ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།― JLD017_Page_0401 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཞུང་གིས་དམིགས་རྣམ་སྟོན་པའི་སྐབས་ཐམས་ཅད་དུ་དམིགས་རྣམ་གྱི་ཆོས་ཅན་ཀུན་ཏུ་དྲངས་པ་ལྟ་བུར་སྟོན་པས་སོ། །དེ་ལྟ་ན་ཡང་ཆོས་བརྗོད་པས་ཆོས་ཅན་རྟོགས་པ་ཡོད་དམ་ཞེ་ན། ཁྱད་པར་གཞན་རིགས་མི་མཐུན་སྤོང་བ་ལྡོག་པ་དང་མི་སྤོང་བ་མི་ལྡོག་པ་མ་གཏོགས་པར་སྒྲའི་ཁྱད་པར་འདི་དག་ལ་ཆོས་དང་ཆོས་ཅན་གྱི་ཁྱད་པར་ནི་ཡང་དག་པར་ན་འགའ་ཡང་མེད་དོ་ཞེས་རིགས་པའི་བསྟན་བཅོས་ཀྱི་ལུགས་ལས་འབྱུང་བའི་ཕྱིར་རོ། །དེས་ན་ཤིང་ཞེས་དང་ཤིང་ཉིད་ཅེས་བརྗོད་པ་གཉིས་ཀས་ཀྱང་ཤིང་བརྗོད་པ་དང་འདྲ་བར་གང་དུ་དམིགས་རྣམ་སྟོན་པ་ན་བདེན་བཞི་དང་འབྲེལ་བར་སྒྲས་ཟིན་པར་མ་བསྟན་པ་དེར་ཡང་དམིགས་རྣམ་དེ་དག་བདེན་བཞིར་གཏོགས་པར་གྲགས་པས་གྲུབ་པ་དང༌། ཆོས་དང་ཆོས་ཅན་གཉིས་གཅིག་མེད་ན་ཅིག་ཤོས་ཀྱང་མི་འབྱུང་བའི་ཕྱིར་ཆོས་ཅན་རྟོགས་པས་རྒོལ་བ་འདི་ནི་ཅིར་ཡང་མི་རུང་ངོ༌། །གཉིས་པ་ནི། རྣམ་པ་གཅིག་ཏུ་ན་སྟེ་ཡང་ན་ཚིག་ལེའུར་བྱས་པ་བསྡེབ་པའི་ངོར་ཏེ་སྡེབ་སྦྱོར་དང་འགལ་བའི་འཇིགས་པས་ཆོས་ཅན་དངོས་སུ་བརྗོད་པ་ལས་ཐ་དད་པར་རྣམ་པ་མངོན་ཞེན་ལ་སོགས་འགོག་ཅེས་སོགས་ཀྱིས་ཆོས་ཅན་བདེན་པ་ཀུན་ཏུ་དྲངས་ཏེ་དམིགས་རྣམ་གྱི་དབྱེ་བ་སྨོས་པ་ཡིན་ན་ཡང༌། སྡུག་བསྔལ་ལ་སོགས་པའི་བདེན་པ་ནི་ཆོས་ཅན་ཡིན་ལ་དེར་གཏོགས་པ་ཁོ་ན་དམིགས་པ་དང་རྣམ་པའི་ཆོས་ཡིན་ནོ་ཞེས་འཆད་པ་པོ་རྣམས་ཀྱིས་བཤད་པར་བྱའོ། །དེ་ལྟར་བཤད་ ― JLD017_Page_0402 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་བྱ་དགོས་པ་ཅིའི་ཕྱིར་ཞེ་ན། མངོན་པར་ཞེན་པ་ལ་སོགས་པ་འགོག་པའི་བདག་ལ་སོགས་པ་ནི་ཡང་དག་པར་སྐྱེ་བ་དང་འཇིག་པ་དང་བྲལ་བ་སྟེ་རིམ་དང་ཅིག་ཅར་གྱིས་འབྲས་བུ་སྐྱེད་པར་མི་རིགས་སོ། ཞེས་པའི་ཚད་མས་བརྟགས་པ་ན་རི་བོང་གི་རྭ་དང་འདྲ་བར་དགག་སྒྲུབ་ཀྱིས་སྟོང་པས་དེ་ནི་བདེན་པ་གཉིས་ཀར་མེད་པའི་ཕྱིར་རྟེན་ཆོས་སུ་མི་རིགས་པར་མཐོང་བ་ན་དོན་གྱིས་ན་བདེན་པ་རྣམས་དེར་གོ་སྟེ་ཀུན་རྫོབ་ཏུ་ཡོད་པས་སོ། །དེར་མ་ཟད་འོག་མ་དག་ལ་ཡང་སྟེ་གང་དུ་ཆོས་ཙམ་ཞིག་བསྟན་པ་དེ་ཐམས་ཅད་དུ་སྔར་བཤད་པའི་ཚུལ་གྱིས་བདེན་བཞི་མ་སྨོས་ཀྱང་ཆོས་ཅན་དུ་ཤེས་པར་བྱའོ་ཞེས་འཆད་དོ། །འདིའི་ལྟར་ན་གཞུང་གོང་མ་ལ་ཡང་ཁྱད་པར་ཅན་གྱི་ཆོས་ཅན་དང་ཆོས་བརྗོད་པས་དམིགས་པ་བརྗོད་པར་བྱ་བ་ཡིན་ན་ཡང་ཞེས་འདོན་པ་དང༌། དམིགས་རྣམ་གཉིས་ཀ་ཆོས་སུ་བཤད་ནས་བདེན་པ་ཆོས་ཅན་དུ་འདོད་ཅིང༌། ཁྱད་པར་གཞན་སྤོང་མི་སྤོང་གི་གཞུང་དང༌། མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་རྟེན་པ་ཅན། ཞེས་པ་གཉིས་ཀྱི་དོན་གཅིག་ཏུ་འཁྲུལ་ནས་ཁྱད་པར་གཞན་སྤོང་མི་སྤོང་གི་དོན་རིགས་མི་མཐུན་ལས་ལྡོག་མི་ལྡོག་ལ་འཆད་དོ། །ཊཱིཀ་བྱེད་ཕྱི་མ་རྣམས་བཤད་པ་འདི་འཐད་ཕྱོགས་སུ་བྱེད་མོད། འདི་རྩོམ་པ་པོའི་དགོངས་པར་མི་འདོད་དེ། དམིགས་པ་རྣམས་ཆོས་སུ་བཤད་ཅིང་ཁྱད་པར་གཞན་སྤོང་མི་སྤོང་ལོག་པར་བཀྲལ་བའི་ཕྱིར་རོ། །དེས་ན་དམ་པའི་དོན་ནི་འདི་ཡིན་ཏེ། དེ་ལ་སྐབས་འདིའི་དམིགས་པ་ནི། ཤེས་པར་ ― JLD017_Page_0403 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱ་བའི་གཞི་ཆོས་ཅན་ཡིན་ལ། རྣམ་པ་ནི། དམིགས་པ་དེ་ཤེས་པའི་ཐབས་ཆོས་ཡིན་པས་རྟེན་དང་བརྟེན་པ་ཡིན་ལ་དེ་ཡང་མངོན་རྟོགས་ཀྱི་དམིགས་རྣམ་གྱི་སྐབས་ཡིན་པས་བདེན་པ་དང་དེའི་སྟེང་གི་ཆོས་རྣམས་སོ། །དེ་ལྟར་ན་དམིགས་པ་གང་ཡིན་ཆོས་ཅན་བདེན་བཞིའི་སྒྲས་ཟིན་པ་དང་རྣམ་པ་རྣམས་དེའི་སྟེང་གི་ཆོས་བརྗོད་པའི་སྒྲས་བརྗོད་པར་རིགས་པ་ལ་དྲོད་ཆུང་ངུའི་སྐབས་སུ་དམིགས་པ་དེ་བདེན་པའི་སྒྲས་ཟིན་པར་བསྟན་ནས་དམིགས་པ་གཞན་གྱི་སྐབས་སུ་དེའི་སྒྲས་མ་ཟིན་པར་བསྟན་པ་ལ། ཁ་ཅིག་འདི་སྙམ་དུ་དྲོད་འབྲིང་མན་ཆད་ཀྱི་དམིགས་རྣམ་བདེན་བཞིར་གཏོགས་པར་མི་གོ་སྟེ། ཆོས་ཅན་བདེན་བཞི་དང་འབྲེལ་བར་མ་བསྟན་པས་སོ། །དེའི་ཕྱིར་དམིགས་རྣམ་བརྗོད་ཚུལ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དམིགས་པ་ཆོས་ཅན་དང་རྣམ་པ་རྣམས་ཆོས་བརྗོད་ཀྱི་སྒྲས་བརྗོད་དགོས་པ་ལ་གཉིས་ཀ་ཡང་ཆོས་བརྗོད་པས་བརྗོད་པའི་ཕྱིར་ཞེ་ན། འདིའི་ལན་ལ་གཉིས། སྒྲ་གཉིས་བརྗོད་བྱ་ཐ་དད་མེད་པ་དང༌། དོན་གྱི་ཤུགས་ཀྱིས་ཆོས་ཅན་གོ་བའི་ལན་ནོ། །དང་པོ་ནི། དམིགས་པ་གང་ཡིན་ཆོས་ཀྱི་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་དང༌། རྣམ་པ་རྣམས་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་བརྗོད་པས་བརྗོད་པར་བྱ་བ་རིགས་ན་ཡང༌། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་པ་ལ་ཆོས་ཅན་བདེན་བཞི་སྒྲས་ཟིན་པར་བརྗོད་པས་མ་གཏོགས་ཞེས་སྦྱར་གྱི། ཀུ་ལན་ཏ་ལྟར་དེར་ཆོས་དང་ཆོས་ཅན་ཡོད་པས་ ― JLD017_Page_0404 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་གཏོགས་ཞེས་མི་བརྗོད་དེ། དེ་ནི་དམིགས་པའི་གཞུང་ཡིན་གྱི་རྣམ་པའི་མིན་པས་སོ། །དེ་མ་གཏོགས་པའི་དམིགས་པ་བཅུ་གཅིག་རྣམ་པ་བཅུ་གཉིས་ཐམས་ཅད་ཁྱད་པར་ཅན་གྱི་ཆོས་བརྗོད་པའི་སྒྲས་དམིགས་རྣམ་སྟོན་པའི་སྐབས་ཐམས་ཅད་དུ་བརྗོད་པ་ལ་ནི་ཆོས་ཅན་མ་བརྗོད་པར་ཐལ་བའི་ཉེས་པ་མེད་དེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་ལ་རིམ་པ་ལྟར་ཁྱད་པར་ལྡོག་པ་གཞན་སྤོང་བ་དང་དེ་མི་སྤོང་བ་ལྟར་སྣང་བ་མ་གཏོགས་པ་སྒྲ་གཉིས་ཀའི་བརྗོད་བྱའི་དོན་གོ་བ་ལ་ནི་ཁྱད་པར་འགའ་ཡང་མེད་དོ་ཞེས་ཆོས་ཀྱི་གྲགས་པའི་ལུགས་ལས་འབྱུང་བའི་ཕྱིར་རོ། །འདིས་ནི་སྒྲའི་བརྗོད་ཚུལ་གང་བྱས་ཀྱང་བརྗོད་བྱ་གོ་བ་ལ་ཁྱད་མེད་པའི་སྒོ་ནས་ལན་བསྟན་ཏོ། །འདིར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱི་རྣམ་གཞག་ཅུང་ཟད་ཅིག་དཔྱད་པར་བྱའོ། །འདི་ལ་གཉིས། ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་རྣམ་གཞག་གོ །དང་པོ་ནི། སྤྱིར་བརྡ་རྣམས་ཉན་པ་པོའི་ཤེས་འདོད་དང་རྗེས་སུ་མཐུན་པར་འཆད་པ་པོའི་བརྗོད་འདོད་ཀྱིས་ཀུན་ནས་བསླང་སྟེ་དགོས་པ་འགའ་ཞིག་གི་ཕྱིར་དུ་སྦྱོར་བ་ཡིན་ལ། འདིར་ཡང་དེ་ལྟར་བཤད་དེ། དེ་ལ་བརྡ་སྦྱར་བའི་དུས། བརྡ་སྦྱར་བའི་དགོས་པ། གང་ལ་བརྡ་སྦྱར་བའི་ཡུལ། དེ་ལ་བརྡ་སྦྱར་བའི་ཚུལ་ཏེ་བཞིའོ། །དང་པོ་ནི། ནོག་ལྐོག་ཤལ་འདུས་པའི་གོང་བུ་གཅིག་ལ་རྟ་མིན་པ་དང་མ་ཧེ་མིན་པ་ལ་སོགས་པའི་ལྡོག་པའི་ཁྱད་པར་དུ་མ་ཞིག་ཡོད་ཀྱང་ཉན་པ་པོ་དེའི་སྟེང་དུ་རྟ་བཅད་ཙམ་ཞིག་ཤེས་པར་འདོད་ཀྱི་མ་ཧེ་མིན་པ་སོགས་མི་འདོད་ ― JLD017_Page_0405 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཚེ་ནའོ། །གཉིས་པ་ནི། དེ་ལྟ་བུ་དེ་ཤེས་པར་བྱ་བའི་ཕྱིར་དུའོ། །གསུམ་པ་ནི། རྟ་རྣམ་པར་བཅད་ཙམ་གྱི་ལྡོག་པ་ལའོ། །བཞི་པ་ནི། གོང་བུ་འདི་ལ་རྟ་མིན་པ་ཉིད་ཡོད་དོ་ཞེས་སྦྱོར་རོ། །དེའི་ཚེ། བརྡ་འདི་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་ཏེ། བ་ལང་གོང་བུ་དེ་ཉན་པ་པོའི་བློ་ཡུལ་དུ་མ་ཧེ་མིན་པ་སོགས་ཀྱི་ལྡོག་པ་གཞན་གྱི་རྟེན་དུ་མི་རུང་བར་རྟ་བཅད་པའི་ལྡོག་པ་ཙམ་ཞིག་གི་རྟེན་དུ་འཕངས་པས་སོ། །གཉིས་པ་ལ་ཡང་སྔར་ལྟར་བཞི་ལས། དང་པོ་ནི། བ་ལང་གི་གོང་བུ་ལ་མ་ཧེ་མིན་པ་ལ་སོགས་པའི་ལྡོག་པ་གཞན་ཤེས་པ་མི་འདོད་པ་མེད་པར་རྟ་རྣམ་པར་བཅད་པ་ཤེས་པར་འདོད་པའི་ཚེ་ནའོ། །གཉིས་པ་ནི་སྔར་ལྟར་རོ། །གསུམ་པ་ནི། ལྡོག་པའི་ཁྱད་པར་གཞན་མ་སྤངས་པའི་བ་ལང་གི་ལྡོག་པ་ཙམ་ལའོ། །བཞི་པ་ནི། གོང་བུ་ལ་རྟ་མིན་པ་ཡོད་དོ་ཞེས་བརྡ་སྦྱར་རོ། །དེའི་ཚེ་བརྡ་འདི་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་ཏེ། བ་ལང་གི་གོང་བུ་དེ་ཉན་པ་པོའི་བློ་ཡུལ་དུ་རྟ་མིན་དང་མ་ཧེ་མིན་པ་སོགས་ཀྱི་ལྡོག་པའི་ཁྱད་པར་གཞན་ཀུན་གྱི་རྟེན་དུ་རུང་བ་ལྟ་བུར་འཕངས་པས་སོ། །དེས་ན་སྒྲ་དང་པོས་བ་ལང་གི་གོང་བུ་དེ་ལྡོག་གཞན་གྱི་རྟེན་དུ་མི་རུང་བ་དང༌། གཉིས་པས་དེ་ལྡོག་གཞན་གྱི་རྟེན་དུ་རུང་བ་ལྟ་བུར་གོ་བར་བྱས་པ་ཙམ་མ་གཏོགས་པ་གཉིས་ཀས་ཀྱང་བ་ལང་གི་གོང་བུ་གོ་བར་བྱེད་པ་ལ་ཁྱད་མེད་དོ། །དེ་ལྟར་ན་སྤོང་བ་དང་མི་སྤོང་བ་བློ་ཡུལ་དུ་སྣང་གི་དོན་གྱི་སྟེང་ན་མེད་དོ། །ཉན་པ་པོའི་ཤེས་འདོད་ ― JLD017_Page_0406 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་ཞུགས་པའི་དུས་སུ་འཆད་པ་པོས་བརྡ་འདི་སྦྱར་ལ་དེས་ཀྱང་བློ་ཡུལ་དུ་འདི་ལྟར་གོ་བར་བྱེད་ཅེས་པའི་ཚུལ་འདི་ནི། ཁྱད་པར་གཞན་ནི་སྤོང་བ་དང༌། །མི་སྤོང་བ་དག་དེ་གཉིས་ཀྱི། །བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི། ཞེས་པའི་རང་འགྲེལ་དུ་གསུངས་པའི་དགོངས་པ་སྟེ་གངས་ཅན་པ་གཞན་ནི་འདི་ལ་དེའི་བར་དུ་བློ་ཁ་མ་ཕྱོགས་སྣང་ངོ༌། །དེ་བཞིན་དུ་མཁས་པ་ཆོས་མཆོག་གིས་ཀྱང་ཆོས་དེ་ཆོས་གཞན་དང་འབྲེལ་རུང་དུ་བརྗོད་མ་བརྗོད་ལ་ཁྱད་པར་གཞན་སྤོང་མི་སྤོང་གི་དོན་དུ་གསུངས་ཤིང༌། རྣམ་འགྲེལ་ལས་ཀྱང༌། ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་རྗོད་པར་བྱེད། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཆོས་ཅན་བརྗོད་པར་གྲགས་ཡིན་ཏེ། ཞེས་དང༌། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། །བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས། །རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། ཅེས་སོ། །ལན་གཉིས་པ་ནི། ལན་གྱི་རྣམ་པ་གཅིག་ཏུ་ན་ཚིག་ལེའུར་བྱས་པ་སྡེབ་པའི་ངོར་ཆོས་ཅན་བདེན་པ་སྒྲས་ཟིན་པར་བརྗོད་པ་ལས་ཐ་དད་པར་ཆོས་བརྗོད་པའི་ཚུལ་གྱིས་བདེན་པ་སྒྲས་མ་ཟིན་པར་བརྗོད་ཀྱང་བདེན་བཞི་དམིགས་རྣམ་དུ་མི་གོ་བར་ཐལ་བའི་ཉེས་པ་མེད་དེ། དེ་ལྟར་བརྗོད་ཀྱང་སྡུག་བསྔལ་སོགས་པའི་བདེན་པ་བཞིར་གཏོགས་པ་གཅིག་ཁོ་ན་སྦྱོར་ལམ་གྱི་དམིགས་པ་དང་རྣམ་པ་ཡིན་ནོ་ཞེས་པར་འགྱུར་རོ། །དེའི་རྒྱུ་མཚན་ཡང་མངོན་ ― JLD017_Page_0407 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ཞེན་པ་ལ་སོགས་པ་བཀག་པ་ནི་དྲོད་ཆུང་ངུའི་རྣམ་པ་ཡིན་ལ་རྣམ་པ་དེ་དང་ལྡན་པ་ནི་དེའི་དམིགས་པ་བདེན་པ་ལ་བརྟན་པའི་མི་རྟག་སོགས་ཏེ། དེ་ནི་དྲོད་འབྲིང་གི་དམིགས་པ་དེ་ཁོ་ནར་སྒྲུབ་པ་དང་དགག་པ་དང་བྲལ་བ་དེར་འགྱུར་ཟེར་ཡང་དེ་དང་དོན་ལ་ཁྱད་མེད་པའི་ཕྱིར་ཞེས་པའོ། །དོན་ནི་མངོན་ཞེན་བཀག་པ་དང་ལྡན་པ་བདེན་པའི་ཆོས་སུ་སྒྲས་ཟིན་པར་བསྟན་པའི་ཕྱིར་དང༌། མངོན་པར་ཞེན་བྱས་སྟོང་པ་དང་དགག་སྒྲུབ་ཀྱིས་སྟོང་པ་ལ་ཁྱད་མེད་ལ། དེས་ན་ཕྱི་མས་ཁྱད་པར་དུ་བྱས་པའི་གཟུགས་སོགས་ཉིད་སྔ་མས་ཁྱད་པར་དུ་བྱས་པའི་བདེན་པ་ཡིན་པས་དྲོད་འབྲིང་གི་ཚེ་ཡང་དོན་གྱིས་ན་བདེན་པ་དམིགས་པར་སོང་བ་ཡིན་ནོ། །དེ་ལྟར་དྲོད་ཆུང་ངུའི་དམིགས་པ་དང་འབྲིང་གི་དམིགས་པ་གཉིས་དོན་ལ་ཁྱད་མེད་པས་འབྲིང་ལ་ཡང་བདེན་པ་དམིགས་པར་སོང་བ་དེ་བཞིན་དུ་འོག་མ་ཆོས་མཆོག་གི་བར་ལ་ཡང་སྒྲས་མ་ཟིན་ཀྱང་ཆུང་ངུའི་དམིགས་རྣམ་དང་ཕྱི་མ་རྣམས་དོན་ཁྱད་མེད་པས་བདེན་བཞི་དམིགས་པ་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་ཤེར་འབྱུང་གིས་ཇི་ལྟར་ཉན་ཐོས་ལ་སོགས་པའི་རྣམ་པ་དག་ཆུང་ངུའི་དམིགས་པར་འགྱུར་བ་དེ་བཞིན་དུ། དེའི་རྣམ་པ་མངོན་པར་ཞེན་པ་ལ་སོགས་པ་འགོག་པ་གང་ཡིན་པ་དེ་ནི་འབྲིང་གི་དམིགས་པར་བྱ་བ་ཡིན་ནོ། །འབྲིང་གི་རྣམ་པ་ཆོས་ཀྱི་བརྡ་རྒྱུན་མི་འདྲ་བ་དང་འདྲ་བ་དག་ངོ་བོ་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་ཆེན་པོའི་དམིགས་ ― JLD017_Page_0408 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཡིན་ནོ། །དེ་བཞིན་དུ་རྩེ་མོ་ལ་སོགས་པ་འོག་མ་ལ་སྦྱར་བར་བྱའོ་ཞེས་བཤད་པ་གཞུང་ཕྱི་མ་འདི་ཡི་བཤད་པར་བྱེད་པ་ནི་ཤེར་འབྱུང་གིས་བཀོད་པའི་སྐབས་དང་དེའི་དགོས་པ་གཉིས་ཀ་མ་ཤེས་ཏེ། དེ་ནི་དེ་ལས་གསལ་ལོ། །གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། སྤང་བྱ་རྟོག་པ། སྤོང་བྱེད་གཉེན་པོའོ། །དང་པོ་ལ་བདུན། གང་གིས་རྟོག་པའི་ངོ་བོ། གང་ལ་རྟོག་པའི་ཡུལ། ཇི་ལྟར་རྟོག་པའི་ཚུལ། རྟོག་པ་དེའི་རབ་དབྱེ། གྲངས་ངེས་པ། གོ་རིམས་ངེས་པ། མུ་བརྩི་བའོ། །དང་པོ་ལ་གཉིས། སྤྱི་དང༌། བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། ཅེས་རྩིང་བའི་རྣམ་པ་ཅན་དང༌། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། ཞེས་མིང་དོན་འདྲེས་རུང་དུ་འཛིན་པ་དང༌། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། ཞེས་གཉིས་སུ་སྣང་བའི་ཁམས་གསུམ་པའི་བློ་ཐམས་ཅད་ལ་རྟོག་པར་བཤད་པ་རྣམས་ལས། འདིའི་རྟོག་པ་གང་ཞེ་ན། ཕྱིས་ཀྱི་ཊཱིཀ་བྱེད་རྣམས་སྔ་མ་གཉིས་མིན་གྱི་ཕྱི་མའོ་ཞེས་འདོད་ལ། སྔ་རབས་པ་རྣམས་བར་པར་འདོད་དོ། ་།དེ་ལ་ལུགས་སྔ་མས་ནི་རྟོག་པ་འདི་དག་ཡུལ་ལ་འཇུག་ཚུལ་གྱི་དོན་གོ་ཡང་བརྡ་ལ་རྨོངས་ཏེ་རྟོག་པ་འདི་དག་ཡུལ་ལ་འཇུག་པ་ན་གཟུང་བ་དང་འཛིན་པ་འདི་དག་ནི་དོན་དམ་པར་མེད་པའོ་སྙམ་དུ་ཞེན་པར་བྱེད་པ་རང་ཉིད་ཀྱང་འདོད་པའི་ཕྱིར་དང༌། ཆོས་འདི་ ― JLD017_Page_0409 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་འདི་ལྟ་བུའོ་ཞེས་སྦྱོར་བར་བྱེད་པ་ཡང་སྒྲ་རྟོག་ཡིན་པས་སོ། །དེའི་ཕྱིར་མཉམ་གཞག་དགག་རྟོག་གི་ངོ་བོར་བཞེད་པ་དང་དེ་ལ་སྒྲ་དོན་སྣང་བའི་རྟོག་པ་མེད་པར་བཞེད་པ་ནི་འགལ་བའི་ཁུར་རོ། །དེས་ན་གཟུང་འཛིན་གཉིས་སུ་འཁྲུལ་ཡང་དེ་དང་དེར་ཞེན་པར་མི་བྱེད་པ་ནི་སྐབས་འདིའི་རྟོག་པར་མི་འཐད་དེ། འདི་ནི་གཟུང་བའོ་འདི་ནི་འཛིན་པའོ་ཞེས་ཞེན་པའི་མཚན་ཉིད་མ་ཚང་བའི་ཕྱིར་ཏེ། དཔེར་ན་ཚུར་མཐོང་གི་དབང་ཤེས་བཞིན་ནོ། །འདྲེས་རུང་འཛིན་པ་ལ་ནི་ཀུན་རྟོག་གིས་ཁྱབ་ལ་དེ་ལ་ནི་དེས་མ་ཁྱབ་པས་འདྲེར་རུང་འཛིན་པའི་ཀུན་རྟོག་ལ་བྱའི་དེ་དང་བྲལ་བའི་ཀུན་རྟོག་ལ་མི་བྱའོ། །གཉིས་པ་ནི། འོ་ན་རྟོག་པ་འདི་དག་དགག་པའམ་སྒྲུབ་པའི་རྣམ་པ་ཅན་གང་ཞེ་ན། སང་ཡེས་ཀྱིས་ནི་དགག་རྟོག་ཏུ་འདོད་དེ། ཇི་སྐད་དུ། དེ་ལ་གཟུང་བར་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་ནི། གང་གིས་ན་ཕུང་པོ་ལ་སོགས་པ་དངོས་པོ་ཙམ་ལ་བརྗོད་པ་ཙམ་དུ་ཤེས་པའོ། །གཉེན་པོ་ལ་བརྟེན་པ་ནི། གང་གིས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལ་སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་པའོ། །འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། གང་ཟག་གི་རྫས་ལ་བརྟེན་པ་ནི། གང་གིས་ན་འཛིན་པའི་རྣམ་པ་གང་ཟག་གི་རྫས་སུ་སྒྲོ་བཏགས་པ་གཙོ་བོར་སེམས་ཅན་ལ་སོགས་པར་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་བྱེད་པའོ། །དེར་ ― JLD017_Page_0410 ―
[མ་དཔེ་གཟིགས་ན་འདིར་གནོན།]
གདགས་པ་ལ་བརྟེན་པ་ནི། གང་གིས་ན་དེར་གདགས་པ་ཙམ་ཡང་འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་པར་བྱེད་པའོ། ཞེས་སོ། །དེ་བཞིན་དུ་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་ལས་ཀྱང་འབྱུང་ཞིང་བུད་དྷ་ཤྲཱི་ཡང་དགག་རྟོག་ཏུ་འདོད་དོ། །དེ་བཞིན་དུ་ཊཱིཀ་བྱེད་སྔ་ཕྱི་ཕལ་ཆེ་བ་ཡང་དགག་རྟོག་ཏུ་འདོད་ཅིང༌། དེ་ཡང་རྩ་བ་དང་འཕགས་པ་དང་སློབ་དཔོན་རྣམས་ཀྱི་བཞེད་པར་སྨྲ་སྟེ། དགག་རྟོག་མིན་ན་ཁྱད་པར་བྱེད་ཆོས་སུ་མི་རུང་ངོ་སྙམ་དུ་བསམས་སོ། །བདག་ཉིད་ཆེན་པོ་ནི་རྫས་འཛིན་སྒྲུབ་རྟོག་ཡིན་ན་ཉོན་སྒྲིབ་ཏུ་འགྱུར་ལ། དེ་ལྟ་ན་བྱང་སེམས་ཀྱི་བཟོད་པའི་བྱེད་ཆོས་སུ་མི་རུང་བས་དེ་ནི་དགག་པའི་རྣམ་པ་ཅན་ཡིན་ཏེ། མདོ་ལས་ཀྱང་གཟུགས་ཉེ་བར་མི་དམིགས་ཞེས་སོགས་གསུངས་ལ་གཞན་གསུམ་ནི་སྒྲུབ་པའི་རྣམ་པ་ཅན་དུ་བཞེད་དོ། །དེ་ལ་སྤྱིར་བྱང་སེམས་ལ་དགག་སྒྲུབ་གཉིས་ཀའི་རྣམ་པ་ཅན་གྱི་རྟོག་པ་ཡོད་མོད། འོན་ཀྱང་སྐབས་འདིའི་རྟོག་པ་དགག་པའི་རྣམ་པར་འཆད་པ་ནི་རྩ་འགྲེལ། གང་གི་ཡང་དགོངས་པ་ཡང་མིན་ནོ། །དེ་ལ་རྩ་བའི་མིན་ཏེ། གཟུང་བར་རྟོག་པ་རྣམ་པ་གཉིས། ཞེས་སོགས་ཀྱིས་གཟུང་བར་ཞེན་པ་དང་འཛིན་པར་ཞེན་པ་དེ་དག་གི་རྟོག་པར་གསུངས་སོ། །འཕགས་པའི་ལུགས་ལ་ཡང་མི་གསལ་ཏེ། དེའི་ཚིག་གིས་ཟིན་ཚོད་ལ་ནི། བདག་གཅིག་པུར་རྟོག་པའི་རྣམ་རྟོག་ནི། ཞེས་དང༌། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། ཞེས་སོགས་དང༌། ཕུང་པོ་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི། ཞེས་ ― JLD017_Page_0411 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང༌། སྐྱེ་མཆེད་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི་ཞེས་སོགས་སྒྲུབ་པའི་རྣམ་པ་ཅན་དུ་བསྟན་པ་མ་གཏོགས་པ་དགག་པའི་རྣམ་པ་ཅན་དུ་སྟོན་པ་ཚིག་གི་ཟུར་ཙམ་ཡང་མི་འབྱུང་བས་སོ། །རྒྱན་གྱི་སྣང་བར་ཡང༌། རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན་གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེས་པ་ཡིན་ནོ་ཞེས་རྣམ་པར་བཞག་གོ་ཞེས་རྣམ་རྟོག་བཞི་ཀ་ཉན་རང་ལ་ཡང་ཡོད་ཀྱང་རང་གི་བྱང་ཆུབ་འཐོབ་པའི་གེགས་མིན་པས་ཡོད་ཀྱང་མེད་པ་དང་འདྲ་བར་གསུངས་པས་ཉན་རང་ལ་གཟུང་འཛིན་མ་དམིགས་པར་རྟོགས་པའི་དགག་རྟོག་ཡོད་པ་སློབ་དཔོན་གྱི་དགོངས་པར་ཇི་ལྟར་བཞག །དེས་ན་རྟོག་པ་བྱེད་ཆོས་སུ་འགྲོ་བ་ཡང་དགག་པའི་རྣམ་པ་ཅན་ཡིན་པས་མིན་གྱི། རང་གིས་སྐྱེད་པའི་མཐོང་སྒོམ་གྱིས་ཟད་པར་བྱ་ནུས་པའི་རྣམ་རྟོག་བཞི་དང་ལྡན་ཞེས་རང་འབྲས་ཀྱི་སྤང་བྱར་ལྡན་པའི་སྒོ་ནས་བྱེད་ཆོས་ཡིན་པ་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། སྔར་དྲངས་པའི་ལུང་དང་འདི་ལས་ཀྱང་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་ཞེས་པས་སོ། །གལ་ཏེ་ཉི་སྣང་ལས། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་གྱུར་པ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ་ཞེས་གསུངས་པའི་ཕྱིར། དགག་ ― JLD017_Page_0412 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོག་ཡིན་ཏེ། སྒྲུབ་རྟོག་གི་ངོ་བོར་སྦྱོར་ལམ་མི་ལྡན་པས་ཤེ་ན། དེ་ནི་དྲོད་སོགས་བཞི་ནི་རྟོག་པ་བཞི་ལྡན་པ་ལ་དགོངས་ཏེ་སྒྲ་ཇི་བཞིན་པར་འདོད་ན། ཉི་སྣང་ལས། གཟུང་རྟོག་དང་པོ་གང་ཡིན་གཉིས་པའང་ཡིན་པར་བཤད་པས་དྲོད་གང་ཡིན་རྩེ་མོར་ཁས་བླང་དགོས་པར་འགྱུར་རོ། །རྣམ་རྟོག་བཞི་པོ་ཉན་རང་ལ་ཡོད་པར་ཟླ་འོད་ལས་ཀྱང་གསུངས་ཏེ། རྣམ་རྟོག་བཞི་པོ་ཡོད་ཀྱང་ཉན་ཐོས་ལ་སོགས་པ་ལ་ནི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགས་མིན་པས་རྣམ་པར་བཞག་པ་མ་བྱས་སོ། ཞེས་སོ། །གཉིས་པ་ནི། གཟུང་བ་དང་འཛིན་པ་གཉིས་སོ། །འོ་ན་འདིའི་གཟུང་འཛིན་གང་ལ་བྱེད་ཅེ་ན། སྤྱིར་སངས་རྒྱས་པ་ལ་གཟུང་འཛིན་གྱི་འཇོག་ཚུལ་གསུམ་སྟེ། སྐྱེད་བྱེད་དང་ཤེས་པ་དང་ཤེས་བྱ་དང༌། བདག་དང་བདག་གི་བའི་དབང་དུ་བྱས་པའོ། །དང་པོ་ལྟར་ན། ཡུལ་དྲུག་གཟུང་བ་དང་དབང་པོ་དྲུག་ནི་འཛིན་པའོ། །གཉིས་པ་ལྟར་ན། བེམས་པོ་ཐམས་ཅད་གཟུང་བ་དང་རིག་པ་ཐམས་ཅད་འཛིན་པའོ། །གསུམ་པ་ལྟར་ན། བདག་ནི་འཛིན་པ་དང་བདག་གི་བ་ནི་གཟུང་བའོ། །དེ་ལ་འདི་ནི་ཕྱི་མའི་དབང་དུ་བྱས་པ་སྟེ་གཟུང་བ་ནི་རྫས་བཏགས་ཀྱི་བདག་གིས་སྤྱད་པར་བྱ་བ་སྟེ་བཟའ་བྱའོ། །འཛིན་པ་ནི་དེ་ལ་སྤྱོད་པར་བྱེད་པ་སྟེ་ཟ་བ་པོའོ་ཞེས་བདག་ཉིད་ཆེན་པོ་གསུང་པ་ལ་སྔོན་གྱི་མཁས་པ་དག་ཀྱང་འཐད་ཕྱོགས་སུ་བྱེད་པ་ལྟར་འཐད་དོ། །དེ་ལ་གཟུང་རྟོག་གི་ཡུལ་ནི་ཉི་སྣང་ལས། དངོས་པོ་ཙམ་ལ་བརྟེན་པ་དང་གཉེན་པོའི་ཕྱོགས་ལ་བརྟེན་པའོ། །ཙམ་སྨོས་ ― JLD017_Page_0413 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ནི་ཁྱད་པར་བསལ་བའི་དོན་དུ་ཡིན་ནོ་ཞེས་དང་པོའི་ཡུལ་ཀུན་བྱང་སོ་སོར་མ་ཕྱེ་བའི་སྤྱི་ཙམ་པ་དང༌། གཉིས་པའི་ཡུལ་རྣམ་བྱང་དུ་རིས་ཆད་པ་ལ་བྱས་ནས་དང་པོ་ལ་གཉིས་པ་ཡིན་པ་དང༌། གཉིས་པ་ལ་དང་པོ་མིན་པས་ཁྱབ་པ་མཛད་ཀྱང༌། རྒྱན་སྣང་ལས། གཞན་དག་ན་རེ་ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་ནི་དང་པོ་ཡིན་ལ། རྣམ་པར་བྱང་བའི་གཞི་ལ་བརྟེན་པ་ནི་གཉིས་པ་ཡིན་པས་འདི་གཉིས་ཕན་ཚུན་རྣམ་པར་ཆད་པའི་རང་བཞིན་ཡིན་པའི་ཕྱིར་འདི་གཉིས་ནི་ཐ་དད་པ་ཁོ་ནའོ་ཞེས་ཟེར་རོ། ཞེས་སྔ་མས་གཟུང་རྟོག་གཉིས་ཡུལ་གྱི་སྒོ་ནས་ཁྱད་པར་བཞག་པ་བཀག་ནས་རང་ལུགས་བཞག་པ་འདི་བཞིན་དུ་འཐད་དེ། གཞི་དང་དེ་ཡི་གཉེན་པོ་ཡིས། ཞེས་གཞི་སྤང་བྱའི་ཕྱོགས་སུ་བསྟན་པ་དང༌། སྔ་མ་ལྟར་ན་མ་རིག་པའི་རྟོག་པ་སོགས་རེ་རེ་ཡང་ཀུན་བྱང་མ་ལུས་པ་ལ་དམིགས་པར་ཐལ་པའི་ཕྱིར་རོ། །དེ་ལྟར་ན་ཀུན་བྱང་ངམ་རྣམ་བྱང་ལ་ཐེག་པ་ཆེ་ཆུང་གི་རྣམ་བྱང་གཉིས་སུ་ཕྱེ་བ་རྣམས་སོ། །འཛིན་རྟོག་གི་ཡུལ་ལ་ནི་ཚིག་གསལ་དུ་སོ་སོའི་སྐྱེ་བོ་ཡུལ་དུ་བྱས་ཏེ་སྐྱེས་བུ་རྫས་སུ་ཡོད་པར་འཛིན་པ་དང༌། འཕགས་པའི་གང་ཟག་ཡུལ་དུ་བྱས་ཏེ་དེ་ལ་བཏགས་པར་ཡོད་པར་འཛིན་པ་ཞེས་གཟུང་བ་དང་འཛིན་པར་སྦྱར་རོ་ཞེས་འཆད་པ་ནི་སོ་སྐྱེས་རྫས་སུ་དང་འཕགས་པས་བཏགས་པར་རྟོག་པར་བཤད་པ་མ་དགོངས་སོ། །དེས་ན་རྩ་འགྲེལ་ ― JLD017_Page_0414 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་སུ་སེམས་ཅན་རྫས་སུ་ཡོད་པ་དང་སེམས་ཅན་བཏགས་པར་ཡོད་པར་རྟོག་པ་ཞེས་གང་ཟག་ཡུལ་དུ་བཤད་དོ། །འོ་ན་ཡུལ་ཅན་རྟོག་པ་དེ་གང་ཟག་ཏུ་འཛིན་པར་འགྱུར་ལ་དེ་ལྟ་ན་རྟོག་པ་འདི་རྣམས་ཉན་རང་གི་བྱང་ཆུབ་ཀྱི་གེགས་མིན་པས་དེའི་ལམ་གྱིས་མི་སྤོང་བར་བཤད་པ་མི་འཐད་དེ་ཉོན་སྒྲིབ་ཡིན་པའི་ཕྱིར་ཞེ་ན། དེའི་ལན་ལ་ཁ་ཅིག་ན་རེ། གང་ཟག་གི་བདག་གི་ངོ་བོར་རྟོག་ན་ཉོན་སྒྲིབ་ཡིན་ཡང་འདིས་རྫས་དང་བཏགས་པའི་བདག་དེས་ཀུན་བྱང་ལ་འདོར་ལེན་བྱེད་པར་རྟོག་པས་ཆོས་གཞན་དང་འབྲེལ་བར་རྟོག་པའི་ཕྱིར་ཤེས་སྒྲིབ་བོ་ཞེས་ཟེར་རོ། །འདི་ནི་ཆེས་མི་འཐད་དེ། དེ་ལྟ་ན་དབང་ཕྱུག་འགྲོ་བའི་རྒྱུར་འཛིན་པ་ཡང་ཉོན་སྒྲིབ་མིན་པར་ཐལ་ལོ། །འདོད་ན། དེ་ཡང་བྱང་སེམས་ལམ་གྱི་ཐུན་མོང་མིན་པའི་སྤང་བྱར་འགྱུར་རོ། །མ་ངེས་ན། སྔ་མ་ཡང་ཆོས་གཞན་དང་འབྲེལ་བར་འཛིན་པའི་ཤེས་སྒྲིབ་ཡིན་པས་ཉན་རང་གི་སྤང་བྱ་མིན་པར་འདོད་པ་ཉམས་སོ། །བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་སྤང་བྱ་མིན་པར་འགྱུར་བས་ན་ཀུ་མཱ་ར་ཤྲཱིས་གང་ཟག་རྫས་སུ་ཡོད་པ་ནི་གང་ཟག་གི་རྫས་ཀྱི་བདག་ཏུ་འཛིན་པའོ། །སྐྱེས་བུ་བཏགས་པར་ཡོད་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའོ་ཞེས་དེ་གཉིས་ཀྱི་ཁྱད་པར་བཤད་པ་ཡང་མི་འཐད་དོ། །དེས་ན་རྫས་དང་བཏགས་པའི་གང་ཟག་ཡུལ་གྱི་འཛིན་པ་པོར་ཞེན་པ་ཡིན་ན་ཐུན་མོང་མ་ཡིན་པའི་སྤང་བྱ་མིན་པར་ཐལ་བ་སུས་ཀྱང་མི་ཟློག་པས་ ― JLD017_Page_0415 ―
[མ་དཔེ་གཟིགས་ན་འདིར་གནོན།]
གང་ཟག་གམ་སེམས་ཅན་དུ་རྟོག་པར་བཤད་ཀྱང་དེ་དག་དངོས་མིན་གྱི་དེ་དག་ཏུ་སྒྲོ་བཏགས་པའི་གཞི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ཆོས་ཙམ་ཞིག་ལ་གཟུང་ངོ༌། །དེ་ཡང་རྟག་གཅིག་རང་དབང་ཅན་གྱི་གང་ཟག་ཡུལ་ལ་འཛིན་པ་པོར་མི་ཞེན་ཀྱང་བདག་དེས་དབེན་པའི་ཆོས་ཙམ་ཞིག་ལ་འཛིན་པ་པོར་སྒྲོ་འདོགས་པ་སྐྱེ་ལ། ཆོས་དེ་ལ་ཡང་དོན་དམ་རྫས་གྲུབ་ཀྱི་དངོས་པོར་གཟུང་ནས་དེ་ལྟར་ཞེན་པ་དང༌། དོན་ལ་མ་གྲུབ་པའི་བཏགས་པ་ཙམ་དུ་བཟུང་ནས་དེ་ལྟར་རྟོག་པ་གཉིས་སུ་འགྱུར་རོ། །གསུམ་པ་ལ་གཉིས། རང་ལུགས་བཞག་པ་དང༌། གཞན་ལུགས་མི་འཐད་པར་བསྟན་པའོ། །དང་པོ་ནི། ཡུལ་དེ་དག་ལ་རྟོག་པས་ཇི་ལྟར་ཞེན་ཞེ་ན། ཀུན་བྱང་གི་གཟུང་བ་ལ་དམིགས་ནས་རིམ་པ་ལྟར་འདི་ནི་མཐའ་གཅིག་ཏུ་དོར་བྱའི་གཟུང་བའོ་སྙམ་དུ་མི་མཐུན་པ་དང༌། འདི་ནི་མཐའ་གཅིག་ཏུ་བླང་བྱའི་གཟུང་བའོ་སྙམ་དུ་མཐུན་པར་འཛིན་པ་འདིའི་གཟུང་རྟོག་གི་ཞེན་ཚུལ་ལོ། །འདི་ནི་ཐེག་དམན་གྱི་ལམ་ཡིན་པས་འདི་ལས་ལྡོག་པ་དང༌། འདི་ནི་ཐེག་ཆེན་གྱི་ལམ་ཡིན་པས་འདི་ལ་འཇུག་པར་བྱའོ་སྙམ་དུ་ཞེན་པ་ནི་རྩེ་མོའི་གཟུང་རྟོག་གི་ཞེན་ཚུལ་ལོ། །གང་ཟག་ཏུ་བཏགས་པའི་གཞི་རྫས་སུ་གྲུབ་པ་དང༌། དེར་བཏགས་པའི་གཞི་བཏགས་པ་ཙམ་འདི་ནི་ཡུལ་རྣམས་ཀྱི་འཛིན་པ་པོའམ། ལོངས་སྤྱོད་པ་པོའོ་སྙམ་དུ་ཞེན་པ་ནི་འཛིན་རྟོག་གི་ཞེན་ཚུལ་ལོ། ། ― JLD017_Page_0416 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ལྟར་ན་འདིར་སེམས་ཅན་དང་སྐྱེས་བུ་ཞེས་པ་ནི་ཆོས་དང་གང་ཟག་གཉིས་ཀྱི་གང་ཟག་འབའ་ཞིག་ལ་བསམས་པ་མིན་གྱི་ཡུལ་རྣམས་ཀྱི་འཛིན་པ་པོ་ཙམ་གྱི་མཚོན་བྱེད་དོ། །དེ་ལ་རྒྱན་གྱི་སྣང་བར་ནི་རྩེ་མོའི་སྐབས་སུ་སྒོམ་སྤང་གི་རྣམ་རྟོག་བཞི་ལ་ཡང་འཇུག་པ་དང་ལྡོག་པའི་གཟུང་རྟོག་དང༌། རྫས་འཛིན་དང༌། བཏགས་འཛིན་གྱི་རྟོག་པ་ཞེས་མཐོང་སྤང་དང་འདྲ་བར་འཆད་ཅིང་དེ་ལས་རྫས་སུ་ཡོད་པའི་བདག་འཛིན་པ་པོོའོ་ཞེས་དང༌། བཏགས་པར་ཡོད་པའི་བདག་འཛིན་པ་པོའོ་ཞེས་པ་ནི་ཆོས་བདག་གི་སྟེང་ནས་བཤད་དོ། །ཉི་སྣང་ལས་རྩེ་སྦྱོར་དུ་སྒོམ་སྤང་གི་རྟོག་པ་བཞི་ལ་མིང་འདོགས་ཀྱི་གསལ་ཁ་མི་སྣང་ལ། གཉེན་ཚོགས་ཀྱི་སྐབས་སུ་དངོས་པོ་ཙམ་གྱི་རྣམ་པ་དང༌། གཉེན་པོའི་རྣམ་པ་དང༌། འཕགས་པའི་གང་ཟག་ཐམས་ཅད་དུ་བཏགས་པ་དང༌། བཏགས་པ་དེའི་རྒྱུ་མཚན་ལ་བརྟེན་པ་ཞེས་དང༌། མཐོང་སྤང་བཞིའི་དང་པོ་གཉིས་ལ་རྣམ་པ་མ་སྨོས་པ་མ་གཏོགས་པ་སྔར་ལྟར་དང༌། ཕྱི་མ་གཉིས་ལ་གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་བརྟེན་པ་ཞེས་བརྡ་སྦྱོར་རོ། །སྔ་མ་བཞིའི་བརྡ་རྩེ་སྦྱོར་གྱི་སྒོམ་སྤང་བཞི་ལ་སྦྱོར་བ་འཕགས་པའི་དགོངས་པར་འདོད་པ་ནི་མི་འཐད་དེ། དེ་ལྟ་ན་མཐོང་སྤང་གི་བརྡ་ཡང་རྩེ་སྦྱོར་གྱི་མཐོང་སྤང་ལ་སྦྱོར་དགོས་པར་འགྱུར་ན། དེ་ཡང་མི་རིགས་ཏེ། ཉི་སྣང་ལས་ཀྱང་འཇུག་པ་དང་ལྡོག་པ་ལ་བརྟེན་པ་ཞེས་བཏགས་པས་སོ། །གལ་ཏེ་འཛིན་ ― JLD017_Page_0417 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོག་རྣམས་ཆོས་སུ་འཛིན་པ་ཡིན་ན། སོ་སྐྱེས་ཀྱང་ཆོས་ཐམས་ཅད་བདག་མེད་དུ་ཤེས་པ་ཡོད་པའི་ཕྱིར་དེའི་འཛིན་པ་ལ་རྫས་འཛིན་གྱིས་མ་ཁྱབ་བོ། ཞེས་དང༌། འཕགས་པ་ལ་ཡང་མཚན་མོ་འདས་ནས་ནང་པར་ངས་ཅེ་སྤྱང་སྐད་འབྱིན་པ་ཐོས་ཞེས་གསུངས་པས་འཕགས་པའི་འཛིན་པ་ལ་བཏགས་འཛིན་གྱིས་མ་ཁྱབ་པར་ཐལ་ལོ་ཞེས་པའི་ལན་དུ། སོ་སྐྱེས་བདག་མེད་རྟོགས་པ་མོས་པ་ཡིད་བྱེད་ཡིན་ལ། བཏགས་འཛིན་ནི་འདིར་དེ་ཁོ་ན་ཉིད་ཡིད་བྱེད་ལ་འདོད་ཅེས་དང༌། འཕགས་པ་ལ་ང་ཞེས་ངར་འཛིན་ཡོད་པ་སྐད་གསུངས་པ་ཐ་སྙད་དམ་བརྗོད་པ་ཙམ་ཡིན་ནོ་ཞེས་ངར་འཛིན་ལ་རྫས་འཛིན་དུ་གསུངས་ལ་རྒྱན་སྣང་ལས་ཀྱང་དེ་ལྟར་གསུངས་པས་སོ་ཤེ་ན། འདིའི་ལན་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། ཁ་ཅིག་སོ་སྐྱེའི་འཛིན་པ་ལ་རྫས་འཛིན་དང༌། འཕགས་པའི་འཛིན་པ་ལ་བཏགས་འཛིན་དུ་རྟོག་པ་དེ་གཉིས་ཀྱི་རྟོག་པར་བྱས་ནས་འཛིན་པ་དང༌། དེ་གཉིས་ཀྱི་རྟོག་པ་སོ་སོར་འཆད་པའི་ཞིབ་ཆ་ནི་ཆེས་མི་འཐད་དེ། རྟོག་པ་འདི་གཉིས་ཀྱི་ཡུལ་ལ་འཛིན་པ་དེ་གཉིས་གང་ཡང་མིན་པ་དུ་མ་སྣང་བའི་ཕྱིར་རོ། །ཚིག་གསལ་དུ། དེ་ལ་སོ་སོའི་སྐྱེ་བོ་དག་ནི་སྐྱེས་བུ་ཞེས་བྱ་སྟེ་འཇིག་རྟེན་ལ་གྲགས་པའི་རྗེས་སུ་འབྲངས་པའོ། །དེ་དག་རྫས་སུ་ཡོད་པ་ནི་ཡང་དག་པའི་ཀུན་རྫོབ་དོན་བྱ་བ་ལ་མཐུ་དང་ལྡན་པ་ཟླ་བ་གཉིས་པ་ལྟ་བུ་མ་ཡིན་པའོ། །འཛིན་པ་ནི་འདི་ནི་ ― JLD017_Page_0418 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདེན་ཏེ་མངོན་སུམ་དུ་གྱུར་པའི་ཕྱིར་དང༌། ལུང་ལས་ཀྱང༌། འགྲོ་བའི་ལས་དང་རང་བཞིན་དང༌། དབྱེ་བ་གསུངས་པའི་ཕྱིར་རོ་སྙམ་པའོ། ཞེས་སོ་སྐྱེ་དེ་ཡང་དག་ཀུན་རྫོབ་ཏུ་དོན་བྱེེད་ནུས་པས་རྫས་སུ་ཡོད་པ་དང༌། མངོན་གྱུར་ཡིན་པ་དང་དེའི་རྒྱུ་ལས་དང་འབྲས་བུ་རང་གི་ངོ་བོ་དང་འགྲོ་བའི་དབྱེ་བ་གསུངས་པ་རྣམས་རྫས་སུ་འཛིན་པའི་རྒྱུ་མཚན་དུ་བཤད་དོ། །བཏགས་འཛིན་གྱི་རྟོག་པའི་འཇུག་ཚུལ་ཡང་དེ་ཉིད་ལས། འཕགས་པའི་གང་ཟག་ནི་མྱ་ངན་ལས་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་བཏགས་པ་ཙམ་སྟེ། འདི་སྐད་དུ་དགེ་སློང་དག་ཆོས་ལྔ་པོ་འདི་དག་ནི་བཏགས་པ་ཙམ་སྟེ། ལྔ་གང་ཞེ་ན། འདས་པ་དང༌། མ་འོངས་པ་དང༌། མྱ་ངན་ལས་འདས་པ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། གང་ཟག་རྣམས་ཏེ་འདི་དག་ནི་མིང་ཙམ་མོ། ཞེས་གསུངས་པ་རྣམས་སོ། །དེ་ལྟར་འཛིན་པ་ནི་འདི་ནི་བདེན་ཏེ་འདི་ནི་མིང་ཙམ་དུ་ཡོད་པར་གྲགས་པས་གྲུབ་ཅིང༌། མིང་ཙམ་པོ་དེ་མེད་ན་སུ་ཞིག་ལམ་ལ་ནན་ཏན་བྱེད་ཅེས་མིང་ཙམ་གྱི་ཞེས་པས་འཕགས་པའི་གང་ཟག་རྣམས་ཡོད་པར་རྗེས་སུ་དཔོག་པར་ཡང་བྱེད་པའོ་ཞེས་འཕགས་པའི་གང་ཟག་རྣམས་མྱང་འདས་ཡིན་ལ་མྱང་འདས་བཏགས་ཡོད་དུ་གསུངས་པས་འཕགས་པ་བཏགས་ཡོད་དང༌། མིང་ཙམ་ཡང་མེད་ན་ལམ་ལ་ནན་ཏན་བྱེད་པ་མེད་པར་འགྱུར་བས་མིང་ཙམ་གྱིས་འཕགས་པ་ཡོད་པར་དཔོག་པ་འཛིན་སྟངས་སུ་འཆད་དོ། །འདི་ནི་ ― JLD017_Page_0419 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆེས་མི་འཐད་དེ། ལུང་ཕྱི་མ་འདིས་མྱང་འདས་བཏགས་ཡོད་དུ་གསུངས་པས་འཕགས་པའི་གང་ཟག་བཏགས་ཡོད་ཡིན་ན་སོ་སྐྱེ་ཡང་བཏགས་ཡོད་དུ་འགྱུར་ཏེ་ལུང་འདིས་གང་ཟག་རྣམས་བཏགས་ཡོད་དུ་གསུངས་པའི་ཕྱིར་རོ། །རྩ་འགྲེལ་གཉིས་ཀ་སོ་སྐྱེ་དང་འཕགས་པ་རྟོག་པ་པོར་བཤད་ཀྱི་རྟོག་པའི་ཡུལ་དུ་བཤད་པ་མེད་པ་དང༌། ཀུན་བཏུས་ལས་ཀྱང༌། སོ་སོའི་སྐྱེ་བོ་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པ་ལ་སོ་སོའི་སྐྱེ་བོ་ཞེས་གདགས་སོ། ཞེས་བཏགས་ཡོད་ལྡན་མིན་འདུ་བྱེད་དུ་གསུངས་པའི་ཕྱིར་བརྗོད་དུ་མི་རིགས་ལ། གང་ཟག་ནི་བློས་བཏགས་པ་ཙམ་ཁོ་ན་ཡིན་པས་སོ་སྐྱེ་དང་འཕགས་པ་གཉིས་ཀ་བཏགས་པ་ཙམ་དུ་མཚུངས་པས་དེ་གཉིས་ལ་རྫས་བཏགས་ཀྱི་ཁྱད་པར་མི་རུང་ངོ་། །བཞི་པ་ནི། རྩ་བའི་དབྱེ་བ་བཞི་ཡིན་ལ་ཡུལ་གྱིས་ཕྱེ་བས་དེ་དག་རེ་རེ་ཡང་དགུ་དགུར་འགྱུར་བས་སོ་དྲུག་གོ །དེ་ཡང་ཁམས་ཀྱིས་དབྱེ་ན་བརྒྱ་རྩ་བརྒྱད་དོ། །ལྔ་པ་ནི། བརྟག་བྱ་ལ་གཟུང་འཛིན་གཉིས་སུ་ངེས་པས་དེ་ལ་རྟོག་པ་ཡང་གཉིས་ཡིན་ལ། གཟུང་བ་ལ་ཡང་ཀུན་བྱང་ངམ། ཐེག་པ་ཆེ་ཆུང་གི་རྣམ་བྱང་གཉིས་སུ་ངེས་པས་གཟུང་རྟོག་གཉིས་དང༌། འཛིན་པར་ཞེན་པའི་ཡུལ་ལ་ཡང་རྫས་བཏགས་སུ་ངེས་པས་དེའི་ཡུལ་ཅན་གྱི་རྟོག་པ་གཉིས་སུ་གྲངས་ངེས་སོ། །དེ་ནི་རྩ་བའི་རྟོག་པ་བཞིའི་གྲངས་ངེས་ཡིན་ལ་རེ་རེ་ལ་དགུ་དགུར་ཕྱེ་བ་ནི་གདུལ་བྱ་འཁོར་དུ་ཉེ་བའི་ ― JLD017_Page_0420 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསམ་པ་དང་བསྟུན་པ་ཡིན་གྱི་དངོས་པོ་ལ་གནས་པའི་གྲངས་ངེས་མིན་ནོ། །འོ་ན་གཟུང་རྟོག་ལ་ཀུན་བྱང་སོ་སོ་དང་རྣམ་བྱང་འབའ་ཞིག་ཡུལ་དུ་བྱེད་པ་གཉིས་བཤད་པ་ཅི་ཞེ་ན། ཉན་རང་དང་ཐུན་མོང་བའི་ཞེན་པ་སྤོང་བའི་དབང་དུ་བྱས་ནས་དང་པོ་དང་བྱང་སེམས་ཀྱི་རིགས་ཅན་གྱི་ཐུན་མོང་མ་ཡིན་པའི་ཞེན་པ་སྤོང་བའི་དབང་དུ་བྱས་ནས་གཉིས་པ་བཤད་དོ། །དྲུག་པ་ནི། རྩ་བའི་རྟོག་པ་ནི་ངེས་འབྱེད་བཞིའི་གོ་རིམ་དང་བསྟུན་ལ་ཡན་ལག་དགུ་དགུར་ཕྱེ་བ་ལ་ནི་བརྗོད་འདོད་ཙམ་དུ་ཟད་ཀྱི་རྒྱུ་མཚན་གཞན་མེད་དོ། །བདུན་པ་ནི་ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་ནི་མ་ཡིན་པ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་གཟུགས་ལ་སོགས་པ་ཡུལ་དྲུག་གོ །གཉིས་པ་ནི། སྐད་ཅིག་མ་གཅིག་དང་ལྡན་པའི་རྣམ་པར་རིག་པའོ། །གསུམ་པ་ནི་སྐད་ཅིག་མ་གཞན་གྱི་དེ་ཉིད་དོ། །བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ཞེས་བཤད་དོ། །དེའི་དོན་ལ་སྔ་མ་དག་ན་རེ། མུ་དང་པོ་སེམས་བྱུང་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དང་བཅས་པའི་ཡུལ་དྲུག་ལ་རྟོག་པའོ། །གཉིས་པ་ནི་སྔོ་འཛིན་གྱི་མིག་ཤེས་སྐད་ཅིག་དང་པོ་ལྟ་བུ་ལ་རྟོག་པའོ། །གསུམ་པ་ནི་མིག་ཤེས་དེ་ཉིད་ཀྱི་རྒྱུན་ལ་རྟོག་པ་སྟེ་རང་ཡུལ་ལ་འཛིན་པ་ཡིན་ལ། རྗེས་ཀྱི་ངེས་ཤེས་ཀྱིས་ཡུལ་དུ་བྱས་པས་དེ་གཟུང་བའོ། །འོ་ན་མུ་གཉིས་པ་ལ་ཡང་མཚུངས་ཤེ་ན། སྐད་ཅིག་མ་སོ་སྐྱེས་ངེས་མི་ནུས་ལ་རྒྱུན་འཛིན་ ― JLD017_Page_0421 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནུས་པས་མི་མཚུངས་སོ། །གཞན་ཡང་མུ་རྩི་བ་ལ་ཁྱབ་ཆེས་སྐྱོན་མིན་གྱི་དེ་ལྟ་བུ་སྲིད་པར་སྟོན་པ་ཡིན་གྱི་ངེས་པ་མིན་ནོ་ཞེས་མི་བརྗོད་པས་སོ་ཞེས་འཆད་ཀྱང་མུ་གཉིས་པ་ནི་རྗེས་སུ་སྐྱེས་པའི་ངེེས་ཤེས་ཀྱིས་ཡུལ་དུ་མ་བྱས་པ་ཡིན་ལ། མུ་གསུམ་པ་ནི་དེས་ཡུལ་དུ་བྱས་པ་ལ་བསམས་པའི་དབང་དུ་བྱས་ཞེས་བརྗོད་ན་ལེགས་སོ། །འོ་ན་ལོངས་སྤྱོད་པ་པོ་ལ་འཛིན་པ་དང་ལོངས་སྤྱད་བྱ་ལ་གཟུང་བར་བཤད་པ་མི་འཐད་དེ། མུ་རྩི་བའི་སྐབས་ཀྱི་གཟུང་འཛིན་དང་མི་མཐུན་པའི་ཕྱིར་ཞེ་ན། འདི་ཡིས་འཁྲུལ་གཞི་བྱས་ནས་སྔར་ཡང་གཟུང་བ་ལ་རྟོག་ན་གཟུང་རྟོག་དང་འཛིན་པ་ལ་རྟོག་ན་འཛིན་རྟོག་ཏུ་བྱས་ནས་ལོག་རྟོག་ཏུ་བྱེད་པ་བྱུང་མོད། དེ་དག་གིས་ནི་ལེགས་པར་མ་རྟོགས་ཏེ། དེ་ལྟ་ཡིན་ན་རྟོག་པ་དང་པོ་གཉིས་ཀྱི་ཡུལ་དུ་ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་དང༌། རྟོག་པ་བཞི་པའི་ཡུལ་དུ་གཟུགས་ཅན་བཤད་པ་རྣམས་དོར་དགོས་པར་འགྱུར་རོ། །དེས་ན་འདི་ནི་གཟུང་འཛིན་གྱི་རྟོག་པ་བཤད་པའི་ཞར་ལ་སྤྱི་སྐད་ལ་གྲགས་ཚོད་ཀྱི་གཟུང་འཛིན་བཤད་ནས་དེ་ལ་མུ་རྩིས་པ་ཡིན་ཏེ། གཞན་དུ་ན་གཟུང་རྟོག་རྐྱང་པའི་ཡུལ་ལ་རིག་པ་མེད་པ་དང༌། འཛིན་རྟོག་རྐྱང་པའི་ཡུལ་ལ་ཤེས་པ་སྐད་ཅིག་གིས་ཁྱབ་པའི་རྣམ་གཞག་མཛད་དགོས་ན་དེ་འདྲ་བ་གང་དུ་ཡང་མ་མཛད་པ་དང༌། རྟོག་པ་གཉིས་ཀྱི་ཞེན་སྟངས་དང༌། གཉེན་པོ་མི་མཐུན་པར་བཤད་པས་དེ་གཉིས་གཞི་མཐུན་ ― JLD017_Page_0422 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་མི་རུང་བའི་ཕྱིར་རོ། །དེའི་རིགས་པ་ནི་རྒྱན་གྱི་སྣང་བར་བཤད་པ་ལ་ཡང་རིག་པར་བྱའོ། །དེ་ལྟར་ན་རྟོག་པ་འདི་དག་གི་ཡུལ་དང་དེ་ལ་ཞེན་ཚུལ་སོགས་ནི་རྩ་བའི་ཚིག་སྣ་ཐུངས་ཤིང་འགྲེལ་པ་རྣམས་སུ་ཡང་ཞིབ་ཏུ་དཔྱད་པ་མི་སྣང་བས་ཤིན་ཏུ་རྟོགས་དཀའ་བར་འདུག་པའི་ཕྱིར། གངས་ཅན་པ་རྣམས་ལ་ཡང་ཇི་ལྟ་བ་བཞིན་བཤད་རྒྱུ་མ་བྱུང་བར་སྣང་མོད། ཁོ་བོས་ནི་ཞིབ་པའི་བློས་མཁས་པ་རྣམས་ཀྱི་ལུགས་ལེགས་པར་བརྟགས་ནས་རྫོགས་པར་དཔྱད་དོ། །གཉིས་པ་ནི་རྩེ་སྦྱོར་དུ་འཆད་པར་འགྱུར་རོ། །གཉིས་པ་ལ་བཞི། མཚམས་སྦྱར། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། དམིགས་རྣམ་རྒྱུ་གསུམ་དུ་མ་ཟད་རྣམ་པར་རྟོག་པ་བཞི་དང་ལྡན་པའི་ཁྱད་པར་ཡང་བར་སྐབས་ཀྱི་ཚིགས་བཅད་གཉིས་ཀྱིས་གསུངས་སོ། །དགོས་པ་ནི། མདོར་བསྟན་དུ་བཤད་པའི་དོན་གསལ་བར་བྱ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། གཟུང་རྟོག་དང་འཛིན་རྟོག་མདོར་བསྟན་པའོ། །དང་པོ་ལ་གཉིས། རྩ་བ་དང་འགྲེལ་པའོ། །དང་པོ་ནི། གཟུང་བར་རྟོག་པ་ནི་དབྱེ་གཞིའོ། །རྣམ་པ་གཉིས་ནི་དབྱེ་བའོ། །གཞི་ཀུན་ནས་ཉོན་མོངས་དང་དེའི་གཉེན་པོ་རྣམ་བྱང་ནི་འབྱེད་པའི་རྒྱུ་མཚན་ནོ། །དེ་ནི་རྩ་བའི་དབྱེ་བ་ཡིན་ལ། ཡན་ལག་གི་དབྱེ་བ་ནི། གཟུང་རྟོག་དེ་ནི་སོ་སོར་ཏེ་རེ་རེ་ལ་རྣམ་པ་དགུ་སྟེ། ཡུལ་རྨོངས་པ་སོགས་དགུ་དང༌། རྣམ་བྱང་གི་ཕུང་སོགས་དགུར་ཡོད་པའི་བྱེ་བྲག་གིས་སོ། །གཉིས་པ་ནི་གོ་བར་ཟད་དོ། །གཉིས་ ― JLD017_Page_0423 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ལ་གཉིས་ལས། དང་པོ་ནི། གཟུང་རྟོག་ཏུ་མ་ཟད་འཛིན་པའང་དབྱེ་གཞིའོ། །རྣམ་པ་གཉིས་ནི་དབྱེ་བའོ། །རྫས་དང་བཏགས་པའི་རྟེན་ཅན་གྱིས་ནི་རྒྱུ་མཚན་ཏེ་རྩ་བའི་དབྱེ་བའོ། །འདིར་རྟེན་ཅན་ཞེས་པ་ཐམས་ཅད་ཡུལ་ཅན་ལ་གོ་བར་བྱའོ། །ཡན་ལག་གི་དབྱེ་བ་ནི། གཟུང་རྟོག་དེ་བཞིན་དུ་འཛིན་རྟོག་ལ་ཡང་རེ་རེ་ལ་དགུ་དགུ་སྟེ། བདག་རང་དབང་ཅན་ལ་སོགས་པར་དམིགས་པ་དང༌། ཕུང་སོགས་ཀྱི་རྟེན་ཏེ་ཡུལ་ལ་དམིགས་པ་དགུར་ཡོད་པ་ཉིད་ཀྱིས་སོ། །གཉིས་པ་ནི་གོ་བར་ཟད་དོ། །གསུམ་པ་ནི། རྟོག་པ་བཞིར་ཕྱེ་བ་དེ་ལ་མདོར་བསྡུས་ཏེ་རྩ་བར་བསྟན་པའི་དོན་རྒྱས་པར་བཤད་ན་འདི་ཡིན་ཏེ་ཞེས་མཚམས་སྦྱར་རོ། །འདི་ལ་གཉིས། གཟུང་རྟོག་དང་འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གཟུང་རྟོག་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་གཟུང་རྟོག་ལ་དབྱེ་ན་དགུ་རྣམས་སུ་ཡོད་དེ། དེ་ཡང་ཡུལ་དགུ་ལ་རྟོག་པའི་སྒོ་ནས་སོ། །ཡུལ་དགུ་གང་ན། དང་པོ་ནི་ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྟེ། ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ། །གསོལ་བ་བཅོམ་ལྡན་འདས་འོ་ན་ཆོས་འདི་དག་ནི་ཇི་ལྟར་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཇི་ལྟར་མེད་པ་དེ་ལྟར་ཡོད་དེ་དེ་ལྟར་ ― JLD017_Page_0424 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡོད་པ་མ་ཡིན་པས་དེའི་ཕྱིར་མེད་པ་ཞེས་བྱའོ། ཞེས་སོ། །ཉི་སྣང་དང་རྒྱན་སྣང་དུ་དེའི་ཕྱིར་མ་རིག་པ་ཞེས་དྲངས་སོ། །གཉིས་པ་ནི། མ་རིག་པས་ཀུན་ནས་བསླང་བའི་ལས་ཀྱིས་བསྐྱེད་པའི་གཟུགས་སོགས་ཟག་བཅས་ཀྱི་ཕུང་པོ་དང༌། གསུམ་པ་ནི་མིང་ཕུང་པོ་ཕྱི་མ་བཞི་དང་གཟུགས་དང་བཅས་པ་ལ་བདག་དང་བདག་གི་བར་མངོན་པར་ཞེན་པ་དང༌། བཞི་པ་ནི་འཇིག་ལྟས་ཞེན་པའི་ཡུལ་དེ་ལ་མཐར་ལྟས་རྟག་ཆད་ཀྱི་མཐའ་གཉིས་སུ་ཆགས་པ་དང༌། ལྔ་པ་ནི་དེ་ལྟར་ཆགས་པས་མ་རིག་པ་ནས་རྒ་ཤིའི་བར་གྱི་ཀུན་ནས་ཉོན་མོངས་དང་སེམས་བསྐྱེད་ནས་སངས་རྒྱས་ཀྱི་བར་གྱི་རྣམ་བྱང་གི་སྐྱོན་དང་ཡོན་ཏན་མི་ཤེས་པ་དང༌། དྲུག་པ་ནི་དེ་ལྟར་མ་ཤེས་པས་སྦྱིན་པ་ནས་མ་འདྲེས་པའི་བར་གྱི་འཕགས་ལམ་ལ་མི་གནས་པ་དང༌། བདུན་པ་ནི་དེ་ལྟར་ལམ་ལས་གོལ་བས་ཆོས་རྣམས་ལ་ཕྱིན་ཅི་ལོག་ཏུ་དམིགས་པ་དང༌། བརྒྱད་པ་ནི་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་འདུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། ཞེས་པ་ལྟར་ཕྱིན་ཅི་ལོག་ཏུ་དམིགས་པས་བདག་གི་ཆ་ལ་ཆགས་པ་དང་སོགས་པས་གཞན་གྱི་ཆ་ལ་སྡང་བ་ཞེས་བཤད་ཀྱི་བདག་དང་སེམས་ཅན་སོགས་ལ་འཆད་པ་ནི་དགོངས་པ་མིན་ཏེ། རྒྱན་སྣང་ལས་ལུང་འདི་དྲངས་ནས་བདག་ལ་སོགས་པ་ལ་མངོན་པར་ཞེན་པ་ཞེས་པས་སོ། །དགུ་པ་ནི་རྣམ་པར་དག་པ་མྱང་འདས་བརྒྱུད་ནས་ ― JLD017_Page_0425 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྐྱེད་པའི་སྡུག་བསྔལ་ཏེ་དེ་ཡང་སྐྱོ་བའི་རྒྱུ་ཡིན་པས་སོ། །སོགས་པས་མཐོ་རིས་སྐྱེད་པའི་ཟག་བཅས་རྣམས་བསྡུའོ། །འདི་འགོག་བདེན་སྐྱེད་པའི་ལམ་བདེན་ལ་འཆད་པ་ནི་མི་འཐད་དེ། རྟོག་པ་འདིའི་ཡུལ་ཀུན་ཉོན་ཡིན་པས་སོ། །དེ་ལྟར་ན་དང་པོ་ནི་མ་རིག་པ། གསུམ་པ་ནི་འཇིག་ལྟ། བཞི་པ་ནི་མཐར་ལྟ་ཡིན་པས་ཉོན་མོངས་པའི་ཀུན་འབྱུང་ཡིན་ལ། གཉིས་པ་ནི་སྐྱེ་བའི་ཀུན་འབྱུང་ཡིན་པས་ཀུན་ནས་ཉོན་མོངས་ཀྱི་ངོ་བོའོ། །ལྷག་མ་ནི་ཀུན་ནས་ཉོན་མོངས་ཀྱི་ཉེས་དམིགས་དང་ངོ་བོ་ཅི་རིགས་པའོ། །ཡུལ་དེ་ལ་རྟོག་པའི་ཚུལ་ཡང་འདི་དག་ནི་ཀུན་ཉོན་གྱི་གཟུང་བ་ཡིན་པས་དོར་བྱའོ་སྙམ་དུ་ཞེན་པའོ། །རྟོག་པ་ཕྱི་མ་གསུམ་པོ་འདི་དང་གཉིས་པ་ནི་མདོ་ནས་གཉེན་པོའི་སྒོ་ནས་བསྟན་ཏོ། །གཉིས་པ་ནི། གཉེན་པོ་རྣམ་བྱང་གི་རྟེན་ཅན་གྱི་གཟུང་རྟོག་ལ་དབྱེ་ན་རྣམ་པ་དགུར་ཡོད་དེ། དེ་ཡང་ཡུལ་དགུ་ལ་རྟོག་པའི་སྒོ་ནས་སོ། །ཡུལ་དགུ་གང་ན། དང་པོ་ནི། ཕུང་པོའི་དོན་རྣམ་བྱང་དུ་མ་སྤུངས་པ་སྟེ། དེ་ཐབས་མི་མཁས་པས་གཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན། རྣམ་པར་ཤེས་པའི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན། ཞེས་སོ། །རྣམ་བྱང་དུ་གཏོགས་པ་ཞེས་འོག་མ་རྣམས་ལའང་སྦྱར་རོ། །གཉིས་པ་ནི། སྐྱེ་བའི་སྒོའི་དོན་སྐྱེ་མཆེད་དང༌། གསུམ་པ་ནི་རིགས་ཀྱི་དོན་ཁམས་དང༌། བཞི་པ་ནི། སྐྱེ་བའི་དོན་རྟེན་འབྲེལ་མ་བྱུང་བ་ལས་བྱུང་བའོ། །འདིར་མདོ་ལས་མ་རིག་པ་ནས་རྒ་ ― JLD017_Page_0426 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཤིའི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་གསུངས་པའི་དོན་བདག་ཉིད་ཆེན་པོས་རྟེན་འབྲེལ་ལུགས་བཟློག་ཏུ་བཤད་པ་ལྟར་ཁས་བླང་སྟེ། ཉི་སྣང་ལས། རྣམ་པར་བྱང་བའི་ཆར་གཏོགས་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ་ཞེས་པས་སོ། །ལྔ་པ་ནི་སྟོང་པ་ཉིད་ཀྱི་དོན་ཏེ། དབུ་མའི་རྩ་བ་ལས། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། ཞེས་པ་ལྟར་མེད་དགག་ཙམ་ལྟ་བས་བྱས་པའི་འཛིན་པའི་གཉེར་པོར་མི་རུང་བས་གང་ལ་དམིགས་ན་དེ་དག་དྲུངས་འབྱིན་པའི་ཟབ་མོ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དེ། སྟོང་ཉིད་ཀྱི་དོན་ནི་ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ། ཞེས་པ་ལྟར་ཡིན་པས་སོ། །དྲུག་པ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏེ། དངོས་པོ་མེད་ཙམ་དོན་གཉིས་ཕུན་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་བྱེད་མིན་པས་དེའི་ཕ་རོལ་ཏུ་ཕྱིན་བྱེད་དོ། །བདུན་པ་ནི་མཐོང་སྤང་གི་སྤང་བྱ་དང་འབྲེལ་བར་བྱེད་པ་ལ་ནུས་པ་དང་ལྡན་པའི་ཤེས་བཟོད་བཅུ་དྲུག་གི་མཐོང་ལམ་དང༌། བརྒྱད་པ་ནི་ཡན་ལག་དང་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བའི་བསམ་གཏན་དང་གཟུགས་མེད་ཀྱི་ངོ་བོ་སྒོམ་ལམ་དང༌། དགུ་པ་ནི་བསླབ་པ་ཡོངས་སུ་རྫོགས་པའི་མི་སློབ་པའོ། །དེ་དག་ཀྱང་རྣམ་བྱང་གི་དངོས་པོ་དང་རྐྱེན་དང་རྒྱུ་དང་རྟེན་འབྲེལ་དང༌། དམིགས་པ་དང༌། སྤྱོད་པ་དང་། དབྱེ་བ་སྟེ་དང་པོ་དྲུག་དང་ཐ་མ་གསུམ་ ― JLD017_Page_0427 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིམ་པ་བཞིན་ནོ། །དེ་དག་ལ་ཞེན་ཚུལ་ཡང་འདི་ནི་རྣམ་བྱང་གི་གཟུང་བ་ཡིན་པས་བླང་བྱའོ་སྙམ་དུ་ཞེན་པའོ། །འདི་དགུ་ནི་མདོ་ལས་བཞི་པ་མ་གཏོགས་པ་ངོ་བོའི་སྒོ་ནས་བསྟན་ཏོ། །གཉིས་པ་ལ་གཉིས། རྫས་འཛིན་དང༌། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཟག་སྟེ་འཛིན་པ་པོ་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ལ་དབྱེ་ན་རྣམ་པ་དགུ་རྣམས་སུ་ཡོད་དེ། དེ་ཡང་ཡུལ་ལ་རྟོག་པའི་སྒོ་ནས་སམ་ཡུལ་ཅན་གྱི་འཛིན་སྟངས་དགུ་ཡོད་པའི་སྒོ་ནས་སོ། །འཛིན་སྟངས་དགུ་གང་ཞེ་ན། དང་པོ་ནི། བདག་སྟེ་ཡུལ་གྱི་འཛིན་པ་པོ་གཞན་ལ་མ་ལྟོས་པའི་རང་དབང་ཅན་དུ་འཛིན་པ་སྟེ། བདག་ཉེ་བར་མི་དམིགས་དེ་བཞིན་དུ་སེམས་ཅན་དང་སྲོག་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་དང་ཤེས་པ་པོ་དང་མཐོང་བ་པོ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མེད་ཅིང་མི་དམིགས་སོ། ཞེས་སོ། །བདག་གི་འབྲུ་གནོན་དེ་འོག་མ་རྣམས་ལ་ཡང་རིག་པར་བྱའོ། །གཉིས་པ་ནི། བདག་ཟླ་མེད་པའི་གཅིག་པུ་དང་གསུམ་པ་ནི་བདག་རྣམ་ཤེས་ཀྱི་སྒོ་འབྱེད་པའི་རྒྱུ་དང༌། བཞི་པ་ནི་བདག་ལྟ་བ་པོ་ནས་ཤེས་པ་པོའི་རྫས་སུ་རྟོག་པ་སྟེ། འདི་གསུམ་གྱི་འཁྲུལ་གཞི་ནི་རིམ་པ་ལྟར་ཕུང་པོ་སྐྱེ་མཆེད་ཁམས་གསུམ་མོ། །ལྔ་པ་ནི། བདག་མ་རིག་པ་ནས་རྒ་ཤིའི་བར་གྱི་ཀུན་ནས་ཉོན་མོངས་གསུམ་དང༌། དྲུག་པ་ནི་ ― JLD017_Page_0428 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་ལམ་གྱིས་འོག་ས་ལས་འདོད་ཆགས་དང་བྲལ་བ་དང༌། བདུན་པ་ནི་བདག་བདེན་བཞིའི་མཚན་ཉིད་མངོན་སུམ་དུ་མཐོང་བའི་ལམ་དང༌། བརྒྱད་པ་ནི་བདག་རྣམ་ཐར་མཐར་གནས་རྣམས་ཀྱི་ངོ་བོར་གྱུར་པའི་སྒོམ་ལམ་དང༌། དགུ་པ་ནི་བདག་དེ་ཡང་དག་པར་སློབ་པའི་དོན་ནམ་དགོས་པ་བསྒྲུབས་ཟིན་པའི་མི་སློབ་ལམ་གྱི་རྟེན་གྱི་རྫས་སུ་རྟོག་པ་སྟེ། དེ་ཡང་དང་པོ་བཞི་བདག་གི་མཚན་ཉིད་དུ་རྟོག་པ་ཡིན་ལ། ལྷག་མ་རྣམས་བདག་དང་འབྲེལ་བར་རྟོག་པ་སྟེ་ལྔ་པས་ཀུན་ཉོན་དང༌། དྲུག་པས་འཇིག་རྟེན་དང༌། ལྷག་མས་འཇིག་རྟེན་ལས་འདས་པའི་རྣམ་བྱང་གི་རྟེན་དུ་འཛིན་པ་སྟེ། མདོར་ན་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་རྟེན་ལ་འཛིན་པ་པོ་ཆོས་ཙམ་དུ་གྱུར་པའི་རྫས་ཤིག་ཏུ་ཞེན་པའོ། །རྟོག་པ་འདི་དགུ་ནི་ཡུལ་མི་དམིགས་པར་བསྟན་པ་གཉེན་པོའི་སྒོ་ནས་མདོ་ལས་བསྟན་ཏོ། །དེ་ཡང་ཉི་སྣང་ལས། ཚད་མའི་བརྟགས་པ་དང་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་རྟེན་འབྲེལ་དང་འོག་ས་ལས་འདོད་ཆགས་དང་བྲལ་བ་དང༌། བདེན་པ་མངོན་སུམ་དུ་མཐོང་བ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པའི་སྒོམ་པའི་དོན་རྣམས་རིམ་པ་ལྟར་རྟོག་པ་དང་པོ་བརྒྱད་ཀྱི་གཉེན་པོར་གསུངས་ནས་ཐ་མ་ལ་གཉེན་པོ་མ་བཤད་དོ། །གཉིས་པ་ནི་སྐྱེས་བུ་སྟེ་འཛིན་པ་པོ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ལ་དབྱེ་ན་རྣམ་པ་དགུར་ཡོད་དེ། དེ་ཡང་ཡུལ་དགུ་ལ་རྟོག་པའི་སྒོ་ནས་སོ། །ཡུལ་ ― JLD017_Page_0429 ―
[མ་དཔེ་གཟིགས་ན་འདིར་གནོན།]
དགུ་གང་ན། དང་པོ་ནི་གཟུགས་སོགས་ཀྱི་ཕུང་པོ་སྟེ། རབ་འབྱོར་དེ་ཇི་སྙམ་དུ་སེམས་གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ཞེས་སོ། །གཉིས་པ་ནི་མིག་སོགས་ཀྱི་སྐྱེ་མཆེད་དང༌། གསུམ་པ་ནི་གཟུགས་ཀྱི་ཁམས་སོགས་ཁམས་བཅོ་བརྒྱད་དང༌། བཞི་པ་ནི་མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་དང༌། ལྔ་པ་ནི་ཕྱོགས་མཐུན་སོ་བདུན་གྱི་རྣམ་པར་བྱང་བ་དང༌། དྲུག་པ་ནི་རྣམ་ཐར་སྒོ་གསུམ་གྱི་ངོ་བོའི་མཐོང་ལམ་དང༌། བདུན་པ་ནི་བསམ་གཏན་གཟུགས་མེད་ཀྱི་སྒོམ་ལམ་དང༌། བརྒྱད་པ་ནི་ཉན་ཐོས་སོགས་ལས་ཕུལ་དུ་བྱུང་བ་སྟོང་ཉིད་རྟོགས་པའི་ཁྱད་པར་གྱི་ལམ་དང༌། དགུ་པ་ནི་སྟོབས་ལ་སོགས་པའི་མི་སློབ་པའི་ལམ་སྟེ། དང་པོ་བཞི་ལས་ཀྱི་སྒྱུ་མ་དང༌། ལྷག་མ་རྣམས་ཡེ་ཤེས་ཀྱི་སྒྱུ་མས་སྐྱེད་པའི་བཏགས་པ་ཙམ་མོ། །དེ་ཡང་སྐྱེ་མཆེད་ཁམས་རྟེན་འབྲེལ་ཆོས་སོ་བདུན་རྣམ་ཐར་གསུམ་བསམ་གཏན་གཟུགས་མེད་སྟོང་པ་ཉིད་སྟོབས་ནས་མ་འདྲེས་པའི་བར་རྣམས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་དེ་དག་ཐམས་ཅད་རྫས་སུ་མེད་པའི་བཏགས་པ་ཙམ་དུ་གསུངས་པས་ཡུལ་བསྟན་པའི་སྒོ་ནས་མདོ་ལས་བསྟན་ཏོ། །དེ་ལ་ཞེན་པའི་ཚུལ་ནི་བཏགས་པ་ཙམ་གྱི་འཛིན་པའོ་སྙམ་དུ་ཞེན་པའོ། ། ― JLD017_Page_0430 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞི་པ་ནི་སྔར་བཤད་པ་དེ་ལྟ་བུའི་ཞེས་སོགས་སོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། རྟོག་པའི་འཇུག་ཐོགས་སུ་བར་ཚིགས་གཅིག་གིས་ཡོངས་འཛིན་གསུངས་སོ། །འོ་ན་མདོར་བསྟན་དང་གོ་རིམ་འགལ་བས་རྒྱས་བཤད་དུའང་རྟོག་པའི་སྔོན་དུ་བཤད་དགོས་ཤེ་ན། མདོར་བསྟན་དུ་ཡོངས་འཛིན་རྟོག་པའི་སྔར་གསུངས་པའི་དགོས་པ་ནི་དམིགས་རྣམ་མདོར་བསྟན་གྱི་ཚིགས་བཅད་སྦྱར་བ་དང་མཐུན་པར་ཏེ་སྦྱར་སླ་བའི་ཕྱིར་རོ། །དེ་ལྟ་ན་ཡང་རྒྱས་བཤད་དུ་མཇུག་ཏུ་བསྟན་པའི་དགོས་པ་ནི་སྔར་ཇི་སྐད་བཤད་པའི་དམིགས་རྣམ་རྒྱུ་གསུམ་རྟོག་པ་དང་བཅས་པ་ཁྱད་པར་བྱེད་ཆོས་སུ་འགྱུར་བ་ནི་ཡོངས་འཛིན་དེའི་སྟོབས་ཀྱིས་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཡང་སྔ་མས་ནི་དོགས་པའི་ངོ་བོ་བསུས་ནས་རྒོལ་བ་ཁོང་ནས་ལེན་ལ། ཕྱི་མ་ནི་མདོར་བསྟན་དུ་སྔོན་དུ་བཤད་པ་ལ་དགོས་པ་ཡོད་པར་མ་ཟད་པའོ། །གཉིས་པ་ནི་འཕགས་པས་རྐང་པ་དང་པོ་དང་ཐ་མ་སྦྲེལ་བ་ཐབས་མཁས་དང༌། གཉིས་པ་དང་ཐ་མ་སྦྲེལ་བ་དགེ་བའི་བཤེས་གཉེན་དང༌། གསུམ་པ་ནི་དེ་གཉིས་ཀའི་མི་མཐུན་ཕྱོགས་སྟོན་པས་གཉིས་ཀའི་ཁྱད་པར་དུ་འཆད་དོ། །དེ་ལ་ཐབས་མཁས་ནི། སྐྲག་པ་དང་དངང་བ་དང་ཤིན་ཏུ་དངང་བ་སྟེ་སྐྲག་པ་ཆུང་འབྲིང་ཆེ་གསུམ་གྱི་གཉེན་པོར་སེམས་མི་འགོང་ཡང་དག་པར་མི་འགོང་ཡང་དག་པར་འགོང་བར་མི་འགྱུར་བའི་རྒྱུ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས། ཕུང་པོ་ལྔ་ལ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཞི་བ་དབེན་པ་སྟོང་པ་མཚན་མེད་སྨོན་མེད་རྣམས་ ― JLD017_Page_0431 ―
[མ་དཔེ་གཟིགས་ན་འདིར་གནོན།]
སུ་མི་དམིགས་པའི་ཚུལ་གྱིས་སོ་སོར་རྟོག་ཅིང་ཕུང་པོ་ལྔ་པོ་དེ་དག་མི་རྟག་སོགས་སུ་སྟོན་པ་དང༌། མི་རྟག་སོགས་སུ་ཡིད་བྱེད་ཀྱིས་མཆོག་འཛིན་མེད་པ་དང༌། ཁམས་དྲུག་ལ་མི་རྟག་སོགས་སུ་འདོད་ཅིང་བཟོད་ལ་སོ་སོར་རྟོག་པ་དང༌། ཕུང་སོགས་རྣམས་ལ་མི་རྟག་སོགས་སུ་སོ་སོར་རྟོག་ཅིང་མི་དམིགས་པ་དང་ལྡན་པས་རྣམ་མཁྱེན་ཡིད་བྱེད་མི་འདོར་བ་དང༌། ཐེག་དམན་ཡིད་བྱེད་ཀྱི་སྐབས་མི་འབྱེད་པ་དང༌། ཕུང་པོ་ནས་མ་འདྲེས་པའི་བར་རྣམས་རང་རང་གི་སྟོང་ཉིད་ཀྱིས་སྟོང་པ་མིན་པ་དང༌། དེ་རྣམས་དང༌། དེའི་སྟོང་ཉིད་དག་ཕན་ཚུན་དེའི་རང་བཞིན་དུ་རྗེས་སུ་ཤེས་པ་རྣམས་རིམ་པ་ལྟར་ཕྱིན་དྲུག་ཡིན་པ་རྣམས་སོ། །དེའི་མི་མཐུན་ཕྱོགས་ནི་རྣམ་མཁྱེན་ཡིད་བྱེད་དང་བྲལ་བས་ཕར་ཕྱིན་ནས་མ་འདྲེས་པའི་བར་རྣམས་སྒོམ་པ་ན་དེ་དག་ཏུ་རློམ་པས་དངང་བ་སོགས་སུ་འགྱུར་བར་གསུངས་པའོ། །དགེ་བཤེས་ནི་ཕུང་པོ་ནས་མ་འདྲེས་པའི་བར་གྱི་ཆོས་རྣམས་མི་རྟག་སོགས་སུ་ངོ་བོ་ཉིད་མེད་པའམ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་སོགས་པས་ཐབས་མཁས་དང་བདུད་ལས་རྣམས་སྟོན་པ་དང་དགེ་རྩ་རྣམས་ཀྱང་རྣམ་མཁྱེན་མ་གཏོགས་པ་ཉན་རང་གི་སར་བསྔོར་མི་འཇུག་པའོ། །དེའི་མི་མཐུན་ཕྱོགས་ནི་ཕྱིན་དྲུག་དང་བྲལ་བའི་དོན་དུ་འདི་ནི་སངས་རྒྱས་ཀྱིས་མ་གསུངས་ཀྱི་སྙན་དངགས་མཁན་གྱི་རང་བཟོའོ་ཞེས་སྟོན་པ་དང༌། ཕྱིན་དྲུག་ལ་མོས་པ་བཟློག་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་སྦྱོར་བར་བྱེད་པ་དང༌། ― JLD017_Page_0432 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་བདག་དང་བདག་གིས་སྟོང་ན་སངས་རྒྱས་ཏེ་ཅི་བྱ་ཞེས་སྟོན་ཞིང་བདུད་ལས་དང་བདུད་ལས་མིན་པ་མི་སྟོན་པ་ནི་སྡིག་གྲོགས་སུ་རིག་པར་བྱའོ་ཞེས་གསུངས་པ་རྣམས་ཏེ། དེ་དག་ཀྱང་རིམ་པ་ལྟར་གཞུང་དང་ལམ་དང་འབྲས་བུ་སྤོང་བའི་སྡིག་གྲོགས་སོ། །དེས་ན་མི་མཐུན་ཕྱོགས་དེ་གཉིས་བོར་བ་ནི་ཡོངས་འཛིན་ཡིན་ནོ། །གསུམ་པ་ནི། ལེ་བརྒྱད་མར་ཐབས་མཁས་དང་ཡོངས་འཛིན་གཉིས་སོ་སོར་མཛད་ཀྱང་རྒྱན་སྣང་དང་འདི་གཉིས་སུ་དེ་གཉིས་གཅིག་ཏུ་བསྡུས་ནས་དགེ་བཤེས་ཉིད་ཡོངས་འཛིན་དུ་འཆད་དོ། །ཁྱད་པར་གསུམ་ལྡན་གྱི་དགེ་བཤེས་ནི་ཡོངས་འཛིན་ཡིན་ནོ། །གསུམ་གང་ན་ཐབས་མཁས་ཀྱི་ཁྱད་པར་ནི་སྟོང་ཉིད་འཇིགས་པའི་གནས་མིན་པ་ལ་འཇིགས་པའི་དངང་བ་དང་དེ་ལ་རྒྱུན་དུ་འཇིགས་པའི་སྐྲག་པ་དང༌། སྐྲག་པ་དེ་ཉིད་ངེས་པར་གྱུར་པའི་ཀུན་ཏུ་སྐྲག་པ་སྟེ། དེ་དག་གི་གཉེན་པོར་གདུལ་བྱའི་སེམས་སྟོང་ཉིད་ལ་མི་འགོང་ཞིང་མི་སྐྲག་པ་དང་སོགས་པས་ཀུན་ཏུ་མི་སྐྲག་པར་བྱེད་པའི་ཐབས་ལ་མཁས་པའོ། །ཆོས་སྟོན་པའི་ཁྱད་པར་ནི་རྒྱལ་པོའི་བཙུན་མོ་སྡུག་པ་ཤི་བའི་བརྡ་སྤྲོད་པ་དང་འདྲ་བར་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་གཉིས་མེད་པར་སྟོན་པ་དང་སོགས་པས་མངོན་མཐོའི་ལམ་སྟོན་པར་བྱེད་པའོ། །འགལ་རྐྱེན་སྤོང་བའི་ཁྱད་པར་ནི། ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སེར་སྣ་ནས་ཤེས་འཆལ་གྱི་བར་དང་མི་ལྡན་པ་སྟེ་བདེ་འགྲོ་དང་ངེས་ལེགས་ཀྱི་འབྲས་བུ་གདུལ་བྱ་ལ་ ― JLD017_Page_0433 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོབ་པར་བྱེད་པས་སོ། །གལ་ཏེ་ཡོངས་འཛིན་གྱིས་ཁྱད་པར་དུ་འཕགས་པ་མི་འཐད་དེ། དེ་བཞིན་གཤེགས་པ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་སྟོན་པ་ཐུན་མོང་བ་ཡིན་པས་ཤེ་ན། ཡོངས་འཛིན་ལ་བཟང་ངན་མེད་ཀྱང་ཡོངས་སུ་འཛིན་ཚུལ་ལ་ཁྱད་པར་ཡོད་དེ། འདིས་ནི་རྣམ་མཁྱེན་ལ་དམིགས་པའི་སེམས་བསྐྱེད། ཆོས་རྣམས་མི་དམིགས་པར་རྟོགས་པའི་ཤེས་རབ། དགེ་རྩ་རྣམ་མཁྱེན་དུ་སྟོབ་པའི་བསྔོ་བ་གསུམ་སྦྱོར་ལམ་པ་ལ་སྐྱེད་པའི་སྒོ་ནས་ཡོངས་སུ་འཛིན་ལ། ཉན་རང་ལ་དེ་ལྟར་མི་འཛིན་པའི་ཕྱིར་ཏེ། དེ་ཡང་གདུལ་བྱ་རང་གི་རྒྱུད་ཀྱི་ཁྱད་པར་ལས་ཡིན་གྱི་སངས་རྒྱས་ལ་ཉེ་རིང་ཡོད་པར་མིན་ཏེ། ཆུ་དྭངས་པ་དང་བརྙོགས་པ་ལ་ཟླ་གཟུགས་འཆར་བ་དང་མི་འཆར་བ་བཞིན་ནོ། །དེ་ལྟར་བྱས་ན་ཡོངས་འཛིན་གྱིས་ཆོས་དེ་ལྟར་བསྟན་པའི་སྣོད་དུ་རུང་བའི་རྒྱུད་དག་པ་ཉིད་ཡོངས་འཛིན་གྱི་ཁྱད་པར་རོ། །བཞི་པ་ལ་བཞི། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་བཞི། རིགས་ཀྱི་ངོ་བོ། རིགས་སུ་འགྱུར་ཚུལ། རིགས་ཀྱི་རབ་དབྱེ། རིགས་ཀྱི་ངེས་ཚིག་གོ །དང་པོ་ལ་གསུམ། ཉན་ཐོས་སྡེ་པ། སེམས་ཙམ་པ། དབུ་མ་པའི་ལུགས་སོ། །དང་པོ་ནི། འདུལ་བ་ལས། ཆོས་གོས་དང༌། བསོད་སྙོམས་དང༌། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཏེ་བཞི་ ― JLD017_Page_0434 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཀའ་སྩལ་ལ། ངོ་བོ་ནི་སེམས་བྱུང་འདོད་ཆགས་མེད་པའོ། །བཞི་པོ་འདིས་ཅི་བསྟན་ན། འཕགས་པའི་རིགས་གསུམ་གྱིས་ལམ་སྒྲུབ་པའི་ཚུལ་དང་བཞི་པས་ལས་དངོས་བཅས་ཏེ། དེ་ཡང་སྟོན་པས་རང་གི་སློབ་མ་རྣམས་ལ་ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་ཐོབ་བོ་ཞེས་གསུངས་པའོ། །བཞི་གསུངས་པའི་དགོས་པ་ནི་དང་པོ་གསུམ་གྱིས་ཆོས་གོས་སོགས་བདག་གི་བའི་དངོས་པོ་ལ་སྲེད་པ་དེའི་ཚེ་ཞི་བར་བྱེད་ལ། ཐ་མས་བདག་དང་བདག་གི་བ་གཉིས་ཀ་ལ་སྲེད་པ་གཏན་དུ་ཞི་བར་བྱེད་དེ། མཛོད་ལས། མ་ཆགས་འཕགས་རིགས་ཞེས་དང༌། གསུམ་གྱི་ཚུལ་བསྟན་ཐ་མས་ལས། ཞེས་དང༌། བདག་གི་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། ཞེས་སོ། །དེ་དག་རིགས་སུ་འགྱུར་བའི་ཚུལ་ནི་རང་འགྲེལ་ལས། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན། འཕགས་པའི་རིགས་བཞི་སྟེ། ཞེས་སོ། །དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལ་ཡང་རིགས་སུ་འཇོག་སྟེ། མཛོད་ནས། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། ཞེས་པ་ལྟར་རོ། །དེ་ལྟར་རིགས་ཙམ་ཞིག་གྲགས་ཀྱང་རིགས་གཉིས་ཀྱི་རྣམ་དབྱེ་བྱས་ནས་བཞག་པ་ནི་མེད་དོ། །མདོ་སྡེ་པས་སྐྱེ་མཆེད་དྲུག་གི་ཁྱད་པར་སྒྲིབ་པ་སྦང་རུང་་ལ་འདོད་ཅེས་འཆད་པ་ལ་ནི། ཤེས་བྱེད་མ་མཐོང་ངོ༌། །གཉིས་པ་ནི། དོན་གསང་ལས། ཡོངས་སུ་གྲུབ་པ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ་ཞེས་དང༌། མི་རྟག་པ་གང་ ― JLD017_Page_0435 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་པ་དེ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་ས་བོན་གྱི་བདག་ཉིད་དོ། ཞེས་དང༌། ས་བོན་གྱི་བདག་ཉིད་ཀྱང་རང་བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབས་པ་དང་རྣམ་པ་གཉིས་ཏེ། ཞེས་པ་དང༌། རྣམ་པར་བྱང་བ་རང་བཞིན་གྱི་རིགས་ལ་ཡང་ལྟོས་ནས་ཀུན་གཞི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ། དཔལ་འཕྲེང་སེང་གེའི་ང་རོའི་མདོ་ལས། རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་འབྱུང་བ་དང་ཞེས་རང་བཞིན་གནས་རིགས་ཀུན་གཞིའི་སྟེང་གི་ཟག་མེད་སྐྱེད་པའི་ནུས་པ་ལ་འདོད་དེ་འདུས་བྱས་སོ། །ཐེག་བསྡུས་ལས་ཀྱང༌། དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང༌། ཞེས་ཀུན་གཞི་ལ་འོ་ཆུ་བཞིན་ལྷན་ཅིག་གནས་པ་དེ་སྤྱི་ཙམ་འཕེལ་བ་དེ་ཙམ་གྱིས་ངང་པས་ཆུ་ལ་འོ་མ་འཐུང་བ་ལྟ་བུར་ས་བོན་རྣམས་ཟད་ནས་གནས་འགྱུར་བར་བཤད་དེ་འདིས་ཀྱང་མི་རྟག་པར་གསུངས་སོ། །དེ་བཞིན་དུ་མདོ་སྡེ་རྒྱན་ལས་གསུངས་པ་ཡང་འདུས་བྱས་ཡིན་ཏེ། ཁམས་རྣམས་དང་ནི་མོས་པ་དང༌། །སྒྲུབ་པ་ཐ་དད་དབྱེ་བ་དང༌། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། ཅེས་ཐེག་པ་གསུམ་གྱི་རིགས་ ― JLD017_Page_0436 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐ་དད་པའི་སྒྲུབ་བྱེད་དུ་རྒྱུ་ཁམས་ཐ་དད་དང༌། རྐྱེན་ཐེག་གསུམ་ལ་མོས་པ་ཐ་དད་དང༌། ངེས་པར་སྒྲུབ་མི་སྒྲུབ་ཐ་དད་དང༌། འབྲས་བུ་བྱང་ཆུབ་རབ་འབྲིང་ཐ་གསུམ་ཡོད་པས་བསྒྲུབས་པའི་ཕྱིར་ཏེ། དེ་བཞིན་ཉིད་ཡིན་ན་ཆོས་ཅན་ཐ་དད་པ་ཙམ་གྱི་དབྱེ་བ་མ་གཏོགས་པ་རང་རྒྱུད་པའི་དབྱེ་བ་མེད་པས་མོས་པ་ཐ་དད་སོགས་ཀྱིས་སྒྲུབ་པར་མི་ནུས་པས་སོ། །གཞན་ཡང་ཐེག་དམན་གྱི་རིགས་རང་གི་ལྷག་མེད་ཀྱི་ཚེ་ཡོངས་སུ་གཏུགས་ལ་ཐེག་ཆེན་གྱི་དེའི་ཚེ་ཡང་མི་ཟད་པའི་རྒྱུ་མཚན་གྱིས་རིགས་མཆོག་ཏུ་བསྒྲུབས་པའི་ཕྱིར་ཏེ་དེ་བཞིན་ཉིད་ཡིན་ན་རྒྱུན་ཆད་པ་མི་སྲིད་པས་སོ། །བསྡུ་བ་ལས་ཀྱང༌། སྒྲིབ་པ་གཉིས་ཀ་དང༌། ཉོན་སྒྲིབ་ཙམ་སྤང་དུ་རུང་བ་དང་སྤང་དུ་མི་རུང་བའི་རྒྱུད་ལ་རིམ་པ་ལྟར་ཐེག་ཆེན་དང་ཐེག་དམན་དང་རིགས་ཆད་ཡིན་པར་བཤད་དེ། འདི་ཡང་ཀུན་གཞིའི་སྟེང་གི་ས་བོན་ལ་དགོངས་སོ། །ཀུན་གཞི་རྣམ་པར་མ་བཞག་པའི་རིགས་ལ་ཡང་རང་བཞིན་དུ་གནས་པ་དང་རྒྱས་པ་ལས་གྱུར་པ་གཉིས་ཡོད། བྱང་ས་ལས། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་གནས་པ་དང་ཡང་དག་པར་བསྒྲུབས་པའོ། །དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ལ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་ ― JLD017_Page_0437 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ། ཞེས་དང༌། ཉན་ས་ལས་ཀྱང༌། འོ་ན་རིགས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་དང༌། སྐྱེ་མཆེད་དྲུག་གིས་ཟིན་པ་དང་ཆོས་ཉིད་ཀྱིས་ཐོབ་པ་དང་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དེ་ལྟ་བུ་ཡིན་ཏེ། ཞེས་སོ། །འོ་ན་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་པ་གང་ཞེ་ན། འདི་ལ་ཁུ་ན་རེ་དབང་པོ་ལྔ་རིགས་སུ་མི་འཐད་པའི་ཕྱིར་སྐྱེ་མཆེད་དྲུག་པ་ཡིད་ཀྱི་སྐྱེ་མཆེད་ལ་བྱའོ་ཟེར་བ་ལ། འབྲེས་སེམས་ཙམ་པའི་ལུགས་ཀྱིས་དབང་པོ་ལྔ་ཡང་སེམས་ཀྱི་སྣང་བ་ཙམ་ཡིན་པས་སོར་བཞག་པས་ཆོག་པར་འཆད་དོ། །ཁ་ཅིག་ནི་ཕྱིའི་སྐྱེ་མཆེད་དྲུག་པ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཁྱད་པར་རམ་ནང་ཚན་དེ་བཞིན་ཉིད་ཡིན་ཏེ། ཆོས་ཉིད་ཀྱིས་ཐོབ་པ་ཞེས་པས་སོ་ཞེས་ཟེར་རོ། །དེ་ལ་དང་པོ་གཉིས་ཀྱིས་ནི་སྐྱེ་མཆེད་དྲུག་ནང་གི་ལ་འདོད་པས་སྐྱེ་མཆེད་གང་ཡིན་ལ་མ་འཁྲུལ་ཡང་སྐྱེ་མཆེད་དྲུག་པ་དང་དྲུག་ཉིད་རིགས་སུ་འདོད་པ་ནི་འཁྲུལ་ལ། གསུམ་པ་ནི། སྐྱེ་མཆེད་དང་རིགས་ཀྱི་ངོ་བོ་གཉིས་ཀ་ལ་འཁྲུལ་ལོ། །ནང་གི་སྐྱེ་མཆེད་ཡིན་པར་ཅིས་ཤེས་ཤེ་ན། ཉན་ས་ལས། ས་བོན་དེ་ནི་སྐྱེ་མཆེད་དྲུག་པོ་དེ་དག་ལས་ལོགས་ཤིག་ན་ཐ་དད་པའི་མཚན་ཉིད་མེད་དེ། ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དང༌། ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་མཆེད་དྲུག་པོ་དེ་ལྟར་ཐོབ་པའི་གནས་སྐབས་དེ་ལ། རིགས་དང་ས་བོན་དང་ཁམས་དང་རང་བཞིན་ཞེས་བྱ་བའི་མིང་དང་ཐ་སྙད་དེ་དག་བཏགས་ ― JLD017_Page_0438 ―
[མ་དཔེ་གཟིགས་ན་འདིར་གནོན།]
པར་ཟད་པས་དེའི་ཕྱིར་ན་དེ་ནི་རྒྱུད་གཅིག་པ་ཞེས་བྱའོ། ཞེས་རིགས་ཏེ་རྒྱུད་གཅིག་གམ་ཐ་དད་གང་ཡིན་དཔྱད་པའི་སྐབས་སུ་སྐྱེ་མཆེད་དྲུག་གི་གནས་སྐབས་ལ་བཏགས་པར་བཤད་པས་ཕྱིའི་སྐྱེ་མཆེད་ཇི་ལྟར་འདིའི་གདགས་གཞིར་རུང༌། རྒྱ་མཚོ་སྤྲིན་ལས་ཀྱང༌། ས་བོན་དེ་ཡང་འདུས་བྱས་ལས་དེ་ཉིད་གཞན་དང་གཞན་དུ་བརྗོད་པ་ལས་གྲོལ་བ་གཟུང་བར་མི་ནུས་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱ་བའོ། །སྐྱེ་མཆེད་དྲུག་པོ་དེ་ཡང་སེམས་ཅན་གྱི་རྫས་ཀྱི་རྩ་བར་གྱུར་པའོ། །དེའི་ཕྱིར་སེམས་ཅན་གྱི་ཁྱད་པར་རོ། ཞེས་བརྗོད་པར་བྱ་སྟེ་གང་དང་ལྡན་པས་སེམས་ཅན་དང་སྙིང་པོ་དང་གཅིག་པུ་དཔའ་བ་དང་སྐྱེས་བུའི་ཁྱད་པར་ཞེས་བརྗོད་དོ། །ཡང་ན་སྙོམས་པར་འཇུག་པ་དང་སྐྱེ་བས་ཐོབ་པ་དེ་དང་དེར་སྐྱེ་མཆེད་གང་ཡང་རུང་བ་དང་མི་ཕྱེད་པར་འགྱུར་བ་ལ་རིགས་ཞེས་རབ་ཏུ་བསྟན་པའི་ཕྱིར་སྐྱེ་མཆེད་དྲུག་གཟུང་ངོ༌། ཞེས་སོ། །དེ་ལྟར་ན་ནང་གི་སྐྱེ་མཆེད་དྲུག་གམ་གང་རུང་གཅིག་ལྡན་པས་ཀྱང་ཆོག་པས་སྐྱེ་མཆེད་དྲུག་གི་རིགས་ཀྱི་ཁྱད་གཞིའམ་གནས་སྐབས་ཅན་ནོ། །རིགས་ནི་དེའི་ཁྱད་པར་རམ་གནས་སྐབས་ལ་བཏགས་པ་སྟེ། མདོར་ན་སྐྱེ་མཆེད་དྲུག་ཟེར་ཡང་སེམས་ཅན་གྱི་ཤེས་རྒྱུད་ཁམས་དང་སྐྱེ་གནས་སོགས་གང་དུ་ཡང་བར་མ་ཆད་དུ་འཇུག་པའི་སྟེང་གི་བྱང་ཆུབ་ཐོབ་པའི་ནུས་པ་དོན་བྱེད་པས་རྫས་སུ་ཡོད་ཀྱང༌། གུད་དུ་རང་རྐྱ་ཐུབ་པའི་རྫས་ཡོད་མིན་པས་གདགས་གཞི་དང་དེ་ཉིད་གཞན་གང་དུ་ཡང་བརྗོད་དུ་མེད་ ― JLD017_Page_0439 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ཞིག་ལ་འདོད་པས་སྐྱེ་མཆེད་དྲུག་ཉིད་ཀྱང་རིགས་མིན་ལ་དེ་ལས་གཞན་པ་ཡང་མིན་ནོ། །རྒྱ་མཚོ་སྤྲིན་ལས། ཆོས་ཉིད་ཀྱིས་ཐོབ་པ་སྟེ་སུས་ཀྱང་མངོན་པར་འདུས་མ་བྱས་པའི་ཕྱིར་དང་ཞེས་པ་ནི་ཐོས་བསམ་སྒོམ་གསུམ་གྱིས་གསར་དུ་སྐྱེད་པ་མིན་གྱི་གདོད་མ་ནས་རྒྱུན་གནས་པ་ལ་ཡིན་ཏེ། དེ་ཉིད་ལས། རང་བཞིན་གྱིས་གནས་པ་ནི་སེམས་མ་བསྐྱེད་པ་རིགས་ལ་གནས་པར་རིག་པར་བྱའོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་སྐྱེས་པའི་དགེ་བའི་རྩ་བས་འདུས་མ་བྱས་པའི་ཕྱིར་རོ། ཞེས་སོ། །དེ་ལྟ་མིན་པར་ཆོས་ཉིད་ཀྱིས་ཐོབ་པ་ཞེས་པས་འདུས་མ་བྱས་ཡིན་ན་ཉན་ས་ལས། སྐྱེ་མཆེད་དྲུག་ལ་ཡང་དེ་ལྟར་བཤད་པ་དང༌། སྐྱབས་འགྲོ་དང་སྡོམ་པ་ལ་ཡང་དེ་ལྟར་བཤད་པས་འདུས་མ་བྱས་སུ་འགྱུར་རོ། །རྒྱས་འགྱུར་གྱི་རིགས་ནི་སློབ་ལམ་ཐམས་ཅད་དོ། ཞེས་འདོད་པ་ཡོད་ཀྱང༌། རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཐོས་བསམ་སྒོམ་གསུམ་གྱིས་བརྟས་པར་་བྱས་པ་ན་མིང་གཞན་རྒྱས་འགྱུར་ཞེས་བཏགས་པ་ཙམ་ཡིན་ཏེ། རྒྱ་མཚོ་སྤྲིན་ལས། སེམས་བསྐྱེད་པ་ནི་གཞན་ཡིན་པར་རིག་པར་བྱ་སྟེ། རིགས་དེ་ཉིད་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ལ་མིང་གཞན་གྱིས་བསྟན་པ་ནི་ཡང་དག་པར་བསྒྲུབས་པ་ཞེས་བྱ་བས་སོ། ཞེས་སོ། །ཡང་དེ་ལས་ངེས་མ་ངེས་ཀྱི་རིགས་དང་དམན་ལམ་སྔོན་དུ་མ་སོང་བ་དང་སོང་བའི་རིགས་གཉིས་ ― JLD017_Page_0440 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་ཡང་རང་བཞིན་དང་རྒྱས་པར་བཤད་པ་ཡོད་དོ། །འོ་ན་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་ཉིད་དང་ཞེས་རིགས་གཉིས་རིམ་པ་ལྟར་རྒྱུར་ཡོད་འབྲས་བུར་མེད་པ་དང་འབྲས་བུ་ཡོད་པར་བཤད་པས་དེ་གཉིས་འགལ་ཞེ་ན། དེ་ནི་ལྡོག་པ་འགལ་བ་ཡིན་གྱི་རྫས་འགལ་བ་ནི་མིན་ནོ། །དེས་ན་རྫས་ལ་བསམས་ན་ལམ་དུ་ཞུགས་ནས་གཉིས་ཀ་ཡིན་ཏེ། ཉན་ས་ལས། ས་བོན་དེས་འབྲས་བུ་མ་སྐྱེད་ཅིང་འབྲས་བུ་མ་གྲུབ་པ་ན་ཕྲ་བ་ཞེས་བྱའོ། །གང་གི་ཚེ་འབྲས་བུ་སྐྱེད་ཅིང་འབྲས་བུ་གྲུབ་པ་དེའི་ཚེ་ན་ནི་ས་བོན་གང་ཡིན་པ་དེ་དང་འབྲས་བུ་གང་ཡིན་པ་དེ་གཅིག་ཏུ་བསྡུས་ནས་དེའི་ཕྱིར་རིགས་དེ་རགས་པ་ཞེས་བྱ་བར་སྟོན་པར་འགྱུར་རོ། ཞེས་པ་ལྟར་རོ། །དེ་ལྟར་བྱས་ན་ཉི་སྣང་ལས་གཞན་དག་ནི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་རྐྱེན་གྱིས་ཡང་དག་པར་བླངས་པ་དང་རང་བཞིན་དུ་གནས་པའོ། ཞེས་ཟེར་རོ་ཞེས་སེམས་ཙམ་པའི་རིགས་ཀྱི་ཕྱོགས་སྔ་བླངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་ནི་འདུས་བྱས་ལ་རིགས་སུ་འདོད་པའི་ལུགས་ཡིན་ལ་ཆོས་ཉིད་ལ་རིགས་སུ་འདོད་པ་ཡང་ཡོད་དེ་རྒྱན་འདིར་ཆོས་ཉིད་རིགས་སུ་བསྟན་པ་ལ་ཤཱནྟི་པས་ཀྱང་དེ་ལ་རིགས་སུ་བཤད་པ་བཞིན་ནོ། །རིགས་སུ་འཇོག་པ་སྔ་མ་ནི་དེས་ཟག་མེད་སྐྱེད་པས་ཡིན་ལ་ཆོས་ཉིད་རིགས་སུ་འཆད་པ་ནི། ཀུན་བཏུས་སུ། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་ ― JLD017_Page_0441 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱས་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། ཞེས་པ་ལྟར་དེ་ལ་དམིགས་པས་ཡོན་ཏན་སྐྱེད་པ་ཙམ་ལ་རིགས་སུ་འཇོག་གོ །དེ་ལྟར་ན་དམིགས་རྐྱེན་དང་རྒྱུའི་རྐྱེན་གཉིས་ཀྱི་སྒོ་ནས་རིགས་སུ་འགྱུར་རོ། །གསུམ་པ་ནི། ཆོས་བཅུ་པའི་མདོ་ལས། དུ་བ་ལ་ནི་་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ཞེས་པ་དང་མཐུན་པར་དབུ་མ་ལ་འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་ལྡང༌། །དགའ་བ་ལས་བྱུང་མིག་ནི་མཆི་མས་བརླན། །ལུས་ཀྱི་སྤུ་ལྡང་བ་ཡང་སྐྱེ་བར་འགྱུར། །དེ་ལ་རྫོགས་སངས་རྒྱས་བློའི་ས་བོན་ཡོད། ཅེས་ལུས་ཀྱི་མཚན་མ་དེ་དག་གི་རྒྱུ་ལ་བཤད་པ་དང༌། དཀོན་བརྩེགས་ལས་གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི་འདུས་མ་བྱས་ཡིན་ལ་འདུས་མ་བྱས་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ་རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་དེ་བཞིན་ཉིད་ཡིན་པས་ཆོས་ཀྱི་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རྟག་པའོ། ཞེས་དང༌། ཕལ་ཆེན་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་ཤེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་དེ་འདས་པའི་ ― JLD017_Page_0442 ―
[མ་དཔེ་གཟིགས་ན་འདིར་གནོན།]
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེ་བ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་ཞེས་པ་དང་མཐུན་པར་རྒྱན་འདིར་ནི་ཆོས་ཀྱི་དབྱིངས་ལ་རིགས་སུ་གསུངས་སོ། །ཉི་སྣང་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་རིགས་གཉིས་སུ་འདོད་པ་བཀག་ནས་ཆོས་ཉིད་རང་བཞིན་གནས་རིགས་སུ་གསུངས་ཏེ། ཇི་སྐད་དུ། དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པ་དེས་ན་དོན་གྱི་ཁྱད་པར་ཅི་ཡོད། ཆོས་ཉིད་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་བ་ཡིན་ལ་འདི་ནི་མཚན་ཉིད་པ་ཡིན་ཏེ། དེས་ན་དེ་དང་འདི་འགྲིག་པ་མ་ཡིན་ནོ། ཞེས་སོ། །དེ་ལྟར་འཕགས་པས་རང་བཞིན་དུ་གནས་པའི་དོན་ཆོས་ཉིད་ལ་འདོད་ན་ཉེས་པ་མེད་ལ་བྱང་ཆུབ་ཀྱི་རྒྱུ་ཡིན་པ་ཙམ་དུ་འདོད་ན་རྒྱས་རིགས་ཀྱང་དེར་ཐལ་བས་དེ་གཉིས་ཁྱད་མེད་དོ་ཞེས་གསུང་ངོ༌། །འོ་ན་ཆོས་ཉིད་ཇི་འདྲ་ཞིག་རིགས་སུ་འདོད་ཅེ་ན། དེ་ལ་རྒྱུད་བླར་ཡང༌། སྤྱིར་རིགས་ལ། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི། ཞེས་ཁམས་བྱང་ཆུབ་ཡོན་ཏན་འཕྲིན་ལས་བཞི་ཀ་རིགས་སུ་བཤད་པ་ཡང་ཡོད་ལ། བྱེ་བྲག་ཏུ། གཏེར་དང་འབྲས་བུའི་ཤིང་ ― JLD017_Page_0443 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། ཞེས་རིགས་གཉིས་སུ་གསུངས་པའི་གཏེར་གྱི་དཔེས་མཚོན་པའི་རང་བཞིན་དུ་གནས་པའི་རིགས་ནི། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་བསལ་མེད་ཆོས་ཉིད་ཀྱང༌། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་ཏུ་སྐྱེ་རྒུ་འདིས་མྱོང་ངོ༌། ཞེས་བསལ་བཞག་དང་བྲལ་བའི་ཆོས་ཉིད་ལ་གསལ་བར་གསུངས་སོ། །གཉིས་པ་ནི་དེ་ལ་སྤྱིར་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེར་རུང་ཞིང༌། སྒྲིབ་པ་སྤང་དུ་རུང་བའི་རྒྱུ་ཙམ་ཞིག་རིགས་སུ་འཇོག་པར་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཞིང་སྤང་དུ་རུང་བ་ཡང་དྲི་མ་གློ་བུར་བར་སོང་བས་ཡིན་ལ། གློ་བུར་བའི་དོན་ལ་མི་མཐུན་ཏེ་འདི་ལྟར་དབུ་མ་པ་རྣམས་ནི་དྲི་མ་ཞེས་པ་བློས་བཏགས་ནས་བཞག་པ་ཙམ་ཡིན་གྱི་དོན་ལ་རྫས་སུ་མ་གྲུབ་པའི་སྟོང་ཉིད་ཡིན་པས་གློ་བུར་བར་འཇོག་གོ །སེམས་ཙམ་པ་རྣམས་ནི་དྲི་མ་ནི་སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་ངོ་བོ་ཡིན་པས། རྫས་སུ་བདེན་ཡང་ཕུང་པོའི་གནས་ལུགས་ལས་གོལ་བའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པས་དེའི་རྒྱུ་དེ་ཡུལ་སུན་ཕྱུང་བའི་སྒོ་ནས་བཟློག་པར་ནུས་ལ། དེ་ལོག་པ་ན་འབྲས་བུར་གྱུར་པའི་ཆགས་སོགས་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་བའི་ཕྱིར་འབྲལ་རུང་ཡིན་པས་གློ་ ― JLD017_Page_0444 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུར་བར་འདོད་དོ། །དེས་ན་དབུ་མ་པ་ནི་སེམས་ཀྱི་རང་བཞིན་གཤིས་ལ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན་ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཐའ་དག་ཞི་བར་འགྱུར་ཞིང་སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས། སེམས་ཀྱི་རང་བཞིན་དེ་ཉིད་ལ་ཀུན་རྫོབ་ཀྱི་ངོས་ནས་སྒྲོ་བཏགས་ཏེ་འདི་ནི་རང་བཞིན་དུ་གནས་པའི་རིགས་སོ་ཞེས་འཇོག་གོ །སེམས་ཙམ་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་གཤིས་ལ་རང་གི་ངོ་བོས་དུས་ཐམས་ཅད་དུ་གྲུབ་ཅིང་དྲི་མ་དེ་དག་དེ་ལ་གཉེན་པོས་འབྲལ་དུ་རུང་ལ། ཅི་ཙམ་བྲལ་བ་དེ་ཙམ་དུ་ཡོན་ཏན་མཐའ་དག་སྐྱེད་པར་འགྱུར་བས་དེ་གཉིས་ཀྱི་གཞི་བྱེད་པས་ཆོས་ཉིད་རིགས་སུ་འདོད་དེ། སྔ་མ་ནི་རྒྱན་འདི་དང་ཕྱི་མ་ནི་རྒྱུད་བླའི་བཤད་ཚོད་དུ་མཐོང་ངོ༌། །དེ་ལྟ་ན་ཆོས་ཉིད་རིགས་སུ་འདོད་པར་མཚུངས་ཀྱང་དྲི་མའི་སྦྱང་གཞི་བདེན་པར་འདོད་མི་འདོད་མི་འདྲ་བས་རིགས་སུ་འཇོག་པའི་རྒྱུ་མཚན་མི་མཚུངས་སོ། །དེའི་ཕྱིར་སེམས་ཙམ་གྱི་སྐབས་སུ་དྲི་མ་གདོད་མ་ནས་ཟད་པར་གསུངས་པ་རྣམས་ཕྱིན་ཅི་ལོག་གི་རྒྱུ་མཚན་གྱིས་སྐྱེད་པས་གནས་ལུགས་ལ་མ་ཞུགས་པ་ཙམ་ལ་བཤད་ཀྱི། ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་བློས་བཏགས་པའི་མིང་ཙམ་དུ་མི་བཤད་དེ་འདྲེས་པར་འགྱུར་བའི་ཕྱིར་རོ། །དྲི་མ་ཟད་མེད་སྐྱེ་མེད་ཀྱང་ལུགས་ཕྱི་མ་འདིའི་ཁྱད་ཆོས་ཡིན་པས་འདི་ལྟར་ན་སྤང་བྱ་རང་བཞིན་མེད་པར་ཤེས་པ་ཙམ་ལ་སྤངས་པའི་ཐ་སྙད་འདོགས་ཀྱི་སྤང་གཉེན་རྫས་ཐ་དད་དུ་བདེན་པར་མི་འདོད་དེ། སྒྱུ་ ― JLD017_Page_0445 ―
[མ་དཔེ་གཟིགས་ན་འདིར་གནོན།]
མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་ལྟར་འདོད་པས་སོ། །ཤིན་ཏུ་ཟབ་པའི་དབྱིངས་འདི་ཀུན་རྫོབ་ཉེ་བར་བཟུང་ནས་སྒྲོ་བཏགས་ཏེ་རྣམ་གཞག་བྱས་པ་མ་ཤེས་པར་རང་རྒྱུད་དུ་གྲུབ་པར་བྱས་ནས་ཁ་ཅིག་གཅིག་དང་གཞན་ཐ་དད་དུ་འདོད་པ་སོགས་ཀྱི་ཀུན་བརྟགས་་དུ་མ་ཞིག་སྣང་བ་ལ་ནི་བློ་ངལ་བ་ཙམ་ཞིག་འབྲས་བུར་འདུག་གོ །གསུམ་པ་ནི། ཐེག་པ་གསུམ་གྱི་རིགས་དང་མ་ངེས་པའི་རིགས་དང་རིགས་ཆད་པ་ལྔར་ལང་གཤེགས་ལས་གསུངས་ཏེ། ཕྱི་མ་ནི་གྲོལ་དཀའ་བ་ཙམ་ལ་དགོངས་ཀྱི་རིགས་གཏན་ཆད་མི་སྲིད་དེ་དྲི་མ་སྤང་དུ་མི་རུང་ན་སེམས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་སྲིད་པ་ལས་རྒལ་བ་མི་སྲིད་པར་འགྱུར་ཏེ་མེ་ལ་མེའི་ཚ་བ་བཞིན་ནོ། །སེམས་ཙམ་པ་རིགས་གཏན་ཆད་འདོད་ཅེས་གྲགས་ཀྱང་དྲང་དོན་གྱི་མདོ་སྡེ་འགའ་ཞིག་ནས་བཤད་པ་དེ་དང་དེར་རྣམ་གཞག་མཛད་པ་ཙམ་ཡིན་གྱི་ངེས་དོན་དུ་མི་བཞེད་དེ། འདོད་ན་སྒྲིབ་པ་སྤང་དུ་མི་རུང་བར་ཁས་ལེན་དགོས་ན་དེ་ཡང་མི་འཐད་དེ། དྲི་མ་ཐམས་ཅད་གློ་བུར་བ་འདོད་པས་སོ། །བཞི་པ་ནི། རྒྱན་ལས། ཡོན་ཏན་ནི། སྒྲོལ་བའི་དོན་དུ་ཤེས་པར་བྱ། ཞེས་པ་ལྟར་འདི་ལས་ཡོན་ཏན་དག་སྐྱེ་ཞིང་འབྱུང་བས་རིགས་སོ། །མིང་གི་རྣམ་གྲངས་ནི། བྱང་ས་ལས། རིགས་དེ་ནི་གཞི་ཞེས་ཀྱང་བྱ་སྟོན་པ་དང་རྒྱུ་དང་རྟེན་དང་ཉེར་གནས་དང༌། སྔོན་དུ་འགྲོ་བ་དང༌། གནས་ཞེས་ཀྱང་བྱའོ་ཞེས་སོ། །གང་དག་མདོ་རྒྱན་སེམས་ ― JLD017_Page_0446 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཙམ་ལུགས་དང་སེམས་ཙམ་པ་དང་དབུ་མའི་རིགས་ཀྱི་འདོད་ཚུལ་མི་མཐུན་པར་ཁས་ལེན་བཞིན་དུ་མདོ་རྒྱན་གྱི་རིགས་ཀྱི་རྣམ་གཞག་རྣམས་རང་ལུགས་ལ་འཆད་པ་ནི་རང་གིས་རང་ལ་ཅོ་འདྲི་བའོ། །གཉིས་པ་ལ་གཉིས། རིགས་ཀྱི་དབྱེ་བ་དང༌། དབྱེ་བ་ལ་རྩོད་སྤང་ངོ༌། །དང་པོ་ལ་བཞི། “སྦྱར་རྩ་འགྲེལ་་དོན་བསྡུ་བའོ། །སྦྱོར་ལམ་གྱི་རྗེས་སུ་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་གསུངས་ཏེ། རྟེན་ཆོས་སྒྲུབ་པ་དང་ལྡན་པའི་རིགས་ལ་གནས་པ་ལ་སྔར་ཇི་སྐད་བཤད་པའི་ངེས་འབྱེད་ཆ་མཐུན་དང་མཐོང་བའི་ལམ་དང་སོགས་པས་སྒོམ་ལམ་དང་ཁྱད་པར་གྱི་ལམ་ལ་སོགས་པ་གཞན་ཡང་འབྱུང་བས་སོ། །གལ་ཏེ་སེམས་བསྐྱེད་དང་ཐར་ཆ་དང་ངེས་ཆ་རྣམས་ཀྱི་སྔོན་དུ་རིགས་འགྲོ་བས་དང་པོར་རིགས་བཤད་དགོས་ཤེ་ན། དེ་ནི་རྒྱུ་སྔོན་དང་འབྲས་བུ་རྗེས་སུ་འཆད་པ་དོན་གྱི་གོ་རིམ་ཡིན་ལ། འདི་ནི་འབྲས་བུ་སྔོན་ལ་བཤད་ནས་འདིའི་རྒྱུ་འདི་ལྟ་བུའོ་ཞེས་རྟོགས་པར་བྱེད་པས་བཤད་པའི་གོ་རིམ་མོ། །མདོ་འབྲེལ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པའི་དམིགས་པ་མ་ཡིན་ཏེ་རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་ ― JLD017_Page_0447 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པའོ་ཞེས་སེམས་བསྐྱེད་ཀྱི་ལེའུ་ནས་བཟུང་སྟེ་སྦྱོར་ལམ་དང་མཐོང་སྒོམ་གྱི་ལམ་དེར་བྱང་ཆུབ་སེམས་དཔའ་ཞེས་ཡང་ཡང་གསུངས་པའི་ཚིག་གི་དོན་ཞུས་པའི་ལན་དུ་གསུངས་སོ། །མདོ་འདིས་ནི་རྟེན་པའམ་ཐོབ་བྱ་བྱང་ཆུབ་རྫས་སུ་མེད་པ་རྒྱུ་མཚན་དུ་བྱས་ནས་ནང་གི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་རིགས་ནི་བྱང་སེམས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་ཡིན་གྱི་བྱང་སེམས་ཀྱི་ཚིག་གི་དོན་དངོས་པོར་གྱུར་པ་ནི་མེད་དོ་ཞེས་བསྟན་ཏོ། །གཉིས་པ་ནི། བདག་མེད་པ་རྟོགས་པའི་ཆོས་ངེས་འབྱེད་བཞི་དང་མཐོང་སྒོམ་གཉིས་ཏེ་དྲུག་གི་རྟེན་ལ་རིགས་ཞེས་བྱའོ་ཞེས་རྣམ་པར་སྦྱར་ཏེ་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འདིར་རྟེན་དང་བརྟེན་པའི་དོན་ནི་མཁར་གཞོང་ལ་རྒྱ་ཤུག་གམ་ས་གཞི་ལ་ལོ་ཏོག་ལྟ་བུར་ནི་མི་བསམ་གྱི། འོན་ཀྱང་སྐྱེ་མཆེད་དྲུག་གི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་རྟོགས་པའི་མཐུས་སྒྲུབ་པ་བཅུ་གསུམ་པོ་དེ་རིམ་པ་ལྟར་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལ་དྲོད་ཀྱི་རྟེན་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་རྨི་ལམ། སྒྱུ་མ། སྨིག་རྒྱུ། སྒྲ་བརྙན། “མིག་ཡོར། དྲི་ཟའི་གྲོང་ཁྱེར།་26 དེ་བཞིན་གཤེགས་པའི་སྤྲུལ་པ་ལ་གནས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་ཞེས་སྔར་ལྟར་རོ། །འདིས་དངོས་སུ་རྟེན་དངོས་པོ་བ་བཀག་ ― JLD017_Page_0448 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་ཤུགས་ལ་སྐྱེ་མཆེད་དྲུག་གི་ཆོས་ཉིད་དྲོད་ཀྱི་རྟེན་དུ་བསྟན་ཏེ་འདིའི་དཔེ་དགུས་དྲོད་ཀྱི་རྟོག་པ་དགུ་མཚོན་པའི་སྒོ་ནས་གསུངས་སོ། །དེ་བཞིན་དུ་སྦྱོར་ལམ་ལྷག་མ་དང་མཐོང་སྒོམ་གྱི་རྟེན་ལ་ཡང་རང་རང་གི་སྐབས་ཀྱི་རྣམ་རྟོག་དང་དཔེ་དོན་སྦྱོར་ཞེས་ཉི་སྣང་ལས་གསུངས་པ་བསྟན་པར་བྱའོ། །རྩེ་མོའི་རྟེན་ནི། ཡང་དག་མཐའ། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས། ཆོས་གནས་པ་ཉིད། ཆོས་ངེས་པ་ཉིད། ཆོས་བདེན་པ་ཉིད་ལ་གནས་མེད་ཅིང་མི་དམིགས་པའི་དཔེ་དགུས་རྩེ་མོའི་རྣམ་བྱང་གཟུང་རྟོག་མཚོན་ནས་སོ། །བཟོད་པའི་རྟེན་ནི། སྒྱུ་མའི་སྐྱེས་བུའི་ཕུང་པོ་ལྔ་དང་དེའི་ནང་གི་སྐྱེ་མཆེད་དང་དེའི་ཕྱིའི་སྐྱེ་མཆེད་དང༌། དེའི་མིག་དང་གཟུགས་སོགས་ཀྱི་ཁམས་དང་དེའི་མིག་གཟུགས་སོགས་ཀྱི་རྣམ་ཤེས་ལ་སོགས་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་དགུས་རྫས་འཛིན་དགུ་མཚོན་ནས་སོ། །ཆོས་མཆོག་གི་རྟེན་ནི། སྒྱུ་མའི་སྐྱེས་བུའི་སྟོང་པ་ཉིད་རྣམས་དང་ཕར་ཕྱིན་ཕྱོགས་མཐུན་སྟོབས་སོགས་ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་བསམ་གཏན་གཟུགས་མེད་རྣམས་ཀྱི་ཚིག་གི་དོན་མེད་པའི་དཔེ་དགུས་བཏགས་འཛིན་དགུ་མཚོན་ནས་སོ། །མཐོང་ལམ་གྱི་རྟེན་ནི། དེ་བཞིན་གཤེགས་པའི་གཟུགས་ཀྱི་ཕུང་པོ་དང༌། མིག་ནས་ཡིད་ཀྱི་བར་དང༌། ནང་སྟོང་ཉིད་ལ་སོགས་པའི་སྟོང་པ་ཉིད་རྣམས་ནས་སྟོབས་སོགས་ཀྱི་བར་གྱི་ཚིག་གི་དོན་དང༌། འདུས་མ་བྱས་ཀྱི་དབྱིངས་དང་འདུས་བྱས་ ― JLD017_Page_0449 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱི་ཁམས་ལ་རིམ་པ་ལྟར་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་དབྱིངས་ཀྱི་གནས་མེད་ཅིང་མི་དམིགས་པའི་དཔེ་བཞིས་མཐོང་སྤང་གི་རྟོག་པ་བཞི་མཚོན་ནས་སོ། །སྒོམ་ལམ་གྱི་རྟེན་ནི། སྐྱེ་མེད་འགག་མེད་མངོན་པར་འདུ་བྱ་བ་མེད། འབྱུང་བ་མེད། མི་དམིགས་པ། ཀུན་ཉོན་མེད། རྣམ་བྱང་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་པའི་དཔེ་བདུན་དང༌། མཚན་མ་མེད་པ་ལ་གནས་མེད་ཅིང་མི་དམིགས་པའི་དཔེ་དང༌། ཤིན་ཏུ་རྣམ་པར་དག་པ་ལ་གནས་མེད་ཅིང་མི་དམིགས་པའི་དཔེ་དགུས་ས་དགུའི་སྒོམ་སྤང་གི་རྟོག་པ་དགུ་མཚོན་ནས་སོ། །འོ་ན་སྒོམ་སྤང་གི་རྟོག་པ་ཡང་བཞིར་ཡོད་པས་དཔེ་བཞིར་རིགས་ཤེ་ན། མཐོང་ལམ་གྱི་སྐབས་སུ་དོན་ཚན་བཞིར་བཅད་ནས་སྣང་ལ། འདིའི་སྐབས་སུ་སྐྱེ་བ་མེད་པ་སོགས་གཅིག་ཏུ་བྱས་ན་དཔེ་གསུམ་དུ་འགྱུར་བས་དགུར་བྱས་ཏེ་སྒོམ་སྤང་ལ་ཆེ་འབྲིང་གི་སྒོ་ནས་དགུར་འབྱེད་ལ་མཐོང་སྤང་ལ་དེ་ལྟར་ཕྱེ་བ་མེད་པས་སོ། །དེས་ན་ཉི་སྣང་ལས་སྒོམ་ལམ་གྱི་སྐབས་སུ་ཡང་རྟོག་པ་དང་དཔེ་རྣམས་ཀྱིས་ཚུལ་བསྟུན་པར་བྱའོ། ཞེས་གསུངས་ལ། དཔེ་དགུ་བྱུང་བས་རྟོག་པ་ཡང་དགུར་བྱེད་དགོས་ཤིང་དེ་དག་ཀྱང་ས་དགུ་ལ་རིམ་པ་བཞིན་དུ་བཞག་པའི་ཕྱིར་འདིའི་སྐབས་ཀྱི་སྒོམ་ལམ་ས་བཅུ་པ་ཕྱིན་ལ་བཞེད་པར་གསལ་ལོ། །དེ་ལྟར་ན་འཕགས་པའི་དགོངས་པ་འདི་ནི་དཀའ་ཞིང་ཊཱིཀ་བྱེད་རྣམས་ཀྱིས་ཀྱང་དོར་བས་འདིར་བདག་གིས་བཤད་ ― JLD017_Page_0450 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ། །གཉེན་པོ་བར་ཆད་མེད་ལམ་ནི། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་འོད་ཀྱི་གནས་མེད་ཅིང་མི་དམིགས་པའི་ཞེས་སོ། སྤོང་བ་རྣམ་གྲོལ་ལམ་ནི་བསྐལ་བའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མེད་ཅིང་མི་དམིགས་ཞེས་སོ། །གཉེན་པོ་དང་མི་མཐུན་ཕྱོགས་ཀྱི་རྣམ་རྟོག་དེ་དག་ཡོངས་སུ་གཏུགས་པ་སྟེ་སྤོང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་གནས་མེད་ཅིང་ཞེས་སོ། །དེ་བཞིན་དུ་དེའི་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ། རྣམ་གཡེང༌། ཤེས་འཆལ། རྣམ་པར་མ་གྲོལ་བ། གྲོལ་བའི་ཡེ་ཤེས་མ་གཟིགས་པའི་གནས་མེད་ཅིང་ཞེས་སོ། །འདིར་ཟག་མེད་ཀྱི་ཕུང་པོ་ལྔས་གཉེན་པོ་དང་། སྤང་བྱ་ལྔས་མི་མཐུན་ཕྱོགས་ཀྱི་རྟོག་པ་སྤོང་བ་བསྟན་ཏོ། །སྔར་གྱི་སྤོང་བས་བག་ཆགས་ཀྱི་མཚམས་སྦྱོར་བ་དང་འདིས་ཤེས་སྒྲིབ་སྤངས་པར་བསྟན་ཏོ། །ཤེས་རབ་དང་སྙིང་རྗེ་ནི། ཉི་མ་དང་ཟླ་བའི་འོད་ལ་གནས་མེད་ཅིང་ཞེས་སོ། །འདིས་ནི་ཤེས་རབ་དང་སྙིང་རྗེ་རིམ་པ་ལྟར་འབར་བ་དང་འདོད་པ་དག་གིས་སྲིད་པ་ཅི་སྲིད་པར་མྱ་ངན་ལས་མི་འདའ་བས་སྲིད་ཞི་གཉིས་ཀར་མི་གནས་པར་བསྟན་ཏོ། །སློབ་མ་ཉན་ཐོས་དང༌། ཐུན་མོང་མིན་པའི་ལམ་ནི། ཉན་ཐོས་དང་རང་སངས་རྒྱས་དང་གཟའ་དང་སྐར་མ་དང་ནོར་བུ་རིན་པོ་ཆེ་དང་གློག་གི་འོད་ལ་གནས་མེད་ཅིང་སོགས་སོ། །འདིས་ནི་གཟའ་ལ་སོགས་པའི་ ― JLD017_Page_0451 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོད་ཀྱིས་མཚོན་པའི་ཉན་རང་གི་ཡེ་ཤེས་དང་ཐུན་མོང་མིན་པར་མཐའ་ཡས་པའི་འཇིག་རྟེན་དུ་འཕྲོ་བའི་ཡེ་ཤེས་ཀྱི་སྣང་བ་ཅན་དུ་གསུངས་སོ། །སྐལ་བ་དང་འཚམ་པར་གཞན་གྱི་དོན་གོ་རིམ་བཞིན་སྒྲུབ་པ་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་འོག་མིན་གྱི་བར་ལ་གསུངས་ཏེ། འདིས་ནི་ལྷ་གནས་ཀྱི་རིམ་པ་དང་འདྲ་བར་འཇིག་རྟེན་གྱི་དགེ་ལེགས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་རྒྱུ་ཉིད་དུ་གསུངས་སོ། །ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་ཞེས་སོ། །ཐ་མ་འདི་ལ་ཁ་ཅིག །ཡེ་ཤེས་རྩོལ་བ་མི་མངའ་བ་སངས་རྒྱས་ཀྱི་ས་ཡིན་ལ། དེར་འཇུག་པ་ས་བཅུ་ཐ་མ་ནའོ། ཞེས་སྨྲ་བ་ནི་མི་འཐད་དེ། འཇུག་པའི་དོན་དེར་གཞན་ཞིག་འཇུག་པ་རུ་མི་སྣང་གི །ཡེ་ཤེས་རང་གི་འཇུག་ཚུལ་དུ་སྣང་བའི་ཕྱིར་རོ། །འདི་འཕགས་པས་སངས་རྒྱས་ཀྱིས་ས་ལ་བཞེད་དེ། ཇི་སྐད་དུ། དེ་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དང་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི། འདི་ལྟར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། ཞེས་གསུངས་པའོ། ཞེས་འཆད་ཀྱང༌། ཉི་སྣང་ལས་དེ་ནི་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་ ― JLD017_Page_0452 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབྱེ་བས་བཅུ་གསུམ་དུ་འགྱུར་རོ། ཞེས་སྒྲུབ་པ་བཅུ་གསུམ་དུ་བཤད་པ་ལ་འདི་ཡང་གཅིག་ཏུ་འདྲེན་དགོས་པས་ས་བཅུ་པའི་ལམ་ལ་དེར་བཏགས་པ་དགོངས་པར་མངོན་པའི་ཕྱིར་གདགས་གཞི་བགྲང་ལ་བཏགས་ཆོས་བཅུ་གསུམ་ལ་མི་བགྲང་ངོ༌། །བཅུ་གསུམ་དུ་འབྱེད་ཚུལ་ཡང༌། ཁ་ཅིག་ཤེས་རབ་སྙིང་རྗེ་གཉིས་སོ་སོར་བྱས་ནས་བྱེད་དོ། ཞེས་པ་ནི་དོན་མིན་པས་ཉི་སྣང་དང་ལེ་བརྒྱད་མ་གཉིས་ཀར་གཉེན་པོ་དང་སྤོང་བ་གཉིས་སོ་སོར་བྱས་ནས་བཅུ་གསུམ་དུ་མཛད་པ་ལྟར་རོ། །གསུམ་པ་ལ་བཞི། རྟེན་ཆོས་ཀྱི་ངོ་བོ། གོ་རིམ། གྲངས་ངེས། ས་མཚམས་སོ། །དང་པོ་ནི། སྒྲུབ་པ་བཅུ་གསུམ་གྱི་དང་པོར་འཇིག་རྟེན་པའི་ངེས་འབྱེད་ཆ་མཐུན་བཞི་པོ་རྣམས་སྐྱེའོ། །རེ་ཞིག་ནི་རིམ་པ་སྟོན་པའོ། །དེ་སྐྱེས་པའི་འོག་ཏུ་འཇིག་རྟེན་ལས་འདས་པའི་མཐོང་ལམ་དང་ས་བདུན་པ་མན་ཆད་ཀྱི་སྒོམ་པའི་ལམ་དག་སྟེ་རྟོགས་པའི་ཆོས་དྲུག་གོ །དེའི་འོག་ཏུ་ཆོས་དྲུག་པོ་དེ་དག་སྐྱེས་པའི་སྟོབས་ཀྱི་རྐུན་པོ། ནང་ནས་ཕྱུང་བ་སྟེ་ཕྱིར་འབྱིན་པ་ལྟར་སྤང་བྱ་སྤོང་བཞིན་པའི་གཉེན་པོ་བར་ཆད་མེད་ལམ་དང༌། །རྐུན་པོ་ཕྱུང་ནས་སྒོ་འཕར་སྒོ་ལེགས་་བཅད་པ་ལྟར་མི་མཐུན་ཕྱོགས་སྤངས་ཟིན་པའི་རྣམ་གྲོལ་ལམ་གཉིས་སྐྱེའོ། །དེ་ཡང་གཉེན་པོའི་ཕྱོགས་སྐྱེ་བ་དང་མི་མཐུན་པའི་ཕྱོགས་འགགས་པ་དུས་མཉམ་དུའོ། །དུས་མཉམ་ན་ལམ་གཉིས་སུ་མི་རུང་ཞེ་ན། གཉེན་པོ་སྐྱེ་བ་དང་སྤང་བྱ་འགགས་པ་ལ་ཕྱོགས་པ་དུས་མཉམ་པར་སྟོན་གྱི་དེ་གཉིས་རང་ནི་ལམ་གཉིས་ ― JLD017_Page_0453 ―
[མ་དཔེ་གཟིགས་ན་འདིར་གནོན།]
མིན་ཏེ། སྐྱེ་བ་ལ་ཕྱོགས་པ་མ་འོངས་པ་ཡིན་ལ། བར་ཆད་མེད་ལམ་དངོས་ནི་ད་ལྟར་བ་ཡིན་ཏེ། སྤང་བྱ་སྤོང་བ་ལ་ནུས་པ་དངོས་སུ་འཇུག་པས་སོ། །སྤང་བྱ་འགགས་པ་ལ་ཕྱོགས་པ་ཡང་སྤང་བྱ་ཉིད་ཡིན་པས། རྣམ་གྲོལ་ལམ་མིན་ནོ། །དེས་ན་གཉེན་པོ་སྐྱེས་པའི་བར་ཆད་མེད་ལམ་དང༌། སྤང་བྱ་འགགས་ཟིན་པའི་རྣམ་གྲོལ་ལམ་ནི་རིམ་པ་ལྟར་གཉེན་པོ་དང་སྤོང་བ་ཡིན་ནོ། །རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ནི། ལམ་གཉིས་ཀྱི་སྤང་བྱ་སྤོང་བའི་དཔེ་ཡིན་གྱི་དེ་གཉིས་དུས་མཉམ་པའི་དཔེར་སྒྲིག་པ་ནི་མི་རུང་སྟེ། མཛོད་འགྲེལ་ལས། གཉིས་ཀྱིས་རྐུན་པོ་འབྱིན་པ་དང་སྒོ་གཅོད་པ་བཞིན་ནོ། ཞེས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གྱིས་སྤང་བྱ་སྤོང་ཚུལ་བཤད་པ་ལྟར་དུ་སློབ་དཔོན་འདིས་ཀྱང་མཛད་པས་སོ། །དེའི་ཕྱིར་སྔ་མ་རྣམས་ཀྱིས་སྤོང་བ་རྣམ་གྲོལ་ལམ་དུ་འདོད་པ་བཀག་ནས་སྤངས་པའི་ཆ་ལ་འཆད་པ་ནི་མི་རིགས་ཏེ། དེ་ནི་འདུས་མ་བྱས་ཡིན་པས་རྟེན་ཆོས་སྒྲུབ་པར་མི་རུང་བས་སོ། །དེ་སྐྱེས་པའི་འོག་ཏུ་གཉེན་པོ་སྐྱེ་བ་དང་སྤང་བྱ་འགགས་པར་ཞེན་པ་དང་ལྡན་པའི་རྣམ་རྟོག་ཤེས་སྒྲིབ་སྤངས་པའི་སྒྲུབ་པ་སྐྱེའོ། །ཐབས་གང་གིས་སྤོང་ན་སྤང་གཉེན་དེ་དག་མི་དམིགས་པར་མངོན་སུམ་དུ་རྟོགས་པས་སོ། །དེ་སྐྱེས་པའི་འོག་ཏུ་འཁོར་འདས་ལ་རིམ་པ་བཞིན་འདོར་ལེན་དུ་ཞེན་ནས་མི་གནས་པའི་མཚན་ཉིད་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང༌། སྙིང་རྗེ་ཆེན་པོའི་ཐབས་ཀྱི་སྒྲུབ་པ་ ― JLD017_Page_0454 ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་སྐྱེའོ། །རྒྱུན་མཚན་ནི་སྔོན་གྱི་ཚེ་སྨོན་ལམ་བཏབ་པ་དང་སྦྱིན་སོགས་ཀྱི་ཕར་ཕྱིན་སྒྲུབ་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །དེ་སྐྱེས་པའི་འོག་ཏུ་ཉན་ཐོས་དང་སོགས་པས་རང་རྒྱལ་སོ་སྐྱེ་རྣམས་དང་ཐུན་མོང་མ་ཡིན་པའི་ཆོས་ཐབས་ཤེས་གཉིས་སྐྱེའོ། །ཐབས་གང་གིས་སྐྱེད་ན། འཁོར་འདས་ལ་མི་གནས་པའི་སྒྲུབ་པ་དེ་སྐྱེས་པས་སོ། །དེ་སྐྱེས་པའི་འོག་ཏུ་གདུལ་བྱ་རྣམས་ཀྱི་རང་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གོ་རིམ་བཞིན་སྒྲུབ་པ་དེ་སྐྱེའོ། །ཐབས་གང་གིས་འགོད་ན་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་སོགས་པས་ལྡེམ་དགོངས་ལྷག་མ་གསུམ་དང་དགོངས་པ་བཞིའི་སྒོ་ནས་སོ། །འདིའི་མཐའ་དཔྱད་པ་ལ་གསུམ། དགོངས་ལྡེམ་དགོངས་ཀྱི་ངོ་བོ། དེ་གཉིས་ཀྱི་ཁྱད་པར། གྲངས་ངེས་གང་ཡིན་བསམས་པའོ། །དང་པོ་ལ་གཉིས། དགོངས་པ་དང༌། ལྡེམ་དགོངས་སོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། ཞེས་པ་ལྟར་བཞི་ལས། མཉམ་པ་ཉིད་ལ་དགོངས་པ་ནི། ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ་ཆོས་ཀྱི་སྐུ་མཉམ་པའོ། །དོན་གཞན་ལ་དགོངས་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པའོ་ཞེས་སོགས་གསུངས་པ་ལྟ་བུ་སྟེ་སྒྲ་ཇི་བཞིན་པ་མ་ཡིན་པས་སོ། །དུས་གཞན་ ― JLD017_Page_0455 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་དགོངས་པ་ནི། གང་དག་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ་ཤི་འཕོས་མ་ཐག་མི་སྐྱེ་ཡང་དུས་གཞན་ནའོ་སྙམ་དུ་དགོངས་པའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། དགེ་རྩ་འགའ་ཞིག་ཁ་ཅིག་ལ་ནི་བསྔགས་ལ། ཆུང་ངུས་ཆོག་ཤེས་པ་ཁ་ཅིག་ལ་ནི་སྨད་པ་ལྟ་བུའོ། །གཉིས་པ་ནི། རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། ཞེས་པ་ལྟར་བཞི་ལས། དང་པོ་ནི། ཉན་ཐོས་རྣམས་བསྟན་པ་ལ་གཞུག་པའི་དོན་དུ་སྐྲག་པ་སྤང་བའི་ཕྱིར་གཟུགས་སོགས་ཡོད་པར་བསྟན་པའོ། །གཉིས་པ་ནི། མཚན་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སོགས་སུ་བསྟན་པ་སྟེ། དེ་ཡང་སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། ཞེས་ཀུན་བརྟགས་རྫས་སུ་མེད་པས་མཚན་ཉིད་དང༌། གཞན་དབང་རང་ལས་མི་སྐྱེའི་གཞན་ལས་སྐྱེ་བས་སྐྱེ་བ་དང༌། ཡོངས་གྲུབ་དམ་པ་མི་རྟོག་ཡེ་ཤེས་ཀྱི་དོན་ནམ་དམིགས་པ་ཡིན་ཞིང་གཞན་དབང་ལས་ལོགས་སུ་མེད་པའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་བཤད་པ་ལྟར་རོ། །གསུམ་པ་ནི། རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་འཛིན་དང༌། །ང་ ― JLD017_Page_0456 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱལ་འདོད་ཆགས་སྤྱོད་པ་དང༌། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། ཞེས་པ་ལྟར་ཉེས་པ་བརྒྱད་གདུལ་བའི་ཕྱིར་དུ་བསྟན་པ་ལྟ་བུ་སྟེ། སངས་རྒྱས་ལ་བརྙས་པའི་གཉེན་པོར་ནི་དགོངས་པ་དང་པོ་བཤད་པ་དང༌། ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་ཆེན་གྱི་རྟོགས་པ་སྐྱེའོ་ཞེས་གསུངས་པ་ལྟ་བུའོ། །འདི་ཐེག་བསྡུས་སུ་དོན་གཞན་ལ་དགོངས་པ་ལ་བཤད་ལ། དེའི་དོན་བཤད་སྦྱར་དུ་ལུང་ལས་དོན་གཞན་ཐེག་ཆེན་གྱི་རྟོགས་པའི་ཆོས་ལ་དགོངས་ནས་གསུངས་པར་བཤད་དོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་ནི། དུས་གཞན་ལ་དགོངས་པར་བཤད་པ་དང༌། དེ་བཞིན་གཤེགས་པ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ་ཞེས་པ་ལྟ་བུའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་ནི། ལ་ལར་སྦྱིན་སོགས་སྨད་ལ་གཞན་དུ་བསྔགས་པ་ལྟ་བུའོ། །འདོད་ཆགས་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུའོ། །ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ལ་ལའི་ཕུན་ཚོགས་བསྔགས་པ་ལྟ་བུའོ། །འགྱོད་པའི་གཉེན་པོར་གང་དག་སངས་རྒྱས་བྱང་སེམས་ལ་གནོད་པ་བྱེད་པ་དེ་དག་མཐོ་རིས་སུ་འགྲོའོ་ཞེས་པ་ལྟ་བུའོ། །མ་ངེས་པ་ལྡོག་པའི་སྒྲིབ་པའི་གཉེན་པོར་ཉན་ཐོས་རྣམས་ལུང་བསྟན་པ་དང༌། ཐེག་པ་གཅིག་ཏུ་བཤད་པ་ལྟ་ ― JLD017_Page_0457 ―
[མ་དཔེ་གཟིགས་ན་འདིར་གནོན།]
བུའོ། །འདི་དང་དགོངས་པ་དང་ལྡེམ་དགོངས་གཉིས་པ་རྣམས་སེམས་ཙམ་ཁོ་ནའི་འདོད་པའོ། །བཞི་པ་ནི། བརྗོད་བྱ་ཟབ་མོ་གཞན་དུ་འདྲེན་པ་ལ་བལྟ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། ཞེས་པ་ལྟ་བུའོ། །དེ་ལ་སྙིང་པོ་ནི་སེམས་ཀྱི་རྣམ་གཡེང་ངོ༌། །དེ་མེད་པ་ནི་སྙིང་པོ་མེད་པའོ། །ཕྱིན་ཅི་ལོག་ནི་གཙང་བདེ་རྟག་བདག་ལས་ལོག་པའོ། །ཉོན་མོངས་པ་ནི་ཡུན་རིང་པོར་དཀའ་སྤྱད་ཀྱིས་ངལ་བའོ། །དེ་དག་ནི་རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང༌། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། ཞེས་པ་ལྟར་བཤད་དོ། །གཉིས་པ་ནི། བཤད་སྦྱར་དུ། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི་ཕ་རོལ་ལ་ལྟོས་པར་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་དེ་ཉིད་ཕ་རོལ་གཟུང་བ་ལ་ལྟོས་པའོ་ཞེས་སོ། །འདི་ལ་སྔ་མ་རྣམས་དགོངས་གཞི་དང་དགོས་པ་གཙོ་བོར་སྟོན་པའོ་ཞེས་འཆད་པ་ནི་དགོངས་པ་མིན་ཏེ། དེ་ལྟ་ན་འདི་གཉིས་འགལ་དགོས་ཏེ་དགོས་པ་གཙོ་ལ་དགོངས་གཞི་མི་གཙོ་བ་དང༌། དེ་ལས་བཟློག་པའི་ཁྱད་པར་ཡོད་དགོས་པས་སོ། །མི་འགལ་བ་ནི་དགོངས་པ་དང་པོ་དང་ཐ་མ་གཉིས་གཉེན་པོ་ལ་ལྡེམ་དགོངས་སུ་བཤད་ཅིང༌། ཐེག་བསྡུས་སུ་བཤད་པའི་གཉིས་པ་ཡང་གཉེན་པོ་ལ་ལྡེམ་དགོངས་ ― JLD017_Page_0458 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡིན་པས་སོ། །གཞན་ཡང་ང་ཉིད་རྣམ་གཟིགས་སོ་ཞེས་པ་ཡང་གཙོ་བོར་སངས་རྒྱས་ལ་བརྙས་པ་ལྡོག་པའི་དོན་དུ་གསུངས་ཀྱི་སངས་རྒྱས་རྣམས་ཀྱི་ཆོས་སྐུ་འདྲ་བ་གཙོ་བོར་བྱས་ནས་གསུངས་པ་མིན་པས་སོ། །དེས་ན་དགོངས་གཞི་གཞན་དུ་བཙལ་དགོས་པའི་སྒྲ་ཇི་བཞིན་མ་ཡིན་པ་རྣམས་ནི་དགོས་པ་འབའ་ཞིག་གི་ཕྱིར་མཛད་པ་ཡིན་གྱི་དགོངས་གཞིའི་ཕྱིར་མིན་ནོ། །འོ་ན་ལུང་དོན་གང་ཞེ་ན། སྒྲས་ཟིན་ཚོད་དེ་ཚིག་དེའི་དགོངས་པ་མིན་པར་ལོགས་སུ་བཤད་ནས་འདི་ལ་བསམས་ཏེ་གསུངས་སོ་ཞེས་སྨྲ་བ་པོའི་བསམ་པ་སྟོན་པའི་ཆ་ནས་དགོངས་པ་ཡིན་ལ། ཐད་ཀར་མི་སྟོན་པར་འཁྱོག་པོའི་ངག་གིས་བསྟན་པའི་དགོས་པ་འདིའོ་ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་སྟེ་ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོག་པོ་ཡིན་པས་སོ། །དེ་ལྟར་ན་ཤཱནྟིས་བསྟན་པའི་དོན་བརྗོད་པ་ནི་དགོངས་པ་ཅན་ཡིན་ལ། བསྟན་པའི་སྒྲའི་དགོས་པ་བཤད་པ་ནི་ལྡེམ་པོར་དགོངས་པ་དང་ཡང་མཐུན་ནོ། །དེས་ན་དགོངས་ལྡེམ་དགོངས་གཉིས་དྲང་དོན་གྱི་གཞུང་དང་གཅིག་ལ་འཇོག་ཚུལ་ཐ་དད་པས་བཞག་པ་ཡིན་ཏེ། དེ་ཡང་འདི་ལ་དགོངས་ནས་སོ་ཞེས་དང༌། འདིའི་ཆེད་དུ་གསུངས་སོ་ཞེས་པ་གཉིས་སོ། །དགོངས་པ་ལ་ཕ་རོལ་གཟུང་བ་ལ་མི་ལྟོས་ཞེས་པ་ནི་དེའི་ཆ་ནས་དགོངས་པར་མི་འཇོག་ཅེས་པ་ཡིན་ལ། ལྡེམ་དགོངས་ལ་དེ་ཉིད་ཅེས་པས་གཉིས་ཀ་གཞི་གཅིག་ལ་རྩི་བར་གསལ་ལོ། །ཊཱིཀ་བྱེད་དག་གིས་ནི་ཚུལ་འདི་ཙམ་ཡང་ལེགས་པར་མ་བརྟགས་ ― JLD017_Page_0459 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ། །གསུམ་པ་ནི། འདི་དག་ཐམས་ཅད་དྲང་དོན་ཡིན་ཏེ། དགོངས་པ་ནི་སྒྲས་ཟིན་ལས་དགོངས་པ་གཞན་དུ་བཙལ་དགོས་ལ། ལྡེམ་དགོངས་ནི་སྒྲ་ཇི་བཞིན་པ་མིན་པའི་ངག་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱི་དོན་གཞན་དུ་བརྗོད་ལ་དོན་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། ཞེས་སོ། །འོ་ན་ཐམས་ཅད་བསྒྱུར་བ་ལྡེམ་དགོངས་སུ་འགྱུར་ཞེ་ན། འདོད་པ་ཡིན་ནོ། །འོ་ན་ཇི་ལྟར་ཕྱེ་ཞེ་ན་ལྡོག་པ་ཙམ་གྱིས་ཡིན་ཏེ་དེ་ལྟར་མིན་ན་དགོངས་ལྡེམ་དགོངས་ཀྱང་འགལ་བར་འགྱུར་ལ། དགོངས་པ་དང་པོ་ཡང་དོན་གཞན་ལ་དགོངས་པ་མ་ཡིན་པར་འགྱུར་ན་དེ་ཡང་མིན་ཏེ། རྒྱན་འགྲེལ་ལས། སྒྲ་ཇི་བཞིན་པ་མིན་པར་བཤད་པ་རྣམས་དེའི་དཔེར་མཛད་པའི་ཕྱིར་རོ། །འོ་ན་ཐེག་བསྡུས་ལས། དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་རྣམ་པ་བཞིས་སངས་རྒྱས་ཀྱི་གསུང་ཐབས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་དང༌། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བསྟན་པའོ་ཞེས་གསུངས་པས་བཀའ་ཐམས་ཅད་དྲང་དོན་དུ་འགྱུར་ཞེ་ན། དང་པོ་ནི་ཆེས་མི་རིགས་ཏེ་གསུང་རབ་ཁོང་དུ་ཆུད་པའི་ཐབས་ཡིན་པས་གསུང་རབ་དེ་ཐབས་དེར་འགྱུར་ན་ཧ་ཅང་ཐལ་བས་སོ། །གཉིས་པ་ཡང་མི་འཐད་དེ་ལུང་དེའི་དོན་ནི་འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་དང་རྣམ་རྟོག་ལ་སོགས་པའི་ཉོན་མོངས་ ― JLD017_Page_0460 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྣམས་རིམ་པ་ལྟར་མི་སྡུག་པ། བྱམས་པ། ཁམས་ཀྱི་རབ་དབྱེ། དབུགས་འབྱུང་རྔུབ་བགྲང་བ་སོགས་ཀྱི་གཉེན་པོས་རྫོགས་པར་སྤོང་བར་བསྟན་པ་རྣམས་སྒྲ་ཇི་བཞིན་པ་མིན་ཏེ་དེ་དག་རེ་རེས་མ་ལུས་པར་སྤང་མི་ནུས་པས་སོ། །དེས་ན་དབང་པོ་གདུལ་དཀའ་བ་རྣམས་གཉེན་པོ་ཉི་ཚེ་བ་སྒོམ་པ་ལ་གཞུག་པའི་ཕྱིར་དེ་ལ་དགོངས་པ་ཡིན་གྱི་བཀའ་ཐམས་ཅད་གཉེན་པོ་ལ་ལྡེམ་དགོངས་སུ་འཆད་པ་མིན་ནོ། །གཉེན་པོ་ལ་ལྡེམ་དགོངས་མི་སྡུག་པ་སྒོམ་པ་སོགས་ལ་རྒྱན་གྱི་བཤད་སྦྱར་དང་དེའི་འགྲེལ་ཆེན་གཉིས་ཀྱིས་བཤད་དོ། །གཞན་དོན་རིམ་བཞིན་སྒྲུབ་པ་དེ་སྐྱེས་པའི་འོག་ཏུ་གདུལ་བྱའི་འཁོར་བ་ཇི་སྲིད་པར་མངོན་པར་ཞེན་པའི་མཚན་མ་མེད་ཅིང་འབད་པ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པར་གདུལ་བྱ་གཞན་གྱི་དོན་སྒྲུབ་པའི་ཡེ་ཤེས་འབྱུང་བའམ་འཇུག་པའི་སྒྲུབ་པ་དེ་སྐྱེའོ། །གཞུང་འདིའི་མཇུག་གི་འབྱུང་ཞེས་པ་རྟོགས་པའི་ཆོས་རེ་རེའི་མཇུག་ཏུ་སྦྱོར་བ་ནི་མི་འཐད་དེ། འདི་ནི་རྩ་བར་འཇུག་པའི་ཞེས་པའི་འགྲེལ་པ་ཡིན་པས་སོ། །གཞན་དོན་གྱི་ཕྲིན་ལས་དེ་ལྟ་བུ་སངས་རྒྱས་ཁོ་ནའི་མ་ཡིན་ནམ་ཞེ་ན། རྒྱུད་བླ་མ་ལས། སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་དྲལ་བའི་་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། ཞེས་ས་བཅུ་པ་ལ་གསུངས་པས་འབད་རྩོལ་ཆེན་པོ་ལ་མི་ལྟོས་པའི་ཕྲིན་ལས་ཡོད་པ་མི་འགལ་ལོ། །དེ་ལྟར་གཅིག་འོག་ཏུ་གཅིག་སྐྱེ་བའི་རྟོགས་པ་འདིའི་རྟེན་འཆད་ཅེས་ཐམས་ཅད་ ― JLD017_Page_0461 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་སྦྱར་རོ། །གཉིས་པ་ནི། སྒྲུབ་པ་བཅུ་གསུམ་པོའི་གཅིག་འོག་ཏུ་གཅིག་བཤད་པའི་རྣམ་གཞག་འདི་ནི་གོ་རིམ་ཡིན་ནོ། །འོ་ན་འདི་སྔ་མ་ལས་ཕྱི་མ་སྐྱེ་བ་རྒྱུ་འབྲས་དོན་གྱི་རིམ་པའམ་འོན་ཏེ་དེ་ལྟར་བཤད་ན་ཉན་པ་པོས་རྟོགས་སླ་བའི་བཤད་པའི་གོ་རིམ་ཡིན་ཞེ་ན། རིགས་བྱིན་བུད་དྷ་ཤྲཱི་ཤེར་འབྱུང་ནི་སྐྱེ་བའི་རིམ་པར་འདོད་དོ། །ཚིག་གསལ་ལས་ནི་སྔ་ཕྱི་རྣམས་ལ་ས་མཚམས་གོང་འོག་ཏུ་བཞག་པས་སྐྱེ་བའི་རིམ་པར་མི་འདོད་པར་མངོན་ནོ། །རྒྱན་གྱི་སྣང་བར་དེ་བས་ན་དེ་ལྟར་རྟོགས་པའི་གོ་རིམ་ཡིན་པའི་ཕྱིར་འདི་ནི་གོ་རིམ་ཡིན་ནོ་ཞེས་པའི་དོན་ནི་རྟོགས་པ་རྒྱུད་ལ་སྐྱེ་བའི་རིམ་པ་ལ་གཟུང་སྟེ། སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེེ་བྲག་གིས་ཞེས་རྟོགས་པ་འདི་དག་སྐྱེ་བའི་གནས་སྐབས་ཐ་དད་དུ་བཤད་པས་མཐོང་སྒོམ་གཉིས་སྤྱི་དང་ཕྱི་མ་བདུན་ཁྱད་པར་དུ་བྱས་ནས་བཤད་པའི་གོ་རིམ་ལ་འཆད་མི་ནུས་པས་སོ། །གསུམ་པ་ནི། གདམས་ངག་བཅུར་མ་ཟད་བཅུ་གསུམ་པོ་འདིས་ཀྱང་སྐྱེས་བུ་ཞིག་འཚང་རྒྱ་བའི་དོན་ཐམས་ཅད་ཕུན་ཚོགས་སུ་སྒྲུབ་ནུས་ཏེ། སྦྱོར་ལམ་གྱི་སྟོབས་ཀྱིས་ཆོས་དབྱིངས་སྔར་མ་མཐོང་མངོན་སུམ་དུ་བལྟས་ཏེ་སྒོམ་ལམ་ཆུང་ངུ་ལ་སོགས་པ་སྦྱངས་ནས་གཉེན་པོས་མི་མཐུན་ཕྱོགས་དྲུངས་འབྱིན་པར་བྱེད་ཅིང་སྤང་གཉེན་ལ་རློམ་པ་མེད་བཞིན་དུ་ཐབས་ཤེས་ཀྱིས་ཐུན་མོང་མིན་པའི་ལམ་ཐོབ་པས་ཐེག་གསུམ་གྱིས་སེམས་ཅན་བཏུལ་ཏེ་སངས་རྒྱ་བའི་ཕྱིར་རོ། །བཞི་པ་ནི། ཚིག་ ― JLD017_Page_0462 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསལ་ལས། ལྔ་པ་ནི་མཐོང་བའི་ལམ་མོ། །དྲུག་པ་ནི་སྒོམ་པའི་ལམ་མོ། །བདུན་པ་དང་དགུ་པ་ནི་དེ་དག་ཉིད་ཀྱི་བྲལ་བ་དང་བྲལ་བའི་ཐོབ་པའོ། །བརྒྱད་པ་ནི་ས་འོད་བྱེད་པ་ནས་དྲུག་པའི་བར་རོ། །བཅུ་པ་ནི་ས་བདུན་པའོ། །བཅུ་གཅིག་པ་ནི། མི་གཡོ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་རོ། །བཅུ་གཉིས་པ་ནི། སྐྱེ་བ་གཅིག་གིས་ཐོགས་པ་དང་སྲིད་པ་ཐ་མ་པའོ། །བཅུ་གསུམ་པ་ནི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། ཞེས་དང༌། བུད་དྷ་ཤྲཱིས་དྲུག་པ་ས་བདུན་པ་ཕྱིན་ཆད་དེ་ནས་གཅིག་དང་གཅིག་དང་བཞི་དང་གཅིག་ནི་རིམ་པ་ལྟར་ས་བརྒྱད་པ་དགུ་པ་བཅུ་པ་དེའི་ཁྱད་པར་གྱི་ལམ་ལ་བཞག་གོ །ཁ་ཅིག་བུད་དྷ་ཤྲཱིས་་བདུན་བརྒྱད་གཉིས་ས་བརྒྱད་པ་ལ་བཞག་ཅེས་གསུང་པ་ནི་འགྲེལ་པ་དེ་མ་ངེས་པ་ཡིན་ནོ། །ཆོས་བཤེས་ཀྱིས་སྔ་ཕྱི་རྣམས་ཀྱི་ས་མཚམས་གོ་ལོག་ཏུ་བཞག་པ་ནི་སློབ་དཔོན་གྱི་བཞེད་པ་མིན་ལ། བུད་དྷ་ཤྲཱིས་་བདུན་བརྒྱད་ས་སོ་སོ་ལ་བཞག་པ་ཡང་སློབ་དཔོན་གྱི་དགོངས་པ་མིན་ནོ། །སྔོན་གྱི་མཁས་པ་དག་ག་ཡ་གོ་རི་ལས། དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ་ས་བདུན་པའི་བར་དུའོ། །སྤོང་བའི་ལམ་ནི་ས་བརྒྱད་པ་ནས་བཟུང་སྟེ་ས་བཅུ་པའི་བར་དུའོ་ཞེས་བཤད་པས་ཤེས་པ་དང་རྟོགས་པ་གནད་གཅིག་པས་སྒོམ་ལམ་ས་བདུན་པ་མན་ཆད་དང༌། དེ་ནས་བཞི་ས་བརྒྱད་པ་ལ་དང༌། དེ་ནས་གཅིག་ས་འོག་མ་ནས་ཡོད་ཀྱང་ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པ་ལ་དབང་ཐོབ་པས་རྣམ་པ་ཐམས་ཅད་དུ་ཐུན་མོང་མིན་པའི་ཕྱིར་དེ་ནས་ ― JLD017_Page_0463 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞག་གོ །དེ་ནས་གཅིག་ས་བཅུ་པ་ལ་སྟེ་ས་དེ་ལ་གཞན་དོན་སངས་རྒྱས་དང་འདྲ་བར་བཤད་པས་སོ། །བཅུ་གསུམ་པ་ནི་ས་བཅུ་ཐ་མ་ལ་བཏགས་པའོ་ཞེས་འཆད་དོ། །སློབ་དཔོན་འདིས་ཐ་མ་སངས་རྒྱས་སར་བཤད་པ་མེད་ཅིང་ས་བཅུ་པ་ན་དེ་ཡོད་པར་གསུངས་པས་ཉེ་བར་གདགས་མི་དགོས་སོ། །ག་ཡ་གོ་རི་ལས་ཤེས་པའི་ལམ་ལ་སྒྲིག་རུང་སྣང་ཡང་སྤོང་བའི་ལམ་བཤད་པ་མི་འགྲིག་པས་ས་མཚམས་འདི་ལ་འོལ་སྒྲིག་ཙམ་སྣང་ཡང་ཇི་ལྟ་བ་དཀའ་བར་སྣང་ངོ༌། །རྩ་བ་རང་གི་དོན་ནི་རྟོགས་པའི་ཆོས་དྲུག་གི་མཐོང་སྒོམ་གཉིས་སྤྱི་དང་ལྷག་མ་བདུན་ཅི་རིགས་པར་དེ་དག་གི་ཁྱད་པར་དུ་བཞག་སྟེ་དེ་ཡང་རང་དོན་དང༌། ལམ་གྱི་ཁྱད་ཆོས་དང༌། གཞན་དོན་གསུམ་གྱི་དབང་དུ་བྱས་པ་སྟེ། དང་པོ་ཡང་གཉེན་སྤང་ནི་གཉེན་པོ་སྐྱེད་པ་དང་སྤང་བྱ་འགོག་པ་ཡིན་ལ། དེ་དག་གཏུགས་པ་ནི་སྤང་གཉེན་གྱི་བྱེད་པ་དེ་གཉིས་རྫོགས་པའོ། །གཉིས་པ་ལ་ཤེས་རབ་སྙིང་བརྩེ་གཉིས་ཁྱད་པར་དུ་བྱེད་པའི་རྒྱུ་ཡིན་ལ་ཐུང་མོང་མིན་པ་ཁྱད་པར་དུ་བྱས་པའི་འབྲས་བུའོ། །གསུམ་པ་ལ། གཞན་དོན་གོ་རིམ་ནི་གཞན་དོན་གྱི་རྒྱུ་ཡིན་ལ། ཡེ་ཤེས་རྩོལ་བ་མི་མངའ་བ་གཞན་དོན་སྒྲུབ་པའི་གནས་སྐབས་སོ་ཞེས་བྱ་བར་སྣང་སྟེ་འཕགས་པའི་དགོངས་པར་ཡང་འགྱུར་རོ། །བཞི་པ་ནི། ཚིགས་བཅད་གཉིས་པོ་འདི་ནི་བྱང་སེམས་བཅུ་གསུམ་གྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་སྐབས་འདིར་རིགས་སུ་འཇོག་གོ་ཞེས་ ― JLD017_Page_0464 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་ཏོ། །ཁོ་ན་ཞེས་པས་རྟེན་དངོས་པོ་བ་ནི་མེད་དོ་ཞེས་པའོ་ཡང་དག་པར་ན་དེ་ལས་གཞན་པའི་རིགས་མེད་པས་ཞེས་རྟོགས་དཀར་རོ། །རྒྱུ་མཚན་ནི་སྔར་ཇི་སྐད་བཤད་པའི་སྒྲུབ་པའི་ཆོས་བཅུ་གསུམ་གྱི་རྟེན་གཞིར་གྱུར་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཚིག་གསལ་དུ་སྒྲུབ་པ་བཞིའི་ཞེས་དང༌། རིགས་བྱིན་སེམས་བསྐྱེད་ལ་སོགས་པའི་སྒྲུབ་པའི་ཆོས་ཞེས་འཆད་པ་དོན་མིན་ནོ། །བཅུ་གསུམ་དུ་ཇི་ལྟར་བྱས་པས་ཕྱེ་ན། དྲོད་ནས་ཡེ་ཤེས་རྩོལ་བ་མི་མངའ་བའི་བར་གྱི་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་ཏེ་རྟོགས་པ་མི་འདྲ་བ་བཅུ་གསུམ་གྱིས་སོ། །གང་ཡང་ཟླ་འོད་དུ་གང་ཟག་གི་རང་བཞིན་རྣམ་པར་དག་པ་གློ་བུར་དྲི་མ་རྣམས་ཀྱི་ནང་དུ་ཆུད་པ་དེ་ཉིད་བྱང་ཆུབ་ཀྱི་རང་བཞིན་དུ་གནས་པའི་རིགས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་ཅན་གཞན་ཉིད་ནི་མ་རིག་པ་ལ་སོགས་པའི་མུན་པ་སྲབ་པ་ལ་སོགས་པའི་རིམ་གྱིས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་རྟེན་ཏེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེས་སེམས་བསྐྱེད་པ་ནས་བརྩམས་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་ལ་ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ཉིད་ཀྱིས་ན་སེང་གེ་བཟང་པོའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཆོས་ཀྱི་དབྱིངས་ཀྱི་རྟེན་ནོ་ཞེས་པ་ནི་མི་འཐད་དོ་ཞེས་སློབ་དཔོན་འདི་འགོག་པ་ནི་མི་འཐད་དེ། ཉི་སྣང་ལས་ཀྱང་རྟེན་ཆོས་བཅུ་གསུམ་དུ་བཤད་ནས་དང་པོ་དྲོད་ལ་ ― JLD017_Page_0465 ―
[མ་དཔེ་གཟིགས་ན་འདིར་གནོན།]
བཤད་པས་སོ། །སེམས་བསྐྱེད་ནས་བརྩམས་ཏེ་ཞེས་པ་སྔར་མདོའི་སྐབས་དེ་དག་ཏུ་བྱང་སེམས་ཞེས་པའི་སྒྲ་དོན་འདྲི་བས་འབྲེལ་བཀོད་པ་ཙམ་མོ། །དེའི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་འཇོག་དགོས་ཤེ་ན། འོ་ན་གདམས་ངག་གི་སྐབས་སུ་ཡུམ་ལ་བརྩོན་པ་རྣམས་གང་ནས་འཕོས་ཏེ་འདིར་སྐྱེས་ཞེས་པའི་ལན་དུ་དགེ་འདུན་ཉི་ཤུ་གསུངས་པའི་ཕྱིར་ཚོགས་སྦྱོར་བ་ཡང་ཡུམ་ལ་བརྩོན་པ་ཡིན་པས་དགེ་འདུན་རྣམས་དེ་ནས་འཇོག་དགོས་པར་འགྱུར་རོ། །དེས་ན་སྔ་མ་རྣམས་ནི་ཚོགས་ལམ་ནས་རིགས་ཡོད་ཀྱང་ཐོས་བསམ་ཤས་ཆེ་བས་དེས་དེ་མི་ཕིགས་པའི་ཕྱིར་རྟེན་དང་བརྟེན་པ་ངོ་མ་འཕྲོད་ལ། སྦྱོར་ལམ་ནས་སྒོམ་བྱུང་ཤས་ཆེ་བའི་ཕྱིར་ངོ་འཕྲོད་པས་དེ་ནས་རིགས་བཞག་གོཞེས་འདོད་དོ། སྐབས་དོན་ནི་སྐབས་འདིའི་རིགས་ལ་གཉིས་ལས་ཁྱད་པར་ཅན་ནི་རིགས་ངེས་པ་ཡིན་ལ་དེ་ཡང་དྲོད་ནས་ཕྱིར་མི་ལྡོག་ཏུ་བཤད་པས་དེ་དང་བསྟུན་པ་ཡིན་ཞིང༌། ཚོགས་ལམ་དུ་ཕྱིར་མི་ལྡོག་གི་རྟགས་མ་ཐོབ་པས་མ་བཞག་སྟེ་འདིར་བསྟན་ཕལ་བའི་རིགས་ནི་ཚོགས་ལམ་ན་ཡོད་པར་ཉི་སྣང་དང་རྒྱན་སྣང་གི་རིགས་དང་སྦྱོར་ལམ་གྱི་འཆད་ཚུལ་ལ་རྩོད་པ་སྤོང་བས་ཤེས་སོ། །གཉིས་པ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ལ་གཉིས། རིགས་ཅན་དང༌། རིགས་སོ་སོར་མ་ངེས་པའི་རྩོད་པའོ། །དང་པོ་ནི། བར་ཚིགས་ཕྱེད་ཀྱིས་རྩོད་པ་གསུངས་སོ། །གང་གི་ཆེད་དུ་ན། ལུང་གི་དོན་མངོན་པར་མི་ཤེས་པའི་སྐྱེ་བོ་བློ་ ― JLD017_Page_0466 ―
[མ་དཔེ་གཟིགས་ན་འདིར་གནོན།]
དམན་པ་སྟེ་ཤེས་རབ་ཆུང་བའི་ངོར་དོགས་པ་ཁོང་ནས་བསུ་ནས་དེ་ལ་ལན་གདབ་པའི་ཕྱིར་དུའོ། །དོགས་པ་ཇི་འདྲ་བ་ཞེ་ན། གལ་ཏེ་ཆོས་ཀྱི་དབྱིངས་རྟོགས་པས་ཐེག་ཆེན་འཕགས་པའི་རྟོགས་པའི་ཆོས་རྟོགས་པ་སྟེ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཏེ་རྒྱུ་མཚན་གྱིས་ཆོས་དབྱིངས་དེའི་བདག་ཉིད་ཅན་ཏེ་དེས་ཁྱབ་པའི་བྱང་སེམས་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་རང་བཞིན་དུ་གནས་པའི་རིགས་ཅན་དང་དེའི་ཆོས་ཉིད་རིགས་སུ་དབུ་མ་པ་འདོད་པ་ལ་ཁོ་ན་རེ་རིགས་ཆོས་ཉིད་ཡིན་ན་ཕྱོགས་སྔ་ཁོང་དུ་ཆུད་པས་འོ་ན་ནི་བྱང་སེམས་ཁོ་ན་ཐེག་ཆེན་དང་ཉན་རང་ཁོ་ན་ཐེག་དམན་གྱི་རིགས་ཅན་དུ་སོ་སོར་མ་ངེས་པར་ཐལ། ཆོས་ཉིད་ལ་རིགས་སུ་འདོད་པ་དེའི་ཚེ་སྟེ་དེའི་ཕྱིར། ཁྱབ་སྟེ་ཆོས་ཉིད་དེ་ནི་སྤྱིར་ཐམས་ཅད་ལ་ཐུན་མོང་དུ་དབྱེར་མེད་པར་གནས་པའི་ཕྱིར་རིགས་སོ་སོར་མ་ངེས་ལ་དེའི་ཕྱིར་རིགས་ཅན་ཀྱང་མ་ངེས་པ་ཡིན་ནོ་སྙམ་པའི་དོགས་པའོ། །ཁོ་ན་ནི་འཕགས་པའི་རྟོགས་པ་སྐྱེད་པ་ལ་འདི་ལ་ངེས་པར་དམིགས་དགོས་ཞེས་པའོ། །རྟོགས་དཀར་སྤྱིར་དབྱེར་མེད་དུ་གནས་པ་རྒྱུ་མཚན་དུ་བྱས་ནས་རང་བཞིན་དང་རྒྱས་རིགས་གཉིས་ཐེག་གསུམ་གྱི་རིགས་ངེས་མ་ངེས་གཉིས་ཀྱི་རིགས་ཐ་དད་པར་མི་རིགས་པར་ཐལ་བ་དང༌། དེ་འདོད་ན་བྱང་སེམས་འབའ་ཞིག་རིགས་ཡིན་ཞེས་པ་མི་རིགས་ཏེ་ཉན་ཐོས་སོགས་ཀྱི་རིགས་ཀྱང་འདིར་རིགས་སུ་འདོད་པའི་ཕྱིར་ཞེས་འཆད་དོ། །མཚམས་སྦྱར་འདི་རྐང་པ་དང་པོ་གཉིས་ཀྱི་འགྲེལ་པར་མི་ ― JLD017_Page_0467 ―
[མ་དཔེ་གཟིགས་ན་འདིར་གནོན།]
བྱེད་པ་ཡོད་ཀྱང་རྟོགས་དཀས་མཛད་པ་ལྟར་ལེགས་སོ། །གཉིས་པ་ནི། ཆོས་ཉིད་རིགས་ཡིན་ན་ཆོས་དབྱིངས་ཏེ་ཐམས་ཅད་ལ་ཐུན་མོང་དུ་དབྱེར་མེད་པར་གནས་པའི་ཕྱིར་རིགས་ཐ་དད་པའི་དབྱེ་བ་རུང་བ་མ་ཡིན་ནོ། །ཇི་ལྟ་བུའི་ཞེ་ན། འདི་ཐོག་མེད་ནས་འོངས་པ་ཆོས་ཉིད་ཀྱིས་ཐོབ་པའི་གནས་རིགས་སོ། །འདི་སྔོན་དགེ་རྩ་གོམས་པས་ཐོབ་པ་ཡང་དག་པར་བླངས་པའི་རིགས་སོ། །འདི་རྐྱེན་ཆེན་པོས་ཀྱང་མི་འཕྲོགས་པའི་ཕྱིར་ཐེག་གསུམ་དུ་ངེས་པའི་རིགས་སོ། །འདི་ནི་དེ་ལས་བཟློག་པའི་ཕྱིར་དེར་མ་ངེས་པའི་རིགས་སོ་ཞེས་པའོ། །འདི་རྒྱན་སྣང་གི་བཤད་པ་སྟེ་སྔ་མ་དང་དོན་ལ་ཁྱད་པར་མེད་དོ། །འདིར་རྒྱས་པའི་རིགས་དབྱེར་མི་རུང་བར་བརྩད་པ་ནི་རིགས་གང་ཡིན་ཆོས་ཉིད་དུ་བཞག་པར་བསམས་པ་ཡིན་ལ། ལན་གྱིས་ནི་དེ་ལ་རིགས་ཀྱི་དབྱེ་བ་རུང་བའི་རྒྱུ་མཚན་བསྟན་པ་ཙམ་གྱིས་དོགས་པ་ལྡོག་གི་རྒྱས་རིགས་དབྱེར་ཡོད་པར་བསྟན་མི་དགོས་སོ། །གཉིས་པ་ལ་གཉིས། བསྟན་བཅོས་དང༌། འཇིག་རྟེན་ལ་གྲགས་པའི་ལན་ནོ། །དང་པོ་ནི། ཐ་སྙད་འདོགས་སོ། །གང་དུ་ན་ཐེག་གསུམ་གྱི་རིགས་ཉིད་དུའོ། །གང་ན་ཆོས་དབྱིངས་སོ། །གང་གི་སྒོ་ནས་ན། དེ་གསུམ་གྱི་འཕགས་ཆོས་ཀྱི་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་སོ། །སྐྱེད་པའི་རྒྱུའམ་ཞེ་ན་མིན་ཏེ། ཉན་ཐོས་ཀྱི་ཐེག་པ་དང་སོགས་པས་རང་རྒྱལ་ཐེག་ཆེན་གྱི་རྟོགས་པའི་རིམ་པ་ཐ་དད་ཀྱིས་རང་རང་གི་འཕགས་པའི་ཟག་མེད་ཀྱི་ཆོས་རྟོགས་པ་སྟེ་ཐོབ་པར་བྱ་བའི་ ― JLD017_Page_0468 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྱིར་དུ་ཆོས་ཉིད་ལ་དམིགས་པ་ན། ཇི་ལྟར་དམིགས་པ་དེ་བཞིན་དུ་སྟེ་དེ་དང་མཐུན་པར་རྟོགས་པ་དེ་དང་དེ་ཐོབ་པ་ཙམ་ལ་རྒྱུར་བཏགས་སོ། ཞེས་བྱ་བ་དེ་ལྟ་བུའི་ལན་ཞིག་ཀྱང་བྱམས་པའི་མཁྱེན་པས་གཟིགས་མོད་ཀྱང་མ་བཀོད་ཅེས་པ་ནི་རིགས་སུ་འགྲོ་ཚུལ་དེ་རྒྱན་འདིར་ཚིག་གིས་མ་ཟིན་པས་སོ། །འདི་ནི་ཉི་སྣང་ལས། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན། འདིར་ཧ་ཅང་ཐལ་བ་ཅི་སྟེ་ཚོལ་བར་བྱེད་ཅེས་པའི་དོན་སློབ་དཔོན་གྱིས་བཀོད་དོ། །དེའི་ཕྱིར་ཚིག་གསལ་ལས། ཉན་ཐོས་རྣམས་ནི་རྣལ་འབྱོར་སྤྱོད་པ་པ་ལྟར་རིགས་ཐ་དད་པ་དང་རིགས་ཆད་མི་འདོད་པས་སེམས་ཅན་ཐམས་ཅད་མ་ངེས་པའི་རིགས་ཅན་དུ་འདོད་པས་ན། དེ་ལྟར་འདོད་པ་ཁྱེད་ཀྱི་ལུགས་ཀྱིས་རིགས་ངོ་བོ་གཅིག་ཡིན་ཡང་རྐྱེན་གྱིས་བྱས་པའི་རྟོགས་པ་ཐ་དད་པར་འཐད་པ་ལྟར་ཁོ་བོ་ཅག་ཀྱང་རིགས་ཆོས་ཉིད་གཅིག་པུར་འདོད་ཀྱང་དེ་རྟོགས་པའི་རིམ་པ་ལས་རིགས་ཁྱད་པར་ཅན་བཅུ་གསུམ་དུ་འདོད་ཅེས་པ་ནི་བསྟན་བཅོས་ལ་གྲགས་པའི་དཔེའོ་ཞེས་དེ་བཞིན་དུ་ཞེས་པ་ཡན་ཆད་དཔེར་བཤད་པ་དགོངས་པ་མིན་ལ། ཁྱད་པར་དུ་ཉན་ཐོས་རྣམས་སེམས་ཅན་ཐམས་ཅད་མ་ངེས་པའི་རིགས་ཅན་དུ་འདོད་པར་བཤད་པ་མི་འཐད་དེ། གལ་ཏེ་འདོད་ན་བྱེ་སྨྲ་སོགས་ཀྱི་གཞུང་དུ་བཤད་དགོས་པ་ལས་མཛོད་དུ། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། ཞེས་ཡང་དག་པ་དང་ལོག་པར་ ― JLD017_Page_0469 ―
[མ་དཔེ་གཟིགས་ན་འདིར་གནོན།]
ངེས་པ་དང་མ་ངེས་པའི་སེམས་ཅན་གྱི་ཚོགས་གསུམ་དུ་བཤད་པའི་ཕྱིར་དང༌། ཉན་ཐོས་སྡེ་པས་རིགས་ཐ་དད་དུ་མི་འདོད་པ་ལ་ཤེས་བྱེད་མེད་ཅིང་གནོད་བྱེད་ཡོད་དེ་དེ་དག་མ་ཆགས་པ་དང་དབང་པོ་ཁྱད་པར་ཅན་ལ་རིགས་སུ་འདོད་པས་སོ། །གཞུང་འདི་དེ་ལྟར་མ་བཤད་ན་འོག་གི་ལན་དང་གཉིས་ཀ་ཁྱད་མེད་པར་འགྱུར་ཏེ། ཕྱོགས་སྔ་གཅིག་ཡིན་ཞིང་ལན་གྱི་དོན་ཡང་དམིགས་ཚུལ་ཐ་དད་པ་གསུམ་ཡོད་པས་རིགས་གསུམ་དུ་བཞག་ཅེས་པ་ཡིན་ཏེ། རྟེན་ཆོས་ཐ་དད་ཀྱིས་བཞག་པ་ཡང་རྟེན་དང་བརྟེན་པ་དམིགས་བྱ་དམིགས་བྱེད་ལ་བཤད་དགོས་པས་སོ། །གཞན་ཡང་རིགས་བྱིན་གྱིས་ཉན་རང་གི་ལམ་གྱིས་རྟོགས་པའི་རིམ་གྱིས་ཏེ་གོང་ནས་གོང་དུ་ཤེས་པའི་གོ་རིམ་གྱིས་ཇི་ལྟ་བར་དམིགས་པ་དེ་བཞིན་དུ་སྟེ་དེ་དང་འདྲ་བར་བྱང་ཆུབ་སེམས་དཔས་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་ཆོས་དབྱིངས་ལ་དམིགས་པར་བྱའོ། །དེ་ལས་ཅིར་འགྱུར་ན། བྱང་སེམས་ཁོ་ན་ཉན་ཐོས་སོགས་ཀྱི་རིགས་ཉིད་དུ་ཐ་སྙད་འདོགས་སོ། །རྒྱུ་མཚན་ནི་ཆོས་དབྱིངས་ལས་གཞན་པའི་རྒྱུ་མེད་པས་དེ་ཁོ་ན་ཐེག་པ་གསུམ་གྱི་རྒྱུར་རྣམ་པར་བཞག་པའི་ཕྱིར་ཏེ། མདོ་སྡེ་ལས་བྱང་སེམས་ཀྱི་ཆོས་དབྱིངས་ཁོ་ན་ཐེག་གསུམ་གྱི་རིགས་སུ་བསྟན་པའི་ཕྱིར་ཏེ། ལུང་ལས་སྤྱིར་ཐེག་གསུམ་འབྲས་བུ་ཡིན་པ་ལ་བརྟེན་ཏེ་ཆོས་དབྱིངས་ཀྱི་རང་བཞིན་གྱི་བྱང་སེམས་རྒྱུར་བྱས་ནས་ཉན་རང་གི་རིགས་བཞག་ ― JLD017_Page_0470 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དེ་བཞིན་དུ་བྱང་སེམས་ཀྱི་སྐབས་སུ་དེ་བཞིན་གཤེགས་པའི་རིགས་སུ་འགྱུར་རོ་ཞེས་འཆད་པ་ཡང་དགོངས་པ་མིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། སླ་ཆོས་ཉིད་དུ་སྟེ་གོ་སླ་བའི་ཕྱིར་དུ་འཇིག་རྟེན་པའི་དངགས་ཀྱིས་ཏེ་དེ་ལ་གྲགས་པས་སྔ་མ་ལས་ལན་གཞན་དུ་སྟོན་ཏོ། །རྩ་ཚིག་གིས་འཇིག་རྟེན་པའི་དངགས་དངོས་སུ་མ་གསུངས་ཀྱང་དེས་མཚོན་པའི་དོན་བསྟན་པ་ལ་དགོངས་སོ། །གཉིས་པ་ནི། ཆོས་ཉིད་ལ་དབྱེར་མེད་ཀྱང་རིགས་ཐ་དད་གསུམ་གྱི་རྣམ་གཞག་མི་འཐད་པ་མེད་དེ། དེ་ལྟར་ཡིན་ཀྱང་རྟེན་པའི་ཆོས་ཐེག་པ་གསུམ་གྱི་རྟོགས་པ་ཐ་དད་གསུམ་གྱི་བྱེ་བྲག་གིས་རྟེན་དེའི་དབྱེ་བ་ཡོངས་སུ་བརྗོད་པའམ་བསྟན་ཏེ། མདོར་ན་རྟོགས་བྱ་དེ་བཞིན་ཉིད་ལ་ཐ་དད་མེད་ཀྱང་དེ་རྟོགས་པའི་བློ་ལ་རབ་འབྲིང་ཐ་གསུམ་བྱུང་བས་ཡུལ་ཅན་གྱི་སྒོ་ནས་མིང་ཐ་དད་པར་བཏགས་ཞེས་པའོ། །གསུམ་པ་ནི། ཆོས་ཉིད་ལ་དབྱེར་མེད་ཀྱང་དེ་དམིགས་པ་ལས་བྱུང་བའི་རྟེན་པ་འབྲས་བུའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པ་སྟེ་ཐོབ་བྱ་ཐ་དད་པ་གསུམ་ཡོད་པ་ཉིད་ཀྱིས་དམིགས་བྱའི་རྟེན་རྒྱུ་རིགས་དེ་ཡང་ཐ་དད་པ་གསུམ་ཉིད་དོ་ཞེས་བསྟན་ཏེ། དཔེར་ན་ཉེར་ལེན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་ལྷན་ཅིག་བྱེད་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བར་ཁྱད་པར་མེད་པའི་རྟེན་སྣོད་བུམ་པ་དང་སོགས་པས་ལྷུང་བཟེད་རྣམས་བརྟེན་པ་བཅུད་སྦྲང་རྩི་དང་ལི་ཁ་ར་སྟེ་ཀ་ར་ལ་སོགས་པའི་སྣོད་བྱེད་པ་ཉིད་ཀྱིས་བཅུད་ཀྱི་སྒོ་ ― JLD017_Page_0471 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནས་དེ་དང་དེའི་བུམ་པ་ཞེས་ཐ་དད་པར་འཇོག་པ་དེ་བཞིན་ནོ། །ཤཱནྟི་དང་རད་ཀིར་གྱིས་སྦྲང་རྩི་ལ་སོགས་པའི་བུམ་པ་རྣམས་ཁྱད་པར་མེད་ཀྱང་བཅུད་ཐ་དད་པའི་དབང་གིས་བུམ་པ་ཐ་དད་དུ་འཇོག་ཅེས་པ་ལྟར་མདོ་གཞན་ལས་ཀྱང་དེ་བཞིན་དུ་འབྱུང་བས་བུམ་པ་གཅིག་ཉིད་ལ་མི་བྱའོ། །དེ་ལྟར་ན་འཕགས་པ་ཤཱནྟི་ཟླ་འོད་རད་ཀིར་རྣམས་སུ་ཕྱེད་སྔ་མས་ཆོས་ཉིད་དབྱེར་མེད་པས་ཐེག་པ་གསུམ་གྱི་རིགས་ཐ་དད་དུ་མི་རུང་ངོ་ཞེས་པའི་ལན་དུ་ཕྱེད་ཕྱི་མ་སྦྱོར་ཞིང༌། ཟླ་འོད་དུ་བགྲོད་བྱ་ནམ་མཁའ་ལ་ཐ་དད་མེད་ཀྱང་བགྲོད་པ་པོ་ཕྱེ་ལེབ་བྱ་ཁྱུང་ཉི་མའི་ལམ་ཞེས་ཐ་དད་པར་བརྗོད་པ་བཞིན་ནོ་ཞེས་དཔེར་མཛད་དོ། །བུད་དྷ་ཤྲཱིས་ནི་་རིགས་དེ་ཐ་དད་པའམ་ཐ་མི་དད་ཅེས་པའི་ལན་དུ་ཕྱེད་སྔ་མས་ཐ་མི་དད་པར་བསྟན་ནས། འོ་ན་སྒྲུབ་པའི་རྟེན་གྱི་དབྱེ་བ་ཇི་ལྟར་བརྗོད་ཅེས་པའི་ལན་དུ་ཕྱེད་ཕྱི་མ་སྦྱོར་ཏེ་ཕྱེད་སྔ་ཕྱི་གཉིས་ཀ་རང་གཞུང་ངོ༌། །བདག་ཉིད་ཆེན་པོས་ནི་བཅུ་གསུམ་དུ་དབྱེ་བ་མི་རུང་བར་བརྩད་པའི་ལན་དུ་ཕྱི་མ་སྦྱོར་ལ། ཆོས་བཤེས་ཀྱང་ལན་འདེབས་ཚུལ་དེ་ལྟར་བཞེད་དེ། འདི་ནི་གཞུང་འོག་དང་འབྲེལ་ལོ། །གཉིས་པ་ལ་གསུམ་ལས་དང་པོ་ནི། སྔར་ཇི་སྐད་བཤད་པའི་སྒྲུབ་པའི་རྟེན་བྱང་སེམས་ཀྱི་དམིགས་པ་གང་ཞེ་ན། ལན་དུ་དམིགས་པ་སྟོན་ཏོ། །མདོའི་འབྲེལ་ནི། རིགས་ཀྱི་དོན་བསྡུར་བྱང་སེམས་ཀྱིས་ཆོས་ཐམས་ཅད་རྟོགས་པར་བྱའོ་ཞེས་གསུངས་པས་རབ་འབྱོར་གྱིས་ཆོས་ཐམས་ཅད་ ― JLD017_Page_0472 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི་གང་ལགས་ཞེས་པའི་ལན་དུ་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་ཞེས་པ་ནས་ཐུན་མོང་མ་ཡིན་པ་དག་སྟེ་འདི་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། ཞེས་བྱ་བས་དམིགས་པའི་རང་གི་ངོ་བོ་དང༌། དེ་དག་གང་ཡིན་དྲིས་པས་དེའི་ལན་དུ་སོ་སོར་གསུངས་སོ། །གཉིས་པ་ནི། ཉི་སྣང་ལས་རྐང་པ་དང་པོས་བསྟན་པ་དང༌། གཉིས་པས་ཅུང་ཟད་བཤད་ལ་དབྱེ་བ་དེ་ཙམ་དུ་ཟད་དམ་ཞེས་པའི་ལན་དུ་ལྷག་མས་རྒྱས་པར་བཤད་དོ། །གསུམ་པ་ལ་གཉིས། རབ་དབྱེ་དང༌། ཇི་ལྟར་དམིགས་པའི་ཚུལ་ལོ། །དང་པོ་ནི། སྒྲུབ་པའི་དམིགས་པ་ལ་དབྱེ་ན་བཅུ་གཅིག་གོ །འདི་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རེ་ཞིག་དམིགས་པ་རྣམས་ཀྱི་དང་པོར་དགེ་མི་དགེ་ལུང་དུ་མ་བསྟན་པ་སྟེ་གསུམ་དུ་འཆད་དོ། །སྤྱིར་ཞེས་པ་ནི་འདི་གསུམ་གྱིས་དམིགས་པ་ཀུན་ལ་ཁྱབ་པས་སོ། །རྟོགས་དཀར་ཉན་ཐོས་སོགས་དང་ཐུན་མོང་བ་ཡིན་པས་སྤྱིར་ཞེས་སོ། །དང་པོ་ནི། དགེ་སྦྱོང་གི་ཚུལ་ཟག་མེད་ཀྱི་བར་ཆད་མེད་ལམ་དང་སོགས་པས་ཚུལ་ཁྲིམས་དང༌། གཉིས་པ་ནི་ཉོན་མོངས་པས་ཀུན་ནས་བསླང་བའི་སྲོག་གཅོད་པ་དང་སོགས་པས་ལྷག་དགུ་དང༌། གསུམ་པ་ནི། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་དང་སོགས་པས་ངག་དང་ཡིད་ཀྱི་ལས་དང་འབྱུང་བཞི་དབང་པོ་ལྔའོ། །རྟོགས་དཀར་མཐའི་སོགས་སྒྲ་མ་གཏོགས་པ་བར་བའི་སོགས་སྒྲ་མེད་པ་ལྟར་དག་གོ །དང་པོ་གསུམ་གྱིས་མཚོན་བྱ་དང༌། འོག་མ་གསུམ་གྱིས་མཚན་གཞི་བརྗོད་དོ། །དེ་ ― JLD017_Page_0473 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡང་མདོ་ལས། འཇིག་རྟེན་པའི་ཆོས་དགེ་བ་ཞེས་ཕར་ཤེས་པ་དང༌། མར་ཤེས་པ་སོགས་དང༌། མི་དགེ་བ་བཅུ་ལ་བཤད་ཀྱང་མཚོན་པ་ཙམ་ཡིན་པས་དགེ་མི་དགེ་ཐམས་ཅད་གཟུང་ངོ༌། །གཉིས་པ་ནི། དེ་གསུམ་ལ་དམིགས་པ་དེའི་འོག་ཏུ་དབྱེ་བ་ལྷག་མ་རྣམས་ལ་དམིགས་ཏེ་དེ་ཡང་རྩ་བའི་གྲངས་བཞིན་དུ་འཆད་དོ། །ཇི་ལྟར་ན་སྔར་གྱི་གསུམ་པོ་དེ་དག་ཉིད་ལ་འཇིག་རྟེན་པ་དང་སོགས་པས་འཇིག་རྟེན་ལས་འདས་པ་སོགས་ཀྱི་རྣམ་པ་གཉིས་པོའི་དབྱེ་བ་སྟེ་ཟུང་བཞིར་ཕྱེ་བ་ཉིད་ཀྱིས་སོ། །རྒྱན་སྣང་དུ་གསུམ་པོ་དེའི་ནང་ནས་དགེ་བ་བཟུང་སྟེ་ལྷག་མ་རྣམས་ལ་སེམས་པར་བཤད་དོ། །རིགས་བྱིན་གྱིས་ལུང་མ་བསྟན་ས་བོན་རུལ་བ་དང་འདྲ་བས་དེ་དོར་བའི་ལྷག་མ་དགེ་མི་དགེ་གཉིས་རེ་རེ་ལ་འཇིག་རྟེན་ལས་འདས་མ་འདས་ཟག་པ་དང་བཅས་མ་བཅས་ཀྱི་ཕུང་པོ་བཞི་ཉིད་ཅེས་འཆད་པ་ནི། ལྷག་མ་དང་བཞི་ཉིད་ཀྱི་ཞེས་པའི་དོན་མ་དགོངས་པའོ། །དེ་ལ་འཇིག་རྟེན་པའི་རྟོགས་པ་ནི་སྤྱིར་ཞི་རགས་དང་བདེན་པའི་རྣམ་པ་ཅན་དང་སྣང་བཅས་དང་སྣང་མེད་དང་བདེན་པ་མ་མཐོང་བ་དང་མཐོང་བའི་རྒྱུད་ཀྱི་དབང་དུ་བྱས་ནས་འཇིག་རྟེན་ལས་འདས་མ་འདས་སུ་འཇོག་པ་ཡོད་ཀྱང༌། འདིར་རྒྱུད་དབང་བརྩོན་དུ་་བྱས་པ་ཡིན་པས་བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བའི་ཕུང་པོ་ལྔ་དང་ཁམས་སྐྱེ་མཆེད་དགེ་བཅུ་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་ལྔའོ། །དེ་དག་ཀྱང་འཇིག་རྟེན་པའི་ལམ་གྱིས་བསྡུས་ ― JLD017_Page_0474 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་ཆ་ལ་བཤད་དོ། །འཇིག་རྟེན་ལས་འདས་པ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱིས་བསྡུས་པའི་བསམ་གཏན་བཞི་ཆོས་སོ་བདུན་རྣམ་ཐར་སྒོ་གསུམ་དབང་པོ་གསུམ། ཏིང་ངེ་འཛིན་གསུམ་རྣམ་ཐར་བརྒྱད་མཐར་གནས་དགུ་ལ་སོགས་པའོ། །ཟག་བཅས་ནི་གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་བྱེད་ནུས་པ་མ་ཡིན་པ་ཉིད་ཀྱིས་ཉེ་བར་ལེན་པ་སྟེ་མ་འོངས་པའི་ཕུང་པོ་ལ་འདུན་པ་དང་ད་ལྟར་བའི་ཕུང་པོ་ལ་ལྷག་པར་ཆགས་པའི་སྲེད་པ་དང་ལྡན་པའི་ཕུང་པོ་ལྔ་དང་ཁམས་སྐྱེ་མཆེད་བསམ་གཏན་ཚད་མེད་གཟུགས་མེད་རྣམས་སོ། །ཟག་མེད་ནི་གང་ཟག་གི་བདག་དེར་ལྟ་བའི་གཉེན་པོ་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་སྤོང་བ་ལ་སོགས་པའི་འཇིག་རྟེན་ལས་འདས་པའོ། །དེ་ལ་སྤྱིར་ཀུན་བཏུས་ལས། ཟག་པ་དེའི་བདག་ཉིད་དང་ཟག་པ་དང་འབྲེལ་བ་དང༌། ཟག་པས་བཅིངས་པ་དང༌། ཟག་པའི་རྗེས་སུ་འབྲེལ་བ་དང༌། ཟག་པའི་རྗེས་སུ་མཐུན་པ་དང༌། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ་ཞེས་ཟག་པའི་སྒོ་དྲུག་པོ་དེ་དང་འབྲེལ་མ་འབྲེལ་དང༌། མཛོད་ནས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་མི་རྒྱས་ལ་ཟག་པ་དང་བཅས་མ་བཅས་སུ་བཤད་ཀྱང་འདིར་ནི་ཟག་པའི་གཉེན་པོ་བྱེད་མི་བྱེད་ལ་འདོད་པས་མི་མཐུན་ནོ། །འདུས་བྱས་ནི་རྒྱུ་རྐྱེན་ལ་རག་ལས་པ་འདོད་པའི་ཁམས་དང་ལྷག་མ་གཉིས་ཆོས་སོ་བདུན་ནས་མ་འདྲེས་པའི་བར་རོ། །འདུས་མ་བྱས་ནི་རྒྱུ་ལ་མི་ལྟོས་ ― JLD017_Page_0475 ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་དེ་བཞིན་ཉིད་དང་འགོག་པ་གཉིས་ནམ་མཁའ་རྣམས་སོ། །ཐུན་མོང་བ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་དེ་ཕལ་ཆེ་བའི་རྒྱུད་ལ་འབྱུང་བའི་བསམ་གཏན་བཞི་དང་ཚད་མེད་གཟུགས་མེད་མངོན་ཤེས་ལྔའོ། །ཐུན་མོང་མ་ཡིན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བའི་ཆོས་ཅན་སྟོབས་བཅུ་འོ། །ཅིའི་ཕྱིར་ཆོས་ཅན་ཞེས་བྱ་ཞེ་ན། སྟོབས་རེ་རེ་ལ་ཡང་དཔག་ཏུ་མེད་པའི་སྟོབས་མངའ་མོད་ཀྱི་མདོར་བསྡུས་ནས་སྟོབས་བཅུ་བསྟན་ཏོ་ཞེས་མདོ་ལས་གསུངས་པས་རང་གི་ཡན་ལག་ནི་འདིར་ཆོས་སུ་བརྗོད་དོ། །གཞན་དག་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་གཙོ་བོ་སྟོབས་ཡིན་པས་ཆོས་ཅན་གྱི་སྒྲས་གཙོ་བོ་བརྗོད་ལ། མི་འཇིགས་པའི་ཡོན་ཏན་ནི་ཆོས་ཀྱི་སྒྲས་བསྟན་ཏོ་ཞེས་འདོད་དོ་ཞེས་ཚིག་གསལ་ལས་འཆད་དོ། །ཐུན་མོང་མ་ཡིན་པ་ལ་མདོ་ནས་ཆོས་སོ་བདུན་སྟོབས་མི་འཇིགས་པ་སོ་སོ་ཡང་དག་པར་རིག་པ་མ་འདྲེས་པ་རྣམས་བཤད་ཅིང༌། ལེ་བརྒྱད་མར་ཐུན་མོང་གི་སྐབས་སུ་སོ་སྐྱེ་དང་ཐུན་མོང་བར་གསུངས་སོ། །འོན་ཀྱང་རྗེ་བཙུན་གྱིས་སློབ་མ་དང་ཐུན་མོང་བ་དང་ཐུབ་པ་ཁོ་ནའི་ཐུན་མོང་མིན་པར་གསུངས་པས་དེ་ཞར་བྱུང་ཙམ་དུ་མངོན་ནོ། །ཐུན་མོང་ཡིན་མིན་འདི་ཆོས་དང་རྒྱུད་ཀྱི་དབང་དུ་བྱས་པ་གཉིས་ལས་ཉི་སྣང་ལས་ཕྱི་མར་བཤད་པས་དེ་ལྟར་ཁས་བླངས་ཏེ། སངས་རྒྱས་ཀྱི་རྒྱུད་ཀྱི་དེ་སྒྲིབ་པ་མ་ལུས་པས་དག་པ་ཁོ་ནའི་རྒྱུད་ལ་སྐྱེ་བས་སོ། ། ― JLD017_Page_0476 ―
[མ་དཔེ་གཟིགས་ན་འདིར་གནོན།]
འོག་གི་སོགས་པ་ཞེས་པ་སྔར་བཤད་པ་བརྒྱད་པོ་རེ་རེའི་མཐར་སྦྱར་ནས་རིམ་པ་བཞིན་སྐྱེ་མཆེད་དང་གཟུགས་མེད་དང༌། སྐྱེ་མཆེད་དང་ཡང་དག་པའི་སྤོང་བ་དང་གཟུགས་ཀྱི་ཁམས་སོགས་དང༌། སྟོང་ཉིད་དང༌། གཟུགས་མེད་དང་མི་འཇིགས་པ་ལ་སོགས་པ་སོགས་ཁོང་ནས་ཀུ་ལན་ཏས་བཏོན་པ་ནི་ཤིན་ཏུ་ལེགས་ལ་དེ་ལྟར་ན་གཞུང་ལས་འདོད་པའི་ཁམས་ལ་སོགས་པ་ཞེས་པ་ནི་མ་དག་གོ །རྒྱན་སྣང་དུ་ནི་ཐམས་ཅད་ལ་སོགས་སྒྲ་སྦྱར་ཞིང་འོག་ཏུ་སྤྱི་ལ་སོགས་སྒྲ་མེད་པས་དེར་སོགས་སྒྲ་འབྱུང་བ་ནི་མ་དག་པ་མིན་ནོ། །གཉིས་པ་ནི། དེ་དག་ཇི་ལྟར་དམིགས་ན། སྔར་བཤད་པ་དེ་ལྟ་བུ་ལ་སོགས་པའི་ཆོས་ཐམས་ཅད་བཤད་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རིམ་གྱིས་དམིགས་པར་བྱེད་དོ། །དེ་ཡང་ཇི་ལྟར་ན། དང་པོ་བྱང་སེམས་ལ་བདག་གི་བླང་བྱ་དང་དོར་བྱ་དང་བཏང་སྙོམས་སུ་བྱ་བ་གང་ཡིན་སྙམ་པའི་བློ་སྐྱེ་ལ། དེ་ལ་ལྟོས་ཏེ་དང་པོ་གསུམ་མོ། །དེ་ནས་བླང་བྱ་ཉེ་བར་བཟུང་སྟེ་དེ་ལ་ཡང་དང་པོ་དང་ཕྱིས་བླང་བྱ་གང་སྙམ་པ་ལ་འཇིག་རྟེན་པའི་ལམ་དང་དེ་ལས་འདས་པ་གཉིས་སུ་སེམས་སོ། །དེ་ནས་ཕྱི་མ་དེའི་སྤང་བྱ་དང་ངོ་བོ་གང་སྙམ་པས་ཟག་པ་ཡོད་མེད་གཉིས་ལ་སེམས་སོ། །ཡང་ན་དང་པོ་ནི་ཟག་བཅས་ཡིན་པས་བླང་བྱ་རེ་ཞིག་པ་ཡིན་ལ། གཉིས་པ་ནི་ཟག་མེད་ཡིན་པས་བླང་བྱ་གཏན་དུ་བའོ་སྙམ་དུ་སེམས་སོ། །དེ་ནས་ཟག་མེད་དེའི་དམིགས་པ་གང་སྙམ་པས་འདུས་བྱས་ཀུན་རྫོབ་དང་འདུས་མ་བྱས་དོན་དམ་ ― JLD017_Page_0477 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་བདེན་པ་གཉིས་ལ་སེམས་སོ། །དེ་ནས་འདུས་བྱས་བཞག་ནས་འདུས་མ་བྱས་ལ་དམིགས་པའི་འབྲས་བུ་ལ་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་སུ་སྒོམ་པར་བྱེད་དོ། །འདུས་བྱས་ལ་དམིགས་པ་ལ་ཡང་འབྲས་བུ་ཡོད་མོད་ཀྱི་འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བས་དེའི་འབྲས་བུ་མ་བསྟན་ཏོ། །དེའི་དོན་ཡང་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱོགས་རེ་དང་ཕལ་ཆེར་དང་མཐའ་དག་རྟོགས་པས་རིམ་པ་ལྟར་འཕགས་པ་གསུམ་དུ་འཇོག་པས་སོ། །ཚིག་གསལ་དུ་རྟོགས་པའི་རིམ་གྱིས་དམིགས་པའི་དོན་ལས་དང་པོ་བས་ཞེན་བཅས་དང་ཕྱི་མ་རྣམས་ཀྱིས་ཞེན་མེད་དུ་དམིགས་པའི་རང་ལུགས་དང༌། དང་པོར་དགེ་བ་དང་མཐར་སྟོབས་ལ་དམིགས་པ་དེའི་དོན་དུ་འདོད་པའི་གཞན་ལུགས་གཉིས་བཤད་པའི་ཕྱི་མ་སློབ་དཔོན་གྱི་བཞེད་པའོ། །འདི་དག་ནི་རྒྱན་སྣང་གི་དགོངས་པ་སྔོན་གྱི་མཁས་པ་དག་གིས་བླངས་པ་ལྟར་བཀོད་དོ། །གསུམ་པ་ལ་གསུམ་ལས། དང་པོ་ནི། དམིགས་པ་དེ་ལྟ་བུ་རྟོགས་པའི་སྒྲུབ་པའི་རྟེན་བྱང་སེམས་ཀྱི་ཆེད་དུ་བྱ་བ་གང་སྙམ་པ་ལ་དེ་བསྟན་པའི་ཕྱིར་ཆེད་དུ་བྱ་བ་འཆད་དོ། །མདོ་འབྲེལ་ནི། སྔར་བྱང་ཆེན་ཞེས་འབྱུང་བའི་སྒྲ་འཇུག་པའི་རྒྱུ་མཚན་དྲིས་པའི་ལན་དུ་གསུངས་སོ། །དེ་ཡང་རིགས་ཀྱི་སྐབས་སུ་བྱང་ཆུབ་སེམས་དཔའ་དང༌། འདིར་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིག་དོན་གསུངས་པར་གནོད་འཇོམས་གཉིས་ལས་ ― JLD017_Page_0478 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ། །ལན་ཡང་བཅོམ་ལྡན་འདས་དང་ཤཱ་རིའི་བུ་དང་རབ་འབྱོར་གྱིས་སེམས་དཔའ་ཆེན་པོའི་སྒྲ་འཇུག་པའི་རྒྱུ་མཚན་བཤད་པས་རིམ་པ་ལྟར་ཆེན་པོ་གསུམ་གསུངས་པ་གང་པོས་དེའི་རྒྱུ་མཚན་གསུངས་པས་ནི་སྒྲུབ་པ་དང་པོ་གཉིས་བཤད་དོ། །གཉིས་པ་ནི། ཤེས་པར་བྱའོ། །གང་ན་རང་ལས་འབྱུང་བར་འགྱུར་པས་རང་འབྱུང་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བྱ་བའོ། །དེ་གང་ན་ཆེད་དུ་གཉེར་བར་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་འགྱུར་བའི་ཡུལ་སེམས་ཅན་ཀུན་གྱི་མཆོག་ཉིད་དོ། །དེ་ཅི་འདྲ་བ་ཞེ་ན། ཆེན་པོ་གསུམ་གྱིས་བསྒྲུབ་པར་བྱ་བའོ། །གསུམ་གང་ན་སེམས་དང་སྤོང་བ་དང་རྟོགས་པའོ། །དེ་ལ་སེམས་ཆེན་པོ་ནི། རྡོ་རྗེ་ལྟ་བུ་ལ་སོགས་པའོ། །སྤོང་བ་ཆེན་པོ་ནི། ལྟ་བ་ཐམས་ཅད་སྤང་བའི་དོན་དུ་ཆོས་སྟོན་པའོ། །རྟོགས་པ་ཆེན་པོ་ནི། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ལ་ཞེན་པ་མེད་པའོ་ཞེས་པ་ནི་ཟླ་འོད་དང་དག་ལྡན་གྱི་དགོངས་པའོ། །འདི་ལྟར་ན་ཆེན་པོ་གསུམ་བྱང་སེམས་ཀྱིས་བྱས་ནས་མཆོག་ཉིད་ཆེན་པོ་སངས་རྒྱས་ལ་འདོད་དོ། །གསུམ་པ་ནི། ཆེད་དུ་བྱ་བ་རྣམ་པ་གསུམ་དུ་ཤེས་པར་བྱའོ། །གསུམ་དུ་འབྱེད་པའི་རྒྱུ་མཚན་ནི། ཆེན་པོ་ཉིད་གསུམ་དང་ལྡན་པས་སོ། །སུ་ཞིག་གི་ཆེད་དུ་བྱ་བ་ཞེ་ན། ལམ་གྱི་གནས་སྐབས་ཀྱི་རྣམ་པ་ཐམས་ཅད་དུ་རྣམ་མཁྱེན་ཐོབ་བྱར་ཡོངས་སུ་ཤེས་པའི་སྒོ་ནས་དེར་འབྱུང་བར་འགྱུར་བའི་ཕྱིར་རང་བྱུང་སངས་རྒྱས་སུ་བཏགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱིའོ། །བྱང་སེམས་ ― JLD017_Page_0479 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀྱིས་སངས་རྒྱས་ཀྱི་ཡོན་ཏན་འཐོབ་པ་ལ་དགོངས་ནས་སངས་རྒྱས་དང་དེ་གཉིས་ཀ་ལ་རང་བྱུང་དུ་བཤད་པ་དང༌། རྣམ་པ་ཐམས་ཅད་དུ་ཞེས་པས་ཉན་ཐོས་སོགས་ལ་ཐམས་ཅད་དུ་འགྲོ་བའི་མི་དམིགས་པའི་སེམས་དང༌། ཉོན་མོངས་བག་ཆགས་དང་བཅས་པར་སྤངས་པ་དང༌། ཡུལ་དུས་ཀྱིས་ཆོད་པ་དང་དངོས་པོ་ཕྲ་མོ་ཤེས་པ་མེད་པས་ཆེན་པོ་གསུམ་མེད་དེ་ཞེས་དགོངས་སོ་ཞེས་རྟོགས་དཀར་འཆད་དོ། །དེའི་ཆེད་དུ་བྱ་བ་ཡིན་པའི་རྒྱུ་མཚན་ནི་སེམས་ཅན་གྱི་ཕུང་པོ་ཐམས་ཅད་དང་སེམས་ཅན་གྱི་སྡེ་ཆེན་པོ་ཀུན་གྱི་མཆོག་ཉིད་ཀྱི་ངོ་བོའི་སེམས་ཆེན་པོ་དང༌། བདག་ལྟ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བའི་བར་རྣམས་སྤོང་བའི་སྤོང་བ་ཆེན་པོ་དང༌། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་རྟོགས་པའི་རྟོགས་པ་ཆེན་པོ་གསུམ་ཐོབ་པར་བྱ་བའི་དབང་དུ་བྱས་ཏེ་བློས་འཕགས་པ་དེ་ལྟར་བྱང་སེམས་སྒྲུབ་པ་ལ་འཇུག་པ་དེའི་ཕྱིར་རོ། །དང་པོ་ནི། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་བ་དེའི་ཕྱིར་བྱང་ཆེན་ཞེས་བྱའོ། ཞེས་སོ། །དེའི་འོག་ཏུ་མདོ་ལས་རིགས་དང་བརྒྱད་པ་འབྲས་གནས་བཞི་རང་རྒྱལ་སེམས་དང་པོ་བསྐྱེད་པ་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་སེམས་ཀྱི་བར་ལ་ཕུང་པོ་དང་སྡེ་ཆེན་པོར་བཤད་དོ། །དེ་ལ་ཕུང་པོ་སེམས་ཅན་སྤྱི་དང་རིགས་ལ་སོགས་པ་རྣམས་སྡེ་ཡིན་པས་སྡེ་ནི་ཁྱད་པར་དུ་འཆད་དོ། །འོ་ན་ཆེན་པོ་དང་པོ་ ― JLD017_Page_0480 ―
[མ་དཔེ་གཟིགས་ན་འདིར་གནོན།]
འདི་མཆོག་ཉིད་དམ་དེར་བྱེད་པ་ཡིན་གྲང༌། དང་པོ་ལྟར་ན་མདོ་ལ་མི་གསལ་ལོ། །གཉིས་པ་ལྟར་ན་བྱེད་མཁན་བྱང་སེམས་ཡིན་པས་འདི་བྱང་སེམས་ལ་ཡོད་པའི་ཕྱིར་སྔར་གྱི་ས་མཚམས་དང་འགལ་ལོ། །གཞན་ཡང་ཆེན་པོ་འདི་མདོར་བྱང་སེམས་ལ་སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་དུ་བཤད་པས་སངས་རྒྱས་ཀྱི་སར་འདོད་པ་ཡང་མི་འཐད་ཅེ་ན། རྣམ་པར་རྟོག་པ་འདི་འདྲ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་སྐྱེ་བས་ཁོ་བོས་དེའི་ལན་བཤད་པར་བྱའ། ོ། དེ་ལ་དཔེར་ན་གཡུལ་དུ་འཇུག་པ་ན་གཡུལ་རྒྱལ་བ་ཉིད་དོན་དུ་གཉེར་བྱའི་ཆེད་དུ་བྱ་བར་འདོད་ཀྱི་རྒྱལ་བར་བྱེད་པ་ཐབས་ཙམ་ཡིན་པས་དེར་མི་འདོད་པ་བཞིན་དུ། ཆེན་པོ་གསུམ་སྒྲུབ་པར་བྱེད་ཆོས་གསུམ་སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་ཡིན་པས་ཆེད་དུ་བྱ་བར་མི་འདོད་ཀྱི་བྱེད་ཆོས་གསུམ་པོ་དེས་བསྒྲུབ་པར་བྱ་བའི་ལས་ཀྱི་ཆ་གསུམ་པོ་དེ་ཆེད་དུ་བྱ་བ་ཡིན་ནོ། །དེ་ཡང་མདོ་ལས་སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་བསྟན་པའི་སྒོ་ནས་བསྒྲུབ་བྱ་གསུམ་པོ་དེ་ཡང་བསྟན་ཏོ། །དེ་ལྟར་ཡང་རྒྱན་སྣང་ལས། དེ་ལྟར་མ་རྒྱལ་བ་ལས་རྒྱལ་བའི་ཆེད་དུ་བྱ་བ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་པ་ཡིན་པར་ཤེས་པར་བྱའོ། ཞེས་གསུངས་ཤིང་ཉི་སྣང་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །དེ་ལྟར་ན་མདོ་སྔ་མའི་འཕྲོས་ཉིད་ནས་རྡོ་རྗེ་ལྟ་བུའི་སེམས་ཀྱིས་དང༌། རླབས་པོ་ཆེའི་སེམས་ཀྱིས་དང༌། མི་སྒུལ་བའི་སེམས་ཀྱིས་དང༌། ― JLD017_Page_0481 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕན་བདེའི་སེམས་ཀྱིས་དང༌། ཆོས་ལ་ཀུན་དགའ་བའི་ཡུམ་ཀྱི་རྣལ་འབྱོར་ལ་བརྩོན་པས་དང༌། རྣམ་བྱང་གི་ཆོས་ཐམས་ཅད་ལ་གནས་ནས་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་འགྱུར་བར་བྱའོ། ཞེས་པའི་དགོངས་པར་མཛད་ནས། ཉི་སྣང་ལས་སེམས་དེ་རྣམས་ནི་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་བྱེད་ཆོས་ལ་མཛད་ནས་ཆེན་པོ་དང་པོ་ལ་ནི་མཆོག་ཉིད་ཆེན་པོ་ཞེས་གསུངས་ཏེ་མདོ་དང་ཤིན་ཏུ་མཐུན་ནོ། །དེས་ན་སློབ་དཔོན་གྱིས་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་སེམས་ཆེན་པོ་དང་ཞེས་གསུངས་པ་ནི་སེམས་ཆེན་པོས་མཆོག་ཉིད་དུ་བྱ་རྒྱུའི་སྟེང་ནས་བཤད་ཀྱི་བྱེད་ཆོས་ལ་མི་བཤད་དེ་སེམས་རྣམས་ནི་མདོ་ལས་བྱང་སེམས་ཀྱི་ཡིན་པར་བཤད་ལ། ཆེད་དུ་བྱ་བ་ནི་ངེས་པར་འབྱུང་ས་དང་པོར་ཡང་སློབ་དཔོན་གྱིས་བཤད་པའི་ཕྱིར་དང༌། སྔར་དྲངས་པའི་ལུང་གིས་ཀྱང་ཤེས་སོ། །འོ་ན་བྱེད་ཆོས་དྲུག་པོ་ཇི་ལྟ་བུ་ཞེ་ན། དེ་ལ་དང་པོ་ནི་སེམས་ཅན་ཀུན་གྱི་དོན་དུ་སྲིད་པ་ཇི་སྲིད་པར་གོ་གྱོན་ཏེ་ལུས་དཔག་ཏུ་མེད་པ་འཛིན་ཅིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང༌། སེམས་ཅན་ལ་སེམས་མཉམ་ཞིང་དེ་དག་ཐེག་གསུམ་གྱིས་མྱ་ངན་ལས་འདས་ཀྱང་ཆོས་ཐམས་ཅད་སྐྱེ་མེད་དུ་ཤེས་པས་འདས་པ་མེད་པར་རྟོགས་པ་དང༌། ཉན་རང་གི་ཡིད་བྱེད་དང་མ་འདྲེས་པའི་སེམས་ཀྱིས་ཕྱིན་དྲུག་ལ་སྤྱད་དེ་ཆོས་རྣམས་ཚུལ་གཅིག་ཏུ་རྟོགས་པར་བྱེད་པ་དང༌། སེམས་ཅན་རེ་རེའི་དོན་དུ་ཡང་དེ་རྣམས་མྱ་ངན་ལས་མ་འདས་ཀྱི་བར་ ― JLD017_Page_0482 ―
[མ་དཔེ་གཟིགས་ན་འདིར་གནོན།]
དུ་དེ་དག་གི་སྡུག་བསྔལ་མྱོང་བར་བྱའོ་ཞེས་ཁས་བླངས་ནས་ཕྱིས་རང་གི་ཚོགས་ཡོངས་སུ་རྫོགས་པར་བྱ་སྟེ་བྱང་ཆུབ་འདོད་པའོ། །གཉིས་པ་ནི། སེམས་དང་པོ་བསྐྱེད་ཕྱིན་ཆད་ཆགས་སོགས་དང་ཉན་རང་གི་སེམས་མི་བསྐྱེད་པའོ། །གསུམ་པ་ནི། ཐེག་ཆེན་སེམས་བསྐྱེད་ཀྱིས་རློམ་པ་མེད་པའོ། །བཞི་པ་ནི། སེམས་ཅན་སྐྱོབ་ཅིང་མི་གཏོང་ལ་དེས་རློམ་པ་མེད་པའོ། །ལྔ་པ་ནི། ཆོས་ཐམས་ཅད་ཀྱི་དབྱེར་མེད་པའི་དེ་བཞིན་ཉིད་ལ་ལན་མང་དུ་ཡིད་ལ་བྱེད་པའོ། །དྲུག་པ་ནི། སྟོང་པ་ཉིད་ཆོས་སོ་བདུན་སྟོབས་མི་འཇིགས་པ་སོ་སོ་ཡང་དག་པར་རིག་པ་མ་འདྲེས་པ་དང་རྡོ་རྗེ་ལྟ་བུ་ནས་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་གནས་པའོ། །ཕྱི་མ་འདི་གཉིས་ལ་མོས་པའི་སེམས་ཞེས་གཅིག་ཏུ་བསྡུས་ནས་སེམས་ལྔར་བྱེད་པ་ལ་ནི་མདོ་འགྲེལ་གྱི་ཤེས་བྱེད་མེད་དོ། །གཉིས་པ་ནི། བདག་ཏུ་ལྟ་བ་དང་ཞེས་པ་ནས་སངས་རྒྱས་སུ་དང་ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་རྣམས་ཏེ། ལྟ་བ་འདི་དག་ཐམས་ཅད་རབ་ཏུ་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ་དེའི་སླད་དུ་བྱང་ཆེན་ཞེས་བགྱིའོ། ཞེས་སོ། །དེ་ལ་བདག་ཏུ་ལྟ་བ་སོགས་ནི་གང་ཟག་ཏུ་འཛིན་པའོ། །ཕུང་པོར་ལྟ་བ་སོགས་ནི་ཆོས་སུ་འཛིན་པ་སྟེ་བྱང་སེམས་ཀྱིས་བདག་མེད་གཉིས་རྟོགས་ནས་དེ་དག་སྤང་བའི་ཕྱིར་གཞན་ལ་ཆོས་སྟོན་ཏོ་ཞེས་གནོད་འཇོམས་གཉིས་ལས་སོ། །གསུམ་པ་ ― JLD017_Page_0483 ―
[མ་དཔེ་གཟིགས་ན་འདིར་གནོན།]
ནི། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆགས་པ་མ་མཆིས་པས་དེའི་ཕྱིར་བྱང་ཆེན་ཞེས་བགྱི་བའི་གྲངས་སུ་མཆིའོ། ཞེས་སོ། །དེ་ལྟར་ན་མཆོག་ཉིད་ཆེན་པོ་ནི་སེམས་ཅན་ཀུན་གྱི་མཆོག་སངས་རྒྱས་ཏེ་སྤྱིའོ། །སྤོང་བ་ཆེན་པོ་དང་རྟོགས་པ་ཆེན་པོ་ནི་རིམ་པ་ལྟར་སྒྲིབ་གཉིས་མ་ལུས་པར་སྤངས་པ་དང༌། ཇི་ལྟ་ཇི་སྙེད་ཐམས་ཅད་རྟོགས་པས་ཡུལ་གང་ལ་ཡང་ཆགས་པ་དང་བྲལ་བ་སྟེ་ཁྱད་པར་རོ། །དམིགས་པ་དང་ཆེད་དུ་བྱ་བ་ལ་ཁྱད་པར་ཅི་ཞེ་ན། དམིགས་པ་ནི་དུས་ད་ལྟ་བ་ཡིན་ལ་ཆེད་དུ་བྱ་བ་ནི་མ་འོངས་པ་སྟེ། ཆོས་བཅུ་གཅིག་ལ་ད་ལྟ་དམིགས་པ་ནི་ཆེན་པོ་གསུམ་གྱི་ཕྱིར་ཡིན་པའི་ཕྱིར་ཏེ། དཔེར་ན་མདའ་ལྟོང་སྦྱོར་བ་དང་འབེན་ལ་ཕོག་པ་ལྟ་བུའོ། །བཞི་པ་ནི། རྟེན་དང་ལྡན་པས་དམིགས་པ་ལ་དམིགས་ནས་ཆེད་དུ་བྱ་བའི་ཆེད་དུ་སྒྲུབ་པར་བྱེད་པའི་སྒྲུབ་པ་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན་དེའི་ལན་དུ་སྒྲུབ་པའི་ངོ་བོ་འཆད་དོ། །གང་གི་ཚེ་ན་སྔར་བཤད་པ་དེ་ལྟར་སྒྲུབ་པའི་རྟེན་དམིགས་པ་ཆེད་དུ་བྱ་བ་རྣམས་བརྗོད་ཟིན་ནས་སོ། །འདི་ལ་གཉིས། སྤྱིའི་ངོ་བོ་དང༌། སོ་སོའི་དོན་ནོ། །དང་པོ་ལ་གཉིས། ཡུལ་དང༌། སྦྱོར་བའི་སྒྲུབ་པའོ། །དང་པོ་ནི། མཚན་ཉིད་གཏན་ ― JLD017_Page_0484 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལ་འབེབས་པའི་སྐབས་སུ་བྱང་སེམས་ཀྱི་ཐོབ་བྱ་ནི་གང༌། ཐོབ་བྱེད་ནི་གང༌། དེའི་གོལ་ས་ནི་གང་ཞེས་དེ་དག་ཐོས་བསམ་གྱིས་ཡུལ་དུ་བྱེད་པས་མཁྱེན་གསུམ་གྱི་ཡུལ་ལ་ཐོས་བསམ་གྱིས་ཉམས་སུ་ལེན་པའི་བྱ་བ་ནི་སྒྲུབ་པ་སྟེ་ཞེས་འོག་ཏུ་འབྲེལ་ལོ། །དེ་ཡང་ཐོས་བསམ་གྱིས་གཏན་ལ་ཕབ་ནས་བསྒོམས་པས་དཀར་ཆོས་ཐམས་ཅད་འབྱུང་བས་དགེ་བའི་ཆོས་ཀྱི་རྟེན་ཅན་ཏེ་ཡུལ་ཅན་བྱེད་པ་པོ་ལ་ཡོད་པའི་བྱ་བ་ཡིན་ལ། སྦྱིན་སོགས་སུ་མགོ་མིག་མ་གཏོད་པས་སྤྱིའི་སྒྲུབ་པའོ། །གཉིས་པ་ནི། རྣམ་པ་ཀུན་ལ་སོགས་པ་མངོན་རྟོགས་སྦྱོར་བ་རྣམ་པ་བཞི་ལ་མངོན་རྟོགས་རེ་རེ་ཞིང་སྟེ་སོ་སོར་ཕར་ཕྱིན་དྲུག་གི་རྟེན་ཅན་ཏེ་ཡུལ་ཅན་གྱི་བྱེད་པ་པོ་ལ་ཡོད་པའི་བྱ་བ་ནི་སྒྲུབ་པ་སྟེ། དེ་ཡང་ཕྱིན་དྲུག་ལ་འབད་རྩོལ་གྱིས་གོམས་པར་བྱེད་པའི་བྱ་བ་ནི་རྣམ་ཀུན་གྱི་སྒྲུབ་པའོ། །དེ་དྲུག་ལ་འབད་རྩོལ་ཞི་བའི་རྣམ་པས་སྒོམ་པའི་བྱ་བ་ནི་རྩེ་མོའོ། །དེ་དྲུག་ལ་ནུས་པ་མཐར་ཐུག་ཐོབ་པའི་དོན་དུ་དཀར་ཆོས་གཞན་དང་སྦྲེལ་ཞིང་རིམ་ཅན་དུ་སྒོམ་པའི་བྱ་བ་ནི་མཐར་བགྱིས་པའོ། །དེ་དག་རེ་རེས་རྟོགས་པར་བྱེད་པའི་སྒོམ་པའི་བྱ་བ་ནི་སྐད་ཅིག་མའི་སྒྲུབ་པའོ། །དེ་ལྟར་ན་མངོན་རྟོགས་བདུན་གྱི་ཡུལ་ཅན་གྱི་བྱ་བ་ཡིན་ནོ། །ཆོས་ཀྱི་སྐུ་ནི་བྱ་བ་ཡོངས་སུ་ཆད་པའི་གནས་སྐབས་ཡིན་པས་བྱ་བའི་ཡུལ་མ་ཡིན་ནོ། །རྣམ་མཁྱེན་གཏན་ལ་དབབ་བྱའི་ཡུལ་ཡིན་པས་དེ་ཡང་ཡིན་པར་གྲུབ་ཅེ་ན། མི་རིགས་ཏེ། དེ་ནི་ཡུལ་གྱིས་མཚོན་པའི་ལྡོག་པ་ནས་གཏན་ལ་དབབ་བྱར་ ― JLD017_Page_0485 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཇོག་ལ། ཆོས་སྐུ་ནི་འབྲས་བུའི་ལྡོག་པ་ནས་ཡིན་ནོ་ཞེས་གངས་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བྱང་ཡེ་འཆད་དེ། འགྲེལ་ཆེན་གཉིས་ཀྱི་དགོངས་པའོ། །དེ་ཡང་ཊཱིཀ་ཆུང་ལས། སྤྱིའི་མཚན་ཉིད་ནི་དེ་ལྟར་ཞེས་བྱ་བ་ནས་བྱ་བ་ནི་སྒྲུབ་པ་སྟེ་ཞེས་བྱ་བའི་བར་རོ། །དོན་ནི་སྤྱོད་པ་གཙོ་བོར་གྱུར་པའི་བྱ་བ་མཚན་ཉིད་ཡིན་ནོ་ཞེས་བྱ་བའོ། །དེ་ཡང་གནས་སྐབས་གང་དུ་ཡུལ་གང་ལ་འཇུག་པའི་བྱ་བ་ཡིན་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཀུན་མཁྱེན་གསུམ་གཏན་ལ་འབེབས་པའི་གནས་སྐབས་ལ་དེ་གསུམ་དུ་བརྗོད་དོ། །ཡུལ་ལ་ཞེས་བྱ་བ་ནི་རྟེན་གྱི་ཡུལ་ཏེ་གནས་སྐབས་དེ་ན་ཡོད་པ་ཞེས་བྱ་བའི་དོན་ཏོ། །སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཁྱད་པར་ཅན་གྱིས་མ་ཟིན་པ་སྟེ་དེ་ལ་སྒྲུབ་པས་དེའི་རྟེན་ཅན་ཏེ་བསྒྲུབ་བྱ་ཅན་ནོ་ཞེས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་པ་ཡན་དྲི་བ་དང་པོ་དང༌། སྤྱིར་ཞེས་སོགས་དྲི་བ་གཉིས་པའི་ལན་དུ་མཛད་ནས་སྒྲུབ་པ་དང་པོ་ངོས་བཟུང་ཞིང་སྒྲུབ་པ་གཉིས་པ་ཡང་དེ་ཉིད་ལས་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་ལ་ཞེས་བྱ་བ་ཡང་དེ་ལ་གནས་པ་སྟེ་གནས་སྐབས་དེ་ན་ཡོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་ཞེས་བྱ་བ་ནི་དྲུག་གི་བསྒྲུབ་བྱ་ཅན་ནོ། །སྤྱིར་དགེ་བའི་ཆོས་སྒྲུབ་པའི་བྱ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་ ― JLD017_Page_0486 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་བྱ་བ་ནི་སྒྲུབ་པ་ཉིད་ཡིན་ལ། འདིར་བཀོད་པའི་སྒྲུབ་པ་བཞི་པོ་ནི་མངོན་པར་རྟོགས་པ་བཞིའི་གནས་སྐབས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པའི་བསྒྲུབ་བྱ་ཅན་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གནས་སྐབས་ན་ཡོད་པ་ཡང་འདིས་དོན་གྱི་མཚོན་པ་ཡིན་ནོ་ཞེས་བསམས་པའོ་ཞེས་གསུངས་པའི་དྲིན་ལས་རྙེད་ཅིང་ཁྱད་པར་དུ་མཚོན་དོན་འདི་ནི་ལེགས་བཤད་ཆེན་པོའོ། །དོན་འདི་ལ་སློབ་དཔོན་རིགས་བྱིན་ནི་མཁྱེན་གསུམ་གྱི་ཡུལ་ཏེ་བདེན་བཞི་ལ་སོགས་པ་ལ་སྤྱིར་ཏེ་ཐམས་ཅད་ལ་ཁྱབ་པའི་དགེ་བའི་ཆོས་ཀྱི་རྟེན་ཅན་ཏེ་ཆོས་དབྱིངས་ལ་གནས་པའོ། །མངོན་རྟོགས་བཞི་ལ་མངོན་རྟོགས་རེ་རེ་ཞིང་ཡང་ཞེས་པ་ནི་མངོན་རྟོགས་རེ་རེའི་སྒོམ་པར་བྱ་བའི་རྟགས་ལ་སོགས་པའོ། །ཕྱིན་དྲུག་གི་རྟེན་ཅན་བྱ་བ་ནི་སྦྱིན་སོགས་ལ་བརྟེན་པའི་བྱ་བ་ཉམས་སུ་ལེན་པ་ནི་སྒྲུབ་པ་ཡིན་ནོ། །ཆོས་སྐུའི་མངོན་རྟོགས་ནི་རང་བཞིན་གྱིས་དཀར་པོ་ཉིད་ཡིན་ཞིང་གནས་མེད་པ་ཉིད་ཡིན་པའི་ཕྱིར་མ་བཤད་དོ་ཞེས་པ་ནི་འགའ་ཞིག་གིས་འདི་ལ་ནན་ཐུར་གྱིས་གསུང་དུ་བཅུག་པར་སྣང་ཞིང་། ཁྱད་པར་དུ་ཕྱི་མ་འདི་ནི་རྒྱན་སྣང་གི་བཤད་པ་འགོད་པར་འདོད་ཀྱང་ཚིག་ཙམ་ཡང་འདྲེན་རྒྱུ་མ་བྱུང་སྣང་ངོ༌། །ཚིག་གསལ་ལས་ནི། སྔར་སྒྲུབ་པ་ཞེས་པའི་མིང་ཙམ་ཞིག་ལན་མང་དུ་བྱུང་བས་ད་ནི་དེའི་མིང་ཅན་སྟོན་ཅིག་ཅེས་བྱ་བའི་དོན་ཏོ། །དེའི་ལན་དུ་ཐམས་ཅན་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་དོན་ནི་འདི་སྐད་དུ་ ― JLD017_Page_0487 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྟན་པར་འགྱུར་ཏེ། ཁྱོད་ཀྱིས་དྲིས་པའི་སྒྲུབ་པའི་ངོ་བོ་དེ་ནི་མདོར་ན་རྣམ་པ་གཉིས་ཏེ་ཇི་ལྟར་ཞེ་ན། གོམས་པའི་མཐུ་མ་ཐོབ་པའི་ཕྱིར་སྒོ་དུ་མ་ནས་སྤྱོད་པའི་སྒྲུབ་པ་བཞི་ནི་སྐབས་དང་པོ་གསུམ་གྱི་དབང་དུ་བྱས་ཏེ་དེའི་ངོ་བོར་བཞག་ལ་ཡུན་རིང་དུ་འདྲིས་པའི་མཐུས་དགེ་བ་སྒྲུབ་པ་ཇི་སྙེད་པ་ཕར་ཕྱིན་དྲུག་གི་རྟེན་དང་ལྡན་པར་བསྡུས་ཏེ་སྒྲུབ་པར་ནུས་པའི་སྒྲུབ་པ་དྲུག་ནི་སྐབས་ལྷག་མ་བཞི་རྣམས་ཀྱི་སྒྲུབ་པའོ་ཞེས་སོ། །འོ་ན་སྒྲུབ་པ་བཞི་དང་སྒྲུབ་པ་དྲུག་གང་ཞེ་ན། བཞི་ནི། གོ་འཇུག་ཚོགས་ངེས་སོ། །དྲུག་ནི་གོ་སྒྲུབ་དྲུག་གོ །དེས་ན་གོ་སྒྲུབ་ནི་དང་པོ་གསུམ་དང་ལྷག་མ་བཞིའི་དབང་དུ་བྱས་པའི་སྒྲུབ་པ་གཉིས་ཀར་འགྱུར་ལ་འཇུག་སྒྲུབ་སོགས་གསུམ་ནི་དང་པོ་ཁོ་ནའོ། །དེ་ལ་དགོངས་ནས་རྗེ་བཙུན་གྱིས་སྒྲུབ་པ་བཞི་སྟོན་པའི་སྐབས་འདིར་སྒྲུབ་པ་གཉིས་ཀ་དུས་གཅིག་ཏུའམ་ཐུན་མོང་དུ་སྟོན་པར་མཛད་དོ། །དེ་ལྟར་ཡང་ཚིག་གསལ་ལས། དེ་ལ་རྗེ་བཙུན་གྱི་ཞལ་སྔ་ནས་ནི་གོ་ཆའི་སྒྲུབ་པས་སྒྲུབ་པ་གཉིས་ཀ་བསྟན་ལ། ལྷག་མ་འཇུག་པ་ལ་སོགས་པ་ནི་སྒྲུབ་པ་དང་པོའོ་ཞེས་དགོངས་པས་དུས་གཅིག་གི་ཚུལ་གྱིས་སྟོན་པར་མཛད་དོ་ཞེས་བྱའོ། ཞེས་སོ། །ལུང་འདི་སྔར་གྱི་རང་ལུགས་དེའི་ཤེས་བྱེད་དུ་སྣང་བས་འདིའི་རྗེ་བཙུན་ནི་བྱམས་པ་ཡིན་གྱི་ཆོས་ཤེས་ཀྱི་བླ་མ་མིན་ནོ། །འདི་དེ་ལྟར་འཆད་པའི་འཁྲུལ་གཞི་ཡང་སྐབས་ལྷག་མ་བཞི་ལ་ཕྱིན་དྲུག་གི་རྟེན་ཅན་གྱི་སྒྲུབ་པ་བཤད་པས་ཡིན་ ― JLD017_Page_0488 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཏེ། དེ་ཡང་གཞུང་ཚན་པ་འདི་གཉིས་ཀྱིས་སྒྲུབ་པ་བཞི་རྣམས་སྟོན་ལ་ཕྱི་མས་ནི་གོ་སྒྲུབ་བསྟན་ཏེ། གོ་སྒྲུབ་ནི་ཕྱིན་དྲུག་སྡུད་པའི་སྒྲུབ་པ་ཡིན་པས་སོ། །དེས་ན་སྔ་མས་སྒྲུབ་པ་གཞན་གསུམ་བསྟན་པ་ལས་འོས་མེད་དོ་སྙམ་དུ་བསམས་སོ། །འོ་ན་འདིས་སྒྲུབ་པ་ཕྱི་མ་གསུམ་མཁྱེན་གསུམ་ལ་གོམས་པའི་མཐུ་མ་ཐོབ་པར་འཆད་པ་ཅི་ཞེ་ན། གོམས་པའི་མཐུ་ཡེ་མ་ཐོབ་པ་ནི་མི་འདོད་ཀྱི་གོམས་པ་ཐོབ་ཀྱང་ཆེས་འདྲིས་མ་འདྲིས་ཀྱི་སྒོ་ནས་སྐབས་དང་པོ་གསུམ་དང༌། མངོན་རྟོགས་བཞིའི་ལམ་རྣམས་ཀྱི་ཁྱད་པར་འདིས་འདོད་པ་ཡིན་ནོ། །དེས་ན་སྒྲུབ་པ་གཉིས་ཀྱི་བཤད་པ་འདི་དང་པོར་ཉི་སྣང་ལས་གསུངས་ལ་དེ་སློབ་དཔོན་གྱིས་འགྲེལ་པ་གཉིས་སུ་བཀོད་ཅིང༌། ཁྱད་པར་དུ་རྒྱན་སྣང་ལས། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ལ་ནི་མིན་ཏེ། འབྲས་བུ་ཉིད་ཡིན་པས་དེ་ལ་བྱ་བ་ཡོད་མི་སྲིད་དོ་ཞེས་མངོན་རྟོགས་བརྒྱད་པ་ལ་སྒྲུབ་པ་མི་འོང་བའི་དོགས་དཔྱོད་མཛད་དོ། །དེ་ལྟར་ན་ཚུལ་དེ་ལ་ནི་བདག་ཉིད་ཆེན་པོའི་བཤད་པ་ཉིད་ཚད་མའོ། །གཉིས་པ་ལ་བཞི། ཐེག་ཆེན་ལ་གོ་བགོས་པ་དང༌། ཞུགས་པ་དང༌། ཞུགས་པ་མཐར་ཕྱིན་བྱེད་དང༌། མཐར་ཕྱིན་པའི་སྒྲུབ་པའོ། །དང་པོ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་དྲུག །ཕྱིན་དྲུག་གི་རང་བཞིན། གྲངས་ངེས་པ། གོ་རིམས་ངེས་པ། སྒྲུབ་པའི་ཚུལ། བསྒྲུབས་པའི་འབྲས་བུ། སྒྲ་བཤད་པའོ། །དང་པོ་ལ། སྦྱིན་པ་ནི་གཏོང་བའི་སེམས་པ་ཆོས་བཞི་ལྡན་ནོ། །ཆོས་བཞི་ནི་མི་ ― JLD017_Page_0489 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐུན་ཕྱོགས་སེར་སྣ་ཉམས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པས་རྣམ་པར་མི་རྟོག་པ་དང་ལྡན་པ་དང༌། གང་འདོད་པ་བྱིན་པས་འདོད་པ་རྫོགས་པར་བྱེད་པ་དང༌། སྦྱིན་པས་བསྡུས་ནས་ཐེག་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་སྨིན་པར་བྱེད་པའོ། །དེ་བཞིན་དུ་སྤོང་སེམས་དང༌། མི་འཁྲུག་པ་དང༌། དགེ་བ་ལ་སྤྲོ་བ་དང༌། སེམས་རྩེ་གཅིག་པ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཆོས་བཞི་ལྡན་ནོ། །དེ་ལ་མི་མཐུན་ཕྱོགས་ནི་རང་རང་གི་སྐབས་ཀྱི་ཡིན་ལ། འདོད་པ་རྫོགས་པར་བྱེད་པ་ནི་རིམ་པ་ལྟར་ལུས་ངག་གི་སྒོ་ནས་གཞན་ལ་གནོད་པ་བསྡམས་པ་དང༌། གཞན་གྱིས་གནོད་པར་བྱས་པ་བཟོད་པས་དང༌། སེམས་ཅན་རྣམས་ཀྱི་ལས་སུ་བྱ་བ་གང་དང་གང་གི་གྲོགས་བྱེད་པས་དང༌། སྤྲུལ་པ་བྱས་ནས་སེམས་ཅན་གྱི་ཡིད་བཞིན་དུ་སྤྲུལ་པས་དང༌། སེམས་ཅན་གྱི་ཐེ་ཚོམ་གཅོད་པས་འདོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། ཞེས་སོ། །དེ་བཞིན་དུ་ལྷག་མ་ལ་ཡང་འདོན་པ་བསྒྱུར་རོ། །དེ་དག་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བས་བཅོ་བརྒྱད་དུ་འགྱུར་བ་ནི། དང་པོ་ལ་ཆོས་ཟང་ཟིང་མི་འཇིགས་པའོ། །གཉིས་པ་ལ་སེམས་ཅན་དོན་བྱེད་དགེ་བ་ཆོས་སྡུད་སྡོམ་པའོ། །གསུམ་པ་ལ་གནོད་པ་ལ་ ― JLD017_Page_0490 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཇི་མི་སྙམ་པ་སྡུག་བསྔལ་དང་ལེན་ཆོས་ལ་ངེས་སེམས་སོ། །བཞི་པ་ལ་གོ་ཆ་སྦྱོར་བ་སེམས་ཅན་གྱི་དོན་བྱ་བའོ། །ལྔ་པ་ལ་མཐོང་ཆོས་ལ་བདེར་གནས། ཡོན་ཏན་མངོན་པར་སྒྲུབ་པ། སེམས་ཅན་གྱི་དོན་བྱ་བའོ། །དྲུག་པ་ལ་ཀུན་རྫོབ་དོན་དམ་སེམས་ཅན་ལ་དམིགས་པའོ། །གཉིས་པ་ནི། བསླབ་གསུམ་རྒྱུད་ལ་སྐྱེད་པ་ལ་དྲུག་དགོས་པའི་ཕྱིར་ཏེ། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན་ཞིང་དེ་གཤེ་བ་ལ་སླར་མི་གཤེ་བ་སོགས་ཀྱི་བཟོད་པས་སྲུང་བས་ཚུལ་ཁྲིམས་སྒྲུབ་པ་ལ་དང་པོ་གསུམ་མོ། །ཐ་མ་གཉིས་ཀྱིས་སེམས་དང་ཤེས་རབ་ཀྱི་བསླབ་པ་རྣམ་པ་གཉིས་བསྡུས་སོ། །བརྩོན་འགྲུས་ནི་ཐམས་ཅད་ཀྱི་གྲོགས་ཡིན་པས་གསུམ་ཆར་ལ་གཏོགས་ཏེ། རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། ཞེས་སོ། །གསུམ་པ་ནི། རྒྱན་ལས། སྔ་མ་ལ་རྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། ཞེས་སོ། །དེ་ལ་སྐྱེ་བའི་རིམ་པ་ནི་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་དོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་སྐྱེའོ། །སེམས་མཉམ་པར་བཞག་ན་ཇི་ལྟ་བ་བཞིན་ཤེས་སོ། །དམན་མཆོག་ནི་སྔ་ ― JLD017_Page_0491 ―
[མ་དཔེ་གཟིགས་ན་འདིར་གནོན།]
མ་རྣམས་དམན་ལ་ཕྱི་མ་རྣམས་བཟང་བའོ། །རགས་ཕྲའི་རིམ་པ་ནི་སྔ་མ་རྣམས་ལ་འཇུག་པ་དང་བྱ་སླ་ལ་ཕྱི་མ་རྣམས་ལ་དེ་དག་ཆེས་དཀའ་བའོ། །བཞི་པ་ནི། རྒྱན་ལས། རེ་བ་མེད་པའི་སྦྱིན་པ་དང༌། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང༌། །ཐམས་ཅད་ལ་ནི་བཟོད་པ་དང༌། །ཡོན་ཏན་ཀུན་འབྱུང་བརྩོན་འགྲུས་དང༌། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། ཞེས་པ་བཞིན་ཡིན་ལ། ཡང་ན་ཐེག་བསྡུས་ལས། བྱང་ཆུབ་ཀྱི་སེམས་ལ་བརྟེན་པས་རྟེན་དམ་པ། དངོས་པོ་ཐམས་ཅད་སྤྱོད་པས་དངོས་པོ་དམ་པ། སེམས་ཅན་གྱི་དོན་དུ་སྤྱོད་པས་ཆེད་དུ་བྱ་བ་དམ་པ། འཁོར་གསུམ་དུ་མི་རྟོག་པས་ཟིན་པས་ཐབས་ལ་མཁས་པ་དམ་པ། བྱང་ཆུབ་ཏུ་བསྔོས་པས་བསྔོ་བ་དམ་པ། སྒྲིབ་གཉིས་དག་པར་བྱས་པས་དག་པ་དམ་པ་སྟེ་རེ་རེ་ཡང་དམ་པ་དྲུག་ལྡན་དུ་སྒྲུབ་པར་བཤད་པ་ལྟར་རོ། །རྣམ་པ་གཅིག་ཏུ་ན་གཞུང་དུ་སྟོན་པ་ལྟར་རོ། །ལྔ་པ་ནི། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །བདུན་པོ་འདི་དག་མ་ལུས་པ། །ཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ ― JLD017_Page_0492 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཐོབ། ཅེས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གསུངས་པ་ལྟར་རོ། །དྲུག་པ་ནི། རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་པ། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། ཞེས་པ་ལྟར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་སྔར་བཤད་པའི་སྒྲུབ་པ་དེ་ལ་ཕྱེ་ན་གོ་ཆ་དང་འཇུག་པ་དང་ཚོགས་དང་ངེས་པར་འབྱུང་བའི་སྒྲུབ་པ་བཞིར་འགྱུར་ལ། དེ་རྣམས་ཀྱི་ནང་ནས་དང་པོར་གོ་ཆའི་སྒྲུབ་པ་གསུངས་ཏེ། བརྩོན་འགྲུས་གསུམ་ལས་འདི་གོ་ཆའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་ལ་དེ་ཡང་ལམ་སྒོམ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། ཕྱིན་དྲུག་རེ་རེར་དྲུག་དྲུག་ཚང་བར་བསྒྲུབ་པར་བྱའོ་ཞེས་སེམས་ཀྱིས་གོ་གྱོན་ནས་སྲན་བཙུགས་པ་ནི་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱིས་མི་ཕིགས་པའི་ཕྱིར། གོ་ཆ་དང་ཆོས་མཐུན་པས་གོ་ཆའོ། །སྒྲུབ་པ་འདི་བཞི་གང་དུ་སྒོམ་ན། གོ་ཆའི་སྒྲུབ་པའི་མཚན་ཉིད་ནི་མཐོང་ལམ་ལ་བརྒྱུད་ནས་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་ཚོགས་ཀྱིས་དང༌། འཇུག་སྒྲུབ་ཀྱི་མཚན་ཉིད་ནི་མཐོང་ལམ་ལ་མངོན་དུ་ཕྱོགས་པས་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་མོས་སྤྱོད་ཀྱི་ས་ཆོས་མཆོག་འབྲིང་གི་བར་གྱིས་དང༌། ཚོགས་སྒྲུབ་དང་པོ་བཅོ་ལྔ་ནི་མཐོང་ལམ་ལ་མངོན་སུམ་དུ་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་ཆོས་མཆོག་ཆེན་པོ་ནས་དང༌། ས་དང་པོའི་ཚོགས་དང་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ནི། མཐོང་ ― JLD017_Page_0493 ―
[མ་དཔེ་གཟིགས་ན་འདིར་གནོན།]
ལམ་གྱི་ངོ་བོ་ཉིད་ཀྱིས་དང༌། ས་ལྷག་མ་དགུ་དང་སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་ནི་སྒོམ་ལམ་གྱི་ངོ་བོས་དང༌། ངེས་སྒྲུབ་ཀྱི་མཚན་ཉིད་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱིས་བསྡུས་ཏེ་དེ་དག་ཀྱང་དང་པོ་ཐོབ་པའི་མཚམས་སོ། །ཇི་ལྟ་བ་བཞིན་དུ་ནི་ཇི་ལྟར་རིགས་པའི་རིམ་པས་སྒྲུབ་པ་རྣམས་ལམ་རྣམས་དང་སྦྱོར་བ་སྟེ་དེ་མ་ཐག་ཏུ་བཤད་པ་ལྟར་རོ། །རྟོགས་དཀར་ནི་ལམ་བཞི་དང་སྒྲུབ་པ་བཞི་སྦྱོར་ཚུལ་འོག་ནས་སྒྲུབ་པ་བཞི་ཇི་ལྟར་འཆད་པའི་རིམ་པས་སོ། ཞེས་འཆད་དོ། །སྔར་གྱི་སྦྱར་ཚུལ་དེ་དག་ཀྱང་འཕགས་པ་ཐོགས་མེད་ཀྱིས་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ་གཉིས་པ་ལ་སོགས་པའི་སྒོམ་པའི་ལམ་གྱི་ངོ་བོ་ཡིན་ཞིང༌། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། ཞེས་སོ། །རྒྱན་སྣང་ལས། ལུང་འདི་དྲངས་ནས་དེ་ལྟར་སྦྱོར་བ་ ― JLD017_Page_0494 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་མཐོང་བ་དང་སྒོམ་པའི་ལམ་གྱི་རང་བཞིན་སྒྲུབ་པའིམཚན་ཉིད་གོ་ཆ་དང་ཞེས་སོགས་བཤད་ལ། རྒྱན་སྣང་འགྱུར་རྙིང་དུ། བརྒྱུད་པ་དང་མངོན་དུ་སྦྱོར་བ་ཞེས་བསྒྱུར་བ་ལྟར་ལེགས་ཏེ། མངོན་དུའི་དོན་མངོན་དུ་ཕྱོགས་པ་ཡིན་པ་དང༌། དངོས་སུ་དང་མངོན་སུམ་དུ་སྦྱོར་བ་ལ་ཁྱད་མེད་པས་སོ། །དེའི་ཕྱིར་ཚིག་གསལ་དང་ཤེར་འབྱུང་གིས་ལམ་བཞི་དང་སྒྲུབ་པ་བཞི་རིམ་པ་བཞིན་སྦྱར་བ་དང༌། ཁྱད་པར་དུ་ཚིག་གསལ་ལས། དེ་ལྟར་སྦྱོར་བ་ཤས་ཆེ་བའི་དབང་དུ་བྱས་པའོ་ཞེས་འཆད་ཀྱང༌། བདག་ཉིད་ཆེན་པོ་དང་ཨར་ལ་སོགས་པའི་མཁས་པ་རྣམས་ཀྱིས་སྔར་ལྟར་བཤད་པ་འཐད་པར་མཐོང་ངོ༌། །མདོའི་འབྲེལ་ནི། གང་པོས་གསོལ་པ། བཅོམ་ལྡན་འདས་དེ་ནི་གོ་ཆ་ཆེན་པོ་དགོས་པའི་སེམས་ཅན་ལགས་ཏེ། བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་ལགས་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་ཏེ་དེའི་སླད་དུ་བྱང་ཆེན་ཞེས་བགྱིའོ། ཞེས་སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་གང་པོས་བཤད་པ་དང༌། ཤཱ་རིའི་བུས་ཇི་ཙམ་གྱིས་གོ་ཆ་བགོས་ཞེས་དྲིས་པའི་ལན་དུ་གསུངས་སོ། །འདི་ནི་ཟོར་ཡང་བའི་ཕྱིར་ཏེ་ཡང་ན་རྣམས་ཀྱི་ཞེས་པ་མན་ཆད་ཉི་ཚེ་གོ་ཆའི་མཚམས་སྦྱོར་དུ་བྱའོ། །གཉིས་པ་ནི། བཤད་དོ། །གང་ན། གོ་ཆ་སོགས་སོ། །གང་ལས་ན། ཡུམ་མདོ་ལས་སོ། །ཇི་ལྟར་ན། དྲུག་ཚན་དྲུག་གི་དབྱེ་བའི་སྒོ་ནས་སྦྱིན་ ― JLD017_Page_0495 ―
[མ་དཔེ་གཟིགས་ན་འདིར་གནོན།]
སོགས་དྲུག་ཇི་བཞིན་དུ་སྟེ་གྲངས་ཚང་བར་རོ། །ཇི་ལྟར་བྱས་པས་ཤེ་ན། སྡུད་བྱེད་སྦྱིན་པ་དང་སོགས་པས་ཤེས་རབ་ཀྱི་བར་རྣམ་པ་དྲུག་ལ་སྟེ་དྲུག་ཏུ་བསྡུ་བྱ་སྦྱིན་སོགས་དེ་དག་སྡུད་ཚུལ་སོ་སོར་ཏེ་རེ་རེར་དྲུག་བསྡུས་པ་ཡིས་སོ། །དེ་ལྟར་འགྱུར་རྙིང་ལྟར་ལེགས་ཀྱི་འགྱུར་གསར་ལས་དེ་དག་སོ་སོར་ཞེས་པ་ལྟར་ན་གོང་དུ་བསྙེགས་མེད་དོ། །གསུམ་པ་ལ་གཉིས། དབྱེ་བ་དང༌། བསྡུ་བའོ། །དང་པོ་ལ་གཉིས། སྦྱིན་པ་ལ་དྲུག་ཏུ་དབྱེ་བ་དང༌། ལྷག་མ་དེ་དང་མཚུངས་པར་བསྟན་པའོ། །དང་པོ་ནི། ཆོས་ཀྱི་ཚིག་དོན་སྟོན་པ་དང་གླེགས་བམ་བྲིས་ཏེ་སྟེར་བ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་དང༌། སོགས་པས་སྲོག་གི་བར་ཆད་དུ་འགྱུར་བ་སོགས་ཀྱི་འཇིགས་པ་ལས་སྐྱོབ་པའི་མི་འཇིགས་པའི་སྦྱིན་པ་དང༌། ནོར་འབྲུ་ལ་སོགས་པའི་བདོག་པ་རྣམས་འཁོར་གསུམ་དག་པར་གཏོང་བའི་ཟང་ཟིང་གི་སྦྱིན་པ་སྟེ་དེ་གསུམ་གང་རུང་སྦྱིན་པར་བྱེད་པའི་སྦྱིན་པའི་གོ་ཆ་ལ་གནས་པ་ན་ཉན་ཐོས་ཀྱི་ཡིད་བྱེད་རང་གཅིག་པུ་དུལ་བར་བྱའོ་སྙམ་པ་དང་སོགས་པས་རང་རྒྱལ་གྱི་དེ་སྤོང་བའི་ཚུལ་ཁྲིམས་དང༌། སློངས་མོ་བ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བའི་གཤེ་བ་ལ་ཁོང་མི་ཁྲོ་བའི་བཟོད་པ་དང༌། དགེ་བ་འདོད་པའི་འདུན་པ་དྲག་པོ་བསྐྱེད་པའི་བརྩོན་འགྲུས་དང༌། ཐེག་པ་གཞན་ཉན་རང་གི་ཐེག་པ་དང་མ་འདྲེས་པའི་རྣམ་མཁྱེན་ལ་སེམས་རྩེ་གཅིག་ ― JLD017_Page_0496 ―
[མ་དཔེ་གཟིགས་ན་འདིར་གནོན།]
པའི་བསམ་གཏན་དང༌། དགེ་རྩ་རྫོགས་བྱང་དུ་མི་དམིགས་པར་བསྔོ་བའི་ཤེས་རབ་རྣམས་དང་ལྡན་ལ་དེའི་ཚེ་སྦྱིན་བྱ་དང་སོགས་པས་ལེན་པོ་གཏོང་པོ་གསུམ་མི་དམིགས་པར་རྟོགས་པའི་གོ་ཆ་ཉིད་ཀྱིས་ཉམས་སུ་ལེན་པར་བྱེད་དོ། །གོ་རིམས་བཞིན་ནི་རེ་རེའི་མཐར་འཁོར་གསུམ་མི་དམིགས་པ་སྦྱོར་བའོ། །ཉི་སྣང་དང་རྒྱན་སྣང་དུ་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པས་དགེ་རྩ་བསྔོ་བ་བསམ་གཏན་དང༌། སྒྱུ་མའི་འདུ་ཤེས་ཉེ་བར་གནས་པས་འཁོར་གསུམ་མི་དམིགས་པ་ཤེས་རབ་ལ་སྦྱར་རོ། །གནོད་འཇོམས་གཉིས་སུ་སྦྱིན་པ་གཏོང་ཞིང་དེ་ཡང་སེམས་ཅན་དང་ཐུན་མོང་དུ་བྱས་ཏེ་བྱང་ཆུབ་ཏུ་བསྔོ་བ་སྦྱིན་པའི་གོ་ཆ་དང༌། དེའི་ཚེ་འཁོར་གསུམ་མི་དམིགས་པ་ལ་བཟོད་པ་དང༌། དེའི་ཚེ་སེམས་ཅན་གྱི་དོན་དུ་བསྔོས་པའི་སྦྱིན་པ་ལ་བརྩོན་པ་འཕེལ་པ་དང༌། དེའི་ཚེ་ཀུན་རྫོབ་ལ་བརྟེན་ནས་བྱང་ཆུབ་ཏུ་བསྔོ་བ་དང་དོན་དམ་ལ་བརྟེན་ནས་དམིགས་སུ་མེད་པའི་སྦྱོར་བ་ཡིད་ལ་བྱེད་པའི་འཁོར་གསུམ་མི་དམིགས་པ་ནི་ཤེས་རབ་ཀྱི་གོ་ཆའོ་ཞེས་འཆད་དེ། གཞན་གཉིས་མཐུན་ནོ། །འདི་ནི་མདོ་ལ་གསལ་ལོ། །གཉིས་པ་ནི། སྦྱིན་པ་ལ་དྲུག་ཚང་བར་སྒྲུབ་པ་དེ་བཞིན་དུ་ཚུལ་ཁྲིམས་དྲུག་ལྡན་དུ་སྲུང་བར་བྱེད་དོ། །དེ་ལྟར་གཞན་རྣམས་ལ་ཡང་སྦྱར་རོ། །འདི་དག་ལ་ལེ་བརྒྱད་མར་ལྷག་མ་ལྔ་པོ་འདི་ལ་སྤྱོད་ཅིང་སྦྱིན་པ་གཏོང་ལ་དེ་ཡང་སེམས་ཅན་དང་ཐུན་མོང་དུ་བྱས་ཏེ་བྱང་ཆུབ་ཏུ་ ― JLD017_Page_0497 ―
[མ་དཔེ་གཟིགས་ན་འདིར་གནོན།]
བསྔོ་བ་ཐམས་ཅད་ཀྱི་སྦྱིན་པ་དང༌། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་གསུམ་འདྲ་ལ། རྣམ་མཁྱེན་ལ་སེམས་རྩེ་གཅིག་པས་དགེ་རྩ་བསྔོ་བ་བསམ་གཏན་དང༌། ལྔ་པོ་དེས་རློམ་སེམས་སུ་མི་བྱེད་ཅིང་མི་དམིགས་པ་ཤེས་རབ་ལ་བཤད་ཅིང་ཁྲི་བརྒྱད་སྟོང་པར་ལྔ་ཀའི་ཤེས་རབ་བསྔོ་བ་ལ་བཤད་ལ་གཞན་རྣམས་ལེ་བརྒྱད་མ་ལྟར་རོ། །འདི་དག་གི་སྦྱིན་པ་ནི་རང་དེ་ལ་གནས་ནས་གཞན་དེ་ལ་འགོད་པའོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟར་སྦྱིན་པ་ལ་སོགས་པ་སོ་སོར་ཏེ་རེ་རེར་སྦྱིན་སོགས་དྲུག་བསྡུས་པས་ན་རྒྱས་པར་ཕྱེ་ན་དྲུག་ཚན་དྲུག་གིས་གོ་ཆ་སོ་དྲུག་ཡིན་མོད་ཀྱི་བསྡུ་ན་གོ་སྒྲུབ་རྣམ་པ་དྲུག་གོ །རྒྱུ་མཚན་ནི། སྦྱིན་སོགས་དྲུག་ཆོས་མཐུན་པའི་ཕྱིར་རོ། །ཇི་ལྟར་མཐུན་ན་ཁ་ཅིག་སྦྱིན་པ་དྲུག་སྦྱིན་པར་དང༌། དེ་བཞིན་དུ་ཤེས་རབ་དྲུག་དེར་མཐུན་ཞེས་འདོད་ཀྱང༌། སྦྱིན་པ་ལ་བརྟེན་པའི་ཕྱིན་དྲུག་སྦྱིན་པ་ལས་བྱུང་ཞིང་དེ་ཉམས་ལེན་ལ་རག་ལས་པས་ཕྱེ་བས་རྒྱུ་གཅིག་ལས་བྱུང་བར་འདྲ་བའི་ཕྱིར་ཆོས་མཐུན་ནོ་ཞེས་ཚིག་གསལ་ལས་འཆད་པ་ལྟར་ཏེ་གཞན་རྣམས་ལ་ཡང་དེ་ལྟར་སྦྱར་རོ། །བམ་པོ་གཉིས་པ་ནི་འཆད་པར་འགྱུར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། གོ་སྒྲུབ་ཀྱི་འོག་ཏུ་གཉིས་པ་འཇུག་པའི་སྒྲུབ་པའི་སྒྲུབ་པ་གསུངས་ཏེ། སྔར་བསྟན་པ་དེ་ལྟར་གོ་བགོས་པ་ལ་འཇུག་པ་འབྱུང་བས་དོན་གྱི་ ― JLD017_Page_0498 ―
[མ་དཔེ་གཟིགས་ན་འདིར་གནོན།]
རིམ་པའོ། །མདོ་ཡི་འབྲེལ་ནི། ཤཱ་རིའི་བུས་ཐེག་ཆེན་ལ་འཇུག་པ་དང་འཛེག་པ་གང་ཞེས་དྲིས་པའི་ལན་དུ་དང་པོ་ལྔ་ཐེག་ཆེན་ལ་འཇུག་པ་དང་ལྷག་མ་བཞི་འཛེག་པའི་སྒྲས་བཤད་དོ། །གཉིས་པ་ནི། ཤེས་པར་བྱའོ། །གང་ན། འཇུག་པའི་སྒྲུབ་པའོ། །གང་དུ་ན། ཐེག་ཆེན་ལ་འཛེག་པ་ཡིན་པར་རོ། །འོ་ན་འཇུག་འཛེག་གི་དོན་གང་ཞེ་ན། འདི་གཉིས་རྣམ་གྲངས་པར་ཉི་སྣང་ལས་བཤད་ལ། རྒྱན་སྣང་ལས་ཞུགས་པ་དང་གནས་པ་གཉིས་དང་པོར་ཐོབ་པ་དང་ཕྱིས་ཁྱད་པར་དུ་འགྲོ་བ་ལ་བཤད་དོ། །འཇུག་ཡུལ་ཐེག་ཆེན་དེ་གང་ཞེ་ན། བསམ་གཏན་གཟུགས་མེད་སོགས་དགུའོ། །དེ་ཡང་རྣམ་པ་གསུམ་དུ་འདུས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང༌། དེ་གཉིས་ཐེག་ཆེན་མ་ཡིན་པ་ལས་ཁྱད་པར་དུ་བྱེད་པའི་ལམ་མོ། །དང་པོ་ནི་བསམ་གཏན་དང་གཟུགས་མེད་པའོ། །གཉིས་པ་ལ་གཉིས་ལས། རང་དོན་སྒྲུབ་པའི་ལམ་ནི། སྦྱིན་སོགས་དང་མཐོང་ལམ་སོགས་ཏེ། རིམ་པ་ལྟར་ཡོན་ཏན་ཐོབ་པ་དང༌། སྒྲིབ་པ་སྤོང་བར་བྱེད་པའོ། །གཞན་དོན་སྒྲུབ་པའི་ལམ་ནི། བྱམས་སོགས་ཚད་མེད་དང༌། ཞེན་པའི་དམིགས་པ་མེད་པའི་ཡེ་ཤེས་ཏེ། རིམ་པ་ལྟར་གཞན་དོན་ལ་སྤྲོ་བ་དང༌། དེ་སྒྲུབ་པ་ལ་མཁས་པའོ། །གསུམ་པ་ནི། འཁོར་གསུམ་རྣམ་པར་མི་རྟོག་པ་དང་ཆེད་དུ་བྱ་བ་དོན་དུ་གཉེར་བ་དང་མངོན་ཤེས་དྲུག་ནི་མཐུའི་ ― JLD017_Page_0499 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཁྱད་པར་རོ། །འབྲས་བུ་ནི། རྣམ་མཁྱེན་ཐོབ་ནས་ཆོས་འཁོར་བསྐོར་བའོ་ཞེས་ཊཱིཀ་ཆུང་ལས་གསུངས་པ་ལྟར་རོ། །འདི་ལ་ཁ་ཅིག་བསམ་གཏན་གཟུགས་མེད་མཐོང་སྒོམ་གྱི་ངོ་བོར་ཡང་འགྱུར་བས་དེ་སྒོམ་པ་ལ་འཇིག་རྟེན་པས་མ་ཁྱབ་ཅིང་འདི་མདོ་ལས་མི་དམིགས་པའི་རྣམ་པར་སྒོམ་པར་་གསུངས་པས་འཇིག་རྟེན་པའི་ལམ་དུ་བཤད་པ་མི་འཐད་ཅེས་རྒོལ་ཡང་འཇིག་རྟེན་པའི་ལམ་དུ་བཤད་པ་ནི་དེར་ངེས་ནས་མི་འཆད་ཀྱི་འཇིག་རྟེན་པའི་ལམ་ལ་དེ་ཤས་ཆེ་བས་ཡིན་ནོ། །དེ་ལྟར་མ་ཡིན་ན་བྱང་སེམས་ཀྱི་ལམ་ལ་འདས་ལམ་གྱིས་ཁྱབ་པར་འགྱུར་ཏེ། མི་དམིགས་པས་མ་ཟིན་པ་མེད་པས་སོ། །དེ་ལྟར་ཡུལ་དགུ་པོ་དེ་ལ་འཇུག་པའི་སྒྲུབ་པ་དགུ་ལས། དང་པོ་ནི། བྱང་ཆེན་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་འདི་དག་གིས་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པ་ན་ནམ་མཁའི་རྣམ་པ་དང་རྟགས་དང་མཚན་མས་མཉམ་པར་འཇོག་ཅིང་ལྡང་བ་ན་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་འདི་ནི་བྱང་ཆེན་གྱི་སྦྱིན་པའི་ཕར་ཕྱིན་ནོ། ཞེས་དང་ལྷག་མ་ལྔ་ལ་ཡང་དེ་ལྟར་རོ། །དེ་ལ་ནམ་མཁའི་རྣམ་པ་ཞེས་སོགས་ནི་རྣམ་རྟགས་མཚན་མ་རྣམས་དམིགས་སུ་མེད་པར་ནམ་མཁའ་དང་འདྲ་བར་ཡིད་ལ་བྱེད་པའོ། །དེ་གསུམ་ཡང་རིམ་པ་ལྟར་ས་འོག་མའི་སྤང་བྱ་སྤངས་པ་གཉེན་པོ་ཕན་ཡོན་གྱི་ཡན་ལག་ ― JLD017_Page_0500 ―
[མ་དཔེ་གཟིགས་ན་འདིར་གནོན།]
གསུམ་མམ། ཞི་རགས་ཚོར་བ་གང་ཡོད་པ་བདེ་བའི་རོ་མྱོང་བ་གསུམ་མོ། །གཉིས་པ་ནི། བྱང་ཆེན་དེ་རྣམ་མཁྱེན་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ་སྙམ་པ་ནི་བྱང་ཆེན་གྱི་སྦྱིན་པའི་ཕར་ཕྱིན་ནོ། ཞེས་དང༌། ལྷག་མ་ལྔ་ལ་རིམ་པ་ལྟར་བསམ་གཏན་གཟུགས་མེད་ལ་འཇུག་ལྡང་བྱེད་ཀྱང་ཉན་རང་གི་སེམས་མི་བསྐྱེད་པ་དང༌། དེ་གཉིས་ཀྱིས་སེམས་ཅན་གྱི་ཉོན་མོངས་ཟད་ཕྱིར་ཆོས་བསྟན་ཏོ་སྙམ་དུ་སེམས་ཤིང་ཡིད་བྱེད་དེ་ལ་བཟོད་པ་དང༌། དེ་གཉིས་ཀྱི་སྤྱོད་པའི་ཚེ་སེམས་ཅན་དང་རྣམ་མཁྱེན་གྱི་ཕྱིར་བརྩོན་པ་མི་གཏོང་བ་དང༌། དེ་གཉིས་ལ་འཇུག་ཀྱང་མི་དམིགས་པ་དང༌། བསམ་གཏན་བཞིའི་ཡན་ལག་རྣམས་ལ་མི་རྟག་སྡུག་བསྔལ་བདག་མེད་ཞི་བ་སྟོང་པ་མཚན་མེད་དུ་རྟོགས་ཀྱང་སྙོམས་འཇུག་དེ་དག་གིས་རློམ་སེམས་མེད་པ་རྣམས་ཀྱིས་གསུངས་སོ། །གསུམ་པ་ནི། བྱང་ཆེན་གྱི་ཐེག་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་བྱང་ཕྱོགས་སོ་བདུན་སྒོམ་པ་དང་རྣམ་པ་ཐམས་ཅད་དུ་རྣམ་ཐར་སྒོ་གསུམ་སྒོམ་པ་དང༌། རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྟོབས་མི་འཇིགས་པ་སོ་སོ་ཡང་དག་པར་རིག་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་འདི་ནི་ཤཱ་རིའི་བུ་བྱང་ཆེན་གྱི་ཐེག་པ་ཆེན་པོའོ། ཞེས་སོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་གསུམ་ |