ཆོས་མངོན་པའི་ཕུང་པོ་ལྔའི་རབ་ཏུ་འབྱེད་པའི་གཞུང་།

༄༅། །ཆོས་མངོན་པའི་ཕུང་པོ་ལྔའི་རབ་ཏུ་འབྱེད་པའི་གཞུང་བཞུགས་སོ། །

༄༅། །ཆོས་མངོན་པའི་ཕུང་པོའི་ལྔའི་རབ་ཏུ་འབྱེད་པའི་དོན་གསལ་བྱེད་རི་ཁྲོད་པ་རང་བྱུང་རྡོ་རྗེས་སྦྱར་བ་བཞུགས་སོ། །ཇི་སྙེད་ཤེས་བྱའི་གནས་ལུགས་མཁྱེན་ཅིང་གཟིགས། །རྒྱལ་བ་ཐམས་ཅད་མཁྱེན་ལ་ཕྱག་འཚལ་ཏེ། །གཏི་མུག་མུན་སེལ་ཤེས་བྱའི་གནས་ལུགས་རྣམས། །གསལ་བར་བྱ་ཕྱིར་བསྟན་བཅོས་འདི་བཤད་དོ། །རྒྱལ་བའི་བསྟན་ལ་ཚུལ་བཞིན་སྤྱོད་བྱེད་ཅིང་། །ཆོས་རབ་རྒྱ་ཆེན་སྟོན་པར་བྱེད་པ་གང་། །ཆོས་དང་ཆོས་ཉིད་རབ་ཏུ་གསལ་བྱེད་པ། །ཞུགས་པས་རབ་ཏུ་དགེ་བར་བྱེད་པ་ཡིན། །རྣལ་འབྱོར་སྤྱོད་པ་ལ་སོགས་སུ། །རྒྱ་ཆེར་བཤད་མེད་མདོར་བསྡུ་ན། །དངོས་ཀུན་ཕུང་པོ་ལྔར་འདོད་དོ། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །ཕལ་ཆེར་བྱིས་པའི་འགྲོ་བ་དག །རྣམ་པར་ཤེས་ལ་བདག་འཛིན་ཅིང་། །གཞན་དག་ལ་ནི་བདག་གིར་འཛིན། །དེ་བས་ལྔ་པོའི་གོ་རིམ་ནི། །ཇེ་བས་ཇེ་ཕྲར་གནས་པའི་ཕྱིར། །དུ་མ་འདུས་ཕྱིར་ཕུང་པོའོ། །གཟུགས་ནི་རྒྱུ་དང་འབྲས་བུའི་ཕྱིར། །འབྱུང་བ་བཞི་དང་དེ་རྒྱུ་བྱས། །རྟེན་དང་སྡུད་དང་སྨིན་བྱེད་དང་། །བསྐྱེད་པར་བྱེད་ལས་ལྡན་པ་ཉིད། །དེས་ན་རྒྱུ་ཞེས་བྱ་བར་བརྗོད། །བསྐྱེད་དང་རྟེན་དང་གནས་པ་དང་། །རྟེན་དང་འཕེལ་བར་བྱེད་རྣམས་ཀྱིས། །དབྱེ་བས་འབྲས་བུར་ཐ་སྙད་བྱས། །ས་ཡི་ཁམས་ནི་སྲ་བ་ཉིད། །ཆུ་ཡི་རླན་ཞིང་གཤེར་བ་སྟེ། །མེ་ཁམས་ཚ་ཞིང་བསྲེག་པའོ། །རླུང་ནི་ཡང་ཞིང་གཡོ་བ་ཉིད། །རྒྱུར་བྱས་པ་ནི་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མིག་སོགས་ཀྱི། །དབང་པོ་ལྔ་དང་རྣམ་རིག་བྱེད། །རིག་བྱེད་མིན་པ་རྣམས་སུ་བཞེད། །དེ་ལ་མིག་གི་དབང་པོ་ནི། །ཡུལ་ནི་ཁ་དོག་གཟུགས་དངོས་སོ། །དཀར་པོ་ལ་སོགས་ཁ་དོག་དང་། །རིང་ཐུང་ཕྱ་ལེ་བ་ལ་སོགས། །དབྱིབས་ཡིན་དེ་དོན་རྣམ་རིག་བྱེད། །མིག་དབང་སྤྱོད་ཡུལ་དོན་བཅས་རྣམས། །རྣ་བའི་དབང་པོའི་ཡུལ་ནི་སྒྲ། །ཟིན་དང་མ་ཟིན་གཉིས་ཀ་དང་། །རྣམ་གསུམ་འབྱུང་བའི་རྒྱུ་ལས་བྱུང་། །སྣ་དབང་ཡུལ་ནི་དྲི་ཉིད་དེ། །ལྷན་སྐྱེས་སྦྱར་དང་གྱུར་པ་གསུམ། །ལྕེ་ཡི་དབང་པོ་ཡུལ་ནི་རོ། །མངར་སྐྱུར་ལན་ཚྭ་ཚ་ཁ་སྐ། །རྣམ་དྲུག་གཉིས་སྟོབས་ལྡན་པ་ཡིན། །ལུས་ཀྱི་དབང་པོའི་ཡུལ་གྱུར་པ། །རེག་བྱ་འདིར་ནི་ཕྱོགས་ཅིག་ཉིད། །འཇམ་རྩུབ་ཡང་ལྕི་གྲང་དྲོ་དང་། །བཀྲེས་སྐོམ་ལ་སོགས་རྣམས་སུ་འདོད། །འདིར་ནི་འབྱུང་བ་ཆེན་པོ་བཞིན། །ལུས་ཀྱི་དབང་པོའི་ཡུལ་ཤེས་ཕྱིར། །ཡིད་དང་དེ་ཡུལ་ཆོས་ལས་ནི། །འདིར་ནི་ཕྱོགས་ཅིག་བསྡུས་པ་སྟེ། །རྣམ་རིག་རྣམ་རིག་བྱེད་མིན་ཉིད། །ལུས་དང་ངག་གི་རྣམ་རིག་བྱེད། །དགེ་དང་མི་དགེ་ལུང་མ་བསྟན། །དབྱེ་བས་རྣམ་པ་གསུམ་དུ་འགྱུར། །རྣམ་པར་རིག་བྱེད་མ་ཡིན་གཟུགས། །འདོད་དང་གཟུགས་དང་གཟུགས་མེད་ཀྱི། །དབྱེ་བས་རྣམ་གསུམ་འདོད་པར་ནི། །སོ་སོ་ཐར་དང་ཐེག་ཆེན་གྱི། །སྡོམ་དང་སྡོམ་མིན་དེར་མ་གདོགས། །རྣམ་བཞིའི་བསམ་གཏན་ཉེར་ལྡོག་བཅས། །ལྷན་ཅིག་འབྱུང་བའི་གོ་རིམས་བཞིན། །རང་བཞིན་ཟག་པར་བཅས་དང་ཟག་མེད་ཡིན། །མདོར་ན་ཆོས་ཀྱི་སྐྱེ་མཆེད་ལྔ། །བསྡུས་ལས་གྱུར་དང་མངོན་སྐབས་ཡོད། །བརྡ་ལས་བྱུང་དང་ཀུན་བརྟགས་པ། །དབང་འབྱོར་རྣམས་སུའང་བསྟན་པ་ཡིན། །དེ་ལྟར་གཟུགས་ཀྱི་ཕུང་པོ་ནི། །རྒྱུ་གཟུགས་བཞི་དང་འབྲས་གཟུགས་ནི། །རྫས་ནི་བཅུ་གཅིག་བདག་ཉིད་དེ། །རྣམ་པར་ཕྱེ་བ་བཅོ་ལྔའོ། །མིག་དབང་སྤྱོད་ཡུལ་ཐོགས་པར་བཅས། །གཞན་རྣམས་བསྟན་མེད་ཐོགས་པར་བཅས། །ཆོས་ཀྱི་སྐྱེ་མཆེད་ཕྱོགས་བསྟན་མེད། །ཐོགས་པ་མེད་པའི་གཟུགས་རྣམ་གསུམ། །རྣམ་པ་གསུམ་དུ་འདུས་པ་ཡིན། །མྱོང་བ་རྣམ་གསུམ་ཚོར་བ་ཡི། །ཕུང་པོ་བདེ་སྡུག་བཏང་སྙོམས་སོ། །གང་མྱོང་འབྲལ་བར་མི་འདོད་ཅིང་། །མྱོང་བས་ཕྲད་པར་མི་འདོད་ལ། །བྱུང་བས་གཉིས་ཀ་སྤོང་བར་བྱེད། །ལུས་སེམས་རྟེན་གྱི་རྣམ་པ་གཉིས། །མིག་སོགས་གནས་ཀྱི་དབྱེ་བ་ཡིས། །དྲུག་དྲུག་རྣམས་སུ་འགྱུར་བ་ཡིན། །ཡུལ་ལ་མཚན་མར་འཛིན་པ་གང་། །འདུ་ཤེས་ཕུང་པོར་བརྗོད་པའོ། །དེ་ནི་གནས་དང་དམིགས་པ་ཡི། །དབྱེ་བས་གཉིས་ཏེ་ཚོགས་དྲུག་གི །འདུས་ཏེ་རེག་པ་ལས་བྱུང་བ། །རྣམ་ཤེས་དྲུག་ནི་གནས་རྟེན་ཅན། །མཚན་མར་བཅས་དང་མཚན་མ་མེད། །ཆུང་ངུ་རྒྱ་ཆེན་ཚད་མེད་དང་། །ཅི་ཡང་མེད་འདི་དམིགས་པས་བསྡུས། །སྒྲ་ཡིས་དོན་ལ་སྒྲོ་བཏགས་ཀྱིས། །ངོ་བོ་དང་ནི་སྒྲ་འདི་ཞེས། །འདུ་ཤེས་དེ་ནི་མཚན་མར་བཅས། །དངོས་གང་ངོ་བོས་སྒྲོ་མ་བཏགས། །མྱ་ངན་འདས་དང་སྲིད་པའི་རྩེ། །སྒྲོ་བཏགས་མེད་དང་ཚོར་མཚན་མེད། །གསལ་བ་མིན་ཕྱིར་མཚན་མ་མེད། །འདོད་དང་གཟུགས་དང་ནམ་མཁའ་དང་། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། །ཅི་ཡང་མེད་པས་རིམ་པ་བཞིན། །ཆུང་ངུ་ལ་སོགས་པ་ཡིས་བསྡུས། །དེ་ལ་འདུ་བྱེད་ཕུང་པོ་ནི། །ཚོར་དང་འདུ་ཤེས་ལས་གཞན་པའི། །སེམས་བྱུང་རྣམས་དང་དེ་ལས་གཞན། །ལྡན་པ་མ་ཡིན་འདུ་བྱེད་རྣམས། །ཆོས་གང་སེམས་དང་མཚུངས་ལྡན་རྣམས། །ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ། །བཅུ་གཅིག་དགེ་བ་དྲུག་ཉོན་མོངས། །ཉི་ཤུ་ཉེ་བའི་ཉོན་མོངས་ཏེ། །བཞི་ནི་གཞན་དུ་ཡང་དག་འཇུག །རེག་པ་ཡིད་ལ་བྱེད་པ་དང་། །ཚོར་དང་འདུ་ཤེས་སེམས་དཔའ་གང་། །ཀུན་འགྲོ་ཡིན་ཏེ་རེག་པ་ནི། །དབང་ཡུལ་རྣམ་ཤེས་གསུམ་འདུས་ནས། །ཡོངས་སུ་གཅོད་པ་ཚོར་སྟན་བྱེད། །སེམས་ཀྱི་འཇུག་པས་དམིགས་པ་ལ། །འཛིན་པའི་ལས་ཅན་ཡིད་ལ་བྱེད། །སེམས་དཔའི་དེ་ནི་ཡོན་ཏན་དང་། །ཉེས་དང་ལུང་མ་བསྟན་པ་ལ། །མངོན་པར་འདུ་བྱེད་ཡིད་ལས་ཅན། །བདུན་པ་བསམ་བའི་དངོས་པོ་ལ། །འདོད་པའི་བརྩོན་འགྲུས་བརྟེན་བྱེད་ཉིད། །མོས་པ་ངེས་པའི་དངོས་པོ་ལ། །ངེས་འཛིན་མི་འཕྲོག་ལས་ཅན་ནོ། །དྲན་པ་འདྲིས་པའི་དངོས་པོ་ཉིད། །མི་བརྗེད་སེམས་ཀྱི་མངོན་བརྗོད་ཉིད། །འདི་ནི་མི་གཡེང་ལས་ཅན་ནོ། །ཏིང་འཛིན་བདེན་སོགས་རྟག་དངོས་ལ། །རྩེ་གཅིག་ཤེས་རབ་རྟེན་བྱེད་ཉིད། །ཤེས་རབ་ཀྱི་ནི་རབ་རྣམ་འབྱེད། །རིགས་ཚུལ་རིགས་མིན་སྐྱེ་དང་གཞན། །ཐོས་བསམ་སྒོམ་པ་ལས་བྱུང་བ། །སེམས་ཉིད་ཟློག་བྱེད་ཡུལ་ངེས་ལྔ། །དད་པ་ལས་འབྲས་བདེན་པ་དང་། །དཀོན་མཆོག་གསུམ་ལ་ཡིད་ཆེས་ཤིང་། །སེམས་དང་བྱེད་དེ་འདུན་རྟེན་ཉིད། །ངོ་ཚ་ཤེས་གང་དོན་རིག་ནས། །ཁ་ན་མ་ཐོ་བ་ལ་འཛེམ། །སྡོམ་པའི་རྟེན་བྱེད་ལས་ཅན་ནོ། །ཁྲེལ་ཡོད་འཇིག་རྟེན་དབང་བྱས་ཏེ། །ཁ་ན་མ་ཐོ་འཛེམ་པ་ཉིད། །མ་ཆགས་པ་ནི་ཡིད་འབྱུང་ཞིང་། །ཆགས་པའི་གཉེན་པོ་ཉེས་སྤྱོད་བཟློག །ཞེ་སྡང་མེད་པ་བྱམས་པར་ལྡན། །ཤེས་དང་སོ་སོར་རྟོགས་པ་ཡིད། །ཡང་དག་རྟོགས་འདི་གཏི་མུག་མེད། །རྣམ་གསུམ་ཉེས་པ་བཟློག་རྟེན་ཅན། །བརྩོན་འགྲུས་ལེ་ལོའི་གཉེན་པོ་སྟེ། །དགེ་ལ་མངོན་པར་སྤྲོ་བའོ། །ཤིན་ཏུ་སྦྱངས་པས་གནས་ངན་ལེན། །སེལ་བྱེད་ལུས་སེམས་ལས་རུང་བས། །སྒྲིབ་པ་མ་ལུས་སེལ་བྱེད་ཉིད། བག་ཡོད་མ་ཆགས་ལ་སོགས་ལ། །གནས་ནས་དགེ་སྡིག་བླང་དོར་བྱེད། །བག་མེད་འཇོམས་ཤིང་ཕུན་ཚོགས་བྱེད། །བཏང་སྙོམས་གོང་བཞིན་གནས་བཅས་ནས། །སེམས་མཉམ་རྣལ་དུ་འདུག་པ་དང་། །ལྷུན་གྱི་གྲུབ་པས་ཉོན་མོངས་རྣམས། །སེལ་ཅིང་མི་སྐྱེ་བར་བྱེད་དོ། །རྣམ་པར་མི་འཚེ་སྙིང་རྗེའི་ཕྱིར། །རྣམ་འཚེའི་གཉེན་པོ་ཐོ་མི་འཚམས། །དེ་ལྟར་དགེ་བ་བཅུ་གཅིག་གོ །ཉོན་མོངས་འདོད་དུག་ལས་ཆགས་ནི། །ཉེར་ལེན་ཕུང་པོ་ལྔ་ཉིད་པ། །ལྷག་ཞེན་སྡུག་བསྔལ་ཀུན་བསྐྱེད་བྱེད། །ཁོང་ཁྲོ་སེམས་ཅན་མནར་བྱེད་སེམས། །ཉེས་སྤྱོད་རྟེན་དུ་གྱུར་པའོ། །ང་རྒྱལ་ཆེ་བའི་ང་རྒྱལ་དང་། །ང་རྒྱལ་ལས་ཀྱང་ང་རྒྱལ་ཉིད། །མངོན་པའི་ང་རྒྱལ་ཅུང་ཟད་སྙམ། །ལོག་པའི་ང་རྒྱལ་རྣམ་པ་བདུན། །རིགས་སོགས་ཚུལ་ཁྲིམས་སོགས་སྙེམ་དང་། །ཁྱད་པར་དུ་དང་ཕུང་པོར་སྙེམ། །བསམ་སོགས་རྟེན་སྙེམས་ཅུང་ཟད་སྙེམ། །ཚུལ་མིན་བསྙེན་སོགས་རིམ་པས་ཡིན། །ཁེངས་པའོ་མི་གུས་སྡུག་བསྔལ་བསྐྱེད། །མ་རིག་འདི་ནི་ལས་འབྲས་དང་། །བདེན་དང་སྐྱབས་སོགས་མི་ཤེས་ཉིད། །དེ་ཡང་ལྷན་གཅིག་སྐྱེས་པ་དང་། །ཀུན་བརྟགས་ལྟ་དང་མཚུངས་ལྡན་རྣམས། །ལོག་ཤེས་ཐེ་ཚོམ་ཀུན་བསྐྱེད་ཉིད། །འཇིགས་ཚོགས་ལྟ་དང་ཕུང་པོར་ལྟ། །བདག་ལྟ་མཆོག་འཛིན་བརཏལ་ཞུགས་ལྟ། །ལྔའོ་ཉེར་ལེན་ཕུང་པོ་ལ། །བདག་གམ་བདག་གིར་ལྟ་བ་ཅན། །ཤེས་གང་གཏི་མུག་མཚུངས་ལྡན་ཉིད། །རྟག་ཆད་ལྟ་སོགས་ཉོན་མོངས་བཅས། །རང་གི་ཚུལ་ཁྲིམས་བརཏལ་ཞུགས་ལ། །ཀུན་ནས་འཛིན་པ་སྡུག་བསྔལ་གཞི། །གཏི་མུག་མུན་པ་ཀུན་བསྐྱེད་བྱེད། །རྟག་དང་གཅིག་པུ་རྒྱུ་མེད་དང་། །མཐའ་ལྡན་དེ་བཞིན་ལྷ་མི་སྤོང་། །འདུ་ཤེས་འདུ་ཤེས་མེད་ཅན་དང་། །ཆད་དང་མྱ་ངན་འདས་པ་དང་། །རྨུགས་དང་ཀུན་ནས་རྨོངས་པ་དང་། །རྟེན་དང་རེག་པ་དགེ་སློང་དག །རྒྱུ་དང་དོན་དྲ་བ་སྟེ། །ཐ་མ་ཚངས་པའི་དྲ་བའོ། །དྲུག་བཅུ་རྩ་གཉིས་ཀུན་འཇིགས་ཚོགས། །ཐེ་ཚོམ་འདི་ནི་ཡིད་གཉིས་ཏེ། །དགེ་ལ་མི་འཇུག་བྱེད་ལས་ཅན། །ཀུན་བརྟགས་ལྷན་ཅིག་སྐྱེས་འབྱུང་བས། །དྲུག་འདི་ཉོན་མོངས་རྩ་བའོ། །ཁྲོ་བ་ཁོན་འཛིན་འཆབ་པ་དང་། ཚིག་རྩུབ་ཚིག་དང་ཕྲག་དོག་དང་། །སེར་སྣ་གཡོ་སྒྱུ་བརྒྱག་པ་དང་། །རྣམ་འཚེ་ཁྲེལ་མེད་ངོ་ཚ་མེད། །རྨུགས་དང་རྒོད་དང་མི་དད་པ། །ལེ་ལོ་བག་མེད་བརྗེད་ངས་དང་། །རྣམ་གཡེང་ཤེས་བཞིན་མ་ཡིན་རྣམས། །ཉེ་བའི་ཉོན་མོངས་ཉི་ཤུའོ། །འདི་ཀུན་སྡུག་བསྔལ་ཀུན་བསྐྱེད་ཕྱིར། །དྲུག་པོ་རྣམས་དང་ཉེ་མཚུངས་སོ། །འགྱོད་དང་གཉིད་དང་རྟོགས་དཔྱོད་ནི། །དགེ་དང་མི་དགེ་ལུང་མ་བསྟན། །ཀུན་ལ་འབྱུང་འགྱུར་རྣམ་པ་བཞི། །དེ་ལྟར་སེམས་འབྱུང་ལྔ་བཅུ་གཅིག །ལྡན་པ་མ་ཡིན་འདུ་བྱེད་རྣམས། །གཟུགས་དང་སེམས་འབྱུང་གི །སྐབས་སོ་དེ་ཉིད་ལས་གཞན་མིན། །དེ་ལ་ཐོབ་གང་གསར་རྙེད་ལྡན། །ས་བོན་དབང་དང་མངོན་གྱུར་གྱི། །དབྱེ་བས་སྐད་ཅིག་ལ་རིམས་འབྱུང་། །འདུ་ཤེས་མེད་པའི་སྙོམས་འཇུག་ནི། །བསམ་གཏན་གསུམ་པའི་འདོད་ཆགས་བྲལ། །གོང་མ་མ་ཡིན་འབྱུང་བ་ཡི། །འདུ་ཤེས་མངོན་བཏང་བརྟན་མི་གཡོ། །སེམས་དང་སེམས་འབྱུང་འགོག་པའོ། །དེ་ལ་འགོག་པའི་སྙོམས་འཇུག་ནི། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི། །ཆགས་བྲལ་སྲིད་པའི་རྩེ་མོ་ལས། །གྱེན་བསྐྱོད་གནས་པའི་འདུ་ཤེས་ཅན། །བརྟན་མི་རྣམས་དང་བརྟན་པ་ཡི། །ཆ་ཤས་འགོག་པ་གང་ཡིན་པའོ། །འདུ་ཤེས་མེད་པ་དེ་ཉིད་ཀྱི། །སྙོམས་པར་ཞུགས་པའི་འབྲས་བུ་སྟེ། །འབྲས་བུ་ཆེ་ལས་གོང་མ་ན། །གྲོང་ལས་དགོན་པའི་ཚུལ་བསྐྱེད་པ། །བརྟན་མིན་སེམས་རྣམས་འགོག་པའོ། །སྲོག་གིས་དབང་པོ་རིགས་མཐུན་གྱིས། །ལྷན་ཅིག་འདུ་བྱེད་གནས་རྟེན་ཅན། །རིགས་མཐུན་དེ་དང་དེ་འདྲ་ཉིད། །སྐྱེ་བ་དེར་ནི་འགྲུབ་བྱེད་པའོ། །དགའ་བ་ཞུམ་ཞིང་འགྱུར་བ་སྟེ། །གནས་པ་དེ་རྒྱུན་འབྲེལ་པ་ཉིད། །མི་རྟག་རྒྱུན་དེ་འདོར་བྱེད་པའོ། །མིང་ནི་མཚོན་བྱེད་བླ་དགོས། །མིང་དང་ཡི་གེ་འདུས་པའི་ཚིག །ཡི་གེ་དབྱངས་དང་གསལ་བྱེད་དོ། །སོ་སོ་འཇིག་རྟེན་འཇིག་རྟེན་པ། །འཕགས་པའི་ལམ་ནི་མ་ཐོབ་ཉིད། །འཇུག་པ་རྒྱུ་འབྲས་འབྲེལ་འཇུག་པ། །སོ་སོར་ངེས་གང་རྒྱུ་འབྲས་གཞན། །འབྱོར་གང་འཚམས་པར་འབྱུང་བའོ། །མགྱོགས་པ་རྒྱུ་འབྲས་མྱུར་བའོ། །གོ་རིམས་རྒྱུ་ལས་འབྲས་འབྱུང་ཉིད། །དུས་གང་དེ་ལ་ལྟོས་རྣམ་གསུམ། །ཡུལ་ནི་ཕྱོགས་སོགས་ཉེར་མཇལ་བྱེད། །གྲངས་ནི་གཅིག་སོགས་གོ་རིམས་ཅན། །ཚོགས་པ་འདུས་པ་ཞེས་བྱ་སྟེ། །ལྡན་མིན་འདུ་བྱེད་ཉི་ཤུ་གསུམ། །རྣམ་པར་ཤེས་པའི་ཕུང་པོ་ནི། །དམིགས་པ་རྣམ་པར་རིག་བྱེད་པ། །སེམས་དང་ཡིད་དང་རྣམ་པར་ཤེས། ཀུན་གཞི་དེར་རྟེན་ཉོན་མོངས་ཅན་དང་། །ཡིད་སོགས་དྲུག་དང་རྣམ་པ་བརྒྱད། །སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །འདུ་བྱེད་ས་བོན་བསགས་པ་ཅན། །དམིགས་རྣམ་ཡོངས་སུ་མ་ཆད་པར། །ལུང་མ་བསྟན་ཕྱིར་རིགས་འཛིན་ཉིད། །ཀུན་འགྲོ་ལྔ་དང་མཚུངས་ལྡན་པ། །རྒྱུན་ཆགས་འཇུག་པར་མདོ་ལས་བསྟན། །ཉོན་མོངས་ས་བོན་དག་པ་གང་། །དེ་བཞིན་གཤེགས་པའི་སྙིང་པོ་ཉིད། །དེ་ཕྱིར་དག་དང་མ་དག་གཉིས། །འགོག་དང་འདུ་ཤེས་མེད་སྙོམས་འཇུག །འདུ་ཤེས་མེད་པ་ས་རྣམས་ལས། །ལངས་ནས་རྣམ་རིག་བྱེད་འབྱུང་བ། །འདི་ཡོད་པས་སོ་གཞན་གྱིས་མིན། །ཁ་གཅིག་སྙོམས་པར་ཞུགས་རྒྱུ་ལས། །ལྡང་བར་བྱེད་པར་འདོད་ན་ཀོ། །ཡིད་སོགས་འགག་ཤིང་ཉེར་ཞིག་ནས། །ཡང་སྲིད་འབྲེལ་པའི་རྟོག་འབྱུང་ཕྱིར། །མྱ་ངན་འདས་པ་མེད་འགྱུར་ཞིང་། །རྒྱུ་མེད་སྐྱེ་བ་ཉིད་དུ་འགྱུར། །ཕུང་པོ་ལས་གཞན་རྒྱུར་འདོད་ན། །དངོས་གང་དྲུག་པ་འབྱུང་འགྱུར་ཞིང་། །ལུང་དང་རིག་པའི་ལམ་ལ་འགལ། །དེ་ཕྱིར་དྲུག་པོ་ལས་གཞན་ཉིད། །མིག་སོགས་དབང་པོའི་ཤེས་པ་དག །དམིགས་པའི་རྐྱེན་ལ་ལྟོས་ནས་ནི། །རྣམ་པ་གཞན་དུ་འཇུག་པ་ཉིད། །ཡིད་ཀྱང་ཆོས་ལ་དེ་མ་ཐག །རང་ཡུལ་ལྷན་ཅིག་བྱེད་པ་ཅན། །སྐད་ཅིག་འབྱུང་གིས་གཞན་དུ་མིན། །འདུ་བྱེད་རྐྱེན་ནི་རྣམ་པ་བཞི། །རྒྱུ་ཡི་རྐྱེན་ནི་ཀུན་གཞི་ཡིས། རྣམ་ཤེས་ལ་གནས་བག་ཆགས་ཏེ། །བདག་རྐྱེན་དམིགས་སོགས་དབང་པོ་རྣམས། །དེ་མ་ཐག་རྐྱེན་འགག་མ་ཐག །དམིགས་རྐྱེན་གཟུགས་ལ་སོགས་པའོ། །དེ་བས་འདུས་བྱས་སྐད་ཅིག་མར། །རྒྱལ་དང་རྒྱལ་བའི་སྲས་ཀྱིས་གསུངས། །དེ་ཕྱིར་ས་བོན་ཐམས་ཅད་པ། །སྲེད་པའི་ཉིང་མཚམས་སྦྱོར་བྱེད་པོས། །ལེན་པ་ཞེས་བྱར་གསུངས་པ་ཉིད། །འདིར་འབྲེལ་ཡིད་ནི་ཉོན་མོངས་ཅན། །ཀུན་གཞི་ལ་དམིགས་བདག་ཏུ་རྨོངས། །བདག་ལྟ་ང་རྒྱལ་ཆགས་པ་སོགས། །མཚུངས་ལྡན་རིགས་བཞི་རྒྱུན་ཆགས་འཇུག །འཕགས་སོགས་རྣམས་ལ་རྒྱུན་མི་འཇུག །དེ་བས་ཉོན་མོངས་ཅན་དུ་བརྗོད། །དག་པའི་ཡིད་ནི་འཇུག་པ་ཉིད། །དེ་བས་གཅིག་དང་གསུམ་དང་དྲུག །དགུར་ཡང་རྟོགས་པས་བྱས་པ་སྟེ། །འདིར་ནི་བརྒྱད་དུ་བསྟན་པ་ཡིན། །དེ་ལྟར་ཕུང་པོ་ལྔ་པོ་ནི། །དངོས་རྣམས་མ་ལུས་བསྡུས་པའོ། །དེ་ལ་སྐྱེ་མཆེད་བཅུ་གཉིས་ནི། །མིག་སོགས་ལྔ་དང་གཟུགས་སོགས་ལྔ། །གཟུགས་ཀྱི་ཕུང་པོར་བསྟན་པ་བཞིན། །ཡིད་ནི་རྣམ་ཤེས་ཕུང་པོའོ། །དེ་ཡུལ་ཆོས་ཀྱི་སྐྱེ་མཆེད་ནི། །འདུས་བྱས་འདུས་མ་བྱས་རྣམ་གཉིས། །ཚོར་དང་འདུ་ཤེས་འདུ་བྱེད་དང་། །རྣམ་པར་རིག་བྱེད་མ་ཡིན་གང་། །འདུས་བྱས་རྣམས་སོ་སྔོན་དུ་བཤད། །འདུས་མ་བྱས་ནི་རྣམ་པ་བཞི། །ནམ་མཁའ་གཟུགས་ཀྱི་གོ་འབྱེད་ཉིད། །སོ་སོར་བརྟགས་མིན་འགོག་པ་ནི། །དངོས་གང་འགོག་པ་བྲལ་བའོ། །དེ་ནི་ཉོན་མོངས་ལ་སོགས་ཀྱི། །གཉེན་པོ་མེད་ཀྱང་མི་སྐྱེད་ཉིད། །སོ་སོར་བརྟག་པའི་འགོག་པ་ནི། །འགོག་པ་དེ་ནི་བྲལ་བ་སྟེ། །གཉེན་པོས་བཅོམ་པས་མི་སྐྱེ་ཉིད། །དེ་བཞིན་ཉིད་ནི་ཆོས་རྣམས་ཀྱིས། །ཆོས་ཉིད་ཆོས་རྣམས་མེད་པའོ། །དེ་ནི་སྐྱེ་སོགས་མི་དམིགས་ཕྱིར། །འདུས་མ་བྱས་ཏེ་བསམ་མི་ཁྱབ། །དེར་ལྟར་ཆོས་གྱི་སྐྱེ་མཆེད་བརྒྱད། །རྣམ་ཤེས་སྐྱེ་སྒོ་བྱེད་པའི་ཕྱིར། །སྐྱེ་མཆེད་ཅེས་ནི་བསྟན་པ་ཡིན། །དབང་པོ་ཡུལ་དང་རྣམ་ཤེས་རྣམ། །ཁམས་ཀྱི་ཚོགས་ཀྱང་ཡིན་པར་བསྟན། །རྣམ་ཤེས་ཁམས་ནི་དྲུག་པོ་རྣམས། །འགག་མ་ཐག་པ་ཡིད་ཀྱི་ཁམས། །རྣམ་པར་ཤེས་པའི་གནས་བརྟན་ཕྱིར། །བསྟན་ཏོ་སེམས་ཀྱི་ཁམས་བདུན་ཡིན། །བྱེད་པོ་མེད་ལ་རང་ཉིད་ཀྱི། །མཚན་ཉིད་འཛིན་ཕྱིར་ཁམས་ཞེས་བརྗོད། །འདི་དག་ཐམས་ཅད་མཁྱེན་པ་ཡིས། །གཅིག་པུ་ཟ་དང་བྱེད་པ་པོར། །འཛིན་པོའི་གཉེན་པོར་རྒྱ་ཆེར་གསུངས། །རྒྱུ་མཐུན་རྣམ་པར་སྨིན་པ་དང་། །དྲི་མེད་སྐྱེས་བུའི་བྱེད་འབྲས་རྣམས། །ཆོས་འདི་རྣམས་ལ་ཞུགས་གྱུར་པས། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་ཀྱིས། །དབྱེ་བས་འཁྲུལ་དང་ཡང་དག་རྟོགས། །དེ་བཞིན་ཉིད་ཅེས་ཐ་སྙད་བྱས། །དེ་ཕྱིར་བློ་ལྡན་ཐེག་པ་མཆོག་ལ་ཞུགས་པ་རྣམས། །ཟབ་ཅིང་རྒྱ་ཆེན་མཐོན་པོའི་གནས་ལ་མངོན་བརྟེན་ནས། །འཇིག་རྟེན་འཇིག་རྟེན་ལས་འདས་སྣང་བ་རབ་བསྐྱེད་དེ། །ཐམས་ཅད་མཁྱེན་ཉིད་བླ་མེད་འབྲས་བུ་བསྒྲུབ་པར་བྱ། །ཉེས་པའི་ཚོགས་ཀུན་འཕགས་པ་རྣམས་ལ་བཟོད་པར་གསོལ། །དགེ་བས་འགྲོ་རྣམས་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །དམ་པའི་ཆོས་མངོན་པའི་དོན་རྣམ་པར་བསྡུ་བ། རང་བྱུང་རྡོ་རྗེས་སྦྱར་བ་རྫོགས་སོ།། །།