Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
མགོན་པོའི་གཏོར་ཆོག་བསྡུས་པ་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   


 
previousམགོན་པོའི་གཏོར་ཆོག་བསྡུས་པ་སོགས།next

མགོན་པོའི་གཏོར་ཆོག་བསྡུས་པ་སོགས།


GTD008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་གཏོར་ཆོག་བསྡུས་པ། གཏོར་འབུལ་རྒྱུན་ཁྱེར། གཟི་བྱིན་བསྐྱེད་པ། ཆོས་རྒྱལ། ལྷ་མོ། རྣམ་སྲས་སོ་སོར་གཏོར་མ་འབུལ་ཚུལ་བཅས་བཞུགས་སོ། །


GTD008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །སྣང་སྟོང་སྲིན་པོའི་གར་བསྒྱུར་ནག་པོ་ཆེ། །བླ་མ་མགོན་པོ་དབྱེར་མེད་ཞབས་པད་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་མདོ་ཙམ་བྲི། །དེ་ལ་དང་པོ་ཡི་དམ་གྱི་བདག་བསྐྱེད་དང་བསྐང་རྫས་བྱིན་རླབས་སོགས་དཀྱུས་བཞིན་སྔོན་དུ་བཏང་ལ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་གཾ་ལས་ཚོགས་བདག་དཀར་པོ། དེའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ་ཆེར་འབར་བ། ཞལ་གདངས་ཤིང་མཆེ་བ་གཙིགས་ནས་སྤྱན་གསུམ་དགྲ་ལ་སྡང་མིག་གཡོ་བ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ། བར་བ་གཉིས་ཀྱིས་ཐོད་པའི་ཕྲེང་བ་དང་རྩེ་གསུམ། ཐ་


GTD008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ཀྱིས་ཌཱ་མ་རུ་དང་ཞགས་པ་འཛིན་པ། སྦྲུལ་གྱི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ལ་དར་ལྗང་གུའི་སྐ་རགས་བཅིངས་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་བྷྱོཿ ལས་ལྷ་མོ་ནག་མོ་དྲེའུ་རྟ་ལ་ཞོན་ཅིང་རལ་གྲི་དང་ནལ་ཐོད་འཛིན་པ། མདུན་དུ་ཀྵིཾ་ལས་ཀྵེ་ཊ་པཱ་ལ་གྲི་གུག་དང་ཐོད་པ་བཟུང་སྟེ་དོམ་ནག་སྨྱོན་པ་ལ་ཞོན་པ། གཡས་སུ་ཛིཾ་ལས་ཛི་ན་མི་ཏྲ་ཌཱ་མ་རུ་དང་ཐོད་ཁྲག་འཛིན་པ། རྒྱབ་ཏུ་ཊཾ་ལས་ཊཀྐི་རཱ་ཛཱ་ཅང་ཏེའུ་དང་ཐོད་པ་འཛིན་པ། གཡོན་དུ་ཏྲཀ་ལས་བདུད་མགོན་ཏྲཀྴད་ནག་པོ་རྟ་ནག་ལ་ཞོན་ཅིང་རུ་མཚོན་དང་ཐོད་ཁྲག་བསྣམས་པ། གཞན་ཡང་འཁོར་ཚོགས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་


GTD008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་གྱིས་ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙན་དན་རྐང་གཅིག་པའི་དྲུང་ནས་ནག་པོ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཊ་པཱ་ལ་ལ་སོགས་པའི། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཁྲིཾ་ཉེར་གཅིག་བརྗོད། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༌། །མ་རུང་ཀུན་འདུལ་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ས་པ་རི་ཝཱ་ར་ཨརྒྷཾཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ས་པ་རི་ཝཱ་ར་རཱུ་པ། ཤཔྟ། གནྡྷེ། ར་ས། སྤརྴ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་མཆོད་དོ། །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བིགྷྣན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཨོཾ་ཨཱཿ ཧཱུཾ། བྷྱོཿ མ་མོ་ནག་མོ་༝། ཁཱ་ཧི་ཨོཾ་ཨཱཿ ཧཱུཾ།


GTD008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀྵེ་ཊ་པཱ་ལ་༝། ཨོཾ་ཛི་ན་མི་ཏྲ་༝། ཨོཾ་ཊཀྐི་རཱ་ཛཱ་༝། ཨོཾ་དུ་ཡཀ་ཛ་༝། ཧཱུཾ་ཕཊ་ཨོཾ་ཨཱཿ ཧཱུཾ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཤཱ་ས་ན་ནས། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཨོཾ་ཨཱཿ ཧཱུཾ། གཞན་ཡང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ། གཡས་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་གསེར་གྱི་དྲིལ་བུ་བསྣམས་པ། ཉི་མ་འབུམ་གྱི་མདངས་དང་ལྡན་པའི་སྐུ་ལས་འོད་ཟེར་འཕྲོས། མགོན་པོ་ལ་ཕོག །མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་ཏེ་བླ་མ་ལ་ཕོག་པས་གཉིས་ཀ་འོད་དང་བདེ་བའི་རང་བཞིན་དུ་འབར་ཏེ་དབྱེར་མི་ཕྱེད་པར་གྱུར། བདག་སོགས་མར་གྱུར་སེམས་ཅན་ཐམས་ཅད་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བརྒྱུད་པའི་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་ལ་གསོལ་བ་འདེབས་སོ། །ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཎ་ཤྲཱི་ཡེ། ཌ་ཀ་ཌ་ཀི་ནི། ཛོ་ཀ་ཛོ་ཀི་ནི། སརྦ་བུདྡྷཱ་ཡ། བོ་དྷི་སཏྭ་ཤར་ཎཾ་གཙྪ་མི་ཀྱེ། ལན་གསུམ། ཕྱོགས་བཅུ་དུས་གསུམ་ན་


GTD008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་༝། མྱུར་བ་ཉིད་དུ་༝། འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་མཉམ་གཞག་གི་སྟེང་ན་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་འཕྲོས་པས་སྐུ་གསུང་ཐུགས། རྡོ་རྗེའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཡིག་བརྒྱ་བཟླས་ལ། བཤགས་པ་ནི། ཧཱུཾ། རྡོ་རྗེ་འཆང་དབང་རྩ་བརྒྱུད་བླ་མ་དང། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །དངོས་གྲུབ་འབྱུང་གནས་དངོས་བརྒྱུད་བླ་མ་ལ། །ལོག་ལྟའི་དབང་གིས་བརྙས་སྨོད་བགྱིས་པ་དང༌། །དམ་ཚིག་སྡོམ་པ་ཚུལ་བཞིན་མ་བསྲུང་དང༌། །ཕྱི་ནང་གསང་བའི་རྟེན་རྫས་ལེགས་བསགས་ནས། །བསྙེན་སྒྲུབ་བཟླས་བརྗོད་བརྩོན་པར་མ་བྱས་དང༌། །སེར་སྣའི་དབང་གིས་མཆོད་གཏོར་སྤྱན་གཟིགས་རྟེན། །རྒྱུ་


GTD008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཕུད་ཉམས་ལྷག་མས་སྦགས་པ་སོགས། །སྒོ་གསུམ་འཁྲུལ་པའི་ནོངས་པ་ཅི་མཆིས་པ། །བླ་མ་མགོན་པོའི་སྤྱན་སྔར་སྙིང་ནས་བཤགས། །བཟོད་པར་བཞེས་ལ་བུ་བཞིན་བསྐྱང་དུ་གསོལ། །ཧཱུཾ། རབ་འབྱམས་ཀུན་བཟང་མཆོད་སྤྲིན་མཐའ་ཡས་པས། །སྟོང་གསུམ་ཁྱོན་ཀུན་རྒྱས་པར་འགེངས་པ་ཡིས། །སྤྱན་རས་གཟིགས་དབང་མྱུར་མཛད་ཐུགས་རྗེའི་གཏེར། །མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་བསྐང། །དམར་ནག་ཁྲག་གི་མཆོད་ཡོན་ཆལ་ཆིལ་གཡོ། །གདུག་ཅན་དབང་པོའི་མེ་ཏོག་རི་ལྟར་སྤུངས། །བམ་ཆེན་གསར་རྙིང་བསྲེགས་པའི་དུད་སྤྲིན་འདིས། །མྱུར་མཛད་མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །ཞུན་ཆེན་སྒྲོན་མེའི་ཕྲེང་བ་ཚར་དུ་དངར། །ཁྲག་མཁྲིས་དྲི་ཆབ་གངྒཱའི་རྒྱུན་ལ་འགྲན། །ཤ་རུས་ཞལ་ཟས་སྙན་བརྗིད་རོལ་མོ་འདིས། །མྱུར་མཛད་༝། །སྐམ་རློན་མགོ་ཕྲེང་སྦྲུལ་གྱི་ཆུན་པོ་དང། །གླང་ལྤགས་སྟག་ཤམ་རུས་རྒྱན་ཕྱག་མཚན་དྲུག །ཞིང་ཆེན་གཡང་གཞི་རྒྱུ་མའི་དོ་ཤལ་གྱིས། །མྱུར་མཛད་༝། །རྫུ་འཕྲུལ་ཤུགས་འཆང་རྟ་མཆོག་གློག་ལྟར་འགྱུ། །གཡག་རོག་ཞོལ་ཆེན་ལུག་ནག་སྤྱི་དཀར་དང༌། །བྱ་ནག་གསེར་མིག་ལིང་ལིང་གཡོ་བ་འདིས། །མྱུར་མཛད་༝། །དོམ་ལྟར་རྔམ་པའི་ཁྱི་ནག་འདུར་ཞིང་རྒྱུག །བྱ་རོག་རྒྱལ་མཚན་གཡབ་དར་ནག་པོ་དང༌། །རྟེན་གཏོར་བསྐང་གཏོར་དུས་གཏོར་གཉན་པོ་ཡིས། །མྱུར་མཛད་༝། །གྲི་སྙིང་མདའ་དར་སྲོག་འཁོར་བླ་རྡོ་དང༌། །རིམ་གཉིས་བཟླས་བརྗོད་གསང་བའི་བྲིས་སྐུ་སོགས། །ཕྱི་ནང་གསང་བའི་རྟེན་རྫས་ཅི་མཆིས་


GTD008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པས། །མྱུར་མཛད་༝། འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ཉི་ཟླ་ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན་ཆེན་གྱིས། །མྱུར་མཛད་༝། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་བསྟན་ཀྱང༌། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག་ཉིད་དུ། །ཡིད་ཆེས་རྩེ་གཅིག་དད་པའི་གསོལ་འདེབས་ཀྱིས། །མྱུར་མཛད་མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་ཤིང་ཉམས་ཆག་སོས་གྱུར་ནས། །བར་ཆད་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས། །བཟློག་པ་ནི། ཧཱུཾ། ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །ལྷ་ཆེན་མགོན་པོ་འཁོར་བཅས་ཀྱིས། །ཞེས་པ་ནས། ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ །ཧཱུཾ་མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་སྩལ་ཏུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས། །མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་མདོག་དམར་པོ་ཕྱག་གཡས་ཐོད་པའི་ཅང་ཏེའུ་ནམ་མཁའ་ལ་ཁྲོལ་ལོ་ལོ་འཁྲོལ་ཞིང། ཕྱག་གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། སྤྱན་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་གསུམ་ཐམས་ཅད་དབང་དུ་སྡུད་ནུས་པ་ཞིག་བཞུགས། མགོན་པོའི་དཔྲལ་བའི་སིནྡྷུ་རའི་སྟེང་དུ་ཡི་གེ་ཧྲཱིཿ དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ་


GTD008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡས་བསྐུམས་ཤིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་དམར་སྒོར་སྒོར་གར་མཛད་པ་བཅུ་གསུམ་དུ་གྱུར། བླ་མའི་སྐུ་ལས་འོད་ཟེར་དམར་ལ་སྨུག་པ་འཕྲོས། མགོན་པོ་དང་མཁའ་འགྲོ་མ་རྣམས་ལ་ཕོག་པས་མཁའ་འགྲོ་མ་རྣམས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་དང༌། མགོན་པོ་ཡང་ཌཱ་མ་རུ་དང་གཡེར་ཁའི་སྒྲ་སྒྲོག་ཅིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས། ཞལ་ནས་ཧ་ཧའི་གད་རྒྱངས་སྒྲོག་ཅིང་གར་མཛད་པས་མགོན་པོ་དང་མཁའ་འགྲོ་མ་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཁམས་གསུམ་ཐམས་ཅད་ཁྱབ་པར་འཕྲོས་པས། སེམས་ཅན་ཐམས་ཅད་དབང་དུ་འདུས། དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་པར་གྱུར། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵི་ཏྲཱ་བིགྷྣན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ཎེ། ཨེཥ་ཨ་པཥྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀ་རཱི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱཾ། སྨ་ར་སི། ཏ་ད་ཨི་ད་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར༌། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། བྷྱོཿ མ་མོ་ནག་མོ་བེཏྟཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་མཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུཾ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཊཀྐི་རཱ་ཛཱ་ས་མ་ཡ་བྷྱོཿ ཧཱུཾ་ཕཊ། ཨོཾ་དུ་ཡཀ་ཛ་མཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ། ཡིག་བརྒྱས་ལྷག་ཆད་བསྐང་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ། ཨཱཿ


GTD008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་གི་ཕྱོགས་བཞི་དང་དབུས་སུ་བྷྲུཾ་ཨཾ་ཛྲིཾ་ཁཱཾ་ཧཱུཾ་ལས་ཤ་ལྔ། མཚམས་བཞི་དང་དབུས་སུ་ལཾ་མཱཾ་པཾ་ཏཱཾ་བཾ་ལས་བདུད་རྩི་ལྔ། དེ་དག་གི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གཡོས་མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་ཨོཾ་དང་ཧཱུཾ་ལ་ཕོག །ཨོཾ་ལས་བདུད་རྩིའི་རྒྱུན་བབས། ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་དང་ལྷན་ཅིག་ཏུ་རྡོ་རྗེ་ཟླ་བ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བས་རོ་མཉམ་དུ་གྱུར་ཏེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པའི་འོད་ཀྱི་སྦུ་གུས་གཏོར་མ་རྔུབས་ཏེ་གསོལ་བས་ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ཚིམ་པར་གྱུར། ཧཱུཾ་རིང་པོ་དྲུག་བརྗོད་དེ། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་མགོན་པོ་དང༌། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཏྲཀ་རཀྨོ་བ་ལིཾ་ཏ་མཾ་ས་རཀྟ་རུ་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་གྱིས་ལྷ་མོ་དང། གནོད་སྦྱིན་བཞི་ལ་རང་རང་གི་སྔགས་ཀྱི་མཇུག་ཏུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་གསུམ་གྱིས་དབུལ། ཤཱ་ས་ནའི་མཇུག་ཏུ་བ་ལིཾ་ཏ་བཏགས་པ་གསུམ་གྱིས་


GTD008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྒྱ་མཚོའི་ཚོགས་གཞན་སྤྱི་ལ་དབུལ། ཨོཾ་ཤྲཱི་མཧཱ་ཀཱ་ལཱ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་༝། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཨོཾ་ཨཱཿ ཧཱུཾ། བྷྱོཿ མ་མོ་ནག་མོ༌༝ཁཱ་ཧི་ཨོཾ་ཨཱཿ ཧཱུཾ། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུཾ་ཕཊ་ཨོཾ་ཨཱཿ ཧཱུཾ། ཞེས་པ་ནས། ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཨོཾ་ཨཱཿ ཧཱུཾ། བླ་མ་མགོན་པོ་འཁོར་བཅས་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་སྨོད་པ་དང། །ཐེག་པ་ཆེན་པོ་སུན་འབྱིན་དང༌། །བསྟན་པ་འཇིག་དང་དབྱེན་བྱེད་དང༌། །བླ་མའི་སྐུ་ལ་བསྡོ་བ་དང༌། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཨ་མཱུ་ཀ་མཱ་ར་ཡ་ཕཊ། མཁའ་འགྲོ་སྤྱི་གཏོར་དང་གཞི་བདག་གཏོར་མ་བསྔོ། བསྟོད་པ་ནི། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་བ་ཕྲེང་བ་འཛིན། །ཐ་མ་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་ནི་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །


GTD008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པ་དང། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང། །ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་ཏུ་གསོལ། །བྷྱོཿ དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་ཅིག་རེ་མ་ཏཱི། །ལུས་སྲོག་འབེམ་དུ་བཙུགས་ནས་ཁྱོད་བསྒྲུབས་ན། །བསྟེན་པའི་ཚེ་ན་མ་ཅིག་སྙིང་མ་རིང༌། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་བསྒྲུབས་ན། །བསྐུལ་བའི་ཚེ་ན་མ་ཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་པའི་ཚེ་ན་མ་ཅིག་མཐུ་མ་ཆུང༌། །ཁྱོད་ཀྱི་གཡོག་ནི་མི་བསྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །མ་ཅིག་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་བཟློག་པ་དང། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །ཧཱུཾ། དཔལ་ལྡན་མགོན་པོའི་ཤར་གྱི་བཀའ་ཉན་པ། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ལས་མཛོད་ཅིག །དཔལ་ལྡན་མགོན་པོའི་ལྷོ་ཡི་བཀའ་ཉན་པ། །དབང་ཕྱུག་ཛི་ན་མི་ཏྲ་ལས་མཛོད་ཅིག །དཔལ་ལྡན་མགོན་པའི་ནུབ་ཀྱི་བཀའ་ཉན་པ། །གཤིན་རྗེ་ཌཀྐི་རཱ་ཛ་ལས་མཛོད་ཅིག །དཔལ་ལྡན་མགོན་པོའི་བྱང་གི་བཀའ་ཉན་པ། །བདུད་མགོན་ཏྲཀྴད་ནག་པོ་ལས་མཛོད་ཅིག །ཧཱུཾ། དཔལ་ལྡན་མགོན་པོའི་


GTD008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་ཕོ་ཉའི་ཚོགས། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཀྐི་རཱ་ཛ་ཏྲཀྴད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིས་མགོན་པོའི་ཚོགས། །དམ་ཅན་རྒྱ་མཚོའི་སྲུང་མ་ཁྱེད་རྣམས་ཀྱིས། །བྱིན་གྱིས་བརླབས་པའི་གཏོར་མ་འདི་བཞེས་ལ། །བླ་མ་མགོན་པོའི་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་སྲུང་ཞིང་སྐྱོང་བ་དང༌། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྡང་ཞིང་གདུག་པའི་སེམས་འཆང་དགྲ་བགེགས་ཀུན། །མ་ལུས་རྡུལ་ཕྲན་བཞིན་དུ་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་སྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་བར་མཛོད། །མཇུག་གི་མཆོད་བསྟོད། ལྷག་ཆད་ཁ་བསྐང་བ། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ། བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་སོགས་དཀྱུས་ལྟར་བྱའོ། །སྨྲས་པ། མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །སྒྲུབ་ཐབས་སྙིང་པོར་དྲིལ་བའི་དགེ་བའི་མཐུས། །འདི་ཕྱི་བར་དོའི་འཇིགས་ཚོགས་ལས་གྲོལ་ཏེ། །བླ་མ་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་བློ་བཟང་ཤེས་རབ་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། མགོན་པོའི་རྒྱུན་འཁྱེར་མདོར་བསྡུས་བྱ་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང་ལ། རང་ཉིད་རྡོ་རྗེ་འཇིགས་བྱེད་སྐུར་བཞེངས་པའི། །མདུན་དུ་ཨཱཿ ལས་མཚན་ལྡན་ཀ་པཱ་ལར། །དམ་རྫས་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །སྦྱངས་རྟོགས་སྦར་བྱས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿ ཧཱུཾ། ལན་གསུམ། མདུན་དུ་པད་ཉི་ཚོགས་ཀྱི་བདག་པོའི་སྟེང། །


GTD008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ། །གྲི་ཐོད་མགོ་འཕྲེང་རྩེ་གསུམ་ཌཱ་མ་རུ། །ཞགས་པ་འཛིན་ཅིང་བརྐྱང་བསྐུམ་གར་གྱིས་བཞུགས། །སྦྲུལ་དང་རུས་པའི་རྒྱན་སྤྲས་སྟག་ཤམ་གསོལ། །དཔལ་ལྡན་ལྷ་མོ་གནོད་སྦྱིན་བཞི་ལ་སོགས། །འཁོར་ཚོགས་དང་བཅས་གནས་རྣམས་འབྲུ་གསུམ་གྱིས། །མཚན་པའི་ཧཱུཾ་ཡིག་འོད་ཀྱིས་དུར་ཁྲོད་ཆེ། །བསིལ་བ་ཚལ་ནས་མགོན་པོ་འཁོར་དང་བཅས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །ཆོས་དབྱིངས་ངང་ལས་གཡོ་བ་མེད་བཞིན་དུ། །མ་རུངས་གདུལ་ཕྱིར་ཁྲོ་བོའི་གར་མཛད་པ། །མྱུར་མཛད་མགོན་པོའི་ཞབས་ལ་ཕྱག་འཚལ་ཞིང༌། །ཕྱི་དང་ནང་གི་མཆོད་ཚོགས་མ་ལུས་འབུལ། །དེ་ཡི་སྤྱི་བོར་རྩ་བའི་བླ་མ་ལ། །དངོས་བརྒྱུད་འདྲེན་པ་ཀུན་གྱིས་བསྐོར་བ་རྣམས། །འོད་དུ་འབར་བས་མགོན་པོ་འཁོར་བཅས་དང༌། །འདྲེས་ཏེ་བླ་མགོན་དབྱེར་མེད་བདག་ཉིད་གྱུར། །བདག་སོགས་ནམ་མཁའི་མཐས་གཏུགས་འགྲོ་བ་ཀུན། །རྩ་བརྒྱུད་བླ་མ་ཀུན་དང་མྱུར་མཛད་མགོན། །དབྱེར་མེད་ངོ་བོར་སྙིང་ནས་གསོལ་འདེབས་ན། །གནས་འདིར་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །སླར་ཡང་ཞི་བའི་མདངས་ལྡན་བླ་མ་ཡིས། །རྒྱས་བཏབ་རྡོ་རྗེ་གསུམ་གྱི་ལྷ་ཡི་ཚོགས། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་ཉམས་ཆག་དང༌། །སྒོ་གསུམ་ཉེས་པ་མ་ལུས་བྱང་བར་གྱུར། །གྲིབ་སེལ་གྱི་མན་ངག་དང་བཅས་ཡིག་བརྒྱ་མང་དུ་བཟླ། མུན་པའི་ཁྲོད་ན་རྒྱུ་བའི་སྤྱོད་པ་བཞིན། །སྒོ་གསུམ་བགྱི་བ་ལོག་པར་གྱུར་པ་ཀུན། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་མཐོལ་ཕྱེད་ན། །སྒྲིབ་བྲལ་ཆོས་ཀྱི་དབྱིངས་སུ་དག་པར་མཛོད། །ལྷུན་གྲུབ་བདེ་ཆེན་རོལ་


GTD008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི། །ཕྱི་ནང་གསང་བ་དེ་ཉིད་མཆོད་པའི་སྤྲིན། །མ་ཚང་མེད་པས་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་བསྐངས་ཤིང་ཉམས་ཆག་སོས་གྱུར་ཅིག །གྲི་ཐོད་འཕྲེང་བ་རྩེ་གསུམ་ཌཱ་མ་རུ། །ཞགས་པ་ཞིང་ཆེན་གླང་ལྤགས་མགོ་འཕྲེང་དང༌། །སྟག་ཤམ་རུས་པའི་རྒྱན་དྲུག་སོགས་འབུལ་གྱི། །བཞེས་ནས་རྒྱལ་བའི་བསྟན་པ་རྒྱས་པར་མཛོད། །མདོར་ན་བླ་མ་མགོན་པོ་འཁོར་དང་བཅས། །ཟག་མེད་མཆོད་ཚོགས་རྒྱ་མཚོ་དགྱེས་བཞེས་ཏེ། །ཕྱི་དང་ནང་གི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །བླ་མ་འཁོར་ལོའི་དབང་ཕྱུག་གཟི་བྱིན་གྱིས། །གནས་གསུམ་ཌཱ་ཀིའི་ཚོགས་རྣམས་བསྐུལ་བ་ཡིས། །བརྟན་གཡོའི་དངོས་པོ་ཀུན་ལ་དབང་བསྒྱུར་ཏེ། །ཕུན་ཚོགས་འདོད་དགུ་ཆར་དུ་བསྙིལ་བར་མཛོད། །ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླ། དམིགས་རིམ་དང་བཅས་བཟླས་པ་བྱ་བ་ནི། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་མགོན་པོའི་སྙིང་པོ་ལ་བསྙེན་པ་བྱ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ཎེ། ཨེ་ཁ་ཨ་པཥྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རཱིཎཱ། ཡ་ཏི་པྲ་ཏི་ཛྙཱཾ། སྨ་ར་སི། ཏ་ད་ཨི་དཾ་དུཥྚ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར༌། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་རྩ་སྔགས་མང་དུ་བཟླ། འཁོར་རྣམས་ཀྱི་སྔགས་ནི། བྷྱོ་མ་མོ་ནག་མོ་བེ་ཏཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་མཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༌། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུཾ་ཕཊ། ཨོཾ་ཛི་ན་


GTD008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏྲ་ཝ་ཤཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་ཊཀྐི་རཱ་ཛ་ས་མ་ཡ་བྷྱོཿ ཧཱུཾ་ཕཊ། ཨོཾ་དུ་ཡཀ་ཛ་མཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ། ཅེས་པ་རྣམས་ཅི་རིགས་བཟླ། ཡངས་ཤིང་རྒྱ་ཆེ་མཚན་ལྡན་ཐོད་པའི་ནང༌། །ཤ་ལྔ་བདུད་རྩི་ལྔ་སོགས་རྫས་རྣམས་ཀུན། །སྦྱངས་རྟོགས་སྦར་བྱས་བདུད་རྩིའི་རྒྱ་མཚོ་ཆེ། །མགོན་པོ་འཁོར་དང་བཅས་པས་དགྱེས་པར་རོལ། །ཟག་མེད་བདེ་བའི་མཆོག་སྦྱིན་གཏོར་མའི་ཚོགས། །དགྱེས་བཞིན་བཞེས་ནས་བསྟན་དང་བསྟན་འཛིན་ཀུན། །བརྩེ་བས་སྐྱོང་ཞིང་མཆོག་ཐུན་དངོས་གྲུབ་ཀྱི། །དགའ་སྟོན་ཟད་མི་ཤེས་པའི་དགེ་ལེགས་སྩོལ། །ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ཞེས་པ་ནས། ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་ཏུ་གསོལ། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །སྣང་སྟོང་སྒྱུ་མའི་རྣམ་འཕྲུལ་སྲིན་པོའི་སྐུར། །བཞེངས་ཏེ་བསྟན་དང་བསྟན་འཛིན་སྐྱོང་མཛད་པ། །ལྷ་ཆེན་ནག་པོ་འཁོར་དང་བཅས་ལ་བསྟོད། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ནམ་ཡང་མི་འབྲལ་བདག་གི་མགོན་མཛད་དེ། །ཡང་དག་ལམ་གྱི་འགལ་རྐྱེན་ཀུན་སེལ་ཞིང༌། །འདོད་དོན་མ་ལུས་འགྲུབ་པའི་སྡོངས་གྲོགས་མཛོད། །ཡིག་བརྒྱ་ལན་གསུམ་བཟླ་ཞིང་བཟོད་གསོལ་བྱ། བླ་མ་མགོན་པོ་དབྱེར་མེད་ལ། །སོགས་དང༌། མགོན་པོ་བླ་མ་དབྱེར་མེད་ལ། །ཞེས་སོགས་གདུང་ཤུགས་དྲག་པོས་ལན་གསུམ་མམ་ལྔའམ་བདུན་བརྗོད། དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །ཅེས་པ་ནས། མྱུར་མཛད་མགོན་པོས་གཡེལ་མེད་སྒྲུབ་གྱུར་ཅིག །རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་


GTD008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བྱའོ། །བླ་མ་ཡི་དམ་ཆོས་སྲུང་ཐམས་ཅད་དང། །ཁྱད་པར་མྱུར་མཛད་སྤྱན་རས་གཟིགས་དབང་གི །ཐུགས་རྗེ་བདེན་པས་མཁའ་མཉམ་བསྟན་འགྲོ་ཡི། །ལེགས་ཚོགས་མ་ལུས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཨུ་ཅུ་མུ་ཆིན་ཤོག་ནས་རབ་འབྱམས་པ་ཆོས་སྐྱབས་ཀྱིས་འདི་ལྟ་བུ་ཤིན་ཏུ་བསྡུས་པ་ཞིག་དགོས་ཞེས་བསྐུལ་བ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་བཛྲ་བྷཻ་ར་ཝཱ་ཡ། དེའང་རྗེ་བཙུན་མཻ་ཏྲི་པ་ཆེན་པོའི་གསུང་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོ་འདི་ཉིད་ཀྱིས་འཕྲིན་ལས་ཀྱི་ནུས་པ་དང་ལྡན་པར་བྱའོ། །ཞེས་གཤིན་རྗེའི་གཤེད་ཀྱི་སྒོ་ནས་ཆོས་སྐྱོང་གཟི་བྱིན་བསྐྱེད་པར་བྱས་ན་ཕ་རོལ་གྱི་བྱད་ཕུར་དང་ཟློག་པ་སོགས་གང་གིས་ཀྱང་མི་ཚུགས་པས་སྟོབས་ཆེ་བར་ཁྱུང་པོའི་ཡིག་ཆུང་སོགས་ལས་གསུངས་ལ། བདག་བསྐྱེད་གཤིན་རྗེའི་གཤེད་ལ་བྱེད་པ་དང་དེའི་སྒོ་ནས་གཟི་བྱིན་བསྐྱེད་པ་འབྲེལ་ཚུལ་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་པ་ལ་དཔག་ན་མན་ངག་འདི་ཆོས་རྒྱལ་ལྟ་བུ་ལ་ལྷག་པར་ཡང་རིགས་འགྲེ་སྦྱར་ཆོག་པར་མངོན། བྱེད་པའི་མཚམས་ཀྱང་བཟླས་པ་དངོས་གཞིའི་མགོར་བྱེད་པར་གསུངས་པས། ན་ར་ཀྲིཾ་ཀྲིཾ་གི་བཟླས་པ་ཟིན་པ་དང༌། ཡེ་ཤེས་ཀྱི་མགོན་པོའི་སྤྱི་བོར་ཧཱུཾ་ཡིག་མཐིང་ནག་མེ་འོད་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་མཐུ་སྟོབས་ནུས་པ་མ་ལུས་པ་ཁྲོ་བོའི་ཚོགས་ནམ་མཁའ་གང་བའི་རྣམ་པར་སྤྱན་དྲངས་ཏེ་ཧཱུཾ་ལ་ཐིམ། ཧཱུཾ་དེ་ཉིད་མགོན་པོའི་སྤྱི་བོ་ནས་ཞུགས་ཏེ་ཐུགས་ཀར་སླེབ་པ་


GTD008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཁྲོ་བོ་གཤིན་རྗེའི་གཤེད་ཤིན་ཏུ་དྲག་ཅིང་རྔམ་པར་གྱུར། དེ་དང་གཉིས་ཀ་དབྱེར་མེད་དུ་འདྲེས་པས་འཇིག་རྟེན་གསུམ་ན་ང་ལས་ནུས་པ་ཆེ་བ་མེད་སྙམ་དུ་དགོངས་ཤིང་མཐུ་སྟོབས་དང་གཟི་བརྗིད་འབར་བས་ཁམས་གསུམ་ཟིལ་གྱིས་གནོན་པ། སྔགས་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་བཞིན་དུ་སྒྲོགས་ཤིང་འཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་གྱུར་པར་བསམས་ལ་བཟླས་པ་བྱ། ཆོས་རྒྱལ་དང་གཉིས་ཀ་ལ་བྱེད་ན་ཡེ་ཤེས་ཀྱི་མགོན་པོ་སོགས་ཀྱི་སྤྱི་བོར་ཞེས་སྦྱོར་ཞིང༌། ཆོས་རྒྱལ་གཅིག་པུ་ལ་བྱེད་ནའང་དེའི་བཟླས་པའི་འགོར། དམ་ཅན་ཆོས་ཀྱི་རྒྱལ་པོའི་སྤྱི་བོར་ཧཱུཾ་ཡིག །ཅེས་སྐབས་དང་སྦྱར་བས་ཆོག་གོ །ཞེས་པ་འདིའངྋསྐྱབས་མགོན་མཆོག་གི་བཀའ་ལུང་སྤྱི་བོས་མནོས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་བྲིས་པའོ། །༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་བསྐྱེད། ཧྲཱིཿ ཥྚྲཱིཿ ས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པད་ཉི་མ་ཧེའི་གདན་ལ་ཡ་ལས་ཐོད་དབྱུག་ཡས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་དམ་ཅན་ཆོས་ཀྱི་རྒྱལ་པོ་མ་ཧེ་ཁྲོས་པའི་ཞལ་ཅན། གཡས་པས་ཐོད་དབྱུག་འཕྱར་ཞིང༌། གཡོན་པས་དུས་ཀྱི་ཞགས་པ་འཛིན་པ། གཅེར་བུ་སྦོམ་ཞིང་ཐུང་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་གཡོན་ཕྱོགས་སུ་ཙཾ་དང་རྩེ་གསུམ་ལས་ཙཱ་མུཎྜི་ནག་མོ་རྩེ་གསུམ་དང་ཐོད་ཁྲག་འཛིན་པ། ཕོ་བརྒྱད་མོ་བརྒྱད་ལ་སོགས་པ་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་སྤྱི་བོར་


GTD008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལས་ཀྱི་གཤིན་རྗེ་འཁོར་བཅས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་གཤིན་རྗེའི་གཤེད་རིགས་ལྔ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར། དེའི་ངོ་བོ་ཁྲོ་བོའི་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། སོགས་ཀྱིས་མཆོད། ཨོཾ་ཨཱཿ ཧཱུཾ་བཏགས་ལ་ནང་མཆོད་དབུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་དུ་སྤྱན་དྲངས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་བསམས་ལ་ཡིག་བརྒྱ་བཟླ། ཧཱུཾ། བླ་མ་ཡི་དམ་ཆོས་ཀྱི་རྒྱལ་པོའི་ཚོགས། །ཁྱེད་རྣམས་ཐུགས་དང་འགལ་བགྱིས་ནོངས་པ་ཀུན། །ཤུགས་དྲག་འགྱོད་པའི་ཡིད་ཀྱིས་མཐོལ་བགྱིད་ན། །བརྩེ་ཆེན་ཐུགས་རྗེའི་སྟོབས་ཀྱིས་བྱང་གྱུར་ཅིག །དགྱེས་པ་སྐྱེད་བྱེད་ཕུལ་བྱུང་མཆོད་པའི་སྤྲིན། །ཁྲག་གི་མཆོད་ཡོན་ཉེར་སྤྱོད་རོལ་མོའི་སྒྲ། །སྣ་ཚོགས་སྤྱན་གཟིགས་གོ་མཚོན་གཏོར་མ་སོགས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་ཡིས། །ཆོས་ཀྱི་རྒྱལ་པོ་ཡུམ་ཆེན་ཙཱ་མུཎྜི། །འཁོར་ཚོགས་རྒྱ་མཚོར་བཅས་པའི་ཐུགས་དམ་བསྐང༌། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ལེགས་ཚོགས་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །ཕ་རོལ་མི་བསྲུན་གདུག་པའི་བསམ་སྦྱོར་སོགས། །མི་འདོད་ཉེར་འཚེའི་རིགས་རྣམས་མ་ལུས་པ། །དམ་ཅན་རྒྱ་མཚོའི་དཔུང་གིས་ཕྱིར་བཟློག་སྟེ། །ལས་བཞིའི་འཕྲིན་ལས་


GTD008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་མེད་སྒྲུབ་པར་མཛོད། །ཨོཾ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨོཾ་ཙཱ་མུཎྜི་ཧཱུཾ་ཕཊ། ཅེས་བཟླས། ཡིག་བརྒྱ་འདོན། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། སྔགས་ཀྱི་མཇུག་ཏུ་བ་ལིཾ་ཏ་བཏགས་པས་གཏོར་མ་དང༌། མཆོད་པ་དང་ནང་མཆོད་དབུལ། རབ་འབྱམས་བདེ་གཤེགས་འཁོར་ལོའི་ཡེ་ཤེས་དང༌། །དབྱེར་མེད་དབྱིངས་ཀྱི་མཁའ་ལས་སྣང་སྟོང་གཟུགས། །གཏུམ་དྲག་ཚ་ཟེར་སྟོང་འབར་ཉི་མའི་བུ། །སྲིད་གསུམ་སྐྱེ་དགུའི་སྲོག་བདག་ཁྱོད་ལ་འདུད། །མུན་པ་མི་བཟད་འཇིགས་པའི་གཟུགས་འཆང་ཞིང༌། །དུས་ཀྱི་སྡང་མིག་ཡོན་པོ་གློག་ལྟར་གཡོ། །གད་རྒྱངས་དྲག་པོས་སྡིག་ཅན་མཐར་བྱེད་པ། །གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བློ་བཟང་རྒྱལ་བའི་ལུང་རྟོགས་དམ་ཆོས་ཀུན། །འཛིན་སྐྱོང་སྤེལ་བའི་འགལ་རྐྱེན་ཀུན་ཞི་ཞིང། །འདོད་དོན་ཡིད་བཞིན་འགྲུབ་པའི་སྡོངས་གྲོགས་མཛོད། །ཨོཾ་ཨཱཿ ཧཱུཾ་མུ་ཆོས་ཀྱི་རྒྱལ་པོ་འཁོར་བཅས་རང་གནས་སུ་གཤེགས་པར་བསམས་ལ། རྣམ་དག་བསམ་པས་ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་ཨ་རོ་ཧོར་ཆིན་ཤོག་ནས་དགེ་ཚུལ་བློ་བཟང་འཇིགས་མེད་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བླ་མ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རྒྱལ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །འཇམ་དཔལ་རྡོ་རྗེ་ཁྲོ་བོའི་ཟློས་གར་གྱི། །རྗེས་ཞུགས་དམག་ཟོར་རྒྱལ་མོའི་ཞབས་པད་ལ། །


GTD008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་བཏུད་ནས་སྒྲུབ་ཐབས་མདོ་ཙམ་བྲི། །དེ་ཡང་དཔལ་ལྡན་ལྷ་མོའི་བསྒོམ་བཟླས་མདོར་བསྡུས་ཉམས་སུ་ལེན་པར་འདོད་པས། བྲིས་འབུར་གྱི་སྐུ་དང་མཆོད་གཏོར་ལེགས་པར་བཤམ། སྐྱབས་སེམས་དང་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་བཏང༌། དངོས་གཞི་ལ། ཧྲཱིཿ ཥྚྲཱིཿ ས་བསང། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་མི་མགོའི་ལྦུ་བ་འཁྲིགས་པའི་ཁྲག་མཚོ་ཞག་གི་རྦ་རླབས་གཡོ་བའི་དབུས་སུ་ཁམ་ནག་རླུང་དམར་འཚུབ་མའི་ནང་དུ་དྲེའུ་གྭ་པའི་སྟེང་དུ་བྷྱོཿ ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་མདོག་ནག་མི་སྡུག་སྲིན་མོའི་གཟུགས་ཅན། གཡས་པ་རྡོ་རྗེའི་བེ་ཅོན་འཕྱར་ཞིང༌། གཡོན་པས་ནལ་ཐོད་ཐུགས་ཀར་འཛིན་པ། བརྒྱ་ཕྱེད་ཁྲག་འཛག་མགོ་ཕྲེང་མགུལ་པར་འཕྱང་ཞིང། ལྔ་ཕྲག་ཐོད་པ་སྐམ་པོའི་དབུ་རྒྱན་ཅན། དམར་བའི་སྤྱན་གསུམ་སྡང་མིག་གཡོ་ཞིང་རྣོན་པོའི་མཆེ་བ་བཞི་གཙིགས་པ། ནད་རྐྱལ་ལ་སོགས་པ་དགྲ་བོ་འཇོམས་པའི་ཆས་སྣ་ཚོགས་འཛིན་ཅིང་གདུག་པའི་འཁོར་ཚོགས་རྒྱ་མཚོས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བྱང་ཤར་མུ་ལེ་ཏིང་གི་ཁྲག་མཚོ་ནས་དཔལ་ལྡན་ལྷ་མོ་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །འཁོར་དང་བཅས་པ་མ་ལུས་པ། །སྔོན་གྱི་དམ་ཚིག་ཉེར་དགོངས་ལ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨེ་ཨཱ་ར་ལི་


GTD008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིཾ་ཧྲིཾ་ཛཿ ཛཿ ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་པ། །ནག་མོའི་གཙོ་མོ་དྲེའུ་རྟ་ཆིབས། །འདིར་བྱོན་དྲེའུ་རྟའི་གདན་ལ་བཞུགས། །ཛཿ ཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་ལྷ་རྣམས་སྤྱན་དྲངས་ཏེ། དབང་གི་ལྷས་དབང་བསྐུར། རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར། བྷྱོཿ དངོས་བཤམས་ཡིད་ཀྱིས་སྤྲུལ་བ་ལས་བྱུང་བའི། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་དགྲ་མ་ལུས་བརླག་པར་མཛོད། །ཨོཾ་ཀཱ་ལི་དཱེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ། རཱུ་པ། ཤཔྟ། གནྡྷེ། ར་ས། སྤར་ཤ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཨོཾ་མཆོད་དོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། དཔལ་ལྡན་དམག་ཟོར་རྒྱལ་མོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། གདུག་པའི་འཁོར་ཚོགས་རྒྱ་མཚོའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཞེས་ནང་མཆོད་འབུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ། ཡིག་བརྒྱ་བཟླ། དེ་ནས། བྷྱོཿ རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་རྣམས། །དངོས་གྲུབ་ཀུན་གྱི་རྩ་བར་མ་མཐོང་བས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་རྣམས། །འགྱོད་པའི་གདུང་བ་དྲག་པོས་སོ་སོར་བཤགས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་ལ་ཡང༌། །བསྙེན་སྒྲུབ་གཡེལ་ཞིང་མཆོད་གཏོར་ཆག་པ་དང༌། །དམ་ཉམས་གྲིབ་ཕོག་དམ་རྫས་སྦགས་པ་སོགས། །ཐུགས་དང་འགལ་བ་གང་བགྱིས་མཐོལ་ལོ་བཤགས། །མདོར་ན་བཟང་ངན་སྤྲོས་


GTD008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་བྲལ་བ། །ཆོས་ཀྱི་དབྱིངས་ལ་ནོངས་པ་མ་མཆིས་ཀྱང༌། །ཀུན་རྫོབ་འཁྲུལ་སྣང་སྒྱུ་མའི་རོལ་པ་ཀུན། །རྡོ་རྗེ་གསུམ་གྱི་ཐུགས་རྗེས་བྱང་གྱུར་ཅིག །བྷྱོཿ རྣམ་ཀུན་མཆོག་ལྡན་ལྷ་ཡི་རྫིང་རིང་ངོས། །སྔགས་དང་ཏིང་འཛིན་འབྱུང་བཞིའི་འདུ་འབྲལ་ལས། །ལེགས་འོངས་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པས། །མ་ཅིག་འཁོར་བཅས་དགྱེས་པ་སྐྱེད་གྱུར་ཅིག །སྙིང་ཁྲག་དྲོན་མོའི་མཆོད་ཡོན་ལྦུ་བ་འཁྲིགས། །དབང་པོ་ལྔ་ཡི་མེ་ཏོག་ཚར་དུ་དངར། །གསུར་ཆེན་དུད་པ་བཻ་ཌཱུར་མཆོད་སྡོང་བཞིན། །འོད་གསལ་སྒྲོན་མེ་ཉི་ཟླའི་རྗེས་འགྲོ་ཞིང༌། །ཞག་དང་མཁྲིས་པའི་དྲི་ཆབ་རྒྱ་མཚོར་འཁྱིལ། །ཤ་དང་རུས་པའི་ཞལ་ཟས་ལྷུན་པོར་སྤུངས། །རྔམ་བརྗིད་དར་དབྱངས་དྲག་པོའི་སྒྲ་སྒྲོགས་པས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས། །སྤྲིན་གྱི་ཤུགས་འཆང་རྟ་ནག་རླུང་ལྟར་འཕྱོ། །མི་བསྲུན་གཡག་རྒོད་རྡོ་རྗེའི་རྭ་རྩེ་གདེངས། །ལུག་ནག་སྤྱི་དཀར་ཤ་རྒྱས་སྤུ་སྡུག་འཇོལ། །བྱ་ནག་གཤོག་འཛིངས་གར་གྱིས་ལྷ་ལམ་འགེངས། །དོམ་ནག་མཆེ་གཙིགས་དགྲ་བོའི་སྲོག་ལ་རྔམས། །རྡོ་རྗེའི་གོ་ཁྲབ་སྣ་ཚོགས་མཚོན་ཆ་དང༌། །རྨ་བྱའི་གདུགས་མཛེས་འཚུབ་མའི་གུར་ཁང་འདིས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས། །དྲེའུ་རྐྱང་སེར་སྲིན་པོའི་ཐོད་སྒ་ཅན། །ལྤགས་པའི་གདན་བྱས་སྦྲུལ་གྱི་གོང་རྨེད་ལ། །ནད་རྐྱལ་ཤོ་རྡེ་ཚོན་དྲུ་བྱང་དམར་སོགས༌། །དགྲ་བགེགས་འཇོམས་པའི་ཆས་ཀྱིས་མཚན་པ་འདིས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས། །


GTD008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བེ་ཅོན་ནལ་ཐོད་ཁྲམ་ཤིང་དང༌། །ཐོད་སྐམ་དབུ་རྒྱན་མི་མགོ་ལྔ་བཅུའི་ཕྲེང༌། །ཟླ་ཉི་སྦྲུལ་སེང་སྙན་རྒྱན་རེ་བའི་གོས། །མི་ལྤགས་གཡང་གཞི་སྟག་ལྤགས་ཤམ་ཐབས་འདིས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་བསྙེགས། །སྲོག་སྔགས་འཁོར་ལོས་མཚན་པའི་མདའ་བོ་ཆེ། །གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན། །མི་ཕྱེད་གདུང་ཤུགས་དྲག་པོས་འབུལ་ལགས་ན། །དཔལ་ལྡན་ལྷ་མོ་འཁོར་བཅས་ཐུགས་དམ་བསྐངས། །ཐུགས་དམ་བསྐངས་ཤིང་ཉམས་ཆག་གསོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་ཏུ་གསོལ། །བྷྱོཿ ཆོས་སྐུ་ཡངས་པའི་ཕོ་བྲང་ནས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །ཞེས་སོགས་ཀྱིས་བཟློག་པ་བྱ། སྔགས་འཁོར་གསལ་བཏབ་སྟེ། བྷྱོཿ རཀྨོ་བྷྱོཿ རཀྨོ་བྷྱོཿ བྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རཀ་ཆེན་མོ་རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུཾ་བྷྱོཿ ཧཱུཾ། ཞེས་ཅི་མང་བཟླས་པའི་མཐར་ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཞེས་པའི་མཇུག་ཏུ་ཨརྒྷཾ་སོགས་བཏགས་པའི་མཆོད་པ་དང་། ཨོཾ་ཨཱཿ ཧཱུཾ་བཏགས་པས་ནང་མཆོད་འབུལ། བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །མཆོད་གཏོར་རྒྱ་མཚོ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །དགེ་འདུན་སྡེ་རྣམས་སྲུངས་ཤིང་སྐྱོངས། །རྣལ་འབྱོར་བདག་གི་མགོན་མཛོད་


GTD008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཕ་རོལ་དགྲ་བོ་མ་ལུས་པ། །ཐལ་བའི་རྡུལ་དུ་བརླག་པར་མཛོད། །བྷྱོཿ དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །མ་རུངས་འདུལ་ཕྱིར་སྲིན་མོ་ཁྲོས་པའི་གར། །མི་བཟད་གདུག་པའི་ཆོ་འཕྲུལ་མཐའ་ཡས་པས། །དམག་དང་ཟོར་གྱི་ལས་མཛད་ཁྱོད་ལ་བསྟོད། །སྐུ་མདོག་མཐིང་ནག་བཻ་ཌཱུའི་རི་བོ་ལ། །རབ་འབར་བསྐལ་པའི་མེ་ཡིས་འཁྱུད་པ་བཞིན། །སྤྱན་གསུམ་སྡང་མིག་བགྲད་པ་ཙམ་གྱིས་ཀྱང༌། །དགྲ་བགེགས་མ་ལུས་འཇོམས་མཛད་ཁྱོད་ལ་བསྟོད། །ཞལ་དཀྱིལ་ཆར་སྤྲིན་ནག་པོའི་ཀློང་ཡངས་ནས། །རོ་འཛིན་གློག་དམར་གཡོ་བའི་གར་དང་བཅས། །ཧ་ཧའི་གད་རྒྱངས་དྲག་པོས་བདུད་ཀྱི་སྡེ། །སྙིང་རྩ་ལྐོག་མར་འབྱིན་མཛད་ཁྱོད་ལ་བསྟོད། །མི་སྡུག་གཟུགས་སུ་བསྟན་ཡང་ཞི་བའི་ཐུགས། །ཆོས་དབྱིངས་བདེ་བའི་ངང་ལས་མི་གཡོ་བ། །ས་བཅུའི་དབང་ཕྱུག་རྣལ་འབྱོར་ཡོངས་ཀྱི་མ། །དངོས་གྲུབ་གཏེར་ཆེན་ཁྱོད་ལ་བདག་ཕྱག་འཚལ། །གཞན་ཡང་དཔལ་ལྡན་ལྷ་མོའི་བཀའ་ཉན་པ། །གདོང་ཅན་གཉིས་དང་དུས་ཀྱི་རྒྱལ་མོ་བཞི། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་སོགས། །དམ་ཅན་འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད། །དེང་ནས་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཕྱི་དང་ནང་གི་འགལ་རྐྱེན་ཀུན་ཞི་ཞིང༌། །ཚེ་བསོད་སྟོབས་འབྱོར་རྣམ་དཀར་བཤད་སྒྲུབ་སོགས། །ལེགས་ཚོགས་ཡར་ངོའི་ཟླ་བཞིན་རྒྱས་པར་མཛོད། །མདོར་ན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྩེ་གཅིག་གུས་པས་སྲུང་མར་ཁྱོད་བསྟེན་ན། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡིས། །


GTD008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་སྡོངས་གྲོགས་གཡེལ་བ་མེད་པར་མཛོད། །དེ་ནས་མཇུག་གི་མཆོད་བསྟོད་དང༌། ཡིག་བརྒྱས་ལྷག་ཆད་བསྐང་བ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་སོགས་དཀྱུས་བཞིན་བྱས་ལ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མའི། །བསྐང་འཕྲིན་མདོར་བསྡུས་སྙིང་པོར་དྲིལ་བ་འདི། །བཀོད་པའི་དགེ་བས་བདག་གཞན་འགྲོ་བ་ཀུན། །དམ་ཆོས་བསྒྲུབ་ལ་བར་ཆད་མེད་པར་ཤོག །ཅེས་ལྷ་མོའི་བསྐང་འཕྲིན་མདོར་བསྡུས་འདི་ནི་རིགས་ལམ་སྨྲ་བ་རབ་འབྱམས་པ་དཀོན་མཆོག་དངོས་གྲུབ་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇིགས་མེད་བསྟན་འཛིན་ནོ། །༈ ན་མོ་བཛྲ་པཱ་ཎ་ཡེ། མཆོད་གཏོར་ཁང་བརྩེགས་མ་སོགས་འདུ་བྱས། སྐྱབས་སེམས་སྔོན་དུ་བཏང་ལ། ཧྲཱིཿ ཥྚྲཱིཿ ས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་རིན་པོ་ཆེའི་གཞན་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་ཤིང༌། འཁོར་ས་གསུམ་དང་ལྡན་པ། ཁྲུས་ཀྱི་རྫིང་བུ། འདོད་འཇོའི་བ། གཏེར་བུམ། དཔག་བསམ་གྱི་ཤིང་ལ་སོགས་པས་སྤེལ་མར་བསྐོར་བའི་ནང་དུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་ཁང་བུ་བརྩེགས་པ་དགུ་ཡོད་པའི་དབུས་མའི་ནང་དུ་པད་ཟླ་ལ་བཻ་ལས་རྒྱལ་མཚན་བཻས་མཚན་པ། དེ་ལས་འོད་འཕྲོས། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ་ནས་དེ་དག་གི་བྱིན་རླབས་དང༌། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་མཐའ་དག་བསྡུས་ཏེ་བཻ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་ངལ་


GTD008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བསོས་པོ། སྐུ་མདོག་གསེར་བཙོ་མ་ལྟ་བུ། གཡས་རིན་པོ་ཆེའི་རྒྱལ་མཚན་དང༌། གཡོན་ནེའུ་ལེ་འཛིན་པ། སེང་གེ་དཀར་མོའི་སྟེང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། སྐུ་ལ་གསེར་ཁྲབ་གསོལ་བ། ནམ་མཁའ་མཛོད་ལ་མངའ་བརྙེས་པས་གཟི་བྱིན་རབ་ཏུ་རྒྱས་ཤིང༌། ཕྲག་གོང་གཉིས་སུ་ཉི་ཟླས་བརྒྱན་པ། ཕྱོགས་མཚམས་ཀྱི་ཁང་བརྩེགས་སོ་སོར་པད་ཟླའི་གདན་ལ། ཤར་དུ་ཛམྦྷ་ལ་སེར་པོ་རིན་པོ་ཆེ། ལྷོར་གང་བ་བཟང་པོ་སེར་པོ་བུམ་བཟང༌། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ། བྱང་དུ་ཀུ་བེ་ར་ནག་པོ་རལ་གྲི། ཤར་ལྷོར་ཡང་དག་ཤེས་སེར་པོ་གསེར་གྲི། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་མདུང༌། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་ཁང་བརྩེགས། བྱང་ཤར་དུ་པི་ཙི་ཀུཎྜ་ལི་དཀར་པོ་གྲི་ཕུབ་བསྣམས་པ། ཐམས་ཅད་ཀྱང་གཡོན་པས་ནེའུ་ལེ་འཛིན་ཞིང༌། རང་རང་གི་སྐུ་མདོག་དང་མཚུངས་པའི་རྟ་ལ་བཅིབས་པ། གཞན་ཡང་གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བྱང་ཕྱོགས་ལྕང་ལོ་ཅན་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། བཻ།ས་འཛིན་དབང་པོའི་བྱང་ཕྱོགས་ནས། །རིན་ཆེན་མང་སྤྲུལ་རྣམ་ཐོས་སྲས། །བློན་པོ་རྟ་བདག་བརྒྱད་ལ་སོགས། །འཁོར་དང་བཅས་པ་གཤེགས་སུ་གསོལ། །བཻ་ཤྲ་མ་ཎ་ཡེ་ཨ་ཀརྵ་ཡ་ཛཿ ཨོཾ་བཻ་སྭཱཧཱ།


GTD008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥཱིཉྩ་མཾ། ཀ་མ་ལ་དང་ཟླ་བའི་དཀྱིལ་འཁོར་དབུས། །ཁ་གདངས་མཆེ་གཙིགས་གདོང་ལྔ་འབར་བའི་སྟེང༌། །ག་ཤལ་ནོར་བུའི་རྒྱན་སྤྲས་ངལ་བསོས་པོ། །ང་རྒྱལ་སེར་སྣའི་དགྲ་འཇོམས་ཁྱོད་ལ་བསྟོད། །ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་པྲོཀྵ་ཎཾ། ཨརྒྷཾ། པཱདྱཾ། ཨཉྩ་མ་ནཾ། པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་པཉྩ་ཀ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། པཉྩ་ཀ་མ་གུ་ཎའི་གནས་སུ། ཨཥྚ་མངྒ་ལ་དང། མཧཱ་སཔྟ་རཏྣ་ཡང་བཅུག་སྟེ་དབུལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་ཡི་གེ་བརྒྱ་པ་བཟླ། རྒྱལ་ཆེན་རྣམ་མང་ཐོས་སྲས་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །ཕྱི་ནང་གསང་བའི་རྟེན་རྣམས་མ་བཅངས་ཤིང། །མི་གཙང་སྨད་པའི་ལས་ལ་ཞུགས་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །གནོང་ཞིང་འགྱོད་པའི་ཡིད་ཀྱིས་མཐོལ་བགྱིད་ན། །སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་དག་པར་མཛོད། །༈ རྒྱལ་ཆེན་འཁོར་བཅས་དགྱེས་བྱེད་མཆོད་པའི་སྤྲིན། །འབྲུ་ལྔ་སྙིང་པོ་ལྔ་དང་རིན་ཆེན་ལྔ། །བཀྲ་ཤིས་རྟགས་རྫས་གླིང་བཞི་ལྷུན་པོར་བཅས། །ཕྱི་རྟེན་ཅང་ཤེས་རྟ་དང་ནང་གི་རྟེན། །ལུང་ཐང་ཕྲེང་བ་གསང་རྟེན་འཁོར་ལོ་སོགས། །དུས་གསུམ་དགེ་ཚོགས་འདོད་དགུའི་དཔལ་འབྱོར་ཀུན། །དམིགས་མེད་ཏིང་འཛིན་སྒྱུ་མའི་རྣམ་རོལ་གྱིས། །གུས་པས་འབུལ་ལོ་ཐུགས་དམ་སྐོང་གྱུར་ཅིག །བདག་ཅག་དཔོན་སློབ་མི་ནོར་བཅས་པ་ཡི། །ཕྱི་ནང་འགལ་


GTD008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་མཐའ་དག་ཞི་བ་དང༌། །ཚེ་དཔལ་བསོད་ནམས་མཁོ་དགུའི་ལོངས་སྤྱོད་ཀུན། །དབྱར་མཚོ་ལྟ་བུར་རྒྱས་པའི་སྡོངས་གྲོགས་མཛོད། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཆོས་སྐྱོང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག །དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ཀྱི་ཕུན་ཚོགས་ཐམས་ཅད་བསྡུས་ཤིང་སྔགས་ཕྲེང་རང་གི་ལྟེ་བ་ནས་ཞུགས་པའི་དམིགས་པ་དང་བཅས། ཏདྱ་ཐཱ་ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱ་ཐཱ། ཨོཾ་སུ་དྷ་ནི། སུ་ར་ཏི། སུ་མ་ཏི། སུ་སུ་ཥེ། ཧི་ལི་མི་ལི་སྭཱཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། ཨོཾ་ཛམྦྷ་ལ་ཛཱ་ལེནྡྲ་ཡེ་སྭཱཧཱ། ཨོཾ་པཱུ་རྞ་བྷ་དྲ་ཡེ་སྭཱཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱཧཱ། ཨོཾ་སམ་པ་ཉྫ་ན་ཡེ་སྭཱཧཱ། ཨོཾ་གུ་ཧྱེ་ཏ་ན་ཡེ་སྭཱཧཱ། ཨོཾ་པཉྫི་ཀ་ཡེ་སྭཱཧཱ། ཨོཾ་པི་ཙི་ཀུཎྜ་ལི་ཡེ་སྭཱཧཱ། ཞེས་བཟླས་པ་བྱ། ཡིག་བརྒྱས་ལྷག་ཆད་བསྐང༌། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་འོད་དུ་ཞུ་བ་ལས། ལྷའི་ཞལ་ཟས་དྲི་རོ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། གོང་གི་སྙིང་པོ་དང་འཁོར་སོ་སོའི་སྔགས་ཀྱི་མཐར། བ་ལིཾ་ཏ་བཏགས་པས་གཏོར་མ་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། བཻ། དུས་གསུམ་བདེ་བར་གཤེགས་པ་མ་ལུས་པའི། །ཡོན་ཏན་རང་བཞིན་
རྒྱལ་བ་རིན་ཆེན་མང༌། །བྱང་ཕྱོགས་གནོད་སྦྱིན་སྐྱོང་བའི་སྡེ་དཔོན་གྱི། །རྣམ་རོལ་འདོད་དགུའི་མཆོག་སྦྱིན་ཁྱོད་ལ་བསྟོད། །དཔག་ཡས་ནམ་མཁའ་མཛོད་ལ་མངའ་བརྙེས་ཏེ། །མ་ལུས་འགྲོ་བའི་དབུལ་བ་སེལ་བྱེད་ཅིང། །སྒྲུབ་པ་པོ་ལ་འདོད་དགུའི་དཔལ་སྟེར་བ། །རྒྱལ་ཆེན་ཡིད་བཞིན་ནོར་བུ་ཁྱོད་ལ་བསྟོད། །དངོས་གྲུབ་གཏེར་གྱུར་བཙུན་མོ་སྲས་དང་བློན། །ཁྱད་པར་ནོར་གྱི་དབང་ཕྱུག་རྟ་བདག་བརྒྱད། །འཁོར་དང་བཅས་ལ་གུས་པས་ཕྱག་བགྱིད་ན། །འདོད་དོན་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྟོད། གཏང་རག་གི་མཆོད་བསྟོད་མདོར་བསྡུས་བྱས་ལ། ཨོཾ་བཛྲ་སཏྭ་ཨཱཿ མ་རྙེད་ཡོངས་སུ་མ་ཤེས་དང༌། །ཞེས་སོགས་དང༌། ཨོཾ་ཨཱཿ ཧཱུཾ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བྲིས་སྐུ་ལ་ཐིམ་པར་གྱུར་པར་བསམས། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་ཨུ་རད་ཤོག་ནས་དད་བརྩོན་ལྡན་པ་ཐོ་ཡོན་དགེ་སློང་དགེ་ལེགས་རྒྱ་མཚོས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousམགོན་པོའི་གཏོར་ཆོག་བསྡུས་པ་སོགས།next