བློ་འབྱོངས་པའི་ཚད་བསྟན་པ།

ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །ཅེས་པས་བསྟན་ཏེ། བཀའ་བསྟན་བཅོས་རྣམས་གསུངས་པའི་དགོས་པ་ནི་བདག་འཛིན་འདུལ་བའི་ཆེད་དུ་གསུངས་པས། ཐོས་བསམ་སྒོམ་གསུམ་གྱི་བརླག་པར་བྱ་རྒྱུ་གཞན་མེད། གང་ཟག་གི་བདག་བརྟག་ན་རི་བོང་གི་རྭ་ལྟ་བུ་ཅང་མེད་འདི་ཡིན་པས་ཐོག་མ་མེད་པ་ནས་འདིས་སྡུག་བསྔལ་དུ་བཅུག་པ་ཡིན་པས་ང་རང་གི་ལུས་ངག་ཡིད་གསུམ་གྱི་བརྩོན་པ་ཐམས་ཅད་འདིའི་གསལ་འདེབས་སུ་འདུག་གམ། སྨ་འབེབས་སུ་འདུག་རྟོག་དཔྱོད་གྱིས་དང་། གསལ་འདེབས་སུ་འདུག་ན་ཆོས་བརྒྱད་དང་། ཚེ་འདིའི་ཆེ་ཐབས་དང་འདོད་པ་བསྒྲུབ་པར་འདུག་ན། བཙུན་པར་ཁྲིམས་བསྲུངས་ཀྱང་ཕ་ཆོས་ནོར། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོངས་ཀྱང་ཆོས་ནོར། སྨ་འབེབས་སུ་འདུག་ན་བཙུན་པར་ཁྲིམས་བསྲུང་བ་དང་། མཁས་པར་སྦྱངས་པའི་དགོས་པ་དེ་ཡིན། དེ་བཞིན་དུ་བློ་སྦྱོང་རྒྱུད་ལ་ཤར་མར་སྐྱེས་ཏེ་ཆོས་ཀྱི་ལྡང་ཚད་དུ་ལོངས་པ་ཡིན་ནོ། །ཆོས་ཆོས་སུ་སོང་མ་སོང་གི་ལྟས་འདི་ཡིན་པས་འདིས་ནི་ཆོས་པ་སྲང་ལ་འཇལ་བའི་ཁུལ་ལེ་རིང་མོ་ཡིན་གསུངས། དེ་ནས་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཐམས་ཅད་བདག་འཛིན་གྱི་གཉེན་པོར་འགྲོ་བར་བསླབ་པར་བྱའོ། །དཔང་པོ་གཉིས་ཀྱིས་གཙོ་བོ་བཟུང་། །ཞེས་པ་ནི། གཞན་དག་ན་རེ། ཇོ་བོ་དེ་རྒྱུད་བལ་ཆུ་ནང་ནས་དྲངས་པ་བཞིན། རྒྱུད་འཇམ་དུ་འདབ་སོང་འདུག་ཆོས་བཤའ་མ་རྒྱུད་ལ་སྐྱེས་འདུག ཆོས་པ་བཤའ་མ་དེ་ཀུན་ལ་ཟེར་བ་ཡིན་ཟེར་ནས་དམ་པར་འཛིན་པ་གཞན་གྱིས་མ་ཁྲེལ་བ་དེ་ཡང་དཔང་པོ་གཅིག་ཡིན། འོན་ཀྱང་དེ་གཙོ་བོར་མི་བཟུང་སྟེ། ཅི་སྟེ་ན། གཞན་དག་གིས་བདག་གི་སྤྱོད་ལམ་ལེགས་པ་སྣ་རེ་མཐོང་བ་དང་། རང་མགུ་བ་སྣ་རེ་བྱས་པ་ལ་བསྟོད་པས་ན་གཞན་གྱིས་བདག་གི་གཏིང་མི་རྟོགས་པས་སོ། །འོ་ན་གང་གཙོ་བོ་ཡིན་ན་རང་གིས་མ་ཁྲེལ་བ་གཅིག་བཟུང་སྟེ། རང་གི་དད་པ་དང་ཤེས་རབ་དང་བརྩོན་འགྲུས་ཀྱི་ནུས་པ་ཡོད་ཚད་ཀྱི་ཉམས་ཆུང་ལ་རྒྱུ་མ་འབུད་ཅིང་ཁོང་ཁྲག་ཆུས་བཤལ་བ་གཅིག་ཏུ་འབུངས་ནས་ད་ནི་དོ་ནུབ་ཁོ་ན་འཆི་ཡང་ང་ལ་དེ་ལས་སྐྱེད་འདོན་རྒྱུ་མེད་སེམས་པ་གཅིག་དགོས་སོ། །དེ་ཙམ་ན་བསྒྲུབ་པའི་ཉམས་ལེན་ཚད་དུ་ལོངས་པ་ཡིན་པས་རང་གི་མ་ཁྲེལ་བ་དེ་དཔང་པོའི་གཙོ་བོར་བཟུང་ངོ་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཞེས་པས་སྔར་ནས་བློ་སྦྱོངས་པས་ཆོས་ཀྱི་རོ་མྱང་བར་བྱས་ནས་རྐྱེན་ངན་ཅི་བྱུང་ཡང་གཉེན་པོ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པས་ཆོག་གི་སྙམ་ནས་བློ་མི་བདེ་བ་མི་འོང་བས་དེ་འདྲས་མི་སྡིགས་པར་འདུག་པ་དེ་ཡང་བློ་སྦྱོང་བའི་ཚད་ཡིན། ཡང་འཇིག་རྟེན་ན་འདོད་པ་དང་མི་འདོད་པའི་ཆོས་བཞི་ཡོད་པ་ལས་མི་འདོད་པའི་ཆོས་བཞི་ལ་འདོད་ཐོག་ཏུ་བློ་སྦྱང་བས་ཐམས་ཅད་འདོད་པའི་ཆོས་ཤ་སྟག་ཏུ་སོང་ནས་འཕྲང་དང་འགགས་ཅི་ཡང་མེད་པ་བྱུང་བས་དུས་ནམ་ཡང་བློ་བདེ་བའི་ཉམས་དང་། ཁང་བུ་སྡིབ་པར་མི་འགྱུར་རོ། །དེ་ཡང་བློ་འབྱོངས་པའི་ཚད་གཅིག་ཡིན། ཡང་གཏོང་ལེན་གཉིས་པོ་འབྱོངས་པ་ན་ལུས་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་སྔར་ནས་གཞན་གྱི་བླངས་པ་དེ་ད་གྲུབ་སྙམ་དུ་སླར་ཡང་དགའ་བ་ཁྱད་པར་ཅན་འབྱུང་ངོ་། །མདོར་ན་མི་འདོད་པ་ཅི་བྱུང་ཡང་མི་དགའ་བ་མེད་པར་རང་གི་བློ་སྦྱོང་གི་གྲོགས་སུ་འགྲོ་ཡིན་འདུག་ན་བློ་འབྱོངས་པའི་ཚད་ཡིན་ནོ། །དེ་ཙམ་ན་གཉེན་པོ་གཏིང་ཚད་དུ་ལོངས་པ་ཡིན་ནོ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན་ནོ། །རྟ་རྩལ་ཅན་ཡེངས་ནས་རྟ་འགྲོགས་ཀྱང་མི་ལྷུང་བ་བཞིན། བློ་འབྱོངས་པ་ན་མ་དཔྱད་པའི་ས་ནས་བརྙས་པ་དང་། སྐུར་བ་འདེབས་པ་ལ་སོགས་པ་རྐྱེན་ངན་ཅི་བྱུང་ཡང་གཉེན་པོས་ཀྱང་གློ་བུར་ཐུབ་པར་བྱས་ནས་ཕྱིར་ལ་བྱང་སེམས་ཀྱི་གྲོགས་སུ་འགྲོ་བར་འདུག་གོ །རྐྱེན་ངན་གྱི་དབང་དུ་མི་འགྲོ་བར་འདུག་ན་བློ་འབྱོངས་པ་ཡིན་ནོ། །ཡང་འཆི་བ་ནམ་ཡོང་ཆ་མེད་པས་གློ་བུར་དུ་བྱུང་ན་ང་ལ་བྱ་ཐབས་དེ་ལས་མེད། ཆོས་འདི་བདེན་མདུན་མ་བཟང་པོ་སོང་སྙམ་ནས་བློ་བདེ་འབོལ་ལེ། བྲོད་ཏིང་ངེ་བ་གཅིག་ནམ་འཆི་ཡང་གློ་བུར་ཐུབ་པར་བྱའོ། །འབྱོངས་པའི་རྟགས་དེ་རྣམས་དང་ལྡན་ན། ནད་དང་གདོན་ཐམས་ཅད་ཀྱང་ནང་དུ་རྟོགས་པ་འཕེལ་བའི་གྲོགས་སུ་འགྱུར་རོ། །དེ་ནས་བློ་སྦྱོང་མི་དགོས་ཟེར་བ་ནི་མ་ཡིན་ཏེ། སྤང་བྱ་སྤོང་བའི་གཉེན་པོར་ལྡང་ཚད་དུ་ལོངས་པའི་ཚད་ཙམ་དུ་བསྟན་པའོ། །