རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ།


JLD012_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གསུང་བཞིན་དུ་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་རྒྱལ་ཚབ་ཆོས་རྗེས་བརྗེད་བྱང་དུ་མཛད་པ་བཞུགས་སོ། །


JLD012_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་སྐད་ཅིག་ཡིད་ལ་དྲན་ཙམ་གྱིས། །སྲིད་པའི་སྡུག་བསྔལ་མ་ལུས་གཅོད་མཛད་ཅིང་། །དཔལ་ལྡན་ཁྱབ་བདག་གོ་འཕང་མཆོག་སྩོལ་བའི། །རྗེ་བཙུན་བླ་མ་རྣམས་ལ་གུས་ཕྱག་འཚལ། །དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་འདི་ལ་དོན་གསུམ་སྟེ། མཚན་གྱི་དོན་དང་། གཞུང་གི་དོན་དང་། གང་གིས་བསྒྱུར་པའི་ཚུལ་ལོ། །དང་པོ་ལ་མཚན་བསྒྱུར་བ་དང་། བཤད་པའོ། །དང་པོ་ནི། ས་མནྟ་ནི་ཀུན་ཏུའམ་ཀུན་ནས་ཞེས་


JLD012_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བྷ་དྲ་ནི་བཟང་པོའོ། །ནཱ་མ་ནི་ཞེས་བྱ་བའོ། །སཱ་དྷ་ནི་སྒྲུབ་པའི་ཐབས་སོ། །གཉིས་པ་ནི། ཉེས་པ་ཟད་ཅིང་ཡོན་ཏན་རྫོགས་པས་ན་བཟང་པོ་ཞེས་བྱ་སྟེ། ཐོབ་བྱའི་གོ་འཕང་མཐར་ཐུག་གོ །དེའང་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པས་ཀུན་ཏུ་བཟང་པོའོ། །དེ་སྒྲུབ་པའི་ཐབས་ནི་འོག་ནས་འཆད་པའི་ཆོ་གའི་རིམ་པས་ཏེ་དེ་སྟོན་པའི་གཞུང་ལའང་སྒྲུབ་ཐབས་ཀུན་བཟང་ཞེས་བྱའོ། །ཡང་ན་ཀུན་ཏུ་བཟང་པོའང་ཡིན་ལ་སྒྲུབ་པའི་ཐབས་ཀྱང་ཡིན་པས་སྒྲུབ་ཐབས་ཀུན་བཟང་ཞེས་གཞི་མཐུན་དུ་སྦྱར་ཏེ། གཞུང་དང་བརྗོད་བྱ་གཉིས་ཀ་ལ་བྱའོ། །གཉིས་པ་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་


JLD012_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པར་དམ་བཅའ་བའོ། །དང་པོ་ནི། དཔལ་ལྡན་ཞེས་ཏེ་ཐ་ག་ནས་བསྟོད་པ་དང་། ཕྱག་འཚལ་བ་གཉིས་སུ་བསྡུས་ལ། དཔལ་འབྲས་རྡོ་རྗེས་མཆོད་པ་དང་གསུམ་དུ་དབྱེའོ། །ཕྱག་འཚལ་ལོ་ཞེས་དྲང་ངོ་། །དེ་ནི་ལུས་ངག་ཡིད་གསུམ་གྱིས་འདུད་པའི་དོན་ནོ། །གང་ལ་ན་ཉོན་མོངས་པ་ལ་སོགས་པའི་རྩུབ་རེག་དང་བྲལ་བས་ན་འཇམ་ཞིང་བསྟེན་པར་བྱ་བས་ན་ཚོགས་གཉིས་ཀྱི་དཔལ་དང་ལྡན་པའི་འཇམ་དཔལ་དེ་ལའོ། །གང་གིས་ན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སོ། །དགོས་པ་གང་གི་ཕྱིར་ན། ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པས་བསོད་ནམས་མངོན་པར་འཕེལ་བ་དང་། དེ་ལ་བརྟེན་ནས་རྩོམ་པ་ལ་སོགས་པའི་གེགས་ཉེ་བར་ཞི་བ་དང་། བཤད་པ་དང་ཉན་པ་རྣམས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་དུའོ། །མཆོད་པའི་ཕྱིར་ཞེས་པ་མཆོད་བསྟོད་ཀྱི་དགོས་པ་སྟོན་པ་མ་ཡིན་གྱི་འོག་ནས་འཆད་པ་ལྟར་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཏིང་ངེ་འཛིན་ཡིད་ལ་བྱེད་ཅིང་འབྲས་བུ་མངོན་དུ་འགྱུར་བའི་ཕྱིར་དུ་ཡིན་ནོ་ཞེས་པའོ། །བསྟོད་པའི་ཡུལ་དེ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་ན། རང་དོན་ཕུན་སུམ་ཚོགས་པའི་རྒྱུ་དང་། འབྲས་བུ་དང་། གཞན་དོན་ཕུན་ཚོགས་དང་། དེའི་རྒྱུའོ། །དང་པོ་ནི། ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་གོམས་པ་ལ་བརྟེན་ནས་བྱུང་བའོ། །གཉིས་པ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་སྒྲིབ་པས་ན་མི་ཤེས་པ་དེའང་ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་ཀུན་སྤངས་པས་ན་དྲི་མ་མེད་


JLD012_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟི་བརྗིད་དང་ལྡན་པའོ། །སྤངས་པ་ཕུན་ཚོགས་ནི་རྟོགས་པ་ཕུན་ཚོགས་ལ་མི་འཁྲུལ་བས་རང་དོན་སྤངས་རྟོགས་ཕུན་ཚོགས་དང་ལྡན་པའོ། །གཟི་བརྗིད་ལྡན་ནི་གཉིས་ཀའི་མཐར་སྦྱར་རོ། །གསུམ་པ་ནི། རིགས་ཀྱང་ཡིན་ལ་དཔག་ཏུ་མེད་པའང་ཡིན་པས་དཔག་མེད་རིགས་ཏེ་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རིགས་ལྔ་དང་། དེའི་གསལ་བའི་དབྱེ་བ་མཐའ་ཡས་པ་རྣམས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་ཏུ་བརྒྱན་པས་ཏེ། དེ་ལ་རྒྱན་ཆོས་རིགས་ལྔ་དང་། རྒྱན་ས་དྲུག་པ་རྡོ་རྗེ་སེམས་དཔའ་གཉིས་ལས་འདི་ནི་ཕྱི་མའོ། །སློབ་དཔོན་དཔལ་འབྲས་རྡོ་རྗེ་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་ལྔ་དག་པ་ནི་རིགས་ལྔ། སྐྱེ་མཆེད་དག་པ་ནི་ས་སྙིང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཁམས་དག་པ་ནི་སྤྱན་མ་སོགས་དང་། ཡུལ་དག་པ་ནི་གཟུགས་རྡོ་རྗེ་མ་སོགས་དང་། དད་པ་སོགས་དག་པ་ནི་གཤིན་རྗེ་མཐར་བྱེད་སོགས་བཞི་སྟེ། དེ་ཐམས་ཅད་དྲུག་པའི་སྐུའི་ཆ་ཤས་ཡིན་པས་ན་དཔག་མེད་ཀྱི་རིགས་ཀྱི་སྤྲུལ་པས་བརྒྱན་པ་ཞེས་འཆད་དོ། །བཞི་པ་ནི། ཤེས་རབ་ནི་རང་གི་ཡུམ་མཱ་མ་ཀཱིའི་རིགས་དེ་དེའི་ཡན་ལག་ཐབས་དང་བཅས་པ་འདུས་ཤིང་སྙོམས་པར་འཇུག་པས་འབར་ཞིང་རབ་ཏུ་མཛེས་པའོ། །དེ་ལ་ཡོན་ཏན་དང་པོས་ནི་ཚངས་པ་སོགས་ལས་ཁྱད་པར་དུ་བྱས་ལ། གཉིས་པས་ཉན་རང་རྣམས་དང་། བཞི་པས་རྒྱུད་སྡེ་འོག་མ་རྣམས་ལས་ཁྱད་པར་དུ་བྱས་སོ། །གཉིས་པ་བཤད་པར་དམ་བཅའ་ལ་གཉིས་ཏེ། དངོས་དང་། རྩོད་སྤང་ངོ་། །དང་པོ་ནི། དཔལ་


JLD012_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞེས་ཏེ་སངས་རྒྱས་ཡེ་ཤེས་བདག་གིས་བཤད་པར་བྱའོ། ཞེས་སོ། །གང་ན་འགྲོ་བ་མ་ལུས་པའི་ཐོབ་བྱའི་དོན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཕུན་སུམ་ཚོགས་པ་མཐར་ཐུག་པ་ཐོབ་པའི་རྒྱུར་གྱུར་པའི་ཆོ་ག་སྟེ་རིམ་པ་དང་རྣམ་པ་དང་། ཐབས་སུ་གྱུར་པ་འོག་ནས་འཆད་པའི་དཀྱིལ་འཁོར་གྱི་འཁོར་ལོར་སྒྲུབ་པའི་ཚུལ་ལོ། །གོ་འཕང་མཐར་ཐུག་ཐོབ་པའི་རྒྱུར་གྱུར་པའི་ཆོ་ག་ནི་བརྗོད་བྱའོ། །བསྟན་བཅོས་འདི་ལ་བརྟེན་ནས་དེ་རྟོགས་པ་ནི་དགོས་པ་དང་། གོ་འཕང་མཐར་ཐུག་ནི་ཉིང་དགོས་དང་། བསྟན་བཅོས་དང་བརྗོད་བྱ་སོགས་སྔ་མ་མེད་པར་ཕྱི་མ་མི་འབྱུང་བ་ནི་འབྲེལ་བའོ། །སློབ་དཔོན་དཔལ་འབྲས་རྡོ་རྗེ་ནི། མཆོད་བརྗོད་ཀྱི་གཞུང་གིས་དགོས་འབྲེལ་བསྟན་པར་བཞེད་དོ། །ཁྱོད་ཀྱིས་བསྟན་བཅོས་འདི་རང་དགར་བརྩམས་པ་ཡིན་ན་ཡིད་ཆེས་པའི་ཁུངས་མེད་པས་སུའང་འཇུག་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚོགས་གཉིས་ཀྱི་དཔལ་དང་ལྡན་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འདུས་པ་གསང་བ་འདུས་པའི་རྒྱུད་ཀྱི་གཞུང་ལུགས་ཀྱི་གདམས་ངག་ལ་བརྟེན་ནས་བཤད་པ་ཡིན་ནོ། །ཁ་ཅིག་ནི་གསང་འདུས་ལས་མཆོག་ཏུ་གྱུར་པའི་རྒྱུད་མེད་པས་ན་དཔལ་ལྡན་ཞེས་འཆད་དོ། །བསྟན་བཅོས་རྩོམ་པའི་རྒྱུ་ནི་དགེ་བའི་བཤེས་གཉེན་དམ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀས་བསྐུལ་ཞིང་གནང་བ་ཐོབ་པ་དང་། རང་གི་སློབ་དཔོན་སྲུང་བའི་ཞབས་དང་། གྲོགས་མཆོག་ཁ་ཅིག་དང་། སློབ་མ་མར་མེ་མཛད་བཟང་པོ་ལ་སོགས་པས་བསྐུལ་བའི་ཕྱིར་


JLD012_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་པ་ལ་སྤྲོ་བར་བྱས་པའོ། །གཉིས་པ་ནི། ཁྱོད་ཀྱི་རྩོམ་པ་དགོས་པ་མེད་པ་ཡིན་ཏེ། གསང་བ་འདུས་པའི་རྒྱུད་རྒྱས་པ་དང་། སློབ་དཔོན་སྔ་མ་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་རྣམས་སུ་རྒྱས་པར་བཀྲལ་ཟིན་པའི་ཕྱིར་ཞེ་ན། དགོས་པ་ཡོད་པར་སྟོན་པ་ནི། དལ་འབྱོར་ཞེས་ཏེ་དེ་དག་གི་རྗེས་སུ་འབྲངས་ནས་ཀྱང་ཚེགས་ཆེན་པོ་དང་དུས་ཡུན་རིང་པོས་རྟོགས་ནུས་མོད་ཀྱང་། དལ་འབྱོར་ཤིན་ཏུ་གཡོ་བས་ཏེ་མྱུར་དུ་འཇིག་པ་དང་། འཇིག་རྟེན་ན་གསང་བ་འདུས་པའི་སྒྲུབ་ཐབས་ཕྱིན་ཅི་མ་ལོག་པར་འཆད་པའི་བཤེས་གཉེན་དམ་པ་དང་ཕྲད་པའང་རྙེད་པར་དཀའ་བ་དེ་བས་ན་བདག་གིས་བརྩམས་པ་འདི་ལ་བརྟེན་ནས་ཤིན་ཏུ་གསལ་བ་དང་མདོར་བསྡུས་ཏེ་བསྟན་པས་ཚེགས་ཆུང་ངུས་ཀྱང་རྟོགས་ནུས་པས་ན་འདི་ལ་བརྟེན་ནས་ཟབ་གསལ་གཉིས་སུ་མེད་པའི་ཤེས་རབ་དང་ཐབས་ལ་གཞོལ་བའི་ཡིད་ལ་བྱེད་པའི་མཆོག་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་ཐབས་དེ་བསྒྲུབ་པར་བྱ་བར་རིགས་སོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གསུམ་སྟེ། རྟེན་གང་གིས་སྒྲུབ་པ་དང་། གནས་གང་དུ་སྒྲུབ་པ་དང་། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། དེ་ལ་ཞེས། ཡིད་ལ་བྱེད་པའི་མཆོག་སྒྲུབ་པར་བསྟན་པ་དེ་ལའོ་ཞེས་པའོ། །བློ་གྲོས་དང་ལྡན་པའི་གང་ཟག་དེས་རང་སྔགས་ཏེ་རང་གི་ལྷག་པའི་ལྷ་མཉེས་ཤིང་བསྒྲུབ་པར་བྱའོ། །མནྟྲ་ལ་ཞེས་པ་ཡིད་སྐྱོབ་པའི་དོན་གྱིས་ན་སྔགས་ཏེ། འདིར་སྔགས་


JLD012_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་ཐ་མི་དད་དུ་བྱས་པའོ། །ཇི་ལྟ་བུས་མཉེས་པར་བྱ་ན། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། དེའང་བསྐྱེད་ཚུལ་དུ་མ་ཡོད་པའི་ནང་ནས་སེམས་ཅན་གྱི་སྡུག་བསྔལ་ཤས་མི་བཟོད་ཅིང་། དེ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེའི་སྟོབས་ཀྱིས་བསྐྱེད་པའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བློ་ལེགས་པར་སྦྱང་བ་ནི་ལུས་ལོངས་སྤྱོད་དགེ་རྩ་གཏོང་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམས་ཀྱིས་ལེགས་པར་བརྒྱན་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་ལེགས་པར་སྦྱངས་ཤིང་ཟབ་མོའི་ཚུལ་སྔགས་ཀྱི་ཐེག་པ་ལ་ལྷག་པར་མོས་པ་བཞག་པའོ། །དེའང་དཔལ་གསང་བ་འདུས་པའི་རྒྱུད་ནས་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་གཙོ་བོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་ཅིང་། རང་གི་ལྷག་པའི་ལྷའི་དབང་བསྐུར་བ་ཕུན་སུམ་ཚོགས་པ་སྦྱང་གཞི་དང་སྦྱོང་བྱེད་ངོ་ལེགས་པར་འཕྲོད་ཅིང་སྐུ་བཞིའི་ས་བོན་ཐེབས་ངེས་འཐོབ་པའོ། །དབང་གི་དང་པོ་ཆུ་དང་མཐའ་རྗེས་གནང་གིས་བརྟེན་པར་བཞི་བརྒྱ་ལྔ་བཅུ་པ་ལས་བཤད་དོ། །ཆོ་ག་བཞིན་དུ་རྗེས་གནང་ཐོབ་པས་ཏེ་རང་གི་མེ་ཏོག་གི་ལྷ་ལ་བརྟེན་ནས་དངོས་གྲུབ་བསྒྲུབ་པའི་ཚུལ་འདི་ལྟར་གྱིས་ཤིག་ཅེས་མན་ངག་བཞིན་དུ་སློབ་དཔོན་ལས་རྗེས་སུ་གནང་བ་འཐོབ་པའོ། །འདི་དབང་བསྐུར་གྱི་སྐབས་ལས་གཞན་དུ་ངེས་པར་མི་དགོས་ཀྱི་དབང་རྫོགས་པར་ཐོབ་རྗེས་སུ་ཟུར་དུ་བྱས་ཀྱང་འགལ་བ་མེད་དོ། །བྲིས་སྐུ་ལ་བརྟེན་པ་དང་།


JLD012_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་ཁྱད་པར་འགའ་ཞིག་ལ་བསམ་གཏན་དང་ལུས་དཀྱིལ་དུ་དབང་བསྐུར་བ་ཡོད་ཀྱང་། གཙོ་བོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་པས་འདིར་དང་པོར་དབང་ཐོབ་པ་དགོས་སོ། །མདོར་ན་ཐུན་མོང་བས་རྒྱུད་སྦྱངས་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་གང་ཟག་གཅིག་གིས་བསྒྲུབ་པར་བྱའོ། །གཉིས་པ་ནི། ལ་ལར་ཞེས་ཏེ་དབེན་པའི་གནས་དྲི་མ་མེད་པའི་ཆུ་ཕུན་སུམ་ཚོགས་པ་དང་། ཤིང་མཛེས་པས་རྣམ་པར་བརྒྱན་པའི་རི་བོའི་ཕྱོགས་གཅིག་ཇི་ལྟར་འདོད་པའི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བཅོམ་ལྡན་འདས་འཇམ་ཞིང་མཉེན་པའི་དབྱངས་དང་ལྡན་པ་དེ་རབ་ཏུ་བསྒྲུབ་པར་བྱའོ། །གསུམ་པ་ལ་བཞི་སྟེ། བསྐྱེད་པའི་རིམ་པ་ཇི་ལྟར་བསྐྱེད་པའི་ཚུལ་དང་། བསྐྱེད་ནས་དངོས་གྲུབ་བསྒྲུབ་ཅིང་བགེགས་བཟློག་པའི་ཚུལ་དང་། ལམ་འདི་གཞན་ལས་ཁྱད་པར་དུ་འཕགས་པར་བསྒྲུབ་པ་དང་། དེས་ན་ངེས་པར་བསྒོམ་དགོས་པར་གདམས་པའོ། །དང་པོ་ལ་གཉིས་ཏེ། ཉིན་ཞག་དང་པོ་ལ་ཇི་ལྟར་བྱ་བ་དང་། གཞན་ལ་ཇི་ལྟར་བྱའོ། །དང་པོ་ལ་གཉིས་ཏེ། ཐུན་ངོ་བོ་ལ་ཇི་ལྟར་བྱ་བ་དང་། ཐུན་བར་དུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཐུན་གྱི་ཐོག་མ་དང་། དངོས་གཞི་དང་། མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས་ཏེ། མཐུན་རྐྱེན་བསྒྲུབ་བའི་ཕྱིར་ཚོགས་བསག་པ་དང་། འགལ་རྐྱེན་བགེགས་བཟློག་པའི་སྲུང་འཁོར་


JLD012_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། ཚོགས་བསག་པའི་རྟེན་བསྒྲུབ་པ་དང་། གནས་སྦྱང་བ་དང་། ཚོགས་ཞིང་སྤྱན་དྲང་པ་དང་། མཆོད་པ་སོགས་བྱ་བའོ། །དང་པོ་ནི། དང་པོར་ནང་པར་ཞེས་ཏེ་ཐུན་བཞིའི་དང་པོའམ་མཚན་ལ་བརྒྱད་ཆ་ལུས་པའི་དང་པོ་ནང་པར་ཐོ་རངས་ཀྱི་དུས་སུ་སྔོན་འགྲོའི་གཏོར་མ་བྱས་ཤིང་། མཆོད་པ་བསང་སྦྱང་བསྐྱེད་བྱིན་གྱིས་བརླབ་པ་རྣམས་བྱས་ལ། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་འོག་ནས་འཆད་པའི་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པའམ། ཞལ་གཅིག་ཕྱག་གཉིས་པ་གང་རུང་དཀྲོང་བསྐྱེད་བྱས་ནས་ནུ་མ་གཉིས་ཀྱི་བར་སྙིང་ཀའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྲི་མ་མེད་པའི་འོད་ཟེར་ལྔ་ལྔ་རབ་ཏུ་འཕྲོ་བའི་མཾ་ཡིག་དམར་སེར་བསམ་པར་བྱའོ། །སྨན་པའི་ཞབས་ཀྱིས་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་རྗེས་སུ་བཟུང་བའི་དོན་དུ། མཾ་ཡིག་དམར་སེར་དགོད་ཅེས་གསུངས། སློབ་དཔོན་དཔལ་འབྲས་རྡོ་རྗེས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་མཾ་ལས་བྱུང་བའི་རལ་གྲི་མཾ་གྱིས་མཚན་པ་སྒོམ་པར་བཤད་པ་ནི། རྒྱས་བསྡུས་གྱི་ཁྱད་ཡིན་པས་གང་བྱས་ཀྱང་རུང་ལ། དེ་ལ་མིང་དུ་སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། སྙིང་བརྩེར་ལྡན་པས་དེ་རྣམ་པར་དགོད་པར་བྱའོ། །དེ་གོང་དུ་བཤད་ཟིན་པ་མ་ཡིན་ནམ། ཞེ་ན། སྙིང་རྗེ་གཙོ་བོ་ཡིན་པར་ཤེས་པའི་དོན་དུ་སླར་ཡང་སྨོས་ཞེས་ཐ་ག་ན་གསུང་ངོ་། །སྨན་


JLD012_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞབས་ནི་མཾ་ཡིག་བཀོད་པའི་མཐུས་སེམས་ཅན་ཐམས་ཅད་ཚད་མེད་པ་བཞི་དང་ལྡན་པའི་རྒྱུར་གྱུར་ཅིག་སྙམ་དུ་བསམ་དགོས་ཤིང་བརྩེ་བ་ནི་ཚད་མེད་གཞན་གསུམ་མཚོན་པའི་དོན་ཡིན་ལ། ཡི་གེ་དེ་ཉིད་དེ་དག་གི་རྒྱུར་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པར་བསྐྱེད་པའི་རྒྱུ་མཚན་ནི། ཡི་གེ་དེ་ཉིད་དེའི་ས་བོན་ཡིན་པ་ལ་དགོངས་སོ། །ཚིག་རྐང་བཞི་པ་ལ་གཞུང་ཁ་ཅིག་ཏུ་གདོང་དང་ཁ་ལ་སོགས་པར་བསྒྱུར་ལ། དེ་ལ་བསམས་ནས་ཁྲུས་བྱ་བའི་དོན་དུའང་འཆད་དོ། །ཐ་ག་ན་ལ་སོགས་པས་རྣམ་པར་ཐར་པའི་སྒོ་གསུམ་དག་པར་བཤད་པ་ནི་སྐབས་འདིར་རྣམ་ཐར་སྒོམ་དགོས་པའི་དོན་མ་ཡིན་གྱི། འོག་ནས་འབྱུང་བར་འགྱུར་བའོ། །དེས་ན་སློབ་དཔོན་ཤཱནྟི་པས་རྩ་འགྲེལ་གྱི་དགོངས་པ་བཤད་པ་ལྟར་ཡིན་ཏེ། སྙིང་གར་བཀོད་པའི་མཾ་ཡིག་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱེར་མི་ཕྱེད་པ་མཚོན་བྱེད་ཡིན་པའི་ཕྱིར་དེ་ཉིད་ཅེས་བྱ་ལ། དེ་བཀོད་པའི་དགོས་པ་ནི་རྣམ་ཐར་སྒོ་གསུམ་དག་པའི་ཕྱིར་དུ་ཡིན་ནོ་ཞེས་གསུངས་སོ། །ཇི་ལྟར་མཚོན་ཚུལ་ནི་མ་ཡིག་དང་སྲོག་ཡིག་དང་། ཐིག་ལེ་གསུམ་གྱིས་རིམ་པ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་ཐར་མཚོན་པ་ཡིན་ནོ། །གཉིས་པ་ནི། ཙནྡན་དང་ཞེས་ཏེ། ཙནྡན་དང་ཤྲི་ཁནྡ་ལ་སོགས་པའི་དྲི་


JLD012_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་བྱུགས་ཤིང་དྲི་ཞིམ་པོའི་མེ་ཏོག་གཅལ་དུ་བཀྲམ་པའི་ཆ་ནི་ཕྱོགས་ཡིན་པས་གནས་ཁང་གི་ཕྱོགས་ཀྱི་མཆོག་བསམ་གཏན་གྱི་གནས་སུ་བདེ་བའི་སྟན་ལ་གནས་པར་བྱའོ། །གསུམ་པ་ནི། དུས་གསུམ་ཞེས་ཏེ། རང་གི་སྙིང་གའི་མཾ་ཡིག་ལས་འོད་ཟེར་སྤྲོས་འོད་ཟེར་གྱི་རྩེ་ལ་ཚོགས་ཞིང་སྤྲུལ་པ་དང་། འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་རང་གནས་གསལ་བར་བྱེད་པ་དང་། འོད་ཟེར་གྱིས་འོག་མིན་ནས་སྤྱན་འདྲེན་པའི་ཚུལ་གསུམ་ལས། འདིར་གཉིས་པ་བྱ་ཞིང་། ཚོགས་ཞིང་ཡང་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་སྤྱི་འགྲོ་གཉིས་ལས་ཕྱི་མ་ལྟར་བྱའོ། །བཞི་པ་ནི་སྣ་ཚོགས་ཞེས་ཏེ། སྣ་ཚོགས་མཆོད་པ་ནི་མཾ་ཡིག་ལས་སྤྲོས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །སྤྲིན་རྣམས་ནི་མང་པོའི་དོན་ནོ། །དང་པོར་མཆོད་ལྷ་སྤྲོ་བ་དང་དེ་ནས་མཆོད་པ་དང་། མཆོད་ཡོན་གྱི་སྐབས་སུ་བཤད་པའི་བསྟོད་པ་སོགས་བསྐྱེད་རིམ་གྱི་ཚུལ་ལ་མཁས་པའི་བློ་དང་ལྡན་པས་བྱ་ཞིང་། དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་ལ་སོགས་བྱའོ། །དགོས་པ་ཅིའི་ཕྱིར་དུ་ན་རས་སྣུམ་གྱིས་མ་གོས་པ་ལ་ཚོན་འཕྱེར་བ་ལྟར་སྡིག་པ་དག་ནས་བསྐྱེད་པའི་རིམ་པ་ལ་སོགས་པའི་དགེ་བ་རྣམས་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་ཡིན་ནོ། །ཁ་ཅིག་གིས་སྤྲོ་བ་སོགས་ཀྱི་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་ཕྱག་འཚལ་བ་ལ་སོགས་སྡུད་དོ། །གཉིས་པ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་བསག་


JLD012_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་ལྔ་སྟེ། སྡིག་པ་བཤགས་པ་དང་། ཡི་རང་ཞིང་བསྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པའོ། །དང་པོ་ནི། གང་ཞིག་ཅེས་ཏེ། ཐོག་མ་མེད་པའི་སྲིད་པའི་ཆུ་ཀླུང་དུ་བདག་དང་བདག་གི་བར་འཛིན་པ་དང་། གཟུང་བ་དང་འཛིན་པའི་རྣམ་རྟོག་མ་ལུས་པའི་ཀུན་རྟོག་གིས་བསགས་པའི་འདོད་ཆགས་ལ་སོགས་པའི་རྙོག་པ་ཐམས་ཅད་བཤགས་པར་བགྱིའོ། །གང་ལ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་རོ། །ཇི་ལྟར་ན། བཤགས་པར་བྱ་བ་དང་། བཤགས་པ་པོ་དང་། བཤགས་པའི་ཡུལ་ལ་སོགས་པ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཆོ་ག་བཞིན་དུའོ། །གཉིས་པ་ནི། རྫོགས་སངས་ཞེས་ཏེ་རྫོགས་པའི་སངས་རྒྱས་ནི། དཀྱིལ་འཁོར་གྱི་གཙོ་བོ་དང་བྱང་ཆུབ་སེམས་དཔའ་ནི་དཀྱིལ་འཁོར་བའི་ལྷ་དང་འཕགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ནས་སངས་རྒྱས་པ་རྣམས་སོ། །གཞན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། ཞེས་འགྲེལ་པར་བཤད་ཚུལ་གཞན་དུ་འཆད་ཀྱང་། བཤད་ཚུལ་ཕྱི་མ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་བཞུགས་པ་དང་འཕགས་པ་ཉན་རང་རྣམས་དང་གཞན་ནི་དཀོན་མཆོག་གསུམ་ལ་དད་པའི་སེམས་ཅན་ལ་འཆད་པ་ལྟར་


JLD012_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དོ། །དེ་དག་གིས་དགེ་བ་གང་མཛད་པ་ཀུན་ལ་དགའ་བ་བསྒོམ་ཞིང་ཡང་དག་པར་ཡི་རང་ངོ་། །གསུམ་པ་ནི། བྱང་ཆུབ་ཅེས་ཏེ་སྤྱིར་དགེ་རྩ་ཐམས་ཅད་དང་བྱེ་བྲག་ཏུ་ཡི་རང་བྱས་པའི་དགེ་བ་དེ་ཉིད་ཡོངས་སུ་བསྔོ་བར་བགྱིའོ། །དེས་ན་གཏོར་མ་དང་མཆོད་པའི་རིམ་པ་རྣམས་བསྐྱེད་པ་ལ་སོགས་བྱས་ཏེ། རང་གི་སྙིང་གའི་མཾ་ཡིག་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་སྤྲུལ་ནས་མཆོད་པར་བསམ་ཞིང་། ངག་ཏུ་ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿ ཧཱུཾ་ཞེས་པས་མེ་ཏོག །དེ་བཞིན་དུ་དྷཱུ་པས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི། ནཻ་ཝིདྱེས་ཞལ་ཟས། ཤཔྟས་རོལ་མོ་འབུལ། དེ་བཞིན་དུ་འདོད་ཡོན་ལྔ་འབུལ་ལོ། །དེ་ནས་གོང་དུ་བསྟན་པའི་བསྟོད་པ་དང་། གང་ཞིག་ཐོག་མེད་ཅེས་སོགས་བྱའོ། །གསུམ་པ་ལ་གསུམ་གྱི་དང་པོ་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི། ཡིད་ཀྱི་རོལ་པ་ཞེས་ཏེ། སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་བདག་ཉིད་རྟོགས་པའི་བྱང་ཆུབ་ཀྱི་སེམས་ནག་ནོགས་མེད་ཅིང་སྐྱེས་བུའི་ཡིད་ཚིམ་པར་བྱེད་པའི་སྟོན་དུས་ཀྱི་དྲི་མ་མེད་པའི་ཟླ་བ་དང་འདྲ་བས་བསྒྲུབས་ཤིང་བསྐྱེད་པ་དང་། སྙིང་རྗེ་དམ་པས་ཐུགས་རྗེ་ཆེན་པོ་སེམས་ཅན་མཐའ་ཡས་པའི་དོན་གཉིས་ཕུན་ཚོགས་འགྲུབ་པའི་ཐབས་དང་ལྡན་པ་དང་། རྫོགས་པའི་སངས་རྒྱས་རང་གི་ཡིད་ལ་གནས་པ་སྟེ་རང་གི་སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བ་སྟེ། ཆོས་གསུམ་དང་ལྡན་པ་དེ་ལའོ། །གཉིས་པ་ཆོས་ལ་སྐྱབས་སུ་འགྲོ་བ་ནི། རྟོག་པ་ཞེས་ཏེ་བཤད་པ་


JLD012_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བ་དང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་ལུས་པ་ས་བོན་དང་བཅས་པ་ལས་ངེས་པར་གྲོལ་ཞིང་སེམས་དཔའ་དམ་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་གཞི་འཕགས་པ་དམ་པ་རྣམས་ཀྱིས་བསྟེན་པར་བྱས་པས་ན་དམ་པའི་ཆོས་གཙོ་བོ་འགོག་པ་དང་། ལམ་གྱི་བདེན་པ་ལ་རྟག་པར་སྐྱབས་སུ་མཆིའོ། །འགོག་པའི་བདེན་པ་ནི་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་རོ་གཅིག་པའི་ངོ་བོ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའོ། །སློབ་དཔོན་ཤཱནྟི་པ་ནི་སྟོང་པ་ཉིད་ལ་དམིགས་ཏེ་བསྒོམས་པས། འཕགས་པའི་ཡོན་ཏན་ཐམས་ཅད་སྐྱེ་བས་ཕུན་སུམ་ཚོགས་གཞི་ཞེས་འཆད་དོ། །ཆོས་རྒྱས་པར་ན་ལུང་གི་ཆོས་དང་། རྟོགས་པའི་ཆོས་དང་། དེ་བཞིན་ཉིད་ཀྱི་ཆོས་གསུམ་དུ་དབྱེ་ལ་རྟག་པར་གྱི་དོན་སྔ་མ་བཞིན་ནོ། །གསུམ་པ་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི། འཆིང་བ་ཞེས་ཏེ་སྐྱེ་འཆི་རང་དབང་མེད་པར་བྱེད་པའི་ཉོན་མོངས་པའི་འཆིང་བ་རྣམས་ལས་ཡང་དག་གྲོལ་པར་གྱུར་ཅིང་ཉན་རང་རྣམས་ལ་མེད་པའི་སྙིང་རྗེ་མཆོག་གིས་བསྐྲུན་ཅིང་བསྐྱེད་པའི་ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་ལ་རབ་ཏུ་བཞུགས་པ་བརྟུལ་ཞུགས་ཀྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་རྟག་པར་སྐྱབས་སུ་མཆིའོ། །བསམ་པ་ནི་བསམ་དང་ཞེས་ཏེ་བསམ་པ་ཕུན་སུམ་ཚོགས་པ་སྨོན་པ་སེམས་བསྐྱེད། རྣམ་པར་སྨིན་པ་དག་པར་གྱུར་པ་འཇུག་པ་


JLD012_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པ་ལ་བརྟེན་ནས་སྒྲིབ་པ་མཐའ་དག་དང་བྲལ་བར་འགྱུར་བས་སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན་པའོ། །བླ་ན་མེད་པའི་བྱང་ཆུབ་ལ་དོན་གཉེར་གྱི་འདུན་པས་བསྡུས་པའི་ལྷག་པར་མོས་པས་རྣམ་པར་བརྒྱན་པའི་བྱང་ཆུབ་དམ་པ་སྟེ། མཆོག་གི་སེམས་ནི་བསྐྱེད་པར་བགྱིའོ། །ལྔ་པ་ནི་བདེར་གཤེགས་ཞེས་ཏེ་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་བགྲོད་པའི་ལམ་གཅིག་པུ་ཟླ་མེད་པ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ཉེས་པ་དང་བྲལ་བས་ན་དཀར་པོ། ཡང་དང་ཡང་དུ་བསྟེན་པར་བྱ་བས་ན་ཡོན་ཏན། དེའི་ཚུལ་དེ་ངོ་བོ་ལ་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཉིད་དུ་ད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་གནས་པར་བགྱིའོ། །ཚུལ་ཇི་ལྟ་བུས་ཤེ་ན། རྫོགས་པའི་སངས་རྒྱས་དཀྱིལ་འཁོར་བའི་བདག་པོ་འཁོར་དང་བཅས་པ་མ་ལུས་པའི་ངོ་བོ་ཡིད་ལ་བྱེད་པའི་བློས་གནས་པར་བྱའོ། །སློབ་དཔོན་ཤཱནྟི་པ་ནི་ཡུལ་དུས་ཚད་ཅན་འཛོམ་པ་ལ་སྦྱོར་བར་མཛད་དེ། འོག་ནས་འཆད་པར་འགྱུར་རོ། །སྔར་བཤད་པ་རྣམས་ཀྱི་དོན་ཚན་རྒྱས་པར་དབྱེ་ན་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། ཕྱག་འཚལ་བ་དང་། སྔར་བཤད་པ་ལྔ་དང་དགུར་དབྱེའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བཞི་སྟེ། རྣམ་ཐར་བསྒོམ་པ་དང་། དེ་སྟེན་བྱེད་ཀྱི་སྔགས་དང་། གནས་གྱུར་མཐར་ཕྱིན་པའི་རྣལ་འབྱོར་དང་། བར་སྲིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། སྙིང་རྗེ་ཞེས་ཏེ་སྙིང་རྗེ་ཆེན་པོས་བཅུད་ཀྱིས་


JLD012_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་འཇིག་རྟེན་འདི་མ་ལུས་པ་ལ་དམིགས་ནས་སྡུག་བསྔལ་མཐའ་དག་ལས་གྲོལ་བར་བྱ་བའི་ཕྱིར་དུ་བྱང་ཆུབ་ཀྱི་རང་བཞིན་སྟོང་པ་ཉིད་ལ་རྗེས་སུ་ཞུགས་པས་ཡང་དག་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཉན་རང་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་མཉམ་པ་མེད་པ་བསྒོམ་པར་བྱའོ། །འཇིག་རྟེན་ཇི་ལྟ་བུ་ཞེ་ན། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བའི་དྲ་བ་ལུས་ཅན་བྱ་ལ་སོགས་པ་ནམ་མཁའ་ལ་འཕུར་མི་ནུས་པར་བྱེད་པའི་དྲ་བ་བཞིན་དུ་ལུས་ཅན་རང་དབང་མེད་པར་བཅིངས་པ་རྣམས་སོ། །འདི་ཞེས་པ་ནི་ཐ་ག་ནས་འཇིག་རྟེན་སེམས་ཀྱི་སྣང་བ་ཙམ་ཡིན་པས་ཕྱི་རོལ་གྱི་དོན་མེད་པ་ལ་སྦྱོར་ལ། ཕྱི་དོན་ཁས་ལེན་ན་འཆད་ཚུལ་གཞན་བྱའོ། །མཉམ་པ་མེད་པའི་དོན་དེ་ལྟར་བཤད་པ་ནི་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་ལུགས་སོ། །སུས་བསྒོམ་པར་བྱ་ན་སྔགས་པས་སོ། །ཇི་ལྟར་ན་འོག་ནས་འཆད་པའི་ཆོ་གའི་རིམ་པ་འདི་ཡིས་སོ། །ཆོས་རྣམས་རང་གི་ངོ་བོ་བདེན་པ་དང་བྲལ་བའི་ཕྱིར་དེ་རྟོགས་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་རྣམ་ཐར་དང་། དེ་བཞིན་དུ་རྒྱུ་བདེན་པ་བ་དང་བྲལ་བས་དེ་རྟོགས་པ་མཚན་མ་མེད་པའི་རྣམ་ཐར་དང་། རྟོག་པས་བརྟགས་པའི་ཡུལ་བདེན་པ་བ་དང་བྲལ་བའི་དངོས་པོ་རྣམས་ནི་སྨོན་པར་བྱ་བའི་ཡུལ་དང་སྨོན་པ་པོ་དང་སྨོན་པའི་ཚུལ་གཉིས་ཀ་དང་བྲལ་བས་མ་ལུས་པ་སྨོན་པ་བདེན་པ་བ་དང་བྲལ་བར་རྟོགས་པའི་རྣམ་ཐར་བསྒོམ་པར་བྱའོ། །དེའང་བདེན་


JLD012_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲོས་པ་བཅད་པ་དང་སྣང་བ་བསྡུས་པ་གཉིས་ཀ་ངེས་པར་བྱ་དགོས་སོ། །དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་ཐོག་མར་ཚོགས་གཉིས་བསག་པའི་ཚུལ་བསྟན་པའི་དགོས་པ་བཤད་ཚུལ་བཞིར་ཡོད་དེ་འོག་ཏུ་དཀྱིལ་འཁོར་འཁོར་ལོ་མཚན་ཉིད་པ་ལྷག་པར་མོས་པས་བསྒོམ་པ་ན། དེའི་རྒྱུར་ཚོགས་གཉིས་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཕྱིར་དང་། འདིར་སྟོང་པ་བསྒོམས་པས་འོག་ནས་འབྱུང་བར་འགྱུར་བའི་རྟེན་བརྟེན་པ་རྣམས་ལ་སྒྱུ་མ་ལྟ་བུར་དྲན་པར་བྱ་བ་དང་། འོག་ནས་འཆད་པའི་སྣང་བ་ཁྱད་པར་ཅན་བསྒོམ་པ་ལ་བལྟ་བས་ཐ་མལ་པའི་སྣང་བ་སྦྱང་བར་བྱ་བའི་ཕྱིར་དང་། འོག་ཏུ་གཟུགས་སྐུ་མཚན་ཉིད་པར་བསམས་ནས་ང་རྒྱལ་འཇོག་པ་ལ་དེའི་སྔ་རོལ་ཏུ་ཆོས་སྐུ་ལ་ང་རྒྱལ་གཞག་པར་བྱ་བའི་ཕྱིར་ཡིན་ནོ། ཞེས་པའོ། །མངོན་རྟོགས་ཕལ་ཆེར་དུ་རྣམ་ཐར་བསྒོམ་པ་དང་། སྔགས་དོན་བསམ་པ་སོ་སོར་མི་འབྱུང་ལ། འདིར་དེ་གཉིས་ཀ་འབྱུང་བའོ། །གཉིས་པ་ནི། ༀ། དང་པོ་དང་། བཀྲ་ཤིས་བ་དང་དཔལ་ལ་སོགས་པ་ལ་འཇུག་ལ། ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་དོ། །ཛྙཱ་ན་ནི་ཡེ་ཤེས་ཏེ། སྒྲ་སོར་གཞག་གི་དོན་ལ་ཤེས་པ་ལས་མི་འབྱུང་ཡང་ཡེ་ནི་སྒྲ་པ་རྣམས་ཀྱིས་བསྣན་པའོ། །བཛྲ་ནི་མི་ཕྱེད་པས་རྡོ་རྗེ་སྟེ་རྣལ་འབྱོར་པའི་བློ་སྟོང་པ་ཉིད་ལ་ཆུ་ལ་ཆུ་བཞག་པ་ལྟར་སོང་བས་མི་ཕྱེད་པ་དང་། མི་མཐུན་ཕྱོགས་ཀྱིས་ཀྱང་མི་ཕྱེད་པའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ་ཡུལ་སྟོང་པ་ཉིད་དོ། །ཨཱཏྨ་ཀ་ནི་བདག་ཉིད་ཡིན་ལ། ཨ་ཧཾ་ནི་ངའོ་ཞེས་པའོ། །སྔགས་དེའི་དོན་བསམ་པ་ནི། ཆོས་


JLD012_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མཚན་ཉིད་པར་མོས་ནས་ང་རྒྱལ་བྱ་བ་སྟེ་དེ་དག་ནི་སློབ་དཔོན་ཤཱནྟི་པས་བཤད་དོ། །གསུམ་པ་ནི་སྟོང་པ་ཉིད་ཀྱི་དོན་དེ་ཉིད་ལེགས་པར་བསྒོམ་པའོ། །བཞི་པ་ནི་སློབ་དཔོན་དཔལ་འབྲས་རྡོ་རྗེས་ཟླ་བའི་སྟེང་དུ་ༀ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ་གཤིབས་པའི་མཐའ་གཉིས་ཧོ་དམར་སེར་གྱིས་བརྟེན་པར་བཤད་པ་ནི་ཡི་གེ་འགོད་ཚུལ་རྒྱས་པའོ། །ཡི་གེ་གསུམ་པོ་འགོད་པ་དང་ཧཱུཾ་ཡིག་རྐྱང་པ་དང་ནཱ་ད་རྐྱང་པ་འགོད་པ་སོགས་ཀྱང་གཞན་ནས་བཤད་དོ། །སྐབས་འདིར་བར་སྲིད་ཀྱི་རྣལ་འབྱོར་སྟོན་པའི་རྒྱུ་མཚན་ནི་སྨན་ཞབས་ཀྱིས་ལམ་འདི་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་གཉེན་པོར་བསྒོམ་པ་ཡིན་ལ། དེ་ལའང་འཆི་སྲིད་དང་། བར་སྲིད་དང་། སྐྱེ་སྲིད་གསུམ་སྦྱང་བའི་ཕྱིར་ཡིན་ཏེ། དང་པོ་དང་། ཆོས་མཐུན་པར་གནས་གྱུར་མཐར་ཕྱིན་པའི་རྣལ་འབྱོར་དང་། བར་བ་དང་ཆོས་མཐུན་པར་བར་སྲིད་ཀྱི་རྣལ་འབྱོར་དང་། ཐ་མ་དང་མཐུན་པ་ཞུ་བ་གླུས་བསྐུལ་བ་རྒྱུ་རྡོ་རྗེ་འཛིན་པར་བཞེངས་པའི་རྣལ་འབྱོར་རོ། །ཡི་གེ་དེ་དག་ནི་ནམ་མཁར་བཀོད་ནས་བཞག་གོ །གཉིས་པ་འགལ་རྐྱེན་བགེགས་བཟློག་པའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་ནི། དེ་འོག་ཧཱུཾ་གིས་རྡོ་རྗེར་བྱས་ཞེས་པ་སྟེ་ཡེ་ཤེས་ཀྱི་ཚོགས་བསག་པ་དེའི་འོག་ནས་དཔལ་འབྲས་རྡོ་རྗེས་ཉི་མ་ལ་གནས་པའི་ཧཱུཾ་ལས་རྡོ་རྗེ་ནག་པོ་ལྟེ་བར་ཉི་མ་ལ་གནས་པའི་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས། སྣ་ཚོགས་རྡོ་རྗེའི་ས་གཞི། ལོགས་སུ་


JLD012_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་བསྐྱེད་པར་བཤད་དོ། །འོག་གསེར་གྱི་ས་གཞི་ལ་ཐུག་པ་དང་། སྟེང་ཚངས་པའི་འཇིག་རྟེན་དང་འོག་མིན་ལ་ཐུག་པ་གང་རུང་དང་། རྒྱ་ནི་ཇི་ཙམ་འདོད་པར་རོ། །ཐ་ག་ནས་བགེགས་བྱུང་དོགས་ན་ར་བའི་ཕྱིར་རོལ་ཏུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་ཕྱོགས་བཞིར་ལངས་པའི་རྣམ་པ་གྲྭ་བཞིར་རྡོ་རྗེས་མཚན་པ་དང་། དེའི་ཕྱི་རོལ་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་བ་དན་གྱིས་མཚན་པ། དེའི་ཕྱི་རོལ་ཏུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བ་འཕྲོ་བས་མཚན་པ་བསམ་པར་བཤད་དོ། །འབྱུང་བ་རིམ་རྩེགས་མི་བསྐྱེད་པའི་ལུགས་སོ། །སློབ་དཔོན་ཤཱནྟི་པ་ནི་སྙིང་གར་བསམས་པའི་རྡོ་རྗེ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོ་འཕྲོས་ནས་ར་གུར་ལ་སོགས་པ་བསྐྱེད་པར་བཞེད་དོ། །དང་པོའི་རྡོ་རྗེ་ནི་དྲག་པོའི་རྡོ་རྗེ་རྩེ་མོ་གྱེས་པ་རྩེ་དགུ་པའམ་ལྔ་པའོ། །འགྲེལ་པ་ལས་ཧཱུཾ་མཛད་སྤྲོས་ནས་བགེགས་བཟློག་པ་ལས། ཁྲོ་བོ་བཅུ་བསྒོམ་པ་གསལ་བར་མ་བཤད་ཀྱང་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་ལས་བཤད་པ་འདིའི་དགོངས་པ་ཡིན་པས། སྲུང་འཁོར་གཙོ་བོ་ཧཱུཾ་མཛད་རིགས་ལྔ་གང་རུང་གིས་བྱེད་པར་བཤད་པ་ལྟར་བྱ་ཞིང་། དེའང་ཐོག་མར་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་མི་མངོན་པར་མགྱོགས་པར་འཁོར་བར་བསྒོམ་ཞིང་། ལྟེ་བ་སྦུབས་ཅན་དུ་ཡོད་པའི་ཡར་སྣའི་ནང་དུ་གཙུག་ཏོར་འཁོར་ལོས་སྒྱུར་རྒྱལ་དང་། མར་སྣའི་ནང་དུ་གནོད་མཛེས་དང་། དེའང་སྔ་མ་གཙོ་བོ་ལས་ཅུང་ཟད་ཙམ་


JLD012_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདུན་དང་ཕྱི་མ་ཅུང་ཟད་ཙམ་གྱི་རྒྱབ་ཏུ་བསྒོམ་ལ། གཤིན་རྗེ་མཐར་བྱེད་ལ་སོགས་པ་བརྒྱད་ནི་རྩིབས་བརྒྱད་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པར་བསྒོམ་ཞིང་། སྲུང་བ་ཡིན་ན་གཡས་སྐོར་དང་། བཟློག་པ་ཡིན་ན་གཡོན་སྐོར་དུ་འཁོར་བར་བསྒོམ་མོ། །འཁོར་ལོ་ཞྭ་ཐེབ་ཁ་སྦྱར་ལྟ་བུ་དང་། རྩིབས་བརྒྱད་སྦུབས་ཅན་དུ་འདོད་པ་ནི་དོན་མིན་ནོ། །གཉིས་པ་ཐུན་གྱི་དངོས་གཞིའི་རྣལ་འབྱོར་ལ། རྟེན་བསྐྱེད་པ་དང་། བརྟེན་པ་བསྐྱེད་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ཆོས་འབྱུང་དང་། གཞལ་ཡས་ཁང་དང་། གནས་བསྐྱེད་པའོ། །དང་པོ་ལ་གང་དུ་བསྐྱེད་པའི་གནས་ནི་སྲུང་འཁོར་གྱི་དབུས་ཀྱི་སར་རོ། །རྒྱུ་ནི་ཀུན་ཏུ་ཞེས་ཏེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཀུན་ཏུ་བཟང་པོ་དེ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་རང་འདྲ་བའི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་ན་ནོར་བུ་དང་པདྨ་འཛིན་པ་ལས་བྱུང་བར་བསམ་ཞིང་། རྡུལ་ཁུག་རྣ་ལ་སོགས་དང་བྲལ་པའི་སྟོན་ཀའི་ཟླ་བ་ལྟ་བུར་ཆོས་འབྱུང་གི་ཁ་དོག་རབ་ཏུ་དམར་པོ་འོད་མཐའ་ཡས་པ་ཕྱོགས་བཅུ་ན་གནས་པའི་སྣ་ཚོགས་པའི་འོད་དང་ལྡན་པ། དབྱིབས་གྲུ་གསུམ་པ་རྩེ་མོ་ཕྲ་བ་ཐུར་དུ་བསྟན་ཞིང་། འཕེལ་ཁ་ཆེ་བ་གྱེན་དུ་གནས་པའོ། །འོག་ཏུ་ཕྲ་བ་ནི་ལས་དང་པོ་པ་ཡོན་ཏན་གྱི་ཚོགས་ཆུང་བ་དང་། སྟེང་དུ་འཕེལ་ཁ་ཆེ་བ་ནི་མོས་སྤྱོད་ནས་བརྩམས་ཏེ་ཡོན་ཏན་གོང་ནས་


JLD012_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་འཕེལ་བ་དང་། གྲུ་གསུམ་གྱིས་རྣམ་ཐར་སྒོ་གསུམ་མཚོན་པར་ཤཱནྟི་པས་བཤད་དོ། །ཆོས་འབྱུང་ནང་གི་ནམ་མཁའི་ཁོང་སྟོང་གི་ངོ་བོ་དང་བཅས་པ་རྡོ་རྗེ་འཛིན་པའི་རང་བཞིན་དུ་བསམ་པ་ནི་རྣམ་དག་གོ །བསྡུས་པ་འདོད་ན་ཨེ་ལས་བསྐྱེད་དོ། །གཉིས་པ་ནི། དེ་ལྟ་བུའི་ཆོས་འབྱུང་གི་དབུས་ན་འོག་ཟུར་ན་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་དབུས་སྔོ་ཞིང་ཕྱོགས་མདོག་དང་། མཚམས་ཇི་ལྟར་མཛེས་པར་བྱས་པ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་བ། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོན་པོས་མཛེས་པ་བསམ་པར་བྱའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའམ། བཅུ་གཉིས་པ་བྷྲཱུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་པར་སྣང་མཛད་སྐུ་མདོག་དང་ཞལ་སྔ་མ་དང་འདྲ་བ་ལ། ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། གཡས་འོག་མ་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་འོག་མ་གཉིས་ན་ནོར་བུ་དང་པདྨ་དམར་པོ་བསྣམས་པ། རིག་མ་དང་བཅས་པའི་ཡན་ལག་སྟེ་རྒྱུ་ལས་ཡང་དག་འབྱུང་བའི་འོག་ནས་འབྱུང་བ་ལྟར་གཞལ་ཡས་ཁང་པ་དེར་ནི་བསམ་པར་བྱའོ། །རྩིབས་ཀྱི་གྲངས་ཀྱི་ཁྱད་པར་ནི་འཕགས་ལམ་ཡན་ལག་མཚོན་པ་དང་། བདེན་བཞིའི་ཆོས་འཁོར་ལན་གསུམ་དུ་བཟླས་ཤིང་། རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་མཐུན་ནོ། །གཞལ་ཡས་ཁང་པའི་ཁྱད་པར་ནི། ཐུབ་པའི་དབང་པོ་འོད་ཀྱི་དཀྱིལ་འཁོར་གྱི་ཚོགས་སྣ་ཚོགས་པའི་ཟེར་གྱིས་ཕྱོགས་ཀྱི་ཚོགས་མ་ལུས་པ་ཀུན་ཁྱབ་པ་དང་།


JLD012_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་བཞི་མི་མཉམ་པ་མེད་པའི་ཟུར་བཞི་ལྷམ་པའི་མཉམ་པའོ། །དེ་ནི་སངས་རྒྱས་དང་བྱང་སེམས་ཀྱི་དེ་ཁོ་ན་ཉིད་མཉམ་པར་མཚོན་པའོ། །དྲན་པ་ཉེར་གཞག་བཞི་དང་། ཡང་དག་སྤོང་བ་དང་། རྫུ་འཕྲུལ་རྐང་པ་དང་། དབང་པོ་དང་། སྟོབས་གཅིག་ཏུ་བྱས་པ་རྣམས་དག་པ་ནི་རིམ་པ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་ཡིན་ལ། བསམ་གཏན་དང་པོ་ལ་སོགས་པ་བཞི་དག་པ་ནི་ཤར་ལ་སོགས་པའི་རྟ་བབས་བཞི་རིམ་པ་བཞིན་དུ་དག་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་བཞི། རིམ་པ་བཞིན་དུ་དག་པའི་ཁ་ཁྱེར་ཏེ། རྩིག་པའི་འགྲམ་གྱི་འདོད་ཡོན་གྱི་སྣམ་བུ་བཞིས་ཀུན་ནས་བསྐོར་བ་དང་། དེ་ལ་གར་གྱི་སྣམ་བུ་དང་། གཟུངས་ཀྱི་སྣམ་བུ་ཞེས་ཀྱང་བྱའོ། །ཁ་ཁྱེར་དེར་ལེགས་པར་བརྟེན་པའི་གཟུང་སྟེ་རིག་མའི་ཚོགས་རྣམས་ཀྱིས་མཆོད་པའི་མཆོག་དམ་པ་སྣ་ཚོགས་འཛིན་པ་བསམ་པར་བྱའོ། །གཞལ་ཡས་ཁང་དེ་ཉིད་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་ཀུན་གྱིས་རྣམ་པར་སྤྲས་པ་ནི་དགོས་པ་གང་གི་ཕྱིར་ན་འགྲོ་བའི་བསམ་པའི་རེ་བ་ཀུན་རྫོགས་པར་མཛད་པ་མཚོན་པའོ། །མདའ་ཡབ་ཀྱི་སྟེང་དུ་གསེར་གྱི་བུམ་པ་ལ་གནས་པའི་རླུང་གིས་བསྐྱོད་པའི་བ་དན་དར་ལྕེ་སུམ་ཁུག་ཏུ་འཁྱོག་པ་དང་། འཕྲེང་བ་དང་དར་ལྕེ་ལ་འཕྱང་པའི་དྲིལ་བུ་སྟེ་གཡེར་ཁ་སྒྲ་སྒྲོག་པའི་སྒྲས་མཚོན་པའི་ཕྱོགས་ཀུན་ཏུ་ཁྱབ་པ་བཅུ་དྲུག་ནི་


JLD012_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་གང་གི་ཕྱིར་ན་རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་སྐྱེས་པ་རབས་ཀྱི་རྣམ་གསུམ་གླེང་གཞིའི་སྡེར་བསྡུས་པའི་དམ་པའི་ཆོས་གསུང་རབ་ཡན་ལག་དགུས་གདུལ་བྱ་ཐམས་ཅད་སྐྱོབ་པའི་སྒྲས་བསྐྱོད་པ་མཚོན་པའོ། །གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་མེ་ལོང་དང་དྲ་བ་དྲ་ཕྱེད་དང་། མེ་ཏོག་གི་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དང་མཚུངས་པའི་གཟུགས་གཞན་མེད་པས་མཉམ་པ་མེད་པའོ། །མེ་ཏོག་དྲི་ཞིམ་པོ་ཕུན་སུམ་ཚོགས་པས་བརྒྱན་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་མེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་པའོ། །བླ་ན་མེད་ཅིང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ལྔ་ལྡན་པ་ནི་གཟུགས་སོགས་ཡུལ་རྣམས་དང་ཡུལ་ཅན་གཟུང་འཛིན་གཉིས་རྣམ་པར་དག་པ་མཐར་ཐུག་པ་མཚོན་པའོ། །མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་རྣམ་པར་བརྒྱན་པ་ནི་ཆོས་དབྱིངས་རྣམ་པར་དག་པ་རྟོགས་པའི་རྒྱུ་མཐུན་གྱི་འབྲས་བུའོ། །གསུམ་པ་ནི། སྣ་ཚོགས་པདྨ་བཅུ་དགུ་ལ་གནས་པའི་གཞལ་ཡས་ཁང་ནང་མའི་ལྷོ་བྱང་དང་ཕྱིའི་སྒོ་བཞིར་ཉི་མ་དང་། ལྷག་མ་རྣམས་ཟླ་བའི་གདན་དང་བཅས་པའི་ལྷའི་གནས་རྣམས་དང་རིན་པོ་ཆེ་མ་ལུས་པས་སྤྲས་པའི་གཞལ་ཡས་ཁང་བསམ་པར་བྱའོ། །མདོར་ན་སྔར་གྱི་རྣམ་སྣང་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་ཕྱི་ནས་རིམ་པ་བཞིན་དུ། དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། དེའི་སྟེང་ན་རིན་པོ་ཆེའི་སྣམ་བུ་གཞི་དམར་པོ་ལ་ཕྲ་སེར་པོ་ལ་སོགས་པས་སྤྲས་པའི་ཕ་གུ་དང་།


JLD012_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་གསེར་གྱི་སྐ་རགས་བཞི་རྩེགས་མའམ་སྦྲགས་མའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་། དྲ་ཕྱེད་དང་། མདའ་ཡབ་ལས་འཕྱང་པའི་རིན་པོ་ཆེའི་ཤར་བུ་དེའི་སྟེང་དུ་མདའ་ཡབ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་སྟེང་དུ་གསེར་གྱི་བུམ་པ་ལ་གནས་པའི་བ་དན་གྱིས་མཚན་པ། ནང་དུ་གཞལ་ཡས་ཁང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེའི་ཕྲེང་བ་ཟླུམ་པོར་བསྐོར་བའི་ནང་ངོས་ལ་བརྟེན་པའི་ཀ་བ་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་པདྨ། བྱང་རལ་གྲིས་མཚན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་སྟེང་རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ་ནང་གི་སྟེང་འོག་ཐམས་ཅད་ཕྱོགས་མདོག་ཏུ་ཡོད་པ། ཕྱི་ནང་གི་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། སྒོ་ནས་ཅུང་ཟད་སོང་བའི་གནས་སུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་འཁོར་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞལ་ཡས་ཁང་གི་ནང་གི་ཟུར་ཐིག་གི་གཡས་གཡོན་དུ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་གཉིས་གཉིས་ཏེ་བརྒྱད་བསམ་པར་བྱའོ། །འདི་དག་གི་བཤད་པ་རྣམས་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པར་རྒྱས་པར་གསུངས་ཟིན་པས་དེར་བལྟ་བར་བྱའོ། །གཉིས་པ་བརྟེན་པ་བསྐྱེད་པའི་རྣལ་འབྱོར་ལ་གཉིས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང་། འབྲས་བུ་རྡོ་རྗེ་འཛིན་


JLD012_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐྱེད་པའོ། །དང་པོ་ལ་ཡབ་བསྐྱེད་པ་ནི། བཅུ་དྲུག་ཆ་དང་ཞེས་སོགས་ཏེ། བསམ་པར་བྱའོ་ཞེས་བགྲང་ངོ་། །གང་ན་ཟླ་བའི་དཀྱིལ་འཁོར་གཉིས་པོ་དག་ནིའོ། །གང་དུ་གཞལ་ཡས་ཁང་གི་དབུས་ཉིད་དུའོ། །དེའང་དབུས་མའི་གདན་སྣ་ཚོགས་པདྨ་ཟླ་བའི་གདན་ལའོ། །བསྐྱེད་ཚུལ་ནི་ཆོ་ག་བཞིན་ཏེ་མཚན་དཔེའི་བདག་ཉིད་དམ་འོད་ཟེར་གྱི་སྤྲོ་བསྡུ་དང་བླ་མའི་མན་ངག་བཞིན་ནོ། །རྒྱུ་གང་ལས་ན་དབྱངས་ཡིག་བཅུ་དྲུག་གི་ཆ་དང་། གསལ་བྱེད་རྣམས་ལ་སྡེ་ཚན་རིགས་མཐུན་དུ་མའི་ཚོགས་ཡོད་པས་གསལ་བྱེད་ཀྱི་ཚོགས་ལས་བྱུང་བའོ། །དེའང་དབྱངས་ཡིག་གཡས་སྐོར་གཡོན་སྐོར་དུ་བསམས་པའི་ནང་ངམ་སྟེང་དུ། དཔལ་འབྲས་རྡོ་རྗེ་ལྟར་ན་ཀྵ་དོར་བའི་གསལ་བྱེད་སོ་གསུམ་ལ། ཡཾ་ལཾ་བཾ་ཨཾ་ཨ་སྟེ་ལྔ་དང་། པ་མཆུ་ཅན་དང་། ཀ་ལྕེ་རྩ་ཅན་ཏེ་བདུན་བསྣན་པས་བཞི་བཅུ་གཡས་སྐོར་གཡོན་སྐོར་དང་། ཤཱནྟི་པ་ལྟར་ན་གསལ་བྱེད་སོ་བཞི་ལ། ཌ་ཌྷ་དང་ར་དྷ་དང་ཡ་ལ་དང་། དྲུག་བསྣན་པས་བཞི་བཅུ་ཉིས་འགྱུར་རོ་ཞེས་པ་ལྟར་འཐད་དོ། །བསྣོན་ས་ནི་རང་གི་ཡི་གེ་རིགས་མཐུན་ཡོད་པ་དེའི་མཚམས་སུའོ། །དེ་ནས་ཨཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དཀར་པོ་དང་། ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དམར་པོ་བསམ་པ་ནི་ཀུན་གཞི་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཨཱ་ལི་བསྐྱེད་པའི་ཚེ་ༀ་ཙིཏྟ་བེ་དྷཾ་ཀ་རོ་མི་ཞེས་པས་ཤེས་རབ་ཀྱི་ངོ་བོར་བསམ། གསལ་བྱེད་ལས་བསྐྱེད་པའི་ཚེ། ༀ་བོ་དྷི་ཙིཏྟ་ཨུ་པཱ་


JLD012_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཡཱ་མི་ཞེས་པས་ཐབས་ཀྱི་ངོ་བོར་བསམ་མོ། །སོ་སོར་རྟོག་པ་ལས་བྱང་ཆུབ་པའི་ཚེ། ༀ་ཏིཥྛ་ཞེས་བརྗོད་ལ། བྱ་སྒྲུབ་ཡེ་ཤེས་ལས་བྱང་ཆུབ་པའི་ཚེ། ༀ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་། ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའི་ཚེ། ༀ་ཡ་ཐཱ་ཏ་ཐཱ་ཨ་ཧཾ། ཞེས་བརྗོད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱང་ཆུབ་པ་དངོས་སུ་མི་གསལ་བ་ཆོ་ག་བཞིན་དུ་ཞེས་པས་འཕངས་པ་ཡིན་ལ། དེའང་ཟླ་བ་གཉིས་གཅིག་ཏུ་འདྲེས་ནས་དཀར་ལ་དམར་བའི་མདངས་ཆགས་པའི་ཟླ་བར་གྱུར་པ་དེ་ཡིན་ནོ། །སོ་སོར་རྟོག་པ་ལས་བྱང་ཆུབ་པ་ནི་དཔལ་མཆོག་ཅེས་ཏེ། དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའི་སྙིང་པོ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བཟང་པོ་དམར་པོ་ནོར་བུ་དམར་པོ་དང་འདྲ་བ་ལ་སྟེང་འོག་ལ་སོགས་པའི་ཕྱོགས་ཀྱི་སྒོ་མཐའ་ཡས་པ་ནས་ཐུབ་པའི་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བས་ཁྱབ་པར་རབ་ཏུ་བསྒྲུབ་ཅིང་བསྐྱེད་དོ། །རྡོ་རྗེ་དེའི་ལྟེ་བའི་ནང་དུ་དང་པོའི་སྙིང་པོའི་མགོན་ཏེ་ཟླ་བ་ལ་གནས་པའི་ཧཱུཾ་དང་བཅས་པར་བསྒོམས་ཏེ་སོ་སོར་རྟོག་པ་ལས་བྱང་ཆུབ་པའོ། །རྡོ་རྗེ་ལས་མཐའ་ཡས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྤྲོས་ནས་འགྲོ་བ་རྣམས་སྦྱངས་ཤིང་མཆོག་གི་དོན་ལ་བཀོད་དེ། བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཟླ་བ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཐུབ་པའི་ཡེ་ཤེས་རྡུལ་ཕྲ་རབ་ལས་བསྒྲུབས་ཤིང་མཚུངས་པ་མེད་པའི་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་དཀར་སྔོ་དམར་པའི་ཞལ་ཅན་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་འོད་


JLD012_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་དུ་མས་སྤྲས་པ། ཕྱག་དང་པོ་གཉིས་ཀྱིས་རིག་མ་ལ་དམ་པར་འཁྱུད་པར་མཛད་པ། ཕྱག་ལྷག་མ་གཡས་འོག་མ་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་ན་རིན་པོ་ཆེ་དང་པདྨ་བསྣམས་པས་མཛེས་པར་ཁམས་གསུམ་གྱིས་བསྡུས་པའི་འཇིག་རྟེན་ཐམས་ཅད་ན་ཐུབ་པའི་འོད་ཟེར་གྱི་ཚོགས་དུ་མ་འགྱེད་པ། རྣམ་པར་ཐར་པའི་སྒོ་གསུམ་དག་པས་ཟབ་གསལ་གཉིས་སུ་མེད་པའི་ཤེས་རབ་དང་། ཐབས་ཀྱི་བདག་ཉིད་སྙིང་རྗེའི་མཆོག་འགྲོ་བ་མ་ལུས་པའི་དེ་ཉིད་གཅིག་པུ། བདེ་སྟོང་དབྱེར་མེད་ཀྱིས་བསྡུས་པའི་དཀྱིལ་འཁོར་བའི་རྒྱལ་བ་ཐམས་ཅད་བསྐྱེད་པའི་སྐུ་རུ་བསྒོམས་ལ། ༀ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཞེས་བརྗོད་དེ། ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའོ། །དེ་ནས་ཡབ་ཡུམ་རྗེས་སུ་ཆགས་པའི་ཕུན་སུམ་ཚོགས་པའི་དགའ་བ་དཔག་མེད་ཀྱིས་འདོད་ཆགས་ཆེན་པོས་གདུལ་བའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་སྙོམས་པར་འཇུག་པའི་དགའ་བའི་སྒྲ་སྒྱུ་མ་ལྟ་བུས་དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་བསྐུལ་ནས་སྤྱན་དྲངས་ཏེ། བ་སྤུའི་སྒོ་ནས་རང་གི་ལུས་ཀྱི་ནང་དུ་གཞུག་པར་བྱའོ། །དེ་ནས་སྤྱན་མ་ལ་སོགས་པའི་ཡུམ་བཞིའང་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྡོ་རྗེ་མ་ལྔའི་རང་བཞིན་དུ་རང་གི་ལུས་ལས་ཕྱུང་ནས་རང་གི་རིག་མའི་ལུས་ཀྱི་ནང་དུ་ཆུད་པར་བསམ་པར་བྱའོ། །ཁ་ཅིག་མཱ་མ་ཀཱིའི་དོད་ལ་ཆོས་དབྱིངས་རྡོ་རྗེ་མ་འཇུག་ལ། སྨན་ཞབས་ཀྱིས་ཆོས་དབྱིངས་རྡོ་རྗེ་མ་ནི་ཡུམ་ཐམས་ཅད་ཀྱི་སྤྱི་ཁྱབ་ཡིན་པ་དང་། བསྐྱེད་པའི་གཞི་ཡུམ་གྱི་རང་


JLD012_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་པ་དང་། གཟུགས་སྒྲ་ལ་སོགས་པའི་འདོད་ཡོན་ལོངས་སྤྱད་པ་ལས་བྱུང་བའི་དགའ་བ་སྟོན་པའི་སྐབས་ཡིན་པ་དང་། སྔར་ཡབ་ལ་དྲུག་པ་མ་བཅུག་པས་དེའི་ཆ་མཐུན་གྱི་འབྲས་བུ་ཆོས་དབྱིངས་རྡོ་རྗེ་མ་འབྱིན་པར་མི་རིགས་སོ། ཞེས་གསུངས་པ་དེ་ལྟར་འཐད་དོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ཏེ། རང་གི་སྤྱི་བོའམ་ཞལ་ནས་ཞུགས་ཏེ་ཡུམ་གྱི་པདྨའི་ལྟེ་བའི་ནང་དུ་དཀྱིལ་འཁོར་དྲི་མ་མེད་པའི་དེ་བཞིན་གཤེགས་པ་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་འོད་ཟེར་ལས་རྟེན་དང་བརྟེན་པ་ལྷ་བཅུ་དགུ་དང་བཅས་པ་རྫོགས་པར་བྱུང་བར་བསམས་ཏེ། གཙོ་བོར་འཇམ་རྡོར་བསྐྱེད་ཀྱང་རུང་ངོ་། །དེ་ནས་འགྲོ་བ་སེམས་ཅན་གྱི་ཚོགས་མ་ལུས་པ་བཀུག་ནས། དཀྱིལ་འཁོར་གྱི་ཕྱོགས་སོ་སོའི་ཁྱམས་ནང་དེར་རབ་ཏུ་གཞུག་པར་བྱའོ། །ཡང་རྣམ་སྣང་ལ་སོགས་པ་སྔར་ལྟར་སྤྱན་དྲངས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཞུ་བའི་གཟུགས་སུ་གྱུར་ཏེ་གསང་བའི་རྡོ་རྗེ་དམ་པའི་དབུས་ནས་ཞུགས་ནས་ཁྱམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལ་དབང་བསྐུར་བས་སྡིག་སྒྲིབ་དག་ནས་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། དེ་ནས་དེ་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་དྲུག་ཐིག་ལེ་དྲུག་ཏུ་གྱུར་ཏེ། དེ་བཞིན་དུ་ཡུལ་ལྔ་དང་ཁམས་བཞི་དང་། ཕུང་པོ་ལྔ་རྣམས་དེའི་གྲངས་དང་མཐུན་པའི་ཐིག་ལེར་གྱུར། དེ་ནས་ཐིག་ལེ་སྔ་མ་དྲུག་ཀྵེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་གི་ས་བོན་དུ་གྱུར། དེ་ནས་དྲུག་དྲི་མ་དྲུག་གི་ས་བོན་དང་།


JLD012_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཞི་ཡུམ་བཞིའི་ས་བོན་དང་། དེ་ནས་ལྔ་དེ་བཞིན་གཤེགས་པ་ལྔའི་ས་བོན་དུ་གྱུར། དེ་རྣམས་གྱུར་པ་ལས་རང་རང་གི་ས་བོན་ཕྱག་མཚན་དུ་གྱུར་པའམ། ཡང་ན་ས་བོན་ལས་ས་སྙིང་ལ་སོགས་པའི་ལྷ་ཉི་ཤུ་རྩ་གཅིག་ཏུ་གྱུར་པར་བསམ། དེ་ནས་ཕྱིར་འཕྲོས་ཏེ། རང་རང་གི་དེ་བཞིན་གཤེགས་པའི་གནས་རྣམས་སུ་བྱོན་པར་བསམ་ཞིང་། སྔར་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་ནི་དེ་ཉིད་དུ་མི་དམིགས་པར་སྟོང་པར་བསམ་མོ། །གྲངས་བཞིན་ནོ་ཞེས་པ་ནི། ཐིག་ལེ་སྔ་མ་དྲུག་དང་ས་སྙིང་ལ་སོགས་གྲངས་བཞིན་དུ་སྦྱར་ཞེས་པའི་དོན་ནི། སྐྱེ་མཆེད་དྲུག་གི་ལྷ་དག་དེས་རྫོགས་ཞེས་པའི་དོན་ནོ། །རྟགས་པ་ནི་རྣམ་སྣང་ངོ་། །དེ་རྗེས་ས་བོན་གྱིས་ནི་དབྱུང་བར་བྱ། ཞེས་པ་ནི། ས་བོན་ལྷ་ཕྱིར་འབྱིན་པའི་སྔགས་སུ་སྟོན་པ་མ་ཡིན་གྱི་མངལ་དུ་ལྷ་བསྐྱེད་པའི་དོན་ཡིན་ལ། དེ་རྗེས་ཞེས་པའང་ལྷ་དབང་བསྐུར་བའི་འོག་ནས་ཞེས་པའི་དོན་ཡིན་ནོ། །གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་ལ་གཉིས་ཀྱི་དང་པོ་ཡབ་བསྐྱེད་པ་ནི། ༀ་ཨཱཿ ཧཱུཾ་ཞེས་ཏེ་སྔར་གོང་དུ་བཤད་པ་ལྟར། རང་གི་སེམས་ཉིད་ཡི་གེ་གསུམ་གྱི་རྣམ་པར་གྱུར་པར་འོད་ཟེར་དང་ལྡན་པའི་ཧོ་ཡིག་དམར་སེར་གཉིས་ཀྱི་བར་དུ་སྤེལ་བའི་བར་སྲིད་ཀྱི་རྣལ་འབྱོར་བསྒོམ་པ་དེ་ཉིད་ཆོ་ག་བཞིན་ཏེ། ཡབ་ཀྱི་ཞལ་ནས་ཞུགས་ནས་ཡི་གེའི་རྣམ་པར་རིམ་གྱིས་བརྒྱུད་དེ། ཡུམ་གྱི་པདྨའི་ནང་དུ་ཞུགས་པས་གཞན་དང་མཉམ་པ་མེད་པའི་ཤེས་རབ་ཀྱི་རང་བཞིན་ཡུམ་གྱི་ཆགས་པས་འཇུ་བའི་རྐྱེན་བྱས་ནས་ཞུ་བར་བྱས་པར་བསམ་མོ། །དཔལ་


JLD012_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་། ཤཱནྟི་པས་སྐབས་འདིར་བར་སྲིད་རྣལ་འབྱོར་བྱས་ཀྱང་རུང་ལ། དཔལ་འབྲས་རྡོ་རྗེའི་བཞེད་པ་ལྟར་ཡང་རུང་ངོ་། །བར་སྲིད་འཇུག་པ་ནི་སྦྱང་གཞི་ལ་ཕའི་ཁ་དང་སྤྱི་བོ་དང་སྦྱོར་མཚམས་ནས་འཇུག་པ་ངེས་པར་ཡོད་པ་ལྟར་བཅོམ་ལྡན་འདས་ཀྱིས་རྒྱུད་ཐ་དད་ལས་མི་འདྲ་བར་གསུངས་པའང་མི་འགལ་བར་ཤེས་པར་བྱ་སྟེ། སྡོམ་འབྱུང་ལས་ཀྱང་། སྤྱི་གཙུག་ནས་འཇུག་པ་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་ཁ་ནས་འཇུག་པར་བཤད་པ་ལྟར་བྱས་ཀྱང་རུང་ངོ་། །ཆགས་པས་ཞུ་བ་དེའི་འོད་ཟེར་གྱི་མཐུས་ཡབ་ཡུམ་གཉིས་ཀའང་ཞུ་བར་བྱས་པར་བསམ་མོ། །དེ་མཐོང་བ་དང་གཟུགས་སྐུར་བཞེངས་པའི་དོན་དུ་རང་རྒྱུད་ཀྱི་ཚད་མེད་པ་བཞི་མཚོན་པའི་ལྷ་མོ་རྣམས་ཀྱིས་གླུས་བསྐུལ་བར་བྱས་པར་བསམ་མོ། །མཱ་མ་ཀཱི་ཤར་དང་། སྤྱན་མ་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་རིམ་པ་བཞིན་དུ་ལྷོ་ལ་སོགས་པར་གནས་ནས་སོ། །དཔལ་འབྲས་རྡོ་རྗེས་བསྐུལ་བའི་གོ་རིམ་འདི་ལྟར་འབྱུང་བའི་རྒྱུ་མཚན་ནི། ལུས་གྲུབ་པ་སེམས་ལ་རག་ལས་པས་ཐུགས་ཀྱི་སྒོ་ནས་དང་པོར་བསྐུལ་ལ། ལུས་གྲུབ་ནས་ངག་དང་དེ་ནས་འཕྲིན་ལས་གྲུབ་ཅེས་ཟེར་རོ། །མཱ་མ་ཀཱིས་བསྐུལ་བ་ནི་སེམས་ཅན་ཞེས་ཏེ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་ཐུགས་ཞེས་བོས་ནས་བདག་ལ་དགྱེས་པས་ཏེ་རོལ་པར་མཛད་དུ་གསོལ་ཞེས་སོ། །ཡོན་ཏན་གྱི་ཁྱད་པར་ནི་སེམས་ཅན་ཐམས་ཅད་ཀྱི་དབང་ཕྱུག་གི་གཙོ་བོ་དང་། ཕན་འདོགས་པ་དང་


JLD012_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་ན་དབང་ཕྱུག་དང་། སེམས་ཅན་ཡབ་ཆེན་གཉེན་མཆོག་གོ །དགོས་པ་ཅིའི་ཕྱིར་དུ་ན། མཆོག་ཏུ་དགའ་ཞིང་ཡིད་དུ་འོང་བར་བྱེད་ལ་དོན་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་བདག་ཉིད་འདོད་པའི་ཡོན་ཏན་ལོངས་སྤྱོད་པར་འདོད་པས་སོ། །གཟུགས་སྐུར་མ་བཞེངས་ན་མཱ་མ་ཀཱི་ལ་སོགས་པ་མི་སྲིད་པར་འགྱུར་བས། གསོན་པར་མཆིས་བཞེད་ན་ཞེས་སོ། །སྤྱན་མས་གླུས་བསྐུལ་བ་ནི་རྡོ་རྗེ་ཞེས་ཏེ། མེ་ལོང་ལྟ་བུའི་ངོ་བོ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པས་ན་རྡོ་རྗེའི་སྐུ་ཁྱོད་ཅེས་པའོ། །བཀའི་འཁོར་ལོ་སེམས་ཅན་ཀུན་ལ་ཕན་པ་སྟེ་ཚིམ་པར་མཛད་པའི་སངས་རྒྱས་ཀྱི་དོན་དུ་བྱང་ཆུབ་དོན་དམ་ཕན་པར་གཟིགས་པའི་ངང་ཚུལ་ཅན་ནོ། །རྐང་པ་གསུམ་པ་ནི་སྔ་མ་ལྟར་རོ། །འདོད་ཆགས་ནི་མཆོག་ཏུ་དགའ་བའི་བདེ་བས་ཏེ་འདའ་བར་མི་བྱ་བས་དམ་ཚིག་གོ །གོས་དཀར་མོས་གླུས་བསྐུལ་བ་ནི། ཁྱོད་ནི་ཞེས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་རྡོ་རྗེའི་གསུང་ཁྱོད་ཅེས་པའོ། །སེམས་ཅན་ཀུན་ལ་ཕན་དང་བདེ་བའི་ཕྱིར་ཐུགས་བརྩེ་བས་མཐར་ཐུག་པའི་དོན་དང་། གནས་སྐབས་ཀྱི་དགོས་པ་འགྲུབ་པར་མཛད་པས་ན་བརྩོན་པའོ། །རྐང་པ་གསུམ་པ་ནི་སྔ་མ་ལྟར་རོ། །དགའ་བའི་སྤྱོད་པ་ནི་བདེ་བ་ཆེན་པོ་སྟེ། དེ་མངའ་བས་ན་ཀུན་ཏུ་བཟང་པོའོ། །སྒྲོལ་མས་གླུས་བསྐུལ་བ་ནི། ཁྱོད་ནི་ཞེས་ཏེ་འདོད་པའི་ཡོན་ཏན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པས་རྡོ་རྗེ་འདོད་པ་ཞེས་བོས་ནས་དམ་ཚིག་ནི་དོན་ཡོད་གྲུབ་པའོ། །སངས་རྒྱས་ཀྱི་གདུང་ནི་རིགས་སོ། །མཉམ་པ་ཉིད་ནི་སྟོང་པ་ཉིད་ཀྱི་རྗེས་སུ་ཐུགས་བརྩེ་བའོ། །རྐང་པ་གསུམ་པ་ནི་སྔ་མ་ལྟར་རོ། །གཏེར་དུ་གྱུར་པ་ནི་འབྱུང་གནས་སོ། །དེ་ལྟ་བུའི་


JLD012_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ཀླུས་བསྐུལ་བས་ན་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསམ་པའོ། །སྣང་བའི་འོད་ཟེར་གྱི་དཀྱིལ་འཁོར་གྱི་བདག་ཉིད་ཟླ་བ་ཞུ་བའི་གཟུགས་དེ་ཉིད་མཾ་དུ་གྱུར་པ་ལས། རལ་གྲིའི་འཆང་གཟུང་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་མཾ་གྱིས་མཚན་པར་གྱུར་པ་ནི། རང་སྔགས་ཀྱི་ལུས་སུ་ཉིད་གྱུར་པའོ། །དེའི་འོད་ཟེར་གྱིས་རང་གནས་ཏེ་འཇམ་པའི་དབྱངས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བཅུག་པས་དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱ་བར་གྱུར་པར་བསམ་མོ། །ཇི་ལྟ་བུ་ཞེ་ན། གུར་ཀུམ་ཞེས་ཏེ། སྐུ་མདོག་གུར་ཀུམ་བཟང་པོ་ལྟར་དམར་སེར་རྩ་བའི་ཞལ་ཀྱང་སྐུ་མདོག་དང་འདྲ་བ་ལ། གཡས་ཞལ་སྔོ། གཡོན་ཞལ་དཀར། གདུ་བུ་དང་དཔུང་རྒྱན་ལ་སོགས་པ་སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་བརྒྱན་པ་རྩ་ཕྱག་གཉིས་ཤེས་རབ་དམ་པ་རང་གི་རིག་མ་ལ་འཁྱུད་པ་དང་། གཡས་འོག་མ་གཉིས་ན་རལ་གྲི་དང་མདའ་མདངས་དང་ལྡན་པ་དང་། གཡོན་འོག་མ་གཉིས་ན་ཨུཏྤལ་སྔོན་པོ་དང་། གཞུ་འོད་ཟེར་དང་ལྡན་པ་བསྣམས་པ་དེ་བཞིན་གཤེགས་པའི་རིགས་ནམ་མཁའ་གང་བ་འཕྲོ་བས་རྣམ་པར་བརྒྱན་པའོ། །དེ་ལྟ་བུའི་སྐྱོབ་པས་ནམ་མཁའ་མ་ལུས་པའི་དཀྱིལ་འཁོར་ཁྱབ་པ་ཡིན་ནོ། །སྲིད་ཞིའི་མཐའ་ལ་མངོན་ཞེན་སྤངས་ནས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་པ་ནི་དངོས་པོ་ཞེས་ཏེ། རྐང་པ་དང་པོ་གཉིས་ཀྱིས་གཟུང་འཛིན་ཐམས་ཅད་དང་བྲལ་བས་བདེན་པའི་དངོས་པོ་མེད་པར་རྟོགས་པའི་སྒོ་ནས་སྲིད་པའི་མཐའ་སྤོང་ལ། མྱ་ངན་ལས་འདས་པ་སྣང་བ་ཐམས་ཅད་བསྡུས་


JLD012_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མངོན་ཞེན་སྤོང་བ་ནི་རྐང་པ་ཕྱི་མ་གཉིས་ཏེ། དེ་སྤངས་ནས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གཟུགས་ཀྱི་སྐུའི་རྣམ་པར་ཤར་བར་མོས་པ་བྱའོ། །དེ་བརྟན་པར་བྱེད་པ་ནི་ༀ་ཞེས་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ངའོ་ཞེས་པ། དེ་ནི་རྒྱུ་མཐུན་གྱི་འབྲས་བུ་དང་བསྙེན་པའི་ཡན་ལག་ཆུང་ངུའོ། །སྐྱེ་མཆེད་བྱིན་གྱིས་རློབ་པ་ནི། དེ་འོག་ཅེས་ཏེ། རང་གི་ས་བོན་ནི་ས་སྙིང་ལ་སོགས་པའི་ས་བོན་ནོ། །དེས་རང་གི་མིག་སོགས་བྱིན་གྱིས་བརླབས་ལ་ཇི་བཞིན་གྲངས་བཞིན་ནོ། །མིག་གཉིས་སུ་ཟླ་བའི་དཀྱིལ་འཁོར་རེ་རེ་ལ་ཀྵ່་ཡོངས་སུ་གྱུར་པ་ལས། འཁོར་ལོ་དཀར་པོ་ཀྵ່་གྱིས་མཚན་པ་དེ་ལས་འོད་འཕྲོས་སེམས་ཅན་སྦྱངས། ས་སྙིང་ལ་བཀོད་པ་ཚུར་འདུས་པ་དང་། སའི་སྙིང་པོ་སྔར་བཤད་པའི་རྣམ་སྣང་འདྲ་བར་བསམ། རྣ་བ་གཉིས་སུ་ཟླ་བ་ལ་གནས་པའི་ཛྲིཾ་ལས་རྡོ་རྗེ་ཛྲིཾ་གིས་མཚན་པ་ལས་འོད་སྤྲོ་བསྡུ་བྱས་པས། ཕྱག་རྡོར་སྐུ་མདོག་ཕྱག་མཚན་མི་བསྐྱོད་པ་འདྲ་བ་དང་། སྣ་བུག་གཉིས་སུ་ཟླ་བ་ལ་གནས་པའི་ཁཾ་ལས་རིན་པོ་ཆེ་སྔོན་པོ་ཆ་དགུ་པ་ཁཾ་གིས་མཚན་པ་ལས་འོད་སྤྲོ་བསྡུ་བྱས་པར་གྱུར་པ་ལས་ནམ་སྙིང་རིན་འབྱུང་འདྲ་བ་དང་། ལྕེའི་དབུས་སུ་ཟླ་བ་ལ་གནས་པའི་གཾ་ལས་པདྨ་གཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་འདྲ་བ་དང་། འོད་ཟེར་སྤྲོ་བསྡུ་སོགས་ནི་སྔ་མ་ལྟར་རོ། །དཔྲལ་བའི་ཐོད་པའི་ནང་དུ་ཟླ་བ་ལ་གནས་པའི་ཀཾ་ལས་རལ་གྲི་དེས་མཚན་པར་གྱུར་པ་ལས་སྒྲིབ་སེལ་དོན་གྲུབ་ལྟ་བུ་དང་། ལྟེ་བར་ཟླ་བ་ལ་གནས་པའི་སཾ་ལས་རྡོ་རྗེ་སཾ་གྱིས་


JLD012_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་ལས་ཀུན་བཟང་རྡོར་སེམས་ལྟ་བུར་བསྐྱེད་དོ། །དེ་ནི་རྣམ་པའི་འབྲས་བུ་དང་ཉེ་སྒྲུབ་ཆུང་ངུའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དྲི་མེད་རང་སྙིང་ཞེས་སོགས་ཏེ། རང་གི་སྙིང་ག་དང་མགྲིན་པ་དང་དཔྲལ་བ་གསུམ་དུ་ཟླ་བ་དྲི་མ་མེད་པ་རེ་རེ་བསམ་པར་བྱའོ། །སྙིང་གའི་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་ཕྲ་མོ་ལྟེ་བའི་ནང་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཐུགས་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་རྡོ་རྗེ་ཕྲ་མོ་ཡོངས་སུ་གྱུར་པ་ལས། ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོར་གྱུར། མགྲིན་པར་ཟླ་བའི་སྟེང་དུ་ཨཱཿ ལས་པདྨ་དམར་པོའི་ལྟེ་བར་ཟླ་བ་ལ་གནས་པའི་ཨཱཿ དམར་པོ་དེ་ལས་འོད་ཟེར་སྤྲོ་བསྡུ་སོགས་སྔ་མ་ལྟར་བྱས་པ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་འོག་ནས་འཆད་པ་ལྟ་བུ་དང་། དཔྲལ་བར་ཟླ་བ་ལ་ༀ་ལས་འཁོར་ལོ་དཀར་པོ་ཟླ་བ་ལ་གནས་པ་ༀ་གྱིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུ་སོགས་སྔ་མ་ལྟར་བྱས་པས། སྐུ་རྡོ་རྗེ་འོག་ནས་འཆད་པའི་རྣམ་སྣང་ལྟ་བུ་དང་། ཐུགས་རྡོ་རྗེ་གོང་། གསུང་རྡོ་རྗེ་འོག་གི་མཚམས་སུ་ཟླ་བ་ལ་གནས་པའི་མཾ་ལས་རལ་གྲི་འཆང་གཟུང་མཾ་གྱིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཇམ་པའི་རྡོ་རྗེའི་གོ་འཕང་ལ་བཀོད་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ངོ་བོར་གྱུར་པའི་ཐུགས་ཀར་ཟླ་བ་ལ་གནས་པའི་རལ་གྲི་འཆང་གཟུང་མཾ་གྱིས་མཚན་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་གྱི་ཐུགས་ཀར་ཡང་ཡི་གེ་གསུམ་སོ་སོར་དགོད་དོ། །དེ་ནས་ཐུགས་རྡོ་རྗེའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་


JLD012_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ཏེ་མེ་ཏོག་ལ་སོགས་པ་དང་། ཤེས་རབ་དམ་པ་འདུས་པའི་གསང་བའི་མཆོད་པ་ལ་སོགས་པས་མཆོད་ནས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པར་གསོལ་བ་གདབ་པའོ། །རང་གི་སྙིང་གའི་ཐུགས་རྡོ་རྗེས་བྱིན་གྱིས་བརླབ་པར་གསོལ་བ་གདབ་པ་ནི། དཔལ་ལྡན་ཞེས་ཏེ། ཚོགས་གསུམ་མམ་རིག་མའི་དཔལ་དེ་དང་ལྡན་པ་ཐུགས་རྡོ་རྗེའི་ངོ་བོར་གྱུར་པས་ན་འཆང་བ་རྡོ་རྗེ་གསུམ་མི་ཕྱེད་པ་ཁྱེད་བསྒོམས་པས་དེང་སྟེ། ད་ནས་བཟུང་ནས་བདག་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་སོ། །གང་གིས་ན་སྙིང་གར་བསྒོམས་པའི་ཐུགས་རྡོ་རྗེ་ཁྱོད་ཀྱིས་སོ། །རང་གནས་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ཞེས་ཏེ། སངས་རྒྱས་ནི་རང་བཞིན་གྱི་གནས་ནས་བྱོན་པ་རྣམས་སོ། །གཞན་རྣམས་ཀྱི་བཤད་པ་ནི་སྔ་མ་ལས་ཤེས་སོ། །དེ་བརྟན་པར་བྱེད་པ་ནི་ༀ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པ་ཡིན་ནོ་ཞེས་པའོ། །གསུང་བྱིན་གྱིས་བརླབ་པ་ལ་རང་གི་མགྲིན་པར་བསྐྱེད་པ་ལ་གསོལ་བ་གདབ་པ་ནི། ཆོས་ཀྱི་གསུང་ཞེས་ཏེ་ཆོས་ནི་རྡོ་རྗེ་ཆོས་འོད་དཔག་ཏུ་མེད་པ་ཡིན་ལ། དེའི་གསུང་གི་ལམ་ནི་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བྱིན་གྱིས་བརླབ་པས་ད་ནི་གསུང་རྡོ་རྗེའི་ངོ་བོར་མཛད་དུ་གསོལ་ཞེས་པའོ། །གང་གིས་ན་རང་གི་མགྲིན་པར་བསྒོམས་པའི་གསུང་རྡོ་རྗེ་ཁྱེད་ཀྱིས་


JLD012_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ནོ། །རང་གནས་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུར་ཞེས་ཏེ་ཚིག་དོན་གོ་བར་ཟད་ལ། སྤྱན་དྲངས་པ་དེ་སྔར་བསྒོམས་པ་དང་དབྱེར་མེད་གཅིག་ཏུ་འདྲེས་པར་བསམས་ནས་དེ་བརྟན་པར་བྱེད་པ་ནི། ༀ་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་ང་ཡིན་ནོ་ཞེས་པའི་དོན་ནོ། །སྐུ་བྱིན་གྱིས་རློབ་པ་ནི། དཔལ་ལྡན་ཞེས་སོགས་ཏེ་གོ་བར་ཟད་དོ། །མདུན་དུ་སྤྱན་དྲངས་པ་སྔར་བསྐྱེད་པའི་སྐུ་རྡོ་རྗེ་དང་དབྱེར་མེད་དུ་འདྲེས་པར་བསམས་ནས་དེ་བརྟན་པར་བྱེད་པ་ནི་ༀ་ཞེས་ཏེ། ས་བོན་གྱི་འོད་ཟེར་གྱིས་རང་གནས་ནས་སྤྱན་དྲངས་པ་སྔར་བསྐྱེད་པ་ལ་ཐིམ་ནས་དབྱེར་མེད་དུ་འདྲེས་པར་བསམ་པ་ནི་ཐམས་ཅད་ལ་འདྲའོ། །འདི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་སྒྲུབ་པའི་ཡན་ལག་ཆུང་ངུའོ། །ནམ་མཁའ་ལྟ་བུའི་ཞེས་པ་སྟེ་སྟོང་པ་ཉིད་ཀྱི་དོན་ལ་ཡུད་ཙམ་མཉམ་པར་བཞག །དེ་ནས་སྙིང་པོའི་འོད་ཟེར་ཞེས་པ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད་བསྟོད་སོགས་བྱས། དབང་བསྐུར་བར་གསོལ་བ་བཏབ་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིག་མའི་ཚོགས་རྣམས་ཀྱིས་བུམ་པ་བཟུང་ནས་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་དྲི་མ་དག་ཆུ་ལྷག་མ་


JLD012_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། དེ་ནི་དབང་གི་འབྲས་བུ་དང་སྒྲུབ་ཆེན་གྱི་ཡན་ལག་ཆུང་ངུའོ། །བསྙེན་སྒྲུབ་ཡན་ལག་ཆུང་ངུ་འབྲིང་ཆེན་པོ་གསུམ་བྱས་པ་ནི། ཡབ་ཀྱི་དང་པོ་ཆུང་ངུ་དང་། ཡུམ་གྱི་འབྲིང་དང་། འཁོར་གྱི་ཆེན་པོའོ། །དེ་དག་གི་དོན་ཡང་ཡབ་རྐྱང་བསྐྱེད་པ་ནི། ཐ་མལ་པའི་སྣང་ཞེན་འགོག་པ་ལ་ནུས་པ་ཆུང་བ་དང་། ཡུམ་དང་བཅས་པ་བསྐྱེད་པ་ལ་ནུས་པ་འབྲིང་དང་། འཁོར་དང་བཅས་པ་བསྐྱེད་པ་ནུས་པ་ཆེ་བའི་དོན་ཡིན་ནོ། །བཞི་པོའི་ཡུམ་བསྐྱེད་པ་ཡབ་ཀྱི་སྐུ་དང་པོར་བསྐྱེད་པ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་ལ་ཉེ་བས་ན་བསྙེན་པའོ། །ཡན་ལག་ནི་ཆ་ཤེས་ཏེ་ཡོངས་སུ་རྫོགས་པ་བཞི་གར་ཚང་དགོས་པའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྒྱུ་རྡོ་རྗེ་འཛིན་པའི་རིགས་འདྲ་ཡིན་པས་སོ། །སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་སྒྲུབ་པ་དང་། ཉེ་བས་ཉེ་སྒྲུབ་བོ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མིག་སོགས་འགྲུབ་པ་དང་འདྲ་བས་རྣམ་སྨིན་གྱི་འབྲས་བུར་བཏགས་པའོ། །ཐུགས་དང་གསུང་དང་སྐུ་རྡོ་རྗེ་དང་ཡེ་ཤེས་སེམས་དཔའ་རྣམས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཡིན་ལ། སྐུ་གསུམ་པོ་དེ་དང་དབྱེར་མེད་པའི་ངོ་བོར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པས་བསྒྲུབ་པས་སྒྲུབ་པའི་ཡན་ལག་གོ །སེམས་ཅན་གྱི་དོན་བྱེད་པའི་འབྲས་བུ་བསྒྲུབ་པས་ན་སྐྱེས་བུ་བྱེད་འབྲས་སོ། །


JLD012_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བསྒྲུབ་པ་ལའང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་དབང་བསྐུར་ན་ཡིན་གྱི། མ་བསྐུར་ན་མ་ཡིན་པས་དབང་བསྐུར་རྒྱས་གདབ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུའོ། །ཡན་ལག་གི་བཤད་པ་ནི་སྔ་མ་ལྟར་རོ། །དེ་དག་ནི་སྨན་ཞབས་ཀྱིས་བཤད་པ་ལྟར་ཡིན་ནོ། །གཉིས་པ་ཡུམ་བསྐྱེད་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་དང་། ཡུམ་རིགས་ལྔའི་ཚོགས་པ་བསྒྲུབ་པ་དང་། མཁའ་གསང་བྱིན་གྱིས་རློབ་པ་དང་། རྗེས་ཆགས་ཀྱི་ང་རྒྱལ་བྱ་བའོ། །དང་པོ་ནི། དེ་བཞིན་ཞེས་ཏེ། སློབ་དཔོན་ཤཱནྟི་པ་དང་། སྨན་ཞབས་གཉིས་ཀྱིས་ཡབ་བསྐྱེད་པ་ལྟར་ཞུ་བ་གླུས་བསྐུལ་ལ་སོགས་པ་ཡུམ་བསྐྱེད་པའི་སྐབས་སུའང་སྦྱོར་ལ། དེ་བཞིན་གཤེགས་པ་རང་གི་ལུས་ལ་ཞུགས་པ་དང་གསང་གནས་སུ་ལྷ་ཉེར་གཅིག་བསྐྱེད་པ་མ་གཏོགས་རྫོགས་པར་སྦྱོར་ཞིང་། ཡབ་རྐྱང་ཡུམ་དང་ལྷན་གཅིག་ཏུ་ཞུ་ནས་བསྐྱེད་ཐེབས་གཉིས་མཛད་དོ། །འགྲེལ་པ་དག་ཡུམ་གསར་དུ་བསྐྱེད་པ་དང་སྔར་ཡབ་དང་མཉམ་དུ་བསྐྱེད་པ་དང་། སྔར་བསྐྱེད་ཟིན་པ་སྐབས་འདིར་གསལ་འདེབས་པ་མ་བྱུང་ཞིང་། སྔར་མ་བསྐྱེད་ན་ཡབ་ཀྱི་རྩ་ཕྱག་གཉིས་ཡུམ་ལ་འཁྱུད་པ་འགལ་ཟེར་ན་སློབ་དཔོན་ཐ་ག་ན་ལྟར་ན་སྔར་བར་སྲིད་རང་གི་ཞལ་ནས་ཞུགས་པ་ཞུ་བ་ལས་བྱུང་བའི་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་རལ་གྲི་འཆང་གཟུང་མཾ་གྱིས་མཚན་པ་དེ་ལས་འོད་སྤྲོ་བསྡུ་བྱས་ནས་ཡུམ་བསྐྱེད་པ་ནི། དེ་བཞིན་ཞེས་པའི་དོན་ནོ། །ཅོད་པན་དང་ནུ་མ་རྒྱས་པ་མ་གཏོགས་ཡབ་དང་འདྲ་བར་བསྐྱེད་པས་རང་གི་ལྷ་


JLD012_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་ཞེས་སོ། །རང་གི་སྙིང་པོ་ནི་ཡབ་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྤྲོ་བསྡུ་བྱས་ནས་རིག་མ་སྤྲུལ་ཞིང་བསྐྱེད་པ་སྟེ། རྒྱུ་མཐུན་དང་བསྙེན་པའི་ཡན་ལག་འབྲིང་པོའོ། །མིག་སོགས་སྒོམ་པ་ནི་སྐྱེ་མཆེད་བྱིན་གྱིས་བརླབ་པ་སྟེ་ཡབ་ཇི་བ་བཞིན་དུ་བྱའོ། །དེ་ནི་རྣམ་སྨིན་གྱི་འབྲས་བུ་དང་ཉེ་སྒྲུབ་འབྲིང་ངོ་། །ཡི་གེ་གསུམ་དགོད་པ་ནི་ཡབ་ཇི་ལྟ་བ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ། སྐྱེས་བུ་བྱེད་འབྲས་དང་སྒྲུབ་པའི་ཡན་ལག་འབྲིང་ངོ་། །འོད་དང་ལྡན་པ་ནི་སྨན་ཞབས་ལྟར་ན། སྒྲུབ་ཆེན་ཡབ་ཀྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་རྒྱས་གདབ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །ཐ་ག་ན་སྔ་མ་གསུམ་བསྟན་པའི་ཤུགས་ཀྱིས་འཕངས་པ་ཡིན་པར་བཞེད་དོ། །དབང་བསྐུར་རྒྱས་གདབ་ནི་དབང་གི་འབྲས་བུ་དང་སྒྲུབ་པ་ཆེན་པོ་ནི་ཡན་ལག་འབྲིང་ངོ་། །གཉིས་པ་ནི། དེ་ཉིད་ཤེས་པས་ཡུམ་གྱི་མགོ་དང་སྙིང་ག་དང་། ལྟེ་བ་དང་གསང་གནས་དང་བརླ་གཉིས་སུ། སྔ་མ་ལ་ཟླ་གདན་དང་། ཕྱི་མ་བཞི་ལ་ཉི་མའི་གདན་བསམ་མོ། །དེ་སྟེང་དུ་རིམ་པ་བཞིན་དུ་ༀ་དཀར་པོ་དང་ཧཱུཾ་སྔོན་པོ་དང་། སྭཱ་སེར་པོ་དང་། ཨཱཿ དམར་པོ། ཧཱ་ལྗང་གུ་བསམས་ལ་ཡི་གེ་དེ་དག་ལས་རང་འདྲའི་ཡི་གེ་གཉིས་པ་འོད་ཟེར་དང་བཅས་པ་སྤྲོས་པས། རིམ་པ་བཞིན་དུ་ནུ་མ་ཡན་ཆད་རྣམ་སྣང་གི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་། དེ་ནས་ལྟེ་བ་ཡན་ཆད་མི་བསྐྱོད་པའི་རང་བཞིན་དང་། དེ་ནས་པདྨ་ཡན་རིན་འབྱུང་གི་རྡུལ་ཕྲ་རབ་ཀྱི་རང་བཞིན་


JLD012_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ནས་བརླ་གཉིས་ཡན་འོད་དཔག་མེད་ཀྱི་རང་བཞིན་དང་། དེ་ནས་རྐང་མཐིལ་ཡན་དོན་ཡོད་གྲུབ་པའི་རང་བཞིན་དུ་ཁྱབ་པར་བསམ་མོ། །གསུམ་པ་ནི་ཨ་ཡིས་ཞེས་ཏེ། ཨ་ལས་ཡུམ་གྱི་གསང་གནས་གྱི་ལྟེ་བ་དང་ཧཱུཾ་ལས་གསང་གནས་ཀྱི་པདྨ་འདབ་མ་བསྐྱེད་ལ་བུ་ག་ཕཊ་སེར་པོས་བཀག་པར་བསམ་མོ། །བཞི་པ་ནི་ཤེས་རབ་ཅེས་ཏེ་རྒྱུ་རྡོ་རྗེ་འཛིན་པ་ཤེས་རབ་མ་དང་བཅས་པའི་རྒྱུ་མཐུན་གྱི་འབྲས་བུ་རྡོ་རྗེ་འཛིན་པ་ཐབས་དང་བཅས་པ་ཕན་ཚུན་སྙོམས་འཇུག་བྱེད་པའི་སྒོ་ནས་རྒྱལ་བ་མཉེས་པའི་མཆོད་པ་བརྩམ་པར་ཡང་བྱའོ། །སྔགས་ནི་ༀ་ཞེས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་ང་ཡིན་ནོ་ཞེས་པའོ། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནོ། །ད་ནི་སྦྱང་གཞི་སྦྱོང་བྱེད་ཇི་ལྟར་སྦྱར་བའི་ཚུལ་བཤད་པར་བྱ་སྟེ། དེ་ལ་བླ་མ་ཁ་ཅིག་གིས་རྣམ་སྣང་གི་ཕྱོགས་དང་མཐུན་པར་ལྷ་བསྒོམ་པ་དང་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པ་སྒོམ་པ་གཉིས་སུ་བྱས་ནས། སྔ་མ་རྣལ་འབྱོར་རྒྱུད་དང་། ཕྱི་མ་བླ་མེད་ལ་སྦྱོར་བར་མཛད་ཀྱང་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པ་ནི། བླ་མེད་ཁོ་ན་ལ་ཡོད་པ་འཐད་ལ། དེ་ཡོད་ན་འཚང་རྒྱ་བའི་རིམ་པ་དང་མཐུན་པར་སྒོམ་པའང་ཡོད་པར་ཁྱབ་པས་སོ། །དེ་ཉིད་བསྡུས་པ་ནས་གསུངས་པ་ནི་སྲིད་པ་ཐ་མལ་བ་མངོན་བྱང་ལྔའི་སྒོ་ནས་རྣམ་སྣང་གི་གོ་འཕང་ལྟ་བུ་སྒྲུབ་ཚུལ་སྟོན་པ་ཡིན་གྱི། ལམ་ལྔ་དང་མཐུན་པ་མེད་པས་སོ། །དེ་ལ་སྤྱིར་སྦྱང་གཞི་སྦྱོང་


JLD012_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུས་འཁོར་ལ་སོགས་པའི་རྒྱུད་ལས་ཚུལ་གསལ་བར་བསྟན་པ་མ་གཏོགས་གཞན་རྣམས་ཀྱི་སྤྱི་འགྲོ་ནི། སློབ་དཔོན་ཨ་བྷ་ཡས་མན་ངག་སྙེ་མའི་སྙེ་མ་བཅུ་གཉིས་པར་བཤད་པ་ལྟར་བྱའོ། །འཕགས་ལུགས་པའི་མདོར་བྱས་སུ་སྲུང་འཁོར་ཡན་ཆད་སྦྱང་གཞི་ལ་སྦྱོར་བ་མ་གསུངས་ལ་ཚུལ་ཇི་ལྟར་སྐྱེ་བ་ལེན་པ་དང་། དང་པོར་ཤི་ནས་དེ་ནས་བར་དོ་གྲུབ། དེ་ནས་སྐྱེ་གནས་སུ་ཉིང་མཚམས་སྦྱར་ནས་མངལ་དུ་གནས་པའི་བར་དང་། གང་གི་ངོ་བོར་སྐྱེ་བ་བླངས་པ་ནི་བཙས་ནས་དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། དེ་ནས་བྱ་བ་གང་བྱེད་པ་ནི་བུ་བསྐྱེད་པ་སོགས་སོ། །དེ་དང་མཐུན་པར་སྐྱེ་བ་ལེན་པའི་རྟེན་གྱི་རྣམ་པ་ལྟ་བུ་ཚོགས་གསོག་པ་པོའི་རྟེན་ནི་གང་ཟག་དང་། རྒྱུ་བསོད་ནམས་ཀྱི་ཚོགས་བསག་པ་དང་། གནས་སྲུང་འཁོར་ཐུན་མོང་བ་ནས་གཞལ་ཡས་ཁང་གི་བར་དང་། གང་གི་ངོར་སྐྱེ་བ་ལེན་པ་སྟོང་པ་ཉིད་བསྒོམ་པ་ནས་བར་སྲིད་མ་ཞུགས་ཚུན་འཆི་བ་དང་ཆོས་མཐུན་པ་དང་། བར་སྲིད་ཀྱི་ཡི་གེ་ཞུགས་ནས་མ་ཞུ་བ་ཚུན་བར་སྲིད་དང་མཐུན་པ་དང་། ཞུ་ནས་གླུས་བསྐུལ་ཏེ་ལྷའི་རྣམ་པར་མ་བཞེངས་ཚུན་མངལ་གྱི་གནས་སྐབས་དང་། ལྷའི་རྣམ་པར་བཞེངས་ཕན་ཆད་བཙས་པའི་གནས་སྐབས་དང་། དབང་པོ་ཐམས་ཅད་ཡོངས་སུ་རྫོགས་པ་དང་མཐུན་པའོ། །དེ་ལམ་ལྔ་དང་སྦྱོར་ཚུལ་ནི་བསོད་ནམས་ཀྱི་ཚོགས་གསོག་པ་ཚོགས་ལམ་དང་། སྟོང་པ་ཉིད་བསྒོམ་པ་ནས་བར་སྲིད་སྦྱངས་པ་ཚུན་སྦྱོར་ལམ་དང་། མངལ་གྱི་གནས་སྐབས་མཐོང་སྒོམ་གྱི་ལམ་དང་། དེ་ཕན་ཆད་མི་སློབ་པའི་ལམ་དང་སྦྱོར་རོ། །དེའི་རྒྱུ་མཚན་བརྟག་གཉིས་དང་། སཾ་


JLD012_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པུ་ཊར་མངལ་གྱི་གནས་སྐབས་ཀྱི་ཟླ་བ་ངོ་བཅུ་ས་བཅུ་དང་སྦྱོར་བར་བཤད་པས་དེ་ཕན་ཆད་མི་སློབ་པའི་ལམ་དང་སྦྱོར་བ་དང་། མངལ་དུ་མ་ཞུགས་ཚུན་ཆད་ཚོགས་སྦྱོར་དང་སྦྱོར་བ་དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་ལ་སྦྱིར་ལྷ་བསྐྱེད་ཚུལ་གྱི་ཐ་སྙད་ལ་ཕ་མ་ལྟ་བུ་དང་། གྲོགས་ལྟ་བུར་བསྐྱེད་པ་བཤད་པས། དེ་ལ་རྒྱུའི་རྡོ་རྗེ་འཛིན་པ་བསྐྱེད་པ་ལའང་ལྷའི་རྣམ་པར་བསྐྱེད་པ་དང་མི་བསྐྱེད་པ་གཉིས་ལས་ཕྱི་མ་ནི་བདེ་མཆོག་ལཱུ་ཨི་པ་ལྟ་བུ་སྟེ། དེ་ལྟར་ན་མངོན་བྱང་དང་པོ་བཞི་ཁོ་ན་རྡོ་རྗེ་འཛིན་པར་བྱེད་དོ། །དེ་ལའང་ཨཱ་ལི་ལས་བསྐྱེད་པའི་ཟླ་བ་དཀར་པོ་ཕའི་ཁམས་ཀྱི་དོད་དང་། ཀཱ་ལི་ལས་བསྐྱེད་པའི་ཟླ་བ་དམར་པོ་མའི་ཁམས་ཀྱི་དོད་དང་། བར་སྲིད་མཚོན་བྱེད་ཀྱི་ཡི་གེ་དེ་གཉིས་ཀྱི་བར་དུ་ཞུགས་ཚུན་ཆད་བར་སྲིད་ཀྱི་དོད་དང་། དེ་ནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ནས་སྤྲོ་བསྡུ་ཚུན་ཆད་མངལ་གྱི་གནས་སྐབས་དང་མཐུན་ནོ། །རྡོ་རྗེའི་ཡར་རྩེ་ལྔ་ནི་རྐང་ལག་མགོ་བོ་དང་། མར་རྩེ་ལྔ་རྐང་ལག་གི་སོར་མོ་ལྔ་ཚན་དུ་མཐུན་པ་དང་། མགོའི་དབང་པོ་ལྔ་ཚན་དང་མཐུན་པ་ཡིན་ནོ། །ལྷའི་རྣམ་པར་བསྐྱེད་པ་ལའང་ཡབ་རྐྱང་བསྐྱེད་པ་རྡོ་རྗེ་འཇིགས་བྱེད་ལྟ་བུ་སྟེ། དེ་ལ་ནི་ཞུ་བ་གླུས་བསྐུལ་ལ་སོགས་པ་མི་བྱེད་དོ། །ཡུམ་དང་བཅས་པར་བསྐྱེད་པ་ནི་འདི་དང་གཤིན་རྗེ་དམར་ནག་སོགས་ཏེ། དེ་ལ་ནི་མངོན་བྱང་ལྔ་གས་བསྐྱེད་པ་མ་ཡིན་ནོ། །རྒྱུ་རྡོ་རྗེ་འཛིན་པ་ལས་འབྲས་བུ་རྡོ་རྗེ་འཛིན་པ་གཙོ་འཁོར་ཅིག་ཅར་དུ་བསྐྱེད་ན་བུ་ལྟ་བུའི་ཚུལ་དང་། འཁོར་རྗེས་ལ་བསྐྱེད་ན་ཚ་བོ་ལྟ་བུའི་ཚུལ་དུ་བསྐྱེད་


JLD012_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་སྦྱང་གཞི་སྦྱོང་བྱེད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་བཤད་པ་སྒྲོན་གསལ་དུ་བཀོད་པའི་དབང་དུ་བྱས་ན་ཆགས་བྲལ་གྱི་རྟེན་ལ་འཚང་རྒྱ་ཚུལ་བཞི་དང་། ཆགས་ཅན་འཚང་རྒྱ་བའི་ཚུལ་བཞི་དཔེ་དོན་དུ་སྦྱར་ནས་གསུངས་པའི་དང་པོ་ལ། རྒྱུད་དང་། གླེང་གཞི་དང་། ངེས་ཚིག་དང་། རྒྱུའོ། །དེ་བཞི་ནི་རིམ་པ་བཞིན་དུ། མིར་སྐྱེ་བ་བླངས་པ་དང་། རབ་ཏུ་བྱུང་བ་དང་། འདུལ་བའི་ཀུན་སྤྱོད་ལ་གནས་པ་དང་། འཚང་རྒྱ་བའི་ཉེར་རྒྱུ་ཏིང་ངེ་འཛིན་ནོ། །ཕར་ཕྱིན་ཐེག་པའི་ཚུལ་ལ་འོག་མིན་གྱི་རྟེན་ལ་འཚང་རྒྱ་བ་དང་། འདོད་པའི་རྟེན་ལ་སྤྲུལ་སྐུར་འཚང་རྒྱ་ཚུལ་གཉིས་ཀྱི་ཕྱི་མ་དཔེར་བྱེད་པ་ནི། སྔགས་ཀྱི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་དེས་འདོད་པའི་རྟེན་ལ་ངེས་པར་ལམ་བསྒྲུབ་པའི་ཆེད་ཡིན་ནོ། །དོན་ལ་དེ་ལྟར་ཚུལ་བཞིའོ། །དང་པོ། རྒྱུད་ནི། རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། ཅེས་གསུངས་པ་ལྟར་ཐ་མལ་པའི་ཕུང་པོའི་སྣང་བ་དོར་ནས་རིགས་ལྔའི་སངས་རྒྱས་སུ་བསྐྱེད་པ་ཞིག་དགོས་པ་ཡིན་ཏེ། དེའང་ཤྲདྡྷ་ཀ་ར་ཝརྨས་ཐ་མལ་པའི་གནས་ལུས་ལོངས་སྤྱོད་འཁོར་གྱི་སྣང་བ་བཞི་དོར་ནས་ཁྱད་པར་ཅན་གྱི་སྣང་བ་བཞིར་འགྱུར་བ་ལྟར་ཡིན་ལ། དེ་ལ་སྔར་བཤད་པ་ལྟར་ཚོགས་གསོག་པ་པོའི་རྟེན་གྱི་གང་ཟག་དེས་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ནས་ཐ་མལ་པའི་འཆི་བ་དང་ཆོས་མཐུན་པར་སྟོང་པ་ཉིད་བསྒོམས་ནས་གནས་ཁྱད་པར་ཅན་རྟེན་གཞལ་ཡས་ཁང་དུ་སྐྱེ་བ་ལེན་པའི་ཚུལ་སྟོན་པ་ཡིན་ནོ། །འདི་ལྟ་བུའི་འདྲ་ཆོས་རྒྱུད་སྡེ་འོག་མ་རྣམས་ལ་ཡོད་ཀྱང་།


JLD012_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྒོམ་པ་འདྲ་ཆོས་གདོན་མི་ཟ་བར་ངེས་མི་དགོས་ལ། སྐབས་འདིར་ནི་དགོས་པའོ། །སྦྱང་གཞི་ལ་གནས་སྔ་མ་དང་མི་འདྲ་བར་སྐྱེ་བ་ལེན་མི་དགོས་ཀྱང་སྦྱོང་བྱེད་ལ་གནས་ཁྱད་པར་ཅན་གྱི་སྣང་བ་བསྒྱུར་དགོས་སོ། །དེ་ལྟར་ཤི་བ་དང་། ཆོས་མཐུན་བསྒོམས་པའི་རྗེས་སུ་བར་སྲིད་ཀྱི་ཡི་གེ་གསར་དུ་བསྐྱེད་པའམ། སྔར་ནམ་མཁའ་བསྐྱེད་པ་གང་ཡང་རུང་བས་ང་རྒྱལ་འདི་ལྟར་བྱ་སྟེ། ཇི་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འབྱུང་གནས་དེར་ཞུགས་ཏེ་གཟུགས་ཀྱི་སྐུར་བཞེངས་ནས་སེམས་ཅན་གྱི་དོན་མཛད་པ་དེའི་རྒྱུ་ནི། བདག་གིས་ཀྱང་ཆོས་འབྱུང་གི་གནས་དེར་ཞུགས་ཏེ། སྙིང་པོ་དང་ཕྱག་མཚན་བརྒྱུད་ནས་ངེས་པར་རྡོ་རྗེ་འཛིན་པའི་ངོ་བོར་སྐྱེ་བ་བླང་བར་བྱའོ་སྙམ་པའི་བསམ་པས་རང་ལས་རྒྱུད་ཐ་དད་པ་ལྟ་བུའི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་ཞལ་སོགས་ནས་འཇུག་པའམ། ལྷའི་རྣམ་པར་མ་བསྐྱེད་ན་ཟླ་བ་དཀར་དམར་གྱི་དབུས་སུ་ཞུགས་ཏེ། དེ་དག་ཞུ་བས་མཾ་ལས་བྱུང་བའི་རལ་གྲི་མཾ་གྱིས་འཆང་གཟུང་མཚན་པ། དེ་ཡོངས་སུ་གྱུར་པ་ལས་འབྲས་བུ་རྡོ་རྗེ་འཛིན་པའི་ངོ་བོར་བསྐྱེད་པར་བྱའོ། །ཡབ་ཀྱི་ཞལ་ལྟ་བུ་ནས་ཞུགས་ནས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོང་སྟེ། ཡུམ་གྱི་ཆགས་པའི་སེམས་ཀྱིས་བར་སྲིད་འཇུག་པའི་རྐྱེན་བྱས་ནས་ཞུ་བ་དང་། ཡབ་ཡུམ་གཉིས་ཀྱང་ཞུ་བར་བསམ་མོ། །སྦྱང་གཞི་ལ་ཕ་མ་ཞུ་བ་མེད་ཀྱང་ཆོས་མཐུན་སྦྱོར་ན་དགའ་བ་ཉམས་སུ་མྱོང་བའི་ཚེ་རྟོགས་པ་རགས་པ་ཞི་བ་དང་སྦྱར་རོ། །སྦྱང་གཞི་ལ་མངལ་དུ་ཡན་ལག་ཕྲ་མོ་རྫོགས་པ་ཡོད་ཀྱང་འདིར་ནི་


JLD012_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྣམ་པ་ཅན་དུ་གྲུབ་ནས་མངལ་ནས་བཙས་པའི་སྐབས་དང་སྦྱོར་བ་ཡིན་ནོ། །དེ་ལ་ཞུ་ནས་ཐིག་ལེར་གྱུར་པ་ནི་ཆོས་སྐུའི་དོན་ཡིན་ལ། དེ་ནས་ལྷའི་རྣམ་པ་ཅན་དུ་ཤར་བ་ནི་གཟུགས་སྐུར་བཞེངས་པའི་དོན་ཡིན་ནོ། །གླུས་བསྐུལ་གྱི་ལྷ་མོ་བཞི་ནི་འབྲས་བུའི་དབང་དུ་བྱས་ནས་ཐབས་ཁྱད་པར་ཅན་ཚད་མེད་བཞི་མཚོན་པ་ཡིན་ལ། སྦྱང་གཞིའི་དབང་དུ་བྱས་ན་ཕུང་སོགས་གྲུབ་པར་བྱེད་པའི་རྒྱུ་འབྱུང་བཞི་མཚོན་པ་ཡིན་ནོ། །དེ་ནས་འབྲས་བུ་རྡོ་རྗེ་འཛིན་པ་གྲུབ་ནས་སྔར་དབང་པོ་ཐ་མལ་པའི་ཡུལ་ལ་ལོངས་སྤྱོད་པ་དེ། གཟུགས་རྡོ་རྗེ་མ་སོགས་ལ་ལོངས་སྤྱོད་པ་ནས་འཕྲིན་ལས་རྣམ་པ་བཞི་སྒྲུབ་པའི་བར་དུ་སྦྱར་རོ། །དཔེར་ན་རབ་བྱུང་བྱས་པའི་ཚེ་ང་ཡང་རབ་བྱུང་ངོ་སྙམ་པའི་བློ་སྐྱེ་བ་བཞིན་དུ་དེ་ལྟར་ཕྱག་མཚན་ལ་སོགས་ལས། ང་རྡོ་རྗེ་འཛིན་པར་གྱུར་པ་ཡིན་ནོ་སྙམ་པའི་ང་རྒྱལ་ཤུགས་དང་བཅས་པ་བསྒོམ་པར་བྱའོ། །ཞལ་ཕྱག་ལ་སོགས་པའི་སྣང་བ་ཁྱད་པར་ཅན་དུ་གྱུར་པ་ནི་རྡོ་རྗེ་འཛིན་པ་ཡིན་པའི་ང་རྒྱལ་འཇོག་རིགས་པའི་རྒྱུ་མཚན་ཡིན་ནོ། །དེ་ལྟ་བུའི་གནས་ལུས་ལོངས་སྤྱོད་ཁྱད་པར་ཅན་ལ་བསྐྱེད་རིམ་གྱི་སྒོ་ནས་ང་རྒྱལ་གོམས་པར་བྱས་པས། བླ་མ་སྔ་མ་རྣམས་ཐ་སྙད་མཛད་པའི་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུ་ལ་སྦྱོར་བ་ལྟར་ཐ་མལ་པའི་སྐྱེ་ཤི་བར་དོ་གསུམ་ཡོད་པའི་དོད་ལ། རྣལ་འབྱོར་པས་སྐུ་གསུམ་མངོན་དུ་བྱེད་པ་ཡིན་ནོ། །རྒྱུ་མཚན་དང་དགོས་པ་དེ་མཐོང་ནས་སྦྱང་གཞི་དང་ཆོས་མཐུན་སྦྱོར་བའི་འདྲ་ཆོས་ཞིབ་ཏུ་ངེས་པར་བྱ་ཡི། གཞན་དུ་འདྲ་སྒྲིག་པ་ཙམ་ལ་རེ་བས་ནི་ལམ་གྱི་གནད་གང་ཡང་མི་ཟིན་ཏོ། །འདི་ལྟ་བུའི་


JLD012_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་སྒྲུབ་ཚུལ་ནི། འཕགས་པ་ཡབ་སྲས་ཀྱི་གཞུང་རྣམས་ལས་རྒྱས་པར་འབྱུང་ཞིང་། གཞན་རྣམས་སུ་ཟུར་ཙམ་འབྱུང་བ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ཐུགས་ཀའི་ཟླ་བའི་སྔགས་ཞེས་སོགས་ཀྱིས་སྟོན་ཏེ། ཡབ་ཀྱི་ཐུགས་ཀའི་ས་བོན་ཕྱག་མཚན་དང་བཅས་པ་ལས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས་ཏེ་ཞུ་བ་ལས་ཡུམ་གྱི་པདྨར་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་ཧཱུཾ་ལས་གཞལ་ཡས་ཁང་དང་། ཆ་གཅིག་ཐིག་ལེ་ཆ་བཅུ་དགུར་གྱུར། དེ་ལས་རང་རང་གི་ས་བོན་དང་བཅས་པ་ལས་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། དེ་ནས་གཞལ་ཡས་ཁང་གི་དབུས་ནས་རིམ་པ་བཞིན་དུ་གསལ་གདབ་པ་ནི། ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲའི་ཡམ་ལ་འཁྱུད་ཅིང་། གཡས་འོག་མ་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་ན་པདྨ་དང་རིན་པོ་ཆེ་བསྣམས་པའོ། །གཞལ་ཡས་ཁང་ནང་མའི་ཤར་གྱི་ཟླ་བའི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་དཀར་སྔོན་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་འོག་མ་གཉིས་ན་པདྨ་དང་རིན་པོ་ཆེ། ལྷོར་སྭཱ་ལས་རིན་པོ་ཆེ་ཆ་དགུ་པ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་སེར་སྔོ་


JLD012_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྔར་དང་འདྲ་བ་ལ། གཡས་འོག་མ་གཉིས་ན་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་ན་པདྨ་དང་འཁོར་ལོ། ནུབ་ཀྱི་ལིང་ཚེ་ལ་ཨཱཿ ལས་པདྨ་ཨཱཿ ས་མཚན་པ་ལས་འོད་དཔག་མེད་དམར་པོ་དམར་སེར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྔར་དང་འདྲ་བ་ལ། གཡས་འོག་མ་གཉིས་ན་པདྨ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་རིན་པོ་ཆེ། བྱང་གི་ལིང་ཚེ་ལ་ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་དོན་ཡོད་གྲུབ་པ་ལྗང་གུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་སྔར་དང་འདྲ་བ་ལ། གཡས་འོག་མ་གཉིས་ན་རལ་གྲི་དང་འཁོར་ལོ། གཡོན་འོག་མ་གཉིས་ན་པདྨ་དང་རིན་པོ་ཆེ་བསྣམས་པ། ཐམས་ཅད་ཀྱང་ཐིག་ལེ་ལས་ཆོ་ག་སུམ་བསྐྱེད་དང་། རལ་བའི་ཅོད་པན་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མཛེས་པར་བསམ་མོ། །ཕྱི་མ་གསུམ་ཉི་མའི་གདན་ལ་གནས་པར་བསམ་ཞིང་། ཐམས་ཅད་ཀྱང་ཞལ་དབུས་ནས་གཡས་སུ་དེད་པའོ། །དེ་ལྷ་བཅུ་དགུ་པོ་ཐམས་ཅད་སྔ་རིམ་གྱིས་གསལ་བཏབ་ནས་དེས་འབྱིན་སྔགས་ཀྱིས་ཕྱིར་འབྱིན་པ་ནི་བཛྲ་དྷྲྀ་ག་གིས་མི་བསྐྱོད་པ་ཕྱིར་ཕྱུང་། མཛད་པ་བཅུ་གཉིས་དང་ཁྱད་པར་རྣམ་ཤེས་ཀྱི་ཕུང་པོ་དང་། སེམས་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། གཅིག་ཏུ་ལེགས་པར་བསྡུས་ནས་རང་ལ་སྐུ་གསུང་ཐུགས་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་འདྲེས་པར་བཞུགས་པར་བྱ་ཡི། འབྲས་བུ་རྡོ་རྗེ་འཛིན་པའི་ཁ་དོག་བསྒྱུར་མི་དགོས་སོ། །ཛི་ན་ཛིཀ་གིས་རྣམ་སྣང་ཕྱུང་སྟེ། ཕྱོགས་བཅུར་


JLD012_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ནས་སྤྱིའི་མཛད་པ་དང་། ཁྱད་པར་གཟུགས་ཕུང་དང་གཏི་མུག་སྦྱངས། གཞལ་ཡས་ཁང་ནང་མའི་ཤར་གྱི་ལིང་ཚེར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཁོད། རཏྣ་དྷྲྀ་ཀ་གིས་རིན་འབྱུང་ཕྱུང་། སྤྱི་དང་ཁྱད་པར་ཚོར་ཕུང་དང་། ང་རྒྱལ་དང་སེར་སྣ་སྦྱངས། གཅིག་ཏུ་འདུས་ནས་རང་གནས་སུ་འཁོད། ཨཱ་རོ་ལིཀ་གིས་འོད་དཔག་མེད་ཕྱུང་། སྤྱི་དང་ཁྱད་པར་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་སྦྱངས། གཅིག་ཏུ་འདུས་ནས་གདན་ལ་འཁོད། པྲཛྙཱ་དྷྲྀ་ཀ་གིས་དོན་གྲུབ་ཕྱུང་། སྤྱི་དང་ཁྱད་པར་འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་སྦྱངས། གཅིག་ཏུ་འདུས་གདན་ལ་འཁོད། མོ་ཧ་ར་ཏིས་སྤྱན་མ་སྐུ་མདོག་ཕྱག་མཚན་རྣམ་སྣང་དང་འདྲ་བ་ལ་གཡས་གཉིས་པས་འཁོར་ལོ་བསྣམས་པ་སྤྲོས། སྤྱི་དང་ཁྱད་པར་ས་ཁམས་སྦྱངས། སྙིང་རྗེ་དང་ཐབས་ཀྱི་ཕར་ཕྱིན་ལ་བཀོད། གཅིག་ཏུ་འདུས་ནས་མེ་མཚམས་ཀྱི་གདན་ལ་འཁོད། དྭེ་ཥ་ར་ཏིས་མཱ་མ་ཀཱི་ཞལ་ཕྱག་མི་བསྐྱོད་པ་དང་འདྲ་བ་ལ། གཡས་གཉིས་པས་ཨུཏྤལ་དམར་པོ་བསྣམས་པ་སྤྲོས། ཆུ་ཁམས་སྦྱངས། བྱམས་པ་དང་སྨོན་ལམ་གྱི་ཕར་ཕྱིན་ལ་བཀོད། གཞལ་ཡས་ཁང་ནང་མའི་བདེན་བྲལ་མཚམས་ཀྱི་གདན་ལ་འཁོད། རཱ་ག་ར་ཏིས་གོས་དཀར་མོ་སྐུ་མདོག་ཕྱག་མཚན་འོད་དཔག་མེད་དང་འདྲ་བ་ལ། ཁྱད་པར་གཡས་གཉིས་པས་པདྨ་བསྣམས་པ་སྤྲོས། མེ་ཁམས་སྦྱངས། དགའ་བ་དང་སྟོབས་ཀྱི་ཕར་ཕྱིན་ལ་བཀོད། གཅིག་ཏུ་


JLD012_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རླུང་མཚམས་ཀྱི་གདན་ལ་འཁོད། བཛྲ་ར་ཏིས་སྒྲོལ་མ་སྐུ་མདོག་ཕྱག་མཚན་རིན་འབྱུང་དང་འདྲ་བ་ལ་ཁྱད་པར་གཡས་ཐ་མས་ཨུཏྤལ་སེར་པོ་བསྣམས་པ་སྤྲོས། རླུང་ཁམས་སྦྱངས། བཏང་སྙོམས་དང་ཡེ་ཤེས་ཀྱི་ཕར་ཕྱིན་ལ་བཀོད། གཅིག་ཏུ་འདུས་ནས་དབང་ལྡན་མཚམས་ཀྱི་གདན་ལ་འཁོད། ལྷ་མོ་བཅུ་པོ་ཐམས་ཅད་རང་འདྲའི་ཐབས་ལ་འཁྱུད་པའོ། །རྡོ་རྗེ་མ་དྲུག་གི་འབྱིན་སྔགས་ནི། ༀ་ཨཱཿ ཧཱུཾ་ངོ་། །གཟུགས་རྡོ་རྗེ་མ་རྣམ་སྣང་འདྲ་བ་ལ་གཡས་གཉིས་པས་མེ་ལོང་བསྣམས་པ་སྤྲོས་ནས་གཟུགས་དང་སེར་སྣ་སྦྱངས་གཞལ་ཡས་ཁང་གི་ཕྱིའི་མེ་མཚམས་སུ་འཁོད། སྒྲ་རྡོ་རྗེ་མ་མི་བསྐྱོད་པ་འདྲ་བ་ལ་ཁྱད་པར་པི་ཝཾ་འཛིན་པ་སྤྲོས་ནས་སྒྲ་དང་ཚུལ་འཆལ་སྦྱངས། གཅིག་ཏུ་འདུས་པ་བདེན་བྲལ་མཚམས་སུ་འཁོད། དྲི་རྡོ་རྗེ་མ་རིན་འབྱུང་འདྲ་བ་ལ་ཁྱད་པར་དུ་དྲིའི་དུང་ཕོར་འཛིན་པ་སྤྲོས། དྲི་དང་ཁོང་ཁྲོ་སྦྱངས། གཅིག་ཏུ་འདུས་རླུང་མཚམས་སུ་འཁོད། རོ་རྡོ་རྗེ་མ་འོད་དཔག་མེད་འདྲ་བ་ལ་ཁྱད་པར་རོ་སྣོད་འཛིན་པ་སྤྲོས། རོ་དང་ལེ་ལོ་སྦྱངས། གཅིག་ཏུ་འདུས་པ་དབང་ལྡན་མཚམས་སུ་འཁོད། རེག་བྱ་རྡོ་རྗེ་མ་དོན་གྲུབ་འདྲ་བ་ལ་ཁྱད་པར་རྒྱ་དར་གྱི་གོས་འཛིན་པ་སྤྲོས། རེག་དང་རྣམ་གཡེང་སྦྱངས། གཅིག་ཏུ་འདུས། ཤར་སྒོའི་ནང་དུ་འཇུག་པའི་གཡས་ངོས་སུ་འཁོད། ཆོས་དབྱིངས་རྡོ་རྗེ་མ་རྡོར་སེམས་འདྲ་བ་ལ་ཁྱད་པར་ཆོས་འབྱུང་འཛིན་པ་སྤྲོས། ཤེས་རབ་འཆལ་བ་སྦྱངས། གཅིག་ཏུ་འདུས་པ་ཤར་སྒོའི་གཡོན་ངོས་ཀྱི་གདན་ལ་འཁོད། དེ་དག་གི་ཐབས་


JLD012_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིམ་པ་བཞིན་དུ། སའི་སྙིང་པོ་དང་། ཕྱག་རྡོར་དང་། ནམ་སྙིང་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་སེལ་དང་། ཀུན་ཏུ་བཟང་པོའོ། །ཡ་མཱནྟ་ཀྲྀ་ཏ་ཀྱིས་གཤིན་རྗེ་གཤེད་མཐར་བྱེད་ཐུགས་རྡོ་རྗེ་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་ཐོ་བ་བསྙམས་པ་སྤྲོས། མ་དད་པ་དང་ཕུང་པོའི་བདུད་སྦྱངས། གཅིག་ཏུ་འདུས་པ་ཤར་སྒོར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་འཁོད། པྲཛྙཱནྟ་ཀྲྀ་ཏ་ཀྱིས་ཤེས་རབ་མཐར་བྱེད་རྣམས་སྣང་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་དབྱུག་པ་འཛིན་པ་སྤྲོས། ལེ་ལོ་དང་ཉོན་མོངས་པའི་བདུད་སྦྱངས། གཅིག་ཏུ་འདུས་པ་ལྷོ་སྒོར་འཁོད། པདྨཱནྟ་ཀྲྀ་ཏ་ཀྱིས་པདྨ་མཐར་བྱེད་འོད་དཔག་མེད་དང་འདྲ་བ་ལ་ཁྱབ་པར་གཡས་གཉིས་པས་པདྨ་འཛིན་པ་སྤྲོས། བརྗེད་ངས་དང་འཆི་བདག་གི་བདུད་སྦྱངས། གཅིག་ཏུ་འདུས་པ་ནུབ་སྒོར་འཁོར། བིགྷྣཱནྟ་ཀྲྀ་ཏ་ཀྱིས་བདུད་རྩི་འཁྱིལ་བ་མི་བསྐྱོད་པ་དང་འདྲ་བ་ལ་ཁྱད་པར་གཡས་གཉིས་པས་རྡོ་རྗེ་རྒྱུ་བྲམ་བསྣམས་པ་སྤྲོས། རྣམ་གཡེང་དང་ལྷའི་བུའི་བདུད་སྦྱངས། གཅིག་ཏུ་འདུས་པ་བྱང་སྒོར་འཁོད། ཁྲོ་བོ་བཅུ་པོ་ཐམས་ཅད་འཇིགས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། དུས་མཐའི་སྤྲིན་གྱི་མདོག་ལྟར་བུ་འཕྲོ་བ་དྲག་པོའི་རིགས་དཔག་ཏུ་མེད་པ་འཕྲོ་ཞིང་། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། གསུས་པ་འཕྱང་བ། སྤྱན་དམར་ཞིང་ཟླུམ་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་རྒྱལ་མཐའ་ཡས་སྔོན་


JLD012_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབུ་རྒྱན། འཇོག་པོ་དམར་པོའི་སྙན་ཆ། པདྨ་དཀར་པོ་ཆེན་པོའི་དོ་ཤལ། སྟོབས་རྒྱུ་ལྗང་གུའི་མཆོད་ཕྱིར་ཐོགས། རིགས་ལྡན་ཁྲ་བོའི་དཔུང་རྒྱན། དུང་སྐྱོང་སེར་པོའི་ལག་གདུབ། ནོར་རྒྱས་དཀར་སེར་གྱི་སྐ་རགས། པདྨ་དཀར་པོའི་རྐང་གདུབ་བྱས་པ། ཞལ་མཆེ་བ་གཙིགས་པ། ལྗགས་བསྐྱོད་ཅིང་འཇིགས་སུ་རུང་བའོ། །རྩ་ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཤེས་རབ་རིམ་པ་བཞིན་དུ་རོ་ལངས་མ་དང་། གཞན་གྱིས་མི་ཐུབ་མ་དང་། ཁྲོ་གཉེར་མ་དང་། རལ་གཅིག་མ་རྣམས་ལ་འཁྱུད་པའོ། །དེ་ནས་ཡི་གེ་གསུམ་གྱིས་གཞལ་ཡས་ཁང་ཕྱུང་། ཕྱོགས་བཅུར་སྤྲོས་སྣོད་ཀྱི་ཉེས་སྐྱོན་སྦྱངས། ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་གཅིག་ཏུ་འདྲེས་ནས་སྔར་གྱི་དམ་ཚིག་པའི་གཞལ་ཡས་ཁང་ལ་ཐིམ་པར་བསམ་མོ། །དེ་ལྟར་ཡོངས་སུ་རྫོགས་པའི་ཞེས་སོགས་ཏེ། སྔར་བསྐྱེད་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་ཁ་དོག་དང་། ཞལ་ཕྱག་ལ་སོགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་ཡིད་ཀྱིས་བལྟས་ནས་ཡེ་ཤེས་སེམས་དཔའི་སྙིང་པོ་ལས་སྤྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་རྣམས་རང་གནས་ནས་སྤྱན་དྲངས་ནས་མདུན་དུ་བཞུགས་པར་བསྒོམ་པར་བྱའོ། །ཡེ་ཤེས་པ་དེ་ཉིད་ཐབས་དང་ཤེས་རབ་ཏུ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་ཆེན་པོས་གང་བར་བསམ་མོ། །དེ་ནས་རང་གི་ཐུགས་ཀ་ནས་སྤྲོས་པའི་གཤིན་རྗེ་མཐར་བྱེད་ལ་སོགས་པས་ཡེ་ཤེས་པར་མོས་པའི་ཕྱིར་འབྲང་གི་བགེགས་ཚར་བཅད་


JLD012_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། སླར་ཡང་བསྲུང་བར་བྱས་ལ་ཡེ་ཤེས་སེམས་དཔའི་རང་གི་སྙིང་པོ་བཟླས་པའི་མཆོད་ཡོན་གྱིས་མཆོད་དེ། དེ་ནས་ཛཿ དམར་པོ་ལས་འཕྲོས་པའི་འོད་ཟེར་དམར་པོས་ཉེ་བར་སྤྱན་དྲངས། ཧཱུཾ་ནག་པོ་ལས་འཕྲོས་པའི་འོད་ཟེར་ནག་པོས་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་ལ་དམ་ཚིག་པ་བཅུག །བཾ་སེར་པོ་ལས་འཕྲོས་པའི་འོད་ཟེར་སེར་པོས་དབྱེར་མེད་དུ་འདྲེས་པར་བསམ། ཧོཿ དཀར་པོ་ལས་བྱུང་བའི་འོད་ཟེར་དཀར་པོས་དབང་དུ་བྱས་པར་བསམ་པ་ནི། བསྙེན་པའི་ཡན་ལག་ཆེན་པོའོ། །དེ་ནས་སྔར་ལྟར་སེམས་དཔའ་དྲུག་གིས་འཁོར་ཐམས་ཅད་ཀྱི་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་ཉེ་སྒྲུབ་ཆེན་པོའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་ཙམ་ངག་ཏུ་བརྗོད་ནས། ཡེ་ཤེས་གསུམ་གྱིས་བྱིན་གྱིས་བརླབ་པ་ནི་སྒྲུབ་པའི་ཡན་ལག་ཆེན་པོའོ། །དེ་ནས་རང་ལ་བྱས་པ་ལྟར་དུ་དབང་བསྐུར་ཞིང་ཞེས་ཏེ་དབང་ལྷ་སྤྱན་དྲངས་མཆོད་བསྟོད་སོགས་བྱས་དབང་བསྐུར་བས་དེ་བཞིན་གཤེགས་པ་བཞི་ལ་མི་བསྐྱོད་པ། སྤྱན་མ་གཟུགས་རྡོ་རྗེ་མ་གཤིན་རྗེ་གཤེད་རྣམས་ལ་རྣམ་སྣང་དང་། མཱ་མ་ཀཱི་སྒྲ་རྡོ་རྗེ་མ་ཆོས་དབྱིངས་རྡོ་རྗེ་མ་ཤེས་རབ་མཐར་བྱེད་ལ་མི་བསྐྱོད་པ་དང་། གོས་དཀར་མོ་དྲི་རྡོ་རྗེ་མ། པདྨ་མཐར་བྱེད་ལ་འོད་དཔག་མེད། སྒྲོལ་མ་རོ་རྡོ་རྗེ་མ་རེག་བྱ་རྡོ་རྗེ་མ། བགེགས་མཐར་བྱེད་ལ་དོན་ཡོད་གྲུབ་པས་རྒྱས་གདབ་པ་ནི་སྒྲུབ་པའི་ཡན་ལག་ཆེན་པོའོ། །དེ་དག་ནི་འབྲས་བུ་བཞིའང་ཆེན་པོའོ། །དངོས་པོ་ཐམས་ཅད་


JLD012_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དཔལ་འབྲས་རྡོ་རྗེས་བསྙེན་སྒྲུབ་ཡན་ལག་བཞི་ག་ཚང་བ་ལ་སྦྱར་བ་མ་ཡིན་ཏེ། ད་དུང་བསྙེན་པའི་ཡན་ལག་མ་རྫོགས་པའི་ཕྱིར་རོ། །དེ་ནས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ལས་མཆོད་པ་ནི། ཆོ་ག་ཡིས་ཞེས་སོགས་ཏེ། སྤྱིར་མཆོད་པ་ལ་བསང་བ་དང་སྦྱང་བ་དང་བསྐྱེད་པ་དང་། བྱིན་གྱིས་རློབ་པ་བཞིའི་སྒོ་ནས་འབྱུང་ལ། འདིར་ནི་ཡེ་ཤེས་སེམས་དཔའ་རང་གི་ས་བོན་གྱིས་གཟུགས་སོགས་ཡུལ་ཐམས་ཅད་དྲངས་ཤིང་བཀུག་ནས་རང་གི་ཞལ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨའི་ནང་དུ་ཡང་དག་པའི་བྱང་ཆུབ་ཀྱི་ཡིད་དེ། སེམས་ཀྱི་རང་བཞིན་དུ་ཞུ་ནས་དེ་ཉིད་འོད་ཀྱི་དཀྱིལ་འཁོར་གྱི་ཚོགས་སུ་གྱུར་པར་བསྒོམ་མོ། །དེ་ནས་ཡུམ་ཤེས་རབ་མའི་བ་སྤུའི་སྒོ་རེ་རེ་ནས་འོད་ཟེར་སྣ་ཚོགས་པ་ནམ་མཁའ་མ་ལུས་པ་ཁྱབ་པ་སྤྲོས་ནས་འོད་ཀྱི་སྒོ་དེ་རྣམས་ལས་ལྷ་མོ་དེ་དག་ངེས་པར་ཕྱུང་ཞིང་སྤྲོ་བར་བྱའོ། །ཇི་ལྟ་བུ་ཞེ་ན། རིན་པོ་ཆེའི་རྒྱན་གྱིས་ལེགས་པར་བརྒྱན་པའི་རྡོ་རྗེ་མ་དྲུག་རང་གི་ཐུན་མོང་མིན་པའི་ཕྱག་མཚན་གྱིས་མཚན་པ་སྒེག་པའི་རྣམ་པ་ཅན་ནམ་མཁའ་ཁྱབ་པར་སྤྲོ་བར་བྱའོ། །ལྷ་མོ་དེ་དག་རང་བཞིན་མེད་བཞིན་དུ་རྣམ་པ་དེར་སྣང་བའི་སྒྱུ་མ་ལྟ་བུ་དྲན་པར་བྱ་ཞིང་། འཇིག་རྟེན་པའི་ལྟ་བ་མཆོད་པའི་ཚུལ་ལ་མཁས་པའི་ལྷ་མོ་རྟོག་པ་ཀུན་ནས་གྲོལ་བ་ཟག་པ་མེད་པའི་བདེ་བ་བསྐྱེད་པའི་རྒྱུར་གྱུར་པ་འདོད་ཡོན་ལྔ་དང་ཉེར་སྤྱོད་ལ་སོགས་པས་རྒྱལ་བའི་དབང་པོ་ལེགས་པར་མཆོད་དོ། །དེའི་ཚེ་རྣལ་འབྱོར་པ་རང་གི་མཆོད་བྱ་མཆོད་བྱེད་མཆོད་པ་གསུམ་ཐ་དད་དུ་རྣམ་པར་རྟོག་པ་


JLD012_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་བར་བྱའོ། །དེ་ལ་ང་རྒྱལ་བཞག་པ་ནི་ༀ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྡོ་རྗེའི་རང་བཞིན་ང་ཡིན་ནོ་ཞེས་པའོ། །མཆོད་ལྷ་རང་རང་གི་ས་བོན་ལས་ཡུམ་གྱི་མངལ་དུ་བསྐྱེད་པ་ནི་རྩ་བའི་དགོངས་པ་མིན་ནོ། །གཉིས་པ་བསྟོད་པ་ནི་སྒྲའི་ཡུལ་རྣམས་ཞེས་སོགས་ཏེ། མཆོད་པ་ཕུལ་བའི་རྗེས་དེ་ལ་སྒྲ་ཐམས་ཅད་སྟོང་པའི་ངོ་བོ་དང་སྣང་ལ་རང་བཞིན་མེད་པ་བྲག་ཆ་དང་འདྲ་བར་རྟོགས་ལ་རང་ཉིད་ལྷག་པའི་ལྷ་དཀྱིལ་འཁོར་དུ་གནས་པ་ལ། ཐུགས་ཀའི་མཾ་ཡིག་ལས་སྤྲོས་པའི་རིགས་ལྔས་བསྟོད་པ་བྱེད་པར་བསམ་པར་བྱའོ། །མི་བསྐྱོད་པའི་སྒོ་ནས་བསྟོད་པ་ནི་བདུད་དང་ཉོན་མོངས་པས་བསྐུལ་མི་ནུས་པས་མི་བསྐྱོད་པ། མི་ཕྱེད་པས་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེ་དབྱིངས་ཏེ་རིགས་ཡེ་ཤེས་ཆེན་པོ་དང་ལྡན་པ་སྐུ་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་དབྱེར་མེད་པ་སྟོན་པའི་གསང་བའི་དབྱངས་ལ་ཕྱག་འཚལ་ལོ། ཞེས་པའོ། །རྣམ་སྣང་གི་སྒོ་ནས་བསྟོད་པ་ནི། དྲི་མ་དག་ཅིང་ཡུལ་རྣམས་སྣང་བར་མཛད་པའི་མེ་ལོང་ལྟ་བུའི་ཡེ་ཤེས། ཉེར་འཚེ་ཞི་བ་དང་ཞི་བའི་ལས་སྒྲུབ་པ་ལ་མངའ་བརྙེས་པ་རང་བཞིན་འོད་གསལ་སྟོན་པ་ཞེས་སོ། །རིན་འབྱུང་གི་སྒོ་ནས་བསྟོད་པ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དོན་ཕུན་སུམ་ཚོགས་པས་རྒྱལ་བ་ཤིན་ཏུ་ཟབ་མོ་རྡོ་རྗེ་མཁའ་འདྲ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། དགེ་བ་ནི་རང་བཞིན་རྣམ་དག་དང་གོས་པ་མེད་པས་གློ་བུར་རྣམ་དག་གོ །འོད་


JLD012_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཀྱི་སྒོ་ནས་བསྟོད་པ་ནི། རྡོ་རྗེ་མི་འཆི་བ་ནི་ཚེ་དཔག་མེད་དོ། །ཚོགས་གཉིས་ཀྱི་དཔལ་དང་ལྡན་པའི་རྒྱལ་པོ་གཟུང་འཛིན་དུ་མི་རྟོག་པ་དང་། ནམ་མཁའ་རྡོ་རྗེ་འཛིན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འདོད་ཆགས་རྣམ་པར་དག་པ་བརྙེས་པ་ནི་འདོད་ཆགས་ཕར་ཕྱིན་ནོ། །དོན་གྲུབ་ཀྱི་སྒོ་ནས་བསྟོད་པ་ནི། ངེས་པར་འབྲས་བུ་དང་བཅས་པས་དོན་ཡོད་རྡོ་རྗེ་བསམ་པ་ཐམས་ཅད་རྫོགས་པར་མཛད་པ་ནི། བྱ་སྒྲུབ་ཡེ་ཤེས་ཏེ་དེ་ཉིད་རང་བཞིན་འོད་གསལ་ལས་བྱུང་བའོ། །དངོས་སུ་རིགས་ལྔ་དང་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་ལས་མ་གསུངས་ཀྱང་འཁོར་གྱི་ལྷ་ཐམས་ཅད་གཙོ་བོའི་ཆ་ཤས་སུ་དྲན་པར་བྱས་ན་ཀུན་ལ་བསྟོད་པར་འགྱུར་བས་སོ། །གསུམ་པ་བདུད་རྩི་མྱང་བ་ནི་འབར་བའི་ཞེས་སོགས་ཏེ། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཟླ་བ་ལ་གནས་པའི་དབུས་ནས་གཡས་སྐོར་དུ། དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་དཀར་པོ་ཤ་ཆེན་རིགས་ལྔའི་ས་བོན་གྱིས་མཚན་པ་བསམས་ལ། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ་བ་ལ། ཡི་གེ་གསུམ་བཟླས་པའི་ཐུབ་པའི་དབང་པོ་དཔག་ཏུ་མེད་པ་སྤྱན་དྲངས་ནས་དེའི་ནང་དུ་ཆུད་ཅིང་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར། དེ་ནས་རང་གི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་


JLD012_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མ་སྦུ་གུ་ཅན་ལས་འོད་ཟེར་འཕྲོས་ནས་མྱངས་པས་སྙིང་གར་ཟླ་བའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་བསྐྱེད་ལ་ཚིམ་པར་བསམ་པར་བྱའོ། །སྤྱིར་གཏོར་མའི་བསྐྱེད་ཆོག་ལ་སྣོད་གང་ཡིན་ཐོད་ཕོར་དུ་བསྐྱེད། ནང་གི་རྫས་གང་ཡིན་ཤ་ལྔ་བདུད་རྩི་ལྔར་བསྐྱེད་པ་ཡིན་ཏེ། དེ་ལ་ཤ་ལྔ་རྐྱང་པ་བསྐྱེད་པ་དང་། བདུད་རྩི་ལྔ་རྐྱང་པ་དང་། གཉིས་ཀ་ཚད་མ་དང་བསྐྱེད་ཚུལ་དུ་མ་བྱུང་བ་ལ་འདིར་ནི་སྨན་ཞབས་ཀྱིས་བདུད་རྩི་ལྔ་བསྐྱེད་ནས་ལྔ་པ་ཤ་ཆེན་དུ་མཛོད་དོ། །བསྐྱེད་པའི་གནས་ནི་ཕྱོགས་མཚམས་བརྒྱད་དང་དབུས་ཡིན་ལ། དབུས་སུ་ཤ་ལྔ་དང་བདུད་རྩི་ལྔ་སོ་སོར་བསྐྱེད་པ་དང་། ཐུན་མོང་དུ་བསྐྱེད་པའི་ལུགས་གཉིས་འབྱུང་ངོ་། །ཤ་ཕྱོགས་དང་བདུད་རྩི་མཚམས་སུ་བསྐྱེད་པ་བཤད་པ་མང་ལ། དེ་ལས་ལྡོག་པའང་བཤད་ཅིང་། ཕྱོགས་རྐྱང་པར་གཉིས་ཀ་བརྩེགས་ནས་བསྐྱེད་པའང་བཤད་དོ། །བསྐྱེད་པའི་རྒྱུ་མཚན་ནི་ཤ་རིགས་ལྔའི་ས་བོན་དང་བདུད་རྩི་ཡུམ་བཞིའི་ས་བོན་ལས་བསྐྱེད་པ་དང་། དེ་ལས་ལྡོག་པ་དང་མིང་ཡིག་དང་པོ་ལས་བསྐྱེད་པའང་བཤད་ལ། དེ་ཉིད་ལས་བསྐྱེད་ན་རིགས་ལྔ་དང་ཡུམ་གྱི་ས་བོན་གྱིས་མཚན་པར་རིགས་ཀྱི། སྔ་མས་མཚན་པར་མི་རིགས་སོ། །རིགས་ལྔ་དང་ཡུམ་བཞིའི་ས་བོན་ལས་བསྐྱེད་ན་མིང་ཡིག་དང་པོ་ལས་མཚན་པའང་རུང་ལ། དྲི་རོ་རེག་བྱའི་སྐྱོན་དག་བྱེད་ཀྱི་ཡི་གེ་བསྐྱེད་ཚུལ་སོགས་ཀྱང་དུ་མ་བཤད་དོ། །གསུམ་པ་ལས་རྒྱལ་མཆོག་


JLD012_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ལ་མདོར་བསྟན་དང་། སྟོང་ཉིད་སྒོམ་ཚུལ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་སྙིང་པོའི་འོད་ཟེར་ཞེས་ཏེ། རང་གི་སྙིང་གའི་ས་བོན་མཾ་ཡིག་དམར་སེར་གྱི་འོད་ཟེར་ལས་ཐུབ་པའི་ཚོགས་དཔག་ཏུ་མེད་པ་སྤྲུལ་འགྲོ་བ་མ་ལུས་པ་ཉེས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་གསལ་བར་མོས་ནས་སངས་རྒྱས་ལ་བཀོད། སླར་བསྡུས་ནས་རང་གི་སྙིང་གའི་ས་བོན་གྱི་ནང་དུ་ཚུད་པར་བསམས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ །སྤྱིར་བསྐྱེད་རིམ་བསྒྲུབ་པ་ལ་གསལ་ཆ་དང་། གནས་ཆ་སྒྲུབ་ཚུལ་གཉིས་ལས། སྔ་མ་ནི་སྔར་བཤད་པའི་ལྷའི་འཁོར་ལོ་ཡང་དང་ཡང་དུ་བསྒོམས་པ་ལས་ཡིན་ལ། ཕྱི་མ་ནི་ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་གྱིས་བསྒྲུབ་པ་ཡིན་ནོ། །གཉིས་པ་གཟུང་འཛིན་རྫས་ཐ་དད་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་དང་། དེ་སྒྲུབ་པའི་དོན་ནོ། །དང་པོ་ནི་གཟུགས་ལ་སོགས་པ་ཞེས་ཏེ། གཟུགས་སོགས་ནི་མངོན་སུམ་གྱི་གཟུང་དོན་མ་ཡིན་ཏེ། མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་པའི་ནུས་པ་མེད་པའི་ཕྱིར། དེས་ན་འཛིན་པ་དེའང་མངོན་སུམ་ལ་འཁྲུལ་བར་མི་རུང་སྟེ། དེ་ལྟར་ཚད་མ་གང་གིས་ཀྱང་མཐོང་བར་མི་ནུས་པའི་ཕྱིར། དེས་ན་འཛིན་པ་མ་འཁྲུལ་པ་དང་། གཟུང་བ་ཕྱི་རོལ་གྱིས་བསྡུས་པ་རྣམས་ཀྱང་ཅུང་ཟད་མེད་དོ། །རྗེས་དཔག་གིས་མི་འགྲུབ་པ་ནི། འབྲས་བུ་རྣམས་སེམས་ལྡོག་པའི་རྟགས་ལས་ཀྱང་ཕྱི་རོལ་གྱི་དོན་ཡོད་པར་མི་འགྲུབ་སྟེ། ཕྱི་རོལ་དོན་དང་ཤེས་པ་བདག་གཅིག་དང་དེ་བྱུང་གི་འབྲེལ་


JLD012_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དུའང་མཐོང་བ་མེད་པའི་ཕྱིར། བདེ་བ་ལ་སོགས་པས་ཀྱང་ཕྱི་རོལ་ཡོངས་སུ་འཛིན་པ་མ་ཡིན་ཏེ། གཟུགས་སོགས་དང་ཤེས་པ་དུས་ཅིག་ཅར་དུ་མངོན་སུམ་གྱིས་གསལ་བར་ཤེས་པའི་ཕྱིར། ཚོགས་པ་གཅིག་པའི་གཟུགས་སོགས་བཞིན། རིགས་པ་དེས་ཤེས་པ་ལ་བལྟོས་པའི་འཛིན་པ་པོ་མ་འཁྲུལ་བ་མེད་དོ། །གཉིས་པ་ནི་དཀར་ལ་སོགས་ཏེ། དཀར་སོགས་སྣང་བའི་ཤེས་པའི་རྒྱུན་ཡང་གཅིག་ཏུ་བདེན་པ་མ་ཡིན་ཏེ། སྔར་མཐོང་བའི་དཀར་སོགས་དེ་ཉིད་ཕྱིས་དུས་གཞན་དུ་མཐོང་བར་མ་གྱུར་པའི་ཕྱིར་ཏེ། གཞི་གཅིག་ལ་སྔར་ཡོད་པ་དེ་ཉིད་ཕྱིས་ཡོད་པ་འགལ་བའི་ཕྱིར་རོ། །དཔེར་ན་བདེ་སྡུག་དང་མཚུངས་སོ། །གཟུགས་ལ་སོགས་པ་ནི་རགས་པ་ཡན་ལག་ཅན་གཅིག་ཏུ་བདེན་པ་མ་ཡིན་ཏེ། ཐོག་མཐའ་དེ་སྟེང་འོག་བར་གསུམ་གྱི་ཆ་དུ་མ་དང་བཅས་པར་མངོན་སུམ་ལ་སྣང་བའི་ཕྱིར། རྡུལ་ཕྲན་ཆ་མེད་དུ་མ་བསགས་པའི་རྒྱུན་ཡང་བདེན་པར་མ་གྲུབ་སྟེ། ཆ་བཅས་ཁོ་ནར་སྣང་གི་ཕྲ་རབ་རྣམས་མངོན་སུམ་ལ་སྣང་བ་མ་ཡིན་པའི་ཕྱིར། རྡུལ་ཕྲན་ཆ་མེད་མི་སྲིད་པར་ཐལ། ཕྲ་རབ་དུ་མ་འདུས་པའི་ཕྱོགས་གཅིག་གིས་ཕྲད་ན་ཆ་བཅས་སུ་འགྱུར་ལ། ཆ་ཐམས་ཅད་ཀྱིས་ཕྲད་ན་རྡུལ་ཐམས་ཅད་གོ་ས་གཅིག་ཏུ་ཐིམ་པས་སའི་དཀྱིལ་འཁོར་ལ་སོགས་པའི་རྡུལ་ཕྲན་བསགས་པ་འགའ་ཡང་མེད་དོ། །གསུམ་པ་ནི་དེ་ལས་ཏེ། གཟུང་འཛིན་བདེན་པ་དང་བྲལ་བ་དྲི་ཟའི་གྲོང་ཁྱེར་དང་མཚུངས་པ་ཡིན་ལ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་དུ་ཤར་བར་བསྒོམས་པར་བྱའོ། །སྐབས་


JLD012_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྟོང་ཉིད་སྟོན་པའི་རྒྱུ་མཚན་ལ། དཔལ་འབྲས་རྡོ་རྗེས་སྤྱིར་སྟོན་པ་མ་གཏོགས་གོང་འོག་དང་འབྲེལ་ཚུལ་མི་འཆད་ལ། ཐ་ག་ནའི་བཞེད་པ་ནི། སྔར་ཐེག་ཆེན་པའི་རྣལ་འབྱོར་མདོར་བསྟན་དུ་བཤད་པ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་སུ་བཀོད་པ་ཡི་གེ་གཅིག་གི་ནང་དུ་ཆུད་པར་མི་རིགས་ཏེ། གཟུགས་བརྙན་རྒྱ་ཆེ་བ་ཆུང་བའི་ནང་དུ་ཆུད་པར་མི་རིགས་སོ་སྙམ་དུ་དོགས་པ་ལ། ཕྱི་རོལ་དོན་གྱིས་སྟོང་པའི་སེམས་ཀྱི་སྣང་བ་ཙམ་དུ་ཟད་པས་འགལ་བ་མེད་པའི་ལན་དུ་འཆད་ལ། འོག་ནས་འཆད་པའི་ལྷའི་རྣམ་དག་འཆད་པ་ལ་འབྲེལ་བར་བྱས་ཀྱང་མི་རུང་བ་མེད་དོ། །སྤྱིར་བསྐྱེད་རིམ་སྒོམ་པའི་སྐབས་སུ་སྟོང་ཉིད་སྒོམ་པའི་ཚུལ་ལེགས་པར་མ་ཤེས་ན། ལམ་འདི་སྲིད་པའི་དངོས་ཀྱི་གཉེན་པོ་སྒོམ་པ་མིན་པར་འགྱུར་རོ། །འཁོར་འདས་ཀྱི་རྣམ་དབྱེ་མི་འཐད་པའི་རྩོད་པ་སྤང་པ་ནི། བདག་དང་བདག་གི་ཞེས་པ་ནས་དེས་ན་རྣམ་པར་དབྱེ་བ་ཐམས་ཅད་མིན་ཞེས་པའི་བར་རོ། །གཟུང་འཛིན་བདེན་པ་བ་མེད་ན་འཁོར་བ་དང་མྱ་ངན་ལས་འདས་པའི་དབྱེ་བ་མི་འཐད་པར་འགྱུར་རོ་ཞེ་ན། བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་འབྲས་བུ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་དེ་དག་དགག་ཅིང་བྲལ་བ་ནི་མྱ་ངན་ལས་འདས་པར་ཤེས་པར་བྱའོ། །དོན་དམ་པར་ན་སྲིད་པ་དང་ཞི་བ་ལ་དབྱེ་བ་ཅུང་ཟད་མེད་དེ་རྒྱུ་མཚན་གང་གི་ཕྱིར་ན་གཟུང་འཛིན་བདེན་པ་བ་དང་རྟག་ཏུ་བྲལ་བར་འགྲུབ་པའི་ཕྱིར་རོ། །དེས་ན་སེམས་ལ་རབ་ཏུ་བརྟགས་པ་ཡིན་ཏེ། སེམས་ལས་གཞན་པའི་བདག་ཏུ་


JLD012_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་གཞི་མེད་པའི་ཕྱིར་ཏེ། དོན་དུ་སྣང་བའི་ཀུན་རྟོག་ལས་ལོགས་སུ་ཕྱི་རོལ་གཅིག་ཀྱང་མེད་པའི་ཕྱིར་རོ། །དེས་ན་གང་ཞིག་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་སོགས་སོ་སོར་ཞུགས་ཤིང་སྣང་བ་དེ་ཉིད་རང་བཞིན་མཐའ་དག་སྟོང་པ་ལ་སོགས་པར་རྟོགས་པ་རྣམས་ཀྱིས་གཟིགས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །དེ་བས་ན་བསྐྱེད་ངོར་གཅིག་ཏུ་རྟོགས་པའི་བློས་དོན་དམ་དུ་ཁྱད་པར་འགའ་ཡང་མེད་པར་བརྟག་པར་བྱ་སྟེ། ཡུལ་དུ་སྣང་བ་ཀུན་རྟོག་པའི་གནས་སུ་གྱུར་པ་རྣམས་གཟུང་འཛིན་བདེན་པ་བར་སྦྱོར་བ་དང་བྲལ་བས་དོན་དམ་པར་དབྱེ་བ་ཐམས་ཅད་མེད་དོ། །དག་པ་དྲན་པ་ནི། དད་དང་ཞེས་སོགས་ཏེ། དད་པ་ལ་སོགས་པའི་སྟོབས་དང་པོ་བཞི། རྣམ་པར་དག་པ་ནི་གོ་རིམས་བཞིན་དུ་གཤིན་རྗེ་གཤེད་མཐར་བྱེད་ལ་སོགས་པའི་སྒོ་བ་བཞི་ཡིན་ལ། གཟུགས་ལ་སོགས་པའི་ཡུལ་དུ་སྣང་བ་དྲུག་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཤེས་རབ་མ་དྲུག་གི་རྣམ་དག་ཡིན་ལ། མཚན་མ་མེད་པ་སྟོང་པ་ལ་སོགས་པའི་ཁམས་བཞི་དང་། ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕར་ཕྱིན་རྣམ་པར་དག་པ་རྣམས་ནི་རིམ་པ་བཞིན་དུ་སྤྱན་མ་སོགས་བཞི་ཡིན་ལ། མིག་ལ་སོགས་པའི་དབང་པོས་བསྡུས་པ་སེམས་ཅན་དུ་སྣང་བ་དང་། གཟུགས་སོགས་དོན་དུ་སྣང་བའི་ཀུན་གཞིའི་གཟུང་ཆས་བསྡུས་པ། དྲི་མ་མེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དོན་ནོ། །བདག་ཏུ་སྣང་བ་ཉོན་ཡིད་རྣམ་པར་དག་པ་ནི་མཉམ་ཉིད་ཡེ་ཤེས་ཏེ། དེ་གཉིས་


JLD012_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིམ་པ་བཞིན་དུ་རྣམ་སྣང་དང་རིན་འབྱུང་དང་། དྲུག་པ་ཡིད་ཀྱི་རྣམ་རྟོག་རྣམ་པར་དག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། འོད་དཔག་མེད་དང་། འཇུག་ཤེས་ལྔ་དག་པ་ནི་བྱ་སྒྲུབ་ཡེ་ཤེས་ཏེ། དོན་གྲུབ་བོ། །དེ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ་མི་བསྐྱོད་པའོ། །གཟུགས་ལ་སོགས་པའི་ཟག་བཅས་ཀྱི་ཕུང་པོ་ལ་འཁྲུལ་པ་དང་བྲལ་བ་ནི་སངས་རྒྱས་ཀྱི་ཟག་པ་མེད་པའི་ཕུང་པོར་འགྱུར་ལ། སེར་སྣ་ལ་སོགས་རྣམ་པར་དག་པ་ནི། དཀར་ཆོས་ཀྱི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུའོ། །རྣམ་རྟོག་མེད་བཞིན་དུ་དོན་གཉིས་འབྱུང་བའི་རྒྱུར་གྱུར་པའི་ཤེས་རབ་དང་ཐབས་ཀྱིས་བསྡུས་པའི་ཟབ་པ་ལ་དམིགས་པ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་དང་། རྒྱ་ཆེ་བ་དཀྱིལ་འཁོར་ཀྱི་འཁོར་ལོ་བསྡུས་པ་ཡེ་ཤེས་ཀྱི་སྣང་བ་ཙམ་ཡིན་ལ། དམ་པའི་དོན་དུ་གཅིག་ཐ་དད་ཀྱི་དབྱེ་བ་ཅུང་ཟད་ཀྱང་མི་འདོད་དེ། གཟུང་འཛིན་བདེན་པ་བ་ལས་བཟློག་པའི་ཕྱིར་དང་། བྱེ་བྲག་སྣ་ཚོགས་སུ་དབྱེར་མེད་པའི་ཕྱིར་རོ། །གསུམ་པ་རྒྱས་པར་བཤད་པ་ནི། དེས་ན་སློབ་དཔོན་ཤཱནྟི་པས་བཤད་པ་ལྟར། ལྷ་བསྒོམ་གྱི་ལྷའི་དེ་ཁོ་ན་ཉིད་མི་སྒོམ་ན། ལམ་དེ་སྲིད་པའི་གཉེན་པོ་མ་ཡིན་པར་འགྱུར་བ་དང་། ཕྱི་མ་བསྒོམ་གྱི་སྔ་མ་མི་སྒོམ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་མི་འགྱུར་བས་སེམས་དང་པོའི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དེ་ཉིད་གཟུང་ཆ་ལྷའི་འཁོར་ལོའི་རྣམ་པ་ཅན་དུ་ཤར་བར་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་བདེན་པ་མེད་པར་


JLD012_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རལ་གྲིའི་ཆང་ཟུངས་ལ། ཟླ་བ་ལ་གནས་པའི་མཾ་ཡིག་དེ་ཉིད་ཐིག་ལེ་ཡུངས་འབྲུའི་ཚད་ཙམ་འོད་ཟེར་སྣ་ཚོགས་འཕྲོ་བ་རིམ་གྱིས་སྤྲོས་ཏེ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་གནས་དང་བཅས་པ་གསལ་བར་བྱས་ནས། སླར་ཡང་ཐིག་ལེ་ཉིད་ལ་ཐིམ་པར་གྱུར་པ་ལ་སེམས་གཟུང་ཞིང་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་བསམ་པར་བྱའོ། །དེ་ནས་ཡང་འོད་འཕྲོས་ནས་རང་དམ་ཚིག་པ་དང་བཅས་པའི་གནས་རྟེན་བརྟེན་པ་དང་བཅས་པ་གསལ་བར་བྱས་ནས། དེ་ནས་བ་སྤུའི་བུ་ག་རེ་རེ་ནས་འོད་ཟེར་སྤྲོས་ནས་ནམ་མཁའ་ཐམས་ཅད་ཁྱབ་པར་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད་སླར་ཡང་ཐིག་ལེ་ལ་བསྡུས་ནས་སེམས་གཟུང་བར་བྱའོ། །ཕྱག་མཚན་ཕྲ་མོ་སྒོམ་པ་ནི། ཡང་ན་རང་གི་མཚན་པ་ཞེས་སོགས་ཏེ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སངས་རྒྱས་རྣམས་སྤྱན་དྲངས། རང་གི་ཞལ་དུ་ཞུགས་ནས་ཞུ་བ་ཡུམ་གྱི་གསང་བའི་སྣ་རྩེར་ཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར་པའི་ནང་དུ་ཆོས་འབྱུང་ཡན་ཆད་ཀྱི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་བསྙེན་སྒྲུབ་ཡན་ལག་བཞི་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་སྒོ་ནས་བསྐྱེད་པར་བྱའོ། །རྒྱུ་རྡོ་རྗེ་འཛིན་པའི་སྐབས་སུ་སྤྲོ་བསྡུ་གཞན་མི་དགོས་ལ། ནམ་མཁའི་བར་སྲིད་ཡབ་ཀྱི་ཞལ་ནས་ཞུགས་པའི་ཡབ་ཡུམ་ཞུ་བའི་ཐིག་ལེ་གཉིས་སུ་གྱུར། དེ་གཙོ་བོའི་ཕྱག་མཚན་གཉིས་སུ་གྱུར་པ་ལས་བསྐྱེད་པས་ཆོག་


JLD012_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གི །ཞུ་བ་གླུས་བསྐུལ་ཡང་མི་དགོས་སོ། །དེ་བཞིན་དུ་ཐིག་ལེའི་ནང་དུ་ལྷ་བསྐྱེད་པ་དང་། བཟླས་པའི་སྐབས་སུ་བསྐྱེད་པ་ལའང་ཤེས་པར་བྱའོ། །ཕྲ་མོའི་རྣལ་འབྱོར་བསྒོམས་ནས་མཚན་མ་བརྟན་པོ་མཐོང་བ་དང་། སྤྲོ་བསྡུ་ལ་བསླབ་པར་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། ཡང་ན་བཟླས་པ་ཞེས་སོགས་ཏེ། རང་གི་སེམས་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བར་ཤེས་པར་བྱས་ནས་དབུགས་འབྱུང་འཇུག་གི་སྲོག་རྩོལ་ཧ་ཅང་བསྡམས་པ་མ་ཡིན་པར། གཙོ་བོ་ལ་སོགས་པའི་འབྱིན་སྔགས་ཡི་གེ་གསུམ་གྱི་བར་དུ་ཆུད་པ་འོད་ཟེར་སྣ་ཚོགས་འཕྲོ་བ་གསལ་བར་བཟླས་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་རིགས་གང་ཡིན་དེ་ཉིད་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་བྱས་ནས་སྤྲོ་བསྡུ་བྱའོ། །དེའང་ནམ་མཁའི་ཁམས་ཁྱབ་པར་སྤྲོ་ཞིང་། སྔ་མ་རགས་པའི་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་བཞིན་དུ་མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་བྱའོ། །མཆོད་པ་ནི་རང་གི་བ་སྤུའི་བུ་ག་ནས་གཟུགས་སོགས་ཞུ་བའི་མཆོད་ལྷ་རྣམས་སྤྲོས་ནས་མཆོད་པར་བྱའོ། །ཐིག་ལེ་ཕྲ་མོའི་ནང་དུ་རྟེན་བརྟེན་པ་ཡོངས་རྫོགས་སྒོམ་པར་མངོན་རྟོགས་ཀྱི་སྐབས་འདིར་བཤད་ཀྱང་། སྒོམ་པའི་དུས་ནི། དཀྱིལ་འཁོར་གྱི་ལྷ་རགས་པ་ལ་གསལ་སྣང་མ་ཐོབ་ཚུན་ཆད་ལས་དང་པོ་བའི་སྐབས་དང་། དེ་ཐོབ་ནས་སྐྱེ་མཆེད་བྱིན་རླབས་ཀྱི་ལྷ་སོགས་ལ་གསལ་སྣང་མ་ཐོབ་ཚུན་ཆད། ཡེ་ཤེས་པ་ཅུང་ཟད་བབས་པའི་སྐབས་སུ་བསྒོམ་པ་ཡིན་གྱི། ལྷ་དེ་དག་ལ་གསལ་སྣང་


JLD012_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོ་ཐོབ་པའི་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་སྐབས་སུ་སྒོམ་པ་མ་ཡིན་ནོ། །དེ་ནས་ཕྱོགས་བཅུའི་གཟུགས་ལ་སོགས་པ་བཀུག་ནས། རང་གི་ཞལ་ནས་ཞུགས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བ་ཡུམ་གྱི་ལུས་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་སྤྲོས་ནས་མཆོད་པར་བྱའོ། །དེ་ནས་གསང་བའི་མཆོད་པ་བྱས་ནས་དཀྱིལ་འཁོར་པའི་ལྷ་རྣམས་རང་གི་ལུས་ལ་གཞུག་པར་བྱའོ། །སྔར་བཤད་པའི་ཐིག་ལེ་ལ་ཕྱག་མཚན་ཕྲ་མོ་སྤྲོ་བའི་དུས་སུ་ནི་དུ་བ་ལ་སོགས་པའི་རྟགས་ལྔ་བརྟན་པར་བྱུང་བ་ན་ལྷ་ལས་ལྷ་གཉིས་པ་དང་ཕྱག་མཚན་ལས་ཕྱག་མཚན་གཉིས་པ་སོགས་རྣམས། ནམ་མཁའི་ཁམས་ཁྱབ་པར་སྤྲོ་བ་དང་། སླར་ཡང་བསྡུ་བ་སོགས་བྱའོ། །རྟགས་འདི་དག་རྒྱས་པར་རྫོགས་རིམ་གྱི་སྐབས་སུ་འབྱུང་ཡང་སྐབས་འདི་ནས་ཀྱང་འབྱུང་བ་ཡིན་ནོ། །བཟླས་པས་སེམས་དུབ་ན་སྐྱོ་བ་བསལ་བ་ནི། རང་གི་སྙིང་པོ་ཞེས་སོགས་ཏེ། ཐུགས་ཀའི་མཾ་ཡིག་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གསལ་སྣང་རྙེད་པ་ནི། དེ་ཉིད་ངེས་རྟོགས་ཏེ། དེ་ལྟར་བསྒོམས་པས་སྐྱོ་ཞིང་དུབ་ན། ཞུ་བ་གླུས་བསྐུལ་གྱི་སྐབས་སུ་བཤད་པ་ལྟར་སྤྱན་མ་སོགས་ཀྱིས་གླུ་བླངས་པས་གཙོ་བོ་ཡབ་ཡུམ་བསྐུལ་ནས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པར་བྱའོ། །ལུས་བརྟས་པའི་ཆོ་ག་ནི། སེམས་བཟང་པོའི་ཞེས་སོགས་ཏེ། རང་གི་སྤྱི་བོར་མཐོ་གང་ཙམ་གྱིས་འཕགས་པར་ཟླ་བའི་སྟེང་དུ་


JLD012_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔའི་ས་བོན་ༀ་ཡིག་དཀར་པོ་འོད་ཟེར་ལྔ་འཕྲོ་བ་དང་བཅས་པ་ཆོ་ག་བཞིན་དུ་བསམས་ནས། དེ་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དེ་ལ་ཐིམ་ཞིང་། དེ་ལས་འབྱུང་འཇུག་གི་འོད་ཟེར་གྱི་ལྕགས་ཀྱུས་བྱང་ཆུབ་ཀྱི་སེམས་བཟང་པོའི་བདུད་རྩའི་ཆུ་རྒྱུན་སྤྱན་དྲངས་ནས། རང་གི་སྤྱི་བོ་ནས་བརྩམས་ཏེ། སྐུ་རྡོ་རྗེ་ལ་སོགས་ལ་དབབ་པས་ཚིམ་པར་བྱས་ཏེ་སྐྱོ་བ་བསལ་བར་བྱའོ། །དེ་ལྟར་དུབ་ན་ཐུན་བར་མ་བཏང་བའི་སྐབས་སུ་ངལ་བསོས་ནས་ཡང་སྔར་བཤད་པའི་སྤྲོ་བསྡུའི་ཆོ་གས་གསང་སྔགས་བཟླ་བར་བྱ་ཞིང་འཁོར་གསུམ་དུ་བདེན་པར་མི་རྟོག་པའི་སྒོ་ནས་ཀུན་ཏུ་ཆགས་པ་མེད་པ་བསྒོམ་པར་བྱའོ། །གསུམ་པ་ཐུན་གྱི་མཐར་ཇི་ལྟར་བྱ་བ་ནི། བསྟོད་དང་ཞེས་སོགས་ཏེ། སྔར་བཤད་པའི་རིགས་ལྔའི་བསྟོད་པ་དང་། ཉེར་སྤྱོད་འདོད་ཡོན་ལ་སོགས་པའི་མཆོད་པ་དང་། གཤེགས་སུ་གསོལ་བ་ལ་སྔགས་པས་འབད་པར་བྱའོ། །གཤེགས་གསོལ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་པ་རང་གནས་སུ་གཤེགས་པ་མ་ཡིན་གྱི་སྐུ་གསུང་ཐུགས་ཀྱི་རིགས་སུ་གྱུར་པའི་དཀྱིལ་འཁོར་བའི་ལྷ་ཐམས་ཅད་རིམ་པ་བཞིན་དུ། སྤྱི་བོའི་ༀ་དང་། མགྲིན་པའི་ཨཱཿ དང་། ཐུགས་ཀའི་ཧཱུཾ་ལ་བསྡུས་ནས་གསལ་བར་བྱའོ། །དེ་ལྟར་ཟབ་གསལ་གཉིས་སུ་མེད་པའི་དེ་ཁོ་ན་མཐོང་བའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ལ་དམིགས་ནས་འཇམ་པའི་རྡོ་རྗེའི་གོ་འཕང་ལ་འགོད་པའི་སྨོན་ལམ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་སོགས་


JLD012_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ལ་ལོངས་སྤྱོད་དག་པའི་རྣལ་འབྱོར་དང་། མ་དག་པའི་རྣལ་འབྱོར་དང་། དམ་ཚིག་ཉམས་ན་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་རྣམ་དག་དྲན་པ་དང་། ཁ་ཟས་ཀྱི་རྣལ་འབྱོར་དང་། སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་སོ་སོའི་རྣམ་དག་ནི། ལངས་ནས་ཞེས་ཏེ། ཐ་མལ་པའི་རྣམ་རྟོག་དག་པའི་སྒོ་ནས་རང་གི་སེམས་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས། ཐུན་དངོས་གཞི་བཏང་བའི་གནས་སྐབས་སུ། དབང་པོས་ཡུལ་མཐོང་བའི་ཚེ་ཡུལ་ལྔ་རྡོ་རྗེ་མ་ལྔ་དང་། རིགས་ལྔའི་ངོ་བོར་དྲན་པར་བྱས་ནས་ཡུམ་གྱིས་ཡབ་ལ་མཆོད་པར་བསམ་པར་བྱའོ། །སྤྱིའི་རྣམ་དག་ནི། དཔལ་ལྡན་ཞེས་ཏེ། འཇམ་པའི་རྡོ་རྗེ་ཉིད་ཡུལ་ཡུལ་ཅན་གྱི་རྣམ་པར་ཤར་ནས་ཡུམ་གྱིས་མཆོད་པ་འབུལ་བར་བསམ་པ་ནི་མཆོད་པའི་མཆོག་གོ །གཉིས་པ་ནི་ཟས་ཟ་བའི་ཚེ་ནས་ཞེས་ཏེ། སྙིང་གར་ཟླ་བ་ལ་རང་གི་སྔགས་སམ་གཙོ་བོའི་སྔགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་འོད་སྣ་ཚོགས་དང་ལྡན་པར་བསམས་ལ། ཡི་གེ་གསུམ་གྱིས་ཁ་ཟས་བྱིན་གྱིས་བརླབས་ཤིང་། སྔར་བཤད་པ་ལྟར་ལྕེ་བྱིན་གྱིས་བརླབས་ནས། སྟོང་པ་ཉིད་ཀྱི་ལྟ་བ་དྲན་བཞིན་དུ་ཟས་ལ་ལོངས་སྤྱད་པས། སྐུ་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ཚིམ་པར་མོས་པ་བྱའོ། །གསུམ་པ་ནི། ཕྱིའི་སྦྱིན་སྲེག་ཅེས་ཏེ། སྙིང་གར་རཾ་ལས་ཐབ་བསྐྱེད། དེའི་དབུས་སུ་ལྷ་རྫོགས་པར་


JLD012_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས། ལག་པ་དགང་གཟར་བླུགས་གཟར་དང་། ཁ་ཟས་སྲེག་རྫས་སུ་བསྐྱེད་ནས་སྦྱིན་སྲེག་འབུལ་བའི་ཚུལ་གྱིས་ལོངས་སྤྱོད་པར་བྱའོ། །འོད་སྙེ་ནས་བཤད་པ་ལྟར། ཡིད་ཀྱི་སྦྱིན་སྲེག་ཀྱང་བྱ་ཞིང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་མེས་ཕུང་པོའི་བུད་ཤིང་སྲེག་པར་བྱེད་པ་ནི་བླ་ན་མེད་པའི་སྦྱིན་སྲེག་གོ །དེ་ལྟར་འདོད་ཡོན་མ་ལུས་པ་ལྷར་དྲན་པར་བྱས་ནས་བདག་ཉིད་གཞན་དག་མཆོད་པའི་ཚེའང་ལྷར་བསྐྱེད་ནས་མཆོད་པ་འདི་ནི་འདའ་བར་མི་བྱ་བས་ན་དམ་ཚིག་གི་སྟེ། བདེ་གཤེགས་རྣམས་ཀྱིས་གནང་བའོ། །གཉིས་པ་ནི། རྗེས་སུ་མཐུན་པར་ཆོས་བསྟན་པའི་ལས་དང་། མེ་ཏོག་ལ་སོགས་པས་དེ་བཞིན་གཤེགས་པ་མཆོད་པའི་ལུས་ངག་གི་ལས་རྣམས་སྔར་བཤད་པ་ལྟར་མ་ཡེངས་པར་བྱའོ། །དེ་ལྟར་བྱས་ན་ལུས་ཀྱི་སྒུལ་སྐྱོད་གང་ཡིན་ཕྱག་རྒྱ་དང་། ངག་སྨྲ་བརྗོད་གང་ཡིན་སྔགས་སུ་འགྱུར་བར་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེའི་རྒྱུ་མཚན་གང་གི་ཕྱིར་ན། སློབ་དཔོན་ཐ་ག་ནས་དེ་བཞིན་གཤེགས་པ་གང་རུང་ཞིག་ལའང་། རང་རང་གི་བསམ་པའི་དབང་གིས་བདེ་སྡུག་དང་གྲོལ་བ་སྐྱེ་མཆེད་དུ་འགྱུར་བ་བཞིན་ཞེས་ཟེར་རོ། །སློབ་དཔོན་ཤཱནྟི་པས་དད་པ་ལྟ་བུ་ཅིག་ཀྱང་གཞན་ལ་སྡུག་བསྔལ་བསྐྱེད་པའི་རྒྱུ་དང་། བདེ་བ་བསྐྱེད་པ་དང་། ཐར་བའི་རྒྱུར་བསྔོས་ན་དེ་ལྟར་འགྱུར་བས། སེམས་ལ་རག་ལས་པར་གསུངས་སོ། །དེ་ལྟར་ཐ་མལ་གྱི་སྣང་ཞེན་མ་ལུས་པ་སྤངས་ནས་སེམས་ནག་པོའི་ལས་སུ་མི་འགྱུར་


JLD012_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་ལྟར་བྱས་ན་ལས་དང་པོ་པ་རྣམས་ཀྱང་ལུང་མ་བསྟན་ཏུ་འགྱུར་རྒྱུ་རྣམས་དགེ་བར་བསྒྱུར་ནུས་པ་ཡིན་ནོ། །གསུམ་པ་ནི་དམ་ཚིག་གི་ཞེས་ཏེ། དམ་ཚིག་ཉམས་ན་དོན་ཡོད་གྲུབ་པའི་རྣལ་འབྱོར་བྱའོ། །ཇི་ལྟར་ཞེ་ན། དོན་ཡོད་གྲུབ་པར་གཙོ་བོ་འཕོས་ནས། དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་དོ། །གཙོ་བོའི་ཐུགས་ཀར་སྣ་ཚོགས་པདྨའི་དབུས་སུ་ཟླ་བ་ལ་ཁཾ་ལས་སྣ་ཚོགས་རྡོ་རྗེ་ཁཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་དབང་ལྷ་སྤྱན་དྲངས། ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་སྟོང་པ་ཉིད་དྲན་བཞིན་པའི་སྒོ་ནས་ཉེས་པ་དག་པར་མོས་པ་བྱའོ། །ཁྲུས་བྱེད་པའི་ཚེའང་དབང་བསྐུར་བའི་ཚུལ་ལྟར་བྱའོ། །གཉིས་པ་ཐུན་གཞན་ལ་ཇི་ལྟར་བྱ་བའི་ཚུལ་ནི་ཐུན་མཚམས་སུའང་ཞེས་ཏེ་སྔར་བཤད་པ་ལྟར་ཐུན་གཞན་རྣམས་ལའང་ཚོགས་ཞིང་མཆོད་པ་ནས་བཟླས་བརྗོད་ལ་སོགས་པའི་བར་སྔར་བཞིན་དུ་ཡོངས་སུ་རྫོགས་པར་བྱའོ། །གལ་ཏེ་བྲེལ་ན་ཐུན་གཞན་གསུམ་ལ་གཞལ་ཡས་ཁང་དང་གཙོ་བོ་དཀྲོང་བསྐྱེད་བྱས་ནས་ཐུགས་ཀ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྤྲོས་ནས། སྐྱེ་མཆེད་བྱིན་གྱིས་བརླབ་པ་ལ་སོགས་རྫོགས་པར་བྱས་པས་ཀྱང་རུང་ངོ་། །ཉལ་བའི་ཚེ་ན་རང་གི་སྙིང་གའི་ནང་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཚུད་པར་བྱས་ལ། ཐབས་ཤེས་གཉིས་དང་ལྡན་པར་ཉལ་ཞིང་། སང་ལྡང་བའི་དུས་སུ་ལྷ་མོ་རྣམས་ཀྱིས། སེམས་ཅན་ཁམས་ན་གནས་ཀྱི་ཞེས་སོགས་


JLD012_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གླུས་བསྐུལ་ནས་ལྡང་བར་མོས་པ་བྱའོ། །བསྙེན་པ་ཉིན་ཞག་གཞན་ལ་ཇི་ལྟར་བྱ་བ་ནི་ཐུབ་པས་ཞེས་ཏེ། རྣལ་འབྱོར་པ་རང་གི་བཟླས་བརྗོད་ལ་སོགས་པ་མཐར་ཐུག་པའི་བར། ཉིན་ཞག་སྔ་མ་ལ་ཇི་ལྟར་བྱ་བའི་ཆོ་ག་བཞིན་དུ་བྱའོ། །གཉིས་པ་སྐྱེས་ནས་དངོས་གྲུབ་བསྒྲུབ་ཅིང་བགེགས་བཟློག་པའི་ཚུལ་ནི། དངོས་གྲུབ་ཅེས་ཏེ། དེ་ལྟར་བསྐྱེད་རིམ་ལེགས་པར་བསྒོམས་ནས་རྨི་ལམ་ལ་སོགས་པ་མཚན་མ་རྒྱུད་ལས་བཤད་པ་ལྟར་མཐོང་ནས་སྐུ་རྡོ་རྗེ་ལ་སོགས་པ་གསུམ་མཆོད་ནས། རང་གི་སེམས་སྔར་བཤད་པ་ལྟར། དཀྱིལ་འཁོར་གྱི་འཁོར་ལོར་གནས་ཤིང་། མདུན་དུའང་དཀྱིལ་འཁོར་བྲིས་ནས། ཞི་སོགས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ལྟ་བུ་བསྐྱེད་པའི་ཚེ་ཞུ་བ་གླུས་བསྐུལ་ལ་སོགས་པ་མི་དགོས་སོ། །དེ་ལྟ་བུའི་ཚེ་འཇམ་རྡོར་དེའི་ཐུགས་ཀར་བཞུགས་སུ་གསོལ་ལོ། །དབུས་སུ་གཙོ་བོ་གང་འཕོས་པའི་དཀྱིལ་འཁོར་དེར་ལྷ་དེའི་འཁོར་ལོ་ཞེས་བྱའོ། །གསུམ་པ་ལམ་དེ་གཞན་ལས་ཁྱད་པར་དུ་འཕགས་པ་སྒྲུབ་པ་ནི། ཐ་མལ་རྣམ་རྟོག་ཅེས་སོགས་ཏེ། ལམ་འདི་ལ་སྲིད་པའི་གཉེན་པོ་སྒོམ་པ་མེད་པ་མིན་ཏེ། རྣམ་རྟོག་ཐ་མལ་པ། བདག་དང་བདག་གི་བར་འཛིན་པ་ལས་རྒྱུ་འབྲས་གཞན་པའི་འཁོར་བ་གཞན་མེད་ལ། རྣམ་རྟོག་དེ་དང་བདག་མེད་རྟོགས་པའི་ཤེས་རབ་གཉིས་འཛིན་སྟངས་འགལ་བར་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི། ཟབ་པ་བདག་མེད་པ་རྟོགས་པའི་གཟུང་ཆ། རྒྱ་ཆེ་བ་ལྷའི་རྣམ་པ་ཅན་དུ་ཤར་བའི་བློ་དེ་ཉིད་ཡོད་པའི་ཚེ་དེའི་གནོད་བྱ་ཕྱིན་ཅི་ལོག་གི་ཀུན་རྟོག་དེ་དག་མི་སྣང་བའི་ཕྱིར་རོ། །


JLD012_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་ཀྱང་བདག་མེད་རྟོགས་པ་ལ་གནོད་པར་འགྱུར་ཏེ། དེ་གཉིས་ལྷན་ཅིག་ཏུ་མེད་པའི་ཕྱིར་རོ་ཞེ་ན། དེ་གཉིས་ནི་འཛིན་སྟངས་འགལ་བས་མ་ཡིན་གྱི། བདག་མེད་པའི་དོན་ལ་བློ་ཁ་མ་ཕྱོགས་པས་ལྷན་ཅིག་ཏུ་མི་གནས་པ་ཡིན་ནོ། །སེམས་ལས་གཞན་པའི་ཕྱི་རོལ་གྱི་དོན་མེད་པར་ནི། སྔར་བསྒྲུབས་ཟིན་པས་རང་གི་སེམས་འཁོར་ལོའི་རྣམ་པ་ཅན་དུ་ཤར་བ་ལས་གཞན་མེད་པ་མི་འགལ་ལོ། །གཉེན་པོ་གང་ཞིག་གིས་སྤང་བྱ་གང་དང་གནོད་བྱ་གནོད་བྱེད་ལན་ཅིག་མཐོང་བ་དེ་ལ་ནི། གཉེན་པོ་གོམས་པར་བྱས་པ་ལས་གོང་ནས་གོང་དུ་འཕེལ་ཞིང་གོམས་པ་མཐར་ཐུག་པ་ན་སྤང་བྱ་ཟད་པར་མཐོང་བ་དང་། བདག་མེད་རྟོགས་པའི་ཤེས་རབ་སྒོམ་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལའང་ཡོད་པས། ལམ་འདི་དེ་ལས་ཁྱད་པར་དུ་འཕགས་པར་ཇི་ལྟར་འགྲུབ་ཅེ་ན། དེ་ལ་སྦྱིན་སོགས་ཐབས་ཀྱིས་བརྒྱན་པའི་སྒོ་ནས་བདག་མེད་སྒོམ་པ་ཡོད་ཀྱང་། གཟུགས་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་མེད་པས། ཐ་མལ་པའི་སྣང་ཞེན་ལས་བཟློག་པར་མི་འགྱུར་པས་ཕར་ཕྱིན་ཐེག་པ་འདིར་བདག་མེད་སྒོམ་པ་ཡོད་ཀྱང་། ཐ་མལ་བའི་སྣང་ཞེན་དང་མི་མཐུན་པའི་ལམ་སྒོམ་པར་འགྱུར་བ་མ་ཡིན་ནོ། །གསུམ་པ་དེས་ན་ལམ་དེ་ངེས་པར་བསྒོམ་དགོས་པར་གདམས་པ་ནི། དེ་ལྟར་ཞེས་སོགས་ཏེ། དེ་ལྟར་ཡུལ་དུས་ཚད་ཅན་འཇོམ་པའི་གཉེན་པོ་ཟབ་གསལ་གཉིས་སུ་མེད་པའི་


JLD012_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལམ་འདི་ལ་ཡོད་པར་རྟོགས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པ་དག །གཉིས་སུ་མེད་པའི་ཡེ་ཤེས་ཚེ་འདི་ལ་སྐད་ཅིག་གིས་བསྒྲུབ་ནུས་པའི་ཀུན་ཏུ་བཟང་པོའི་སྒྲུབ་ཐབས་འདི་ངེས་པར་བསྒོམ་པར་བྱའོ། །ཡུལ་དུས་ཚད་ཅན་འཇོམ་པའི་ཚུལ་ནི། དཀྱིལ་འཁོར་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་ལས་རྟོགས་པར་བྱའོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། ཁེངས་སྐྱུངས་པ་ནི་དྲི་མེད་ཅེས་ཏེ། དྲི་མ་མེད་པའི་བློའི་འོད་ཟེར་གྱིས་མ་རིག་པའི་མུན་པ་སེལ་བར་བྱེད་པ་སངས་རྒྱས་རྣམས་ཀྱིས་རྒྱུད་ལས་རྒྱས་པར་བསྟན་པ་འདིས་ཆོག་གི་ཡེ་ཤེས་ཞབས་བདག་གིས་ཕྱིན་ཅི་མ་ལོག་པར་རྩོམ་ནུས་པའི་གོ་སྐབས་ག་ལ་ཡོད། འོན་ཀྱང་རྩོམ་པར་སྤྲོ་བ་ནི་བླ་མ་ཞེས་ཏེ། བླ་མ་དམ་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅུང་ཟད་བཟུང་བ་དང་། ལམ་འདིའང་ཚེ་འདི་ཉིད་ལ་སྲིད་པའི་འཆིང་བ་ལྷོད་པར་བྱེད་པར་གྲགས་པས་འདི་རྩོམ་པ་ལ་འབད་པ་ཡིན་ནོ། །རྩོམ་པའི་དགེ་བ་བསྔོ་བ་ནི། དེ་ལྟར་ཞེས་ཏེ། དེ་ལྟར་སྦྱར་བ་ལས་བྱུང་བའི་དགེ་བ་དྲི་མ་མེད་པ་དེས་སངས་རྒྱས་ཡེ་ཤེས་ཏེ། འཇམ་པའི་དབྱངས་ཀྱི་གོ་འཕང་ལ་ཡིད་གཞོལ་བར་གྱུར་པས། དེའི་ལམ་རྟག་ཏུ་བསྒོམ་པར་ཤོག་ཅིག་པའོ། །གསུམ་པ་གང་གིས་མཛད་པ་དང་བསྒྱུར་བའི་ཚུལ་ནི། དཔལ་གསང་བ་ཞེས་སོགས་སོ། །སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་ཅུང་ཟད་བཀོད་པ་འདི། གཞུང་ལུགས་འདིའི་མངའ་བདག་ལྷ་རིན་


JLD012_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་བཀས་བསྐུལ་ནས། དཔལ་ལྡན་བླ་མ་རྗེ་བཙུན་ཆེན་པོ་ཐམས་ཅད་མཁྱེན་པའི་གསུང་མི་ཉམས་པའི་ཕྱིར་དུ། དར་མ་རིན་ཆེན་གྱིས་བརྗེད་བྱང་དུ་བཀོད་པའོ། ། ། །དགེ་བ་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །སརྦ་མངྒལཾ།