རྫོགས་པ་ཆེན་པོ་ལས་ཤེར་དབང་དང་འབྲེལ་བའི་ཕོ་ཉའི་ཁྲིད་ཡིག། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས།
འོད་གསལ་རྫོགས་པ་ཆེན་པོ་ལས་ཤེར་དབང་དང་འབྲེལ་བའི་ཕོ་ཉའི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས་བཞུགས། །
བླ་མ་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་དབྱེར་མ་མཆིས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་འོད་གསལ་རྫོགས་པ་ཆེན་པོའི་སྔགས་ཀྱི་སྐོར་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བའི་རྫོགས་པ་ཨ་ནུ་ཡོ་ག །ཟབ་ལམ་ཕོ་ཉའི་ཁྲིད་ཀྱི་རིམ་པ་ལ་གསུམ་ལས། དང་པོ། དགོས་པའི་རྒྱུ་མཚན་ནི། ཆོས་ཐམས་ཅད་ཀྱི་མཐར་ཐུག་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ། བོག་འདོན་ཕོ་ཉའི་མྱུར་ལམ་ལས་ཐབས་གཞན་མེད་དེ། ཀློང་གསལ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༌། །བྷ་གའི་དབྱིངས་ནས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་བ་ཡིན། །འདི་ཉིད་མ་བསྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བསྟེན་གྲོལ་བ་ཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང༌། །ཞེས་པས། གསང་སྔགས་ཀྱི་ལམ་ནི་ཟབ་མོ་ཐབས་ཀྱིས་གྲོལ་བ་ཡིན་ལ། ཐབས་ཀྱི་མཆོག་ནི་བདེ་བ་ཆེན་པོ་བསྒོམ་པ་སྟེ། དེ་འབྱུང་བ་ནི་ཡུམ་ལས་འབྱུང་ལ་ཡུམ་གྱི་ལུས་ཀྱི་རང་བཞིན་བྷ་ག་ཡེ་ཤེས་ཀྱི་མཁའ་དབྱིངས་ཆེན་པོ་ཡིན། སྤྱིར་འདོད་པའི་ཡོན་ཏན་ཐམས་ཅད་ཀྱི་མཆོག་ནི་ཆགས་པ་སྤྱོད་པ་ཡིན་ལ། ཆགས་པ་འདི་འཁོར་བའི་རྩ་བ་ཡིན་ཡང༌། ལྕགས་ཀྱིས་ལྕགས་གཅོད་པ་དང༌། རྡོས་རྡོ་གཅོག་པའམ། ཤིང་གི་འབུས་ཤིང་ཟ་བ་བཞིན་དུ། ཆགས་པ་ཉིད་ལམ་དུ་ཁྱེར་བས་འབྲས་བུ་མྱུར་དུ་འཐོབ་པ་ནི། ཆགས་ཅན་སྔགས་ཀྱི་ཐེག་པ་འདི་ཡིན་ལ། དབང་པོ་གཉིས་སྦྱོར་གྱིས་ཆགས་པ་ལམ་དུ་བྱེད་པ་སྔགས་བླ་མེད་ཀྱི་རྒྱུད་ཡིན་པས། ཏཱ་རེ་ཕྱི་རྒྱུད་ལས། འདོད་ཆགས་ཆེན་པོའ་ིཡེ་ཤེས་འདིས། །ཆགས་ལྡན་རྣམས་ལ་བྱང་ཆུབ་སྟེར། །ཞེས་དང༌། བསྐལ་བ་བྱེ་བ་གྲངས་མེད་པར། །བཟང་པོ་སྤྱོད་པ་ཁོ་ནས་ཀྱང༌། །བྱང་ཆུབ་རིན་ཆེན་མ་ཐོབ་པ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ཚེ་འདི་ཉིད་ཀྱིས་ཐོབ་པར་འགྱུར། །བུད་མེད་སྦྱོར་ལས་ཕྱག་རྒྱ་ཆེ། །མངོན་དུ་མཚོན་པར་བྱེད་པ་དེ། །ཁྲུས་དང་གཙང་སྦྲ་མི་དགོས་ཤིང༌། །དཀའ་སྤྱད་སྡོམ་པ་མེད་པར་ཡང༌། །བདེ་བ་ཉིད་དང་དགའ་བས་འགྲུབ། །གཟུགས་བརྙན་བླུགས་མ་ལ་སོགས་པས། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལ་རྣལ་འབྱོར་ལྷར་འགྱུར་རོ། །གཡོ་དང་སྨྲ་བ་སྤྱོད་པ་ཀུན། །ཕྱག་རྒྱ་སྔགས་དང་ཆོ་གར་འགྱུར། །མར་མེ་ལེགས་པར་བླངས་ནས་ནི། །མུན་པའི་ཁྲོད་ནས་ནོར་བུ་ལེན། །སྒྲིབ་པའི་མུན་པར་ཆོས་ཀྱི་དབྱིངས། །བུད་མེད་བདེ་བས་འཚོལ་བར་བྱ། །ཞེས་སོ། །གཉིས་པ་བརྟགས་ཏེ་འགུགས་པ་ལས། དང་པོ། ཕྱག་རྒྱ་མ་བྱེ་བྲག་ཏུ་བརྟགས་པ་དང༌། སྤྱིར་བརྟགས་པ་གཉིས་ལས། དང་པོ་ལ་ཡང་བཅུ་སྟེ། དང་པོ་ན་ཚོད་ལ་བརྟགས་པ་ནི། བཅུ་གཉིས་མ་ནི་སྒྱུ་འཕྲུལ་ལས། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་སོ། །བཅུ་དྲུག་མ་ནི། མཚན་བརྗོད་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་སོ། །ཉི་ཤུ་མ་ནི། རྣམ་པ་ཉི་ཤུ་བྱང་ཆུབ་པ། །ཞེས་པས་མཆོག་ཏུ་བསྔགས་པའོ། །ཞེས་སོ། །གཉིས་པ་གཟུགས་ལ་བརྟགས་པ་ནི། མི་འཕྲ་མི་སྦོམ་ཆེ་ཆུང་རན་པ། སྟོད་སྨད་རྒྱས་པ། རྐེད་པ་འཕྲ་བ། ཤ་འཇམ་པ། མཉེན་ལྕུགས་འཁྲིལ་ལྡེམ། སོ་ཚགས་དམ་ལ་ཐུང་བ། གང་ནས་བལྟས་ཀྱང་སྐྱོན་མེད་ཅིང༌། འཛུམ་མདངས་ཆེ་ལ་མཛེས་པའོ། །གསུམ་པ་ཁ་དོག་ལ་བརྟགས་པ་ནི། སྣུམ་ཞིང་དཀར་ལ་དམར་ཆགས་པ། །སྐྲ་སེར་བ་སྨིན་མ་ནག་ལ་འཁྱུག་པ། མིག་དཀར་ནག་འབྱེད་པ། སོ་དཀར་བ། མཆུ་སྙིང་དམར་བ། མདངས་དང་ལྡན་ཞིང་གཟི་བརྗིད་འོད་དུ་འབར་བའོ། །བཞི་པ་སྐད་ལ་བརྟགས་པ་ནི། སྐད་ཕྲ་ལ་སྙན་པ་མདངས་ཆགས་པ། སེང་བག་དང་ལྡན་པའོ། །ཚིག་ཉུང་ལ་སྒོ་གསལ་བ། དྲང་པོར་སྨྲ་ཞིང་རྫུན་མི་ཟེར་བའོ། །ལྔ་པ་དྲི་ལ་བརྟགས་པ་ནི། གླ་རྩི་དང་ཙནྡན་ལ་སོགས་པ་དྲི་བཟང་སྨན་དྲི་སྣོམ་ཞིང༌། ཁམས་གསོ་བ་དང་བདེ་བ་བསྐྱེད་ནུས་པའོ། །དྲུག་པ་སྤྱོད་ལམ་ལ་བརྟགས་པ་ནི། རྩ་དབུག་མི་བྲེལ་ཞིང་སོས་དལ་བ། བྱ་བ་གང་ཡང་ཤེས་པ། ཕྱག་དང་མཆོད་པ་བསྐོར་བ་ལ་དགའ་བ། བླ་མ་དང་སྒྲུབ་པ་པོ་ལ་གུས་པ། ཅི་བྱེད་ཡིད་དུ་འོང་བ། མཛེས་ཤིང་སྐྱོན་མེད་པ། སྦྱིན་པ་གཏོང་བ་ལ་སོགས་ཆོས་སྤྱོད་ལ་དགའ་བའོ། །བདུན་པ་སེམས་ལ་བརྟགས་པ་ནི། མི་དགེ་བ་ལ་མི་མོས་ཤིང༌། དད་པ་དང་མོས་གུས་སྙིང་རྗེ་ཆེ་བ། བློ་ཡངས་པ། གསང་ཐུབ་པ། རིག་པ་གསལ་ཞིང་དངས་པ། རྣམ་ཤེས་གཞན་དུ་མི་འཇུག་པ། མཐོ་དམན་གང་ཡང་རིག་པ། སྒྲུབ་པ་པོ་ལ་དད་པ་དང་དུང་སེམས་ཆེ་བའོ། །བརྒྱད་པ་བསགས་པ་ལ་བརྟགས་པ་ནི། སྔ་མ་ནས་ཚོགས་བསགས་པ་དག་ལས། ཆོས་ཟབ་མོ་དང་མཇལ་ཞིང་སྣོད་དུ་རུང་བ། ཀུན་གྱིས་ཡིད་དུ་འོང་བ། མཐོ་དམན་ཀུན་གྱིས་བྱམས་པ། ལུས་ཐུབ་ཅིང་དམ་ཚིག་གཙང་བ། ཟས་ནོར་འཐིབས་པ། བག་དྲོ་བ། མཁའ་འགྲོ་འདུ་བ། ཅི་བསམ་འགྲུབ་པ། བདེ་སྐྱིད་ལོངས་སྤྱོད་ཀྱི་སྐལ་བ་ཡོད་པའོ། །དགུ་པ་རིགས་ལ་བརྟགས་པ་ནི་རྣམ་པ་དྲུག་སྟེ། པདྨ་ཅན་དང༌། དུང་ཅན་མ་དང༌། རི་མོ་ཅན་དང༌། རི་དྭགས་ཅན་དང༌། གླང་པོ་ཅན་དང༌། སྣ་ཚོགས་མ་དང་དྲུག་གོ །དེ་ལ་པདྨ་ཅན་རབ་ནི། ཧ་ཅང་རིང་བ་མ་ཡིན། ཐུང་བ་མ་ཡིན། བྱད་ཧ་ཅང་ཟུར་བ་མ་ཡིན། ལེབ་པ་མ་ཡིན། ཤ་རྩ་ཧ་ཅང་སྔོ་བ་མ་ཡིན། སེར་བ་མ་ཡིན་ཞིང་མཛེས་པ། བྱད་བཞིན་དཀར་ལ་རྩ་དམར་བ། སྐྲ་སེར་ཞིང་ལི་བ། སྐྱེས་པ་བས་རྩ་སྣ་བདུན་ཅུ་རྩ་གཉིས་ཀྱི་མང་བ། ལུས་ལ་ཙནྡན་དང་ཁ་ནས་ཨུཏྤལ་གྱི་དྲི་དང་ལྡན་པ། ལུས་རྒྱས་ཀྱང་རྐེད་པ་ཕྲ་བ། བདེ་བ་བསྐྱེད་པའི་རྩ་བཟང་བ། རྐང་ལག་བྱ་ལྟར་དམར་ཞིང་ཕྲ་བ། མཆུ་སྐོར་ཅུང་ཟད་ཆེ་ཞིང༌། མཆུ་ལ་པདྨའི་རི་མོ་ཡོད་པ། སོ་ལེབ་ཅིང་ཚགས་དམ་པ། མཆུ་ལ་བུང་བ་འདུ་བ། ལྟེ་བ་ལ་པདྨའ་ིརི་མོ་ཡོད་པ། ལྟེ་འོག་ན་རི་མོ་འགྲེང་བུ་གསུམ་ཡོད་པ། འོག་སྒོའི་རྩ་ཤིན་ཏུ་བཟང་བ། སྨིན་མཚམས་སུ་རི་མོ་གསུམ་གྱེན་དུ་འགྲེང་བ། སྐྲ་མཚམས་དང་མུར་གོང་ན་དར་ཐོད་ལྟ་བུའི་རི་མོ་ཡོད་པ། ལྕེ་ལ་རལ་གྲི་ལྟ་བུའི་རི་མོ་ཡོད་པ། ཕྲག་གོང་ངམ་སོག་ཕྲག་ན་གཡང་དྲུང་འཁྱིལ་བ་ལྟ་བུའི་རི་མོ་ཡོད་པ། ནུ་མ་ཕྲ་ལ་འབུར་བ། བྷ་ག་རུབ་པ། བྷ་གའི་མཐའ་མ་རུས་སྦལ་གྱི་རྒྱབ་འདྲ་ཞིང་སྤུ་མེད་ཅིང་ཤའི་སྒང་མཐོ་བ། བདེ་བ་ཆེ་བ། གཞན་གྱིས་བློ་བཅོས་དཀའ་བ། གཞན་དགའ་བ་བསྐྱེད་ཅིང༌། བྱིན་གྱིས་བརླབས་པར་ནུས་པ། སྐད་ཐོས་པའམ་གཟུགས་མཐོང་བའམ་རེག་པ་ཙམ་གྱིས་བདེ་བ་སྟེར་བ་སྟེ། དེ་ཉིད་གང་ན་ཡོད་པའི་ཡུལ་ཕྱོགས་ཙམ་བཀྲ་ཤིས་ཤིང༌། ཐ་མལ་པ་ལའང་བདེ་བ་སྟེར་ནུས་པ་ཡིན། དེ་ཡང་མཚན་དེ་ལྟ་བུ་དང་ལྡན་ན་ཁྱད་པར་འཕགས་ཏེ། མ་ཧཱ་མ་ཡ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །པདྨ་ཅན་འབྲིང་ནི། ཤ་དཀར་ལ་རུས་ཁྱིམ་ཆ་ེཞིང་རགས་ལ། སྤྱོད་ལམ་གཙང་ཞིང་ཁོང་དལ་བ། འཇིག་རྟེན་གྱི་བྱ་བ་ལ་མཁས་ཤིང༌། བུ་ཁྱེའུ་འབའ་ཞིག་སྐྱེ་བ། མཛེས་ཤིང་བཅོས་དཀའ་བ་ཅན་ནོ། །ཐ་མ་ནི་དེ་རྣམས་ལས་ལྡོག་པས་སྤང་བར་བྱའོ། །དུང་ཅན་མ་རབ་ནི། ཤ་སེར་ལ་མདོག་སྣུམ་པ། སྐྲ་རྩེ་འཁྱིལ་ཞིང་རྩ་དམར་བ། ཚིག་གསལ་ལ་ཟུར་མིག་བལྟ་བ། ཚིག་ཟུར་རྣོ་ཞིང་ཤེས་རབ་ཆེ་བ། སྤྱོད་ལམ་ལ་མཁས་པ། འདུག་ཚུགས་ལེགས་པ། ཤ་ལུས་སྦོམ་ཞིང༌། སྐད་གདངས་མཐོ་བ། སྐད་ངར་ཆེ་ཞིང་ཤ་ཚུགས་འཇམ་པ་སྟེ་བཟང་བའོ། །འབྲིང་ནི། ལུས་མཛེས་ཤིང་སྔོ་ཤས་ཆུང་བ། རྒྱབ་ནས་བལྟས་ན་དགྱེས་པ་སྙམ་ཞིང་མདུན་ནས་བལྟས་ན་རྒུ་བ་སྙམ་བྱེད་པ། ནང་དུ་མགོ་འཕང་དམའ་བ། བྱད་ཀྱི་གཟིངས་ཐུང་ལ། ཨོལ་ཀོ་ལེགས་པ། ལུས་འདྲེས་ན་སྙིང་ཉེ་ཞིང་སེམས་གདུང་བ་ཅན་ནོ། །ཐ་མ་ནི་དེ་ལས་ལྡོག་པས་སྤང་ངོ༌། །རི་མོ་ཅན་རབ་ནི། ཤ་རྩ་སྔོ་ལ་བྱད་དཀྱུས་དང་ཡན་ལག་རིང་བ། མཆུ་སྐོར་ཆེ་ཞིང་ལུས་སྦོམ་པ། མིག་དཀྱུས་རིང་ཞིང་ལེགས་པ། བྱད་ལུས་ལ་སྨེ་བ་ཆུང་ངུ་དུ་མ་ཡོད་པ། སོ་མཉམ་པ། སྐད་སྙན་ཞིང་ཡིད་དུ་འོང་བ། ཞི་དེས་ཆེ་ཞིང་སྤྱོད་ལམ་འཇམ་པ། བྱ་བ་ཐམས་ཅད་ལ་ཁྲམ་ཆེ་བ། གཟུགས་བཟང་ཞིང་ཤེས་པ་མཁས་པ། དབྱིབས་ཕྱེད་ཅིང་སྨིན་ཕྲག་ན་རྩེ་གསུམ་ལྟ་བུའི་གཉེར་མ་གསུམ་གྱེན་ལ་འགྲེང་བ། དེའི་གོང་ན་ཐོད་བཅིང་ལྟ་བུའི་རི་མོ་གཅིག་གམ་གསུམ་འཕྲེད་ལ་ཡོད་པ་སྟེ་བཟང་བའོ། །འབྲིང་ནི། སྔོ་བསངས་ལ་དཔྲལ་བའི་དབྱིབས་ཆེ་བ། ཡན་ལག་ཕྲ་ཞིང་ངག་དངས་པ་བྱད་གཟུགས་བཟང་ཞིང་གདངས་སྙན་པ། སྨིན་ཕྲག་ན་སྨེ་བ་གཅིག་གམ་གསུམ་ཡོད་པ་ཅན་ནོ། །ཐ་མ་ནི་དེ་ལས་ལྡོག་པས་སྤང་ངོ༌། །རི་དྭགས་ཅན་མ་ནི། རི་དྭགས་ཀྱི་རོ་སྟོད་འདྲ་བ། ཤ་རྒྱས་ཤིང་ནུ་མ་ཆེ་བ། རི་དྭགས་ཀྱི་སྨད་འདྲ་བ་ཤ་རྒྱས་ཤིང་བྷ་ག་རུབ་པ། དབུགས་དང་ཉེ་གནས་ལ་གླ་རྩི་བྲོ་བ། སྐེད་པ་ཕྲ་ཞིང་འགྲོས་དལ་བ། སྐྱེས་པ་ལ་མིག་མི་འཛུམ་པར་བལྟ་བ། སྐད་སྙན་པ། ཤེས་རབ་དང་དད་པ་ཆེ་བ་སྟེ་བཟང་ངོ༌། །འབྲིང་ནི་དེ་ལྟ་བུ་ལས་མོས་གུས་དང་གདུང་སེམས་ཅན་ནོ། །ཐ་མ་ནི་དེ་གང་དང་མི་ལྡན་ན་མི་བསྟེན་ནོ། །གླང་པོ་ཅན་རབ་ནི་མིག་དཀྱུས་རིང་ཞིང་སྨིན་ཕྲག་ཡངས་པ། ལུས་རིང་ཞིང་ཁོངས་དལ་བ། གཞན་གྱི་ངག་མི་ཆོག་པ། རྣ་བ་ཆེ་ཞིང་ཡན་ལག་ཐུང་བ། ངོ་ཚ་ཆེ་ཞིང་ཁ་དབང་ཆེ་བ། སྤྱོད་ལམ་སྒྲིམ་པོ་མི་ཤིས་ཤིང་ལྷོད་ཆགས་པ། སྐད་སྙན་ལ་དྲི་ཞིམ་པ་སྟེ་བཟང་ངོ༌། །འབྲིང་ནི་བྱད་སྔོ་ལ་གཟིངས་མཐོ་བ། ལུས་ཁྱིམ་ལེགས་ཤིང་ཡིད་དུ་འོང་བ། ཁོང་ཆེ་བས་དོན་མི་འཆོར་ཞིང་སླར་མི་བཏུབ་པ། ཕོད་ཆེ་ལ་ངང་རིང་བ་ཅན་ནོ། །ཐ་མ་ནི་དེ་གང་དང་མི་ལྡན་ན་མི་བསྟེན་ནོ། །སྣ་ཚོགས་ཅན་མ་ནི། གོང་གི་མཚན་རྟགས་བཟང་བ་འགའ་རེ་དང་ལྡན་པ་སྟེ། དེ་ལ་དུང་ཅན་མ་ལ་སོགས་པའི་རྩ་ཅི་རིགས་སུ་ཡོད་པ་བདེ་བ་སྟེར་ནུས་ཤིང༌། རི་དྭགས་ཅན་མ་སོགས་ལྟར་དད་པ་དང་བློ་གསལ་བ་སོགས་ཀྱི་རབ་འབྲིང་དུ་དབྱེ་བར་ཤེས་དགོས་སོ། །བཅུ་པ་རང་གི་ཉམས་འཆར་ཚུལ་ལ་བརྟགས་པ་ནི། བུ་མོ་མཚན་ལྡན་མ་དེ་མཐོང་བའམ། སྐད་ཐོས་པའམ་རེག་པ་ཙམ་ལ་བདེ་ཉམས་སྐྱེ་ཞིང༌། ལུས་པོ་གཡའ་བ་དང༌། སྐྱེ་བུན་སྦྲིད་ཆིལ་བྱེད་པ། ཆགས་པ་གཡོ་བ་དང་འཁྲིལ་བ་ཙམ་ལ་བདེ་ཉམས་སྐྱེ་ཞིང༌། རྟོག་པ་འགགས་པ་དང་སྙོམས་པར་ཞུགས་དུས་མ་བསྲུབས་ཀྱང་བདེ་བ་རྫོགས་པར་སྐྱེ་བ། ཐིག་ལེ་མ་གཡོས་ཀྱང་ཡེ་ཤེས་རང་ཤུགས་ལ་སྐྱེ་བ། མ་བཟུང་ཀྱང་ཐིག་ལེ་མི་ཉམས་ཤིང༌། ཐིག་ལེ་འཆུགས་ཀྱང་ལུས་པོ་ལ་མི་གནོད་པ། ཡེ་ཤེས་གསལ་བ་མི་རྟོག་པ་དང་ཤེས་རབ་སྐྱེ་བ། ཆགས་ཞེན་ཨ་འཐས་ཀྱི་རྟོག་པ་རང་སར་འཇིག་ཅིང༌། འཁོར་བའི་སྤྲོས་པ་ཆོད་ལ་རྗེས་སུ་བརྟན་པའོ། །བྱེ་བྲག་ཏུ་བརྟེན་དུ་རུང་བའི་རིགས་བརྟགས་པ་ནི། ཀློང་གསལ་ཉི་མའི་རྒྱུད་ལས། ཕྱི་ནང་གསང་བའི་རྟགས་ཚང་ཞིང༌། །དྲི་ཞིམ་སྐད་སྙན་ཡིད་འོང་མཛེས། །བདེ་བའི་མདངས་ལྡན་ཆོས་ལ་མོས། །གསང་ཐུབ་ཤེས་རབ་ཆ་ེབའོ། །ཞེས་པས། ཕྱི་ལུས་ནང་རྩ་གསང་བ་སེམས་ཀྱི་རྟགས་གསུམ་ཚང་བ་སྟེ། དེའང་ལུས་ལང་ཚོ་དར་ལ་བབས་པ་ལོ་བཅུ་གཉིས་སམ། བཅུ་གསུམ་ནས་རྩ་བརྒྱད་ཀྱི་བར་གོང་གི་སྐྱོན་དང་བྲལ་བ་ཅན་ནོ། །ཡོན་ཏན་ནི་ལུས་རྒྱས་པས་རྩ་རྒྱས། རྩ་རྒྱས་པས་རླུང་རྒྱས། རླུང་རྒྱས་པས་ཐིག་ལེ་རྒྱས། ཐིག་ལེ་རྒྱས་པས་བདེ་བ་ཤིན་ཏུ་རྒྱས་སོ། །བདེ་བ་རྒྱས་པས་རྣལ་འབྱོར་པའི་ཐིག་ལེ་འཕེལ་ཞིང་བདེ་སྟོང་གི་ཡོན་ཏན་སྐྱེ་བའོ། །དེའང་གཞོན་ནུ་མ་དེའི་ནང་གི་བདེ་བའི་སྟོབས་ཕྱིར་ཤར་བས། གཞན་ཀྱི་མིག་ཏུ་མཛེས་ཤིང་ཡིད་དུ་འོང་བ། སྐྲ་ལི་ཞིང་སོ་ལེགས་པ། ཡན་ལག་གི་ཤ་རྒྱས་པའོ། །དེ་ཉིད་གང་ན་གནས་པའི་ཡུལ་དང༌། རྣལ་འབྱོར་པ་ལ་བཀྲ་ཤིས་པ་ཡིན་ནོ། །དེ་ཡང་ཕྱི་རྟགས་ནི་དྲི་ཞིམ་པས་བདེ་བ་མི་སུན་ཞིང་སྤྲོ་ལ། སྐད་སྙན་པས་བདེ་བ་ལ་ཡིད་འཇུག །སྐེད་པ་ཕྲ་བས་མཉེན་ཅིང་བདེ་བ་རྒྱུན་མི་འཆད། སྨད་ཀྱི་ཞིང་རྒྱས་ཤིང་བྷ་ག་རུབ་པས་རྩ་བཙལ་སླ། ཆགས་པའི་མདངས་དང་ལྡན་པས་བདེ་བ་རང་དབང་མེད་པར་སྐྱེ་བའི་དགོས་པ་ཡོད་དོ། །ནང་རྟགས་ནི་གསང་ཐུབ་པས། གསང་སྤྱོད་གཞན་དུ་མི་སྨྲ་ཞིང༌། བདེ་བའི་སྐད་འབྱིན་པས་བདེ་བ་གཡོ་ལ། བྷ་གའི་ནང་ན་རྩའི་རྩེ་མོ་རིང་བ། དེ་ལ་རྡོ་རྗེས་རེག་པ་ཙམ་གྱིས་བདེ་བ་མི་བཟོད་པ་སྐྱེ་ཞིང་སྐད་འབྱིན་པའོ། །གསང་རྟགས་ནི་དད་པ་ཆེ་ཞིང་ཆོས་ལ་མོས་པས་ལོག་པའི་ལམ་དུ་མི་འགྲོ་ཤེས་རབ་ཆེ་བས་བླ་མས་བརྡ་དང་གསུང་སྒྲོས་ཕྱིན་ཅི་མ་ལོག་པར་གོ །དམ་ཚིག་གཙང་ལ་དབང་ཐོབ་པས་གསང་སྤྱོད་ལ་སྐུར་བ་མི་འདེབས་པའི་དགོས་པ་ཡོད་དོ། །ཁྱད་པར་གོང་བཞིན་མཚན་རྟགས་རྣམས་ཚང་ཞིང༌། དཔྲལ་བར་སྨེ་བ་ཡོད་ན་སྐུ་རྡོ་རྗེ་མ་ཞེས་བྱ་སྟེ་སྐུའི་དངོས་གྲུབ་སྟེར་བར་ནུས་སོ། །མགྲིན་པར་ཡོད་ན་གསུང་རྡོ་རྗེ་མ་ཞེས་བྱ་བ་སྟེ་གསུང་གི་དངོས་གྲུབ་སྟེར་བར་ནུས་སོ། །སྙིང་གར་ཡོད་ན་ཐུགས་རྡོ་རྗེ་མ་ཞེས་བྱ་བ་སྟེ་ཐུགས་ཀྱི་དངོས་གྲུབ་སྟེར་བར་ནུས་སོ། །གནས་གསུམ་ཀར་སྨེ་བ་ཡོད་ན་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ཡིན་པ་ལས། དེ་ནི་ཕལ་བའི་བུ་མོ་ཡིན་སྙམ་མི་བྱའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འབྱུང་བར་དཀོན་ཞིང་མཆོག་གི་དངོས་གྲུབ་སྩོལ་ནུས་པས་ན་ཚུལ་བཞིན་བསྟེན་པར་བྱའོ། །དེ་ནི་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་གོ །མདོར་ན་ཀློང་གསལ་ལས། སྐྱོན་ཅན་སྤང་ཞིང་ཡོན་ཏན་ལྡན་པ་བསྟེན། །འབྲས་བུ་གནས་སྐབས་མཐར་ཐུག་ཕུན་སུམ་ཚོགས། །ཞེས་གསུངས་སོ། །དེ་ནས་བསྟེན་དུ་མི་རུང་བའི་རིགས་ནི། ཀློང་གསལ་ལས། དད་དང་ངོ་ཚ་མེད་པ་དང༌། །རིགས་དང་རང་བཞིན་ཉམས་པ་སྤང༌། །ཞེས་པས། དད་པ་མེད་པ་དང༌། ངོ་ཚ་དང་ཁྲེལ་མེད་པ་དང༌། རིགས་ལྔའི་མཚན་ལྟས་བཟང་པོ་ཉམས་པ་དང༌། རང་བཞིན་ངན་ལ་རྩུབ་པ། སྒོ་གསུམ་རྣམ་པར་མི་དགེ་བ་ཅན་ནོ། །ཡང་དེ་ཉིད་ལས། རྩ་ཞིག་རྩ་ཞ་རྩ་རྒུད་གསུམ། །བདེ་བ་མེད་པས་སྤང་བར་བྱ། །ཞེས། རྩ་ཞིག་ནི་བུ་ཚ་སྐྱེས་པས་རུས་ཚིགས་ཕྱེ་ཞིང་ལྷོད་པའོ། །ཞ་བ་ནི་ནད་གཅོང་ལ་སོགས་པས་གཏར་བསྲེག་བྱས་པས་བདེ་བའི་ལམ་ཉམས་པའོ། །རྒུད་པ་ནི་ལས་དྲག་པོ་དང་མྱ་ངན་དང་ཟས་བཅུད་མེད་བརྟེན་པ་ལ་སོགས་པས་བདེ་བ་སྟེར་མི་ནུས་པས་སོ། །ཡང༌། མ་སྨིན་ཡལ་དང་ཟད་པ་དང༌། །ཆུང་དང་ཉམས་དང་སྐྱོན་ཅན་སྤོང༌། །ཞེས་པས། མ་སྨིན་པ་ནི་ཁམས་ནར་མ་རྫོགས་པ་ལོ་བཅུ་མན་ཆད་པའོ། །ཡལ་བ་ནི་དངས་མ་ཟག་ནས་མེད་པ་སྟེ་སུམ་ཅུ་ཡན་ཆད་དོ། །ཟད་པ་ནི་བུ་ཚ་སྐྱེས་པའམ་ཟས་མེད་པ་ལ་སོགས་པས་ཁམས་ཉམས་པའོ། །ཆུང་བ་ནི་ཁམས་ཉུང་བའི་བུད་མེད་ཀྱི་རིགས་ཅན་བདེ་བ་ཤེས་ཆུང་བའོ། །ཉམས་པ་ནི་ཁམས་ཟག་པའོ། །སྐྱོན་ཅན་ནི་ནལ་བུ་ཡོད་པ་ཅན་ནོ། །ཁྱད་པར་བུད་མེད་ནག་མོ་མ་དག་པའི་རིགས་སྤང་བྱའི་ཚོགས་ནི་འདི་ལྟར་ཏེ། བདུད་མོ་འགྲིབ་བྱེད་མའི་རིགས་ཞེས་བྱ་བ་ནི། གཟུགས་ཆེ་ལ་ཡན་ལག་རག་ཅིང་ཁ་སྣ་ཆེ་བ། རྐང་པ་གཡས་འདོར་ཤ་མདོག་དམར་ནག་ཅན། སྐད་སྦོམ་བྲང་རུས་འབུར་ལ་སྐེད་པ་གྱི་ལིང་དུ་ཡོད་པ། ཆོས་ལ་མི་དད་ཅིང་སེར་སྣ་ཤིན་ཏུ་ཆེ་བ། ཕྲ་མ་གཡེམ་ལ་དགའ་བ། ཀུན་ལ་སྙིང་རྗེ་ཆུང་ཞིང༌། མཛའ་བོ་ལ་ངན་པ་སྟེ། དེས་ནི་ཚེ་བསོད་ལོངས་སྤྱོད་ཐམས་ཅད་འགྲིབ་པར་འགྱུར་རོ། །བདུད་མོ་མནོལ་བྱེད་མའི་རིགས་ནི། གཟུགས་བོང་ཤིན་ཏུ་ཆུང་ངམ་ཡང་ན་སྦོམ་པ། ཤ་རྩུབ་ཉ་སུལ་རག་ཅིང༌། རྐང་ལག་གི་མགོ་རྣམས་ཆེ་བ། མདོག་ཀྱང་དམར་ལ། མིག་གོར་བ། སྤྱོད་ལམ་ཚུབ་ལ་ཕྱིན་ཅི་ལོག་པ། དབང་པོ་གསལ་ཡང་བཟང་ལན་བརྗེད་ངེས་ཆེ་ཞིང༌། བདེན་པ་ཁྱད་དུ་གསོད་པ། གཡོ་རྒྱུ་དང་མིག་སེར་ཆེ་ལ། གོ་ཡུལ་ཤེས་རབ་ངན་པ། ཉོན་མོངས་ཤིང་གཏི་མུག་འཐིབ་པ། གོམ་པ་མགྱོགས་ལ་བཟང་ལན་ངན་འདོན་ཅན། ལས་དྲག་ཏུ་འཇུག་ཅིང་བཟང་བཏུང་བསྣོལ་འབོག་ཆེ་སྟེ། དེས་ནི་ཕུང་གསུམ་ལངས་ཤིང་ཚེ་རྒུད་མི་རུང་སྣ་ཚོགས་འབྱུང་བར་འགྱུར་རོ། །བདུད་མོ་ཟ་བྱེད་མའི་རིགས་ནི། ལུས་བོང་རགས་ལ་ཤ་སྣ་རྩུབ་པ། མིག་དམར་ཁ་ཆེ་སྣ་ཉག །མདོག་དམར་རམ་ནག་པ། གདོང་སྨེ་མང་པོ་ཡོད་པ། སྐྲ་བོང་ཆེ་ལ་ཀོ་ལོང་དམ་པ། གང་དང་འགྲོགས་ཀྱང་འཁོན་ཐབས་མང་ཞིང༌། གཙང་སྦྲ་ཆུང་ཞིང་དམར་ལ་རྔམས་པ། ཞེ་སྡང་རགས་ལ་ཁྲོ་གཏུམ་ཆེ་བ་སྟེ། འདི་བསྟེན་དཔལ་རྣམས་རིང་པོར་འགྱུར་བས་མི་བསྟེན་པར་བྱའོ། །དེ་བཞིན་གནོད་སྦྱིན་མའི་རིགས་ཀྱི་བུད་མེད་ནི་བློ་རྒོད་ཅིང་གོམ་པ་དྲག་པོར་འགྲོ་བ། བློ་མི་བརྟན་ཅིང་འགྱུར་ལྡོག་ཆེ་བ། ཁ་ནང་དུ་དྲི་ངན་བསྣམས་ཞིང༌། རྐང་ལག་རགས་ལ་ཚིག་སྣ་ཚོགས་སྨྲ་བ། མིག་སེར་ཆེ་ཞིང་མཆན་འོག་ནས་བསེ་དྲི་བསྣམས་པ། གསང་གནས་ཡང་རོ་ཁ་བ། ཞེ་ཁ་ལྡོག་ཅིང་ཉམས་མི་དགའ་སྟེ། དེས་ནི་ཕྲ་མེན་དང་བཀྲ་མི་ཤེས་སྣ་ཚོགས་འོང་བས་སྤང་བར་བྱའོ། །དེ་བཞིན་ལས་ངན་རིགས་ཀྱི་བུད་མེད་ནི། ལུས་ཕྲ། སྐྲ་ནག །མཁུར་ཚོས་ཆེ་བ། ཨོག་མ་རྣོ་ཞིང་ཤ་མདོག་སེར་ལ་རིད་པ། རྐན་ཕུག་ནག་ལ་དྲི་མ་ཆེ་བ། མིག་ཞུད་དམའ་ལ་མཚུལ་བ་མཐོ་བ། མཆ་ེབ་ཡོད་ཅིང་ཁ་དོག་དམར་བ་སྟེ། མིག་སེར་རྒོད་ལ་འདོད་ཆགས་ཆེ་བ་རྣམས་བསྟེན་པས་ཚེ་ལ་བར་དུ་གཅོད་ཅིང་མི་རུང་བས་སྤང་བར་བྱའོ། །དེ་བཞིན་དམ་སྲིའི་རིགས་ནི། དཔུང་མགོ་མཐོ་ལ་ཚིགས་ཐམས་ཅད་སྦོམ་པ། གསུས་པ་ཆ་ེཞིང་འཕུང་རུས་ཆུང་བ། སྣ་ཉག་འཁུར་ཚོས་ཆེ་ལ་དྲི་ངན་བསྣམས་པ། གསང་མི་ཐུབ་ཅིང་ཀོ་ལོང་རགས་པ། ཙབ་ཙུབ་མང་ལ་ཕྲག་དོག་དང་མིག་སེར་ཆེ་བ། འཁོར་བར་སྐྱོ་ལ་སེར་སྣ་རགས་ཞིང་བསམ་སྦྱོར་ངན་པ་སྟེ། འདི་བསྟེན་མཆོག་གི་དངོས་གྲུབ་སྐྱེ་བ་ལྔ་བརྒྱར་མི་འཐོབ་ཅིང༌། ཡུལ་མཐའ་འཁོབ་དང་མ་རུང་བ་ཁོ་ནར་དེ་འདྲ་མང་བས་སྤང་དགོས་སོ། །དེ་བཞིན་ཤ་ཟའི་རིགས་ནི། ཤ་མདོག་ནག་ལ་ཕོ་སྐད་ཅན། རྗི་མ་རིང་ཞིང་སྨིན་མ་འཚུབ་པ། གསུས་པ་ལྡིར་ལ་གཤང་ལྕི་དང་གཡའ་ཆུ་མང་བ། ཁ་རྩོག་གི་གཏམ་ལབ་ལ་དགའ་ཞིང༌། སྦྱོར་བའི་འཁྱེར་སོ་མེད་པར་རོ་ཉལ་བྱེད་པ། མིག་སེར་ཤིན་ཏུ་རྒོད་པ་ལ་སོགས་ཏེ། དེ་བསྟེན་ཚེ་འདིར་དངོས་གྲུབ་ཆད་ཅིང་ཚེའི་བར་ཆད་མྱུར་དུ་འོང་ཞིང༌། ཚེ་འཕོས་ནས་ཀྱང་དམྱལ་བར་འགྲོ་བས་སྤང་དགོས་སོ། །དེ་བཞིན་དུ་རྐང་འཇིབས་མའི་རིགས་ནི། གདོང་བ་དྲག་ཅིང༌། ཧ་འདང་ཆེ་བ། ཚིག་རྩུབ་ཅིང་ལུད་པ་ཕྱོགས་བཅུར་འཕེན་པ། མི་ནོར་ལ་སྡང་ཞིང་ཟས་བཅུད་ཆུང་བ། བྱ་བ་བྲེལ་བས་དོན་མི་འགྲུབ་པ། སེམས་འཚབ་ཁ་རྒོད་ཕུག་སྡུག་པ། རྨི་ལམ་ལྷ་མཐོང་དང་འདྲེ་མཐོང་མང་བ། མིག་སྤྲིན་ཁྲ་ལ་རྗི་མ་རིང་བ། མཛའ་བ་ལ་སྡང་ཞིང་ཀུན་ལ་འཐབས་ཏེ། དེས་ནི་དངོས་གྲུབ་རྣམ་གཉིས་ཟད་ཅིང༌། ཚེ་ལ་བར་ཆད་འབྱུང་བས་སྤང་ངོ༌། །དེ་བཞིན་བཅུད་འཕྲོག་མའི་རིགས་ནི། ཤ་མདོག་སྐྱ་བོ་ཐལ་མདོག་ལྟ་བུའམ། ཡང་ན་སེར་ལ་རིང་བ། ཡང་ན་སྔོན་པོ་ནག་པོ་སྨུག་པོ་ལ་སོགས་སྐྲ་ཡང་ནག་ལ་རྩུབ་པ། ལུས་དྲི་མ་ཆེ་བ། མིག་འབྲས་དམའ་ལ་སྣ་གདོང་ཉག་པ། ཁ་རྩོག་ཅིང་ཚིག་ངན་སྣ་ཚོགས་རྒྱུན་དུ་སྨྲ་བ། ཁ་འཁྱལ་ཞིང་ཀུན་ལ་གཤེ་བ་དང༌། མིག་སེར་ཆེ་ཞིང་ཟས་ལ་ངན་པ། སྐྱེས་པ་ཚུད་ན་འབྲལ་མི་ཕོད་པ་སྟེ། དེས་ནི་ཚེ་ཐུང་ནད་སྣ་ཚོགས་འབྱུང་ཞིང༌། རྣལ་འབྱོར་པའི་ཉམས་རྟོགས་འགྲིབ་པས་ན་དེ་རྣམས་ནི་སྤང་བར་བྱ་བ་ཡིན་ནོ། །ཡང་དེ་ལྟར་མ་ཡིན་པའི་མ་རུང་བའི་རིགས་རྣམས་ནི་དབང་པོ་སྟེ། འབྱུང་བ་རླུང་གི་དྭངས་མ་སྐྲ་ཡིན་པས། ཕག་གི་ཟེ་བ་ལྟར་ལངས་ན་དམ་སྲི་དང༌། རུས་པ་བྱང་ཆུབ་ཀྱི་དྭངས་མ་ཡིན་པས་སོ་སེར་ཞིང་ཧྲལ་ཧྲོལ་འདྲ། ན་མ་ཡམས་དང༌། རྐང་ལག་གི་སེན་མོ་བྱ་སྡེར་འདྲ་ན་གསོད་བྱེད་མ་དང༌། མཆན་ཁུང་གཡོན་དུ་སྨེ་བ་བྱུང་ན་འཇོམས་བྱེད་མ་དང༌། ཅེར་གྱིས་བལྟས་པས་སྙིང་མི་དགའ་ཞིང༌། ལྷང་གིས་སྨྲས་པས་སྒྲ་མི་སྙན་པ་གནོད་སྦྱིན་མ་སྟེ་འདྲེ་མོའི་རིགས་ཡིན་པས་སྤང༌། གཞན་ཡང༌། གསང་སྒོ་འཆལ་བ། རྫུན་དང་དབྱེན་རྒོད་པ། དག་སྣང་ཆུང་ཞིང་དད་གུས་མེད་པ། ཕྱི་ལ་དགའ་ཞིང་ཕྲག་དོག་རྒོད་པ་ལ་སོགས་པ་སྟེ། ཆོས་དང་མི་ལྡན་ཅིང༌། ཆོས་ལ་གནོད་པར་བྱེད་པ་རྣམས་ནི་འདྲེ་བདུད་ཀྱི་རིགས་ཡིན་པས་སྤང་བྱ་ཡིན་ནོ། །ལར་ནི་མ་བརྟགས་པའི་མཛེས་མོ་ཕྱག་རྒྱར་བསྟེན་ན། རང་སངས་རྒྱས་ཐོབ་ཀྱང༌། གཞན་དོན་གཏན་ནས་མི་ནུས། ཡུག་ས་མོ་ཕྱག་རྒྱར་བརྟེན་ན་སྐྱེ་བ་བརྒྱ་སྟོང་དུ་དངོས་གྲུབ་མི་ཐོབ། བླ་མ་དང་སློབ་དཔོན་ལ་དམ་ཉམས་པའི་བུད་མེད་ཕྱག་རྒྱར་བསྟེན་ན། འགོ་བའི་ལྷ་དང་ཕྲལ་ཞིང༌། ཡི་དམ་གྱི་ལྷ་མི་འགྲུབ་ཅིང༌། མཁའ་འགྲོ་རྣམས་རིང་དུ་འབྲོས། ཆོས་སྐྱོང་གི་ཕྲིན་ལས་རྒུད། གདུལ་བྱའི་སྣ་འགགས། སྐྱེས་བོའི་ཡ་ཁ་ལྡང༌། མཚན་དང་མི་ལྡན་པའི་བུད་མེད་ནི། ལན་གཅིག་བརྟེན་ཀྱང་མི་རུང་བ་སྣ་གཅིག་ཡོངས། ནོར་དང་འབྲལ། དགྲ་སྡང༌། ལོངས་སྤྱོད་དབུལ། མི་མཐུན་པའི་བྱུར་རྣམས་འཕེལ་བར་འགྱུར་བས་སྤང་བྱ་ཡིན་ནོ། །ཕྱག་རྒྱ་རྐྱེན་དང་ལྡན་ཡང་བཟློག་པ་ནི། སྐུ་གསུང་ཐུགས་ཀྱི་སྨེ་བ་གང་ཡོད་པ་དང༌། སྣ་བུག་གཡོན་གྱི་འགྲམ་སྟོད་སྨད་ལ་སྨེ་བས་བརྒྱན་པ་ཡོད་ན། རྐྱེན་རྣམས་ལྡན་ཡང་བཟློག་པར་འགྱུར་བས། དེ་ལྟར་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་རྣམས་མ་ཚང་ན་སྤང་ལ། ཚང་ན་བརྟེན་པར་བྱ་བའོ། །གཉིས་པ་མཚན་ཉིད་དང་ལྡན་པ། དབང་དུ་བསྡུ་བའི་ཐབས་ལ། དང་པོ་རྫས་ནི་གཞན་གྱི་སེམས་གཟིར་བར་བྱེད་པ་གོ་བོའི་བྲུན། ཡིད་དུ་འོང་བར་བྱེད་པ་སེ་བའི་མེ་ཏོག །ཡིད་འགྱུར་བར་བྱེད་པ་ཁུར་མོང་གི་མེ་ཏོག །རྟག་ཏུ་རང་ལ་གུས་པར་བྱེད་པ་ཕོ་དུང༌། རྟག་ཏུ་སེམས་བརྩེ་བར་བྱེད་པ་ནས་ཟན་ཀླད་པ། མོ་དབང་དུ་འདུ་བར་བྱེད་པ་ཁུག་རྟའི་བྲུན། བཙུན་མོ་དབང་དུ་འདུ་བར་བྱེད་པ་ཟངས་ཀྱི་ཕྱེ་མ། ཐང་ཕྲོམ་འབྲུ་གུ། རང་གི་ཐིག་ལེ་བཅས་ཞིབ་ཏུ་བརྡུང་ལ། རིལ་བུ་སྲན་མ་ཙམ་བྱས་ཏེ། བསྒྲུབ་པ་ནི། རང་ཉིད་ཡི་དམ་དུ་གསལ་བའི་གསང་གནས་སུ། དབང་ཕྱུག་ཆེན་པོ་མདའ་གཞུ་འགེངས་པའི་རྡོ་རྗེ་གྱེན་དུ་ལངས་པ་ལ། མོ་རྒྱུད་ཐམས་ཅད་ཀྱི་སེམས་ཆགས་པར་བསམ། གཞུ་ཡཾ་གྱིས་མཚན་པ་ལས་རླུང་གཡོས། མདའ་རཾ་གྱིས་མཚན་པ་ལས་མེ་འབར་བས་རཾ་དམར་པོ་ཞིག་ཆད་དེ་དམིགས་བྱའི་གཙོ་བོ་བུད་མེད་ཐམས་ཅད་ཀྱི་སྙིང་ནང་དུ་ཕོག་པས་སེམས་གཡོས་ལུས་འདར་བས། ཁམས་དམར་པོ་དམར་ལྷད་ལྷད་མར་བབས་ནས་རང་ལ་ཐིམ་པར་བསྒོམ། མོ་ཐམས་ཅད་འཕར་ལིང་ལིང་བྱས་ནས་གཡོན་སྐོར་དུ་སྒ་ར་ར་འཁོར་བར་བསམ། དམིགས་བྱ་རྣམས་འཕར་ཡེད་ཡེད་སྡངས་ཡེད་ཡེད་བྱུང་ནས་རང་དབང་མེད་པར་རང་ལ་དད་པ་དང་གདུང་བ་དང་གུས་པར་བསྒོམ་ལ། སྔགས་འདི་བཟླ། ཨོཾ་མ་ཧཱ་དེ་ཝ་ཧཱུྃ། ཨུ་མ་དེ་ཝི་ཧྲཱིཿ བུད་མེད་ཐམས་ཅད་ཀྱི་མངལ་གྱི་སྲིན་བུ་སློང༌། ཨཱ་མོ་ལཾ་ལཾ་སྟོད་དུ་ལཾ་ཨ་ཏི་ཁོལ་ཁོལ། སྨད་དུ་ཁོལ། སེམས་ཀྱི་འདོད་ཆགས་འབྱུང་བ་དཀྲུགས་ཤིག །རླུང་གི་ཞགས་པས་དེད་ལ་ཤོག །ཎི་ཨཱ་ཀར་ཤ་ཡ་ཧྲིཾ་ཛ་ཛ། ཞེས་ཞག་བདུན་བཟླས་ཏེ་རྫས་ལ་བསྔགས་ནས། ཆང་ངམ་ཟས་དང་སྦྱར་དེ་དམིགས་བྱའི་ལྟོར་ཐང་བར་བྱས་ན་རང་དབང་མེད་པར་དབང་དུ་འདུ་བར་འགྱུར་རོ། །གཉིས་པ་འཁོར་ལོ་ལ་བརྟེན་ནས་དབང་དུ་བསྡུ་བ་ནི། ཟིལ་གནོན་སེང་གེའི་ཙཀྲ་དང་གཅིག །མཛེས་བྱེད་རྨ་བྱའི་ཙཀྲ་དང་གཉིས། སྙན་བྱེད་དུང་གི་ཙཀྲ་དང་གསུམ་ལས། རེ་རེ་ལ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར་ལ། སེང་གེའི་ཙཀྲའི་ལྟེ་བར། བུད་མེད་བསྙལ་མའི་སྟེང་དུ་རང་གི་གཟུགས་བྲིས། ཕྱི་རིམ་མུ་ཁྱུད་ལ་ལྷ་འདྲེ་མི་གསུམ་ཐམས་ཅད་དང༌། འགྲོ་བ་ཕོ་མོ་ཁྱད་པར་དུ་ཡང་ཆེ་གེ་མོ་འདི་ཞེས་བྱ་བ་རང་གི་དམིགས་ཡུལ་དུ་གྱུར་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་མྱུར་དུ་ཁུག་ཅིག དེའི་ཕྱི་རིམ་ལ། ཨོཾ་ཙག་ཤུ་ཙེར་སྡེམ་གུམ་བུད་མེད་གང་ལ་བྱེད་པ་དེ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག །ཅེས་བྲི། དེའི་ཕྱི་རོལ་དུ་རྩིབ་བདུན་ལ། ཨེ་རྣི¿་ཡ་མ་དུ་ཧྲཱིཿཛ། ཡི་གེ་རེ་རེ་བྲི། རྩིབ་མཆན་དུ་བུད་མེད་ཡིད་དུ་འོང་བའམ། ཡུལ་དེའི་རྒྱལ་པོ་དང་བཙུན་མོ་རྣམས་ཀྱིས་རང་ལ་གུས་པ་དང་འདུད་པའི་ཚུལ་བྱའོ། །དེའི་ཕྱི་རིམ་ལ། ཨོཾ་ཤ་ཤ་སྲང་སྲང་ཏྲི་ཙམ་ཏྲི་ཙམ་ཏྲཾ་མོས་ཤོག་ཤོག་ཙག་ཙག་ཙིག་ཙིག་མེ་འབར་ལྷབ་ལྷབ་ཆེ་གེ་མོ་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ། ཞེས་བྲི། དེའི་ཕྱི་རོལ་དུ་ཨ་ལི་ཀ་ལི་དང་རྟེན་འབྲེལ་སྙིང་པོ་བྲིའོ། །རྨ་བྱའི་ལྟེ་བར་རང་དང་བུད་མེད་ཁ་སྦྱོར་བྱས་པའི་གཟུགས་བྲི། དེའི་སྔགས་རྣམས་གོང་དང་འདྲ། དེའི་ཕྱི་རོལ་དུ་ཙག་ཤུ་གོང་ལྟར་དང༌། རྩིབ་བདུན་དང་རྩིབ་མཆན་དང་དེའི་ཕྱི་རོལ་དང༌། མཐར་བསྐོར་བཅས་རྟེན་འབྲེལ་སྙིང་པོ་གོང་ལྟར་བྱའོ། །དུང་གི་ཙཀྲའི་ལྟེ་བར། རང་ལ་བུད་མེད་དེ་རྒྱལ་པོ་ལ་གུས་པའི་ཚུལ་བྲི། གཞན་ཐམས་ཅད་གོང་དང་འདྲ་ཞིང༌། བསྙེན་པ་གོང་མའི་ཤམ་དུ་ཨོཾ་ཙག་ཤུ་དང་ཨེ་རྣི¿་དང་ཤ་ཤ་གསུམ་སྦྲེལ་ནས། གང་གི་སྔགས་རྫས་རྣམས། འཁོར་ལོ་སོ་སོའི་ལྟེ་བར་བྱུགས་ཤིང༌། དེ་ཡང་སེང་གེ་གཡས། རྨ་བྱ་གཡོན། དུང་དབུས་སུ་བཏགས་པས་ལྷ་འདྲེ་མི་གསུམ་རང་དབང་མེད་པར་དབང་དུ་འདུས་པའི་འཁོར་ལོ་ཟབ། ཨིཐྀ། འབྱུང་བ་རླུང་ལ་བཅོལ་ནས་རླུང་འཁོར་བྱེད་ན། འཁོར་ལོ་སྟེང་འོག་གཉིས་བྱེད། མུ་ཁྱུད་གསུམ་དུ་བྱས་པའི་ལྟེ་བར་བུ་ག་བུག་པར་བྱ། དེའི་ཕྱི་རོལ་དུ་མུ་ཁྱུད་ལ། ཨོཾ་ཙག་ཤུ་ཙེར་ལྡེམ་འགྲོ་བ་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག །ཅེས་བྲི། ཕྱི་རོལ་དུ་རྩིབས་བདུན་ལ་ཨེ་རྣི¿་ཡ་མ་དུ་ཧྲཱིཿཛཿ ཡིག་འབྲུ་རེ་རེ་བཞིན་གཟབ་ཏུ་བྲི། དེའི་ཕྱི་རོལ་དུ་ཨོཾ་ཤ་ཤ་སྦྲང་(སྲུང)ཏི་སོགས་ཚང་བར་བྲི། ཕོ་འཁོར་གཡས་སུ་དང་མོ་འཁོར་གཡོན་དུ་འཁོར་བ་བྲིའོ། །ཕོ་མོ་སྟེང་ཞབས་བྱས་པའི་བར་དུ། འཁོར་ལོ་རབ་བརྒྱ་རྩ། འབྲིང་ལྔ་བཅུ། ཐ་མ་ཡང་ཉི་ཤུ་རྩ་བདུན་བྱས་པའི་སྟེང་ཐམས་ཅད་ཡིག་མགོ་རྒྱབ་ཏུ་བསྟན། འོག་ཐམས་ཅད་ནང་དུ་བསྟན་ལ་སྔགས་འདི་རྣམས་ལྷག་ཆད་མེད་པར་བྲི་བ་ནི། ཨོཾ་ཆུ་ལྷུད་ལྷུད་འདར་ཡེར་ཡེར། སྟོད་ལ་ཁུག་ཁུག་རྩ་ལ་གྲམ་གྲམ་འདར་རྒྱས་ལ་སྭཱ་ཧཱ། མིང་དང༌། ཨོཾ་ཨ་ཏི་ཁོལ་ཁོལ་སྟོད་ནས་ཁོལ། ཨ་མོ་ནན་ནན་སྨད་ནས་ནན། འདོད་ཆགས་ཀྱི་རྩ་བ་གཏིང་ནས་དཀྲུག་གྷི་ཏི་ཆུག་ཙིཏྟ་ཕྱུང་སྣང་རྒྱལ་རྣམས་ཟེད་ཟེད་ཕུལ་ཕུལ་ལྷུང་ལྷུང་ལྷ་མོ་མྱུར་དུ་ཁུག་ཁུག །ཡུངས་དཀར་གྱི་ཕོ་ཉས་ཕོ་མོའི་དབང་པོ་ཤིག །ཨོཾ་ཡ་ཁ་གཟིར་གཟིར་ན་ཏུར་ཏུར་དམ་ལ་ཤོག་ཤོག་ཆུཾ་ཁྲིད་འདོད་ཆགས་ཀྱི་མཚོ་མོ་གཏིང་དཀྲུག་དཀྲུགཿ སྲིན་བུ་མགོ་མང་གི་ཚང་ཤིག་ཕཊཿ ཆེ་གེ་མོའི་དབང་ཐང་ལུས་ལ་ནད་ཕོབ་སྭཱ་ཧཱ༔ མིང་བཅུག །ཨོཾ་ཡ་མ་འཛུར་འཛུར་ཧྲིམ་ཧྲིམ་རྨ་ཧྲི་རྨ་ཧྲིང་ཧྲིང་ས་བདག་མོ་བུད་མེད་དར་མའི་ཙིཏྟ་ཁུག་ཁུག་སྭཱ་ཧཱཿ མིང་བཅུག །ཨོ་ཾདྲི་ལ་དཀར་པོ་ཆོག་ཆོགཏྲི་ལ་བ་ཤཾ་དུ་ན་ཁ་ལ་མྱང་མྱང་སྭཱ་ཧཱཿ ཛུབ་ཛུབ་ཧྲིང་ཏྲི་སློང་སློང་བྷ་ཤག་ཁུག་ཁུར་སྭཱ་ཧཱ་༔ མིང་བཅུག །ཨོཾ་འཛབས་འཛུབས་ཧྲཱི་ཏྲི་སློང་སྭཱ་ཧཱ༔ རྣི¿་ཛ་སྭཱ་ཧཱཿ བྷ་ཤ་ཁོལ་ཁོལ་ཙཀ་ཙཀ་དུང་དུང་ཡེད་ཡེད་བདག་གི་དབང་དུ་སྡུས་ཤིག །ཅེས་དབང་སྡུད་ཐམས་ཅད་ཀྱི་ཡང་སྙིང་ཟབ་པའི་མཐར་ཐུག་འདི། ཡི་ག་ེཕྱི་ནང་གང་ཤོང་ལྷག་ཆད་མེད་པར་བྲི། བར་དུ་ཡུལ་ཁམས་དེའི་དམིགས་བྱ་གང་ཡིན་གྱི་མིང་ཐེབས་སུ་བཅུག་ལ་བདག་གི་དབང་དུ་སྡུས་ཤིག་ཅེས་བྲི། འཁོར་ལོ་དེ་རྣམས་ལ་གོང་གི་རྫས་བྱུགས། བཀྲ་ཤིས་པའི་ཉི་མ་ཐེབས་ཡོད་པའི་དུས་ལ། རང་གི་ཁྱིམ་གྱི་ཕྱོགས་ནས་ཁམས་དང་བསྟུན་ལ་མཐུན་ཕྱོགས་སུ་བཙུག་གོ །འཁོར་ལོའི་ཐོག་ཏུ་བྱིན་རླབས་ཅན་གྱི་གདུང་དང་རིང་བསྲེལ་ལ་སོགས་པ་གོང་ནོན་དུ་གཞུག་གོ །ཚོགས་དང་གཏོར་མ་ལ་གཟབ་བོ། །བཀྲ་ཤིས་བརྗོད། གཞི་བདག་ལ་བཀའ་བསྒོ། གཏོར་མ་བྱིན། གསེར་སྐྱེམས་མཆོད། འདི་ནི་གཞན་ལ་མེད་པའི་དབང་སྡུད་ཀྱི་རླུང་འཁོར་འདི་ལས་ཟབ་པ་ནི། རྒྱལ་ཁམས་གཞན་དུ་ཡོད་རེ་ཀན། གཞན་རྣམས་ཕྱིའི་དབང་སྡུད་ཡིན། འདི་ནི་ནང་གི་དབང་སྡུད་ཡིན་པས་ཤིན་ཏུ་ཟབ། གཞན་ཡང་སོར་གདུབ་དང༌། ཚང་སྐུད་སོགས་ལ་བརྟེན་པ་རྣམས་ནི་གཞན་ལས་ཤེས་པར་བྱའོ། །ཁྱད་པར་དུ་ཁམས་རྒྱས་པ་དག་གིས་ཡང་ཡང་ཡིད་ལ་བྱས་ན་དབང་དུ་བསྡུ་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་ལས་སྦྱོར་ལ་བཞི་ལས། དང་པོ་དབང་དུ་བསྡུས་ནས། ཚེ་མི་རྟག་པ་དང་ལས་རྒྱུ་འབྲས་སོགས་ཀྱིས་བློ་སྣ་ཆོས་ཕྱོགས་ལ་བསྒྱུར། སྐྱབས་འགྲོ་ནས་བརྩམས་ཏེ་དགེ་བསྙེན་དང༌། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བཅས་འབོག །དབང་བཞི་རྣམས་རྫོགས་པར་བསྐུར་ཏེ། རྒྱ་བོད་ཀྱི་རིག་འཛིན་ཕལ་མོ་ཆེ་རྣམས། ལམ་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པའི་ལོ་རྒྱུས་དང༌། མྱུར་དུ་འཁོར་བའི་སྡུག་བསྔལ་ལས་ཐར་པ་དང༌། ཆོས་ཐམས་ཅད་ཀྱི་མཐར་ཐུག་ཡིན་ཚུལ་དང༌། དཀའ་ཚེགས་མེད་པའི་མྱུར་ལམ་ཟབ་མོའི་ལོ་རྒྱུས་སོགས་ཞིབ་ཏུ་བརྗོད་དེ་ངེས་ཤེས་སྐྱེ་རུ་བཅུག་ནས། བསྐྱེད་རྫོགས་དང་ལྟ་བ་ལ་གོམས་ཤིང་འདྲིས་སུ་བཅུག །བླ་མའི་ཞབས་ཏོག་དང་གསང་སྤྱོད། འགྲོ་འདུག་སོགས་ལ་མཁས་པར་བསླབ། འཁྲུལ་འཁོར་དང༌། ཕྱི་ནང་གི་མཆོད་པ་འབུལ། བདེ་བ་བསྐྱེད་ཅིང་ཡིད་འཇུག་པའི་རྣམ་འགྱུར་ལ་སློབ་ཅིང་ཕྱི་ནང་གི་ཁྲུས་བྱ། གླ་རྩི་དང་ཙནྟན་ལ་སོགས་པའི་དྲི་བཟང་གིས་ལུས་ལ་བྱུགས། གོས་དང་རྒྱན་གྱིས་མཛེས་པར་བྱའོ། །རང་ལུས་ཐབས་ལྡན་དུ་བསྒོམ་པ་ལ། གཞུང་མང་པོ་ལས་གསུངས་པའི་དོན་གཅིག་ཏུ་འདུས་པ་ནི། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དེ་ནས་རང་ལུས་བདེ་བ་བསྒོམ་པ་ལ། །ཐོག་མར་འོད་རིག་ཡེ་ཤེས་ཕྱག་རྒྱ་ནི། །རང་གི་ཡིད་དུ་འོང་བའི་བུ་མོ་དེ། །ཁ་དོག་དབྱིབས་དང་སྤྱོད་ལམ་མངོན་སུམ་ལྟར། །ཆགས་པའི་དབང་གིས་མདུན་དུ་བྱུང་བར་བསྒོམ། །རང་ཉིད་ཡི་དམ་རྟ་མགྲིན་བསྒོམ་པའམ། །ཡང་ན་པདྨ་འབྱུང་གནས་གཅེར་བུའི་ཚུལ། །བུ་མོ་དེ་ཉིད་ཡེ་ཤེས་མཚོ་རྒྱལ་མ། །རྣམ་པ་བུ་མོ་དེ་ཉིད་དངོས་སུ་དམིགས། །དང་པོ་ཆགས་པའི་ཚུལ་གྱིས་གཟུགས་ལ་བལྟ། །དེ་ནས་འཛུམ་ཞིང་ལག་པ་འཁྱུད་པར་བསྒོམ། །ནུ་མ་མཉེ་ཞིང་འོ་བྱེད་ལྕེ་འཇིབས་བསམ། །བདེ་བ་འབར་ནས་མཁའ་གསང་སྤྲད་པ་ལས། །དལ་བུས་བསྒུལ་ཞིང་བསྐྱོད་པས་བདེ་བ་གཡོ། །བུ་མོས་མ་བཟོད་མཁུན་ཆུང་ཅལ་ཅོལ་འདོན། །རང་ཉིད་བདེ་བ་མ་ཤོར་སྐྱེས་པ་བསྒོམ། །རིག་པ་མ་བཅོས་བདེ་སྟོང་གཉིས་མེད་བསྲེ། །དེ་ལྟར་བསྒོམ་ཞིང་དབང་ཉམས་བདེ་བ་བསྒོམ། །ལུས་གནད་ལག་གཉིས་པུས་མོ་དམ་དུ་འཁྱུད། །བདེ་བ་དངོས་སུ་རྒྱས་ན་དེ་ཀ་བསྒོམ། །མཇུག་ཏུ་ལྡོག་བཀྲམ་འཁྲུལ་འཁོར་འབད་པར་བྱ། །དེ་ནས་ལག་པས་ཕྱག་རྒྱ་འདི་ལྟར་བྱ། །འཛུབ་མོ་ལྔ་ནི་རིགས་ལྔའི་མཁའ་འགྲོར་བསྒོམ། །རྡོ་རྗེ་ཞི་བ་དལ་བུས་ཉུལ་བར་བྱ། །སྤྱི་བོའི་ཧཾ་ལས་དཀར་པོ་བབས་པ་ལས། །མགྲིན་པར་དགའ་བ་ངོས་བཟུང་ཞག་གསུམ་སྦྱངས། །དེ་ནས་སྙིང་གར་མཆོག་དགའ་ངོས་བཟུང་བསྒོམ། །དེ་ནས་ལྟེ་བར་ཁྱད་དགའ་ངོས་བཟུང་བསྒོམ། །དེ་ནས་རྡོ་རྗེའི་རྩ་བར་བབས་པ་དང༌། །ལག་པས་བསྐྱོད་འཕྲོ་བཅད་ལ་འོག་རླུང་ཀློད། །བདེ་བ་མི་འཆོར་ལྷན་ནེ་ཟིན་པར་འགྱུར། །ཡིད་ཀྱིས་ཡིད་འོང་བུ་མོ་མཚན་ལྡན་བསྒོམ། །བདེ་བ་སྐྱེས་མ་ཐག་ཏུ་རང་ངོར་བལྟ། །བདེ་སྟོང་ལྷན་སྐྱེས་ངང་ལ་ལྷན་ནེར་བཞག །བདེ་བ་ཆུང་ན་ལག་པས་ཉུག་ཉུག་བསྐྱོད། །ཡང་ན་ལག་མཐིལ་འཇིབ་པར་པྴ་ཏ་ཤ་པ་ཏྷཡོཐཱ། (བི་ཛ་ཤ་པར་སྣ་ཏ་ཤ་ཕཊ¿་ཐོ།) འཇམ་དཔལ་ལས། རང་གི་ལག་གི་རྡོ་རྗེ་མཆོག །ཡང་དང་ཡང་དུ་བསོར་བྱེད་པ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཅེས་སོ། །བདེ་བ་ཆེན་པོ་སྐྱེས་འཕྲོ་བཅད་ལ་བསྐྱིལ །མིག་གཉིས་གྱེན་བསྒྲད་སྒལ་ཚིག་དྲང་པོར་བསྲང༌། །གླིང་ཆེན་བཞི་བསྐུམ་འོག་རླུང་དྲག་ཏུ་འཐེན། །འོག་སྒོ་བཙུམ་ལ་རྒྱུ་ཞབས་སྒལ་བར་སྦྱར། །དར་དམར་དགུང་ལ་སྦྱར་ཞིང་ཁོང་འདྲེན་བྱ། །ཡང་ནི་བདེ་བ་དབབ་ཅིང་ལག་པས་བསྐྱོད། །གསང་བར་བདེ་བ་ཆིལ་གྱིས་ཕེབ་པ་དང༌། །འོག་རླུང་མི་འཐེན་ཀློད་ལ་ཉ་བཞི་ཀློད། །ལག་པས་བསྐྱོད་འཕྲོ་བཅད་ལ་རང་བབས་བཞག །འོག་རླུང་ཀློད་པས་ཐིག་ལེ་ལྷན་ནེ་གནས། །བདེ་བ་ཡལ་ཡལ་འདྲ་ན་ལག་པས་བསྐྱོད། །བདེ་བ་ཆེ་ཆེ་འདྲ་ན་འོག་སྒོ་ལྷོད། །དེ་གཉིས་རེས་མོས་བདེ་བ་ཡུན་རིང་ཟིན། །ཐིག་ལེ་བསྐྱིལ་བའི་གནད་ལ་དེ་ཀ་ཟབ། །དེ་ནས་འཆོར་འཆོར་འདྲ་ན་ལྡོག་པ་ནི། །ཉ་བཞི་དྲག་བསྐུམ་ངན་འགྲོའི་ལམ་གཉིས་བསྡམས། ཐུར་སེལ་གྱེན་འདྲེན་རྒྱ་མཚོ་རི་ལ་སྦྱར། །དར་དམར་དགུང་བསྐྱོད་རྒྱང་ཞགས་གནམ་དུ་བཀན། །ཁོང་འདྲེན་དྲག་པོས་རིག་པ་ནམ་མཁར་གཏད། །དེས་ནི་ཐིག་ལེ་གནས་སུ་ལྡོག་པར་བྱེད། །རྟག་ཏུ་བདེ་བ་ལྟེ་བ་སྙིང་ག་དང༌། །མགྲིན་པ་སྤྱི་བོ་རྣམས་སུ་རིམ་བཞིན་དུ། །བདེ་བ་མས་བརྟན་དགའ་བཞིའི་ཡེ་ཤེས་མྱོང༌། །རྡོ་རྗེའི་ངར་འཆོར་སེམས་ལ་བདེ་བ་འཆར། །དེས་ཀྱང་མ་ཐུབ་འཆོར་འཆོར་འདྲ་བ་ན། །ཐིག་ལེ་བཏང་རེ་ན་ར་ཀན་སྙམ་དུ། །ཞེ་བཅད་དྲག་པོས་བདུད་བཞི་དྷཱུ་ཏིར་མནན། །རིག་པ་དབྱིངས་ལ་གཏད་པས་ངེས་པར་ལྡོག །བསྐྱིལ་ལྡོག་ཁྲེམ་པ་དུས་གཅིག་འབྱུང་བ་ཡིན། །དེ་ནས་ཁུང་འདྲེན་མང་པོ་བྱས་པའི་མཐར། །ལག་གཉིས་མཐེ་བོང་སྲིན་ལག་ཁུ་ཚུར་བཅིང༌། །གསང་གནས་མཚམས་ནས་འཐེན་ནས་སྤྱི་བོར་འཕང༌། །ཐིག་ལ་ེདབུ་མར་ཡར་ལ་འགྲིམ་ནས་སུ། །སྤྱི་བོའ་ིཧཾ་ལ་ཐིམ་བསམ་དྲག་ཏུ་དཀྲུག །ཧཾ་ལས་ཐིག་ལེ་འཕེལ་ནས་ལུས་ཀུན་ཁྱབ། །བདེ་བས་ལུས་རྒྱས་བསམ་ལ་དམིགས་མེད་བཞག །དེ་རྗེས་བུམ་པ་ཅན་གྱི་རླུང་ལ་སྦྱང༌། །དེས་ནི་བགེགས་རྣམས་མི་འབྱུང་ཁྲེམས་པར་འགྱུར། །ཁྱད་པར་ཀ་དག་ངང་ལ་བཞག་པ་གཅེས། །དེས་ནི་བགེགས་རྣམས་གཏིང་ནས་འབྱུང་མི་སྲིད། །དེ་རྗེས་དགེ་བ་བླ་མེད་བྱང་ཆུབ་བསྔོ། །དེ་ནི་རང་ལུས་ཐབས་ལྡན་ཞེས་བྱ་སྟེ། །དེ་ཀས་ཀྱང་ནི་བདེ་བ་ཆེར་འཕེལ་ནས། །འདོད་ཆགས་ཟག་མེད་མཆོག་གི་ཏིང་འཛིན་ཐོབ། །ཁྱད་པར་འདུལ་བ་འཛིན་པའི་དགེ་སློང་གིས། །གཞན་ལུས་བསྟེན་ན་གཞན་གྱིས་སྒྲོ་སྐུར་འབྱུང༌། །དེ་ཕྱིར་རང་ལུས་ཐབས་ལྡན་འདི་ལ་འབོད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་དངོས་གཞི་གཞན་ལུས་ལམ་དུ་སློང་བ་ནི། རི་ཁྲོད་སོགས་ཡིད་དུ་འོང་བའི་གནས་དབེན་པར། རྟེན་ལ་མཆོད་པ་རྒྱ་ཆེར་བཤམས། ཤ་ཆང་དང་བུར་ཐུད་ལ་སོགས་པའི་ཚོགས་ཀྱི་ཡོ་བྱད་དང༌། ཁ་ཟས་བཟང་པོ་སྨན་སྦྱོར་ལ་སོགས་པ་ཅི་འབྱོར་དུ་བསགས། དྲི་བཟང་གིས་བྱུགས་པའི་སྟན་བདེ་མོ་དང༌། སྐུ་རྟེན་འབོལ་བ་སོགས་པ་བསགས། གཞན་ཡང་མཁོ་བའི་ཡོ་བྱད་བསྒྲུབ་ཅིང༌། མཚམས་དམ་དུ་བཅད་ལ། སྒོ་རུ་མཚམས་གཡོག་པ་བསྐོས་ལ་བཞག་གོ །ཕྱག་རྒྱ་མ་དེ་གཅེར་བུར་བསྡད་ལ་མེ་ལོང་ནང་དུ་འཆར་དུ་བཅུག་སྟེ། སོ་ལུས་ནུ་མ་པདྨ་སོགས་ལ་བལྟས་ཏེ། གཏད་མེད་རང་བཞིན་མེད་པར་ཕྱག་རྒྱ་སྒྱུ་ལུས་དག་ལ་སྦྱང་ཞིང་ཨ་འཐས་ཞེན་པ་མེད་པར་སྦྱང་ངོ༌། །དེ་ནས་སྟན་ནང་ཚང་ཅན་གྱི་སྟེང་དུ། ཡབ་ཁ་ཤར་དང་ཡུམ་ཁ་ནུབ་ཏུ་བལྟས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པའི་ཆེད་དུ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པའི་སྒོ་ནས། གཉིས་ཀ་རྟ་ཕག་ཡབ་ཡུམ་དུ་སྐད་ཅིག་གིས་གསལ་བཏབ་པའི་སྐུ་དབུས་སུ་རྩ་གསུམ་ཐབས་ཤེས་ཀྱི་ཡི་གེ་དང་བཅས་པ་གསལ་བས། ཡབ་ཀྱི་སྤྱི་བོར་ར་ལས་རྡོ་རྗེ་མཁའ་འགྲོ་མགྲིན་པར་ཙ་ལས་རིན་ཆེན་མཁའ་འགྲོ། སྙིང་གར་ཨ་ལས་སངས་རྒྱས་མཁའ་འགྲོ། ལྟེ་བར་ཧྲཱི་ལས་པདྨ་མཁའ་འགྲོ། གསང་བར་ཡ་ལས་ལས་ཀྱི་མཁའ་འགྲོ། སྔར་བསྟན་པའི་སྐུ་མདོག་ཕྱག་མཚན་བཞིན་བསྒོམ། ཡུམ་གྱི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་མ། མགྲིན་པར་རཾ་ལས་རིན་ཆེན་མཁའ་འགྲོ་མ། སྙིང་གར་མ་ལས་སངས་རྒྱས་མཁའ་འགྲོ་མ། ལྟེ་བར་ནི་ལས་པདྨ་མཁའ་འགྲོ་མ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་བསྐྱེད། དེ་ལྟར་བདག་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྤྱི་བོར་སློབ་དཔོན་པདྨ་ཐོད་ཕྲེང་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པའི་པང་ན་ཡུམ་མཁར་ཆེན་མཚོ་རྒྱལ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པས་བརྒྱན་ཅིང་སྙོམས་འཇུག་མཛད་པར་བསྒོམ་མོ། །དེ་ནི་ལུས་ལྷའི་འདུ་ཤེས་ཡིན་ནོ། །མཁའ་གསང་བྱིན་གྱིས་བརླབས་པ་ནི། ཡབ་ཀྱི་གསང་རྡོར་ཕྱི་ཕོ་རྟགས་ཀྱི་རྣམ་པ་ལ་ནང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ཁོང་གསལ་ལ་ཨོཾ་དཀར་པོ་དང་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་ཕྱི་བྷ་གའི་རྣམ་པ་ལ། ནང་དུ་པཾ་ལས་པདྨ་དམར་པོ་འདབ་མ་བཞི་པའི་གེ་སར་ཨས་མཚན་པར་བསམ་པ་ནི། ངག་སྔགས་ཀྱི་འདུ་ཤེས་ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པའི་ཡིད་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་མ་བྲལ་བ་དགོས་སོ། །དེ་ནས་འོ་འཁྱུད་དང་ལྕེ་གཞིབ་ལ་སོགས་པ་བྱས་པས་གཉིས་ཀའི་གསང་གནས་ནས་བའི་ཁ་ཆུ་ལྟ་བུ་ནར་གྱིས་བྱུང་དུས་ཀ་དག་གི་ངང་ནས་ལུས་སྤྲུག་ཐོན་པར་བྱས་རྗེས་རྡོ་རྗེ་པདྨར་བསྟིམ་ཏེ་ལུས་སེམས་ཁོང་གློད་ལ། བདེ་བ་དམིགས་མེད་ཀྱི་དབྱིངས་སུ་བསྐྱལ་བ་ནི། ཆགས་པའི་དབལ་གཞོམ་པ་སྟེ། དྭངས་མ་སྤྱང་རྒྱུག་ཏུ་མི་འཆོར་བའི་གནད་ཡོད་དོ། །དེ་ནས་རུས་སྦལ་འགྲོས་ཀྱིས་དབབ་པ་ནི། རྩ་བཞི་ལྷོད་ཅིང་འོག་སྒོ་བསྒྲད་པར་རླུང་མནན། མིག་བར་སྣང་ལ་ཧ་རེ་བལྟ། ཡབ་ཡུམ་གཉིས་ཀྱི་གནས་ལྔའི་ལྷ་རྣམས་བདེ་སྟོང་དུ་སྦྱར་བའི་ངང་གསལ་ལེ་བ་ཀ་དག་སྤྲོས་བྲལ་གྱི་ངང་ནས་དལ་བུས་བསྐྱོད་པས་སྤྱི་བོར་བདེ་བ་གཡོས་པ་དང༌། བདེ་སྟོང་གི་ངང་དུ་དར་ཅིག་བཞག་ཅིང་བསྐྱོད་པས་མགྲིན་པ་དང༌། སྙིང་ག་ལྟེ་བ་རྣམས་སུ་གོང་བཞིན་བཞག །གོམས་པ་དང་རླུང་སྟོབས་ཆུང་བ་རྣམས་ཀྱིས་ལྟེ་བ་ནས་ཡར་ལྡོག་ཏེ། ཀུན་ལ་ལྟག་སློག་དང༌། ཕྱིར་འཛིན་གྱི་སྤུག་ཐོན་པར་བྱ་བ་ལ་ཡུན་བསྲིང༌། ནུས་པ་ཆེ་བས་རྡོ་རྗེ་བུ་གར་ཆིལ་གྱིས་དབབ་པ་ལ། ལྟ་བ་སྟོང་ཉིད་སྒོམ་པ་ཏིང་འཛིན་སྤྱོད་པ་རླུང་གནད་གསུམ་གྱིས་འཛིན་པ་ནི་རྫོང་གི་ཨོར་མོ་བགག་པའོ། །སོར་མོ་དང་རྟིང་པའི་རྩ་ཐེམ་སོགས་རྣམ་གྲངས་སུ་བཤད་ཀྱང༌། པདྨར་མི་དབབ་པ་ཙམ་ལས་དོན་ལ་གསང་རྩར་གཤེར་སྐྱེ་བས་ཤོར་ཆེ་བའི་སྐྱོན་བྱེད་དོ། །དེ་ཡང་ཐིག་ལེ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བའི་ཡེ་ཤེས། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའི་ཡེ་ཤེས། སྙིང་ག་ནས་ལྟེ་བར་བབས་པ་ལས་ཁྱད་པར་གྱི་དགའ་བའི་ཡེ་ཤེས། ལྟེ་བ་ནས་གསང་གནས་སུ་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ། ཡེ་ཤེས་དེ་བཞི་ངོས་ཟིན་པ་གལ་ཆེ་ཏེ། སློབ་དཔོན་ཆེན་པོས། དེ་ནས་དལ་བུས་ཉུག་ཉུག་སྤྱོད་པ་ལས། །བཅུད་ཀྱི་ཐིག་ལེ་དྭངས་མ་ཟག་མེད་བརྒྱད། །རྩ་མདུད་ལྔ་དང་སྨིན་ཕྲག་སྙིང་དཀྱིལ་དང༌། །རྡོ་རྗེ་པདྨའི་རྩེ་ནས་གནས་རྣམས་གཡོ། །ཧཾ་ལས་ཏི་ལ་འཛག་ནས་སྙིང་གར་སླེབས། །འདོད་ཆགས་ཉི་ཚེའི་རྟོག་པ་རག་པ་འགགས། །ལུས་སེམས་བདེ་བ་འཆར་བ་སྤྲུལ་སྐུ་ཡིན། །དེས་ནི་ཉམས་སད་ཅུང་ཞིག་དྲག་པར་བསྐྱོད། །རྩ་བཟང་མིན་པ་ངན་པའི་རིགས་རྣམས་ལ། །དྲག་ཏུ་བསྐྱོད་ན་མྱུར་དུ་འཆོར་འགྱུར་བས། །དེ་ཕྱིར་ཚོང་(ཚོད)ལེན་བྱེད་ཅིང་དལ་བུས་བསྐྱོད། །བཅུད་ཀྱི་ཐིག་ལེ་རྣམས་ནི་དྭངས་སྙིགས་ཀྱི། །ཐིག་ལེ་ཞུན་ཆུ་ཐད་ཀ་ཐད་ཀ་ནས། །འཁྱགས་པའི་ཞུན་ཆུ་ལྟ་བུ་མར་ལ་ཟག །དྷཱུ་ཏིའི་ནང་ནས་རླུང་གིས་མར་ལ་ཕུལ། །མགྲིན་པའི་ཐད་ནས་སྙིང་གར་སླེབ་པ་དང༌། །གོང་ལས་བདེ་བ་ཇེ་ཆེར་འཆར་བ་དེས། །གཞན་སྣང་རྟོག་པ་མེད་པར་བདེ་ལྷང་འགྲོ། །བདེ་བ་ལོངས་སྐུ་ཉམས་སུ་མྱོང་བ་སྟེ། །དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས་སོ། །ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགག །དང་པོ་སྣང་བ་བག་ཙམ་གསལ་བ་ཡིན། །ད་དུང་རིག་པ་མ་ཡེངས་བསྐྱོད་པ་དང༌། །བདེ་བ་ཇེ་ཆེར་ལྟེ་བའི་ཐད་དུ་སླེབ། །གོང་ལས་བདེ་སྟོབས་ཆེ་ཞིང་དགའ་བདེ་འཆར། །ངོ་བོ་ཉིད་སྐུ་ཉམས་སུ་མྱོང་བ་སྟེ། །དགའ་བ་བཞི་ལས་ཁྱད་དགའི་ཡེ་ཤེས་སོ། །འདོད་ཆགས་ལས་བྱུང་རྟོག་པ་བཞི་བཅུ་འགག །གཉིས་པ་མཆེད་པ་ཞེས་བྱ་སྔར་བས་གསལ། །དེ་ནས་ཚོད་སྦྱར་དལ་བུས་ཉུག་ཅིང་བསྐྱོད། །བྱང་སེམས་རྡོ་རྗེའི་རྩ་བར་ཕེབས་པའི་ཚེ། །གོང་ལས་བདེ་ཉམས་བདུན་འགྱུར་ཙམ་གྱིས་འཕེལ། །བདེ་ལ་རྟོག་པ་མེད་པའི་ཉམས་སྣང་འཆར། །དེ་དུས་ཞེན་མེད་བདེ་སྟོང་དབྱེར་མེད་བསྲེ། །ཞེན་ན་ཐ་མལ་ཉོན་མོངས་འཁྲུལ་སྣང་ཡིན། །ཞེན་མེད་ངང་ནས་བདེ་ལ་སེམས་གཏད་ནས། །བདེ་བ་མ་ཡལ་ཙམ་དུ་དལ་བུས་བརླབ། བདེ་བ་འཆོར་སྙམ་བྱུང་ན་འོག་སྒོ་ཀློད། །རིག་པ་ཀ་དག་ངང་ལ་ལྷན་ནེར་བཞག །ཐེབ་མཛུབ་མི་བསྐུམ་ཉ་བཞི་ཀློད་པ་དང༌། །བདེ་བ་མི་འཆོར་ལྷན་ནེ་གནས་པའོ། །བདེ་བ་ཡལ་བ་འདྲ་ན་ཅུང་ཟད་བསྐུལ། །བདེ་བ་འཆོར་བ་འདྲ་ན་འོག་སྒོ་ཀློད། །དེ་གཉིས་རེས་མོས་ཉམས་ཚད་བྱ་ཞིང་བསྐྱིལ། །བདེ་བ་ཡུན་རིང་དགའ་བ་དཔག་མེད་ཅིང༌། །བདེ་སྟོང་འཛིན་མེད་ཆོས་སྐུའི་དགོངས་པ་ཡིན། །དགའ་བ་བཞི་ལས་ལྷན་ཅིག་སྐྱེས་དགའ་སྟེ། །གཏི་མུག་ལས་གྱུར་རྟོག་པ་བདུན་འགག་གོ །གསུམ་པའི་ཡེ་ཤེས་ཉེ་བར་ཐོབ་པ་ཞེས། །བདེ་གསལ་མི་རྟོག་པ་ཡི་ཉམས་སྐྱེའོ། །དུས་གསུམ་རྒྱལ་བའི་དགོངས་པ་འདི་ཀ་ཡིན། །བདེ་དུས་བདེ་བའི་ངོ་བོ་ལ་བལྟས་པས། །ཅིར་ཡང་མ་གྲུབ་ངོ་བོ་ཀ་དག་སྟོང༌། །དགའ་བ་བཞི་ལས་དགའ་བྲལ་དགའ་བ་སྟེ། །ཞེས་དང༌། འཇམ་དཔལ་ལས། ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །ཞེས་སོ། །ཆད་ལྟ་བེམ་སྟོང་མ་ཡིན་རིག་ཅིང་གསལ། །གསལ་བ་མཚན་མར་མ་གྲུབ་བདེ་ལ་སྟོང༌། །མཚན་མའི་རྣམ་རྟོག་མེད་དེ་བདེ་བའི་ངང༌། །དེ་ཉིད་ངོ་བོ་སྟོང་ལ་རང་བཞིན་བདེ། །རྣམ་པ་གསལ་ཞིང་རིག་ལ་རྟོག་པ་མེད། །མཚན་ཉིད་གཉིས་སུ་མེད་པའི་ངང་ལ་གནས། །དེ་ཀའི་ངང་ལ་ཐམས་ཅད་ཀུན་རྫོགས་པ། །བླ་མེད་སྔགས་ཀྱི་རྫོགས་རིམ་དེ་ཉིད་ཡིན། །རྒྱལ་བའི་སྐུ་བཞིའི་དགོངས་པ་དེ་ཀ་ཡིན། །དེ་ཉིད་རྒྱུན་བར་གནས་པ་སངས་རྒྱས་ཡིན། །དེ་འདྲའི་གནད་འདི་སྐྱེ་བོས་མ་ཤེས་པས། །སྙོམས་འཇུག་དུས་སུ་བདེ་བ་ཡུད་ཙམ་རེ། །ཐ་མལ་འདོད་ཆགས་སྤྱོད་དུས་ཡོད་མོད་ཀྱང༌། །དེ་ཉིད་བཟུང་བསྐྱིལ་སྤེལ་གསུམ་མ་ཤེས་པར། །ཐ་མལ་འདོད་ཆགས་རང་གར་སྤྱད་པ་ལས། །བདེ་བ་ཡུན་ཐུང་སྡུག་བསྔལ་རྒྱུ་རུ་སོང༌། །བདེ་ལ་ཞེན་པས་འདོད་ཁམས་གནས་སུ་གོལ། །གསལ་བ་ལ་ཞེན་གཟུགས་ཁམས་གནས་སུ་གོལ། །སྟོང་པ་ལ་ཞེན་གཟུགས་མེད་ཁམས་སུ་གོལ། །བདེ་གསལ་སྟོང་པ་ཉིད་ལ་ཞེན་མེད་དུ། །ཉམས་སུ་བླང་པས་ཁམས་གསུམ་གནས་ལས་འཕགས། །དེས་ན་འཕགས་པ་ཞེས་ཀྱང་བྱ་བའོ། །བདེ་བ་དེ་ཀའི་ངང་ལ་རྒྱུན་བར་གནས། །སྡུག་བསྔལ་འདམ་ནས་བདེ་བར་གཤེགས་པའི་ཕྱིར། །སྡུག་བསྔལ་བྱ་བའི་མིང་ཡང་མེད་པར་སངས། །བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པའི་ཕྱིར། །དེ་ཕྱིར་སངས་རྒྱས་ཞེས་སུ་མིང་བཏག་གོ །དེ་ལྟར་བདེ་བའི་ངོ་བོ་ངོ་འཕྲོད་ན། །འཇམ་དཔལ་ལས། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཅེས་སོ། །དེ་ནས་བདེ་བ་འཆོར་འཆོར་འདྲ་བ་ན། །བྱང་སེམས་བདེ་བ་བཏང་སྟེ་ཤི་སྙམ་པའི། །གཉེན་པོ་ཞེ་བཅད་དྲག་པོས་ལྡོག་པར་བྱ། །དེ་ནི་དཀའ་ཐུབ་སྡོམ་པའི་མཆོག་ཏུ་འགྱུར། །ཉོན་མོངས་བུད་མེད་རྒྱང་དུ་བསྲིང་བ་ཡིས། །ཆགས་པའི་གདུང་བ་གཉེན་པོས་བཟློག་ཏུ་མེད། །དཀའ་ཐུབ་སྡོམ་པ་ཐུབ་པའི་མིང་ཡང་མེད། །འདིར་ནི་བུད་མེད་དངོས་དང་དམ་འཁྱུད་ནས། །བྱང་སེམས་རྡོ་རྗེའི་རྩེ་མོ་ནས་ལྡོག་པས། །གཉེན་པོ་བཟང་ཞིང་དཀའ་ཐུབ་དྲག་པོའོ། །འཇམ་དཔལ་ལས། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་སོ། །དེ་ནས་ལྡོག་པའི་འཁྲུལ་འཁོར་འདི་ལྟར་བྱ། །བསྐྱེད་བྱེད་ལྔ་བསྐུམ་ཁྱད་པར་གྱད་བཞི་བསྐུམ། །ངན་འགྲོའ་ིལམ་གཉིས་དྲག་ཏུ་བསྡམ་ནས་ཀྱང༌། །འོག་རླུང་དྲག་པོ་གྱེན་དུ་དྲང་བར་བྱ། །རྒྱ་མཚོ་རིར་སྦྱར་དར་དམར་དགུང་ལ་བསྐྱོད། །རྒྱང་ཞགས་གནམ་ལྟ་ཁོང་འདྲེན་དྲག་པོ་བྱ། །མཐེ་བོང་གཉིས་ཀྱིས་སྲིན་ལག་རྩ་བ་མནན། །ཁུ་ཚུར་དམ་བཅང་ལྟེ་འོག་གསང་གནས་ནས། །དྲག་ཏུ་འཐེན་ལ་སྤྱི་བོར་ཡང་ཡང་འཕང༌། །བྱང་སེམས་སྐར་མདའ་འཕང་ལྟར་སྤྱི་བོར་བསྐྱིལ །ཁྱད་པར་འཁྲུལ་འཁོར་གནད་ནི་འདི་ལྟར་བྱ། །ལུས་ཀྱི་འཁྲུལ་འཁོར་ལུས་པོ་འདར་བ་གཅེས། །འདྲེན་པའི་གནད་ནི་ཁོང་འདྲེན་དྲག་པོ་གཅེས། །དམིགས་པའི་གནད་ནི་སྤྱི་བོར་གཏད་པ་གཅེས། །ལུས་ཀྱི་བྱིང་ལོག་ཤེད་བསྐྱེད་འདར་ཕྲིལ་བཏང༌། །རླུང་འབུད་ལུས་སྤྲུགས་སོག་འགྱུར་ཡང་ཡང་བྱ། །དེ་ནས་བདེ་བ་ལྟེ་བར་ཚད་མེད་སྐྱེ། །དེ་ནས་ཡར་དྲངས་སྙིང་གར་བདེ་བ་སྐྱེ། །དེ་ནས་རིམ་བཞིན་མས་བརྟན་དགའ་བཞི་མྱོང༌། །དེ་རྗེས་ཐབས་ཤེས་གཉིས་པོ་ཡ་བྲལ་ནས། །ལག་པ་ས་གནོན་རྐང་པ་སྐྱིལ་ཀྲུང་བཅའ། །རླུང་འབུད་ལུས་སྤྲུགས་སོག་འགྱུར་དྲག་པོ་བྱ། །དམིགས་པ་ཐིག་ལེ་ལུས་ཀུན་ཁྱབ་པར་བསྒོམ། །ཡང་ཞིག་ཐིག་ལེ་བཞི་པའི་གནས་གཅིག་ལ། །ཐིག་ལེ་མི་ཐུབ་འཆོར་འཆོར་འདྲ་གྱུར་ན། །བདུད་བཞི་སུག་པ་གཉིས་ཀྱི་བར་དག་ཏུ། །རྡོ་རྗེའི་རྩ་བ་ཆིལ་གྱིས་མནན་ནས་སུ། །དམིགས་པ་མ་ཡེངས་སྒོམ་དུ་ཅི་ཡང་མེད། །སྒོམ་མེད་ངང་ལ་འདུན་པ་སྤྱི་བོར་གཏད། །དེ་མ་ཐག་ཏུ་བྱང་སེམས་གྱེན་ལ་ལྡོག །གཟེར་འགག་གནད་ཀྱི་ཐེམ་བུ་ཞེས་བྱའོ། །ཆུ་སྲིན་གྲེ་འགག་ཅེས་ཀྱང་ཟེར་བ་ཡིན། །བསྐྱིལ་ལྡོག་ཁྲེམས་པ་དུས་གཅིག་འབྱུང་བ་ཡིན། །དེ་རྗེས་བུམ་པ་ཅན་གྱི་རླུང་བཟུང་ནས། །རིག་པ་ཀ་དག་ངང་ལ་ཡུན་རིང་བཞག །དེས་ནི་གེགས་མི་འབྱུང་ཞིང་ལུས་ལ་ཁྱབ། །གཞན་ཡང་བྱང་སེམས་རྩ་མིག་གཏབ་པ་ལ། །ལག་པ་གཡོན་པའི་སྲིན་ལག་ས་ལ་བཙུག །ལུས་ཀྱི་ལྗིད་ནི་སྲིན་ལག་ལ་བཀལ་ནས། །འཇམ་རླུང་བཟུང་བས་བཟུང་བའི་གནད་ལ་དྲུག་སྟེ། དང་པོ་ནི། ལུས་སེང་གེའི་མཆོང་སྟབས་དང༌། རྐང་ལག་གི་ཚིག་བསྐུམ་པས་འཁོར་བའི་རྩ་བ་ཆོད། །གཉིས་པ་ནི་རོ་སྟོད་གསེང་ལ་བོར་བས་རླུང་སེམས་གཉིས་ཁ་སྦྱོར། གསུམ་པ་ནི། མིག་ཧུར་འདོན་པས་ཡེ་ཤེས་ཀྱི་སྒོ་སེལ། བཞི་པ་ནི། རྒྱུ་མ་སྒལ་བར་བཟེད་པས་ལུས་ཀྱི་འདེབས་གྲོལ། ལྔ་པ་ནི། ཧཱུྃ་རིང་བགྲང་བས་རླུང་སེམས་ཆོས་ཉིད་དུ་འདྲེས། དྲུག་པ་ནི། སྐབས་སུ་ཨིག་སྒྲ་བརྗོད་པས་ཆོས་ཉིད་རྣམ་དག་གི་འབྲས་བུ་རྙེད། དེ་དྲུག་གི་བཟུང་བའི་གནད་འགྲུབ་པའི་གདམ་ངག་གོ །མཆན་ཐིག་ལེ་རྩ་མིག་ཐིམ། །ཡང་ན་གཡོན་པའི་མཐེ་བོང་སྲིན་ལག་མནན། །ཁུ་ཚུར་དམ་བསྡམས་ས་ལ་བཙུག་ནས་ནི། །ལུས་ཀྱི་ལྗིད་བསྐྱུར་རྩ་མིག་ཐིམ་པར་འགྱུར། །ཅེས་གསུངས་སོ། །ཡང༌། རྣལ་འབྱོར་པ་ཐིག་ལེ་དང་ཆགས་པ་རྒྱས་པ་དང༌། རྡོ་རྗེ་རྩལ་ཆེ་བ་འགུལ་བསྐྱོད་དྲག་ཅིང་བདེ་བ་ལ་ཞེན་ནས་བསྐྱོད་འཕྲོ་མ་ཆོད་པ། ཆང་གིས་བཟི་ནས་མན་ངག་དང་གཉེན་པོས་མ་ཟིན་པ། ཐོས་ཆུང་ཚོད་ཡོད་བྱེད་པ། ཡུམ་གཞོན་ཞིང་བྷ་ག་རུབ་དྲག་པ་དང༌། ཡུམ་གྱིས་མ་བཟོད་ཅིང་ཆགས་པས་བརྒྱལ་བ་དང༌། ཡུམ་ཉམས་ཆུང་ཞིང་རྣམ་འགྱུར་དྲག་པ་དང༌། སྟོང་པས་མ་ཟིན་པ་ལ་སོགས་པར། དབབ་དྲག་ན་འཆོར་ཞིང༌། ཐིག་ལེ་མི་ཟིན་པའི་སྐྱོན་ཡིན་པས། དེ་རྣམས་ལ་མ་ཡེངས་ཤིང་བག་ཡོད་དྲན་པས་ཟིན་པ་དང༌། དལ་བུས་བསྐྱོད་ཅིང་ཐིག་ལེ་འཛིན་པའི་སྦྱོར་བ་གལ་ཆེ། རང་སར་འཛིན་ཅིང་བསྐྱིལ་བ་ནི། །དེ་ལྟར་བབས་པས་བདེ་བ་ཅི་རིགས་སུ་སྐྱེས་པ་དང༌། བསྐྱོད་འཕྲོ་བཅད་ལ་ལུས་རྩ་བཞི་ཀློད། འོག་རླུང་ཡན་པར་བཞག །སྟེང་རླུང་མནན། མིག་ལྡོག ལྕེ་རྐན་ལ་འབྲུད། ཤེས་པ་ནམ་མཁའི་མཐོངས་སུ་འཕངས། དེ་ཡང་ལས་དང་པོ་པས། བདེ་བ་མགོ་གཡོས་ཤིང་ལུས་སེམས་དགའ་ཡལ་ལེ་བདེ་ཁྲིལ་ཁྲིལ་བྱུང་འཕྲོ་ལ་ཐད་དུ་མི་བཞུག་པར་འཛིན་དགོས། ཡབ་ཡུམ་གཉིས་ཀ་བདེ་བ་དངོས་འཛིན་ལུས་སེམས་ཀློད། བདེ་བའི་ངར་ཡལ། རྡོ་རྗེ་ངར་འཆོར། ཡང་གོང་བཞིན་དལ་བུར་བསྲུབ། ཡང་ཀློད། ཡང་བསྐྱོད། བདེ་བ་ཆེར་སྐྱེས་ན་ཤེས་པ་སྤྱི་གཙུག་གི་ཧཾ་ལ་གཏད། སྦྱོར་བ་དྲུག་ལྡན་དང་ཁོང་འདྲེན་བསྟུན་ལ་ཅུང་ཟད་བསྐྱིལ ཡང་བདེ་ཉམས་ཡལ་བ་དང༌། བསྐྱོད་ཅིང་བདེ་བ་སྐྱེས་པ་དང་ངལ་གསོ། ཤེས་པ་སོར་བཞག །དེ་བཞིན་གདམས་པས་ཟིན་པར་བྱས་པའི་ཐིག་ལེ་གཅིག་གིས་ལོ་དང་ཟླ་བ་ཡང་ཐུབ་ལ། སྦས་དོན་ལ། ཐིག་ལེ་རྩ་ཡི་ནང་དུ་སྦ། རྣམ་རྟོག་ཡེ་ཤེས་དབྱིངས་སུ་སྦ། །བདེ་བ་འོད་གསལ་ཀློང་དུ་སྦ༔ འོད་གསལ་འཛིན་མེད་ངང་དུ་སྦ༔ སྦ་བཞིའི་གནད་ལ་གོམས་པ་ཡིས༔ རླུང་སེམས་དབུ་མར་ཡང་དག་འཛུད༔ ཅེས་གསུངས་སོ། །མཆན་ཐིག་ལེ་གཅིག་གིས་རིག་མ་བརྒྱ་ལ་ཡང་ནུབ་གཅིག་ལ་ལོངས་སྤྱོད་པར་ནུས་སོ། །འཛིན་མ་ཤེས་ན་ཐིག་ལེ་འཆོར། བདེ་བ་ཡུན་ཐུང་རྩ་ཆུ་སྡོམ་པ་ལ་སོགས་ཟུག་གཟེར་ཡོང་ངོ༌། །བཟུང་ཤེས་ན་བདེ་བ་ཡུན་རིང༌། ཟག་བཅས་ཀྱི་བདེ་བ་ཟག་མེད་དུ་འཆར། གནས་མ་འཆུགས་པར་རང་སར་གཡོ་སྟེ་བདེ་བ་སྐྱེ། གཏིང་ནས་འདྲེན་པ་སླ། པདྨ་སྐམ་ཞིང་ཆུང་དུ་འགྲོ། རྡོ་རྗེ་ངར་སྟོབས་སྐྱེའོ། །ཆགས་པའི་རྟོག་པ་བཅོམ་སྟེ་བདེ་བ་དང་སྟོང་པ་རོ་སྙོམས་ཤིང་བསྲུབ་པ་དང༌། འཛིན་པ་བསྒྲགས་ལ་ཡུན་རིང་དུ་སྦྱང་ངོ༌། །ཐིག་ལེ་བཟུང་བས་རྡོ་རྗེ་རྩལ་སྟོབས་འཆོར་བ་འདྲ་ན། རྡོ་རྗེ་པདྨར་འདོན་འཇུག་བྱེད་པ་ལ་དངོས་སུ་བལྟ། མི་མཐོང་ན་ལག་པས་ཉུལ་ཞིང་འོག་སྒོ་འབྱེད་བཙུམ་དང་ཡུམ་ལ་ཆགས་པ་དུང་དུང་བསྒོམ་པས་རྩལ་སྟོབས་སྐྱེའོ། །ཡུམ་ཚུར་ལ་རྣམ་འགྱུར་བྱེད་དུ་བཅུག་པས་ཀྱང་སྐྱེའོ། །ཡང་ཐལ་མ་དྲགས་པར་འཛིན་པར་བྱའོ། །ཡར་ལ་ལྡོག་ཅིང་དྲངས་པ་ནི། མིག་གྱེན་ལ་བསྒྲིལ། ལྕེ་རྐན་ལ་སྦྱར། ལྟོ་བ་སྐེད་པ་ལ་བཅར་ལག་པའི་སྲིན་ལག་བསྡམས་པ་ས་ལ་བཙུགས་ཏེ་ལུས་ཀྱིས་ལྗིད་བསྐུར། རླུང་གི་གནད་འོག་རླུང་དྲག་ཏུ་འཐེན་ཏེ་སྟེང་རླུང་སྡིག །སྟེང་འོག་བསྲེས་ལ་ཁོངས་འདྲེན་བྱའོ། །དམིགས་པ་ནི་རྡོ་རྗེའ་ིརྩ་བར་ཧཱུྃ་དམར་པོ་གཅིག་བསམ། དེས་དྭངས་མ་ཐམས་ཅད་བསྡུས། སོག་སྦུག་ནས་འོ་མ་འཐུངས་པ་བཞིན་ནར་གྱིས་སྤྱི་གཙུག་ཏུ་དྲངས། དེ་ཡང་དམིགས་པ་དང་རླུང་འཁྲུལ་འཁོར་རྣམས་གཅིག་ཏུ་ཆུན་པས་གྱེན་ལ་དྲངས་ཤིང་སྟེང་དུ་བཅིངས། དེས་ནི་ངེས་པར་འདྲོངས་སོ། །གཞན་ཡང་ཁོང་འདྲེན་དང་ཧཱུྃ་འདྲེན་ལ་སོགས་པ་ཡུམ་དང་མ་བྲལ་བར་འདྲེན་ནོ། །འདྲེན་མ་ཤེས་ན་ཐིག་ལེ་འཛག་པས། རྡོ་རྗེ་དང་རྒྱུ་ཞབས་དང་མཁལ་མ་ལ་ན་ཚ་འོང༌། ལྡོག་ཤེས་ན་རྡོ་རྗེའི་ངར་འཆོར། ཐུང་དུ་འགྲོ། བདེ་བ་སྟོང་ན་ཆེ་བློ་ཚིམ། དབང་པོ་བདེ། ཤེས་པ་མཉེན། ལུས་སེམས་འབོལ་དུ་འག།ྲོ སྨད་ཡང་ཆ་བསིལ་སང་གིས་འགྲོའ།ོ ། དེ་ལྟར་འདྲོངས་ནས་ལུས་པོ་ཀུན་ལ་ཁྱབ་པར་བཀྲམ་པ་ནི། རླུང་གནད་འོག་རླུང་འཐེན། སྟེང་རླུང་དྲག་ཏུ་མནན་ནས་ཁ་སྦྱོར་བུམ་པ་ཅན་དུ་བཟུང་སྟེ་གསུས་པ་ཐེར་གྱིས་བརྒྱང༌། དམིགས་པ་ལུས་ཀྱི་རྩ་ཕྲན་དང་བ་སྤུའི་བུ་ག་ཐམས་ཅད་སྟོང་སེང་ངེ་འདུག་པའི་ནང་ན་ཕར་ཐིག་ལེ་དངུལ་ཆུའི་རྡོག་མ་བཞིན་ཧྲིལ་ཧྲིལ་སོང་ནས་ནང་ཐམས་ཅད་བདེ་བས་མེར་གྱིས་གང༌། བུ་ག་ཐམས་ཅད་ནས་ཕར་ལྷུད་བྱུང་བར་བསྒོམ། འཁྲུལ་འཁོར་ནི། སེང་གེ་རྣམ་རོལ་དང༌། མགོ་བོ་སྤྲུག་པ་དང་བསྐོར་བ་དང༌། སེང་ག་ེརྩལ་སྤྲུག་དང༌། རོ་སྟོད་གཅུ་བ་དང་བརྡུང་བ་དང༌། ལག་པ་སར་བཙུག་ལ་སྲིན་ལག་ལ་ལྗིད་བསྐུར། སྐེད་པ་བསྐོར། ལུས་པོ་རྡེག་ཅིང་སྡིག་པ་དང༌། རྐང་པ་འཁྲབ་དང་བྲོ་བརྡུང་བ་དང༌། རྒྱུག་འདུར་བྱེད་པ་དང༌། ལུས་པོ་ཀུན་འཁྱུགས་པ་བྱེད་པ་དང༌། གཟུགས་བཞི་འཁྲབ་དང་རླུང་དྲག་ཏུ་འཛིན་པ་དང༌། སེམས་སྟོང་ཉིད་ཀྱི་ངང་དུ་འཇོག་པ་སོགས་བྱའོ། །དེ་ལྟར་བཀྲམ་པའི་རྗེས་ལ་ལུས་དྲང་པོར་བསྲང་བའམ། གན་སྐྱལ་དུ་ཉལ་ལ་འགུལ་བསྐྱོད་མི་བྱའོ། །ངག་མི་བརྗོད་སེམས་མི་བསམ་པར་ལྷོད་ཀྱིས་ཀློད་པས་ཡིན་ལུགས་སྤྲོས་པ་དང་བྲལ་བ། བློ་ངོ་བོ་ཉིད་ཀྱིས་དག་པ། རིག་པ་དགག་བསྒྲུབ་ལས་འདས་པ་སྣང་བ་ངོས་བཟུང་མེད་པ་སེམས་ཡེངས་པའི་སྣང་ཡུལ་ལྟ་བུ་སྟོང་ལ་མཚན་མ་མེད་པ་ངལ་སོས་པའི་བདེ་བ་ལྟ་བུ། འདི་ཡིན་གྱི་གཟའ་གཏད་མེད་པ་སྨྱོན་པའི་སེམས་ཡེངས་པ་ལྟ་བུ། དྲན་འཛིན་གྱི་གཉེན་པོ་མེད་པ། ཡུལ་ལ་ཡེངས་པའི་བྱིས་པ་ལྟ་བུ། སྒོ་གསུམ་མ་བཅོས་ལྷུག་པ་རྒན་པོའི་ཉི་མ་འདེ་བ་ལྟ་བུ། ཚོགས་དྲུག་ཡུལ་ལས་གྲོལ་བ་བུ་ཆུང་ལྟོ་འགྲངས་པ་ལྟ་བུ། གང་ལྟར་སྣང་ཡང་བདེ་བར་ཤར་བ་གཞོན་ནུ་མ་ཡིད་སོས་པ་ལྟ་བུའི་ཉམས་དང་རྟོགས་པ་སྐྱེའོ། །དེ་ལྟར་འདོད་ཡོན་ལྔ་ལ་སྤྱོད་པ་ནས་འགྲེམ་མཚམས་ཀྱི་བར་ཐམས་ཅད་དུ་ཟག་བཅས་ཀྱི་བདེ་བ་དང༌། རྟོག་བཅས་ཆགས་པའི་དབང་དུ་སྐད་ཅིག་ཀྱང་མི་གཏོང་བར། བདེ་སྟོང་རོ་སྙོམས་ཞིང་སྟོང་ཉིད་ནམ་མཁའ་ལྟ་བུར་རྟོགས་པའི་ཉམས་དང་མ་བྲལ་བར་བྱེད་དགོས། འདོད་ཡོན་ཐམས་ཅད་ལ་མ་ཡེངས་མ་ཆགས་མ་ཞེན་པར་རྨི་ལམ་སྒྱུ་མ་ལྟ་བུ་ཆོས་ཉིད་ཀྱི་རོལ་པར་ཤེས་པས་ལོངས་སྤྱོད་པར་བྱའོ། །སྙོམས་པར་འཇུག་པའི་དུས་སུ་རླུང་དབུ་མར་འཇུག་ཅིང་བག་ལ་ཉལ་གྱི་རྟོག་པ་མངོན་དུ་བསླངས་ཏེ། གསལ་ལ་མི་རྟོག་པའི་ཡེ་ཤེས་སངས་རྒྱས་ཀྱི་དགོངས་པ་འཆར་བ་ཡིན་པས། འགྲོ་འོང་རྟག་ཆད་མཐའ་དབུས་མེད་པའི་ངང་དུ་བློ་བྲལ་ཡིད་ལ་བྱར་མེད་རྗེན་ནེ་ཁྲེས་སེ་བཞག །ཟག་བཅས་ལུས་ཀྱི་བདེ་བ་ལ་བརྟེན་ནས་ཟག་མེད་སེམས་ལ་ཡེ་ཤེས་སྐྱེ་ཞིང་རྐྱེན་འདོད་ཆགས་ལ་བརྟེན་ནས་ཆོས་ཉིད་རྟོགས་པར་འགྱུར་རོ། །བློ་དང་བྲལ་བ་ཡིད་ལ་བྱར་མེད་པའི་ཆོས་ཉིད་ཟག་པ་མེད་པ་དེ་འཆར་རོ། །ངོ་ཤེས་པར་བྱས་ལ་རྩ་བྲལ་གྱི་ངང་དུ་བསྐྱལ་ལོ། །གསུམ་པ་ཡུམ་གྱི་དྭངས་མ་དྲངས་པ་ལ། ཞག་འགའ་དལ་དུ་བཅུག་ལ། ཟས་བཅུད་ཅན་དང༌། ཆང་དང་སྦྲང་རྩི་མར་ནག་གི་བྱུག་པ་བརྟེན་ཅིང༌། ལྟོ་སྟོང་ལ་ཉི་དགའ་དང་གཡེར་མའི་རིལ་བུ་བཏང་བས་རྩ་ཁ་འབྱེད་དོ། །དེ་ནས་བདེ་འཕེལ་རོལ་རྩེད་སྦྱང་བ་ནི། དེ་ལྟར་ས་ྒོགསུམ་ལྷ་རུ་གསལ་བའི་ངང་ནས། རིག་མ་བུ་མོ་མཛེས་མའི་ཆ་ལུགས་སུ་བྱས་ཏེ། ཡིད་དུ་འོང་བའི་སྤྱོད་པ་དང་རྣམ་འགྱུར་བྱ་སྟེ། དེ་ཡང་ངོ་ཞུམ་པ་དང༌། ཟུར་མིག་བལྟ་བ་དང༌། འཛུམ་པ་ལ་སོགས་པ་བྱས་ལ། ཡབ་ཡུམ་གཅིག་ལ་གཅིག་བལྟ་ཞིང༌། བདེ་བ་བསྐྱེད་དོ། །དེ་ནས་གཉིས་ཀའི་གླུ་དབྱངས་དང་ཡིད་འདྲེས་ཤིང་བག་ཕེབ་པའི་གསུང་གླེང་དང༌། ཆགས་པའི་གཏམ་ལ་སོགས་པས་བདེ་བ་བསྐུལ། དེ་ནས་ཐག་ཉེ་རུ་བསྡད་ལ་གཅིག་གིས་གཅིག་ལ་དྲི་སྣོམ་ཞིང་བདེ་བ་བསྐུལ། དེ་ནས་གདན་ཐོག་གཅིག་ཏུ་ཚོགས་ཏེ་སྟོད་གཡོགས་ཕུད་ལ། འོ་བྱེད་པ་དང་ལྕེ་འཇིབས་པ་དང༌། ནུ་མ་མཉེ་བ་དང༌། གཡའ་སྒོག་པ་དང༌། སེན་མོ་འདེབས་པར་བྱ། དེ་ལ་ཆགས་པ་གཡོ་བ་དཀའ་ཞིང་བདེ་ཉམས་ཙམ་མ་སྐྱེས་ན། གཉིས་ཀ་གཅེར་བུ་བྱས་ཏ་ེའཁྱུད་པ་དང༌། འཛིན་པ་དང༌། ཞོན་པ་དང༌། ལྕག་གིས་བྲབ་པ་དང༌། པདྨ་དང་རྡོ་རྗེ་ལ་བལྟ་བ་དང༌། རྩེད་མོ་སྣ་ཚོགས་ཡིད་ལ་ཅི་དྲན་བྱའོ། །དེ་ལྟར་ཆགས་པ་རྒྱས་ཤིང་རྩ་སློང་བའི་ཐབས་ཞག་མང་དུ་བྱའོ། བདེ་བ་སྐྱེ་དུས་སྟོང་པ་དང་བསྲེས། ཐིག་ལེ་ཉམས་དོག་ན་འདྲེན་འགྲེམ་བྱ། དངོས་ཀྱི་སྦྱོར་བ་མི་བྱའོ། །དེ་ནས་གཉིས་ཀ་ལ་བདེ་བ་དང་ཆགས་པ་རྒྱས་ཏེ། ཁྱད་པར་དུ་ཡུམ་ཆགས་པ་རྒྱས་པས་ལུས་ལ་དྲོད་སྐྱེ། ངོ་དམར་ཏེང་ངེ་འགྲོ། པདྨ་གཤེར་བར་འགྱུར། མཁུན་པ་དང་གཡེམ་པ་བྱུང་བའི་དུས་ན་རྩ་བཙལ་ཞིང་བཟུང་བ་ནི། བསྐྱེད་རིམ་གསལ་བའི་ངང་ནས་མཁའ་གསང་བསྣོལ་མར་རྡོ་རྗེ་པདྨ་སྔགས་དང་བཅས་པས་བྱིན་གྱིས་བརླབས་ལ། ཡུམ་གཅེར་བུ་གན་རྐྱལ་ལ། ཡུམ་གྱི་རྐང་པ་གཉིས་ཡབ་ཀྱི་གྲུ་མོའི་ཁུག་གཉིས་ནས་བཏང་ལ། ལས་སུ་རུང་བའི་རྡོ་རྗེས་པདྨ་ལ་རེག་པ་དང༌། བྲུད་པ་དང༌། ནང་དུ་རེག་ཙམ་ཕྱི་རུ་རེག་ཙམ། གཡས་གཡོན་སྟོད་སྨད་དུ་རེག་རེག་བྱེད་ཅིང༌། ཨབ་ཧ་ཕུལ་སོགས་པ་བདེ་བའི་སྐད་སྣ་ཚོགས་བཏོན་པས་རྩ་བཟང་ན་མུ་ཏྲ་ལ་བདེ་སྐད་སྣ་ཚོགས་དང་རྣམ་འགྱུར་མང་དུ་ཡོང་ངོ༌། །དེ་ནས་ཕྱིང་བ་རང་གི་རྡོ་རྗེ་དང་མཉམ་པར་དར་གྱིས་བཏུམ་ལ་ཚིལ་ཞུན་དང༌། འབྲུ་མར་བྱུག་ལ་ཕྱག་རྒྱའི་གཤང་ལམ་དུ་གཞུག་ཅིང༌། མཁལ་ཁུང་གཉིས་སུ་གྲུ་གུ་ཁུ་ཚུར་ཙམ་རེ་སྐེ་རག་སྲབ་མོས་བསྡམས་ལ། རྒྱབ་ནས་རྟ་སྒ་བསྟད་དེ་གན་རྐྱལ་དུ་ཉལ་བའི་མཁལ་མ་གཉིས་དང་གཤང་ལམ་ནང་དུ་འགྲོའོ། །དེ་གཉིས་ནང་དུ་སོང་བས་བྷ་གའི་གཡས་གཡོན་གཉིས་སུ་ནུ་མ་འདྲ་བའི་འབུར་གཉིས་འོང༌། དེ་ནས་བྷ་ག་ཕྱེས་ནས་བལྟས་པས་རྩ་སྣ་རབ་རིབ་ཏུ་འོང་སྟེ། དེ་ཡང་དུང་ཅན་མ་ནི་རྩ་འཁྱིལ་ནས་འོང༌། པདྨ་ཅན་ནི་རྩ་སྣ་པདྨ་འདྲ་བའོ། །རི་དྭགས་ཅན་མ་ནི་རི་དྭགས་ཀྱི་མཇིང་པ་ལྟར་འོང༌། བྱ་རོག་གདོང་མ་ནི་རྩ་སྣ་བྱ་རོག་གི་མཆུ་ལྟར་འོང༌། བདེ་བྱེད་མ་ནི་གཟིག་མོའི་བྱི་ཐུར་ལྟར་འོང༌། མ་ནིང་གི་རྩ་ནི་མདུད་པ་ཅན་དུ་འོང༌། རྩ་ཕལ་བ་ནི་ཐང་ཁུག་ཁ་ཕྱིར་བགྲད་པ་ལྟར་འོང༌། དེ་ཡང་རྩ་སྦོམ་ན་འུག་ཆོས་རྩ་བ། ར་དཀར་མོའི་འོ་མ་སྦྲང་རྩི་དང་སྦྱར། ད་བྱིད་ཤ་ཁྱི་ཚིལ་རྣམས་སྦྱར་ནས་རྩ་ལ་བྱུགས་པས། རྩ་སྣ་རིང་ན་སོར་དྲུག །འབྲིང་ན་སོར་བཞི། ཐ་མ་སོར་གསུམ་འོང་ངོ༌། །ཡང་མགྲོན་བུ་བུ་མ་གཅིག །ཚ་ལ་ཞུན་མ་གཅིག །སྦྲང་རྒོད་གསུམ། ཆང་ཞིམ་པའི་ཉིང་ཁུ་དང་སྦྱར་ལ་པདྨར་བྱུགས་པས་རྩ་རྣམས་རིང་དུ་འོང་ངོ༌། །ཕྱག་རྒྱའི་ཐིག་ལེ་འབེབས་པ་ལ་མཁས་པ། བུང་བས་རྩི་འཚོལ་བ་ལྟ་བུ་སྟེ། དེའང་རྩ་སྣ་དེ་རང་གི་རྡོ་རྗེའི་བུ་གར་བཅུག་ནས་རྡོ་རྗེ་ཡར་ཕུལ་བ་ལྟར། ཕྱིང་བ་མར་ལ་འཐེན་ནས་འོ་དང་འཁྱུད་པ་ལ་སོགས་པ་བྱས་པས་ཕྱག་རྒྱ་མ་ཆགས་པ་རྒྱས་དུས་དུམ་རེ་འགུལ་ཞིང་མི་བསྐྱོད་པར་བཞག་པས་ཐིག་ལེ་རྩ་མིག་ཏུ་ལྷུང་འོང་ངོ༌། །ཕྱག་རྒྱ་རབ་ལ་རྩེའི་རྩེ་མོ་ན་དྭངས་མ་ཡོད། འབྲིང་ལ་རྐེད་པ་ཐ་མ་གཏིང་ན་ཡོད་པས། དྲངས་ཐབས་གསུམ་ལས། རབ་ལ་རྡོ་རྗེ་གསང་བར་བཅུག་ལ་མི་བསྐྱོད་པར། རིག་པ་སྐྱེ་མེད་ཀྱི་ངང་ལ་བཞག་པས་དྭངས་མ་འདྲོངས་སོ། །འདྲོངས་རྟགས་སུ་རྡོ་རྗེ་མགོར་འཁྱོལ་བས་ལུས་སྦྲིད་ཆིལ་བ་འབྱུང་ངོ༌། །དེས་མ་འདྲོངས་ན་འབྲིང་ནི་ལུས་ཀྱིས་འགུལ་ཞིང་དལ་བུས་བསྐྱོད་པས་བདེ་བ་སྐྱེ་དུས་ཀློད་ལ་དྲོངས་རྟགས་སྔ་མ་བཞིན་ནོ། །དེས་ཀྱང་མ་འདྲོངས་ན། ཐ་མ་ལ་དྲག་ཏུ་བསྐྱོད་ཅིང་བདེ་བ་ཡུན་རིང་དུ་བཟུང༌། བདེ་བ་དུས་མཉམ་གྱི་དུས་སུ་སྟེང་རླུང་མནན་འོག་རླུང་དྲག་ཏུ་འཐེན། རྐང་ལག་བརྐྱངས་ལ། དྭངས་མ་དྲངས་པའི་འཁྲུལ་འཁོར་གོང་ལྟར་བྱའོ། །དམིགས་པ་ནི་སོག་སྦུབས་ནས་ཆུ་འཐུང་བ་ལྟར་འུབ་ཀྱིས་དྲག་པར་འཐེན་ལ། ཧཱུྃ་དྲག་ལ་རྒྱུན་མི་ཆད་པར་བསྒྲང་ངོ༌། །དྭངས་མ་འདྲོངས་པའི་རྟགས་སུ་ཡུམ་གྱི་སྣང་བ་འུབ་ཀྱིས་བསྡུ་བ་སྙམ་བྱེད་ཅིང༌། ཡུམ་གྱི་བདེ་བ་དེ་འཕྲོ་ལ་ཡལ་ན་ཐེ་ཚོམ་མེད་པར་འདྲོངས་པའོ། །ཡང་སྔ་མ་བཞིན་རྡོ་རྗེ་བྷ་གའི་གཏིང་དུ་ཕུལ་བས་ཡུམ་བདེ་བ་མི་བཟོད་པ་སྐྱེས་དུས། རང་གི་ལུས་མ་འཆུས་པར་དྲང་པོར་བྱས་ལ། སེམས་ཀྱི་དམིགས་པ། ལུས་ཀྱི་འཁྲུལ་འཁོར། ངག་གི་བརྗོད་པ་གསུམ་གྱིས་དྲངས་ཏེ། དེའང་ཡུམ་གྱི་རྩ་ནང་གི་སྙིགས་མ་སྦང་མ་ལྟ་བུའི་ནང་ནས་དྭངས་མ་ཆང་ལྟ་བུ་དེ། རང་གི་རྡོ་རྗེའི་གསང་ལམ་ནས་ཡར་ལ་ཐིག་ལྟར་བྲེང་མ་ཆད་པར་དྭངས་མ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་སིབ་སིབ་སོང་བར་བསམ་ཞིང༌། ངག་ཏུ་ཧཱུྃ་དྲག་ལ་མི་འཆད་པར་བསྒྲང་པས། ལུས་ནི་འོག་རླུང་དྲག་ཏུ་འཐེན་ནས་མིག་གྱེན་ལ་བསྒྲད། རྐང་པའི་མཐེ་བོང་གཉིས་གཤིབ་ཏེ་ནང་དུ་དགུག །གུང་མོ་དང་སྲིན་ལག་དྲག་ཏུ་གཤིབས་ཅིང་རྒྱུ་ཞབས་སྒལ་པ་ལ་དྲག་ཏུ་སྦྱར། ལྕེ་ཡ་སྐན་ལ་སྒྲིལ་ཞིང་ཡིད་ཀྱིས་ཧཱུྃ་ངག་ཏུ་བརྗོད་ནས་འཐེན་པས། ཡུམ་དྲན་པ་མེད་པ་དང༌། གྲུ་གུ་ལྟར་འགྲོ་ཞིང་རྩུབ་པའམ། རང་དབང་མེད་པར་སྐད་ཕྱུང་ན་འདྲོངས་པའི་རྟགས་སོ། །དེ་ནས་དལ་གྱིས་འཕྲོ་བཅད་དེ། ཡི་དམ་དུ་གསལ་བའི་ཡན་ལག་བཞི་དང་ལུས་ཐམས་ཅད་སྤྲུག་གོ ། དེའང་རྣལ་འབྱོར་པ་ལ་མགོ་འཁྱོམ་པའམ་ཚ་ཆིལ་སྦྲིད་བེར་བེར་བ་འོང༌། དྭངས་མ་རབ་ཏུ་ལོན་ན་ལུས་ཚ་ཆིལ་གྱིས་འགྲོ། འབྲིང་གིས་ལུས་ལྷན་ནེར་འོང༌། ཐ་མས་ཀྱང་སེམས་བདེ་སྟོང་ལ་གནས་པའོ། །ཕྱག་རྒྱའི་བཀྲག་འཆོར། བདག་ཉིད་བྱུ་རུ་ལྟར་དམར་ལམ་གྱིས་འགྲོ། ཡུམ་གྱི་ལུས་ཟུང་གསོའོ། །འོག་སྒོ་བདེ་བ་ཆེན་པོ་ལས། བདེ་བ་མཆོག་ཏུ་འཕེལ་བ་དམིགས་པའི་གནད༔ སྙོམས་འཇུག་དུས་སུ་དམིགས་པ་མ་ཡེངས་པར༔ ཕྱག་རྒྱ་ཡིད་དུ་འོང་བའི་པདྨར་གཏད༔ བདེ་བ་མྱུར་དུ་སྐྱེ་བ་རྩ་རླུང་གནད༔ སྙོམས་པར་འཇུག་པའི་དུས་དེར་རྐང་ལག་བཞིའི༔ རྩ་དང་ཉ་བཞི་སྒྲིམ་ཞིང་འོག་སྒོ་བཙུམ༔ འོག་རླུང་འཐེན་ཅིང་རྡོ་རྗེ་གཏིང་ནས་བཀོན༔ བདེ་བ་ཚད་དུ་ཕེབས་པ་འཁྲུལ་འཁོར་གནད༔ བསྐྱོད་པ་དྲག་ཏུ་ཐལ་ནས་ལ་ཐལ་ན༔ ཕྲལ་ཚད་འཕྲལ་ལ་ལེན་ཅིང་དལ་བུས་བསྐྱོད༔ ལུས་སེམས་བདེ་བ་ཕྲིལ་གྱིས་སྐྱེ་བ་དང་༔ གཉེན་པོ་བསྐྱོད་འཕྲོ་བཅད་ལ་བདེ་གསལ་ངང་༔ མ་བཅོས་རང་ལུགས་ཐོག་ཏུ་ཙེན་ནེ་བཞག༔ ཡང་ན་བདེ་བ་ཡལ་ན་དལ་བུས་བསྐྱོད༔ བདེ་བ་ཕྲིལ་གྱི་བྱུང་ན་གཉེན་པོས་བསྐྱིལ༔ བདེ་བ་ཐལ་དུ་མི་གཞུག་གཉེན་པོའི་གནད༔ ཐོག་མར་སྙོམས་པར་འཇུག་པའི་དུས་དེ་ནས༔ གཉེན་པོ་དྲག་པོའི་གོ་ཆས་ཅི་ནས་ཀྱང་༔ ཐིག་ལེ་བཏང་ན་ན་ར་ཀན་སྙམ་དུ༔ རྟོག་པ་གཅེས་ལ་གཉེན་པོ་རྒྱུན་དུ་བསྟེན༔ བདེ་བ་ཡེ་ཤེས་འགྱུར་བ་རྟོགས་པའི་གནད༔ ཕྲ་བ་བག་ལ་ཉལ་གྱི་ཉོན་མོངས་རྣམས༔ ལྐོག་གྱུར་གནས་ལ་སྙོམས་འཇུག་སྦྱོར་བ་ཡིས༔ མངོན་གྱུར་སློང་ན་ཉོན་མོངས་ཐོལ་སྐྱེས་དུས༔ ཆགས་མཁན་ཆགས་ཡུལ་གྲུབ་པ་མེད་པའི་ངང་༔ སྣང་སྟོང་བདེན་མེད་གསལ་སྟོང་འཛིན་མེད་ངང་༔ (དེས་ནི་འདོད་ཆགས་སྐྱེས་ཀྱང་ཡེ་ཤེས་ངང་༔) བདེ་སྟོང་དབྱེར་མེད་ངང་དུ་ཀློད་ལ་ཞོག༔ དེ་ནས་འདོད་ཡོན་སྐྱེས་པའི་ཡེ་ཤེས་ངང་༔ ཉམས་རྟོགས་མཐོ་དམན་སྦྱར་བ་དགའ་བཞིའི་གནད༔ སྦྱངས་པ་ཐ་མས་དགའ་བ་སྐྱེས་པའི་དུས༔ ཚོད་བཟུང་དགའ་བའི་ངང་ལ་བལྟ་ཞིང་སྦྱོང་༔ སྦྱངས་པ་འའབྲིང་གིས་མཆོག་དགའ་སྐྱེས་པའི་དུས༔ ཚོད་བཟུང་དགའ་བདེའི་ངང་ལ་བལྟ་ཞིང་སྦྱོང་༔ སྦྱངས་པ་རབ་ཀྱིས་ལྷན་ཅིག་སྐྱེས་དགའི་ཚེ༔ བསྐྱིལ་ཞིང་དགའ་བའི་ངང་ལ་བལྟ་ཞིང་སྦྱོང་༔ བྱང་སེམས་གཡོ་ཞིང་དགའ་བདེ་སྐྱེས་རྟགས་གནད༔ རྣལ་འབྱོར་སྟོབས་རྒྱས་རིག་མ་མཚན་ལྡན་ན༔ ཤ་ལུས་ཕན་ཚུན་རེག་ཙམ་རྡོ་རྗེ་ལང་༔ བྱང་སེམས་གཡོ་ཞིང་བདེ་བ་ལྷང་ལྷང་སྐྱེ༔ རྣལ་འབྱོར་འབྲིང་སྟོབས་རིག་མ་མཚན་འབྲིང་ན༔ པདྨར་རྡོ་རྗེ་རེག་ཙམ་ལང་ཞིང་ལྡང་༔ ལུས་འདར་སྤུ་ཟིང་བདེ་བའི་ཐིག་ལེ་ཡོང་༔ དེ་དུས་མཁན་པོ་རྩར་བཅད་ངང་ལ་བཞག༔ རྣལ་འབྱོར་རྩ་ངན་རང་ལུས་ཡུན་ཐུང་ན༔ དེ་ལས་ཐལ་ནས་འདས་འཕྲོ་(འགྲོ)ཐལ་མི་གཞུག༔ དེ་ཚེ་ཚོད་བཟུང་ལྡོག་བཀྲམ་ངང་ལ་བཞག༔ སྦྱངས་པ་འབྲིང་ནི་དེ་ལས་ཆེར་བསྐྱོད་པས༔ རྡོ་རྗེ་པདྨར་ནུབ་ཅིང་བསྒུལ་བའི་ཚེ༔ རིག་མས་མ་བཟོད་ཆགས་པ་སྐྱེས་པའི་རྟགས༔ པདྨ་བརླན་ལྗོན་དབུགས་ནི་རྒོད་འགྱུར་ཞིང་༔ རྩ་དང་ལུས་ཀུན་སྦྲིད་གཡའ་དགའ་བདེ་སྐྱེ༔ དེ་ཡི་དུས་སུ་ཚད་བཟུང་ངང་ལ་བཞག༔ སྦྱང་པ་རབ་ཀྱིས་དེ་ལས་ཆེར་བསྐྱོད་པའི༔ ཐབས་ཤེས་གཉིས་ཀས་ཕན་ཚུན་བསྐྱོད་པའི་ཚེ༔ ཟག་བཅས་བདེ་བ་་གཡོ་ཚབ་ཆེར་འབྱུང་སྟེ༔ དེ་དུས་བདེ་བ་སྟོང་པ་གཉིས་བསྲེ་སྟེ༔ བདེ་སྟོང་ཀ་དག་ངང་ལ་ལྷན་ནེ་བཞག༔ དུས་གསུམ་རྣམ་རྟོག་བཀག་སྟེ་བརྗོད་མེད་ཉམས༔ བློ་འདས་བདེ་དང་བྲལ་བའི་ཉམས་འཆར་ཏེ༔ དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ༔ དེའི་ངང་ཡུན་རིང་བཞག་ཀྱང་ཐལ་མི་གཞུག༔ ཐལ་ན་ཉམས་པས་གཉེན་པོ་བཟུང་ཞིང་བསྐྱིལ༔ སྦྱང་པ་རབ་འབྲིང་གསུམ་ཀའི་ཐད་ཀ་ཡི༔ དགའ་བ་གསུམ་པོ་དེ་ལས་ཐལ་མི་གཞུག༔ དེ་ཀའི་ངང་ལ་ཡུན་ནི་ཅི་རིགས་བཞག༔ བདེ་བ་ཡལ་ནས་ཆུང་དུ་སོང་བ་ན༔ ཡང་ནི་བསྐྱོད་ནས་བདེ་བ་སྦར་བར་བྱ༔ བདེ་བ་ལྷང་སྐྱེས་ཚད་བཟུང་བསྐྱིལ་བར་བྱ༔ དེ་ཡང་དབབ་བསྐྱིལ་ཡང་ལྡོག་ཡང་བཀྲམ་ཞིང་༔ བསྐྱིལ་བའི་བདེ་བ་བསྐྱིལ་ཡུན་རིང་བ་གཅེས༔ དེ་ལ་ཡུན་དུ་སྦྱང་བས་བརྟན་པའི་ཚད༔ ཚོགས་དྲུག་ཡུལ་སྣང་བདེ་བར་འཆར་བ་དང་༔ ཉིན་མཚན་ཕྱེད་ཀྱིས་ཡབ་ཡུམ་གཉིས་ཀ་ལ༔ དགའ་བདེ་བརྗོད་དུ་མེད་པའི་ཉམས་འཆར་ཏེ༔ ཡུན་ནི་ཅི་ཙམ་འདོད་པ་བསྐྱིལ་ཐུབ་ཚེ༔ དེ་ཚེ་རབ་ཀྱིས་ཆུ་བོའི་གཞུང་བཞིན་དུ༔ མཚན་ལྡན་བཙལ་ནས་ཉིན་མཚན་རྒྱུན་དུ་སྦྱོར༔ དེ་ཡི་གཏན་ཚིག་ལོངས་སྐུའི་སངས་རྒྱས་རྣམས༔ རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ནས༔ བདེ་བ་ཆེན་པོ་རྡོ་རྗེའི་ཏིང་འཛིན་བཞུགས༔ དེ་ཕྱིར་ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀུན༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་བཞུགས་པ་ཡིན༔ དེ་ལ་རྡོ་རྗེ་གསང་བའི་སྐུ་ཞེས་བྱ༔ འབྲིང་གིས་ཉིན་མཚན་དུས་དྲུག་བདེ་སྟོང་སྦྱོར༔ ཐ་མས་ཀྱང་ནི་ཉིན་མཚན་ཐུན་བཞི་རུ༔ མཚན་ལྡན་མ་ལ་བདེ་བའི་ཉམས་བསྐྱེད་ཅིང་༔ ཡང་མཐས་ཉིན་མཚན་ལན་རེ་ཅིས་ཀྱང་སྦྱོར༔ དེ་ཡི་ཐ་མ་ཟླ་རེ་ལོ་རེས་ནི༔ མཚན་ལྡན་པདྨར་མ་བསྟེན་དམ་ཚིག་ཉམས༔ དེ་ཡང་རྟེན་འབྲེལ་ཅིས་ཀྱང་མ་འགྲིགས་ན༔ ལོ་རེ་བར་དུ་ལན་རེ་ཅི་ནས་ཀྱང་༔ དམ་ལས་མི་འགལ་ཕྱིར་ན་རབ་ཏུ་བཙལ༔ གཞན་ཡང་དམ་ལས་མི་འགལ་དོན་ཕྱིར་དུ༔ ཉིན་རེ་བུད་མེད་མཚན་ཉིད་ལྡན་པ་དང་༔ འཕྲད་པར་བྱ་ཞིང་ལྟ་དང་འཁྱུད་པ་དང་༔ བདེ་བའི་གླེང་མོ་བྱ་ཞིང་ཡིད་དང་སྦྱོར༔ རྣལ་འབྱོར་གཟུགས་ངན་རིག་མ་མི་འདུ་ཞིང་༔ ཐབས་ལམ་བདེ་བ་སྐྱོང་བའི་ཡུལ་མེད་ན༔ ཐ་མ་དུད་འགྲོ་ལ་ཡང་སྦྱོར་ཞེས་བཤད༔ དེ་ཕྱིར་རྫས་དང་དམིགས་པ་སྣ་ཚོགས་ཀྱིས༔ རིགས་བཟང་མཚན་ལྡན་བུད་མེད་མ་ལུས་པ༔ དབང་དུ་བསྡུས་ཤིང་བདེ་བའི་ཉམས་སྐྱོང་བའི༔ གསང་སྔགས་ཐེག་ཆེན་ཉམས་སུ་ལེན་པ་ལ༔ འཛིན་པའི་ཡ་ག་ལ་སྐྲག་ཚུལ་འཆོས་ན༔ བདུད་ཀྱི་བར་ཆད་ཡིན་པས་ཉམས་ལེན་གཅེས༔ ཚེ་འདིའི་བསྟོད་སྨད་ཡ་གའི་རིགས་རྣམས་ཀུན༔ རྨི་ལམ་བྲག་ཆ་འདྲ་ལ་ཡལ་བའི་རྒྱུ༔ སྲོག་ལ་བབ་ཀྱང་གཞན་ལུས་ཐབས་ལམ་སྦྱོར༔ འོན་ཀྱང་བསྟན་པའི་དོན་དུ་གསང་བ་གཅེས༔ ཐབས་མཁས་པ་དང་སྒྲིབ་ཤིང་ལ་སོགས་པས༔ གཞན་གྱི་མ་ཚོར་གསང་ན་དངོས་གྲུབ་མྱུར༔ གཞན་ཡང་མཆོད་པའི་ནང་ནས་ཁྱད་པར་དུ༔ བདེ་བ་ཆེན་པོ་གསང་བའི་མཆོད་པ་འདི༔ ཕྱི་ནང་མཆོད་པ་ནམ་མཁའ་གང་བ་ལས༔ བདེ་ཆེན་ཉམས་ཀྱི་མཆོད་པ་ས་ེགོལ་ཙམ༔ བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་ཕྱིར༔ བདེ་བ་སྐྱོང་བའི་ཉམས་དེ་དཀོན་མཆོག་གསུམ༔ བླ་མ་ཡི་དམ་དཔའ་བོ་ཌཱཀྐ་ིལ༔ ནམ་མཁའ་གང་བར་དམིགས་ཏ་ེམཆོད་པར་བྱ༔ ཞེས་སོ། །བདེ་བའི་རང་བཞིན་གྲོལ་བ་ལ། མཁས་པ་མཁའ་ལ་ན་བུན་དྭངས་པ་ལྟ་བུ་སྟེ། བདེ་བའི་ངོ་བོ་ཇི་ལྟར་གནས་ཀྱང་ཡེ་སྟོང་རྩ་བྲལ་ཆེན་པོའི་གདོད་མའི་ཀ་དག་ངང་དུ་ལ་བཟླའོ། །དེའང་ཐེག་པ་འོག་མའི་བདེ་སྟོང་ལྟར། བདེ་བ་ལ་སྟོང་པས་རྒྱས་འདེབས་པ་དང༌། བདེ་ཉམས་ལ་ཆགས་པ་མ་ཡིན་ཏེ། འདིར་དང་པོ་བདེ་བ་གཡོ་བ་ནས་མཐར་ཀ་དག་ཏུ་ལ་བཟླས་པའི་བར། གདོད་མའི་གནས་ལུགས་ཡེ་སྟོང་རྩ་བྲལ་དུ་རྟོགས་པ་དང་མ་བྲལ་བའི་བདེ་བ་དང༌། བདེ་བའི་ཉམས་རང་བཞིན་སྟོང་པར་འཛིན་པ་ཙམ་ལས་ཀྱང་འདས་ཏེ། མཐའ་གྲོལ་བློ་འདས་ཆེན་པོ་ཆགས་བྲལ་དུ་བསྒྲུབ་སྟེ། འདོད་ཆགས་ཀྱི་འཛིན་པ་ཡེ་སྟོང་ཆེན་པོར་ལ་བཟླས། དེའང་རྟོག་པ་ཇི་སྙེད་བདེ་བར་བསྡུས་ནས། བདེ་བ་འཛིན་མེད་དུ་ངོ་སྤྲད་དེ། འཛིན་མེད་ཀ་དག་ཆེན་པོར་ཕྱམས་བརྡལ་ནས། ཡེ་བདེའི་སྟེང་དུ་བློ་བདེ་རྒྱུན་མི་འཆད་པ། གཞི་བདེ་བའི་ངོ་བོ་ལྷུན་གྲུབ་ཆོས་ཉིད་ཀྱི་རོལ་པར་འཆར་བ་ལ་རྣལ་འབྱོར་པའི་སྐྱེལ་སོ་བྱེད་དོ། །བཞི་པ་སྙོམས་འཇུག་བྱས་པ་ཡེ་ཤེས་བཞི་དང་ངོ་སྤྲད་པ་ནི། དེ་ཡང་སྙོམས་པར་ཞུགས་ཏེ་སྤྱི་བོ་ནས་བདེ་བ་གཡོས་ཏེ་མགྲིན་པར་བབས་པས་བདེ་བའི་ངོ་བོ་སྟོང་པར་ཤར་བ་སྟེ། དགའ་བའི་ཡེ་ཤེས་ཏེ་རྣམ་རྟོག་རགས་པ་རྣམས་སྤོང་ཞིང༌། ཉན་རང་གི་གྲུབ་མཐའ་རྫོགས་པ་བསམ་གཏན་དང་པོའི་དགའ་བའོ། །དེ་ནས་སྙིང་གར་སླེབ་དུས་མཆོག་དགའི་ཡེ་ཤེས་བདག་ཏུ་འཛིན་པའི་རྣམ་རྟོག་སྤོང་ཞིང༌། བྱང་ཆུབ་སེམས་དཔའི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་གཉིས་པའི་དགའ་བའོ། །དེ་ནས་ལྟེ་བར་སླེབ་དུས་དགའ་བྲལ་གྱི་ཡེ་ཤེས་ཏེ། ཕྱག་རྒྱར་འཛིན་པའི་རྟོག་པ་སྤོང་ཞིང་གསང་སྔགས་ཀྱི་གྲུབ་མཐའ་རྟོགས་ཏེ། བསམ་གཏན་གསུམ་པའི་དགའ་བའོ། །དེ་ནས་གསང་བར་སླེབ་དུས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་དགའ་བ་གསུམ་དུ་འཛིན་པའི་རྟོག་པ་མཐའ་དག་སྤོང་ཞིང་གསང་བ་བླ་ན་མེད་པའི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་བཞི་པའི་དགའ་བའོ། །མདོ་ལས། དགེ་སློང་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པའི་བདེ་བ་ལྟ་བུ་དང་ཞེས་པའང་འདི་དང་དོན་གཅིག་གོ །དེ་ནི་ཡས་བབས་བསམ་གཏན་དགའ་བ་བཞིའོ། །དེ་བཞིན་དུ་གསང་གནས་ནས་ལྟེ་བའི་བར་དྭངས་མ་ལྡོག་ཏེ་མཉམ་པར་བཞག་པ་ནི། ནམ་མཁའ་མཐའ་ཡས་སོ། །སྙིང་གར་རྣམ་ཤེས་མཐའ་ཡས་སོ། །མགྲིན་པར་ཅི་ཡང་མེད་པའོ། །སྤྱི་བོར་ཡོད་མེད་ཀྱི་སྤྲོས་པ་ཞི་བའི་སྐྱེ་མཆེད་དེ་སྲིད་རྩིའི་སེམས་སོ། །དེ་ནས་དུས་གསུམ་སྐྱེ་མེད་ཀྱི་ངང་ལ་མཉམ་པར་བཞག་པ་ནི་འགོགས་པའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་འཁོར་ལོ་གསུམ་དུ་བབས་དུས་སྐྱེ་འགགས་གནས་གསུམ་མ་གྲུབ་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཡེ་ཤེས་སོ། །དེ་བཞིན་དུ་འཁོར་ལོ་བཞིར་བབས་པས་ཚད་མེད་པ་བཞི་ལས། དམིགས་པ་མེད་པས་ཚད་མེད་བཞིའི་ཡེ་ཤེས་སོ། །དེ་བཞིན་དུ་དྭངས་མ་མི་འཛགས་པས་སོ་སོར་ཐར་པའི་སྡོམ་པ་གོང་དུ་འཕེལ་བས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡེ་ཤེས་ཆེན་པོའི་རིག་པ་འཛིན་པའི་སྡོམ་པའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམ་པར་དག་པས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི། ནང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །ཁམས་དཀར་དམར་གཉིས་མི་ཉམས་ཤིང་འཕེལ་བས་སྨོན་འཇུག་གི་སེམས་གཉིས་སོ། །མཁའ་གསང་བྱིན་གྱིས་བརླབས་པ་ནི་བསྙེན་པ། འཁྱུད་པ་སོགས་བྱ་བ་ནི་ཉེ་བསྙེན། སྲུབ་ཅིང་སྦྱོར་བ་ལ་བརྟེན་ནས་ཡས་བབས་ཀྱི་དགའ་བཞི་མྱོང་བ་ནི་བསྒྲུབ་པ། སླར་ཡང་ཡར་ལ་དྲངས་ཏེ་མས་བརྟན་ཀྱི་དགའ་བཞི་མྱོང་ཞིང་བཀྲམ་པ་ནི་བསྒྲུབ་པ་ཆེན་པོའོ། །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མའི་གང་ཆེན་མཚོ་ཡིན་ནོ། །མཇུག་གི་དོན་བདེ་བའི་འཆར་ལུགས་ལ། དང་པོ་བདེ་བ་ཕ་རོལ་དུ་ཕྱིན་པ་དྲུག་དང་སྦྱར་བ་ནི། ཡབ་ཡུམ་ལྷར་བསྐྱེད་པས་ཚོགས་རྫོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐིག་ལེ་མི་ཉམས་པ་ཚུལ་ཁྲིམས། སྣང་བ་ཐམས་ཅད་བདེ་བར་ཤར་བའི་ཚེ་ཁོང་ཁྲོ་མེད་པར་བཟོད་པས་བཟོད་པ། སྦྱོར་བ་བྱེད་པ་ལ་ལེ་ལོ་མེད་པས་བརྩོན་འགྲུས་བདེ་སྟོང་ལ་སེམས་གནས་པས་བསམ་གཏན། བདེ་སྟོང་གི་དོན་མཐར་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཉིས་པ་ལམ་ལྔ་དང་སྦྱར་བ་ནི། ཡབ་ཡུམ་སྟན་གཅིག་ཏུ་ཚོགས་ནས་ལྷའི་སྐུར་བསྐྱེད་པ་ཚོགས་ལམ། ཡབ་ཡུམ་སྙོམས་པར་ཞུགས་པས་སྦྱོར་ལམ། དགའ་བཞིའི་ཡེ་ཤེས་མཐོང་བས་མཐོང་ལམ། དེའི་རྗེས་ཤེས་སྐྱོང་བས་བསྒོམ་ལམ། བདེ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་པས་མི་སློབ་པའི་ལམ་མོ། །གསུམ་པ་ཐེག་པ་དགུ་དང་སྦྱར་བ་ནི། ལུས་ཐ་མལ་དུ་གནས་པ་ལྷ་མིའི་ཐེག་པ། བདེ་བ་ཐ་མལ་དུ་སྤྱོད་པ་ཕྱི་བའི་ཐེག་པ། བདེ་བ་རང་དོན་དུ་སྤྱོད་པ་ཉན་རང་གི་ཐེག་པ། བདེ་བ་སྤྱོད་ཚེ་སེམས་བསྐྱེད་ཀྱིས་རྩིས་ཟིན་ཅིང་རང་རིག་ཏུ་ཤེས་པ་བྱང་ཆུབ་སེམས་དཔའི་ཐེག་པ། ཐ་མལ་གྱི་ལུས་ངག་ཡིད་གསུམ་ལྷར་དག་པ་ཀྲི་ཡའི་ཐེག་པ། ཕྱག་རྒྱ་བཞི་དང་ལྡན་པར་སྤྱོད་པ་ཨུ་པའི་ཐེག་པ། ཕྲིན་ལས་བཞི་འགྲུབ་པ་ཡོ་གའི་ཐེག་པ། ཕུང་ཁམས་ལྷར་ཤེས་པ་མ་ཧཱའི་ཐེག་པ། བདེ་སྟོང་དབྱེར་མེད་དུ་རྟོགས་པ་ཨ་ནུའི་ཐེག་པ། ཐམས་ཅད་ཡོངས་གྲོལ་དུ་རྟོགས་པ་ཨ་ཏིའི་ཐེག་པའོ། །བཞི་པ་རྒྱུད་སྡེ་བཞི་དང་སྦྱར་བ་ནི། ཡབ་ཡུམ་ལྷར་བསྐྱེད་པ་བྱ་བའི་རྒྱུད། སྙོམས་འཇུག་བྱེད་པ་སྤྱོད་པའི་རྒྱུད། དེ་ལས་བདེ་སྟོང་སྐྱེས་པ་རྣལ་འབྱོར་གྱི་རྒྱུད། དགའ་བཞིའི་ཡེ་ཤེས་མཐར་ཕྱིན་པ་བླ་ན་མེད་པའི་རྒྱུད་དོ། །ལྔ་པ་ཐེག་པ་གསུམ་དང་སྦྱར་བ་ནི། རང་དོན་དུ་སྤྱོད་པས་ཉན་རང་གི་ཐེག་པ། གཞན་དོན་དུ་སྤྱོད་པས་བྱང་ཆུབ་སེམས་དཔའི་ཐེག་པ། མཐའ་གྲོལ་དུ་སྤྱོད་པས་རྡོ་རྗེའི་ཐེག་པའོ། །དྲུག་པ་བཀའ་བརྒྱད་དང་སྦྱར་བ་ནི། ཡབ་ཡུམ་ལྷའི་སྐུར་གསལ་བས་འཇམ་དཔལ་སྐུ། བདེ་བའི་སྒྲ་སྟོང་པར་ཤེས་པས་པདྨ་གསུངས། ངོ་བོ་རིག་སྟོང་དུ་ཤེས་པས་ཡང་དག་ཐུགས། ངོ་བོ་བདེ་སྟོང་དུ་ཤེས་པས་བདུད་རྩི་ཡོན་ཏན། ངོ་བོ་སྣང་སྟོང་དུ་ཤེས་པས་ཕུར་པ་ཕྲིན་ལས། འོད་གསལ་དབྱེར་མེད་པས་རིག་འཛིན་སློབ་དཔོན། རང་བཞིན་སྟོང་པར་རྟོགས་པས་མ་མོ་རྦོད་གཏོང༌། ཐམས་ཅད་རླུང་གི་རྩལ་དུ་ཤེས་པས་འཇིག་རྟེན་མཆོད་བསྟོད། བདེ་གསལ་ངར་དང་ལྡན་པས་དམོད་པ་དྲག་སྔགས་སོ། །བདུན་པ་དབང་བཞི་དང་སྦྱར་བ་ནི། ཡབ་ཡུམ་ལྷའི་སྐུར་བསྐྱེད་པ་བུམ་དབང༌། སྦྱོར་བ་བྱེད་པ་གསང་དབང༌། བདེ་སྟོང་གི་ཉམས་ལ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། མཐར་བློ་འདས་ཡེ་གྲོལ་ཏུ་ཤེས་པ་ཚིག་དབང་རིན་པོ་ཆེའོ། །བརྒྱད་པ་རིགས་ལྔ་དང་སྦྱར་བ་ནི། བདེ་སྟོང་གི་ངོ་བོ་འགྱུར་བ་མེད་པ་རྡོ་རྗེའི་རིགས། ཆགས་སེམས་དག་པ་པདྨའི་རིགས། ཡོན་ཏན་འབྱུང་བ་རིན་ཆེན་རིགས། ཕྲིན་ལས་འགྲུབ་པ་ལས་ཀྱི་རིགས། ཆོས་ཉིད་རྟོགས་པ་དེ་བཞིན་གཤེགས་པའི་རིགས་སོ། །དགུ་པ་ཡབ་ལྔ་དང་སྦྱར་བ་ནི། བདེ་སྟོང་གི་རྣམ་པར་སྦྱོར་བ་མཛད་པ་རྣམ་པར་སྣང་མཛད། ངོ་བོ་མི་འགྱུར་བས་མི་བསྐྱོད་པ། ཡོན་ཏན་འབྱུང་བས་རིན་ཆེན་འབྱུང་ལྡན། བདེ་བའི་སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས། ཡེ་ཤེས་བཞི་འགྲུབ་པས་དོན་ཡོད་གྲུབ་པའོ། །བཅུ་པ་ཡུམ་ལྔ་དང་སྦྱར་བ་ནི། བྷ་ག་དང་རྡོ་རྗེ་སངས་རྒྱས་སྤྱན་མ། གཡོ་བ་དང་བསྐྱོད་པ་དམ་ཚིག་སྒྲོལ་མ། བསྐྱོད་པས་དྲོད་འབྱུང་བ་གོས་དཀར་མོ། ཐིག་ལེ་མཉམ་པས་མ་མ་ཀཱི། དེ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་དབྱིངས་ཀྱི་དབང་ཕྱུག་མའོ། །བཅུ་གཅིག་པ་ཡེ་ཤེས་ལྔ་དང་སྦྱར་བ་ནི། ལྷ་དང་ཡེ་ཤེས་ངོ་བོ་གསུམ་དུ་གསལ་བས་མེ་ལོང་ཡེ་ཤེས། བྱེ་བྲག་ཕྱེད་པས་སོར་རྟོགས་ཡེ་ཤེས། ངོ་བོ་གཅིག་པས་མཉམ་ཉིད་ཡེ་ཤེས། ཆོས་སྐུར་རྟོགས་པས་ཆོས་དབྱིངས་ཡེ་ཤེས། ཕྲིན་ལས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བཅུ་གཉིས་པ་འབྱུང་བ་ལྔ་དང་སྦྱར་བ་ནི། བྷ་ག་དང་རྡོ་རྗེ་དངོས་སུ་གྲུབ་པས་ས། གཡོ་བས་རླུང༌། ཐིག་ལེ་ཆུ། དྲོད་མེ། མཐར་མི་རྟོག་པར་སྔོན་བཞིན་གནས་པ་ནམ་མཁའོ། །བཅུ་གསུམ་པ་ས་བཅུ་དང་སྦྱར་བ་ནི། ཡབ་ཡུམ་ཕན་ཚུན་མཐོང་བའི་དགའ་བ་སྐྱེས་པས་དང་པོ་རབ་ཏུ་དགའ་བ། ལྷའི་སྐུར་བསྐྱེད་པས་ཐ་མལ་གྱི་དྲི་མ་མེད་པས་ས་གཉིས་པ་དྲི་མ་མེད་པ། སྦྱོར་བ་བྱས་པས་ཐིག་ལེ་རྩ་ནང་དུ་ཀུན་ལ་ཁྱབ་པས་གསུམ་པ་འོད་བྱེད་པ། བདེ་བ་འབར་བས་བཞི་པ་འོད་འཕྲོ་བ། གསང་བར་ཐིག་ལེ་ཟིན་པས་ལྔ་པ་སྦྱང་དཀའ་བ། ཟིན་ནས་ཡེ་ཤེས་མྱོང་བས་དྲུག་པ་མངོན་དུ་གྱུར་པ། ལྡོག་ཅིང་བཀྲམ་པས་རིང་དུ་སོང་བ་སྟེ་བདུན་པ་རིང་སོང༌། དེ་ནས་བློ་བྲལ་དུ་གནས་པས་བརྒྱད་པ་མི་གཡོ་བ། དེ་ལས་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་ནི་དགུ་པ་ལེགས་པའི་བློ་གྲོས། སྣང་བ་གང་ཤར་བདེ་སྟོང་དུ་གྲོལ་བ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །བཅུ་བཞི་པ་སྐུ་ལྔ་དང་སྦྱར་བ་ནི། ཡབ་ཡུམ་སྦྱོར་བ་བྱེད་པ་སྤྲུལ་པའི་སྐུ། ལྷའི་སྐུར་བསྐྱེད་པ་ལོངས་སྐུ། བདེ་སྟོང་གི་རྣམ་པར་ཤར་བ་ཆོས་སྐུ། ངོ་བོ་འཛིན་པ་ལས་གྲོལ་བ་ངོ་བོ་ཉིད་སྐུ། ཕྲིན་ལས་མཐའ་དག་གྲུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ། །བཅོ་ལྔ་པ་རྒྱུད་སྡེ་གསུམ་དང་སྦྱར་བ་ནི། ཡབ་ཡུམ་བདེ་བ་མྱོང་བ་མའི་རྒྱུད། ཐིག་ལེ་གཟུང་འདྲེན་འགྲེམ་པ་ཕའི་རྒྱུད། བདེ་སྟོང་གི་ངོ་བོ་གཉིས་སུ་མེད་པ་གཉིས་སུ་མེད་པའི་རྒྱུད་དོ། །གཞན་ཡང་སྦྱོར་བ་བྱས་པའི་ཚེ། འཁོར་འདས་གཉིས་ཀའི་ས་བོན་འབྱུང་བས། འཁོར་འདས་གཉིས་ཀྱི་སྤྱི་གཞི་ཡིན་ནོ། །བདེ་བའི་ཡེ་ཤེས་ངང་ལ་རྩལ་སྦྱང་པས་སྡུག་བསྔལ་གྱི་འཁྲུལ་སྣང་ཐམས་ཅད་གྲོལ་བར་བྱེད་པའི་ལམ་ཡིན་ནོ། །སྟོང་པ་ཆོས་སྐུ། བདེ་བ་ལོངས་སྐུ། ཤུག་འབྱུང་མ་འགགས་པར་རང་གྲོལ་བ་སྤྲུལ་པའི་སྐུའོ། །སྐུ་གསུམ་དབྱེར་མི་ཕྱེད་པ་ནི་འབྲས་བུ་ཉིད་ཡིན་ནོ། །དགེ་སྡིག་རྩིས་གདབ་མེད་པ་ལྟ་བ། མྱོང་ཞིང་བརྗོད་དུ་མེད་པ་བསྒོམ་པ། ཞེན་མེད་ངང་དུ་མི་གཡོ་བར་སྤྱོད་པས་སྤྱོད་པ། བདེ་སྟོང་ངང་ལས་མི་འདའ་བ་དམ་ཚིག །དེ་ལས་སངས་རྒྱས་གཞན་ན་མེད་པས་ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན་ནོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་གཉིས་སུ་མེད་པའི་ཡེ་ཤེས། གཡོ་འགུལ་ཙམ་གྱིས་དགའ་བདེའི་ཡེ་ཤེས་དཔག་མེད་སྐྱེས་པས་ཐུགས་རྗེ་ཤུགས་འབྱུང་གི་ཡེ་ཤེས། དེ་ལྟར་ཡོན་ཏན་ཐམས་ཅད་གསལ་བར་གྱུར་ཀྱང་དེའི་དོན་ལ་བདག་འཛིན་མེད་པས་ན་ངོ་བོ་སྟོང་པའི་ཡེ་ཤེས། གཟུགས་སུ་གྲུབ་པ་ཡབ་ཀྱི་གསང་བ་ལས། རང་བཞིན་ངོ་བོ་མེད་པ་ཡུམ་གྱི་མཁའ་གསང་ཡིན་པས་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས། གཉིས་མེད་ཟང་ཐལ་གཡོ་ཞིང་སྤྱོད་པ་ནི་ལྷུན་གྲུབ་ཆེན་པོའི་ཡེ་ཤེས། བདེ་སྟོང་གསལ་ལ་འཛིན་པ་མེད་པས་ནི་གཟུང་འཛིན་རང་སར་གྲོལ་བའི་ཡེ་ཤེས། དེ་དག་ཐམས་ཅད་ཡབ་ཡུམ་གཉིས་སྦྱོར་གྱིས་གདན་ཐོག་གཅིག་གི་བདེ་བ་ལ་རྫོགས་པ་ཡིན་ནོ། །འཇམ་དཔལ་རྩ་རྒྱུད་ལས། འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་པར་སྦྱོངས། །ཞེས་གསུངས་སོ། །གསང་འདུས་ལས། སློང་མོ་བཟའ་ཞིང་མི་བཟའ་སྟེ། སློང་ལའང་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ལུས་དང་ངག་དང་སེམས་དང་ནི། །བདེ་བར་གནས་ན་བྱང་ཆུབ་འཐོབ། །གཞན་དུ་དུས་མིན་འཆི་བ་དང༌། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །ཞེས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་རྣམས། །ཆོས་མཆོག་མི་གཡོ་བརྙེས་པ་ཡང༌། །འདོད་པ་ཐམས་ཅད་བསྟེན་པས་སོ། །ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །བྱང་ཆུབ་ཉི་མ་གསལ་བར་བྱ། །ཞེས་གསུངས་སོ། །དེ་ལྟ་བུའི་ཟབ་པའི་མན་ངག་འདི་ཉིད་ལ་མཁོ་བའི་གེགས་སེལ་དང་བོགས་འདོན་དམ་ཚིག་སོགས་ལོགས་ནས་ཀྱང་ཤེས་པར་གྱིས་ལ་ཉམས་ལེན་གནད་དུ་དྲིལ་བར་མཛོད་ཅིག །སྨྲས་པ། ཤིན་ཏུ་ཆེས་གསང་མྱུར་ལམ་གནད་ཀྱི་དོན། །ལྷན་སྐྱེས་བདེ་ཆེན་འོད་གསལ་ཆོས་སྐུའི་ཞལ། །མངོན་སུམ་མཇལ་བའི་ཕོ་ཉའི་གསང་ལམ་འདི། །ཐ་མལ་ཆགས་པ་ཁོ་ནའི་དབང་གྱུར་ངང༌། །བསགས་སྦྱང་ཕལ་གྱི་དོ་ཟླར་མ་བསྔོ་བར། །དགོས་མེད་ངོ་ཚའི་རྒྱ་ལས་ཡོངས་གྲོལ་མཛོད། །ཟབ་མོའི་གདམ་ངག་འདི་ལ་སྐུར་པ་འདེབས་བཞིན་དུ་ཉམས་སུ་ལེན་པ་མཁན་ཡོད་ན། དེ་ཡི་སྙིང་ཁྲག་གཟའ་མཆོག་ཆེན་པོས་རོལ་ཅིག་ར་ཧུ་ལ་ས་མ་ཡ་རཀྵ། ཅེས་པ་འདི་ནི་སློབ་བུ་པདྨ་རྣམ་རྒྱལ་སོགས་ཀྱིས་ནན་ཏན་ཆེན་པོས་བསྐུལ་ངོར། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་རང་ལོ་ཉེར་དྲུག་གི་སྟེང༌། དབང་ཆེན་སྤྲེལ་གྱི་ལོར་དོག་རོང་གསང་ཆེན་སྒྲུབ་སྡེའི་གླིང་ནས་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ། །རྗེ་བཙུན་མཁའ་འགྲོ་ཉི་མའི་རྒྱལ་མཚན་དང༌། མཁའ་འགྲོ་ཟླ་བའི་གཙུག་རྒྱན་གཉིས་ཀྱིས་སྤར་དུ་བསྒྲུབས་སོ། །