་ཐོབ་པར་གསུངས། །འོག་མིན་སྟུག་པོ་ཉམས་དགའ་བར། །སྟོན་པ་ཀྱཻ་ཡི་རྡོ་རྗེ་ལས། །བརྡ་ཡི་ཆོས་ཉིད་གོ་བ་དང༌། །རང་སེམས་རྟོགས་པར་གྱུར་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པ་ཡིན། །འཕེལ་ཞེས་བྱ་བའི་ཡིག་དོན་ནི། །ཆགས་ཅན་ཆགས་བྲལ་གཉིས་ཡིན་ཏེ། །ཆགས་བྲལ་སྐྱེས་བུའི་ལམ་འདི་ལ། །གནད་ནི་རྣམ་པ་བཞི་རུ་གསུངས། །དུས་དང་ལུས་དང་ཡུལ་དང་གསུམ། །ཤེས་པ་ཡི་ནི་གནད་དང་བཞི། །དུས་ནི་ཁམས་རྒྱས་ཉམས་དུས་སུ། །ལུས་ཀྱི་ཆོས་ནི་དྲུག་ཡིན་ཏེ། །རྐང་གཉིས་རྡོ་རྗེ་དཀྱིལ་ཀྲུང་བྱ། །ལག་གཉིས་གླིང་བཞི་དབང་དུ་བསྡུ། །བརྟེན་པ་དབུ་མ་དྲང་བའི་ཕྱིར། །གསེར་གྱི་དོང་ཙེ་བརྩེགས་པ་ལྟར། །སྒལ་ཚིགས་ཉི་ཤུ་དྲང་བར་བྱས། །གཟུང་འཛིན་ལྕགས་ཀྱུས་རྦ་རླབས་བཟུང༌། །རོ་འཛིན་རང་གནས་དག་ཏུ་སྦྱར། །བཞི་བཅུ་བསྡམས་པས་སྲ་ཉག་བཟུང༌། །གཏི་མུག་རྡོ་རྗེ་ཟླུམ་པོ་བལྟ། །སྲབ་མོ་རྩིག་པ་དག་ལ་སྦྱར། །ཡུལ་ནི་བདེ་ཆེན་ཧཾ་གི་གནས། །ཤེས་གནད་ཡིད་རིག་གཅེར་བུ་ལ། །མཉམ་སྦྱོར་མཁའ་གསང་བྱིན་བརླབས་ནས། །དགའ་བཞིའི་ཡེ་ཤེས་སྐྱོང་བ་ནི། །ཐིག་ལེ་རྩ་གནས་གཡོས་པ་ཡིན། །བདེ་བ་སྐྱེས་པ་རྣམ་རྟོག་འགགས། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །ཡེ་ཤེས་སྐྱེས་པ་དགའ་བ་ཡིན། །བདེ་ཆེན་གནས་སུ་ཐིག་ལེ་འདུས། །ཕྲ་བ་འགགས་པ་རྣམ་པར་སྨིན། །ཡེ་ཤེས་སྐྱེས་པས་མཆོག་དགའ་ཡིན། །གསང་བའི་གནས་སུ་ཐིག་ལེ་འདུས། །གཟུང་འཛིན་སྤངས་པས་མཚན་ཉིད་མེད། །ཟུང་དུ་འཇུག་པ་ལྷན་ཅིག་སྐྱེས། །སྣང་བ་མཆེད་པས་རྣམ་པ་ཉིད། །རྟོག་པ་ཤར་བས་དགའ་བ་བྲལ། །དེ་ལྟར་བདེ་བ་སྐྱེས་ནས་ཀྱང༌། །མི་ཉམས་བཟུང་བར་བྱ་བ་ནི། །མ་བཅོས་རྟོག་པ་བྲལ་བས་བཟུང༌། །བཟློག་པའི་འཕྲུལ་འཁོར་གསུམ་ཡིན་ཏེ། །ལུས་ཀྱི་ཁ་སྦྱོར་གྱེན་དུ་དྲངས། །ངག་གི་རླུང་བཟུང་ཧིཀ་གིས་འཕུལ། །སེམས་ཀྱི་རི་བོང་ཧཾ་ལ་བསྐྱལ། །དེས་ནི་ཟློག་པར་འགྱུར་བ་ཡིན། །སྲིན་ལག་སར་བཙུག་ལུས་ལྗིད་བསྐྱུར། །རླུང་ནི་ཐུབ་ཐང་བཟུང་གྱུར་བས། །དེས་ནི་རྩ་མིག་ཐེབ་པར་གྱུར། །བུམ་པ་ཅན་གྱི་རླུང་དང་བསྲེ། །དེ་ཡི་འཕེལ་ཐབས་བསྟན་པ་ནི། །འཕེལ་བའི་དོན་ནི་གང་ཡིན་པ། །རྩ་གནས་འཁོར་ལོ་ཐམས་ཅད་དུ། །དོན་དམ་ཀུན་རྫོབ་བྱང་སེམས་ཀྱིས། །ཁེངས་པར་གྱུར་ན་འཕེལ་བ་ཡིན། །ཕྱི་རྟགས་སྒྲིབ་པ་བྲལ་བའོ། །ནང་རྟགས་ཡེ་ཤེས་སྐྱེ་བ་ཡིན། །རླུང་འབྱུང་འཇུག་གནས་པའི་ཚིག་དོན་ནི། །རླུང་སེམས་གཉིས་ལ་དབང་ཐོབ་དང༌། །སྒྱུ་མར་སྣང་བ་རྟོགས་པ་དང༌། །རླུང་ནི་གར་འདོད་དྲོངས་པ་ཡིན། །གྲོང་དུ་འཇུག་པའི་གདམས་ངག་ནི། །སྤྱི་དོན་གསུམ་དུ་ཤེས་བྱ་སྟེ། །སྦྱང་སད་ལས་ལ་སྦྱར་བའོ། །དེ་ལ་དང་པོ་སྦྱང་བ་ནི། །སྦྱོར་བ་དབེན་པའི་གནས་སུ་ནི། །མཐུན་པའི་བཙས་རྣམས་ཚགས་བྱས་ལ། །དངོས་གཞི་རང་ཉིད་ལྷར་བསྒོམ་པའི། །མདུན་དུ་སྟེགས་བུ་ཁྲུ་ཡི་ཚད། །དེ་སྟེང་མཚན་ལྡན་ཐོད་པ་ལ། །ནང་དུ་རྩི་ནག་ལེགས་བྱུགས་ཏེ། །རྡོ་རྒྱུས་ཀྱིས་ནི་ཧཱུྃ་བྲིས་ལ། །སྙིང་གར་གནས་པའི་ཧཱུྃ་ཡིག་དང༌། །རང་གི་སེམས་ཉིད་འགྲོགས་ནས་ནི། །སྣ་བུག་ནས་ཐོན་ཧཱུྃ་ལ་ཐིམ། །རླུང་ཡང་ཕྱིར་ཐོན་ཧཱུྃ་ལ་བཟུང༌། །མི་ཐུབ་དུས་སུ་ནང་དུ་རྔུབ། །བསྐྱར་ཞིང་ཡང་ཡང་བསྒོམ་པར་བྱ། །དྲོད་དང་འགུལ་དང་འཚག་པ་འབྱུང༌། །དེས་ནི་དང་པོ་སྦྱར་བའོ། །གཉིས་པ་སད་པར་སྦྱང་བ་ནི། །རོ་ནི་གསར་པ་རྨ་མེད་ལ། །དམིགས་གཏད་སྔར་བཞིན་བསྒོམ་པ་ཡིས། །དྲོད་དང་རྒོད་པ་བྱུང་ན་ནི། །འཕོ་བ་ནུས་པ་སད་པའོ། །ལས་ལ་སྦྱར་བར་བྱ་བ་ནི། །རྒྱལ་རིགས་བྲམ་ཟེ་ལ་སོགས་ཀྱི། །རིམས་དང་མཚོན་གྱིས་མ་ཤི་བའི། །རོ་ནི་གསར་པ་མདུན་བཞག་ལ། །ཁྲུས་བྱས་རྒྱན་ནི་འདོགས་པར་བྱས། །སེམས་ཅན་དོན་དུ་སེམས་བསྐྱེད་ནས། །རང་ཉིད་ཡི་དམ་ལྷ་རུ་བསྒོམ། །རང་གི་ཐུགས་ཀར་གནས་པ་ཡི། །ཧཱུྃ་དང་རྣམ་ཤེས་རླུང་ལ་ཞོན། །སྣ་བུག་ནས་ཐོན་ཤངས་ལ་ཞུགས། །རོ་ཡི་ཐུགས་ཀའི་ཧཱུྃ་ལ་ཐིམ། །རླུང་སེམས་དེ་རུ་གཏད་ལ་བསྒོམ། །དེ་ལ་འཕོས་པར་གྱུར་པ་དང༌། །ཟས་དང་གོས་དང་སྤྱོད་ལམ་གྱིས། །ཞག་བདུན་བར་དུ་བཙའ་བར་བྱ། །བརྟན་པ་ཐོབ་པར་གྱུར་པ་དང༌། །ཕུང་པོ་རྙིང་པའི་དྲིན་ལེན་བསྟབ། །ལུས་དེ་བདག་གཞན་དོན་འགྲུབ་པས། །དེ་ཡི་འབྲས་བུ་ཡིན་པར་གསུངས། ། |