འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ།
འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཆི་མེད་འབྱུང་བ་ཞེས་བྱ་བ་བཞུགས་སོ། །ཚོགས་གཉིས་རྒྱ་མཚའི་བཅུད་ལས་འཁྲུངས། །གྲུབ་མཆོག་ནོར་བུའི་འོད་ཟེར་ནི། །བྱང་ཆུབ་བར་དུ་གཙུག་གི་རྒྱན། །བཀོང་ནས་དེ་ཡི་རྣལ་འབྱོར་འཆད། །འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་དག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་རྣལ་འབྱོར་རྒྱུན་ཁྱེར་བསྡུས་པའི་ཚུལ་ལ་འཇུག་པར་སྤྲོ་ན། ཁ་ཟས་མ་ཟོས་པའི་གོང་དམ། ཤ་ཆང་སྒོག་ཙོང་ལ་སོགས་ཁོང་པར་མ་སོང་བའི་སྔ་དྲོའི་ཆར་ཁྲུས་དང་གཙང་སྦྲ་བྱས་ལ། ཐལ་མོ་སྦྱར་ཏེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེད་ནས་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོམ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའི་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་
གསལ་བར་གྱུར། དེ་རྣམས་ཀྱི་གཙུག་ཏོར་ནས་འོད་ཟེར་བྱུང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་འདུས་ཏེ་རྒྱལ་བ་རྣམས་ཀྱི་གཙུག་ཏོར་དུ་ཐིམ་པས་རྒྱལ་བ་རྣམས་དགྱེས་ཏེ། ཀ་ལ་པིངྐའི་དབྱངས་ལྟ་བུའི་སྒྲས་གསང་སྔགས་གསུངས་པའི་སྒྲའི་རྗེས་ཟློས་བདག་ཉིད་ཀྱིས་བྱེད་པར་གྱུར། ཞེས་མོས་ལ། ན་མཿས་པྟ་ནཱཾ། སཾ་མྱཀྶཾ་བུདྡྷ་ཀོ་ཏཱི་ནཱཾ། པ་རི་ཤུདྡྷི་མ་ན་སེ། ཨ་བྷྱ་རྩི་ཏ་པྲ་ཏིཥྛི་ཏཱ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏཱ་ཡུརྵ་སྱ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷ། ཨཱ་ཡུར་བི་ཤོ་དྷ་ནི། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿས་ར་ས་ར། སརྦ་ཏ་ཐཱ་ག་ཏ། ས་མ་ཡ། བོ་དྷི་བོ་དྷི། བུ།།།བུ།།། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷ་བུདྡྷེ་ཧུ་རུ་ཧུ་རུ་སྭཱ་ཧཱ། རྩ་སྔགས་སོ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ལ་བི་ཤོདྷ་ནི། རུ་དྷ་བ་ལེ་པྲ་རྟི་སཾ་སྐཱ་ར། ཏ་ཐཱ་ག་ཏ་དྷཱ་ཏུ་དྷ་རེ། དྷ་ར་དྷ་ར། སཾ་དྷ་ར་སཾ་དྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། སྙིང་པོའོ། །དེ་དག་ནངས་རེ་ཚར་རེ་མ་ཆགས་པར་བཟླ་ཞིང་ལན་མང་དུ་གྲུབ་ན་མཆོག་གོ། །དེའང་གཟུངས་མདོ་ཉིད་ལས། གང་ལ་ལ་ཞིག་གིས་གཙང་སྦྲ་ཆེར་བྱས་ཏེ་ཉིན་གཅིག་བཞིན་དུ་རྟག་པར་གསང་སྔགས་ལན་རེ་རེ་ཇི་སྲིད་འཚོའི་བར་དུ་བཏོན་ན། དེ་འཆི་བའི་དུས་བྱས་ན་
ལོངས་སྤྱོད་དང་བདེ་བ་མི་ཟད་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་པར་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་བར་འགྱུར་ཞིང་ཚེ་རབས་རྗེས་སུ་དྲན་པར་ཡང་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་དང་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཞེས་པས་མཚོན་ཏེ་ཕན་ཡོན་རྒྱ་ཆེར་གསུངས་པ་ལ་དད་པས་ཡི་དམ་དུ་བྱའོ། །ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་སོགས་བཟླ་བར་སྤྲོ་ནའང་རྣལ་འབྱོར་འདི་ཁོ་ནས་བཀླག་པར་བྱ་སྟེ། གཟུངས་འདིའི་འཕྲོས་སམ། འདིའི་ཚབ་ཏུ་བཟླ་བ་གང་འདོད་བྱ་ཆོག་གོ། །མཐར་སངས་རྒྱས་འཁོར་བཅས་མི་དམིགས་པར་བཞག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་སོགས་བསྔོ་སྨོན་གྱི་རྒྱས་གདབ་བོ། །དེང་སང་རྩེ་གཅིག་སྒོམ་ནུས་དཀོན། །ཀློག་པའི་ཁ་ཁྲལ་བརྩོན་པ་མང་། །རྒྱལ་བས་བཀླག་བར་གདམས་འདི་ལ། །ཀློག་པའི་སྐལ་བ་ལྡན་ན་རྨད། །ཅེས་པ་འདིའང་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་དང་། ངོར་ཆེན་རྡོ་རྗེ་འཆང་ལས་བརྒྱུད་པའི་གདམས་ངག་ལག་ལེན་ཏུ་ཡོན་ཏན་རྒྱ་མཚོས་བསྡེབས་པ་གཞན་ལ་ཕན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།