༈ བསྐྱེད་རྫོགས་ཆེན་མོའི་བྱིན་འབེབས་ནི།


JMR007_Page_011
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཕྱོགས་བཅུ་དུས་གསུམ་མཁའ་དབྱིངས་དཀྱིལ་འཁོར་ནས༔ སྤྱི་དང་ཁྱད་པར་བླ་མ་དགེ་བའི་བཤེས༔དངོས་དང་བརྒྱུད་པ་ཕྱག་རྒྱའི་འཁོར་དང་བཅས༔ ཞིང་ཁམས་གཞན་མེད་ཁང་དང་ཚོམ་བུ་དང༔ ཐབས་དང་ཤེས་རབ་གཉིས་མེད་བྱེ་བྲག་དང༔ ཞི་ཁྲོ་ཡབ་ཡུམ་རིགས་ལྔས་བསྡུས་པའི་ལྷ༔ ཕྲིན་ལས་སྒྲུབ་མཛད་མཁའ་འགྲོའི་ཚོགས་རྣམས་ལ༔ རྩེ་གཅིག་་གདུང་བའི་སེམས་ཀྱིས་གསོལ་བར་འཚལ༔ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ དང་པོའི་ལས་ཅན་སྐྱེས་བུ་བདག་འཇུག་ན༔ གནས་པའི་ས་དང་བཟུང་བའི་ཡུལ་རྣམས་ཀུན༔ ཚད་མེད་གཞལ་ཡས་ཁང་དུ་བྱིན་གྱིས་རློབས༔ ཕུང་པོ་ལྔས་བསྡུས་ཤེས་བྱ་གཞི་ཡི་ཚོགས༔རྣམ་གྲོལ་ཧེ་རུ་ཀ་རུ་བྱིན་གྱིས་རློབས༔ འབྱུང་བ་ལྔས་བསྡུས་ཁམས་དང་ནུས་པའི་དངོས༔ ཁྲོ་མོ་དབང་ཕྱུག་ཡུམ་དུ་བྱིན་གྱིས་རློབས༔ སྐྱེ་མཆེད་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས༔ ལྕམ་དྲལ་རིགས་ཀྱི་སྲས་སུ་བྱིན་གྱིས་རློབས༔རྟེན་ཅིང་འབྲེལ་འབྱུང་ལུགས་དང་ལྡོག་པའི་བློ༔ འབྱུང་འཇུག་ཕྲིན་ལས་གྲོགས་སུ་བྱིན་གྱིས་རློབས༔ དུས་གསུམ་རྣམ་རྟོག་བསམ་བརྗོད་མཚན་མའི་ཚིག༔ མ་འགག་བརྗོད་མེད་གསུང་དུ་བྱིན་གྱིས་རློབས༔ མ་རིག་གཏི་མུག་རྨོངས་པ་བག་ལ་ཉལ༔ རྣམ་དག་ཡེ་ཤེས་ཐུགས་སུ་བྱིན་གྱིས་རློབས༔ ས་མ་ཡ་ཨཱ་དྷིཥྛ་ན་ཨཝེ་ཤ་ཡ༔ཞེས་སོ། ། མངྒ་ལཾ། །