དྲུག་པ། ལྷག་པའི་བསམ་པ་ཡང་དག་པར་བསྟན་པའི་ལེའུ།― DKG048_Page_0226 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་འདུས་པ་ཆེན་པོ་དེ་མཁྱེན་ནས། གདན་དེ་ལ་བཞུགས་བཞིན་དུ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དེས་པའི་ཚིག་མེད་པའི་གནས་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སེང་གེའི་གདུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སྒྲུབ་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འོད་ཟེར་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་མངོན་པར་མ་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སེང་གེ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཟླ་བའི་དཀྱིལ་འཁོར་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འོད་ཟེར་དུ་མ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ ― DKG048_Page_0227 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སྨོན་ལམ་དང་དམིགས་པ་མཐའ་ཡས་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཁྱུ་མཆོག་ཏུ་གྱུར་པ་མཐའ་ཡས་པ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དམིགས་པ་གཅིག་པ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཀྱི་གནས་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འོད་ཟེར་མཐའ་ཡས་སངས་རྒྱས་པད་མ་མངོན་དུ་འཕགས་པ་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཤིན་ཏུ་བྱང་བ་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཀྱི་རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཁྱུ་མཆོག་མཐའ་ཡས་ཀུན་དུ་སྟོན་པའི་སངས་རྒྱས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་གོ་ཆ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཁྱུ་མཆོག་ཏུ་གྱུར་པ་མཐའ་ཡས་པ་ཀུན་དུ་སྟོན་པའི་སངས་རྒྱས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དམིགས་པ་ཐམས་ཅད་སངས་རྒྱས་པའི་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མ་ཆགས་པར་ཆོས་ཐམས་ཅད་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་ ― DKG048_Page_0228 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞེངས་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གིས་དབང་སྒྱུར་བའི་སངས་རྒྱས་ཁྱུ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་རབ་ཏུ་འཕེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་རབ་ཏུ་མི་གཡོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་མི་འཁྲུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ལ་ལྟ་བ་དང་། རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་མཉམ་པར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ལྟ་བ་དང་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་མི་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཐོགས་པ་མེད་པ་དང་ལེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དབང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་མི་ཟད་ལ་ཟད་མི་ཤེས་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དམིགས་པ་མི་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དམིགས་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བཀོད་པ་མཐའ་ཡས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བག་ཚ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ― DKG048_Page_0229 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལས་བཞེངས་ནས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་དག་པར་སྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་མངོན་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་རྣམ་པར་དག་པའི་སྤྱོད་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་ཆོས་ཐམས་ཅད་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྣང་བ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་འཁོར་ཐམས་ཅད་ཀྱི་སྒྲིབ་པ་མེད་པར་རྣམ་པར་དག་པའི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་རྒྱུན་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱམས་པ་ཆེན་པོ་སྒྲུབ་པས་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལས་བཞེངས་ནས་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལྟར་བཅོམ་ལྡན་འདས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། མི་གཡོ་བརྙེས་པས་གཡོ་མེད་མི་གཡོ་བ། །བསྙེན་དཀའ་ལྷུན་པོ་འདྲ་བ་རྣམ་པར་མཛེས། །ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་མནན་ནས། །སྟོང་གསུམ་འཇིག་རྟེན་ཤིན་ཏུ་ ― DKG048_Page_0230 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླངས་ཏེ་བཞུགས། །སངས་རྒྱས་ཐུགས་ནི་ནམ་ཡང་རྟེན་མ་མཆིས། །མི་རྟེན་བསམ་གཏན་མཛད་པ་གང་ཟག་མཆོག །མིང་ཙམ་བསམ་གཏན་པ་སྟེ་གར་མི་གནས། །སངས་རྒྱས་ཡོན་ཏན་དེ་འདྲ་བསམ་མི་ཁྱབ། །ཐུབ་པ་ཁམས་གསུམ་ངེས་འབྱུང་རིགས་གསུམ་ལྡན། །རྟག་ཏུ་མཉམ་བཞག་སོམ་ཉི་མི་མངའ་བརྙེས། །ཐེ་ཙོམ་བཅད་ཅིང་སོམ་ཉི་བསལ་དུ་གསོལ། །སྲོག་ཆགས་རྣམས་ལ་སྨན་སླད་ཆོས་བསྟན་གསོལ། ། ཐུབ་པ་རབ་གནས་སོམ་ཉི་མི་མངའ་བརྙེས། །བྱང་ཆུབ་སེམས་དཔའ་འདུས་པ་དེ་དག་ནི། །དཔའ་བོ་ཆོས་ཀྱིས་འཕགས་ཤིང་ཆོས་ལ་གནས། །སོམ་ཉི་བཅད་ཅིང་ཐེ་ཙོམ་བསལ་དུ་གསོལ། །སངས་རྒྱས་མིག་བརྟེན་བསམ་གཏན་མཛད་མ་ལགས། །སངས་རྒྱས་མིག་མ་བརྟེན་པར་སྒོམ་མ་ལགས། །རྟེན་དང་རྟེན་མིན་མིག་ཀྱང་མཆིས་མ་ལགས། །བསམ་གཏན་དེ་ནི་འཕགས་པས་མངོན་པར་བསྔགས། །ཐུབ་པ་གལ་ཏེ་མིག་བརྟེན་བསམ་གཏན་མཛད། །རྒྱལ་བས་འཛེམ་པ་མ་མཆིས་བརྙེས་པར་འགྱུར། །འདིར་ནི་མིག་མེད་བསམ་གཏན་མཛད་པ་ན། །སངས་རྒྱས་མ་མཆིས་བརྟེན་ནས་སྒོམ་མ་ལགས། །སངས་རྒྱས་དབང་པོ་དྲུག་བརྟེན་སྒོམ་མ་ལགས། །རྒྱལ་བ་དབང་པོ་མ་མཆིས་བརྟེན་མ་ལགས། །འདི་ལ་མུ་སྟེགས་གཞན་མང་དེ་དག་འཁྲུལ། །ལྷར་བཅས་འཇིག་རྟེན་འགྲོ་བ་རྟོགས་མ་ལགས། །དེ་ནས་བཅོམ་ལྡན་འདས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་བྱང་ཆུབ་སེམས་དཔའི་ཚོགས་ལ་རྗེས་སུ་རྣམ་པར་གཟིགས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་དང་། མངོན་པར་མ་དམིགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སྒྲུབ་པ་དང་། སྦྱིན་པའི་སྟོབས་སྒྲུབ་པ་དང་། ཚུལ་ཁྲིམས་ཀྱི་སྟོབས་སྒྲུབ་པ་དང་། བཟོད་པའི་སྟོབས་སྒྲུབ་པ་དང་། བྱམས་པའི་སྟོབས་སྒྲུབ་པ་དང་། སྙིང་རྗེའི་སྟོབས་སྒྲུབ་པ་དང་། ཏིང་ངེ་འཛིན་གྱི་སྟོབས་སྒྲུབ་པ་དང་། ཤེས་རབ་ཀྱི་སྟོབས་སྒྲུབ་པ་དང་། དེ་བཞིན་གཤེགས་ ― DKG048_Page_0231 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་སྟོབས་བཅུ་ཐོགས་པ་མེད་པ་སྒྲུབ་པ་དང་། ཤེས་རབ་ཀྱི་རབ་ཏུ་དབྱེ་བ་སྒྲུབ་པ་དང་། ཐོགས་པ་མེད་པའི་སྤོབས་པ་སྒྲུབ་པ་དང་། གཅད་དུ་མེད་པ་དང་། དགའ་བ་དང་། རྣོ་བ་དང་། ཟབ་པའི་སྤོབས་པ་མཐའ་ཡས་པ་སྒྲུབ་པ་དང་། གཟུངས་ཐོབ་པ་དང་། སངས་རྒྱས་མཐོང་བ་ཐོབ་པ་དང་། མངོན་པར་འབྱུང་བ་ཐོབ་པར་འགྱུར་ཞིང་ཇི་ལྟར་འཚམ་པའི་དགེ་བའི་ཚོགས་དང་བྲལ་བར་མི་འགྱུར། ལོངས་སྤྱོད་མ་ཚང་བ་མེད་པར་འགྱུར། གཡོག་འཁོར་མ་ཚང་བ་མེད་པར་འགྱུར། གཟུགས་མ་ཚང་བ་མེད་པར་འགྱུར། ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པར་འགྱུར། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་མ་ཚང་བ་མེད་པར་འགྱུར། སེམས་མ་ཚང་བ་མེད་པར་འགྱུར། ལམ་ངན་པར་ཞུགས་པ་མ་ཡིན་པར་འགྱུར། སེམས་འཁྲུགས་པ་མ་ཡིན་པར་འགྱུར། དྲན་པ་རྨོངས་པ་མ་ཡིན་པར་འགྱུར། དྲན་པ་དང་ལྡན་པར་ཡང་འགྱུར། དྲན་པའི་སྟོབས་མཆོག་དང་ལྡན་པར་འགྱུར། ངོ་ཚ་ཤེས་པ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར། སྡིག་པ་ཐམས་ཅད་བྱ་བ་ལ་འཛེམ་པ་དང་། འགྱོད་པ་ཅན་དུ་འགྱུར། དྲན་པ་མི་ཆོད་པར་འགྱུར། སྐྱེ་བ་རྣམ་པར་ལོག་པར་འགྱུར། དྲན་པ་དང་ལྡན་པ་ཡང་ཡིན་ཏེ། དྲན་པའི་སྟོབས་མཆོག་དང་ལྡན་པས་སྔོན་གྱི་སྨོན་ལམ་ཡང་མི་གཏོང་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བདག་གི་མེད་པ་དང་། ཡོངས་སུ་འཛིན་པ་མེད་པའི་སེམས་ཀྱིས་ཚོགས་ཀྱི་དགེ་བའི་རྩ་བ་དཔག་ཏུ་མེད་པ་ཡང་སྐྱེད་པར་འགྱུར། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེད་པར་ཡང་འགྱུར། སེམས་ཅན་དུ་དམིགས་པ་ལས་རྣམ་པར་དབེན་པ་ལ་ཡང་མཁས་པར་འགྱུར། ཆོས་རྣམས་རྟོགས་པར་ཁོང་དུ་ཆུད་པར་ཡང་འགྱུར་ཞིང་ཆོས་ལ་བརྟེན་པ་མ་ཡིན་པར་ཡང་འགྱུར་རོ། །དེ་བརྟེན་པ་ཡང་མ་ཡིན་པས་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། དེ་ལས་གཞན་པའི་སེམས་ཅན་ལམ་ངན་པར་ཞུགས་པ་རྣམས་ཀྱིས་ཐུལ་བར་མི་ནུས་ཏེ། བྱང་ཆུབ་ཀྱི་སྙིང་པོ་དཔུང་གཉེན་དུ་ཡང་འགྱུར་རོ། །རང་གི་སྟན་ལ་འདུག་སྟེ། ཆོས་ཐམས་ཅད་ཤིན་ཏུ་བྱང་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་ ― DKG048_Page_0232 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཛིན་ལ་གནས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཆུང་ཟད་ཤེས་པར་བྱ་བ་དང་། བལྟ་བར་བྱ་བ་དང་། ཐོབ་པར་བྱ་བ་དང་། མངོན་དུ་བྱ་བ་དེ་ཐམས་ཅད་ཀྱང་མངོན་པར་འདུ་བྱེད་པར་འགྱུར་ཞིང་། མ་ལུས་པར་མངོན་དུ་བྱེད་ལ། ཐམས་ཅད་མངོན་པར་འཚང་རྒྱ་བ་ཁོ་ནར་འགྱུར། ཐམས་ཅད་མངོན་པར་རྟོགས་པ་ཁོ་ནར་འགྱུར། ཐམས་ཅད་ཡོངས་སུ་ཤེས་པ་ཁོ་ནར་འགྱུར་ཞིང་། བག་ཆགས་ཀྱི་མཚམས་སྦྱོར་བ་མ་ལུས་པ་ཉིད་རྗེས་སུ་འཐོབ་པར་འགྱུར་བ་སྟེ། བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས་གོ་ཆ་ཆེན་པོ་གྱོན་པར་བྱེད་པ་ཡིན། སེམས་ཅན་འདི་དག་ཐམས་ཅད་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་གིས་ཡོངས་སུ་གང་བ། སེམས་ཅན་འདི་དག་ཐམས་ཅད་ནི་མགོན་མེད་པའི་འཆི་བ་ཉེ་བར་གནས་པ་མཐས་ཟིན་པའི་འཆི་བ་ཐོབ་པ། གཡང་ས་ཆེན་པོར་ལྟུང་བར་འགྱུར་བ། སེམས་ཅན་འདི་དག་ནི་འཆི་བ་ལ་གསོ་བ་རྙེད་དཀའ་བ་དང་ལྡན་པའོ་སྙམ་སྟེ། ལྟ་བ་ཆེན་པོས་སེམས་ཅན་ལ་ལྟ་བའི་གོ་ཆ་གྱོན་པར་བྱེད་པ་ཡིན། སེམས་ཅན་དེ་དག་ལ་བདག་གིས་ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་ཐེག་པ་ཆེན་པོ་དེ་ཡང་དག་པར་བསྒྲུབས་ནས་བསྟན་པར་བྱའོ། །སེམས་ཅན་ཐམས་ཅད་གསོ་བར་དགོས་པའི་ཕྱིར་ཡོངས་སུ་མ་བཙལ་ཅིང་གསོལ་བ་མ་བཏབ་པར་བདག་ཅག་གིས་བལྟ་བར་བྱ་དགོས་སོ། །ཇི་ལྟར་སེམས་ཅན་རྣམས་ཀྱིས་གཟུགས་ཀྱི་ཆོས་ཉིད་མི་གཡོས་པ་རྗེས་སུ་ཐོབ་པར་འགྱུར་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཆོས་ཉིད་མི་གཡོས་པ་རྗེས་སུ་ཐོབ་པར་འགྱུར་བ་དང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་མི་གཡོས་པ་རྗེས་སུ་ཐོབ་པར་འགྱུར་བ་དེ་ལྟ་བུའི་གསོ་བས་བདག་ཅག་གིས་སྦྱོར་བར་བྱའོ་སྙམ་དུ་དེ་དེ་ལྟར་སེམས་ཤིང་གོ་ཆ་བགོས་ནས་ཆོས་ཚོལ་བ་ལ་མངོན་པར་བརྩོན་པ་ཡིན་ཏེ། ཆོས་གང་དག་ཚོལ་བར་བྱེད་ཅེ་ན། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ ― DKG048_Page_0233 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅོད་པར་བྱེད་པ། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་གཟུང་བ་དང་། དབང་པོ་ཤིན་ཏུ་རྒྱས་པར་མངོན་པར་བསྒྲུབ་པ་ཡང་དག་པར་སྒྲུབ་པའི་ཕྱིར། ཆོས་དེ་དག་ཡོངས་སུ་ཚོལ་བར་བྱེད་དེ། དེ་ལྟར་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པས་གནས་པ་ཡིན་ཏེ། ཐ་ན་སངས་རྒྱས་ཀྱི་མཚན་དང་ལྡན་པའི་ཚིགས་སུ་བཅད་པ་ཟབ་མོ་དང་ལྡན་པ། ཐབས་ལ་མཁས་པ་དང་། དོན་ཟབ་མོ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ལུས་ལ་ཐོགས་ཏེ། སེམས་ཅན་གཅིག་ཙམ་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ཡིན། ཆོས་དེའི་དོན་དང་། ཚིགས་སུ་བཅད་པ་དེའི་དོན་གང་ཡིན་པ་དེ་སེམས་ཅན་དེ་དང་སེམས་ཅན་ཐམས་ཅད་ཀྱིས་ཀུན་ཤེས་པར་གྱུར་ཅིག་ཅེས་དེ་ལྟ་བུའི་སྨོན་ལམ་འདེབས་པར་བྱེད་པ་ཡིན་ནོ། །དེ་དགེ་བའི་རྩ་བ་དེས་མཆོག་གཙོ་བོ་རབ་མཆོག །གྱ་ནོམ་པ། སངས་རྒྱས་ཀྱིས་རྗེས་སུ་གནང་ཞིང་འཕགས་པས་རྗེས་སུ་གནང་ལ། མཁས་པས་བསྟོད་ཅིང་མཛངས་པས་མ་སྨད་པའི་ཆོས་བཞི་རྗེས་སུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། དྲན་པ་བཅད་དུ་མེད་པ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ལ་དྲན་པ་དེས་པ་ཡིན། བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་སྣོད་དུ་བྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྟེན་དུ་གྱུར་པ་ཡང་ཡིན་ཏེ། དེ་ལ་བརྟེན་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པར་མཛད་དོ། །ཆོས་གཉིས་པ་འདི་ཡང་རྗེས་སུ་ཐོབ་པར་འགྱུར་ཏེ། གཟུངས་ཐོབ་པ་རྗེས་སུ་ཐོབ་པར་འགྱུར་བ་ཡིན། སྐྱེ་བ་རྣམ་པར་ལོག་ནས་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཐམས་ཅད་རྗེས་སུ་ཐོབ་པར་འགྱུར་བ་ཡིན། ལྟ་བ་སྡིག་པ་ཅན་མ་ཡིན་པའི་ཁྱིམ་དག་ཏུ་ཡང་སྐྱེ་བར་འགྱུར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་ཡང་མངོན་པར་འབྱུང་བ་ལ་ཡིད་གཞོལ་བ་ཡིན། འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་སྤོང་བ་ཡིན་ནོ། །ཆོས་བཞི་པོ་འདི་ཡང་རྗེས་སུ་ཐོབ་པར་འགྱུར་ཏེ། དེ་དགེ་བའི་རྩ་བ་དེས་ཆོས་བཅུ་རྗེས་སུ་ཐོབ་པར་འགྱུར་རོ། །བཅུ་གང་ ― DKG048_Page_0234 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པར་བྱེད་པ་རྗེས་སུ་ཐོབ་པར་འགྱུར་བ་ཡིན། སེམས་ཅན་ཐམས་ཅད་ཀྱི་རྟེན་བསྒྲུབ་པ་རྗེས་སུ་ཐོབ་པར་འགྱུར་བ་ཡིན། སངས་རྒྱས་ཀྱི་རྣམ་པར་ཐར་པ་སྒྲིབ་པ་མེད་པ་ཡང་རྗེས་སུ་ཐོབ་པར་འགྱུར་བ་ཡིན། རྣམ་པར་ཐར་པའི་སྒོ་དེས་དེ་བཞིན་གཤེགས་པ་རྗེས་སུ་ཐོབ་ནས་སྤུའི་ཁུང་བུ་རེ་རེ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྲངས་མེད་དཔག་ཏུ་མེད་པ་དག་འགྱེད་པ་ཡིན། འོད་ཟེར་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་འབུམ་དག་སྣང་བར་བྱེད་པ་ཡིན། འོད་ཟེར་དེ་ལ་ཡང་པད་མ་འབུམ་དག་མངོན་པར་སྤྲུལ་པར་བྱེད་པ་ཡིན། པད་མ་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པའི་སྐུ་སྤྲུལ་པར་བྱེད་པ་ཡིན། དེ་བཞིན་གཤེགས་པ་རེ་རེས་ཀྱང་ཆོས་བསྟན་པ་རེ་རེས་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ཡོངས་སུ་སྨིན་པར་བྱེད་དེ། ཇི་ལྟར་གཟུགས་ཀྱི་ཆོས་ཉིད་མི་གཡོས་པ་རྗེས་སུ་ཐོབ་པར་འགྱུར་བ་དེ་ལྟ་བུས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་ཡིན། སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་དེ་དང་ལྡན་པ་སྤུ་གསེབ་རེ་རེ་ལས་མེའི་ཕུང་པོ་ལྷུན་པོ་ཇི་སྙེད་འབར་བར་བྱེད་པ་ཡིན་སྤུའི་ཆ་དེ་ཉིད་ལས་ཀྱང་ཆུའི་རྒྱུན་གང་གཱའི་ཀླུང་གི་བྱེ་མ་སྙེད་རབ་ཏུ་འབབ་པར་བྱེད་པ་ཡིན་ཏེ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཕུན་སུམ་ཚོགས་པ་དེ་དང་ལྡན་པས་ཀྱང་། དེ་བཞིན་གཤེགས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤུ་གཅིག་གི་རྩེ་མོས་ཕུག་སྟེ། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཕངས་ཤིང་། དེ་བས་ཀྱང་ལྷག་པར་འཕངས་ཀྱང་སེམས་ཅན་དེ་དག་འདི་སྙམ་དུ་བདག་ཅག་འཇིག་རྟེན་གྱི་ཁམས་གཞན་དུ་ཁྲིད་དོ་ཀུན་ཏུ་ཁྲིད་དོ་སྙམ་དུ་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཕུན་སུམ་ཚོགས་པ་དེ་དང་ལྡན་པས། དེ་བཞིན་གཤེགས་པས་ཕྱོགས་ཐམས་ཅད་ཀྱི་ངེས་པའི་ཚིག་དག་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལོ་བྱེ་བ་ཕྲག་འབུམ་ནས་སྐྱེས་པ་དང་འགགས་པ་དག་རབ་ཏུ་ཤེས་སོ། །སེམས་ཅན་ལོ་བྱེ་བ་ཕྲག་འབུམ་དུ་སྐྱེས་པ་རྣམས་ཀྱིས་ཆོས་ཀྱི་ཐེ་ཚོམ་དག་སོ་སོར་སེལ་བར་བྱེད་དོ། །དེ་བཞིན་གཤེགས་པ་འབྱུང་བར་མི་འགྱུར་བ་དང་། ཆོས་གནས་པར་མི་འགྱུར་ ― DKG048_Page_0235 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དེར་ཡང་རྣམ་པར་ཐར་པ་ཕུན་སུམ་ཚོགས་པ་དེ་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཚར་བཅད་པ་ཡང་རབ་ཏུ་ཤེས་སོ། །སེམས་རབ་ཏུ་འཛིན་པ་ཡང་རབ་ཏུ་ཤེས་སོ། །སེམས་ཀྱི་མཚམས་སྦྱོར་བ་དང་། སེམས་ཀྱི་རྒྱུ་བ་ཡང་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་བརྙེས་པའི་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་སོ་སོར་སྒྲིབ་པའི་གནས་རབ་ཏུ་ཤེས་སོ། །གཅིག་ཏུ་མཐར་ཐུག་པ་ཆད་པ་དེ་དང་། དངོས་པོ་ཐམས་ཅད་ཀྱི་སྟོང་པ་དངོས་པོ་མེད་པར་ཤེས་པ་དེ་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་བདག་གི་བའི་འདུ་ཤེས་མི་སྐྱེད་དོ། །ཆོས་གཅིག་ངེས་པར་བསམས་ན་མཛའ་བཤེས་རབ་ཏུ་ཤེས་པ་མ་གཏོགས་པར་མཛའ་བཤེས་ཐམས་ཅད་ལ་བདག་གི་བའི་འདུ་ཤེས་ཅན་མ་ཡིན་ནོ། །ཆོས་མ་ཡིན་པ་སྤྱོད་པ་ལ་མཛའ་བཤེས་མ་ཡིན་པར་ཤེས་ནས། འདུས་བྱས་ཐམས་ཅད་ཀྱི་གནས་ལ་ཡོན་ཏན་གྱི་གནས་གཅིག་ཀྱང་མ་མཐོང་ངོ་། །འདུས་བྱས་ཐམས་ཅད་ལ་ཡོན་ཏན་མེད་པ་དང་། སྐྱོན་དང་བཅས་པར་ཤེས་ནས་ཆོས་དེ་འདྲ་བ་དེ་དག་རྗེས་སུ་ཐོབ་པར་འགྱུར་རོ། །གཞན་ཡང་ཆོས་བཞི་རྗེས་སུ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བ་རྒྱུན་ཆད་པར་རྗེས་སུ་ཐོབ་པ་ཡིན། ལམ་དུ་འགྲོ་བ་ན་ཡང་སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པའི་ཞབས་དག་ལ་རེག་པ་དེ་དག་ཐམས་ཅད་བདེ་བ་ཐམས་ཅད་ལ་ཡང་དག་པར་གཏད་པར་འགྱུར་བ་ཡིན། དེ་བཞིག་གཤེགས་པས་འཁོར་ལོའི་ཚད་ཙམ་ལ་གཟིགས་ན་ཡང་དེ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ནས་དཔག་ཚད་དྲུག་ཅུ་རྩ་གཉིས་སུ་ས་ཡོངས་སུ་གཡོས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ལ་ནི་གང་མཉམ་པར་མ་བཞག་པར་འགྱུར་བའི་ཐུགས་འགའ་ཡང་མི་མངའ་སྟེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ལ་ནི་ཏིང་ངེ་འཛིན་ལས་ཉམས་པའམ། ཏིང་ངེ་འཛིན་ལས་གཡོ་བ་མི་མངའ་སྟེ། ཤ་ར་དྭ་ཏིའི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་ཡོངས་སུ་ཚོལ་བ་ལ་རག་ལས་ ― DKG048_Page_0236 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་གི་དོན་དུ་ཐེག་པ་ཡིས། །སེམས་ཅན་རྣམས་ལའང་སྙིང་རྗེ་ཉིད། །ཆོས་ལ་གུས་དང་བཅས་པ་ཡིས། །ཡེ་ཤེས་དེ་ཡི་ཕ་རོལ་འགྲོ། །སེམས་ཅན་རྣམས་ཀྱི་སེམས་ཤེས་དང་། །འཇིག་རྟེན་གསུམ་དུ་མི་གཡོས་པའི། །རྫུ་འཕྲུལ་རྟོག་པར་གང་འདོད་པས། །ཆོས་ལ་གུས་དང་བཅས་པར་བྱ། །ཆོས་ལ་གུས་དང་བཅས་བྱས་ནས། །རྟག་ཏུ་མཆོད་འོས་ཉིད་དུ་འགྱུར། །སངས་རྒྱས་ཆོས་རྣམས་མཐའ་ཡས་པའི། །ཆོས་མཆོག་ལ་ཡང་རེག་པར་འགྱུར། །ཆོས་ལ་གུས་པར་བྱས་ནས་ནི། །དེ་ཡི་དྲན་པ་ཉམས་མི་འགྱུར། །སྐྱེ་བ་དེ་དང་དེ་ཀུན་དུ། །དེ་ཡི་དྲན་པ་རབ་ཏུ་འཕེལ། །ཆོས་དེ་ལ་ནི་གུས་བྱས་ན། །གཟུགས་ལས་ཉམས་པར་མི་འགྱུར་ཏེ། །ཡན་ལག་ཉིང་ལག་མཛེས་པ་དང་། །རྟག་ཏུ་ཚུལ་དུ་ཤིས་པར་འགྱུར། །རྟག་པར་འདྲེན་རྣམས་མཉེས་བྱེད་ཅིང་། །མཐོང་ན་དེ་ལ་དད་བྱེད་ལ། །སེམས་ཀྱི་འདུ་བྱེད་དད་པ་ཡིས། །འཇིག་རྟེན་འདྲེན་རྣམས་མཆོད་བྱེད་པ། །སྐྱེ་བ་དེ་དང་དེ་ཀུན་དུ། །དེ་ཡི་དད་པ་རབ་ཏུ་འཕེལ། །འདོད་པ་ངན་པ་རྟེན་མི་བྱེད། །སྤངས་ནས་མྱུར་དུ་རབ་ཏུ་འབྱུང་། །རྟག་ཏུ་ཚུལ་ཁྲིམས་ཕུང་པོ་ལའང་། །མཁས་པ་རབ་ཏུ་གནས་པར་འགྱུར། །ཚུལ་ཁྲིམས་ཀྱིས་ཀྱང་རློམ་སེམས་མེད། །དེ་ལ་ཏིང་འཛིན་ཚོལ་བར་བྱེད། །རྟག་ཏུ་མཉམ་པར་བཞག་པར་འགྱུར། །ཏིང་ངེ་འཛིན་ལའང་རློམ་སེམས་མེད། །འཇིག་རྟེན་ཀུན་གྱི་མཆོག་གང་ཡིན། །ཤེས་རབ་ལ་ཡང་ཕྱིར་ཞིང་སྟེན། །རྟག་ཏུའང་ཡེ་ཤེས་ལྡན་པར་འགྱུར། །ཡེ་ཤེས་ཀྱིས་ཀྱང་རློམ་སེམས་མེད། །ཡེ་ཤེས་དེ་ཡིས་མི་རློམ་ཞིང་། །དེ་ནི་སངས་རྒྱས་ཆོས་རྣམས་ཚོལ། །སངས་རྒྱས་ཀྱིས་ནི་བསྔགས་པའི་གཟུངས། །ཆོས་ཀྱི་སྣང་བ་ཐོབ་པར་འགྱུར། །ཆོས་ཀྱི་སྣོད་དུ་མཁྱེན་ནས་ཀྱང་། །སྟོན་པས་དེ་ལ་བྱིན་རློབ་མཛད། །ཆོས་སྨྲ་དེ་ནི་བྱིན་བརླབས་འགྱུར། །སྲོག་ཆགས་ཕན་ཕྱིར་ཆོས་སྟོན་ཅིང་། །ཐོགས་མེད་ཚིག་དང་སྤོབས་ལྡན་ཏེ། །སོ་སོ་རིག་ཐོབ་མཐུ་ཆེན་འགྱུར། ། ― DKG048_Page_0237 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོག་མའི་དུས་དང་བར་དུས་དང་། །ཐ་མའི་དུས་སུ་ཆོས་འཛིན་འགྱུར། །ཀུན་དུ་རྟག་པར་སངས་རྒྱས་བསྔགས། །མི་རྣམས་ཀྱི་ནི་དོན་ཆེན་བྱེད། །དེ་བཞིན་ལྷ་རྣམས་བསྔགས་པ་བརྗོད། །གནོད་སྦྱིན་ཀླུ་ཡིས་དེ་མཆོད་འགྱུར། །སངས་རྒྱས་རྣམས་ཀྱིས་རྟག་བསྔགས་འགྱུར། །ཕྱོགས་བཅུར་དེ་ཡི་གྲགས་པ་འབྱུང་། །ཆོས་ལ་སྤྱོད་པ་མ་སྨད་པ། །དེ་ཡི་སྙན་གྲགས་ཉམས་མི་འགྱུར། །ཆོས་མིན་ནམ་ཡང་དེ་མི་འདོད། །སངས་རྒྱས་ཆོས་རྣམས་དེ་དག་བསྟེན། །སེམས་ཅན་རྣམས་ཀྱི་སོམ་ཉི་གཅོད། །དེ་ནི་ཆོས་ཀྱི་སྣང་བ་བྱེད། །རྣལ་འབྱོར་ཚུལ་དུ་སྲོག་ཆགས་ཀྱི། །ཁམས་ནི་དེ་ཡིས་རྣམ་པར་སྦྱོང་། །དེ་ནི་ལམ་ངན་སྟོན་མི་བྱེད། །དྲང་པོའང་རབ་ཏུ་སྟོན་པར་བྱེད། །སངས་རྒྱས་ཆོས་ལ་དེས་པ་ཡིས། །ཆོས་ཀྱི་མཆོག་གིས་སྤྱོད་པར་འགྱུར། །དེ་ནི་སེམས་ལ་རྟེན་པ་མེད། ། དེ་ཡི་གནས་ནི་ཡོད་མ་ཡིན། །རྟེན་པ་མེད་པའི་སེམས་ཀྱིས་སུ། །བྱང་ཆུབ་སྤྱོད་པ་སྤྱོད་པར་བྱེད། །ཡུལ་འཁོར་གྲོང་དུ་སྤྱོད་བྱེད་ཀྱང་། །གནས་ནི་ཡོད་པ་མ་ཡིན་ཏེ། །རྟག་ཏུ་རྟེན་པ་མེད་པར་འགྱུར། །དེ་ཡི་གནས་ནི་ཡོད་མ་ཡིན། །འདུ་བྱེད་རྣམས་ཀྱིས་འདོད་པ་མིན། །ཡང་དག་སྟོན་པའང་ཡོད་མ་ཡིན། །བྱང་ཆུབ་སེམས་དཔའ་མ་སྨད་པ། །དེ་དག་མཐོང་ན་སུས་མི་མཆོད། །ནམ་མཁའ་ལྟ་བུར་འོད་གསལ་བ། །སེམས་དེ་འདྲ་བ་གང་ལ་ཡོད། །དེ་དེ་འཇིག་རྟེན་མི་སྣང་སྟེ། །དེ་ལ་གནས་པའང་ཡོད་མ་ཡིན། །དེ་བས་ཆོས་དེ་མཉན་བྱོས་ལ། །འདི་ལ་འབེལ་གཏམ་བསླབ་པར་བྱ། །སྲོག་ཆགས་རྣམས་ཀྱི་དོན་སྒྲུབ་པས། །སངས་རྒྱས་ཆོས་ལ་བསླབ་པར་བྱ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་ཚོལ་བའི་ཐོས་པ་དང་། ཐོས་པ་ལ་མཁས་པ་ཚོལ་བར་བྱེད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཐོས་པ་ནི་གང་། ཐོས་པ་ལ་མཁས་པ་ནི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་ཐོས་པ་ནི་གཞན་གྱི་རྣམ་པར་རིག་པར་བྱེད་དོ། །ཐོས་པ་ལ་མཁས་པ་ནི་རང་གིས་ཚུལ་བཞིན་ཡིད་ལ་བྱེད་པ་གང་ཡིན་པ་སྟེ། སོ་སོར་རྟོགས་པའོ། །ཤ་ར་དྭ་ཏིའི་བུ་ ― DKG048_Page_0238 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལ་གཞན་གྱི་སྒྲ་གང་ཞེ་ན། རྗེས་སུ་འཐུན་པའི་ཆོས་གང་དག་ཡིན་པ་དེ་དག་ཡིན་ཏེ། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་རྣམས་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་གཞན་གྱི་སྒྲ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལ་ཐོས་པ་ལ་མཁས་པ་གང་ཞེ་ན། འདི་ལྟ་སྟེ། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ། །སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། ཆོས་དཀར་གནག་ལ་མཁས་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་ལ་གང་ཤེས་པ་དང་། སོ་སོར་རྟོགས་པ་དང་། མཁས་པ་དང་། སོ་སོར་ཤེས་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། རང་བཞིན་རྗེས་སུ་རྟོགས་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ།། །།བམ་པོ་བཅུ་པ། ཤ་ར་དྭ་ཏིའི་བུ་གང་འདི་དེ་བཞིན་གཤེགས་པས་ཕུང་པོ་ལ་མཁས་པ་གསུངས་པའི་ཕུང་པོ་ལ་མཁས་པ་དེ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་ཅི་ཡང་མ་གསུངས་པའོ། །གང་འདི་དེ་བཞིན་གཤེགས་པས་ཁམས་ལ་མཁས་པ་གསུངས་པ་དེ་ནི་ཅི་ཡང་མ་གསུངས་པའོ། །གང་འདི་དེ་བཞིན་གཤེགས་པས་སྐྱེ་མཆེད་ལ་མཁས་པ་གསུངས་པ་དེ་ནི་ཅི་ཡང་མ་གསུངས་པའོ། །གང་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་གསུངས་པ་དེ་ནི་ཅི་ཡང་མ་གསུངས་པའོ། །གང་འདི་རྟེན་ ― DKG048_Page_0239 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅིང་འབྲེལ་པར་འབྱུང་བའི་ཆོས་ལ་མཁས་པ་གསུངས་པ་དེ་ནི་ཅི་ཡང་མ་གསུངས་པའོ། །ཤ་ར་དྭ་ཏིའི་བུ་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་སྡུས་ཤིག །གང་གིས་ཡང་དག་པར་བསྡུ་བར་བྱ་ཞེ་ན། དོན་ཡང་དག་པར་བསྡུ་བས་ཡིན་གྱི་ཚིག་འབྲུ་ཡང་དག་པར་བསྡུ་བས་ནི་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱིས་པ་རྣམས་ནི་ཚིག་འབྲུའི་རྗེས་སུ་འབྲང་བ་ཡིན་གྱི། མཁས་པ་རྣམས་ནི་དོན་གྱི་རྗེས་སུ་འབྲང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཚིག་འབྲུ་ཡང་གང་ཞེ་ན། ཤ་ར་དྭ་ཏིའི་བུ་ཡི་གེའི་གཞི་དང་། རྣམ་པར་རིག་བྱེད་ཀྱི་གཞི་དང་། མངོན་པར་བརྗོད་པའི་གཞི་འཇུག་པའི་ཚིག་བླ་དགས་ནི་ཚིག་འབྲུ་ཞེས་བྱ་སྟེ། ཤེས་བྱའམ། རྣམ་པར་ཤེས་བྱའམ། ཡོངས་སུ་ཤེས་བྱ་གང་ཅི་ཡང་རུང་སྟེ། མངོན་པར་བརྗོད་པ་དང་། ངེས་པར་བརྗོད་པ་དང་། གདགས་པ་དང་། རབ་ཏུ་བཞག་པ་དང་། རྗེས་སུ་འབྲང་བ་དང་། མངོན་པར་བརྟག་པ་དང་། ཀུན་དུ་བརྟག་པ་དང་། སོ་སོར་ཉེ་བར་བརྟག་པ་དང་། བཙལ་བ་དང་། ཆོས་ཡོངས་སུ་བཙལ་བ་དང་། ཆོས་གང་དག་དང་། གང་ལ་ཡོད་པའི་ཆོས་རྣམས་དང་། བརྡ་དང་། ཀུན་དུ་རྟོག་པ་དང་། ཉེ་བར་རྟོག་པ་དང་། སེམས་ཀྱི་མངོན་པར་ངེས་པར་བརྗོད་པ་དང་། སོམ་ཉི་དང་། ཡིད་གཉིས་དང་། རྣམ་པར་འགྱོད་པ་དང་། འཇུག་པ་དང་། གང་དག་གཞན་ཡང་ཆོས་ལ་ངེས་པར་རྟོག་པ་རྣམས་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་ཚིག་འབྲུ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལ་དོན་གང་ཞེ་ན། གང་ཚིག་འབྲུ་དེའི་དོན་ཁོང་དུ་ཆུད་པ་སྟེ། དེ་ནི་དོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་བརྗོད་དུ་མེད་པ་ནི་དོན་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་འདི་དོན་ཞེས་བྱ་བ་ཇི་ལྟར་བྱིས་པ་རྣམས་ཀྱིས་བཟུང་བ་བཞིན་ཡིན་ན་ནི་ཚིག་འབྲུར་འགྱུར་གྱི་དོན་མ་ཡིན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་དོན་ནི་བརྗོད་དུ་མི་ནུས་པའོ། །ཤ་ར་དྭ་ཏིའི་བུ་ང་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་སྨྲ་བར་མི་བྱེད་ཀྱི། འཇིག་རྟེན་ནི་ང་དང་ལྷན་ཅིག་ཏུ་སྨྲ་བར་བྱེད་དོ་ཞེས་བྱ་བ་དེ་ནི་ངས་ལྡེམ་པོར་དགོངས་ཏེ་གསུངས་པའོ། །ཤ་ར་དྭ་ཏིའི་བུ་གང་དེ་བཞིན་གཤེགས་པས་མཁས་པ་གསུངས་པ་དེ་ནི་དེ་བཞིན་གཤེགས་པས་ཅི་ཡང་མ་གསུངས་པའོ། ། ― DKG048_Page_0240 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ན་དེ་བཞིན་གཤེགས་པ་ནི་འདི་ལྟར་ཕུང་པོ་ལ་མཁས་པ། ཁམས་ལ་མཁས་པ། སྐྱེ་མཆེད་ལ་མཁས་པ་སྟེ། དེ་ལ་མཁས་པ་གང་ཡང་མེད་པས་དེས་ན་དེ་བཞིན་གཤེགས་པ་ནི་དེ་ལྟར་མཁས་པ་ཞེས་གསུངས་སོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟོན་པ་སྟེ། ཤ་ར་དྭ་ཏིའི་བུ་ཆོས་ནི་གང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་མིག་ནི་ཆོས་ཞེས་བྱ་སྟེ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཆོས་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་ན་མིག་ཆོས་ཡིན་ཞེ་ན། ཤ་ར་དྭ་ཏིའི་བུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ནི་མིག་ཅེས་བྱ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མིག་གི་ཇི་ལྟ་བ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ཡིད་རྣམས་ཀྱི་རང་བཞིན་ཡང་སྟོང་པ་ཉིད་དོ། །དེ་ལ་མིག་རབ་ཏུ་རྣམ་པར་འབྱེད་པ་གང་ཞེ་ན། མིག་ཡོངས་སུ་ཚོལ་བ་གང་ཡིན་པའོ། །ཇི་ལྟར་མིག་ཡོངས་སུ་བཙལ་ཞེ་ན། མིག་ལ་མིག་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་མིག་ལ་མིག་ཡོད་ན་ནི་མིག་གཉིས་ཡོད་ཅིང་ནང་ན་ཡོད་པའི་གང་ཟག་ཀྱང་ཡོད་པར་འགྱུར་ཏེ། དེ་ལྟར་མིག་གི་གདགས་པ་གང་ཡིན་པ་དེ་ནི་གདགས་པ་དང་ཆོས་དང་མིག་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་མཐོང་བ་སྲུང་བ་ཅན་ནི་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། མིག་དང་མིག་གི་གདགས་པ་དང་། ཆོས་འདི་ལས་ཡང་དག་པའི་གཞིར་འགྱུར་བ་གང་ཡིན་ཞེས་དེ་དེ་ལྟར་སོ་སོར་རྟོག་པར་བྱེད་པ་ན། དེ་ཐམས་ཅད་ནི་སྒྲ་ཡིན་གྱི་འདི་ལ་ཡང་དག་པའི་གཞིའི་རྟེན་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྒྲའི་རྣམ་པར་ཤེས་པ་གང་ཡིན་པ་དང་། སྒྲའི་རྣམ་པར་རིག་བྱེད་གང་ཡིན་པ་དེ་ནི་འཇིག་རྟེན་པའོ། །འཇིག་རྟེན་པ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པ་མ་ཡིན་ནོ། །འཇིག་རྟེན་ལས་འདས་པ་མ་ཡིན་པ་གང་ཡིན་པ་དེ་ནི་གཅེར་བུ་པའི་གནས་སོ། །དེ་ནི་གཅེར་བུ་པའི་ཚིག་གོ །གཅེར་བུ་པའི་ཚིག་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། དེ་བཞིན་ ― DKG048_Page_0241 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཤེགས་པ་ནི་འཇིག་རྟེན་ལས་འདས་པ་གསུངས་པའོ། །འཇིག་རྟེན་ལས་འདས་པ་མ་ཡིན་པ་གང་ཡིན་པ་ནི་དེས་གསུངས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་སྨྲ་བ་ལས་རྣམ་པར་གྲུབ་ཀྱང་དེ་བཞིན་གཤེགས་པ་ནི་སྨྲ་བ་གཅད་པའི་ཕྱིར་ཆོས་སྟོན་པར་མཛད་ཀྱི་ཚིག་ཀུན་དུ་སྡུད་པར་ནི་མི་མཛད་དོ་སྙམ་མོ། །ཡང་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། དགེ་བ་གང་གིས་མིག་མངོན་པར་འགྲུབ་ཅེ་ན། དེ་འདི་སྙམ་དུ་སེམས་ཏེ། དགེ་བ་དེས་པས་སོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པའི་ཡན་ལག་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྲིད་པའི་ཡན་ལག་ཅེས་བྱ་ཞེ་ན། དེ་ནི་སྲིད་པའི་ཡན་ལག་སྟེ། རྒྱུ་དེས་ན་སྲིད་པའི་ཡན་ལག་ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་ན་སྲིད་པ་ཞེས་བྱ་བ་ཞེ་ན། འགྲོ་བའི་ཕྱིར་སྲིད་པར་འབྱུང་བ་སྟེ། དེ་ནི་འདིར་མིག་ཏུ་གྱུར་པའོ། །དེ་ལ་མངོན་པར་དགའ་བས་མངོན་པར་དགའ་བ་ལ་འབྲས་བུ་ཡོད་དེ། འདི་ལྟ་སྟེ་མིག་བདག་ཡིན། མིག་བདག་གི་ཡིན་ཞེས་མིག་གི་རློམ་སེམས་ཀྱི་འབྲས་བུར་འགྲོ་བས་སློང་བ་སྟེ། དེས་ན་དེ་ནི་སྲིད་པ་ཞེས་བྱའོ། །དེ་ལ་བརྟེན་ནས་སོ་སོར་འཛིན་ཏོ། །ཅི་ཞིག་ཡོངས་སུ་འཛིན་ཅེ་ན། སྡུག་བསྔལ་ཐམས་ཅད་ཡོངས་སུ་འཛིན་ཏོ། །སྡུག་བསྔལ་ཐམས་ཅད་ཀྱང་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པའོ། །དེ་གཉིས་ནི་འདིར་ཡན་ལག་སྟེ། དེས་ན་སྲིད་པའི་ཡན་ལག་ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྔ་བོ་ཆེ་ལས་སྒྲ་བྱུང་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སྒྲ་དེ་ཕྱིའམ་ནང་གང་ནས་བྱུང་བ་ཡིན། གསོལ་པ། བཅོམ་ལྡན་འདས་སྒྲ་དེ་ནི་ཚོགས་པ་ལས་ལྡན་པ་ལགས་སོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་ཕྲད་པ་ཀུན་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཚལ་ཏེ། ཀུན་འབྱུང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སྲིད་པ་ནི་དེ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་མིག་ནི་མིག་གིས་སྟོང་ངོ་། །མིག་ལ་མིག་མེད་དོ། །དེ་ལ་བྱིས་པ་རྣམས་ནི་ཡང་དག་པ་མ་ཡིན་པའི་དངོས་པོ་ལ་ཆགས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ― DKG048_Page_0242 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིད་རྣམས་ནི་སྟོང་པའོ། །ཤ་ར་དྭ་ཏིའི་བུ་དེ་ཙམ་གྱིས་ན་མིག་ལེགས་པར་ཡོངས་སུ་བཙལ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མིག་ནི་སྟོང་པ་ཉིད་དུ་གསུངས། །མིག་དེ་ཡོད་པ་མ་ཡིན་ནོ། །གལ་ཏེ་མིག་ཡོད་མ་ཡིན་ན། །མི་རྟག་ཉིད་དེ་སུ་ཡི་ཡིན། །རྣ་བ་མི་རྟག་ཉིད་དུ་གསུངས། །དེ་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་རྣ་བ་ཡོད་མིན་ན། །མི་རྟག་ཉིད་དེ་སུ་ཡི་ཡིན། །སྣ་ནི་མི་རྟག་ཉིད་དུ་གསུངས། །དེ་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་དེ་དམིགས་མ་ཡིན་ན། །མི་རྟག་ཉིད་དེ་སུ་ཡིས་གསུངས། །ལྕེ་ནི་མི་རྟག་ཉིད་དུ་གསུངས། །ལྕེ་དེ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་དམིགས་མ་ཡིན་ན། །མི་རྟག་ཉིད་དེ་སུ་ཡི་ཡིན། །ལུས་ནི་མི་རྟག་ཉིད་དུ་གསུངས། །དེ་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་ལུས་ཡོད་མ་ཡིན་ན། །མི་རྟག་ཉིད་དེ་སུ་ཡི་ཡིན། །ཡིད་ནི་མི་རྟག་ཉིད་དུ་གསུངས། །དེ་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་དེ་དམིགས་མ་ཡིན་ན། །མི་རྟག་ཉིད་དེ་སུ་ཡི་ཡིན། །སྐྱེ་མཆེད་བཅུ་གཉིས་གསུངས་པ་དག །དེ་དག་མིང་ཡང་དེ་སྙེད་ཡོད། །གལ་ཏེ་སྐྱེ་མཆེད་རྣམས་མེད་ན། །དེ་སྙེད་མིང་ཡོད་སུ་ཡི་ཡིན། །འབྱུང་བ་ཆེན་པོའང་བཞི་ཡིན་ཏེ། །དེ་དག་རྟེན་ཏེ་གང་ཞིག་ཡིན། །ཁྱི་ལ་བོང་བ་འཕངས་པ་བཞིན། །དེ་དག་མིང་གིས་རྒྱུག་པར་བྱེད། །གང་དག་མིང་གིས་མི་རྒྱུག་ཅིང་། །བདག་ཉིད་རློམ་སེམས་མི་བྱེད་ལ། །སེམས་ཅན་མེད་པར་ཞུགས་པས་ནི། །དེ་དག་མྱ་ངན་འདས་པར་བརྗོད། །གང་དེར་མྱ་ངན་འདས་གྱུར་ན། ། དེ་ལ་ཆོས་དམིགས་ཡོངས་མེད་དེ། །མྱ་ངན་འདས་ཞེས་དེ་བརྗོད་ཀྱང་། །མྱ་ངན་འདས་ནི་བརྗོད་དུ་མེད། །དེ་ལ་གང་ཡང་མི་འགྲོ་སྟེ། །འགྲོ་བ་ཡང་ནི་ཡོད་མ་ཡིན། །གང་གིས་དེ་ལྟར་འཐུན་རྟོགས་པ། །དེ་དག་མྱ་ངན་འདས་པ་ཤེས། །སྦྱོར་བ་མེད་ཅིང་རྩོམ་པའང་མེད། །གོས་པ་མེད་ཅིང་ཡི་གེའང་མེད། །གང་ཟག་མེད་ཅིང་སྲོག་ཀྱང་མེད། །དེས་ཀྱང་མྱ་ངན་འདས་ཞེས་གསུངས། །ཡོད་དང་མེད་པར་རྣམ་ ― DKG048_Page_0243 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོག་སྟེ། །རྟོག་པ་ཡང་ནི་ཡོད་མ་ཡིན། །འདུ་ཤེས་དེ་ཡང་སྟོང་པ་སྟེ། །མྱ་ངན་འདས་པར་དེ་བསམ་མོ། །ཐག་རིང་བ་ཡི་ཆོས་མ་མཐོང་། །ཐག་ཉེ་བ་ཡང་མཐོང་མ་ཡིན། །ཆོས་རྣམས་རང་བཞིན་གང་ཡིན་པ། །འཆི་འཕོའི་ཚེ་ཡང་རབ་ཏུ་ཤེས། །ཆོས་དེ་འདྲ་བ་གང་དག་གིས། །ཐོས་ནས་ཚུལ་བཞིན་ཤེས་བྱེད་པ། །དེ་དག་སོམ་ཉི་མེད་འགྱུར་ཞིང་། །མི་ཤེས་པ་ཡང་མེད་པར་འགྱུར། །བདེ་མཐོང་སྲུང་བ་སོམ་ཉི་མེད། །ཆོས་རྣམས་ཀུན་ལ་མི་འཇིགས་པ། །ཐེ་ཚོམ་དག་ནི་བསལ་ནས་སུ། །དེ་དག་སོམ་ཉི་མེད་པར་འགྱུར། །དོགས་མེད་བྱང་ཆུབ་སེམས་དཔའ་ནི། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཐེ་ཚོམ་ཆད་པས་རྒྱུ་བྱེད་ཅིང་། །ཆོས་ཀྱི་ཐེ་ཚོམ་གཅོད་པར་བྱེད། །ཆོས་རྣམས་ཀུན་གྱི་ཕྱག་རྒྱ་དེ། །སྨྲ་བ་ཀུན་ལས་ཐར་བྱའི་ཕྱིར། །མཆོག་གསུངས་པ་ཡིས་བསྟན་པ་ཡིན། །དེ་ལ་སོམ་ཉི་མ་བྱེད་ཅིག །རྩོད་པ་རྣམ་པར་འཇིག་ཅེས་གསུངས། །དེ་ཡིས་ངན་འགྲོར་འགྲོ་བར་འགྱུར། །གང་དག་ཕུག་ནས་བརྟེན་པ་རྣམས། །དེ་དག་གིས་ནི་ལུས་མ་ཤེས། །དོན་འགྲུབ་པར་ནི་དེ་གསུངས་ཏེ། །དོན་ཐོབ་པ་ལ་གནས་པ་མེད། །གང་དག་འགྲོ་བ་དེར་འགྲོ་བ། །བྱང་ཆུབ་ལ་ནི་ཉེ་བར་འགྱུར། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་གནས་བཞི་ལ་འདུན་པ་བརྟན་པོ་ཡིན་ཏེ། མངོན་པར་འབྱུང་བ་དང་། དགོན་པ་ན་གནས་པ་དང་། དེ་བཞིན་གཤེགས་པ་མཐོང་བ་དང་། སྡུག་བསྔལ་བའི་སེམས་ཅན་དག་མཐོང་ན། ནམ་ཞིག་བདག་གིས་ཐེག་པ་ཆེན་པོའི་ཐེག་པ་དེ་ཡང་དག་པར་བསྒྲུབས་ནས། སེམས་ཅན་དེ་དག་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་བའི་ཕྱིར། ཆོས་སྟོན་ཅིག་གུ་སྙམ་ནས་གོ་ཆ་གྱོན་པར་བྱེད་པའོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྟན་པོ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུན་པ་ཇི་ལྟ་བུས་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་ ― DKG048_Page_0244 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤད་དོ། །ཤ་ར་དྭ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ་བྱུང་བར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་རྣམས་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོའི་ཚེའི་ཚད་ནི་ལོ་བདུན་ཁྲི་ཐུབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེའི་ཉན་ཐོས་འདུས་པ་གཅིག་ནི་དགྲ་བཅོམ་པ་བྱེ་བ་ཕྲག་ཉི་ཤུར་གྱུར་ཏོ། །གཉིས་པ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་བཞི་བཅུར་གྱུར་ཏོ། །འདུས་པ་གསུམ་པ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཁྲིར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་དེ་ནི་ཡངས་ཤིང་རྒྱ་ཆེ་བར་གྱུར་ཏེ། དཔག་ཚད་འབུམ་ཕྲག་དགུ་བཅུ་ཡོད་དོ། །དེའི་ཚེ་འཛམ་བུའི་གླིང་དེ་ན་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་བྱུང་བར་གྱུར་ཏོ། །ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གསེར་དང་། དངུལ་དང་། ཤེལ་དང་། བཻ་དཱུཪྱ་དང་། སྤུག་དང་། རྡོའི་སྙིང་པོ་དང་། བདུན་པ་མུ་ཏིག་དམར་པོ་ལས་བྱས་པ་བཀྲ་བ། བལྟ་ན་སྡུག་པ། ཆུ་དང་སྲིད་དུ་ནི་དཔག་ཚད་བཅུ་གཉིས་ཡོད་ལ། ཞེང་དུ་ནི་དཔག་ཚད་བདུན་ཡོད་པའོ། །ཐམས་ཅད་ཀྱང་འབྱོར་པ། རྒྱས་པ། བདེ་བ། ཉམས་དགའ་བ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བའོ། །གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ཀྱང་ཁོར་ཡུག་ཏུ་ར་བ་རིམ་བདུན་དང་། འོབས་རིམ་བདུན་གྱིས་ཡོངས་སུ་བསྐོར་བའོ། །འོབས་དེ་དག་ཐམས་ཅད་ཀྱང་ཆུས་གང་བ། ཀུན་ནས་རྗེས་སུ་འབབ་པའི་ཆུ་འབབ་པ། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཀུན་དུ་ཁེབས་ཤིང་། ངུར་པ་དག་གིས་སྒྲ་ཕྱུང་བ། བྱ་རྣམ་པ་སྣ་ཚོགས་ཀྱི་ཚོགས་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་ ― DKG048_Page_0245 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དག་གིས་སྒྲ་ཡང་དག་པར་བརྗོད་པའོ། །འོབས་ཀྱི་འགྲམ་དེ་དག་ཐམས་ཅད་ཀྱང་གསེར་གྱི་ཤིང་ལྗོན་པ་དག་ལ། ཡལ་ག་དག་ནི་དངུལ། འདབ་མ་དག་ནི་བཻ་དཱུཪྱ་ལས་གྲུབ་པ། ལོ་མ་དག་ནི་རྡོའི་སྙིང་པོ། མེ་ཏོག་དག་ནི་ཤེལ། འབྲས་བུ་དག་ནི་སྤུག །སྡོང་བུ་དག་ནི་མུ་ཏིག་དམར་པོ་དང་། དངུལ་གྱི་ཤིང་ལྗོན་པ་དག་ལ། ཡལ་ག་དག་ནི་གསེར། འདབ་མ་དག་ནི་ཤེལ། ལོ་མ་དག་ནི་བཻ་དཱུཪྱ་ལས་གྲུབ་པ། འབྲས་བུ་དག་ནི་སྤུག །མེ་ཏོག་དག་ནི་རྡོའི་སྙིང་པོ། སྡོང་བུ་དག་ནི་མུ་ཏིག་དམར་པོ་དང་། ཤེལ་གྱི་ཤིང་ལྗོན་པ་དག་ལ། སྡོང་པོ་དག་ནི་བཻ་དཱུཪྱ་ལས་གྲུབ་པ། ལོ་མ་དག་ནི་གསེར། འདབ་མ་དག་ནི་དངུལ། མེ་ཏོག་དག་ནི་སྤུག །འབྲས་བུ་དག་ནི་རྡོའི་སྙིང་པོ། སྡོང་བུ་དག་ནི་མུ་ཏིག་དམར་པོ་དང་། སྤུག་གི་ཤིང་ལྗོན་པ་དག་ལ། སྡོང་པོ་དག་ནི་རྡོའི་སྙིང་པོ། ལོ་མ་དག་ནི་མུ་ཏིག་དམར་པོ། འདབ་མ་དག་ནི་དངུལ། མེ་ཏོག་དག་ནི་གསེར། འབྲས་བུ་དག་ནི་ཤེལ། རྩ་བ་དག་ནི་བཻ་དཱུཪྱ་ལས་གྲུབ་པ་དང་། རྡོའི་སྙིང་པོའི་ཤིང་ལྗོན་པ་དག་ལ། སྡོང་པོ་དག་ནི་མུ་ཏིག་དམར་པོ། ལོ་མ་དག་ནི་དངུལ། འདབ་མ་དག་ནི་གསེར། མེ་ཏོག་དག་ནི་ཤེལ། འབྲས་བུ་དག་ནི་བཻ་དཱུཪྱ་ལས་གྲུབ་པ། རྩ་བ་དག་ནི་སྤུག་དང་། མུ་ཏིག་དམར་པོའི་ཤིང་ལྗོན་པ་དག་ལ། སྡོང་པོ་དག་ནི་གསེར་ལས་གྲུབ་པ། ལོ་མ་དག་ནི་དངུལ། འདབ་མ་དག་ནི་ཤེལ། མེ་ཏོག་དག་ནི་བཻ་དཱུཪྱ་ལས་གྲུབ་པ། འབྲས་བུ་དག་ནི་སྤུག་ལས་གྲུབ་པ། རྩ་བ་དག་ནི་རྡོའི་སྙིང་པོ་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཤིང་ལྗོན་པ་དག་གིས་ཁྱབ་པར་གྱུར་པའོ། །གྲོང་ཁྱེར་ཆེན་པོ་དེ་དག་ན་གྲོང་ཁྱེར་ཆེན་པོ་རེ་རེ་ན་ཡང་སྐྱེད་མོས་ཚལ་བརྒྱད་ཁྲི་བརྒྱད་ཁྲི་ཡོད་དེ། ཐམས་ཅད་ཀྱང་དཔག་ཚད་ཉི་ཤུ་པའོ། །སྐྱེད་མོས་ཚལ་བརྒྱད་ཁྲི་པོ་དེ་དག་ཐམས་ཅད་ཀྱང་ཁོར་ཡུག་ཏུ་འོབས་དག་དང་། རྟ་བབས་རིམ་བདུན་དང་། དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་དང་། སྟེགས་བུ་རིམ་པ་བདུན་གྱིས་བསྐོར་བར་གྱུར་ཏེ། ཚུལ་སྔ་མ་ཁོ་ནས་གོང་མ་བཞིན་དུ་སྦྱར་བར་བྱ་སྟེ། ཇི་ལྟར་གྲོང་ཁྱེར་གྱི་འོབས་དག་ ― DKG048_Page_0246 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་བཀོད་པ་དག་བཞིན་དུ་སྐྱེད་མོས་ཚལ་གྱི་འོབས་དག་ལ་ཡང་བཀོད་པ་དག་ཀུན་ཤེས་པར་བྱའོ། །སྐྱེད་མོས་ཚལ་དེ་ལ་ཡང་ཙན་དན་གྱི་ལོ་མ་དག་དང་། དུས་ཀྱི་རྗེས་སུ་འབྲང་བའི་ཤིང་ལྗོན་པ་དག་དང་། རོལ་མོའི་སྒྲའི་ཤིང་ལྗོན་པ་དག་དང་། རྒྱན་གྱི་ཤིང་ལྗོན་པ་དག་དང་། མེ་ཏོག་གི་ཤིང་ལྗོན་པ་དག་དང་། བཟའ་བའི་ཤིང་ལྗོན་པ་དག་དང་། བཏུང་བའི་ཤིང་ལྗོན་པ་དག་ཀྱང་ཡོད་དོ། །སྐྱེད་མོས་ཚལ་དེ་ལ་ཡང་གསེར་དང་། དངུལ་དང་། ཤེལ་དང་། བཻ་དཱུཪྱ་ལས་གྲུབ་པ་དང་། སྤུག་ལས་གྲུབ་པ་དང་། མུ་ཏིག་དམར་པོ་ལས་གྲུབ་པའི་ཤིང་ལྗོན་པ་དག་ཡོད་དོ། །དེ་དག་ལ་ཡང་མེ་ཏོག་སྐྱེས་པ། མེ་ཏོག་ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། བར་ཤ་ཀ་དང་། དྷ་ནུ་སྐ་རི་དང་། མྱ་ངན་འཚང་དང་། ནག་དང་། བལ་ལ་དང་། ཏ་ར་ནི་དང་། གོ་ཏ་ར་ནི་དང་། མན་དཱ་ར་བ་དག་དང་། མེ་ཏོག་ཁ་དོག་ལྔ་པ་དག་དང་། ཙན་དྲོ་ཏ་ར་ནི་དག་དང་། དེ་དག་དང་གཞན་ཡང་མེ་ཏོག་སྐྱེས་པ་རྣམ་པ་སྣ་ཚོགས་དག་ཡོད་དོ། །སྐྱེད་མོས་ཚལ་དེ་དག་རེ་རེ་ལ་ཡང་རྫིང་བུ་སྟོང་ཕྲག་བདུན་བདུན་བྱུང་བར་གྱུར་ཏེ། ཐམས་ཅད་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། ཚད་ནི་དཔག་ཚད་ཕྱེད་པ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། གསེར་གྱི་བྱེ་མ་བདལ་བ། ཐེམ་སྐས་བཞི་དང་ལྡན་པའོ། །རྫིང་བུ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་དྲ་བས་ཀུན་དུ་ཁེབས་པ། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་རབ་ཏུ་གང་བའོ། །དེའི་ཚེ་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་རྒྱལ་པོ་དཔས་བྱིན་དེའི་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ཏུ་ཁྱིམ་བརྒྱད་ཁྲི་བཞི་སྟོང་ཡོད་པར་གྱུར་ཏེ། ཁྱིམ་རེ་རེར་ཡང་བཙུན་མོའི་འཁོར་གྱི་བུད་མེད་བརྒྱད་ཁྲི་བཞི་སྟོང་ཡོད་པར་གྱུར་ཏོ། །འཛམ་བུའི་གླིང་དེར་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གི་དབུས་སུ་གྲོང་ཁྱེར་ཆེན་པོ་ཆུར་དཔག་ཚད་བརྒྱད་ཁྲི་ཡོད་པ། ཞེང་དུ་དཔག་ཚད་བཞི་ཁྲི་ཡོད་པ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། མིའི་སྐྱེ་བོ་མང་པོས་ ― DKG048_Page_0247 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་བ་གཅིག་ཡོད་པར་གྱུར་ཏེ། དེ་ལྟར་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དེའི་ཚེ་གྲོང་ཁྱེར་ཆེན་པོ་དེའི་དབུས་སུ་རྒྱལ་པོ་དཔས་བྱིན་གྱི་ཁྱིམ་རིན་པོ་ཆེ་སྣ་བདུན་ཆུ་ཞེང་དུ་ཀུན་ནས་དཔག་ཚད་བཅུ་ཡོད་པ་ཞིག་བརྩིགས་པར་གྱུར་ཏེ། ཁྱིམ་དེ་ན་ཡང་གསེར་ལས་བྱས་པའི་པུ་ཤུ་དང་། ཁང་པ་བརྩེགས་པ་སྣ་ཚོགས་པ་དག་ཡོད་དོ། །ཁྱིམ་དེའི་དབུས་སུ་ཡང་འདི་ལྟ་སྟེ་དཔེར་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ལྟ་བུའི་ཁང་བཟངས་ཤིག་བརྩིགས་པར་གྱུར་ཏེ། ཁང་བཟངས་དེའི་མིང་ནི་ཆོས་ཞེས་བྱ་བར་གྱུར། རྒྱལ་པོ་དེའི་ཀུན་དགའ་ར་བ་ནི་ཆོས་བཟངས་ཞེས་བྱ་བར་གྱུར་ཏེ། ཁྱིམ་དེའི་དབུས་སུ་ཡང་སྐྱེད་མོས་ཚལ་ཞིག་ཡོད་པར་གྱུར་ཏོ། །སྐྱེད་མོས་ཚལ་དེ་ཡང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་དང་། རོལ་མོའི་སྒྲ་འབྱུང་བའི་ཤིང་ལྗོན་པ་དང་། རྒྱན་གྱི་ཤིང་ལྗོན་པ་དང་། གོས་ཀྱི་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་དག་གིས་ཀུན་ནས་སོ་སོར་བརྒྱན་པའོ། །སྐྱེད་མོས་ཚལ་དེ་ཡང་མིག་མངས་རིས་སུ་བྱས་པའོ། །ཁྱིམ་དེ་ཡང་ངོས་བཞིར་རྟ་བབས་བཙུགས་པ་སྟེགས་བུ་དང་། ཀུན་དུ་བལྟ་བའི་ས་དང་། སྐར་ཁུང་དག་གིས་མཛེས་པར་བྱས་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་བརྩེགས་པ་བཀྲ་བ་བལྟ་ན་སྡུག་པ་དག་གིས་ཀུན་ནས་སོ་སོར་བརྒྱན་པའོ། །དེའི་ཚེ་རྒྱལ་པོ་དཔས་བྱིན་གྱི་བཙུན་མོ་དམ་པ་གཙོ་མོ་ལས་བྱང་ཆུབ་སེམས་དཔའ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། མཛེས་པ། བལྟ་ན་སྡུག་པ། མཐུ་ཆེ་བ། དབང་ཆེ་བར་གྲགས་པ། དཔལ་དང་གཟི་བརྗིད་ཀྱིས་འབར་བའི་བུ་ཞིག་བཙས་པར་གྱུར་ཏེ། དེ་བཙས་མ་ཐག་ཏུ་རྒྱལ་པོ་དཔས་བྱིན་གྱིས་འདི་ནི་དེའི་ལོངས་སྤྱོད་དུ་འགྱུར་བ་ཡིན་ནོ་ཞེས་གྲོང་ཁྱེར་ཆེན་པོ་དེ་བྱིན་པར་གྱུར་ཏོ། །དེའི་ཚེ་ཉིན་མོ་བུ་མོ་ས་ཡ་ཕྲག་བཞི་གང་དག་བྱུང་བ་དེ་དག་ཐམས་ཅད་ཀྱང་རྒྱལ་པོ་དཔས་བྱིན་གྱིས་གཞོན་ནུའི་ལོངས་སྤྱོད་དུ་བསླངས་སོ། །རྒྱལ་པོ་དེ་དང་། སྐྱེ་དགུའི་བདག་མོ་རིན་ཆེན་མ་དང་། གྲོང་མི་དང་། ཡུལ་གྱི་མི་དག་གིས་ཀྱང་བསོད་ནམས་མཆོག་ ― DKG048_Page_0248 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅེས་བྱ་བར་མིང་བཏགས་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་བཙས་པའི་མོད་ལ་སྟེང་གི་བར་སྣང་ལ་ལྷ་རྣམས་ཀྱིས་གླུ་དབྱངས་རབ་ཏུ་བླངས་ཤིང་། ལྷའི་ཙན་དན་གྱི་ཕྱེ་མ་དག་དང་། ལྷའི་མེ་ཏོག་མན་དཱ་ར་བའི་ཆར་པ་དག་ཕབ་པར་གྱུར་ཅིང་། ཁྱེའུ་འདི་བཙས་པ་བསོད་ནམས་མཆོག །ཁྱེའུ་འདི་བཙས་པ་བསོད་ནམས་མཆོག་ཅེས་ལྷའི་དབྱངས་ཀྱིས་ཀྱང་ཡང་དག་པར་བརྗོད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ན་ཁྱེའུ་དེའི་མིང་བསོད་ནམས་མཆོག་ཅེས་བྱ་བ་ཁོ་ནར་བཏགས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་རྒྱལ་པོའི་བུ་བསོད་ནམས་མཆོག་དེ་ནར་སོན་ནས་བཙུན་མོའི་འཁོར་གྱིས་མདུན་དུ་བདར་ཏེ། སྐྱེད་མོས་ཚལ་གྱི་སར་ཙན་དན་ལས་བྱས་པའི་གྲུར་ཞུགས་ནས་སྐྱེས་པ་མེད་པའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་ཞིང་དགའ་མགུར་སྤྱོད་དོ། །དེའི་ཚེ་ཡང་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ཙན་དན་གྱི་གྲུར་ཞུགས་ནས། དེ་བཞིན་གཤེགས་པའི་སྐུ་མེ་དང་། གསེར་དང་། ཟླ་བ་དང་། འཛམ་བུའི་ཆུ་བོའི་གསེར་གྱི་མདོག་གི་འོད་ཟེར་བྱེ་བ་ཕྲག་འབུམ་རབ་ཏུ་འགྱེད་པའི་སྐུ་དང་ལྡན་པ་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པ། གསེར་ལྟར་འབར་བ། རིན་པོ་ཆེའི་བཀོད་པ་ལྟར་བརྒྱན་པ། ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་ན་ཆོས་སྟོན་པ་མཐོང་སྟེ། མཐོང་ནས་ཀྱང་རྒྱལ་པོའི་བུ་གཞོན་ནུ་བསོད་ནམས་མཆོག་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ཅི་འདྲ་བ་དེ་འདྲར་བདག་ཀྱང་གྱུར་ཅིག་སྙམ་མོ། །དེ་ནས་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་རྣམ་པ་དེ་ལྟ་བུའི་སེམས་སྐྱེས་ནས། དེ་མ་ཐག་ཏུ་དེ་བཞིན་གཤེགས་པའི་སྐུ་དེ་མི་སྣང་བར་གྱུར་ཏེ། དེ་མི་སྣང་བར་གྱུར་ནས་དེ་མ་ཐག་ཏུ་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ཏེ། བུད་མེད་དག་དང་ཡང་ལྷན་ཅིག་རྩེ་བར་མི་བྱེད། དགའ་བར་མི་བྱེད། དགའ་མགུར་སྤྱོད་པར་མི་བྱེད་ཅིང་། བུད་མེད་དེ་དག་ལ་སྟེན་པར་མི་བྱེད་དོ། །གྲུ་དེ་ནས་བྱུང་སྟེ་ཁང་པ་བརྩེགས་པར་ཞུགས་ནས། སྐྱིལ་མོ་ཀྲུང་བཅས་ཏེ་ནམ་ཞིག་དེ་བཞིན་གཤེགས་པ་དེ་ཅི་འདྲ་བ་དེ་འདྲ་བ་ཉིད་ ― DKG048_Page_0249 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་བདག་འགྱུར་ཞིག་གུ་སྙམ་སྟེ་སེམས་པ་ལ་ཞུགས་སོ། །དེ་ནས་རྒྱལ་པོའི་གཞོན་ནུ་དེའི་ཐད་དུ་བུད་མེད་གང་དག་འོང་བ་དེ་དག་ཐམས་ཅད་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས། རྒྱལ་པོའི་གཞོན་ནུས་སྒོ་དག་བཅད་དེ། ཀྱེ་མ་སེམས་ཅན་འདི་དག་ནི་འདོད་ཆགས་ཀྱིས་གང་བ་ནད་ཆེན་པོས་སོ་སོར་གཟིར་བ་དག་སྟེ། འདོད་ཆགས་ཀྱིས་གང་ཞིང་ནད་ཆེན་པོས་སོ་སོར་གཟིར་བའི་སེམས་ཅན་དེ་དག་ལ་བདག་གིས་ཀུན་ཏུ་སྤྱད་པར་བྱས་ན། དེ་དག་ནི་རིགས་པ་མ་ཡིན་ལ་བདག་ནི་རིགས་པ་ཡིན་པའི་ཕྱིར་དེ་ནི་བདག་གི་ཆ་མ་ཡིན་པར་འགྱུར་རོ། །སེམས་ཅན་འདི་དག་ནི་ཞེ་སྡང་གིས་གང་བ་ནད་ཆེན་པོའི་ནད་ཀྱིས་ཀུན་དུ་གཟིར་བ་དག་སྟེ། གལ་ཏེ་ཞེ་སྡང་གིས་སོ་སོར་གང་ཞིང་ནད་ཆེན་པོའི་ནད་ཀྱིས་རབ་ཏུ་གཟིར་བའི་སེམས་ཅན་དེ་དག་ལ་ཡིད་དུ་འོང་བ་དང་བཅས་པར་བྱས་ན། དེ་དག་ནི་མི་རིགས་པ་ཡིན་ལ་བདག་ནི་རིགས་པ་ཡིན་པའི་ཕྱིར། དེ་ལ་བྱེ་བྲག་ཅི་ཡོད་པར་འགྱུར་ཏེ། བདག་ནི་སྐུ་དེ་ལྟ་བུ་མངོན་པར་བསྒྲུབ་པར་བརྩོན་པའོ། །ཀྱེ་མ་བདག་གིས་རང་གི་སེམས་ནི་ཚར་གཅད་པར་བྱ། སེམས་ཅན་དེ་དག་ལ་ནི་གནོད་སེམས་མི་བསྐྱེད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་གཏི་མུག་གིས་གང་བ། ནད་ཆེན་པོའི་ནད་ཀྱིས་ཀུན་དུ་གཟིར་བ་དག་སྟེ། གལ་ཏེ་ནད་ཆེན་པོའི་ནད་ཀྱིས་ཀུན་ཏུ་གཟིར་བའི་སེམས་ཅན་དེ་དག་ལ་རྗེས་སུ་འཇུག་པར་བྱས་ན། དེ་དག་ནི་མི་རིགས་པ་ཡིན་ལ་བདག་ནི་རིགས་པ་ཡིན་པས། དེ་ལ་བྱེ་བྲག་ཅི་ཡོད་པར་འགྱུར་ཏེ། བདག་ནི་སྐུ་དེ་ལྟ་བུ་མངོན་པར་བསྒྲུབ་པར་བརྩོན་པའོ། །སེམས་ཅན་འདི་དག་ནི་ཕྲག་དོག་དང་། ཁྲོ་བས་གང་བ་ནད་ཆེན་པོའི་ནད་ཀྱིས་ཀུན་ཏུ་གཟིར་བ་དག་སྟེ། གལ་ཏེ་སེམས་ཅན་དེ་དག་ལ་བདག་ཀུན་དུ་རྗེས་སུ་འཇུག་པར་བྱས་ན། དེ་དག་ནི་མི་རིགས་པ་ཡིན་ལ། བདག་ནི་རིགས་པ་ཡིན་པས། དེ་ལ་བྱེ་བྲག་ཅི་ཡོད་པར་འགྱུར་ཏེ། བདག་ནི་སྐུ་དེ་ལྟ་བུ་མངོན་པར་བསྒྲུབ་པར་བརྩོན་པར་བྱའོ། །ཀྱེ་མ་བདག་གིས་ཕྲག་དོག་མེད་པར་བྱ། སེར་སྣ་ཅན་མ་ཡིན་པ་དང་། རྨོངས་པ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བར་བྱ་ཞིང་། སེམས་ཅན་དེ་ ― DKG048_Page_0250 ―
[མ་དཔེ་གཟིགས་ན་འདིར་གནོན།]
དག་ཉིད་ལ་ཡང་བྱམས་པའི་སེམས་བསྐྱེད་པར་བྱ། སྙིང་རྗེ་བསྐྱེད་པར་བྱ། སེམས་ཅན་དེ་དག་ལམ་གང་དུ་ཞུགས་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། ཁྲོ་བ་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། ཐ་བ་དང་། ང་རྒྱལ་ཐམས་ཅད་རྒྱུན་ཆད་པར་འགྱུར། སྤོང་བར་འགྱུར། མི་སྟེན་པར་འགྱུར། མི་སྒོམ་པར་འགྱུར། མང་དུ་མི་བྱེད་པར་འགྱུར་བའི་ལམ་བཙལ་བར་བྱའོ་སྙམ་མོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ཡིད་མི་དགའ་ཞིང་། སྐྱོ་བས་མངོན་པར་བརྩོན་ཏེ་རྩེ་བར་མི་བྱེད། དགའ་བར་མི་བྱེད། དགའ་མགུར་སྤྱོད་པར་མི་བྱེད་ཅིང་། སུའི་ངོར་ཡང་ལྟ་བར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་རྒྱལ་པོ་དཔས་བྱིན་གྱིས་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་རྩེ་བར་མི་བྱེད། དགའ་བར་མི་བྱེད། དགའ་མགུར་སྤྱོད་པར་མི་བྱེད་ཅིང་། བུད་མེད་མཐོང་ནའང་སྒོ་གཅོད་པར་བྱེད་དོ་ཞེས་ཐོས་ཏེ། ཐོས་ནས་ཀྱང་རྒྱལ་པོ་དཔས་བྱིན་དང་། སྐྱེ་དགུའི་བདག་མོ་རིན་ཆེན་མ་འདི་སྙམ་དུ་སེམས་པར་གྱུར་ཏེ། རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ལ་གང་གིས་ཀྱང་མི་དགའ་བའམ། ཡིད་དུ་མི་འོང་བ་ཉེ་བར་བསྒྲུབ་པར་གྱུར་ན་མི་རུང་ངོ་སྙམ་ནས། གང་གིས་རྩེ་བར་མི་བྱེད་དགའ་བར་མི་བྱེད། དགའ་མགུར་སྤྱོད་པར་མི་བྱེད་ཅིང་། བུད་མེད་མཐོང་ནའང་སྒོ་གཅོད་པར་བྱེད་ཅེས་དེ་བདག་གིས་གདོན་མི་ཟ་བར་དྲི་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་དཔས་བྱིན་དང་། སྐྱེ་དགུའི་བདག་མོ་གཙོ་མོ་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ག་ལ་བ་དེར་དོང་སྟེ་ཕྱིན་ནས། རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། ཁང་བཟངས་ཆོས་དང་ཆོས་བཟངས་བྱེད་དུ་བཅུག །དེ་བཞིན་ལྷ་ཡི་བུ་མོ་འདྲ་བས་གང་། །ཤིང་ལྗོན་སྣ་ཚོགས་སྐྱེད་མོས་ཚལ་མཛེས་ན། །ཅི་ཕྱིར་གཞོན་ནུ་ཁྱིམ་དེར་དགའ་མི་བྱེད། །ཁང་བཟངས་དང་ནི་ཤིང་ཐགས་དམ་པོ་བཙུགས། །རྒྱལ་སྲིད་ཀུན་ལ་གྲོང་ཁྱེར་འདི་བྱེད་བཅུག །འདིར་ནི་འཛམ་གླིང་འདི་ཀུན་སྣང་འགྱུར་ན། །ཅི་ཕྱིར་གཞོན་ནུ་ཁྱིམ་དེར་དགའ་མི་བྱེད། །དེ་རིང་ཁྱོད་ལ་སུ་ཡིས་མི་དགའ་སྨྲས། །ཁྱོད་ལ་མི་སྙན་དེ་འདྲ་ག་ལས་ ― DKG048_Page_0251 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱུང་། །ཚོང་པ་ནོར་རྙེད་ཆེན་པོ་ཆུད་ཟོས་བཞིན། །ཅི་ཕྱིར་འདི་ན་ཁྱོད་ནི་གཅིག་པུ་སེམས། །ང་ནི་ཕ་ཡིན་འདི་ཡང་མ་ཡིན་གྱིས། །གང་དེ་དྲིས་པ་ངེད་ལ་སྨྲ་བར་གྱིས། །འཛམ་གླིང་དབང་ཕྱུག་ད་ལྟ་ང་ཡིན་ན། །དེང་འདིར་ཆད་པ་ཆེན་པོ་སུ་ལ་གཅད། །ཤ་ར་དྭ་ཏིའི་བུ་དེ་ནས་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་གིས་ཕ་མ་ལ་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། བདག་ལ་སུས་ཀྱང་མི་སྙན་སྨྲས་མ་མཆིས། །ཚིག་མ་མཆིས་པས་ཇི་ལྟར་བརྗོད་པར་བགྱི། །སུ་ལའང་ཁྱེད་ཀྱིས་ཆད་པ་མི་གཅད་གསོལ། །རང་གིས་སེམས་ལ་ཆད་པ་གཅད་པར་མཛོད། །ཆུ་ཡི་ནང་འདིར་བདག་ནི་སྤྱོད་པ་ན། །བདག་གིས་འདྲེན་པ་ཡི་ནི་སྐུ་མཐོང་སྟེ། །འཛམ་གླིང་གསེར་གྱི་འོད་ཟེར་བྱེ་སྟོང་ལྡན། །ཕྱོགས་ཉིད་ཀུན་ཏུ་སྣང་ཞིང་རྣམ་པར་མཛེས། །ས་ཡི་འོད་དང་དེ་བཞིན་མེ་ཡི་འོད། །ཟླ་བའི་འོད་དང་དེ་བཞིན་ཉི་མའི་འོད། །དེ་ཡི་གན་ན་ཐམས་ཅད་མི་གདའ་སྟེ། །དེ་འདྲའི་སྐུ་དེ་མཐོང་བར་གྱུར་ཏོ་ཡབ། །བདག་སེམས་ཡེ་ཤེས་གཟུགས་ཀྱིས་ཇི་ལྟ་བུར། །སྐུ་དེ་དེ་འདྲ་བདག་ཀྱང་གྱུར་ཅིག་སྙམ། །རྒ་ནད་གཟིར་བའི་སེམས་ཅན་ཐར་བར་བགྱི། །ཉོན་མོངས་སེམས་ལྡན་བདེ་དང་ལྡན་པར་བགྱི། །ཡེ་ཤེས་གཟུགས་དང་སྟོབས་དང་མཐུ་དང་ནི། །བསམ་མི་ཁྱབ་པས་སྐུ་དེ་ཅི་ལྟ་བར། །མི་རྣམས་ཀྱི་ནི་རྒྱ་ཆེན་དོན་བགྱི་ཞིང་། །ངན་འགྲོ་གནས་པའི་སྐྱེ་བོ་གདོན་པར་བགྱི། །བདག་ནི་རྩེས་པས་འཚལ་ཏོ་དགའ་བས་འཚལ། །ཁྱིམ་དང་བུད་མེད་དག་གིས་འཚལ་ལགས་སོ། །བདག་གིས་ཀུན་སྤངས་རབ་ཏུ་འབྱུང་བར་བགྱི། །སངས་རྒྱས་རྣམས་ཀྱིས་བསླབས་ནས་སངས་རྒྱས་བགྱི། །ངུར་སྨྲིག་གི་ནི་གོས་ཀྱང་བགོས་ནས་སུ། །རབ་ཏུ་བྱུང་ནས་བདག་གིས་ཆོས་སྤྱད་དོ། །ཡབ་ཅིག་ཁྱོད་ཀྱང་འདིར་ནི་རབ་བྱུང་ནས། །རྒྱལ་སྲིད་སྤོངས་ཏེ་ཆོས་ལ་སྤྱོད་པར་མཛོད། །རྟག་ཏུ་བདག་གིས་ཆོས་ནི་བཙལ་བར་བགྱི། །རྟག་ཏུ་བདག་གིས་ཚུལ་བཞིན་ཆོས་སྤྱད་དོ། །འདོད་པ་བསྟེན་པས་བདེ་ལེགས་འགྱུར་མ་ལགས། །དཀར་པོ་ཐམས་ཅད་ཉམས་པར་འགྱུར་བ་ལགས། ། ― DKG048_Page_0252 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡབ་ཅིག་འདོད་འཆིང་འདི་ནི་དམ་པོ་ལགས། །དེ་སླད་ཁྱོད་ནི་བཅིངས་ལས་ཐར་མི་འགྱུར། །འདོད་པ་སྤོང་མཛོད་དགོན་པར་གནས་པར་མཛོད། །དེ་ལས་སངས་རྒྱས་ཡེ་ཤེས་ཐོབ་པར་འགྱུར། །སངས་རྒྱས་བསྟན་པ་འདི་ལ་མངོན་བྱུང་བ། །བདག་ལ་དེ་རིང་བར་ཆད་སུ་བགྱིད་པ། །དེ་ལ་ནམ་དུའང་བདེ་ལེགས་མི་འགྱུར་ཡབ། །བསོད་ནམས་མ་ལགས་མང་པོ་ཐོབ་པར་འགྱུར། །ཡབ་ཅིག་ཁྱོད་ལ་སྨན་སླད་བདག་གིས་བརྗོད། །ཁྱོད་ལ་རྒྱལ་སྲིད་ཅི་བགྱི་སྲས་ཅི་བགྱི། །རྒྱལ་སྲིད་མི་རྟག་ལོངས་སྤྱོད་རྟག་མ་ལགས། །ཁྱོད་དང་རིང་པོར་མི་ཐོགས་འབྲལ་བར་འགྱུར། །གང་ལས་ཆོས་དཀར་མང་པོ་དེ་འཐོབ་པའི། །ཆོས་ནི་གལ་ཏེ་མ་བགྱིས་གྱུར་ན་ཡབ། །འཁོར་བའི་འཁོར་ལོ་རྗེས་སུ་འཇུག་པ་ཡིན། ། ཡང་དང་ཡང་དུ་སྐྱེ་རྒ་ཉེ་བར་འབྱུང་། །དེ་ན་བུ་ནི་ནམ་ཡང་མ་མཆིས་ཏེ། །ཆོས་རྣམས་དེ་དག་ཐམས་ཅད་སྟོང་པའོ་ཡབ། །སྟོང་པའི་ཆོས་རྣམས་དེ་དག་མི་རྟོག་པ། །དེ་དག་མིང་དང་གཟུགས་ལ་དམ་པོར་གནས། །བུ་ལ་སྲེད་ཕྱིར་སྡིག་པ་མ་མཛད་ཅིག །སངས་རྒྱས་བསྟན་འདིར་ཡོངས་སུ་རབ་ཏུ་འབྱུང་། །དལ་བ་ཕུན་ཚོགས་བདག་གིས་ཡུན་རིང་རྙེད། །ཡབ་ཅིག་ཁྱོད་ཀྱང་མྱུར་དུ་རབ་ཏུ་བྱུང་། །མི་ཡི་ལུས་འདི་རབ་ཏུ་རྙེད་པར་གྱུར། །བདེ་བའི་དབང་ཕྱུག་སངས་རྒྱས་འབྱུང་བར་གྱུར། །བདག་གིས་དད་པ་རིང་ནས་དེ་རིང་རྙེད། །ཀྱེ་མ་ཡབ་ཅིག་ཚུར་སྤྱོན་མངོན་པར་འབྱུང་། །དེ་ལྟར་དེ་སྐད་ཅེས་སྨྲས་ནས། རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་སྤྱན་སྔར་འདུག་སྟེ། ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། བདག་ནི་བདུད་ཀྱི་ཞགས་པར་སྐྱེས་ལགས་ཏེ། །བདག་ནི་བདུད་ཀྱི་སྤྱོད་ཡུལ་འཕེལ་ལགས་སོ། །བདག་ནི་བདུད་ཀྱི་ཞགས་པ་ཀུན་བཅད་དེ། །མགོན་པོ་ཁྱོད་ལ་རབ་ཏུ་འབྱུང་བར་གསོལ། །མགོན་པོ་བདག་བཅིང་བ་ཡིས་བཅིངས་ ― DKG048_Page_0253 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དམ། །འཇིགས་པ་ཆེན་པོས་བཅིངས་ན་གཟིགས་སུ་གསོལ། །འདི་ལ་བདེ་བའི་རོ་མྱང་མ་མཆིས་ཏེ། །འདོད་པ་སྡུག་བསྔལ་ཀུན་གྱི་རྩ་བ་ལགས། །བཅིང་བ་དེ་དག་བཅད་དེ་འདིར་བདག་མཆིས། །དེ་ཚེ་བདུད་ཀྱི་བཅིང་བ་ཀུན་སྤངས་ནས། །སངས་རྒྱས་བསྟན་འདིར་རབ་ཏུ་འབྱུང་བར་འཚལ། །རྐང་གཉིས་རྣམས་ཀྱི་དམ་པ་སངས་རྒྱས་བགྱི། །ཤ་ར་དྭ་ཏིའི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོས་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་གི་རྗེས་སུ་སློབ་པ་སྲོག་ཆགས་དཀྲིགས་ཕྲག་བརྒྱད་རྗེས་སུ་རབ་ཏུ་བྱུང་ངོ་། །དེ་དག་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་གི་སླས་ཀྱང་རྗེས་སུ་རབ་ཏུ་བྱུང་ངོ་། ། དེ་རབ་ཏུ་བྱུང་བར་རིག་ནས། རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་གི་གྲོགས་པོ་བྱེ་བ་ཕྲག་བརྒྱ་རྗེས་སུ་རབ་ཏུ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ནས་རྒྱལ་པོ་དཔས་བྱིན་གྱིས་བུ་དེ་རབ་ཏུ་བྱུང་བར་རིག་ནས། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཆོས་འདི་གནོད་པ་མེད་ཅིང་རིམས་ནད་མེད། །རང་བཞིན་རབ་ཞི་ཐེར་ཟུག་འཆི་མེད་ཞི། །རབ་འབྱུང་བདེ་བ་ཀུན་གྱི་རྩ་བ་ལགས། །སྐྱབས་མཆིས་སངས་རྒྱས་བསྟན་ལ་རབ་ཏུ་འབྱུང་། །བདག་གིས་རྒྱལ་སྲིད་དེ་བཞིན་ལོངས་སྤྱོད་དང་། །ཆུང་མ་སྡུག་དང་ལོངས་སྤྱོད་གཉེན་རྣམས་བཏང་། །འདོད་པའི་ལོངས་སྤྱོད་དག་ལ་ཆོག་མ་མཆིས། །ངན་པའི་ཆོས་ལ་རྟག་པའི་དུས་མ་མཆིས། །བདག་གིས་ལོངས་སྤྱོད་སྣ་ཚོགས་ཡིད་མཆི་སྤྱད། །དེ་ནི་བྱིས་པ་བློ་ཆུང་སྤྱོད་ཡུལ་ཏེ། །རྒྱལ་བས་བསྔགས་པའི་ཆོས་དེ་སྤྱད་བགྱིས་ན། །སྡུག་བསྔལ་ཀུན་གྱི་མཐའ་མར་བགྱིད་པར་འགྱུར། །དགེ་སློང་དགེ་འདུན་ཐབས་ཅིག་ལོངས་སྤྱོད་དུ། །བདག་གིས་རྒྱལ་ ― DKG048_Page_0254 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཐད་དུ་རྒྱལ་སྲིད་བཏང་། །རབ་ཏུ་འབྱུང་བར་གསོལ་ཞིང་ཀུན་དུ་སྤྱད། །རྐང་གཉིས་རྣམས་ཀྱི་དམ་པ་སངས་རྒྱས་བགྱི། །མི་རྣམས་ཀྱི་ནི་རྒྱ་ཆེན་དོན་བགྱི་ཞིང་། །སྡུག་བསྔལ་མང་པོས་གཟིར་བའི་སེམས་ཅན་དགྲོལ། །མི་ཁོམ་རྒྱ་ཆེན་རྣམ་པར་སྤངས་ནས་སུ། །བདག་གིས་ཁོམ་དང་མྱ་ངན་འདས་ཞི་ཐོབ། །དེ་ལ་བདེ་བའི་རྒྱལ་པོས་ཆེད་བརྗོད་བརྗོད། །ལེགས་སོ་རྒྱལ་པོ་ཆེན་པོ་རྒྱལ་ཆེན་སེམས། །ནམ་ཞིག་སངས་རྒྱས་ཡེ་ཤེས་ཁྱོད་འདོད་ན། །མྱུར་དུ་ཚུར་ཤོག་ལེགས་འོངས་མྱུར་རབ་བྱུང་། །དེ་ཚེ་རྒྱལ་པོས་ཐོས་ནས་སེམས་མགུ་སྟེ། །རྒྱལ་བའི་བསྟན་ལ་རབ་བྱུང་ཐོབ་བྱ་ཞིང་། །རྐང་གཉིས་གཙོ་བོའི་སངས་རྒྱས་འགྱུར་བར་བྱ། །དེ་ཚེ་བདེ་བའི་རྒྱལ་པོས་བདག་དབུགས་འབྱིན། །རྒྱལ་བ་དེ་ཡིས་བསྟན་ལ་དེ་རབ་བྱུང་། །དེ་ཚེ་ཡན་ལག་བཞི་པའི་དམག་གིས་བསྐོར། །དེ་ཚེ་ཐེག་པ་མཆོག་ལ་ཐམས་ཅད་ཞུགས། །རྐང་གཉིས་རྣམས་ཀྱི་དམ་པ་སངས་རྒྱས་འགྱུར། །དེ་ཚེ་སངས་རྒྱས་བསྟན་ལ་དེ་རབ་བྱུང་། །ཆོས་སྤྱོད་ནས་ནི་བཟོད་པའང་བསྐྱེད་པར་གྱུར། །ཚེ་ཟད་ནས་ནི་འཆི་བའི་དུས་བྱས་ཏེ། །དེ་དག་ཐམས་ཅད་མཐོ་རིས་འཇིག་རྟེན་སྐྱེས། །བདེ་གཤེགས་གྲགས་ཆེན་བྱེ་ཕྲག་ཉི་ཤུ་ཡི། །འདྲེན་པའི་སངས་རྒྱས་དེ་ཡི་སྐབས་སུ་བྱུང་། །ཐམས་ཅད་དེ་དག་ཀུན་གྱིས་མཉེས་པར་བྱས། །བསྟན་པ་ཀུན་ལའང་ཆོས་ནི་སྤྱད་པར་གྱུར། །རྟག་པར་རྒྱུན་དུ་བརྩོན་འགྲུས་བརྩམས་པར་གྱུར། །ཤེས་རབ་སྟོབས་དང་ལྡན་པས་མི་འཇིགས་པ། །མི་རྣམས་ཀྱི་ནི་རྒྱ་ཆེན་དོན་བྱས་ཤིང་། །དེ་དག་གིས་ནི་སྲོག་ཆགས་བྱེ་སྟོང་བཀྲོལ། །བདེ་བར་གཤེགས་པས་ཆོས་བརྗོད་བཟུང་ནས་སུ། །དེ་དག་འདྲེན་པའི་རྒྱལ་བ་རྣམས་སུ་བྱུང་། །དེ་དག་གིས་ནི་བསྟན་པ་རྒྱས་པར་མཛད། །ལུས་རྣམས་བཏང་ཞིང་དེ་བཞིན་སྲོག་ཀྱང་བཏང་། །ཐེག་པ་མཆོག་ལ་སུ་ཞིག་འཇུག་མི་བྱེད། །དེ་ཡི་རྣམ་པར་སྨིན་པ་བླ་མེད་ཡིན། །ཡེ་ཤེས་བླ་ན་མེད་པ་མཆོག་ཐོབ་འགྱུར། །ཞི་བ་མྱ་ངན་མེད་པའི་བྱང་ཆུབ་རེག །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་ཆོས་དང་ལྡན་ ― DKG048_Page_0255 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཆོས་ཀྱི་རྒྱལ་པོ་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་དེ་ལ་ལོངས་སྤྱོད་དུ་རྒྱལ་སྲིད་ཕུལ་ཞིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་ཟ་བར་གྱུར་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ང་ནི་དེའི་ཚེ་དེའི་དུས་ན་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་དེར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ཅེས་བྱ་བ་བྱུང་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་གཉིས་ཟ་བར་གྱུར་ན། དེ་ལྟར་བལྟ་བར་མི་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་བློ་གྲོས་འདི་ནི་རྒྱལ་པོའི་གཞོན་ནུ་བསོད་ནམས་མཆོག་ཅེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཉིད་ནི་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་དག་མཐོང་ན་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཟབ་མོ་ལ་མངོན་པར་བརྩོན་པ་ཡིན། ཆོས་ཟབ་མོ་ཁོ་ནར་ཡོངས་སུ་ཚོལ་པ་ཡིན། ཆོས་ཟབ་མོ་ཁོ་ན་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་ལ་བརྟན་པ་རྣམས་འགྲོ་བའི་ཆོས་ཟབ་མོ་དེ་དག་ནི་གང་ཡིན། ཤ་ར་དྭ་ཏིའི་བུ་བརྟན་པ་དེ་དག་ནི་གང་ཡིན་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དག་ནི་བརྟན་པ་ཞེས་བྱ་སྟེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སྐྱོ་བར་མི་འགྱུར་ཞིང་སྒྱིད་ལུག་པར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་དག་ནི་བརྟན་པ་དག་ཅེས་བྱ་སྟེ། དེ་དག་ནི་ཆོས་རྣམས་འཛིན་པའོ། །ཆོས་གང་དག་འཛིན་ཅེ་ན། མིག་གིས་ཆོས་འཛིན་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལ་གང་མིག་འཛིན་པ་དེ་ནི་ཆོས་མ་ཡིན་ཏེ། དེ་ནི་གཟུང་དུ་མེད་པའོ། །ཤ་ར་དྭ་ཏིའི་བུ་ཆོས་ཀྱང་གང་ཞེ་ན། རང་བཞིན་གྱིས་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། བདག་ཀྱང་མེད། བདག་གི་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་ ― DKG048_Page_0256 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱང་བ་ཡང་མེད་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་ཆོས་འཛིན་ཏེ། དེ་ལ་ཆོས་གང་ཡིན་པ་དེ་ནི་ཡིད་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཆོས་ཞེས་བྱ་བ་ནི་གང་བདག་མེད་པ་དང་། བདག་གི་མེད་པ་དང་། ཕྱི་རོལ་མེད་པ་དང་། ནང་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའོ། །ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། རང་བཞིན་དེ་ཡིན་པའི་ཕྱིར་ཏེ། རང་བཞིན་གང་ཡིན་པ་དེ་ནི་བྱས་པ་མེད་ཅིང་འགྱུར་བ་མེད་པས། དེས་ན་ཡིད་ནི་ཆོས་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་འཛིན་པ་ཞེས་བྱ་ཞེ་ན། སྟོང་པ་ཉིད་འཛིན་པར་བྱེད། མཚན་མ་མེད་པ་དང་། སྨོན་པ་མེད་པ་འཛིན་པར་བྱེད། མི་དམིགས་པ་སྨོན་པ་མེད་པར་འཛིན་པར་བྱེད་པ་སྟེ། མི་དམིགས་པ་ནི་སྨོན་པ་མེད་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་གང་དག་ཡིན་པ་དེ་དག་ནི་བསལ་བ་ཡང་མེད། བཞག་པ་ཡང་མེད་པའོ། །གང་ལ་བསལ་བ་ཡང་མེད། བཞག་པ་ཡང་མེད་པ་འདི་ནི་ཆོས་རྣམས་ཀྱི་འཛིན་པ་ཞེས་བྱ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། ཤ་ར་དྭ་ཏིའི་བུ་སངས་རྒྱས་རྣམས་དང་ཉེ་བའི་སེམས་དཔའ་ཡིན་པས་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཡང་སེམས་དཔའ་དེ་སེམས་ཅན་མེད་པ་ཉིད་ཀྱིས་བྱང་ཆུབ་ལ་འཇུག་པར་བྱེད་པས་དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་བརྟན་ན་ནི་དེ་འདི་ལྟར་བསྟན་པ་བྱས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བསྟན་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་རོ། །གང་གིས་བསྟན་དུ་མེད་ཅེ་ན། གང་གིས་ཀྱང་བསྟན་དུ་མེད་པས་དེས་ན་བསྟན་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་དགའ་བ་དང་ལྡན་པ་དེ་དག་ནི་གཉིས་སུ་མེད་པ་ལ་མོས་པ་སྟེ། དེ་དག་ནི་ཆོས་སུ་སྨྲ་བའང་མ་ཡིན། ཆོས་མ་ཡིན་པར་སྨྲ་བའང་མ་ཡིན་པས་དེས་ན་བྱང་ཆུབ་སེམས་དཔའ་དག་ ― DKG048_Page_0257 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་ཅེས་བྱ་བ་ནི་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་བོ། །ཤ་ར་དྭ་ཏིའི་བུ་སྟོང་པ་ཉིད་ཅེས་བྱ་བ་ཅིས་སྟོང་པ་ཞེ་ན། ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །ཤ་ར་དྭ་ཏིའི་བུ་ཆོས་སུ་འདུ་ཤེས་པ་ཡོད་ན་ཡང་འདུ་ཤེས་སུ་འཛིན་པ་ཉིད་དུ་འགྱུར། བདག་ཏུ་འཛིན་པ་ཉིད་དུ་འགྱུར། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། འཛིན་པ་ཐམས་ཅད་ཀྱི་འཛིན་པར་འགྱུར་བ་དེས་ན་འདུ་ཤེས་སུ་འཛིན་པ་ཞེས་བྱའོ། །དེ་ལ་དེ་མེད་པས་དེས་ན་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་བོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་བྱང་ཆུབ་སྟེ། དེ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་གྱིས་འཐུན་པར་བྱོས་ལ་མི་འཐུན་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་ཟབ་པའི་ཕྱིར་ཏེ། གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་འགྲོ་བ་མེད་པ་དེ་ཙམ་དུ་ཟབ་བོ། །ཤ་ར་དྭ་ཏིའི་བུ་བྱིས་པ་དག་ལྟ་ཞོག་གི། ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཀྱང་ཟད་པ་ཤེས་པ་ལ་རྣམ་པར་ལྟ་བར་བྱེད་ཅིང་། མི་སྐྱེ་བ་ཤེས་པ་ལ་རྣམ་པར་ལྟ་བར་བྱེད་ལ། མི་སྐྱེ་བ་ཤེས་པ་མངོན་དུ་བྱེད་ཀྱང་དེ་ལ་འགྲོ་བ་མེད་དོ། །གང་ཟད་པར་བྱ་བའི་ཕྱིར་ཟད་པ་ཤེས་པ་ཞེས་བྱ་ཞེ་ན། ཆོས་གང་ཡང་ཟད་པར་བྱ་བའི་ཕྱིར་ཟད་པ་ཤེས་པ་མ་ཡིན་ནོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་ཟད་པ་ཉིད་པས་དེས་ན་ཟད་པ་ཤེས་པ་ཞེས་བྱའོ། །ཤེས་པ་དེ་འཕགས་པ་རྣམས་ཀྱི་ཡིན་པས་དེས་ན་ཟད་པ་ཤེས་པ་ཞེས་བྱའོ། །འདི་སྙེད་ཟད་དོ་ཞེས་ཤེས་པ་དེ་ལྟ་བུ་མེད་པ་དང་། དེ་ལྟར་ཟད་དོ་ཞེས་ཤེས་པ་དེ་ལྟ་བུ་མེད་པ་དང་། འདི་ཕན་ཆད་ཟད་དོ་ཞེས་ཤེས་པ་དེ་ལྟ་བུ་མེད་པས་དེས་ན་ཟད་པ་ཤེས་པ་ཞེས་བྱའོ། །དེས་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱང་བྱང་ཆུབ་ཏུ་འགྲོ་བ་མེད་ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་མི་སྐྱེ་བ་ཞེས་ཅིའི་ཕྱིར་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཕྲ་རབ་ཙམ་ཡང་སྐྱེ་བ་མེད་པས་དེས་ན་མི་སྐྱེ་བ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལ་ཤེས་པ་གང་ཡིན་པ་འདི་ནི་མི་སྐྱེ་བ་ ― DKG048_Page_0258 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤེས་པ་ཞེས་བྱའོ། །ཉན་ཐོས་རྣམས་ལ་འདི་ནས་མི་སྐྱེ་བ་དེའོ་ཞེས་ཤེས་པ་དེ་མེད་པ་དང་། ཉན་ཐོས་རྣམས་ལ་འདི་ཕན་ཆད་མི་སྐྱེའོ་ཞེས་ཤེས་པ་དེ་མེད་པས་དེས་ན་སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཐའ་ཡས་པ་ཞེས་བྱའོ། །ཅིའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མཐའ་ཡས་པ་ཞེ་ན། ཡེ་ཤེས་དེ་མཉམ་པ་མེད་ཅིང་མཐའ་མེད་པས་དེས་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་མཐའ་ཡས་པ་ཞེས་བྱའོ། །ཡེ་ཤེས་དེ་ཡུལ་མེད་པ་ཡིན་པས་དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ཇི་སྐད་དུ་བསྟན་པ་ཡིན་ཞེ་ན། ཡེ་ཤེས་དེ་སངས་རྒྱས་པ་ཡིན་པས་དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་དེ་བཙལ་བ་ཡིན་པས་དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཞེས་བྱ་བ་ཇི་སྐད་དུ་བསྟན་པ་ཡིན་ཞེ་ན། ཤ་ར་དྭ་ཏིའི་བུ་སེམས་ཅན་འདི་དག་ནི་འགྱུར་བ་ཡིན། ཤ་ར་དྭ་ཏིའི་བུ་སེམས་ཅན་འདི་དག་ནི་གནས་འདི་ནས་ཀུན་དུ་རྒྱུག་པ་ཡིན། ཁོང་དུ་མ་ཆུད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེས་ནི་ཆོས་ཐམས་ཅད་སངས་རྒྱས་པས་དེས་ན་སངས་རྒྱས་ཞེས་བྱའོ། །ཇི་ལྟར་ཆོས་ཐམས་ཅད་སངས་རྒྱས་ཞེ་ན། ཇི་ལྟར་ཆོས་དེ་དག་མེད་པ་དང་། ཆོས་མ་ཡིན་པ་མེད་པ་དང་། དེ་དག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། དེ་དག་འདས་པ་མེད་པ་དང་། མ་འོངས་པ་མེད་པ་དང་། ད་ལྟར་བྱུང་བ་མེད་པ་དེ་ལྟར་སངས་རྒྱས་སོ། །ཇི་ལྟར་གང་ཡང་སྐྱེ་བའམ། འཇུག་པའམ། ཟད་པའམ། འོང་བའམ། འགྲོ་བའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། འགག་པ་མེད་པ་དེ་ལྟར་སངས་རྒྱས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་མཐའ་ཡས་ཤིང་དཔག་ཏུ་མེད་ལ་གཏིང་དཔག་དཀའ་ཞིང་ཁོང་དུ་ཆུད་པར་དཀའ་བས་སངས་རྒྱས་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་རོ་གཅིག་པ་དང་། བྲི་བ་དང་གང་བ་མེད་པ་དང་ཟབ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྒྱ་མཚོ་ཡང་འདི་ལྟ་སྟེ། རྣམ་པར་གྲོལ་བའི་རོ་དང་ ― DKG048_Page_0259 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེ་བ་མེད་པའི་རོ་དང་། ཟད་པ་མེད་པའི་རོར་རོ་གཅིག་ཅིང་ཆོས་ཟབ་མོ་སྟོན་པའི་ཕྱིར་རིམ་གྱིས་ཆོས་སྟོན་པ་ལ་གཞོལ་བ་དང་། ཐེ་ཙོམ་ཐམས་ཅད་གཅོད་པའི་ཕྱིར་ཞུ་བའི་ཆུ་ཐམས་ཅད་ལེན་པ་དང་། ཆོས་ཐམས་ཅད་མི་བརྗེད་པའི་ཕྱིར་བྲི་བ་མེད་པ་དང་། ཆོས་གནས་པ་ཉིད་ཀྱི་ཕྱིར་གང་བ་མེད་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གལ་ཏེ་སངས་རྒྱས་བསྟན་པར་གྱུར་ན་འདི་ལ་སུ་ཞིག་ཡིད་ཆེས་པར་བྱེད་དེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་ནི་ཆར་འབེབས་པ་ན་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོར་རང་གི་གནས་ཁོ་ནར་ཆར་འབེབས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གང་ཀླུའི་རྒྱལ་པོ་རྒྱ་མཚོའི་ཆུའི་རྒྱུན་བཟོད་པར་ནུས་པའི་སའི་ཕྱོགས་དེ་གང་ཡང་མེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ནི་མ་གཏོགས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་གལ་ཏེ་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའི་ཆོས་ཉིད་སྟོན་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་གསུང་ཡང་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་མ་གཏོགས་པར་གང་ཀུན་ཤེས་པར་ནུས་པའི་ཉན་ཐོས་སམ། རང་སངས་རྒྱས་སམ། སེམས་ཅན་འགའ་ཡང་སེམས་ཅན་གྱི་རིས་ན་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་གནས་བཞི་པོ་འདི་དག་ནི་རྟོགས་པར་དཀའ་ཞིང་རྙེད་པར་དཀའ་ལ་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའ་བ་སྟེ། དེ་དག་དེ་རིང་ཐོབ་བོ། །བཞི་པོ་དེ་དག་གང་ཞེ་ན། ཤ་ར་དྭ་ཏིའི་བུ་མི་ཉིད་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའ་བ་ཡིན། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་འབྱུང་བ་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའ་བ་ཡིན། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའ་བ་ཡིན། ཤ་ར་དྭ་ཏིའི་བུ་དད་པ་རྙེད་ནས་གནས་དང་གནས་མ་ཡིན་པ་དྲི་བ་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་གནས་བཞི་པོ་དེ་དག་ནི་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའ་ཞིང་། རྟོགས་པ་དཀའ་བ་སྟེ། དེ་དག་ཁྱེད་ ― DKG048_Page_0260 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཅག་གིས་ཐོབ་བོ། །ཤ་ར་དྭ་ཏིའི་བུ་ཁྱེད་ཅག་ཆོས་གང་ལ་ཐེ་ཙོམ་ཡོད་པ་ང་ལ་དྲིས་ཤིག་དང་། ཤ་ར་དྭ་ཏིའི་བུ་ཁྱོད་ལྷ་དང་བཅས་པའི་འཇིག་རྟེན་ལ་སྐབས་དབྱེའོ། །ཤ་ར་དྭ་ཏིའི་བུ་རིང་པོ་མི་ཐོགས་པར་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཤ་ར་དྭ་ཏིའི་བུ་ཕྱིས་འགྱོད་པར་གྱུར་ན་མི་རུང་གིས་ང་ལ་དྲིས་ཤིག །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ངས་དྲི་བ་ལན་བཏབ་པ་དེ་དང་དེ་ཁོ་ནས་ཁྱོད་ཀྱི་སེམས་རངས་པར་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གང་དང་གང་འདོད་པ་དྲིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་སྤྱོད་པ་དང་ཡོན་ཏན་ཁྱད་པར་ཅན་ལ་རབ་ཏུ་གནས་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་ལགས་སོ། །དེ་བཞིན་གཤེགས་ལ་བདག་གིས་ཞུ་བ་ནི། །གང་དག་སྤྱོད་དང་ཡོན་ཏན་ཁྱད་འཕགས་གནས། །ཡོ་བྱད་བསྙུངས་པའི་ཚུལ་གྱིས་འཕགས་གྱུར་ཅིང་། །དེས་དང་བཟོད་བསྟེན་སྨོན་ལམ་ལྡན་གྱུར་པ། །མཁས་རྣམས་སྦྱིན་པ་དེ་འདྲ་ཅི་ཞིག་སྩོལ། །སྦྱིན་པ་སྩལ་ནས་ཇི་ལྟར་དགའ་བར་འགྱུར། །ཇི་ལྟར་སེམས་ནི་ཡོངས་སུ་བསྔོ་བར་བགྱིད། །འཇུངས་པ་མ་མཆིས་པར་ཡང་སྦྱིན་པ་བགྱིད། །ཇི་ལྟར་ཚུལ་ཁྲིམས་སྟེན་པར་བགྱིད། །དེ་དག་བཟོད་པའང་ཅི་འདྲ་ལགས། །དེ་དག་བརྩོན་འགྲུས་ཅི་ལྟ་བུ། །ཇི་ལྟ་བུ་ཡི་དེས་པར་འགྱུར། །སེམས་ཅན་སྡུག་བསྔལ་ལྡན་མཐོང་ན། །ཇི་ལྟར་བསམ་པ་སྟོན་པར་བགྱིད། །བྱང་ཆུབ་སེམས་དཔའ་དེ་དག་གི། །བསམ་ ― DKG048_Page_0261 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་འདྲེན་པ་བཤད་དུ་གསོལ། །བསྐལ་པ་བྱེ་བ་བརྒྱ་མང་དུ། །གོ་ཆ་འཚལ་བ་དེ་དག་གི། །ཇི་ལྟར་སེམས་ནི་ཉོན་མི་མོངས། །ཇི་ལྟར་དེ་དག་དགའ་བ་བསྐྱེད། །དེ་དག་ཏིང་འཛིན་ཇི་ལྟ་བུ། །དེ་དག་ཤེས་རབ་ཅི་འདྲ་ལགས། །མང་དུ་ཐོས་པའང་ཇི་ལྟ་བུ། །དེ་དག་ཐོས་པའང་ཅི་འདྲ་ཞིང་། །མཉན་པར་བགྱི་བའི་ཆོས་གང་ལགས། །སྤང་བར་བགྱི་བའི་ཆོས་གང་ལགས། །བྱང་ཆུབ་སླད་ཞུགས་གང་དག་ལགས། །དེ་དག་གི་ནི་སྤྱོད་ཡུལ་ཞུ། །ཇི་ལྟར་དམ་ཆོས་ཚོལ་བར་བགྱིད། །དེ་དག་འདུན་པ་ཅི་འདྲ་ལགས། །ཇི་ལྟར་འདོད་པ་རྣམ་པར་སྤོང་། །དེ་དག་མངོན་འབྱུང་ཇི་ལྟ་བུ། །ཇི་ལྟར་མངོན་པར་འབྱུང་རྣམས་ཀྱི། །དགའ་བ་རྒྱ་ཆེན་སྐྱེ་བར་འགྱུར། །ཇི་ལྟར་རབ་ཏུ་བྱུང་ནས་སུ། །ཡོན་ཏན་རྣམས་ཀྱིས་འཕགས་ནས་མཛེས། །ཇི་ལྟར་སེམས་ནི་ངེས་པར་གཞོལ། །དེ་དག་ཐབས་ནི་ཅི་འདྲ་ལགས། །ཇི་ལྟར་ཚེ་རབས་དྲན་པར་འགྱུར། །དེ་དག་དྲན་པ་ཇི་ལྟ་བུ། །ཇི་ལྟར་མངལ་དུ་ཞུགས་རྣམས་ཀྱི། །བྱང་ཆུབ་སེམས་ནི་འབྱུང་བར་འགྱུར། །རྫོགས་པའི་སངས་རྒྱས་དེར་མཐོང་འགྱུར། །དེ་དག་མཐོང་བ་སླུ་མི་འགྱུར། །ཇི་ལྟར་འདོད་ཆགས་ཆུང་བར་འགྱུར། །ཞེ་སྡང་ཆུང་ཞིང་མི་འཇིགས་འགྱུར། །ཇི་ལྟར་གཏི་མུག་མི་འགྱུར་ཞིང་། །མ་རྨོངས་པར་ནི་འགྱུར་བ་ལགས། །ཇི་ལྟར་རྒྱལ་པོའི་རིགས་སྐྱེས་པ། མཁས་རྣམས་རྒྱལ་སྲིད་བགྱིད་དུ་སྩོལ། །མི་ཁོམ་ཐམས་ཅད་སྤངས་ནས་སུ། །རྟག་ཏུ་གུས་དང་བཅས་པར་འགྱུར། །ཇི་ལྟར་རྒྱལ་སྲིད་རབ་བསྔགས་ན། །བཞིན་འཛུམ་ཁྲོ་བར་མི་བགྱིད་ལགས། །དེ་དག་གི་ནི་རྣམ་རྒྱལ་དེར། །སངས་རྒྱས་མཐོང་བའང་རྙེད་པར་འགྱུར། །ཇི་ལྟར་གཟུགས་དང་ལྡན་པ་ལགས། །རྟག་ཏུ་ཚུལ་དུ་ཤིས་པར་འགྱུར། །འཁོར་དང་ལྡན་པར་འགྱུར་བ་ལགས། །བྱང་ཆུབ་མཆོག་ལ་ཞུགས་པ་ལགས། །ཇི་ལྟར་སྐྱེས་པ་ཙམ་གྱིས་ཀྱང་། །ཁྱིམ་ལ་དགའ་བར་མི་འགྱུར་ཞིང་། །མངོན་པར་འབྱུང་ལ་གཞོལ་བར་འགྱུར། །དེ་དག་སྲེད་པ་མ་མཆིས་འགྱུར། །ཇི་ལྟར་རབ་ཏུ་བྱུང་ནས་སུ། །སངས་རྒྱས་བྱང་ཆུབ་ ― DKG048_Page_0262 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཛིན་པ་ལགས། །དེ་བཞིན་གཤེགས་པ་མྱ་ངན་འདས། །ཇི་ལྟར་དམ་ཆོས་འཛིན་པར་འགྱུར། །ཇི་ལྟར་འཇིག་རྟེན་འཁྲུགས་པ་ན། །འཁྲུག་པར་མི་བགྱིད་མི་འཇིགས་འགྱུར། །འཇིག་རྟེན་ཉམ་ཐག་འཚལ་ནས་ཀྱང་། །དབུགས་འབྱིན་གྲགས་པ་ཆེན་པོར་འགྱུར། །ཇི་ལྟར་ཐོས་པ་འཛིན་པར་འགྱུར། །གཟུངས་ཀྱི་སྒོ་ཡང་ཐོབ་པར་འགྱུར། །སྤོབས་པ་ཐོགས་པ་མ་མཆིས་ཤིང་། །སྲོག་ཆགས་རྣམས་ལ་ཆོས་འཛིན་སྩོལ། །ཇི་ལྟར་སེམས་ཅན་གཞན་རྣམས་ཀྱི། །གཞན་གྱི་སེམས་དག་འཚལ་བ་ལགས། །ཇི་ལྟར་དགེ་བ་མ་ལགས་པའི། །སེམས་ཚར་གཅོད་ཅིང་རྟག་ཏུ་དགེ། །བྱང་ཆུབ་སེམས་དཔའི་དོན་སླད་དུ། །ཞུ་བར་འཚལ་ན་རྐང་གཉིས་མཆོག །བྱང་ཆུབ་སེམས་དཔའི་སྤྱོད་པ་གང་། །བདག་གིས་ཞུ་བ་དེ་བཤད་གསོལ། །སངས་རྒྱས་ཆོས་ཀྱི་རྒྱུ་སླད་དུ། །གང་དག་གིས་ནི་སེམས་བསྐྱེད་པ། །དེ་དག་ལུང་བསྟན་ཐོས་གྱུར་ནས། །དགའ་བ་བཟང་པོ་འབྱུང་བར་འགྱུར། །སངས་རྒྱས་ཡེ་ཤེས་ཐོགས་མ་མཆིས། །ཆོས་རྣམས་ཀུན་ལ་འཇུག་པ་ལགས། །ཕྱོགས་གཅིག་པ་ཡི་ཤེས་པ་ཡིས། །འཇིག་རྟེན་འདྲེན་ལ་ཞུ་བར་འཚལ། །ཆོས་རྣམས་གང་དག་མ་ཞུས་པ། །དེ་ལ་བདག་གིས་ཤེས་མི་འཇུག །བྱང་ཆུབ་སེམས་དཔའི་སྤྱོད་པ་གང་། །སྟོན་པས་དེ་ནི་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དང་། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པ་ཡོན་ཏན་གྱི་སྤྱོད་པ་ལ་རབ་ཏུ་གནས་པ། བཟོད་པ་དང་དེས་པ་ལ་རབ་ཏུ་གནས་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདྲི་བ་ནི་ཁྱོད་ཡང་ལེགས་སོ། །ཤ་ར་དྭ་ཏིའི་བུ་ཡོན་ཏན་རྣམས་ཀྱི་མཐའ་ནི་རྟོགས་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་ཅི་འདྲ་བའི་སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་ཁྱོད་འདྲི་ ― DKG048_Page_0263 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ནི་སེམས་ཅན་དེ་དག་ནི་དེ་ཙམ་དུ་དཀའ་བ་བྱེད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་སུ་དག་ཇི་སྙེད་ཡོད་པ་དེ་དག་ཡིད་ལ་བྱེད་པ་གཅིག་པར་བྱས་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འོ་ན་མི་དེས་དཀའ་བ་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིས་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དཀའ་བ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བ་སྔ་མ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚ་བ་འབར་བ་རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ་འབར་བ། ཀུན་ཏུ་མེ་ལྕེར་གྱུར་པ་འདི་ནི་མེའི་ཕུང་པོ་དེ་མི་ལ་ལ་ཞིག་གིས་ཁའི་དབུགས་ཀྱིས་ཞི་བར་བྱས་ལ། ཁའི་དབུགས་ཅིག་ཤོས་ཀྱིས་ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་དག་དང་། རིའི་རྒྱལ་པོ་ཆེན་པོ་རི་རབ་དང་། རི་ཆེན་པོ་གཞན་དག་ཀྱང་ཀུན་ཏུ་གནས་པར་བྱས་ཤིང་། རྒྱ་མཚོ་ཆེན་པོ་དང་། གླིང་རྣམས་དང་། གཞལ་མེད་ཁང་དག་དང་། ཀུན་དགའ་ར་བ་ཉམས་དགའ་བ་དག་དང་། ནགས་ཚལ་ཉམས་དགའ་བ་དག་དང་། ཆུ་བོ་ཉམས་དགའ་བ་དག་དང་། རྫིང་ཉམས་དགའ་བ་དག་དང་། གྲོང་དག་གམ་གྲོང་རྡལ་དག་གམ། ལྗོངས་དག་གམ་ལྗོངས་ཀྱི་ཕྱོགས་དག་ཀུན་དུ་གནས་པར་བྱས། སོ་སོར་གནས་པར་བྱས་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། མི་དེས་དཀའ་བ་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིས་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དཀའ་བ་འདིས་ནི་བྱང་ཆུབ་སེམས་དཔའི་དཀའ་བ་སྔ་མ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཤིགས་ཤིང་ ― DKG048_Page_0264 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམ་པར་གཏོར་ལ་རྣམ་པར་བཤིག་པར་གྱུར་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། མི་དེ་བརྩོན་འགྲུས་དང་ལྡན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ཏེ། མི་དེ་ནི་བརྩོན་འགྲུས་མཆོག་དང་ལྡན་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བརྩོན་འགྲུས་འདིས་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་སྔ་མ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གང་ན། ཆུའི་ཕུང་པོ་རབ་ཏུ་གནས་པའི་ཆུའི་ཕུང་པོའི་གནས་ཀྱི་བར་དུ་དེ་ཐམས་ཅད་ཕྲག་པ་ལ་ཐོགས་ཏེ། སྦྲང་བུ་མཆུ་རིངས་ཀྱི་རྗེ་ངར་གྱི་སྐས་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཛེགས་ལ་ལྷུང་བར་ཡང་མ་གྱུར་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། མི་དེས་དཀའ་བ་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིས་པ་ལགས་སོ། །བདེ་བར་གཤེགས་པ་ཤིན་ཏུ་དཀའ་བ་བགྱིས་པ་ལགས་ཏེ། མི་དེ་བརྩོན་འགྲུས་དང་མཐུ་ཆེན་པོ་དང་ལྡན་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་མོས་པར་བྱའོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཁོང་དུ་ཆུད་པར་བྱ་སྟེ། སྟོབས་དང་། བརྩོན་འགྲུས་དང་ཐབས་ལ་མཁས་པ་འདིས་ནི་བྱང་ཆུབ་སེམས་དཔའི་སྟོབས་དང་། བརྩོན་འགྲུས་དང་། ཐབས་མཁས་པ་སྔ་མ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ།། །།བམ་པོ་བཅུ་གཅིག་པ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སྐྱེས་བུ་དམ་པ་དེ་དག་ནི་སེམས་ཀྱི་བརྩོན་འགྲུས་དང་། ལུས་ཀྱི་བརྩོན་འགྲུས་དང་། ལུས་ཀྱི་མཐུ་དེ་ལྟ་བུ་དང་ལྡན་པ། ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ། སྨོན་ལམ་དག་དང་ལྡན་པ། མཐུ་དང་ལྡན་པ་ཡིན། ཤ་ར་དྭ་ཏིའི་བུ་དེ་དག་ནི་ཤེས་པ་དེ་ལྟ་བུ་ལ་རབ་ཏུ་གནས་པ། ཐེག་པ་ཆེན་པོ་དང་། མི་འཇིགས་པ་ཆེན་པོ་ལ་རབ་ཏུ་གནས་པ། མིག་ཆེན་པོ་ལ་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཡེ་ཤེས་ལ་རབ་ཏུ་ ― DKG048_Page_0265 ―
[མ་དཔེ་གཟིགས་ན་འདིར་གནོན།]
གནས་པ། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པ་ཡིན། དེ་དག་ནི་སྤྱོད་ལམ་དང་སྤྱོད་པ་དེ་ལྟ་བུ་དང་ལྡན་པ། ཡོན་ཏན་གྱི་སྤྱོད་པ་དང་། ངེས་པ་ལ་གནས་པ་ཡིན། དེ་དག་ནི་སྦྱིན་པ་མངོན་པར་སྒྲུབ་པ་དང་། ཚུལ་ཁྲིམས་མངོན་པར་སྒྲུབ་པ་དང་། བཟོད་པ་མངོན་པར་སྒྲུབ་པ་དང་། བརྩོན་འགྲུས་མངོན་པར་སྒྲུབ་པ་དང་། ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དང་། ཤེས་རབ་མངོན་པར་སྒྲུབ་པ་དེ་ལྟ་བུ་ལ་རབ་ཏུ་གནས་པ། ཐབས་མཁས་པ་མངོན་པར་སྒྲུབ་པ་ལ་རབ་ཏུ་གནས་པ། མཚན་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། ཁྱུ་མཆོག་ཏུ་གྱུར་པ་མཐའ་ཡས་པ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སངས་རྒྱས་ཀྱི་ཆོ་འཕྲུལ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། ཆོས་ཀྱི་སྦྱིན་པ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་གྱི་བསམ་པ་མངོན་པར་སྒྲུབ་པ་མཁས་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་སྤྱོད་པ་མངོན་པར་སྒྲུབ་པ་མཁས་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་སེམས་ཚར་གཅོད་པའི་ཕྱིར་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་སེམས་ཚར་གཅད་པའི་ཕྱིར་རབ་ཏུ་གནས་པ། སེམས་ཅན་རྣམས་ཀྱི་སེམས་ཀྱི་མཚམས་སྦྱོར་བ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་ལ་དམིགས་པ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ཏིང་ངེ་འཛིན་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་རྣམ་པར་གྲོལ་བ་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ཞི་གནས་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ལྷག་མཐོང་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་ལམ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་འབྲས་བུ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ། སེམས་ཅན་རྣམས་ཀྱི་བདེན་ ― DKG048_Page_0266 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མངོན་པར་སྒྲུབ་པ་ལ་མངོན་དུ་ཞུགས་པ་ཡིན། ཤ་ར་དྭ་ཏིའི་བུ་དེ་འདྲ་བའི་སྐྱེས་བུ་དམ་པ་དེ་དག་ནི་ཕྱོགས་བཅུའི་ངེས་པའི་ཚིག་གིས་བརྡ་རབ་ཏུ་ཤེས་པ། ཐ་སྙད་ཀྱིས་བརྡ་རབ་ཏུ་ཤེས་པ། ཆོས་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་པའི་ཡེ་ཤེས་ཀྱི་གནས་རྗེས་སུ་ཐོབ་པ། ཆོས་ཐམས་ཅད་ལ་ཡང་ཕན་པའི་ཡེ་ཤེས་སྒྲུབ་པ་ལ་མངོན་དུ་ཞུགས་པ། ཆོས་ཐམས་ཅད་སྟོང་པའི་ཡེ་ཤེས་སྒྲུབ་པ་ལ་མངོན་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་མདོར་ན་སྐྱེས་བུ་དམ་པ་དེ་དག་ནི་ཡེ་ཤེས་དེ་ལྟ་བུ་ལ་མངོན་དུ་ཞུགས་པ། ཡེ་ཤེས་དེ་ལྟ་བུ་ལ་ལྷག་པར་དམིགས་པ། ཡེ་ཤེས་དེ་ལྟ་བུ་ལ་སྨོན་ལམ་འདེབས་པ། ཡེ་ཤེས་དེ་ལྟ་བུ་ལ་ཀུན་དུ་སྒོམ་པ་ཡིན། སྐྱེས་བུ་དམ་པ་དེ་དག་ནི་གོ་ཆ་དང་སྤྱོད་པའི་ཡོན་ཏན་དེ་ལྟ་བུ་ལ་རབ་ཏུ་གནས་པ་ཡིན། དེ་དག་ནི་ལམ་དེ་དང་ཡང་ལྡན་པ་ཡིན་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་ངས་དཔེ་དེ་ཡང་ཅུང་ཟད་དང་། ངན་ངོན་དང་། གསོག་ཚིག་བསྟན་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སྐྱེས་བུ་དམ་པ་དེ་དག་ནི་གོ་ཆ་དེ་བྱས་པ་ལ་དཔེ་དེ་ལྟ་བུར་སོ་སོར་འོས་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཇི་ལྟར་རབ་ཏུ་མཁྱེན་པ་བཞིན་ནོ། །གང་དེ་བཞིན་གཤེགས་པ་ཇི་འདྲ་བ་དང་ལྡན་པའི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་དེས་དཔེ་དེ་སོ་སོར་ཤེས་པར་བྱ། ཁོང་དུ་ཆུད་པར་བྱའོ། །ཤ་ར་དྭ་ཏིའི་བུ་གནས་དེ་ལ་ཉན་ཐོས་རྣམས་ཀྱིས་ནི་དད་པས་འགྲོ་བར་བྱ་སྟེ། ཇི་ལྟ་བ་བཞིན་དུ་ཁོང་དུ་མི་ཆུད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ཁྱོད་ཀྱིས་སེམས་ཅན་དེ་ལྟ་བུ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་དྲིས་ཏེ། ཤ་ར་དྭ་ཏིའི་བུ་ཁྱོད་ལ་འཇུག་པ་ཙམ་དང་། ཅུང་ཟད་ཙམ་དང་། དཔེ་ཙམ་དང་། གསོག་ཙམ་དང་། གྲངས་ཙམ་འགའ་ཞིག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་ཉི་མའི་ལས་མ་ཡིན། ཟླ་བ་ཕྱེད་ཀྱི་ལས་མ་ཡིན། ཟླ་བའི་ལས་མ་ཡིན། ལོའི་ལས་མ་ཡིན། ལོ་བརྒྱའི་ལས་མ་ཡིན། ལོ་སྟོང་གི་ལས་མ་ཡིན། ལོ་འབུམ་གྱི་ལས་མ་ཡིན། བསྐལ་པའི་ལས་མ་ཡིན། བསྐལ་པ་བརྒྱའི་ལས་མ་ཡིན། བསྐལ་པ་སྟོང་གི་ལས་མ་ཡིན། བསྐལ་པ་འབུམ་གྱི་ལས་མ་ཡིན་པའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་ ― DKG048_Page_0267 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོན་ཀྱང་དེ་ནི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ལས་ཡིན་ནོ། །ཤ་ར་དྭ་ཏིའི་བུ་རེ་ཞིག་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ཉིད་ཀྱི་བསོད་ནམས་ཀྱི་ཕུང་པོ་ངན་ངོན་ཙམ་དང་། གསོག་ཙམ་དང་། ཅུང་ཟད་ཙམ་གྱི་ཡོན་ཏན་དེ་དག་ཀྱང་རེ་ཞིག་བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་འབུམ་གྱིས་ཀྱང་བགྲོད་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པའི་ཚད་ཤེས་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཡེ་ཤེས་ཆེན་པོ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་ཚོགས་དཔག་ཏུ་མེད་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པར་འགྱུར་བས་ཟད་མི་ཤེས་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཆོས་ཟབ་མོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་དཀའ་བའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཆོས་ཐམས་ཅད་ལ་རྟེན་པ་མེད་པ་ཉིད་ཀྱི་ཕྱིར་ཟབ་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་མཐའ་ཡས་པ་ཉིད་ཀྱི་ཕྱིར་མཐའ་ཡས་མུ་མེད་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་ཚད་མེད་པའི་ཕྱིར་ལས་མཐར་ཐུག་པ་མེད་པའོ། །ཤ་ར་དྭ་ཏིའི་བུ་སེམས་ཅན་དེ་ཙམ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ། སྦྱིན་པ་དེ་ཙམ་སྦྱིན་པར་བྱ། ཚུལ་ཁྲིམས་དེ་ཙམ་དང་། བཟོད་པ་དེ་ཙམ་དང་། བརྩོན་འགྲུས་དེ་ཙམ་དང་། བསམ་གཏན་དེ་ཙམ་དང་། ཤེས་རབ་དེ་ཙམ་བསྒོམ་པར་བྱ། དུས་དེ་ཙམ་གྱིས་འདི་ཕན་ཆད་བསྒོམ་པར་བྱ། འདི་ཕན་ཆད་བསྒོམ་པར་མི་བྱའོ་སྙམ་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་མཐར་ཐུག་པ་མེད་པ་ཁོ་ནའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པ་གཅིག་པུ་ཁོ་ན་མཐོང་སྟེ། དེ་ལ་ཆོས་ཐམས་ཅད་ཤིན་ཏུ་བྱང་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས། ཆོས་ཐམས་ཅད་མངོན་པར་རྫོགས་ ― DKG048_Page_0268 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་བྱང་ཆུབ་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷག་པའི་བསམ་པ་ནི་གནས་གསུམ་དུ་བལྟ་བར་བྱ་སྟེ། ལྷག་པའི་བསམ་པ་དང་པོ་དེ་ནི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ལས་ཉིད་དུ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་གཉིས་པ་དེ་ནི་ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ལེན་པ་དང་། ཆོས་ཀུན་དུ་འཛིན་པར་ནི་བྱེད་ལ། བདག་ཏུ་ལྷག་པར་ཞེན་པ་ནི་མེད་པ་ཉིད་དུ་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་ལྷག་པའི་བསམ་པ་གསུམ་པ་དེ་ནི་ཆོས་ཟབ་མོ་མི་སྤོང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་འཇུག་པ་ཉིད་དུ་མོས་ཤིང་སྒྱིད་ལུག་པ་མེད་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི་གནས་གསུམ་པོ་དེ་དག་ཏུ་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལྷག་པའི་བསམ་པ་ནི་གནས་གཞན་གསུམ་དུ་བལྟ་བར་བྱ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདོད་པའི་ཕྱིར། ཆོས་ཡོངས་སུ་ཚོལ་བ་ལ་རྟག་ཏུ་བརྩོན་འགྲུས་བརྩམས་པ་ཉིད་དང་། བདག་ཉིད་ཀྱི་དགེ་བའི་རྩ་བ་སྦྱང་བར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་སྦྱང་བར་བྱ་བའི་ཕྱིར། ཆོས་སྨྲ་བའི་རྗེས་སུ་འབྲང་བ་ཉིད་དང་། དེ་ལ་ཡང་ཉེ་བར་སྤྱོད་པ་བླ་ན་མེད་པ་སྟོན་པ་ཉིད་ཀྱིས་ཡང་དང་ཡང་དུ་ཉེ་བར་སྤྱོད་པ་སྟོན་པ་ཉིད་དང་། དེ་ལ་ཡང་བསྙེན་པར་དཀའ་བ་མཐོང་བ་ན་བདག་གིས་ལས་ལ་སྟོན་པ་ཉིད་ཀྱིས་གང་གི་ཕྱིར་བདག་གིས་མ་ཐོས་པ་ནི་བདག་ཉིད་ཀྱི་ལས་དེ་ཡིན་གྱི། འདིའི་ལེ་ལན་ནི་མ་ཡིན་པས་དེའི་ཕྱིར་ཅི་ནས་བདག་གིས་འདི་ལ་ཉེ་བར་སྤྱད་པས་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང་། ཡང་དག་པར་རྒྱུན་ཆད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་གསུམ་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་རྣམ་གྲངས་དེས་ན་ཁྱོད་ཀྱིས་ཅི་ནས་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་ཞིང་ཆོས་སྨྲ་བའི་རྗེས་སུ་འབྲང་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ ― DKG048_Page_0269 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་དེ་ལྟར་བལྟ་བར་བྱའོ། །ཤ་ར་དྭ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ། གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་ཡེ་ཤེས་མཆོག་ཅེས་བྱ་བའི་བསྐལ་པ་ལ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། དེ་བཞིན་གཤེགས་པ་ཀུན་ཏུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་དེའི་ཚེ་ཚད་ནི་བསྐལ་པ་ཕྱེད་ཚང་བར་ཐུབ་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་དེའི་ཉན་ཐོས་འདུས་པ་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་བར་གྱུར་ཏེ། ཉན་ཐོས་འདུས་པ་རེ་རེ་ཡང་གཉི་གའི་ཆ་ལས་རྣམ་པར་གྲོལ་བ། ཤེས་རབ་ཕུན་སུམ་ཚོགས་པ། ལྟ་བ་ཕུན་སུམ་ཚོགས་པ། ལུས་ཀྱིས་མངོན་དུ་བྱེད་པ་དག་གོ །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཀུན་དུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་དེའི་ཉན་ཐོས་འདུས་པ་དེ་དག་ཇི་སྙེད་བྱུང་བ་དེ་སྙེད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་པ་དག་ཀྱང་དེ་སྙེད་ཁོ་ན་བྱུང་བར་གྱུར་ཏེ། ཕྱིར་མི་ལྡོག་པ་དག་ཀྱང་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་དག་ལྟ་ཅི་སྨོས། ཤ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་ན། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ཐམས་ཅད་དུ་ཆོས་སྨྲ་བ་བྱེ་བ་ཕྲག་བརྒྱ་བྱིན་གྱིས་བརླབས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་དེའི་དམ་པའི་ཆོས་ནི་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུར་གནས་སོ། ། ― DKG048_Page_0270 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤ་ར་དྭ་ཏིའི་བུ་དེའི་དུས་ན་སེམས་ཅན་དེ་དག་གི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་ཅུ་ཐུབ་པར་འགྱུར་ཏེ། སེམས་ཅན་གང་ཡང་བར་མ་དོར་འཆི་བའི་དུས་མི་བྱེད་དོ། །སེམས་ཅན་དེ་དག་བྱ་བ་ཐམས་ཅད་ལ་ཤིན་ཏུ་མཐར་ཐུག་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་དེར་ཆོས་སྨྲ་བ་འོད་གྲགས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་འོད་གྲགས་པ་དེ་དམ་པའི་ཆོས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བྱིན་གྱིས་བརླབས་སོ། །ཤ་ར་དྭ་ཏིའི་བུ་ཆོས་སྨྲ་བ་འོད་གྲགས་པ་དེ་ནི་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པར་གྱུར་པའོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་ན་ཆོས་སྨྲ་བ་འོད་གྲགས་པ་དེ་གྲོང་ནས་གྲོང་དུ། གྲོང་ཁྱེར་ནས་གྲོང་ཁྱེར་དུ། ལྗོངས་ནས་ལྗོངས་སུ་འཁོར་ནས་འཁོར་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་བསྐལ་པ་བྱེ་བ་གྲངས་མེད་པས་ཡང་དག་པར་བསྒྲུབས་པ་ཡང་དག་པར་རབ་ཏུ་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་དེར་མཐའ་འཁོབ་ཀྱི་གྲོང་ཁྱེར་གྲོང་ཁྱེར་བརྟན་ལྡན་ཞེས་བྱ་བ་བྱུང་ངོ་། །གྲོང་ཁྱེར་དེར་ཡང་ཁྱིམ་བདག་བརྟན་པའི་སྡེ་ཞེས་བྱ་བ་བྱུང་སྟེ། ཁྱིམ་བདག་བརྟན་པའི་སྡེ་དེ་ནི་གཞོན་ནུ་དར་ལ་བབ་པར་གྱུར་པ་སྟེ། གྲོང་ཁྱེར་གྱི་བྱ་བ་དག་བྱེད་དོ། །དུས་གཞན་ཞིག་ན་གྲོང་ཁྱེར་གྱི་བྱ་བ་ལ་མངོན་པར་བརྩོན་པ་དེ་ལ་སེམས་སྐྱེས་པ། ཤེས་པ་གང་ཡང་དག་པར་བསྒྲུབས་ནས་སེམས་ཅན་དེ་དག་ལ་དམ་པའི་ཆོས་ཡང་དག་པར་རབ་ཏུ་སྟོན་ཅིང་། ཆོས་དེའི་དོན་ཡང་དག་པར་རབ་ཏུ་སྟོན་ལ། དེའི་དོན་ཡང་དག་པར་རབ་ཏུ་བསྟན་ན་སེམས་ཅན་དེ་དག་བྱ་བ་ཐམས་ཅད་ལ་ཤིན་ཏུ་མཐར་ཐུག་པར་འགྱུར་བའི་ཤེས་པ་དེ་ཅི་འདྲ་ཞིག་གུ་སྙམ་མོ། །ཁྱིམ་བདག་བརྟན་པའི་སྡེ་དེ་གཅིག་པུ་དབེན་པར་སོང་ནས་དེ་སྙམ་དུ་སེམས་པ་ན་ལྷ་ཞིག་འོངས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་དེ་བཞིན་གཤེགས་པ་ཀུན་དུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་ཞེས་བྱ་བ་ཡོད་དོ། །དེ་ནས་ཁྱིམ་བདག་བརྟན་པའི་སྡེ་རངས་པ་སྐྱེས་སོ། །དེ་ནས་ལྷ་དེས་ཡང་སྨྲས་པ། ཁྱིམ་བདག་དེ་ནི་ཡོངས་སུ་མྱ་ངན་ལས་ ― DKG048_Page_0271 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདས་སོ། །དེ་ནས་ཁྱིམ་བདག་བརྟན་པའི་སྡེ་ངུས་སོ། །དེ་ནས་ལྷ་དེས་ཁྱིམ་བདག་བརྟན་པའི་སྡེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཅིའི་ཕྱིར་རངས་པ་སྐྱེས་ནས་ཕྱིས་ངུས། དེ་སྐད་ཅེས་སྨྲས་པ་དང་། ཁྱིམ་བདག་བརྟན་པའི་སྡེས་ལྷ་དེ་ལ་སྨྲས་པ། ལྷ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཡོད་དོ་ཞེས་དེ་སྐད་ཅེས་སྨྲས་པ་དེ་ལ་བདག་རངས་པ་སྐྱེས་སོ། །གང་དེ་བཞིན་གཤེགས་པ་མེད་དོ་ཞེས་དེ་སྐད་ཅེས་སྨྲས་པ་དེ་ལ་བདག་ངུས་ཏེ། ལྷ་འདི་ལྟར་དེ་བཞིན་གཤེགས་པ་བདག་གིས་མ་མཐོང་བས་བདག་འཚོ་བ་ནི་དོན་མེད་དོ། །དེ་ནས་ལྷ་དེས་ཁྱིམ་བདག་བརྟན་པའི་སྡེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་ཡོངས་སུ་མྱ་ངན་ལས་འདའ་བ་ན་དགེ་སློང་ཆོས་སྨྲ་བ་ཆོས་སྟོན་པ་འོད་གྲགས་པ་ཞེས་བྱ་བ་བྱིན་གྱིས་བརླབས་པ་ཡོད་དེ། ཁྱིམ་བདག་ཆོས་སྨྲ་བ་དེ་ནི་བཅོམ་ལྡན་འདས་དེས་ཇི་སྙེད་ཀྱི་ཆོས་བསྟན་པ་མཛད་པ་དེ་ཐམས་ཅད་ཀུན་འཛིན་པར་བྱེད་ཀྱི་ཆུད་གཟོན་པར་མི་བྱེད་དོ། །ཁྱིམ་བདག་དགེ་སློང་དེ་ནི་བཅོམ་ལྡན་འདས་དེའི་ཆོས་ཀྱི་མཛོད་འཛིན་པའོ། །དེ་ནས་ཁྱིམ་བདག་བརྟན་པའི་སྡེས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཆོས་སྨྲ་བ་དེ་ད་ལྟར་གང་ན་གནས། ལྷས་སྨྲས་པ། ཁྱིམ་བདག་ཆོས་སྨྲ་བ་འོད་གྲགས་པ་དེ་ནི་ད་ལྟར་སེར་སྐྱའི་གྲོང་ཁྱེར་གྱི་རྒྱལ་པོའི་ཕོ་བྲང་ན་གནས་ཏེ། རྒྱལ་པོའི་ཕོ་བྲང་དེ་ནི་འདི་ནས་ཤར་ཕྱོགས་སུ་དཔག་ཚད་དྲུག་སྟོང་སུམ་བརྒྱ་འདས་པ་ན་ཡོད་དོ། །དེ་ནས་ཁྱིམ་བདག་བརྟན་པའི་སྡེས་དེའི་མཚན་མོ་འདས་ནས། འགྲོན་བུ་བྱེ་བ་ཕྲག་བརྒྱད་ཅུ་ཐོགས་ཤིང་གསེར་སྲང་བྱེ་བ་ཕྲག་བརྒྱད་ཅུ་ཐོགས་ནས། གཡོག་འཁོར་མང་པོ་དང་སེར་སྐྱའི་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཆོས་སྨྲ་བ་འོད་གྲགས་པ་ག་ལ་བ་དེར་སོང་སྟེ་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཁྱིམ་བདག་བརྟན་པའི་སྡེ་ཕྱོགས་གཅིག་ཏུ་འདུག་པ་ལ་ཡང་ཆོས་སྨྲ་བ་འོད་གྲགས་པས་འདི་ལྟ་སྟེ་ ― DKG048_Page_0272 ―
[མ་དཔེ་གཟིགས་ན་འདིར་གནོན།]
སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་དག་པར་སྐུལ་བའི་གཏམ་བཟང་པོ་བྱས་སོ། །དེ་ནས་ཁྱིམ་བདག་བརྟན་པའི་སྡེ་ཆོས་སྨྲ་བ་འོད་གྲགས་པ་ལ་སེམས་དད་ནས་ལེགས་པར་གསུངས་སོ་ཞེས་སྨྲས་ཏེ་འགྲོན་བུ་དེ་དག་དང་། གསེར་སྲང་དེ་དག་ཕུལ་ལོ། །རིམ་གྲོ་དང་བསྙེན་བཀུར་བྱ་བའི་ཕྱིར་བདག་ཉིད་ཀྱང་ཕུལ་ལོ། །ཤ་ར་དྭ་ཏིའི་བུ་ཁྱིམ་བདག་བརྟན་པའི་སྡེ་དེ་ལ་ཆོས་སྨྲ་བ་འོད་གྲགས་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱ་བར་མངོན་པར་བརྩོན་ཞིང་། ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་གྱུར་ཏེ། འདི་ལྟ་སྟེ། ཆོས་ཀྱི་རྣམ་གྲངས་དེ་ཉིད་གཟུང་བ་དང་། ཡི་གེར་བྲི་བ་དང་། བཀླག་པའི་ཕྱིར་ལོ་བྱེ་བ་ཕྲག་དྲུག་ཅུར་ཕྱི་བཞིན་དུ་རྗེས་སུ་འབྲངས་སོ། །ལོ་བྱེ་བ་ཕྲག་དྲུག་ཅུ་པོ་དེར་ཡང་མཉན་པའམ། ཡི་གེར་བྲི་བའམ། ལུང་ནོད་པར་ཆོས་ཀྱི་རྣམ་གྲངས་དེ་མ་ཐོབ་བོ། །དེ་ལོ་བྱེ་བ་ཕྲག་དྲུག་ཅུར་ཆོས་སྨྲ་བ་འོད་གྲགས་པ་ལ་རིམ་གྲོ་བྱེད་པ་ན། ནམ་དུ་ཡང་རྨུགས་པ་དང་། གཉིད་ཀྱིས་མ་ནོན་ཏོ། །དེ་ལོ་བྱེ་བ་ཕྲག་དྲུག་ཅུར་ཆོས་སྨྲ་བ་དེ་ལ་རིམ་གྲོ་བྱེད་པ་ན་ནམ་དུ་ཡང་ཆོས་དང་མ་བྲལ་ལོ། །དེ་ལོ་བྱེ་བ་ཕྲག་དྲུག་ཅུར་ཆོས་སྨྲ་བ་དེ་ལ་རིམ་གྲོ་བྱེད་པ་ན་ནམ་དུ་ཡང་འདོད་པའི་རྣམ་པར་རྟོག་པ་ལ་རྣམ་པར་རྟོག་པར་མ་གྱུར། གནོད་སེམས་ཀྱི་རྣམ་པར་རྟོག་པ་ལ་མ་ཡིན། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ལ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཆོས་སྨྲ་བ་དེ་གནས་གང་ན་གནས་པའི་གནས་དེའི་སྒོར་ཁྱིམ་བདག་བརྟན་པའི་སྡེ་མི་ཉལ་བར་གྱུར་ཏེ། འདི་ལྟ་སྟེ། ཀུན་བསྲུང་བའི་ཕྱིར་ལངས་པ་ཉིད་ཀྱིས་འདུག་གི་ཉལ་བས་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེའི་དུས་ན་བདུད་རྟག་ཏུ་གླགས་ཚོལ་བ་ལ་རྗེས་སུ་ལྟ་བ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ནས་བདུད་རྟག་ཏུ་གླགས་ཚོལ་བ་ལ་རྗེས་སུ་ལྟ་བས་ཁྱིམ་བདག བརྟན་པའི་སྡེ་ལ་གླགས་བཙལ་བར་བལྟས་སོ། །དེ་ནས་བདུད་རྟག་ཏུ་གླགས་ཚོལ་བ་རྗེས་སུ་ལྟ་བས་དགེ་སློང་འོད་གྲགས་པ་ཇི་འདྲ་བ་དེ་འདྲ་བ་ཁོ་ནའི་དགེ་སློང་བུད་ ― DKG048_Page_0273 ―
[མ་དཔེ་གཟིགས་ན་འདིར་གནོན།]
མེད་དང་ལྷན་ཅིག་ཏུ་ཕྲད་པར་བྱེད་པ་ཞིག་མངོན་པར་སྤྲུལ་ཏོ། །དེ་ནས་བདུད་རྟག་ཏུ་གླགས་ཚོལ་བ་ལ་རྗེས་སུ་ལྟ་བས་སྤྲུལ་པ་དེ་ལྟ་བུ་མངོན་པར་སྤྲུལ་ནས་ཁྱིམ་བདག་བརྟན་པའི་སྡེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱེད་ཀྱི་སྟོན་པ་ནང་གི་མཁས་པ་གྲགས་པ་ཤེས་རབ་དང་ལྡན་པ། ཐོས་པ་དང་ལྡན་པ། ཐོས་པ་རྒྱ་མཚོ་གང་ཡིན་པ་དེའི་ལོག་པར་རྟོག་པ་དང་། དེའི་སྤྱོད་ཡུལ་མ་ཡིན་པ་ལ་ལྟོས། ཇི་ལྟར་ན་གཞན་ལ་ཡོ་བྱད་བསྙུངས་པའི་གཏམ་ཡང་བྱེད་ལ། བདག་ཉིད་ཀྱིས་ཚུལ་ཁྲིམས་འཆལ་པ་ཉིད་ཀྱང་ཡོངས་སུ་འཛིན། ཁྱིམ་བདག་བདག་ཉིད་ཀྱིས་ཚངས་པར་སྤྱོད་པའོ་ཞེས་ཀྱང་ཁས་འཆེ་ལ། མི་ཚངས་པར་སྤྱོད་པ་ཡང་ཡང་དག་པར་བླངས་ནས་གནས་པ་ལ་ལྟོས། ཁྱིམ་བདག་ཇི་ལྟར་ན་ཟབ་མོ་སྤྱོད་པ་ཡང་ཡིན་ཞིང་ཡོ་བྱད་བསྙུངས་པ་ལ་རབ་ཏུ་གནས་པ་ཡང་ཡིན་ལ། བྱ་བ་དེ་ལྟ་བུ་དང་། ཚུལ་དེ་ལྟ་བུ་བྱེད་པ་ཡིན་ཏེ། དེ་ནི་གནས་མེད་དོ་དེ་ནི་མི་རིགས་སོ། །ཁྱིམ་བདག་བསྟེན་ཅིང་བསྙེན་བཀུར་བྱས་པ་དེས་ཆོག་གིས། ཁྱོད་ཀྱིས་དགེ་སློང་དེ་ལྟ་བུ་དེ་ཐོང་ཤིག །ཁྱིམ་བདག་ཁྱོད་ནི་ཚུལ་ཁྲིམས་དང་ལྡན་པ་དང་། ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། དྲན་པ་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་ཡིན་ལ། འདི་ལྟ་བུ་དེ་ནི་ཚུལ་ཁྲིམས་འཆལ་པ་ཡིན་ན། ཇི་ལྟར་ན་ཁྱོད་དེ་ལ་བསྙེན་བཀུར་བྱེད། དེ་ནས་ཁྱིམ་བདག་བརྟན་པའི་སྡེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་ཀུན་དུ་སྲུང་བའི་བདག་པོ་སྤྲིན་གྱི་དབང་ཕྱུག་མར་མེ་དེས་ཆོས་སྨྲ་བ་ཆོས་ཀྱི་མཛོད་འཛིན་པ་འོད་གྲགས་པ་ཞེས་བྱ་བ་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་གཏེར་ཡང་འཛིན་པའི་གཏམ་དེ་ལྟ་བུ་ལྷ་དེས་བདག་ལ་བྱས་ཏེ། དེར་སོང་ལ་བསྙེན་བཀུར་བྱོས་ཤིག་ཅེས་དེ་སྐད་ཅེས་ཀྱང་སྨྲས་ཤིང་། བདག་གིས་ཀྱང་དེ་ལ་སྤོབས་པ་ཐོས་ནས་ཆོས་སྨྲ་བ་འོད་གྲགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བདག་ལ་ཆོས་སྨྲ་བ་འོད་གྲགས་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པ། ཡང་དག་པར་རབ་ཏུ་བསྟན་ཅིང་བདག་གིས་ཀྱང་ཆོས་འདོད་པས་ཆོས་ཀྱི་ཕྱིར་དབུལ་ ― DKG048_Page_0274 ―
[མ་དཔེ་གཟིགས་ན་འདིར་གནོན།]
བ་ཕུལ་ཏེ། བདག་ཉིད་ཀྱང་རིམ་གྲོ་དང་བསྙེན་བཀུར་བྱ་བའི་ཕྱིར་ཕུལ་བས་དེ་ནི་བདག་གི་ལེགས་པར་བྱས་པ་ཡིན་ན། གང་མི་འདིས་ཆོས་སྨྲ་བ་འོད་གྲགས་པའི་སྤྱོད་ཡུལ་མ་ཡིན་པའི་ཚིག་སྨྲས་པ་དེ་ནི་བདུད་ཀྱི་ལས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གནས་མེད་སྐབས་མེད་པའི་ཕྱིར་ཏེ། གང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དེ་དག་ཡིན་ནོ་ཞེས་བྱ་བ་དེ་ནི་གནས་མེད་དེ། གདོན་མི་ཟ་བར་འདི་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷའམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་མི་ཞིག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་བདག་གིས་ཆོས་སྨྲ་བ་འོད་གྲགས་པ་ལས་ཆོས་བསྟན་པ་བཟུང་བའི་ཆོས་བསྟན་པ་དེ་ལ་ནི་མཚན་ཉིད་དེ་དག་མེད་པའི་ཕྱིར་ཏེ། བདག་གིས་ནི་བུད་མེད་དེ་ལ་རྣམ་པར་བལྟ་བར་བྱ། བུད་མེད་ཀྱི་ཆོས་ལ་རྣམ་པར་བལྟ་བར་བྱ། སྐྱེས་པ་ལ་ཡང་རྣམ་པར་བལྟ་བར་བྱ། སྐྱེས་པའི་ཆོས་ལ་ཡང་རྣམ་པར་བལྟ་བར་བྱ་སྟེ། གལ་ཏེ་ཆོས་སྨྲ་བ་འོད་གྲགས་པ་དེ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡིན་ལ། བདག་སྤྲུལ་པ་ཡང་དག་པ་མ་ཡིན་པ་དེ་ཉིད་ཀྱི་དབང་གིས་སོང་ན་ནི་དེ་བཞིན་གཤེགས་པ་ལ་བདག་གིས་སྐུར་པ་བཏབ་པར་འགྱུར་ཞིང་། དེ་བཞིན་གཤེགས་པའི་ཆོས་ཉིད་ལ་ཡང་སྐུར་པ་བཏབ་པར་འགྱུར་ན། བདག་གིས་ནི་བསམ་པ་བཟང་པོའི་སྨོན་ལམ་གྱི་དབང་དང་། དེ་བཞིན་གཤེགས་པ་དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་བདེན་པའི་བྱིན་གྱིས་བརླབས་བྱའོ་སྙམ་མོ། ། དེ་ནས་ཁྱིམ་བདག་བརྟན་པའི་སྡེས་དེའི་ཚེ། བདེན་པ་དང་བདེན་པའི་ཚིག་གང་གིས་ཆོས་སྨྲ་བ་དེ་བཅོམ་ལྡན་འདས་དེས་ཆོས་བསྟན་པའི་ཕྱིར་བྱིན་གྱིས་བརླབས་པ་ཡིན་ན། བདག་ལ་ཆོས་ཡོངས་སུ་བཙལ་བའི་ཕྱིར་ལྷག་པའི་བསམ་པ་ཡོད་པའི་བདེན་པ་དང་བདེན་པའི་ཚིག་དེས་བུད་མེད་དེ་དང་སྐྱེས་པ་དེ་མི་སྣང་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་བྱས་ཏེ། ཤ་ར་དྭ་ཏིའི་བུ་ཁྱིམ་བདག་དེའི་བདེན་པའི་བྱིན་གྱི་རླབས་ཀྱིས་བུད་མེད་དེ་དང་སྐྱེས་པ་དེ་ཡང་མི་སྣང་བར་གྱུར་ཏོ། །བདུད་ཀྱི་རིས་དེ་དག་མི་སྣང་བར་གྱུར་ནས། དེ་ནས་ཁྱིམ་བདག་བརྟན་པའི་སྡེ་བསམ་པ་འདི་ལ་ཞུགས་ཏེ། གང་ཆོས་སྨྲ་བ་འོད་གྲགས་པས་ ― DKG048_Page_0275 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་ཉན་དུ་མ་སྟེར་བ་དེ་ཡང་བདག་གི་བདུད་ཀྱི་ལས་ཡིན། དེ་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ། འདི་ལྟར་བདག་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་ཞིང་རྟག་པར་རྒྱུན་དུ་དེའི་རྗེས་སུ་འབྲངས་ན། དེས་ཀྱང་བདག་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཉན་དུ་མ་བཅུག་སྟེ། ཀྱེ་མ་བདག་གིས་འདི་ལྟར་བདག་ལ་བདུད་ཀྱི་ལས་སུ་མི་འགྱུར་བ་དེ་ལྟར་བྱའོ་སྙམ་སྟེ། ཤ་ར་དྭ་ཏིའི་བུ་ཁྱིམ་བདག་བརྟན་པའི་སྡེ་ཆོས་སྨྲ་བ་འོད་གྲགས་པའི་རྗེས་སུ་འབྲང་བ་ཁོ་ནར་བྱེད་ཀྱི་ཕྱིར་མ་ལོག་གོ །ཤ་ར་དྭ་ཏིའི་བུ་ཁྱིམ་བདག་བརྟན་པའི་སྡེའི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་ལྟོས། ལོ་བྱེ་བ་ཕྲག་དྲུག་ཅུར་དེས་ཆོས་སྨྲ་བ་དེའི་རྗེས་སུ་འབྲང་ཞིང་དགའ་བ་དང་། དད་པས་ཀྱང་ཡིད་ཡོངས་སུ་མི་སྐྱོ་བར་ལོ་བྱེ་བ་ཕྲག་དྲུག་ཅུར་རྗེས་སུ་འབྲང་དུ་ཟིན་ཀྱང་ཆོས་ཀྱི་རྣམ་གྲངས་དེ་ལན་གཅིག་མ་གཏོགས་པར་ནམ་ཡང་མ་ཐོས་སོ། །བདུད་རྟག་ཏུ་གླགས་ཚོལ་བ་ལ་རྗེས་སུ་ལྟ་བས་ཀུན་ཏུ་རྨོངས་པའི་གནས་དེ་ལྟ་བུ་ཀུན་ཏུ་བསྟན་པ་ན་ཡང་དེའི་སེམས་གཞན་དུ་མ་གྱུར་ཏེ། ཆོས་སྨྲ་བ་དེ་ལ་དད་པ་འཐོབ་པ་ཉིད་དུ་ཡང་གྱུར་ཏོ། །ཁྱིམ་བདག་བརྟན་པའི་སྡེ་དེ་ལོ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་འདས་ནས་འཇིག་རྟེན་གྱི་ཁམས་དཀོན་མཆོག་འབྱུང་གནས་སུ་སངས་རྒྱས་ཀྱི་ཞིང་སྟོང་གི་རྗེས་སུ་འཐུན་པར་སྐྱེས་ཏེ། འཇིག་རྟེན་གྱི་ཁམས་དེར་ཡང་དེ་བཞིན་གཤེགས་པ་དཔུང་མགོ་ཆེན་པོ་ཞེས་བྱ་བ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔུང་མགོ་ཆེན་པོ་དེའི་འདུས་པ་གཅིག་སྟེ། དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་བྱུང་ངོ་། །དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་སྡེ་ནི་རྒྱལ་པོའི་ཁྱིམ་དུ་སྐྱེས་ཏེ། དེ་སྐྱེས་ནས་དེ་མ་ཐག་ཏུ་ལྷས་ཚིག་ཏུ་སྨྲས་པ། གཞོན་ནུ་ཁྱོད་ཀྱི་འབྲས་བུ་དེ་ནི་ཆོས་ཡོངས་སུ་བཙལ་བའི་ཡིན་ནོ། །དེ་ནས་ཁྱེའུ་དེས་ལྷ་དེ་ལས་ཚིག་དེ་ཐོས་ནས་སེམས་འདི་ལྟ་བུ་སྐྱེས་ཏེ། དེའི་ཕྱིར་བདག་གིས་ནི་བདག་ཉིད་ ― DKG048_Page_0276 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁོ་ནས་ཆོས་རྣམས་བཙལ་བར་བྱ་བ་དེ་ལྟར་བྱའོ་སྙམ་ནས། དེ་སྐྱེས་ནས་ལོ་བདུན་ལོན་པ་ཙམ་དང་། རབ་ཏུ་འབྱུང་བའི་ཕྱིར་མངོན་པར་བྱུང་ངོ་། །བཅོམ་ལྡན་འདས་དེས་ཀྱང་དེ་ལ་ཆོས་བསྟན་ཏོ། །དེ་སྔོན་གྱི་སྨོན་ལམ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དྲན་པ་ཡང་རྙེད་དོ། །དེ་བཞིན་གཤེགས་པ་དཔུང་མགོ་ཆེན་པོ་དེས་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཡང་དག་པར་རབ་ཏུ་བསྟན་པ་དེ་དག་ཐམས་ཅད་ཀྱང་ཀུན་བཟུང་ངོ་། །དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔུང་མགོ་ཆེན་པོ་དེའི་བསྟན་པ་ལ་ཡང་ཚངས་པར་སྤྱོད་པ་སྤྱད་དོ། །སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་ཤི་འཕོས་ནས་ཀྱང་དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་གཉིས་པ་རི་རབ་ཀྱི་ཕུང་པོ་ཞེས་བྱ་བ་མཉེས་པར་བྱས་སོ། །དེ་དེ་བཞིན་གཤེགས་པ་དེའི་བསྟན་པ་ལ་ཡང་སྐྱེས་ནས་ལོ་བདུན་ཙམ་ལོན་པ་དང་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་བྱུང་ནས་དྲན་པ་རྙེད་པ་དང་། སྔོན་གྱི་སྨོན་ལམ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་དེས་མདོ་སྡེ་ཇི་སྙེད་ཡང་དག་པར་རབ་ཏུ་བསྟན་པ་དེ་དག་ཐམས་ཅད་དྲན་པས་ཀུན་དུ་བཟུང་ངོ་། །ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་སྡེས་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་མཉེས་པར་བྱས་སོ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་པོ་དེ་དག་ཐམས་ཅད་ལས་ཀྱང་ཆོས་བསྟན་པ་ཀུན་བཟུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་སྡེ་ཡེ་ཤེས་རྒྱ་མཚོ་ལྟ་བུ་དང་ལྡན་པར་གྱུར་ཏོ། །མི་གཡོས་པ་ཉིད་ཀྱི་ཕྱིར་ཡེ་ཤེས་མི་འཁྲུགས་པ་ནམ་མཁའ་དང་མཉམ་པ་ལྟ་བུ་དང་ལྡན་པར་གྱུར་ཏོ། །གཏིང་དཔག་དཀའ་བ་ཉིད་ཀྱི་ཕྱིར་ཡེ་ཤེས་ཟབ་པ་ལྟ་བུ་དང་ལྡན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་བརྟན་པའི་སྡེ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ། གང་གིས་ལོ་བྱེ་བ་ཕྲག་དྲུག་ཅུར་ཆོས་སྨྲ་བ་དེ་ལ་རྗེས་སུ་འབྲངས་ ― DKG048_Page_0277 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱང་། སེམས་གཞན་དུ་གྱུར་པར་མ་བྱས་པའི་ཁྱིམ་བདག་ཚོང་དཔོན་དེ་ནི་མར་མེ་མཛད་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཡོངས་སུ་བཙལ་བ་ལྷག་པའི་བསམ་པ་ཇི་ཙམ་དུ་དོན་ཆེ་བ་ལ་ལྟོས། ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་དང་ལྡན་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་ཆོས་སྨྲ་བ་དེ་ནི་ད་དུང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་ཚོལ་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་ཆོས་སྨྲ་བ་འོད་གྲགས་པ་དེ་ནི་འཁོར་འདི་ཉིད་ན་གནས་ཤིང་འདུག་གོ །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ལྷག་པའི་བསམ་པ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པའི་ལེའུ་སྟེ་དྲུག་པའོ།། །། |