ཐེམ་བྱང་གསང་བའི་རིམ་པ།བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཐེམ་བྱང་གསང་བའི་རིམ་པ་བཞུགས༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་འོངས་བོད་ཁམས་གངས་རིའི་ལྗོངས་འདི་རུ༔ ཆོས་ལུགས་མི་གཅིག་ཡ་མ་ཟུང་དུ་འབྱུང་༔ མདོ་སྔགས་ཆོས་ལ་རས་གཅོད་གཟུ་ལུམ་བྱེད༔ རྒྱལ་བའི་བཀའ་དཀྲུགས་བྱིན་རླབས་ན་བུན་ཡལ༔ ལོག་ཤེས་རྣོ་བས་རང་བཟོའི་གྲུབ་མཐའ་མང་༔ ལྟ་སྒོམ་སྤྱོད་པ་ཕལ་ཆེར་ལོག་དང་འཆལ༔ ལྷས་བྱིན་དགེ་སློང་གཟུགས་འཆང་གང་ཟག་ཚུལ༔ མདོ་སྔགས་ཡ་མ་ཟུང་གི་བསྟན་བཅོས་མང་༔ ཤཱཀྱའི་བསྟན་པ་ང་མིན་ང་འདྲས་བཤིགས༔ དེ་ཚེ་རྒྱ་འགྱུར་མ་འཕྱུགས་ང་ཡི་བཀའ༔ བྱ་སླ་ཚེགས་ཆུང་ལྟ་སྒོམ་སྤྱོད་དང་འབྲས༔ ལན་གྲངས་བཅུ་དྲུག་བཞུས་པའི་གསེར་དང་མཚུངས༔ ལས་འཕྲོ་ཡོད་ངེས་སྐལ་ལྡན་མ་གཏོགས་པ༔ ང་ཡི་ཟབ་ཆོས་རྣམས་དང་མི་འཕྲད་ཅིང་༔ གལ་སྲིད་འཕྲད་ཀྱང་ཉམས་སུ་ལོན་རེ་ཀན༔ དེས་ན་མ་འོངས་ང་སྤྲུལ་སྙིང་གི་བུ༔ ལས་ཀྱི་འཕྲོ་སད་ཉི་མ་གྲགས་པ་རྩལ༔ ང་ཡི་གཏེར་ལ་སྤྱོད་ཚེ་སྤྱོད་པ་གཟོབས༔ ཆོས་བརྒྱད་རྒྱབ་བསྐྱུར་སྒྲུབ་པ་དང་དུ་ལོངས༔ མི་ཡོང་གཞན་དོན་བོར་ལ་རང་དོན་ཚོལ༔ འདུ་འཛི་གཡེང་བ་བསྐྱུར་ལ་དབེན་པ་བསྟེན༔ བར་ཆད་གཙོ་བོ་གྲཱ་སློབ་དགོན་གནས་སྤོངས༔ ཆགས་སྡང་བརྟེན་ཕུར་ཕ་ཡུལ་རྒྱབ་ཏུ་སྐྱུར༔ དགྲ་བོའི་དབང་སྡུད་ཟས་ནོར་མ་གསོགས་ཤིག༔ རྟེན་འབྲེལ་རབ་གྱུར་གཤིན་རྗེའི་གཏེར་ཐོན་ན༔ ཆོས་ཀྱི་བདག་པོ་གངས་ཅན་གཙུག་གི་རྒྱན༔ ཆོས་རྒྱལ་སྤྲུལ་པ་རྒྱ་མཚོའི་མཚན་ཅན་གྱི༔ བླ་མཆོད་བྱེད་ཅིང་འགྲོ་དོན་བསྟན་པ་རྒྱས་༔ རྟེན་འབྲེལ་འབྲིང་བབས་རྫོགས་ཆེན་གཏེར་ཐོན་ན༔ གཞན་དོན་མི་ཡོང་པདྨ་འབྱུང་གནས་བཀའ༔ རང་དོན་རྩེ་གཅིག་བསྒྲུབ་པའི་དུས་ཡིན་ནོ༔ ཟང་ཟིང་དབང་སོང་ཚེ་ལ་བར་གཅོད་འབྱུང་༔ རིག་པ་ཚད་ཕེབས་འོད་གསལ་གཡོ་འགུལ་མེད༔ ཉམས་རྟོགས་མཐར་ཕྱིན་དྲོད་རྟགས་མ་ཐོབ་བར༔ གསང་རྒྱ་སྡོམས་ལ་སྒྲུབ་པ་སྲོག་དང་སྡོས༔ ཆོས་ཀྱི་བདག་པོ་ལུང་ཟིན་ཡིན་ངེས་ལ༔ མནའ་རྒྱས་ལན་གསུམ་ཐོབ་ལ་གསང་བར་སྤེལ༔ ཡུན་རིང་འགྲོ་དོན་དོན་ཆེན་ངང་གིས་འགྲུབ༔ མི་ཡི་མཚང་སྣོན་མ་བྱེད་དམ་ཚིག་སྲུངས༔ དམ་ཚིག་མ་བསྲུངས་ངན་དགུ་འཕྲལ་དུ་འབྱུང་༔ རང་གིས་རང་ཉིད་མ་བསླུ་སྙིང་གི་གཏམ་༔ ཨོ་རྒྱན་ང་ལ་གསོལ་བ་སྙིང་ནས་ཐོབ༔ ཚེས་བཅུའི་མཆོད་པ་བསྐང་བཤགས་རྒྱུན་མ་གཅོད༔ མི་ཟེར་བྲོད་ཁར་མ་ཉན་རང་ཐག་གཅོད༔ རྟེན་འབྲེལ་ཐ་མ་གཏེར་ཕྲན་ཆོས་རྙེད་ན༔ ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་སྤེལ༔ བོད་ཁམས་ཡོངས་ལ་མ་ཎིའི་འབྲེལ་བ་ཞོག༔ འགྲོ་དྲུག་ཀུན་ལ་བྱམས་དང་སྙིང་རྗེ་བསྒོམས༔ འབྲེལ་ཐོགས་འགྲོ་བ་མ་འོངས་གདུལ་བྱར་འགྱུར༔ བླ་མ་བདེ་མཆོག་དབང་གི་ཆོས་ཀྱི་སྐོར༔ ཐེམ་བྱང་འདི་དང་ལོ་རྒྱུས་རྩ་རྒྱུད་གསུམ༔ སྒྲུབ་བའི་ཁོག་དབུབ་ལས་བྱང་བུམ་དབང་དང་༔ གསང་དབང་ཤེས་རབ་ཚིག་དབང་རིན་པོ་ཆེ༔ ཕྱི་ནང་གསང་གསུམ་ཡང་གསང་སྒྲུབ་དང་བཞི༔ ཁྲེགས་ཆོད་ཐོད་རྒལ་རླུང་གནད་རྣམ་པ་གསུམ༔ ད་ལའི་རྣམ་དག་སྒྲུབ་པའི་བླ་རྡོ་གསུམ༔ བསྐང་བ་བདུད་རྩི་སྨན་སྒྲུབ་ཡིག་སྣ་བཞི༔ བམ་སྒྲུབ་མི་རོའི་ལས་སྦྱོར་མེ་མཆོད་དང་༔ རླུང་འཁོར་ལས་ཚོགས་སྐལ་ལྡན་ལུང་བསྟན་གསུམ༔ གོ་ཆའི་ལྷ་དབང་དོན་དབང་རབ་གནས་དང་༔ ཀླུ་དབང་ཞུས་ལན་སྐྱེ་འཕྲེང་ལུང་བསྟན་གཉིས༔ སྤྱི་ལུང་གཏོར་བཟློག་བསྐུལ་དང་དམོད་བྱང་དང་༔ འཕོ་བ་སཱཙྪ་ས་ཡི་མདོ་ཆིངས་དང་༔ ཐོད་བརྟགས་ཟིན་བྲིས་བཞི་དང་བཀའ་སྲུང་གི༔ ཡིག་སྣ་དགུ་དང་གཏེར་སྲུང་མཆོད་ཐབས་བཅས༔ རྩ་བའི་ཆོས་ཚན་ལྔ་བཅུ་རྩ་བདུན་དང་༔ ཡན་ལག་མ་ཚང་ཆོས་ཀྱི་ཁ་སྐོང་དུ༔ ཟབ་ལམ་གསང་བ་ཐུགས་རྗེ་ཆེན་པོ་ཡི༔ ལོ་རྒྱུས་དབང་དང་སྒྲུབ་པ་ལས་བྱང་དང་༔ བུམ་སྒྲུབ་ཚེ་སྒྲུབ་རླུང་སྦྱོར་བཏགས་གྲོལ་དང་༔ མོ་ཁྲིད་དང་ནི་ཟིན་བྲིས་དབང་སྡུད་དང་༔ ལས་ཚོགས་གཤིན་པོ་རྗེས་འཛིན་ལ་སོགས་ཏེ༔ ཆོས་ཚན་བཅུ་གསུམ་དག་གིས་ཚང་བར་བསྟན༔ ཚེ་སྒྲུབ་ལས་བྱང་དབང་དང་ཉེ་ཤིང་དང་༔ ར་མོ་ཤག་དང་དབང་ལག་བདུད་རྩི་བཞི༔ སྒྲུབ་པའི་ཡིག་ཆུང་ཆོས་ཚན་བདུན་གྱིས་རྫོགས༔ རྡོར་སེམས་ལས་བྱང་རྡོར་སེམས་དབང་ཆོག་དང་༔ རྡོར་སེམས་གསང་སྒྲུབ་ལག་ལེན་གབ་ཐིག་དང་༔ མཐོང་གྲོལ་འཁོར་ལོ་ལས་མཐའི་འགྲོ་དོན་གསུམ༔ སྒྲིབ་སྦྱོང་རོ་སྲེག་ཆོས་ཚན་རྣམ་པ་དགུས༔ ཞི་བ་རྡོ་རྗེ་སེམས་དཔའི་ཆོས་སྐོར་ཚང་༔ འཇམ་དབྱངས་སྒྲུབ་ཐབས་དབང་དང་ལག་ལེན་གསུམ༔ གསང་སྒྲུབ་འཁོར་ལོ་ལས་ཚོགས་ཐོར་བུ་སྟེ༔ ཆོས་ཚན་དྲུག་གིས་རྫོགས་པར་བསྟན་ནོ་རྒྱ༔ མཁའ་སྤྱོད་བདུད་འདུལ་ནག་མོའི་སྒྲུབ་ཐབས་དང་༔ ལས་བྱང་བསྐུལ་དང་བསྐང་བ་དབང་ཆོག་སྟེ༔ ཚེ་སྒྲུབ་རྫས་བསྲུང་གསང་བའི་རྡོ་བཟློག་དང་༔ ལས་སྦྱོར་གསུམ་དང་ཟིན་བྲིས་ཡིག་ཆུང་དང་༔ འཕུང་བཤིག་སྒྲུབ་པ་འཕུང་གཏད་ནག་པོ་དང་༔ འཁོར་ལོ་འབྲི་ཐབས་གསང་བའི་ལས་མཐའ་གསུམ༔ དུག་མདའ་ནག་པོ་དགྲ་བོའི་ངག་མནན་དང་༔ ཉེ་དབྱེ་ཆོ་འཕྲུལ་ཆུ་ཁྱགས་འབེབས་པའི་ཐབས༔ ཡང་ཟབ་བསྲུང་བ་གསུམ་དང་བཟློག་པ་གསུམ༔ ངག་མནན་འགྲོལ་ཐབས་གྲིབ་མདོས་དང་བཅས་ཏེ༔ ཆོས་ཚན་ཉེར་ལྔས་ཡོངས་སུ་རྫོགས་པར་བསྟན༔ སྲིད་པའི་ལྷ་ཆེན་ལས་ཀྱི་ཧེ་རུ་ཀའི༔ སྒྲུབ་ཐབས་ལས་བྱང་དབང་དང་བླ་རྡོ་དང་༔ སྙིང་བྱང་ཞལ་ཁྲིད་ལས་སྦྱོར་རྣམ་པ་གསུམ༔ བདུད་རྩི་དཀར་པོའི་ལས་ཚོགས་བཅུ་བདུན་དང་༔ མན་ངག་ཐོར་བུ་དང་བཅས་ཆོས་ཚན་བཅུས༔ ལྷ་ཆེན་ཡབ་ཡུམ་སྒྲུབ་པའི་གདམས་སྐོར་རྫོགས༔ འཛམ་ལྷ་དམར་པོའི་ཡིག་སྣ་རྣམ་གསུམ་སྟེ༔ ཆོས་ཚན་དྲུག་ཅུ་རེ་ལྔ་མ་བུར་བཅས༔ ཡན་ལག་མ་ཚང་ཆོས་ཀྱི་ཁ་སྐོང་རྫོགས༔ འདི་ནི་རྩ་བ་ཡན་ལག་ཁ་སྐོང་གི༔ ཁ་བྱང་མ་བུ་ཆ་ལག་ཕྱོགས་སུ་སྡེབས༔ ནོར་འཁྲུལ་ལྷག་ཆད་སྤང་ཕྱིར་ཐེམས་སུ་བསྒྲིགས༔ ཡོངས་དྲིལ་ཆོས་ཚན་བརྒྱ་དང་ཉེར་དགུའོ༔ ས་མ་ཡཱ༔ ཨེ་མ་ཡང་ཟབ་སྙིང་པོ་ཆིག་དྲིལ་ཆོས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་དང་༔ ས་འོག་ཀུན་གྱི་གཏེར་གཅིག་ཡིད་བཞིན་ནོར༔ རིགས་འཛིན་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འདི༔ གཅེས་པར་ཆོངས་ལ་ཉམས་རྟོགས་མཐའ་རུ་སྐྱོལ༔ སརྦ་མངྒ་ལཾ། ། |