རྒྱུན་ཁྱེར་སྙིང་པོ་བཅུད་དྲིལ་དངོས་གྲུབ་གཏེར་འབྱུང་།

༁ྃ།།༔ གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་གཞུང་ལས༔ རྒྱུན་ཁྱེར་སྙིང་པོ་བཅུད་དྲིལ་དངོས་གྲུབ་གཏེར་འབྱུང་ཞེས་བྱ་བཞུགས་སོ༔

ན་མཿཛྙཱ་ན་དྷཱཀྐི་དྷུ་མ་གྷ་ཡེ་ཧྲཱིཿ དམིགས་མེད་སྟོང་ཉིད་ལྷན་སྐྱེས་ཡེ་ཤེས་མ། །ཟག་མེད་འོད་གསལ་ཞིང་སྐྱེས་དྷཱཀྐི་མ། །དམིགས་མེད་ལྷུན་རྫོགས་སྔགས་སྐྱེས་བདེ་ཆེན་མ། །འཛིན་མེད་རོ་གཅིག་གསང་ཡེ་མར་ཕྱག་འཚལ། །དྷཱཀྐི་ཉམས་ལེན་འཛད་མེད་དངོས་གྲུབ་སྟེར། །ཉམས་ལེན་གསང་ཡེ་སྒྲུབ་གཞུང་སྙིང་པོའི་བཅུད། །ཉམས་ལེན་འཁོར་ལོ་ཅིག་སྒྲིལ་འདིར་བཀོད་ལ། །བླ་མ་དྷཱཀྐིའི་གནང་སྩོལ་བྱིན་གྱིས་རློབས། །གུ་ཧྱ་སིདྡྷི་ཧཱུྃ༔ དེ་ལ་རིམ་གསུམ་སྤྱོར་བ་དངོས་གཞི་རྗེས། །སྦྱོར་བ་གནས་དབེན་ཡིད་མཐུན་གཙང་མའི་སར། །མཉམ་བརྡལ་ཕྱི་ནང་གསང་རྟེན་མཆོད་བསྐང་དང་། །སྒྲུབ་རྫས་རྟེན་འབྲེལ་རྫས་ཀུན་ཚོགས་བྱས་ནས། །དངོས་གཞི་བསྙེན་སྒྲུབ་གཉིས་ལས་ཐོག་མར་ནི། །ཡབ་བརྟེན་འཕགས་མཆོག་བསྙེན་པ་རྟགས་རྫོགས་རྗེས། །ཡུམ་བརྟེན་བསྒྲུབ་དང་ལས་སྦྱོར་གཉིས་ཡིན་ཏེ། །བསྒྲུབ་པ་འཁོར་ལོ་གསུམ་ཏུ་ཉམས་ལེན་པ། །དང་པོ་བསྐྱེད་རིམ་ལྷ་ཡི་འཁོར་ལོ་ལ། །དམ་ཚིག་དཀྱིལ་འཁོར་བསྐྱེད་དང་ཡེ་ཤེས་བཀུག །གཉིས་སུ་མེད་བྱ་མཆོད་པའི་རིམ་པ་སྟེ། །དེ་ལ་དང་པོ་དམ་ཚིག་བསྐྱེད་པ་ནི། ཧྲཱིཿ སྐྱེ་མེད་མཁའ་དབྱིངས་རྣམ་པར་དག་པ་ལས༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་ཡུམ༔ སྐྱེ་བའི་ཆོ་འཕྲུལ་རྒྱུ་ཡི་ཡི་གེ་ཧྲཱིཿ དམར་གསལ་རབ་འབར་འོད་ཟེར་ཀུན་ཏུ་འཕྲོ༔ དེ་ལསའབྱུང་བ་རིམ་བརྩེགས་རི་རབ་སྟེང༔ དུར་ཁྲོད་མི་བཟད་བྷྲུཾ་ལས་གཞལ་ཡས་ཁང༔ ཆོས་འབྱུང་དམར་ནག་དབང་མདོག་ཟླ་གམ་ལྡན༔ མཚན་ཉིད་ཀུན་རྫོགས་དབུས་ཀྱི་ལྟེ་བ་རུ༔ པདྨ་ཉི་མ་བམ་རོའི་གདན་སྟེང་དུ༔ རང་རིག་ངོ་བོ་ཧྲཱིཿཡིག་དམར་གསལ་འཚེར༔ དེ་ལས་བདག་ཉིད་གསང་ཡེ་མཁའ་འགྲོ་མ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ བཅུ་དྲུག་ལོན་པའི་ན་ཚོད་གཞོན་ཚུལ་མཛེས༔ སྤྱན་གསུམ་མཆེ་བཞི་ཅུང་གཙིག་ཁྲོ་མོའི་ཞལ༔ གཡས་གཉིས་ཕྱག་མཚན་གྲི་གུག་རལ་གྲི་དང༔ གཡོན་གཉིས་ཐོད་ཁྲག་ཁ་ཊཱཾ་རྩེ་གསུམ་བསྣམས༔ ཐོད་པ་སྐམ་རློན་རིན་ཆེན་དུ་མས་སྤྲས༔ ཞབས་གཉིས་བརྐྱང་བསྐུམ་པདྨའི་གདན་ལ་བཞེངས༔

༈ གཙོ་མོའི་ཉེ་འཁོར་པདྨ་འདབས་བཞི་ལ༔ ལས་བཞི་མྱུར་སྒྲུབ་རིགས་བཞིའི་དཔའ་མོ་བཞི༔ ཕྱི་རོལ་པད་ཕྲེང་འདབ་བརྒྱད་སུམ་རིམ་ལ༔ མཁའ་ལ་སྤྱོད་པའི་དཔའ་མོ་རྣམ་པ་བརྒྱད༔ ཐུགས་ཀྱི་རང་བཞིན་སྐུ་མདོག་མཐིང་འོད་ལྡན༔ པད་ཕྲེང་རིམ་པ་གསུམ་གྱི་བར་མ་ལ༔ ས་ལ་སྤྱོད་པའི་དཔའ་མོ་རྣམ་པ་བརྒྱད༔ གསུང་གི་རང་བཞིན་སྐུ་མདོག་དམར་ལ་གསལ༔ དེ་ཕྱི་པད་ཕྲེང་རིམ་གསུམ་ཐ་མ་ལ༔ ས་འོག་སྤྱོད་པ་དཔའ་མོ་རྣམ་པ་བརྒྱད༔ སྐུ་ཡི་རང་བཞིན་སྐུ་མདོག་དཀར་ལ་དྭངས༔ ཕོ་བྲང་མཚམས་བཞིར་གར་མཁན་ལས་ཕོ་ཉ་མོ༔ ཕྱེད་གཟུགས་སྤྲུལ་བས་འཁོར་འདས་ལས་ཀུན་བྱེད༔ ཤར་ལྷོར་དཔའ་མོ་བརྟན་བྱེད་ཞི་མ་ཁྲོ༔ སྐུ་མདོག་དཀར་སེར་ཕྱེད་གཟུགས་སྤྲུལ་བ་འགྱེད༔ ལྷོ་ནུབ་དཔའ་མོ་ཕོ་ཉ་ཞི་མ་ཁྲོ༔ སྐུ་མདོག་སེར་དམར་ཕྱེད་གཟུགས་སྤྲུལ་བ་འགྱེད༔ ནུབ་བྱང་དཔའ་མོ་མཆེ་བ་ཞི་མ་ཁྲོ༔ སྐུ་མདོག་དམར་ལྗང་ཕྱེད་གཟུགས་སྤྲུལ་བ་འགྱེད༔ བྱང་ཤར་དཔའ་མོ་འཇོམས་བྱེད་ཞི་མ་ཁྲོ༔ སྐུ་མདོག་ལྗང་དཀར་ཕྱེད་གཟུགས་སྤྲུལ་བ་འགྱེད༔ སྒོ་བཞིར་སྒོ་མ་བཞི་དང་ཕྱོགས་མཚམས་སུ༔ རབ་འབྱམས་མཁའ་འགྲོ་རྒྱ་མཚོ་སྤྲིན་ལྟར་གཏིབ༔ ཀུན་ཀྱང་རང་འདྲ་མཁའ་འགྲོས་སོ་སོར་བསྐོར༔ རང་རྟགས་གྲི་ཐོད་རུས་བརྒྱན་གཟི་འོད་འབར༔ ཐམས་ཅད་ཡབ་རྣམས་སྦས་ཚུལ་ཁ་ཊཱྂ་ཀ༔ མཆན་ཁུང་གཡོན་བསླང་ཕྱེད་སྐྱིལ་གར་སྟབས་རོལ༔ ཡེ་ཤེས་གཅིག་ལ་རྣམ་པ་དུ་མའི་ཚུལ༔ ཀུན་ཀྱང་རང་བཞིན་མེད་པ་ཆུ་ཟླ་བཞིན༔

སྤྱི་བོ་པད་ཟླའི་དཀྱིལ་དུ་ཧཱུྃ༔དམར་ལས༔ ངོ་བོ་འདྲེན་མཆོག་རྩ་བའི་བླ་མ་དང༔ སྣང་མཐའ་དབྱེར་མེད་རྣམ་པ་པདྨ་འབྱུང༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་གསལ་མདངས༔ གཅེར་བུ་རུས་རྒྱན་ཞབས་གཉིས་ཕྱེད་སྐྱིལ་བཞུགས༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་བསྣམས༔ འཁོར་དུ་བཀའ་བརྒྱུད་རིག་འཛིན་ཚོགས་དང་བཅས༔ བདག་ལ་དབང་བསྐུར་བྱིན་བརླབས་མཛད་པར་བསྒོམ༔ ཐུགས་ཀར་ཧྲཱིཿལས་འཇིག་རྟེན་དབང་ཕྱུག་གཙོ༔ རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ པདྨ་རཱ་གའི་ཕྲེང་བ་གཡས་ན་འདྲེན༔ དབང་སྡུད་ཕྱག་རྒྱས་པདྨ་དམར་པོ་གཡོན༔ དཔའ་བོའི་རྒྱན་རྫོགས་ཞབས་གཉིས་པད་ཉིའི་སྟེང༔ ཡེ་ཤེས་སེམས་དཔའི་ཚུལ་དུ་བསྐྱང་བསྐུམ་བཞུགས༔ གཞན་ཡང་འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས༔ ས་དང་བར་སྣང་ཐམས་ཅད་གཡོ་ཞིང་གང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱང༔ སྤྲིན་གྱ་ཕུང་པོ་གཏིབ་པ་བཞིན་དུ་གསལ༔ བཀའ་དང་བསྟན་སྲུང་དམ་ཅན་ཆོས་སྐྱོང་རྣམས༔ རྣམ་འཕྲུལ་བཀའ་ཉན་གུས་བསྟོད་ཚུལ་དུ་བཞུགས༔ གནས་གསུམ་འཁོར་ལོ་ གསུམ་དབུས་འབྲུ་གསུམ་ལས༔ འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་བསྟིམ༔ དེ་ལྟར་སྔགས་བསྐྱེད༔ དམ་ཚིག་པ་གསལ་གདབ་ནས་ཡེ་ཤེས་ལྡན་ཞིང་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་འདྲེན་པ་ནི། སྤོས་བསྲེག གཏོར་མ་སྨན་རཀ་སྦྲེང་། གསུར་ཆེན་བཏང་། མི་རྐང་གི་གླིང་བུ་འབུད། ཐོད་པའི་རྔ་བརྡུང་། སེངལྡེང་གི་ཌཱ་མ་རུ་དཀྲོལ། རོལ་མོ་བསྒྲགས་ལ་འདི་སྐད་དོ། ཧྲཱིཿམ༔ མཁའ་དབྱིངས་བདེ་ཆེན་ཕོ་བྲང་ནས༔ ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད༔ འགྲོ་བའི་དོན་མཛད་ཆགས་ཚུལ་སྟོན༔ དམར་མོ་གསུང་གི་དྷཱཀྐི་མ༔ གསང་བ་ཡེ་ཤེས་འཁོར་དང་བཅས༔ བྱམས་པས་མ་གཅིག་་བུ་ལ་དགོངས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿམ༔ཧ༔རི་ནི༔ས༔ར༔ཙ༔ཧྲཱིཿཡ༔ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ༔ དེ་ལྟར་བརྡ་དོན་རྟགས་གསུམ་ལྡན་ཞིང་སྔགས་ཀྱི་དྷཱཀྐི་མ་རྣམས་དམ་ཡེ་དབྱེར་མེད་དུ་བཞུགས་པར་གསོལ་བ་ནི༔ ཧྲཱིཿམ༔ དུར་ཁྲོད་གཞལ་ཡས་ཕོ་བྲང་འདིར༔ ཉི་ཟླ་པདྨ་རོ་གདན་ལ༔ དམ་ཡེ་གཉིས་མེད་རང་བཞིན་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ དེ་ནས་དམ་ཡེ་གཉིས་སུ་མེད་པར་མཆོད་པའི་རིམ་པ་ལས། དང་པོ་ཕྱག་མཆོད་པ་ནི། ཧྲཱིཿ སྐྱེ་མེད་ལྷུན་གྲུབ་རང་བྱུང་བ༔ གསང་ཡེ་མཁའ་འགྲོའི་ཚོགས་རྣམས་ལ༔ འདུ་འབྲལ་མེད་པས་ཕྱག་བགྱིད་ན༔གཉིས་སུ་མེད་པར་བཞེས་སུ་གསོལ༔ དེ་ནས་ཕྱི་ནང་གསང་བའི་མཆོད་པ་ནི༔ ཧྲཱིཿ གསང་བ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཁྱོད་ལ་མཐུན་རྫས་མཆོད་པ་འབུལ༔ འདོད་ཡོན་ལྔ་དང་ཕུང་པོ་ལྔ༔ འབྱུང་ལྔའི་མཆོད་པ་བཞེས་སུ་གསོལ༔ ཤ་ལྔ་དང་ནི་བདུད་རྩི་ལྔ༔ དགུ་ལྔའི་མཆོད་པ་བཞེས་སུ་གསོལ༔ ཕྱག་རྒྱ་ལྔ་དང་ཡེ་ཤེས་ལྔ༔ ལྟ་སྒོམ་སྤྱོད་འབྲས་ལྔ་མཆོད་འབུལ༔ ཕྱི་ནང་གསང་བ་བླ་ན་མེད༔ སྨན་རཀ་གཏོར་མཆོད་བཞེས་སུ་གསོལ༔ ལྟ་བའི་གླུ་དང་སྤྱོད་པའི་གར༔ གསང་སྔགས་ལྟ་སྤྱོད་མཆོད་པར་བཞེས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་བསྟོད་པའི་མཆོད་པ་ནི། ཧྲཱི་དུས་གསུམ་བདེ་གཤེགས་ཡོན་ཏན་ཀུན་རྫོགས་ཤིང༔ འགྲོ་བའི་དོན་ལ་ཐུགས་རྗེ་སྤྲུལ་བའི་སྐུ༔ སྨིན་གྲོལ་དབང་གིས་འགྲོ་བ་སྨིན་པར་མཛད༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ རྣམ་དག་ཆོས་དབྱིངས་ངང་ལས་ཐུགས་རྗེའི་སྐུ༔ མཚན་དང་དཔེ་བྱད་ལྡན་པའི་ལོངས་སྤྱོད་རྫོགས༔ འགྲོ་བའི་དོན་ལ་སྤྲུལ་སྐུ་བསམ་མི་ཁྱབ༔ དབང་ཆེན་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ ཆོས་དབྱིངས་ཡེ་ཤེས་ཆེ་ལ་མངའ་བརྙེས་ཤིང༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ བྱིན་རླབས་ལུས་ངག་ཡིད་ལ་གནང་མཛད་མ༔ ཡེ་ཤེས་དྷཱཀྐི་མ་ལ་ཕྱག་མཚལ་བསྟོད༔ འགྲོ་བའི་དོན་དུ་ཆགས་མདངས་སྐུ་མདོག་དམར༔ ཐུགས་རྗེ་ཁྲོས་པས་གདུགས་པ་ཚར་གཅོད་ཅིང༔ ཉོན་མོངས་རྩད་གཅོད་གྲི་གུག་རལ་གྲི་གཡས༔ འཁོར་བ་སྟོང་མཛད་ཐོད་ཁྲག་ཁ་ཊཱཾ་གཡོན༔ ཐབས་ཤེས་དབྱེར་མེད་པདྨའི་གདན་ལ་བཞེངས༔ རིགས་ཀྱི་གཙོ་མོ་མཁའ་འགྲོ་བཞི་ཡིས་བདེགས༔ མཁའ་འགྲོ་འབུམ་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ སྟོང་པའི་དེ་ཉིད་ངང་ལས་མ་གཡོས་ཀྱང༔ རྒྱུ་གཅིག་པས་ནི་རོལ་བའི་སྐུར་ཤར་བ༔ བྱིན་རླབས་བདེ་སྟེར་རིགས་བཞིའི་མཁའ་འགྲོའི་གཙོ༔ རང་རང་འཁོར་དང་བཅས་ལ་ཕྱ་འཚལ་བསྟོད༔ ཧྲཱིཿ བསྟོད་པས་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ མཁའ་འགྲོ་དགྱེས་ནས་བྱིན་གྱིས་བརླབས་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག་ཐོབ་ནས༔ ཐུགས་དམ་བསྐང་ནས་ཉམས་ཆགས་འགལ་འཁྲུལ་ཀུན༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་ནས་ཀྱང༔ མི་དམིགས་ཚང་པའི་དངོས་གྲུབ་སྩལ་དུ་གསོལ༔ ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་དབྱངས་གསལ་རྣམས་ཀྱང་བྱའོ། དེ་ནས་གཉིས་པ་སྔགས་ཀྱི་འཁོར་ལོ་ལ། ཐོག་མར་སྒྲུབ་པའི་བཟླས་པ་ནི༔ བདག་དང་མཐུན་གྱི་དཀྱིལ་འཁོར་རྣམས་ཡེ་ཤེས་ཀྱི་མཁའ་མ་འཁོར་དང་བཅས་བསྐྱེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་མཁའ་འགྲོ་གསང་བའི་ཡང་སྙིང་སྔགས་འདིས་བསྐོར་བར་བསྒོམ་ལ༔ ཨོཾ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཅེས་པ་གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དང་མཁའ་འགྲོ་མ་དམར་པོ་ལྕགས་དང་པདྨའི་ཞགས་པ་ཧྲཱིཿཡིག་གི་རྣམ་པ་ཐོགས་པ་གྲངས་མེད་པས་སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་བྱིན་རླབས་ཡོན་ཏན་འཕྲིན་ལས་དང་འགྲོ་བ་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་བསོད་ཀྱི་དྭངས་མ་རྣམས་བསྡུས་ནས་ཐུགས་ཀའི་ཧྲཱིཿལ་ཐིམ་པས་གཟི་བརྗིད་འོད་དུ་འབར་ཞིང༔ སླར་ཡང་སྣོད་བཅུད་གཟུགས་སྣང་ཐམས་ཅད་མཁའ་གྲོ་མའི་རང་བཞིན་རོལ་བ་ཆེན་པོའི་འཛབ་སྔགས་ལྡི་རི་རི་གྲགས༔ བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ་ལ་བཟླའོ༔ དེའི་ཐུན་མཚམས་སུ་གཏོར་ཚོགས་སྦྱིན་བསྲེག་ལ་འབད་པར་བྱའོ། །དེ་ལྟར་བསྒྲུབ་ལ་རྟགས་རྣམས་གཞུང་ནས་གསུང་པ་བཞིན་ཚངས་ནས་རིམ་པར་དྲིལ་སྒྲུབ་དང་ཁམས་གསུམ་དབང་སྡུད་ལྟར་བྱའོ། །གསུམ་པ་སེམས་ཉིད་སྟོང་པའི་འཁོར་ལོ་ནི། རང་དང་ལྷ་གཉིས་གཉིས་འཛིན་ཞིག༔ རིག་པ་ལྷག་གེ་རྗེན་ནེ་བ༔ རང་བབས་འོད་གསལ་སྟོང་སང་ངེ༔ དབྱེར་མེད་གནས་ལུགས་སྤྲོས་བརྗོད་བྲལ༔ རང་བཞིན་སྣང་བ་རྟ་མཆོག་ཡབ༔ ངོ་བོ་སྟོང་བ་གསང་ཡེ་ཡུམ༔ དབྱེར་མེད་རྟོགས་ཚོགས་ཌཱཀྐིའི་འཁོར༔ ཡེ་ནས་རང་དང་འདུ་འབྲལ་མེད༔ ཐམས་ཅད་ཆོས་ཉིད་རང་རྩལ་རྒྱལ༔ རྩ་ཁམས་ལྷ་དང་རླུང་ཁམས་སྔགས༔ ཐིག་ལེ་དོན་དམ་ཡེ་ཤེས་ཆེ༔ མ་སྐྱེས་གདོད་ནས་མཁའ་འགྲོའི་དལ༔ དབྱེར་མེད་ལྷན་སྐྱེས་ཕྱག་རྒྱ་འགྲུབ༔ ལུས་ཉིད་ལྷ་རུ་གསལ་བའང༔ འཐས་མིན་སྣང་སྟོང་འཛིན་མེད་སྦྱོང༔ ངག་ནི་རླུང་གི་རང་སྒྲ་སྔགས༔ སྐྱེ་མེད་རྡོ་རྗེ་འཛིན་བྲལ་བཟླ༔ སེམས་ཉིད་རིག་སྟོང་མཁའ་འགྲོ་མ༔ དབྱེར་མེད་ལྟ་བའི་ཀློང་དུ་བསྒྱུར༔ རང་གསལ་གདངས་གཟུགས་དྷཱཀྐིའི་ཚོགས༔ ལྷན་སྐྱེས་སྒོམ་མེད་ངང་དུ་ཀློད༔ ཚོགས་དྲུག་རང་སོ་ལྷུག་པ་ཉིད༔ སྤྱོད་པ་རྩིས་ཟིན་བརྟུལ་ཞུགས་སྤྱོད༔ དེ་ལྟར་བྱས་པས་ཡེ་ཤེས་ཀྱི༔ མཁའ་འགྲོ་རང་དང་གཅིག་འགྲུབ་སྟེ༔ མཆོག་དང་ཐུན་མོངས་དངོས་གྲུབ་གཉིས༔ མ་ལུས་ལྷུན་གྱིས་འགྲུབ་པར་འགྱུར༔ ཅེས་པའི་དོན་ལ་མཉམ་པར་བཞག དེ་ནས་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་འཁོར་ལོ་གསུམ་ཡེངས་མེད་ཉམས་སུ་བླང་བའི་དྲོད་རྟགས་ཐུན་མོངས་དང་ཐུན་མོངས་མ་ཡིན་པ་བྱུང་ནས་རྫས་རྣམས་དངོས་གྲུབ་དུ་བླངས། རྟེན་རྣམས་འཆང་ནས་མི་ཡིས་མི་མཐོང་བར་བྱ། གཞན་ཡང་ཤིས་པ་བརྗོད། བསྔོ་བ། སྨོན་ལམ། རྒྱུན་སྤྱོད་སྤྱི་དང་མཐུན་ནོ། །

དེ་ལྟར་གསང་བ་ཡེ་ཤེས་ཌཱཀྐི་ཡི། །སྒྲུབ་གཞུང་བདེ་གླིང་གཏེར་བྱོན་སྙིང་ཐིག་མཆོག །མ་བུ་གཉིས་སྡེབས་རྒྱུན་གྱི་ཉམས་ལེན་དོན། །ཉུང་དྲིལ་བཀོད་འདི་འཇུག་ངོགས་བཅུད་དུ་ཆེ། །གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཟབ་མོ་ལ། །འདི་འདྲའི་ཟུར་འདེབས་བྱ་བ་མི་སྤོབས་ཀྱང་། །རང་གི་འདྲེན་པ་བདེ་གླིང་ཉིད་ཀྱི་སྲས། །སྣ་ནམ་ཡེ་ཤེས་སྤྲུལ་གར་རིག་པ་འཛིན། །པདྨ་དབང་རྒྱལ་གཞན་ཕན་ལྷུན་གྲུབ་བམ། །བདེ་ཆེན་རྡོ་རྗེ་འོད་གསལ་སྙིང་པོ་དགྱེས་པ་རྩལ། །དེ་ཡི་བཀའ་ཡིས་ཡང་ཡང་བསྐུལ་བའི་ཚེ། །རྨི་ལམ་ཌཱཀྐིའི་སྣང་བ་ཅུང་ཟད་ཙམ། །སྙེད་མཐུས་གཏེར་ཚིག་རང་བཟོས་མ་བརྙོག་པར། །སྔགས་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུས་བསྡེབས། །ཉེས་ནོངས་ཌཱཀྐིའི་ཚོགས་ཀྱིས་བཟོད་བཞེས་ལ། །དགེ་གྱུར་འགྲོ་ཀུན་བཟང་མོའི་སར་འཁོད་ཤོག །ཞེས་བསྭ་ལྕི་རོང་ཏིང་རི་ལྗོན་ར་བ་བདེ་ཆེན་བསྐྱེད་ཚལ་དུ་ཀུན་ལྡན་ཞེས་ལྕགས་བྱི་ལོའི་སྤྲེའུ་ཟླ་བའི་ཚེས་བཞི་ལ་སྦྱར་བའི་ཡི་གེའི་རིས་བྱེད་ནི་གཏེར་ཆེན་གྱི་ཉེ་གནས་དམ་པ་རྡོ་རྗེ་འཕན་ནམ་རིན་ཆེན་ལྷུན་གྲུབ་བཟང་པོས་བགྱིས་པའོ། །འདིས་ནི་སྲིད་ཀུན་བདེ་ཆེན་མཉམ་ཉིད་ཆེ༔ གསང་བ་ཡེ་ཤེས་སྟོང་པའི་མཁའ་ཀློང་དུ༔ སྦྱོར་བྱས་ཟག་བྲལ་གདོད་མའི་རྒྱ་པོའི་སར༔ མྱུར་དུ་འཁོད་ནས་འདུལ་བྱ་འདྲེན་ནུས་ཤོག༔ དགེའོ། དགེའོ། དགེའོ།