Nitartha Digital Library
Tibetan
ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ་པོད་དྲུག་པ།


   
   
   
   
   
༄༅། ། འཇམ་དཔལ་གྱི་བསྐང་བ་ནོར་བུའིཕྲེང་བ་བཞུགས་སོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༄༅། ། འཇམ་དཔལ་གྱི་བསྐང་བ་ནོར་བུའིཕྲེང་བ་བཞུགས་སོ། ། next

༄༅། ། འཇམ་དཔལ་གྱི་བསྐང་བ་ནོར་བུའིཕྲེང་བ་བཞུགས་སོ། །


JMR006_Page_035
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧྲཱིཿ གང་སྣང་བདེ་སྟོང་ཡེ་ཤེས་རོལ་པ་ལས། ། འདོད་དགུ་ཀུན་འབྱུང་རྟག་ཁྱབ་ལྷུན་གྲུབ་ཀྱི། ། ཕྱི་ནང་གསང་བ་བསྐང་བའི་དམ་ཚིག་རྫས། ། བདེ་ཆེན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས། ། རྩ་གསུམ་སྲུང་མའི་ཐུགས་དམ་བསྐང་བ་དང༌། ། དམ་ཚིག་ཉམས་ཆགས་དབྱིངས་སུ་དག་པ་དང༌། ། མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ་པའི་ཕྱིར། ། བསྐང་ངོ་ཀལྤས་ཐུགས་དམ་གཉན་པོ་བསྐང༌། ། ཧཱུྃ་ཧྲཱིཿ ཨེ་མ་མཆོད་པ་བླ་ན་མེད། ། རང་བྱུང་མཆོད་པ་ཆེན་པོ་པ། ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། ། སེམས་ཅན་ཐམས་ཅད་དགའ་བར་བྱེད། ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། ། ཉོན་མོངས་ཀུན་གྱི་དགྲ་ཆེ་བ། ། མཆོད་པ་ཆེན་པོ་གཏི་མུག་ཆེ། ། གཏི་མུག་བློ་སྟེ་གཏི་མུག་སེལ། ། མཆོད་པ་ཆེན་པོ་ཁྲོ་བ་ཆེ། ། ཁྲོ་བ་ཆེན་པོ་དགྲ་ཆེ་བ། ། མཆོད་པ་ཆེན་པོ་ཆགས་པ་ཆེ། ། ཆགས་པ་ཐམས་ཅད་སེལ་བར་བྱེད། ། འདོད་པ་ཆེན་པོ་བདེ་བ་ཆེ། ། དགའ་བ་ཆེན་པོ་མགུ་བ་ཆེ། ། ཡིད་བཞིན་སྤྲིན་གྱི་རོལ་མོ་སྟེ། ། བླ་མེད་མཆོག་གི་མཆོད་པ་དམ་པ་འདིས། ། བདེ་གཤེགས་སྐུ་ཡི་རིགས་ཀྱི་ཐུགས་དམ་བསྐང༌། ། པདྨ་གསུང་གི་རིགས་ཀྱི་ཐུགས་དམ་བསྐང༌། ། ཐུགས་མཆོག་རྡོ་རྗེའི་རིགས་ཀྱི་ཐུགས་དམ་བསྐང༌། ། ཡོན་ཏན་


JMR006_Page_036
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང༌། ། དོན་གྲུབ་ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང༌། ། རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང༌། ། ཐུགས་དམ་བསྐང་ངོ་དབང་དང་དངོས་གྲུབ་སྩོལ། ། ཧཱུྃ་ཧྲཱིཿ རང་བྱུང་ལུས་ཀྱི་བདུད་རྩི་རྣམ་དག་པ། ། བྱང་ཆུབ་སེམས་ཀྱི་མཆོད་ཡོན་ཞབས་བསིལ་རྒྱུན། ། ཁུ་རྡུལ་རྣམ་དག་བྱང་ཆུབ་ཡན་ལག་གི ། ཡིད་འཕྲོག་མེ་ཏོག་སྤྲིན་གྱིས་ཕྱོགས་ཀུན་ཁེབ། ། ལས་ང་རྣམ་པར་དག་པའི་ཚུལ་ཁྲིམས་བསུང༌། ། དྲི་ཞིམ་བདུག་པས་ཕྱོགས་རྣམས་ཀུན་ཏུ་ཁྱབ། ། དྲོད་ཁམས་རྣམ་དག་ཤེས་རབ་འོད་པོ་ཆེ། ། སྣང་གསལ་སྒྲོན་མེས་མཐའ་ཡས་ཞིང་ཀུན་གསལ། ། ཆུ་ཁམས་རྣམ་པར་དག་པ་སྙིང་རྗེའི་རླན། ། ཚིམ་བྱེད་དྲི་ཆབ་བྱུགས་པས་ཀུན་ནས་འགེངས། ། ས་ཁམས་རྣམ་དག་ཏིང་འཛིན་བདུད་རྩིའི་བཅུད། ། རོ་མཆོག་ཞལ་ཟས་སྣ་ཚོགས་ཀུན་ཏུ་བཀྲམ། ། ངག་ཚིག་བརྗོད་པ་ཡང་དག་ཆོས་ཀྱི་སྒྲ། ། སྙན་འཇམ་རོལ་མོའི་དབྱངས་སྙན་མུ་མཐར་ཁྱབ། ། ཀུན་ནས་ཀུན་ཏུ་བདེ་བ་མཆོག་གི་དཔྱིད། ། བླ་མེད་མཆོག་གི་སོགས། ཧཱུྃ་ཧྲཱིཿ མ་ལུས་གཟུགས་ཀུན་གཟུགས་ཀྱི་རྡོ་རྗེ་མ། ། ཡིད་འཕྲོག་གཟུགས་མཛེས་བཀོད་པ་ལམས་སེ་ལམ། ། མ་ལུས་སྒྲ་ཀུན་སྒྲ་ཡི་རྡོ་རྗེ་མ། ། སྙན་པའི་གླུ་དབྱངས་རོལ་མོ་འུ་རུ་རུ། ། མ་ལུས་དྲི་ཀུན་དྲི་ཡི་རྡོ་རྗེ་མ། ། ཚིམ་བྱེད་དྲི་ཡི་བསུང་ཞིམ་ཐིབས་སེ་ཐིབ། ། མ་ལུས་རོ་ཀུན་རོ་ཡི་རྡོ་རྗེ་མ། ། ཞིམ་མངར་བདེ་བའི་བདུད་རྩི་ཆི་ལི་ལི། ། མ་ལུས་རེག་ཀུན་རེག་བྱའི་རྡོ་རྗེ་མ། ། རེག་འཇམ་བདེ་བའི་ཉམས་


JMR006_Page_037
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཡ་ལ་ལ། ། མ་ལུས་ཆོས་ཀུན་ཆོས་ཀྱི་རྡོ་རྗེ་མ། ། རྨད་བྱུང་དགའ་བའི་ཉམས་མྱོང་བུན་ནེ་བུན། ། སྣང་སྲིད་ཀུན་ཀྱང་བདེ་སྟོང་མཆོད་པའི་སྤྲིན། ། རབ་འབྱམས་མུ་མཐའ་མེད་པར་བརྡལ་བ་ཡི། ། ཡིད་བཞིན་དགྱེས་རྒུར་འཆར་བའི་ཀུན་བཟང་སྤྲིན། ། བླ་མེད་མཆོག་གི་སོགས། ཧཱུྃ་ཧྲཱིཿ བྱང་ཆུབ་ཡན་ལག་བདུན་ལྡན་རྒྱལ་སྲིད་བདུན། ། འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས། ། རྣམ་ཐར་བརྒྱད་ཀྱི་རང་བཞིན་རྟགས་མཆོག་བརྒྱད། ། ཟག་མེད་ཆོས་མཛོད་མཆོད་པར་ལེགས་ཤར་བ། ། བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་ནོར། ། གྲུབ་པའི་དམ་རྫས་བདུད་རྩི་འཛད་མེད་གཏེར། ། འདོད་འཇོའི་བ་མཆོག་མ་རྨོས་ལོ་ཏོག་དང༌། ། འདོད་འབྱུང་གསེར་གྱི་སྙིང་པོའི་སྤྲིན་ལ་སོགས། ། འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་ཡོན་ཀུན། ། མ་ཚང་མེད་པའི་འབྱོར་པ་དང་བཅས་ཏེ། ། བཀྲ་ཤིས་ལྷ་མོ་རྣམས་ཀྱིས་མངའ་གསོལ་བ། ། བླ་མེད་མཆོག་གི་སོགས། ཧཱུྃ་ཧྲཱིཿ ཨེ་ཡིག་སྟོང་པའི་དབྱིངས་དང་མཉམ་སྦྱོར་བ། ། ཝཾ་ཡིག་བདེ་ཆེན་ཐིག་ལེའི་བཅུ་དྲུག་ཆ། ། དགྱེས་བསྐྱེད་འདོད་པའི་ལྷ་མོར་ཤར་བའི་གཟུགས། ། མཚུངས་མེད་བདེ་བ་སྟེར་བའི་མཛའ་ན་མོ། ། རྡོ་རྗེ་སྒེག་མོཕྲེང་བ་གླུ་གར་མ། ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་དང༌། ། པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། ། གཟུགས་མཛེས་རོ་དང་རེག་བྱ་ཆོས་ཀྱི་དཔྱིད། ། རྡོ་རྗེའིལྷ་མོ་དགྱེས་པའི་གར་དང་བཅས། ། རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་སྟེ། ། གུས་པས་འདུད་ཅིང་མཆོད་པའི་སྤྲིན་སྤྲོ་བ། ། བླ་མེད་མཆོག་གི༴


JMR006_Page_038
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། ། སྣང་སྲིད་ཡེ་ཤེས་བདུད་རྩིར་ཞུ་བའི་སྤྲིན། ། ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བ་ཡི། ། ཆགས་མེད་ཆགས་པ་ཆེན་པོ་རཀྟའི་མཚོ། ། སྣོད་བཅུད་རྣམ་དག་དཔལ་གྱི་བ་ལིངྟ། ། འདོད་དགུ་ཀུན་འབྱུང་གཏོར་མ་རི་ལྟར་སྤུངས། ། འབྲུ་བཅུད་སྟོང་ལ་སྦྱར་བའི་དཔའ་བོའི་རྫས། ། འཐུང་བས་ཚིམ་པའི་ཛ་གད་རྒྱ་མཚོར་བསྐྱིལ། ། ཆོས་དབྱིངས་རྣམ་པར་དག་པའི་མཁའ་ཀློང་དུ། ། རིག་པའི་ཡེ་ཤེས་མར་མེ་འོད་དུ་འབར། ། ཁམས་དྲུག་ལྡན་པ་རྡོ་རྗེ་ལུས་ཀྱི་ནི། ། རིགས་གསུམ་རྩ་ཡི་གྲོང་ཁྱེར་ཆེན་པོ་རུ། ། ཁུ་རྡུལ་ང་གསུམ་བདེ་ཆེན་བདུད་རྩིའི་དཔྱིད། ། རང་བྱུང་གསང་བའི་དམ་ཚིག་རྫས་ཆེན་པོ། ། མདོར་ན་རྡོ་རྗེ་ནང་གི་མཆོད་པའི་ཚོགས། ། བླ་མེད་མཆོག་གི༴ ཧཱུྃ་ཧྲཱིཿ ཡིད་འོང་ལྟ་ན་སྡུག་པའི་ལང་ཚོ་ཅན། ། གང་གི་ལུས་ལས་བཟང་པོའི་དྲི་འབྱུང་བ། ། ཨ་ཧཾ་མྱོས་པའི་གླུ་དབྱངས་རབ་སྒྲོགས་ཤིང༌། ། མ་མཆུའི་སྦྲང་རྩི་ཀུན་ནས་གཞིབ་པ་ཡི། ། འཁྱུད་པའི་བདེ་སྟེར་བདེ་ཆེན་རིག་མའི་ཚོགས། ། ཐབས་མཆོག་བདེ་ལ་མཆོག་ཏུ་འདུན་པ་ཡིས། ། ཡིད་འཕྲོག་འདོད་པའི་སྒྱུ་རྩལ་དང་སྦྱར་ཏེ། ། ཟག་མེད་བདེ་བ་ཆེན་པོ་འདྲེན་བྱེད་པའི། ། བླ་མེད་མཆོག་གི༴ ཧཱུྃ་ཧྲཱིཿ གཟུང་འཛིན་རྟོག་པ་བཞོན་པར་བཅས་པ་ནི། ། དྷུ་ཏིའི་དབྱིངས་སུ་ཐབས་ཀྱིས་བསད་བྱས་ཤིང༌། ། རྟོག་པའི་རང་མདངས་གདུག་པའི་དགྲ་དང་བགེགས། ། ཤེས་རབ་སྙིང་རྗེ་ཆེན་པོའི་རྒྱུ་ཉིད་ལས། ། ཡེ་ཤེས་ཁྲོས་པའི་མཚོན་གྱིས་བསྒྲལ་བྱས་པའི། ། དུར་ཁྲོད་དྲག་པོའི་རྒྱན་ཆས་ཡོངས་


JMR006_Page_039
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང༌། ། ཁྲག་འཐུང་དགྱེས་པའི་ལོངས་སྤྱོད་ལྷུན་གྱིས་གྲུབ། ། བླ་མེད་མཆོག་གི༴ ཧཱུྃ་ཧྲཱིཿ གང་སྣང་སྣང་སྟོང་འཇིགས་བྲལ་རྡོ་རྗེའི་སྐུ། ། བསྒུལ་བསྐྱོད་ཐམས་ཅད་བདེ་ཆེན་རྡོ་རྗེའི་གར། ། སྒྲ་གྲགས་གྲགས་སྟོང་འགག་མེད་རྡོ་རྗེའི་གསུང༌། ། བརྗོད་པ་ཀུན་ཀྱང་རྡོ་རྗེ་སྔགས་ཀྱི་གླུ། ། ཤེས་རིག་རིག་སྟོང་མི་ཤིགས་རྡོ་རྗེའི་ཐུགས། ། དྲན་བསམ་གཡོ་བ་ཟབ་དོན་རྡོ་རྗེའི་རྩལ། ། ཀུན་ཀྱང་མི་ཕྱེད་ཡེ་ཤེས་རྡོ་རྗེའི་ངང༌། ། རོ་མཉམ་བདེ་ཆེན་རྡོ་རྗེའི་བདག་ཉིད་དེ། ། ཐམས་ཅད་ལྷ་སྔགས་ཡེ་ཤེས་རོལ་མོ་རུ། ། གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པ་ཡི། ། སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱར་འབར། ། བླ་མེད་མཆོག་གི༴ཧཱུྃ་ཧྲཱིཿ ཀ་དག་ལྷུན་གྲུབ་རང་བྱུང་ཡེ་ཤེས་ཀྱི། ། ཐིག་ལེ་ཆེན་པོར་འཁོར་འདས་མཉམ་བརྡལ་བའི། ། རང་གདངས་མ་འགགས་ཡེ་ཤེས་འོད་ལྔའི་ཀློང༌། ། རིག་རྩལ་ཐིག་ལེ་སྐུ་དང་ཞིང་ཁམས་སོགས། ། རྩོལ་མེད་དག་པའི་དབྱིངས་སུ་རང་ཤར་བའི། ། མ་བྱས་ལྷུན་གྲུབ་རྡོ་རྗེ་བཀོད་པའི་སྤྲིན། ། རང་བྱུང་འོད་གསལ་ཆེན་པོའི་མཎྜ་ལ། ། བླ་མེད་མཆོག་གི༴ ཧཱུྃ་ཧྲཱི༔ འདི་ལྟར་གཞི་ལམ་འབྲས་བུའི་ཆོས་ཀུན་ཀྱང༌། ། རང་བྱུང་ཡེ་ཤེས་ཆེན་པོར་རོ་གཅིག་པར། ། འདུ་འབྲལ་མེད་པའི་གནས་ལུགས་དེ་ཁོ་ན། ། འཇམ་དཔལ་རྡོ་རྗེའི་དམ་ཚིག་བླ་ན་མེད། ། བསྐང་དང་བཤགས་པར་བྱ་བའི་ཡུལ་ལས་འདས། ། ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ངང་ཉིད་དུ། ། མ་བྱས་ལྷུན་གྱིས་གྲུབ་པར་མཉམ་བཞག་པའི། ། བླ་མེད་མཆོག་གི༴ ཧཱུྃ་ཧྲཱིཿ དེ་ལྟར་ཕྱི་ནང་གསང་བ་དེ་ཁོ་ནའི། ། བླ་མེད་མཆོག་གི་མཆོད་པ་


JMR006_Page_040
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འདིས། ། རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༌། ། གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༌། ། རྡོ་རྗེའི་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༌། ། གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང༌། ། མཆོད་པར་འོས་པའི་ཚོགས་ཀྱི་ཐུགས་དམ་བསྐང༌། ། རྡོ་རྗེ་མཆེད་དང་ལྕམ་དྲལ་ཐུགས་དམ་བསྐང༌། ། རིགས་དྲུག་སེམས་ཅན་ཡོངས་ཀྱི་ཐུགས་དམ་བསྐང༌། ། བདེ་སྟོང་འདུ་འབྲལ་མེད་པའི་དབྱིངས་ཉིད་དུ། ། ཐུགས་དམ་གཉན་པོ་ཡོངས་སུ་བསྐང་གྱུར་ནས། ། དམ་ཚིག་ཉམས་ཆག་ཐམས་ཅད་དག་པ་དང༌། ། ལས་བཞིའི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ། ། མི་མཐུན་རྐྱེན་ངན་བར་ཆད་དབྱིངས་སུ་བཟློག། ཟུང་འཇུག་མཆོག་གི་དངོས་གྲུབ་མྱུར་ཐོབ་མཛོད། ། བསྐང་བ་ནོར་བུའི་ཕྲེང་བ་འདི་ནི་ལྕགས་འབྲུག་ཟླ་བ་ལྔ་པའི་ཚེས་ཉེར་གཅིག་ལ་ཟིལ་གནོན་དགྱེས་པ་རྩལ་གྱིས་བྲིས་པ་དགེ་བའི་རྒྱུར་གྱུར་ཅིག། མངྒ་ལཾ། ། ། ། ༄༅། ། འགྲེས་བྱང༌། བླ་མེད་མཆོག་གི་མཆོད་པ་དམ་པ་འདིས། ། བདེ་གཤེགས་སྐུ་ཡི་རིགས་ཀྱི་ཐུགས་དམ་བསྐང༌། ། པདྨ་གསུང་གི་རིགས་ཀྱི་ཐུགས་དམ་བསྐང༌། ། ཐུགས་མཆོག་རྡོ་རྗེའི་རིགས་ཀྱི་ཐུགས་དམ་བསྐང༌། ། ཡོན་ཏན་རིན་ཆེན་རིགས་ཀྱི་ཐུགས་དམ་བསྐང༌། ། དོན་གྲུབ་ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང༌། ། རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང༌། ། ཐུགས་དམ་བསྐང་ངོ་དབང་དང་དངོས་གྲུབ་སྩོལ།


JMR006_Page_041
[མ་དཔེ་གཟིགས་ན་འདིར་གནོན།]

། ༄༅། ། བསྐང་བ་བཞུགས། ཧཱུྃ། སྣང་སྲིད་རྣམ་དག་ངང་ལས་རང་ཤར་བ། ། ཡིད་བཞིན་དགྱེས་དགུར་འཆར་བ་བསྐང་བའི་རྫས། ། ཕྱི་ནང་གསང་བའི་འདོད་ཡོན་མ་ཚང་མེད། ། ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདིས། ། རྩ་གསུམ་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། ། འཁོར་ཚོགས་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང༌། ། ཐུགས་དམ་དགྱེས་བསྐང་ཉམས་ཆགས་འགལ་འཁྲུལ་བཤགས། ། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ། རྡོ་རྗེ་སེམས་དཔའིལྷ་ཚོགས། བསྐང་བའི་རྒྱལ་པོ་རྡོ་རྗེའི་ཚིག་བརྒྱད་པ། སོ་སོར་ཁ་བསྒྱུར་བཅས་ཏེ་ཐུགས་དམ་བསྐང༌། ས་མ་ཡཱཿ བཤགས་པ་ནི། ཧཱུྃ། རྩ་གསུམ་སྲུང་མ་གསན་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཅིང་དགོངས་སུ་གསོལ། ། མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱི། ། བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། ། ལྷ་མཆོག་རྣམས་ཀྱི་ཐུགས་དང་ཅི་འགལ་བ། ། སྙིང་ནས་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། ། སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། ། བཤགས་པའི་རྒྱལ་པོ་རྡོ་རྗེའི་ཚིག་དྲུག་པ་སོ་སོར་ཁ་བསྒྱུར་བཅས་ཏེ་ཉམས་ཆག་སྦྱང༌། ས་མ་ཡ། ། ། །


previous༄༅། ། འཇམ་དཔལ་གྱི་བསྐང་བ་ནོར་བུའིཕྲེང་བ་བཞུགས་སོ། ། next