ཚེ་གཅིག་གི་ཉམས་ལེན།
བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་ལ་སྦྱར་བར་བྱ། །ཞེས་པའོ། །འདི་ཉིད་ཀྱི་རྣལ་འབྱོར་པས་བློ་སྦྱོང་ཐམས་ཅད་སྟོབས་ལྔ་མདོར་བསྡུས་པ་སྦྱང་བར་བྱའོ། །དང་པོ་འཕེན་པའི་སྟོབས་ནི། ད་ནས་སངས་མ་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་ཞིང་སྦྱོང་འཕྲོ་མི་ཆད་པར་བྱའོ། །མ་ཤིའི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་བྱ། ལོ་འདི་དང་ཟླ་བ་འདིའི་ངོ་བོ་ལ་སོགས་སུ་བྱིན་གྱིས་རླབས་སོ། །དེ་ལྟར་བློའི་འཕེན་པ་ཆེན་པོ་ཡང་དང་ཡང་དུ་བྱའོ། །གོམས་པའི་སྟོབས་ནི། བྱང་ཆུབ་ཀྱི་སེམས་གཉིས་པོ་དུས་ཐམས་ཅད་དུ་མ་ཡེངས་པར་བསྒོམ་པའོ། །དཀར་པོ་ས་བོན་གྱི་སྟོབས་ནི། ཐུན་མཚམས་རྣམས་སུ་ཆོས་འདི་ཉིད་བློ་ལ་མ་སྐྱེས་པ་སྐྱེ་བ་དང་སྐྱེ་བ་འཕེལ་བའི་ཆེད་དུ་དམིགས་པ་ཆོས་སྤྱོད་བཅུ་ལ་སོགས་པ་བསོད་ནམས་ཀྱི་བྱེ་བྲག་ལ་སོགས་ལུས་ལོངས་སྤྱོད་གང་བླགས་ཆེ་བས་བར་མ་ཆད་པར་འབད་པར་བྱའོ། །སུན་འབྱིན་པའི་སྟོབས་ནི། བདག་འཛིན་དངོས་སུ་སུན་འབྱིན་པ་སྟེ། ཐོག་མ་མེད་པའི་དུས་ནས་སྤྱིར་འཁོར་བ་མཐའ་མེད། དགོས་ངན་སོང་གསུམ་དུ་ཇི་ལྟ་བུ་འཁྱམས་ཏེ། དེ་ཡང་བདག་གཅེས་པར་འཛིན་ཞིང་། རང་བདེ་བ་འདོད་པ་འདིས་བསྐྱེད་པ་ཡིན། ཚེ་འདི་ལ་ཡང་མི་འདོད་པ་ཇི་སྙེད་གཅིག་ཡོད་པ་དང་། བཟའ་མི་རྣམས་ལ་འགྲོགས་མི་ཤེས་པ་དང་། ཁས་བླངས་དམ་བཅས་ཀྱི་གཞུང་མ་སྲོང་བ་དང་། དལ་འབྱོར་ནས་བདག་མེད་ཀྱི་བར་གྱི་ཆོས་རྣམས་རྒྱུད་ལ་སྐྱེར་མི་འདོད་པ་ཡང་བདག་གཅེས་པར་འཛིན་ཅིང་རང་བདེ་བ་འདོད་པ་འདིས་ལེན་པས་འདི་ལ་ཉེས་པ་ཐམས་ཅད་བརྟེན་ནོ། །ད་ནི་འདིའི་དོན་སྐད་ཅིག་ཀྱང་མི་སྒྲུབ་པར་འདི་གཏན་བརླག་ལ་བཏང་དགོས་སྙམ་དུ་བལྟས་ལ་འདི་ལ་དགྲར་བཟུང་བར་བྱའོ། །སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་ཐམས་ཅད་ཀྱི་གཤམ་དུ་ཡང་དུས་ད་ནས་སངས་རྒྱས་ཀྱི་བར་དུ་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་ཞིང་སྦྱོང་བར་གྱུར་ཅིག རྐྱེན་བཟང་ངན་ཅི་བྱུང་བ་ཐམས་ཅད་ཀྱང་ཆོས་འདིའི་ཕྱོགས་སུ་འཁྱེར་ཤེས་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་དབུལ་ཞིང་བདག་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་མཛད་དུ་གསོལ། ཆོས་འདི་སྟོན་པའི་བླ་མ་དམ་པ་མཇལ་བར་གྱུར་ཅིག ཅེས་གསོལ་བ་བཏབ་བོ། །ཐམས་ཅད་ཧཱུཾ་གཅིག་ཏུ་དྲིལ་བའི་ཆོས་ཡིན་གསུངས། ཐེག་ཆེན་འཕོ་བའི་མན་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །དེ་ལྟར་ཚེ་ཧྲིལ་པོ་བློ་སྦྱོང་བའི་གང་ཟག་དེ་འཆི་ནད་ཀྱིས་ཐེབས་ནས་འཆི་བར་ཤེས་པ་ན་དེ་ཁོ་ནས་ཉམས་སུ་ལེན་པའི་ཆོས་དེ་ཉིད་ཀྱི་འཆི་ཁ་མའི་མན་ངག་ཀྱང་བྱེད་དགོས་པས་དེ་ཉིད་ཀྱི་ངང་ལ་འཕོ་དགོས་པ་ཡིན་ཏེ། སྔགས་ལ་སོགས་པ་གཅིག་དེ་ཙམ་ན་ཉམས་སུ་བླང་བར་མི་ནུས་པས་སྟོབས་ལྔ་ཉིད་ལ་བརྟེན་ཏེ་འཕོ་བར་བྱའོ། །དང་པོ་དཀར་པོ་ས་བོན་གྱི་སྟོབས་ཀྱི་ལག་ལེན་བྱ་སྟེ། ཡོ་བྱད་རྣམས་བླ་མ་དང་དཀོན་མཆོག་ལ་སོགས་པ་ལ་སྤོང་ཐག་བྱ། ཞེན་པ་སྐྱེ་བའི་ཡུལ་ལ་སྦྱིན་དུ་མི་རུང་། ཤུལ་དུ་ཡང་སྡིག་རྐྱེན་དུ་མི་འགྱུར་ཙམ་དུ་ཤོམ་ར་བྱ། མཆོད་གནས་རྣམས་ལ་མཆོད་པ་བཟང་པོ་དབུལ། དྲིན་ཅན་ལ་ནོར་གྱི་དོད་པོ་སྦྱིན་དུ་མི་རུང་ངོ་། །དེ་ནས་ཚེ་འདིའི་དངོས་པོ་ལ་མ་ཆགས་ཤིང་། ཕྱི་མར་མི་འཇིགས་པའི་བློ་བསྐྱེད་དོ། །དེ་ནས་སྨོན་ལམ་གྱི་སྟོབས་ནི། དཀོན་མཆོག་གི་སྤྱན་སྔར་མཆོད་པ་བཟང་དུ་བཤམས་ལ་བཟོད་པར་གསོལ་བ་དང་བཤགས་པ་བྱ། སྐྱབས་འགྲོ་ལ་སོགས་ཀྱི་ཁས་བླངས་དམ་བཅས་པ་བསྐྱར་བར་བྱ། དེ་ནས་དཀོན་མཆོག་ལ་མཆོད་པ་དབུལ། ཆོས་སྐྱོང་ལ་གཏོར་མ་ཕུལ་ལ། བདག་བར་དོ་དང་སྐྱེ་བ་ཕྱི་མར་བྱང་ཆུབ་ཀྱི་སེམས་གཉིས་དྲན་ནས་ཉམས་སུ་ལེན་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་འདི་སྟོན་པའི་བླ་མ་དམ་པ་དང་མཇལ་བར་མཛད་དུ་གསོལ། བདག་གི་བདེ་བའི་ལམ་སྣ་དྲང་དུ་གསོལ། ད་ནི་ཁྱེད་རང་ལ་རེ་བ་ཡིན་ནོ། །ཞེས་ལམ་སྣ་འདྲེན་པའི་གསོལ་བ་དྲག་ཏུ་བཏབ་བོ། །དེ་ནས་བདག་ལ་བར་དོར་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བར་གྱུར་ཅིག སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བར་གྱུར་ཅིག ཆོས་འདི་སྟོན་པའི་བླ་མ་དམ་པ་དང་མཇལ་བར་གྱུར་ཅིག ཅེས་སྨོན་ལམ་ཡང་དང་ཡང་དུ་བཏབ་བོ། །དེ་ནས་སུན་འབྱིན་པའི་སྟོབས་ནི། ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་དུ་འཇུག་མཁན་ཡང་ང་དང་བདག་ཏུ་འཛིན་མཁན་འདི་ཡིན། ད་ལྟའི་སྡུག་བསྔལ་འདི་ཡང་འདིས་བསྐྱེད་པ་ཡིན། ད་དུང་ཡང་འདི་དང་མ་བྲལ་རིང་ལ་བདེ་བ་མེད་པས། འདི་ཇི་ལྟར་བྱས་ལ་བརླག་ཏུ་གཞུག །འདི་ཐམས་ཅད་ལུས་བཟུང་བས་ལན་ནས་འདུག་པས། ད་ངེས་པར་བར་དོར་ལུས་ཡེ་མི་བླང་དགོས། སེམས་ནི་ནམ་མཁའ་ལ་ཡལ་དུ་གཞུག་དགོས་སྙམ་དུ་ཡང་ནས་ཡང་དུ་བསམ། བདག་འཛིན་སུན་དབྱུང་བར་བྱའོ། །དེ་ནས་འཕེན་པའི་སྟོབས་ནི། སྔར་བྱང་སེམས་གཉིས་སྤེལ་ཞིང་རྒྱུན་མ་ཆད། ངས་བར་དོར་བྱང་ཆུབ་ཀྱི་སེམས་གཉིས་དྲན་པར་བྱས་ལ་སྦྱང་བར་བྱའོ་སྙམ་དུ་ཡང་དང་ཡང་དུ་དྲན་པར་བྱའོ། །དེ་ནས་གོམས་པའི་སྟོབས་ནི། སྔར་བྱང་སེམས་རྒྱུན་མ་ཆད་པར་སྦྱངས་པ་འདི་གཙོ་བོ་ཡིན་ནོ། །དེ་ནས་འཆི་ཁར་སོང་བ་ན་ངོས་གཡས་པ་ཕབ། ལག་པ་གཡས་པས་འགྲམ་པ་བརྟེན་པའི་མཐེའུ་ཆུང་གིས་སྣ་བུག་གཡས་པ་བཀག་ལ། གཡོན་པས་དབུགས་རྒྱུ་བར་བྱའོ། །སྤྱོད་ལམ་གྱི་འཕོ་བ་ཡིན་ནོ། །དེ་ནས་བྱམས་པ་སྔོན་དུ་འགྲོ་བས། དབུགས་ཕྱིར་འགྲོ་ནང་འགྲོ་ལ་བརྟེན་ནས་གཏོང་ལེན་རྣམ་པ་གཉིས་སྦྱང་བར་བྱའོ། །ཡང་དེའི་མོད་ལ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། འཁོར་འདས་རང་བཞིན་ཐམས་ཅད་སེམས་འཁྲུལ་བའི་རྩ་བ་ཡིན་སེམས་ནི་ཡེ་ནས་ཆོས་སྐུའི་ངོ་བོ་ཉིད་ལས་མ་གཡོས་སྙམ་དུ་དོན་ལ་འཆི་བ་བྱ་བ་རང་ཡང་མ་གྲུབ་པར་འདུག་ཨང་སྙམ་དུ་བསམ། དེ་གཉིས་སྤེལ་ཞིང་ཉམས་སུ་ལེན་པའི་འཕྲོ་ལ་འཆི་བར་བྱའོ། །དེ་ཡང་མི་ནུས་འདྲ་ན། སེམས་ཉིད་མ་བཅོས་པ་ཆོས་སྐུ་གཉུག་མའི་དོན་དེ་ལ་འཁོར་འདས་གཉིས་སྤངས་བླང་དུ་མ་གྲུབ་པའི་གཤིས་དེ་སྔོན་དུ་བྱས་ལ་ཆོས་ཉིད་ཀྱི་ངང་དུ་ལྷོད་ཀྱི་གློད་ལ་སེམས་ཀྱི་ཆོས་ཉིད་འཕོ་བ་མེད་པའི་ངང་ལ་བཞག་གོ །དེ་ནས་ཅུང་ཞིག་དྲན་པ་སྟོར་ནས་འཆིར་མ་བཏུབ་ཀྱང་འཆི་ཁའི་གདམས་ངག་དང་བཅས་ནས་འཆི་བ་ཡིན་ནོ། །འཆི་ཁའི་གདམས་ངག་ལ་འུད་ཆེ་བ་མང་སྟེ། འདི་ལས་ངོ་མཚར་ཆེ་བ་ནི་མེད་གསུང་ངོ་། །དེ་རྣམས་ཀྱི་ལམ་གྱི་སྐོར་མ་ཚང་བ་མེད་པ་བསྟན་པའོ། །